Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།

2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


collapse section
collapse section
  
 expand section
collapse section
 
  
 expand section
  
  
  
  
  
  
  
སྒོམ་པའི་ལམ་ལ་གདམས་པ།
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section


2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousསྒོམ་པའི་ལམ་ལ་གདམས་པ། next

སྒོམ་པའི་ལམ་ལ་གདམས་པ།


DTG082_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདུས་བྱས་ཀྱི་དབྱིངས་མེད་པར་འདུས་མ་བྱས་ཀྱི་དབྱིངས་སུ་གདགས་པར་མི་ནུས། འདུས་མ་བྱས་ཀྱི་དབྱིངས་མེད་པར་ཡང་འདུས་བྱས་ཀྱི་དབྱིངས་སུ་གདགས་པར་མི་ནུས་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡང་དག་པར་རྗེས་སུ་མ་མཐོང་བས་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ཞིང༌། དེའི་


DTG082_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཆོས་གང་ལ་ཡང་ཞུམ་པར་མི་འགྱུར་ཡིད་འགྱོད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་ཤེས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་རྣམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མིག་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྣ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལྕེ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ལུས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྒྲ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། དྲི་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རོ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རེག་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མ་རིག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདོད་ཆགས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེ་སྡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཏི་མུག་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བདག་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འདོད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱི་ཁམས་


DTG082_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་མེད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉན་ཐོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རང་སངས་རྒྱས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉན་ཐོས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རང་སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་སེམས་དཔའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སངས་རྒྱས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བས་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའི་སེམས་ཞུམ་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའི་སེམས་ཞུམ་པར་མི་འགྱུར། ཀུན་ཏུ་ཞུམ་པར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་དངང་བར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡིད་དང་ཡིད་ཀྱི་ཁམས་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་དངང་བར་མི་འགྱུར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱས་ཏེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་


DTG082_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མི་དམིགས་ཤིང༌། བྱང་ཆུབ་སེམས་དཔའ་དེ་ཡང་མི་དམིགས། བྱང་ཆུབ་སེམས་དཔའི་མིང་དེ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་དེ་ཡང་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་ན། འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གདམས་ངག་ཡིན་ཏེ། འདི་ཉིད་རྗེས་སུ་བསྟན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུགས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཚོར་བ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་འདུ་ཤེས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་འདུ་བྱེད་རྣམས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་མིག་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རྣ་བ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་སྣ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ལྕེ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་


DTG082_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལུས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཡིད་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་གཟུགས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་སྒྲ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་དྲི་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རོ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རེག་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཆོས་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་མིག་གི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། བཅོམ་ལྡན་འདས་རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་སྣའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ལྕེའི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ལུས་ཀྱི་རྣམ་པར་ཤེས་


DTG082_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་མིག་གི་འདུས་ཏེ་རེག་པ་དང༌། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །རྣ་བའི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་མ་རིག་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་ཡོངས་སུ་ཤེས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་སྤངས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དེ་བཞིན་དུ་འཇིག་ཚོགས་སུ་ལྟ་བ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌།


DTG082_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་དང༌། འདོད་པའི་འདོད་ཆགས་དང༌། གནོད་སེམས་དང༌། གཟུགས་ཀྱི་འདོད་ཆགས་དང༌། གཟུགས་མེད་པའི་འདོད་ཆགས་དང༌། གང་ནས་སྦྱོར་བ་དང༌། བག་ལ་ཉལ་བ་དང༌། ཀུན་ནས་ལྡང་བ་སྤང་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སྦྱོར་བ་བཞི་དང༌། ཆུ་བོ་བཞི་དང༌། མདུད་པ་བཞི་དང༌། ཉེ་བར་ལེན་པ་བཞི་དང༌། ཕྱིན་ཅི་ལོག་བཞི་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། མི་འཇིགས་པ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་དང༌། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོའི་ཏིང་ངེ་འཛིན་དང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་ཕྱག་


DTG082_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་ཏིང་ངེ་འཛིན་དང༌། ཟླ་བའི་འོད་ཀྱི་ཏིང་ངེ་འཛིན་དང༌། ཟླ་བའི་རྒྱལ་མཚན་ཏོག་གི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཕྱག་རྒྱར་གྱུར་པའི་ཏིང་ངེ་འཛིན་དང༌། སྤྱན་རས་གཟིགས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་དང༌། ཆོས་ཀྱི་དབྱིངས་སུ་ངེས་པའི་ཏིང་ངེ་འཛིན་དང༌། ངེས་པའི་རྒྱལ་མཚན་དཔལ་གྱི་ཏིང་ངེ་འཛིན་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ལ་འཇུག་པའི་སྒོའི་ཏིང་ངེ་འཛིན་དང༌། ནམ་མཁའ་མཛོད་ཀྱི་རྒྱ་མཚོའི་ཏིང་ངེ་འཛིན་དང༌། སྟོབས་རྣམ་པར་དག་པའི་ཏིང་ངེ་འཛིན་དང༌། ཡང་དག་པར་འཕགས་པའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཀྱི་ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པའི་ཏིང་ངེ་འཛིན་དང༌། ཆོས་ཀྱི་རྣམ་པ་ཐམས་ཅད་ཤེས་པའི་ཕྱག་རྒྱ་ལ་འཇུག་པའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཀྱི་གཟུངས་ཀྱི་སྒོའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཉམས་པ་མེད་པའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཡང་དག་པར་འདུ་བའི་རྣམ་པ་རྒྱ་མཚོའི་ཏིང་ངེ་འཛིན་དང༌། ནམ་མཁའི་གནས་ལ་གནས་པའི་ཏིང་ངེ་འཛིན་དང༌། འཁོར་གསུམ་ཡོངས་སུ་དག་པའི་ཏིང་ངེ་འཛིན་དང༌། མངོན་པར་ཤེས་པ་མི་ཉམས་པའི་རྗེས་སུ་འགྲོ་བའི་ཏིང་ངེ་འཛིན་དང༌། སྣོད་དུ་གྱུར་པའི་ཏིང་ངེ་འཛིན་དང༌། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་དང༌། ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྲེག་པའི་ཏིང་ངེ་འཛིན་དང༌། བདུད་བཞིའི་དཔུང་སེལ་བའི་ཏིང་ངེ་འཛིན་དང༌། ཡེ་ཤེས་སྒྲོན་མའི་ཏིང་ངེ་འཛིན་དང༌། སྟོབས་བཅུའི་སྟོབས་ཀྱིས་འཕགས་པའི་ཏིང་ངེ་འཛིན་དང༌། ནམ་མཁའ་ལྟར་ཆགས་པ་མེད་པ་རྣམ་པར་གྲོལ་བ་གོས་པ་མེད་པའི་ཏིང་ངེ་འཛིན་དང༌། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་དག་དང་གཞན་དག་ཀྱང་ཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་དགེ་བའི་རྩ་བ་གང་


DTG082_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པའི་ངན་སོང་རྣམས་སུ་མི་ལྟུང་ཞིང་རིགས་དམའ་བར་མི་སྐྱེ་བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ལ་མི་གནས་པ་དང༌། བྱང་ཆུབ་སེམས་དཔའི་རྩེ་མོའི་སྐྱོན་དུ་མི་ལྟུང་བ་དེ་ལྟ་བུའི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྩེ་མོའི་སྐྱོན་དུ་ལྟུང་བ་ཡིན། དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ཐབས་མཁས་པ་མི་ཤེས་པ་བཞིན་དུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཡང་མི་འཇུག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྩེ་མོའི་སྐྱོན་ཞེས་བརྗོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་དུ་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ཞེས་བྱ་བ་ནི་འདི་ལྟ་སྟེ་ཆོས་ལ་སྲེད་པའོ་ཞེས་བྱ་བ་ནི་སྒོམ་པའི་ལམ་ལ་གདམས་པའོ། །གདམས་ངག་བཤད་ཟིན་ཏོ། །


previousསྒོམ་པའི་ལམ་ལ་གདམས་པ། next