Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།


  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
ཡོངས་སུ་འཛིན་པ་དང་པོ། ཐབས་ལ་མཁས་པས་ཡོངས་སུ་ཟིན་པ།
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   


 
previousཡོངས་སུ་འཛིན་པ་དང་པོ། ཐབས་ལ་མཁས་པས་ཡོངས་སུ་ཟིན་པ། next

ཡོངས་སུ་འཛིན་པ་དང་པོ། ཐབས་ལ་མཁས་པས་ཡོངས་སུ་ཟིན་པ།


DTG082_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DTG082_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ལ་གསར་དུ་ཞུགས་པས་བསྟན་པ་འདི་ཐོས་ནས་ཞུམ་ཞིང་ཀུན་ཏུ་ཞུམ་ལ་འགྱོད་དེ། དངང་བ་དང༌། ཀུན་ཏུ་སྐྲག་པ་དང༌། ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཐབས་མི་མཁས་པ་དང༌། དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོང་བར་མ་གྱུར་ན་ནི་དངང་ཞིང་ཀུན་ཏུ་སྐྲག་ལ་སྐྲག་པས་ཟིན་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་ལ་སྤྱོད་པས་མི་དངང༌། ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་མི་རྟག་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཚོར་བ་མི་རྟག་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་འདུ་ཤེས་མི་རྟག་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་འདུ་བྱེད་རྣམས་མི་རྟག་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། གཟུགས་སྡུག་བསྔལ་ཞེས་བྱ་སར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་


DTG082_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་སྟོང་ཞེས་བྱ་བར་རྟོག །གཟུགས་བདག་མེད་ཅེས་བྱ་བ་དང༌། གཟུགས་ཞི་ཞེས་བྱ་བ་དང༌། གཟུགས་དབེན་ཞེས་བྱ་བ་དང༌། གཟུགས་སྟོང་ཞེས་བྱ་བ་དང༌། གཟུགས་མཚན་མ་མེད་ཅེས་བྱ་བ་དང༌། གཟུགས་སྨོན་པ་མེད་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བ་དང༌། རྣམ་པར་ཤེས་པ་ཞི་ཞེས་བྱ་བ་དང༌། རྣམ་པར་ཤེས་པ་དབེན་ཞེས་བྱ་བ་དང༌། རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་དང༌། རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བ་དང༌། རྣམ་པར་ཤེས་པ་སྨོན་པ་མེད་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་དམིགས་སོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་མི་དམིགས་པའི་ཚུལ་དུ་ཆོས་སྟན་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཅན་དེ་དག་ཉིད་ཀྱི་མཆོག་ཏུ་འཛིན་པ་མེད་པ་ཉིད་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཅན་དེ་དག་ཉིད་ཀྱི་བཟོད་པ་དང༌། འདོད་པ་དང་སོ་སོར་རྟོག་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།།


DTG082_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཅན་དེ་དག་ཉིད་ཀྱི་དེ་མི་འདོར་བ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཅན་དེ་དག་ཉིད་ཀྱི་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པའམ། མི་དགེ་བའི་ཆོས་གཞན་གྱིས་སྐབས་མི་འབྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མི་དངང༌། ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་རོ།། །།བམ་པོ་བཅུ་གཉིས་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པ་འདི་ལྟར་རབ་ཏུ་རྟོག་སྟེ། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཉིད་གཟུགས་སོ། །ཚོར་བའི་སྟོང་པ་ཉིད་ཀྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཚོར་བའོ། །འདུ་ཤེས་ཀྱི་སྟོང་པ་ཉིད་ཀྱིས་འདུ་ཤེས་སྟོང་པ་མ་ཡིན་གྱི། འདུ་ཤེས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་འདུ་ཤེས་སོ། །འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་ཀྱིས་འདུ་བྱེད་རྣམས་སྟོང་པ་མ་ཡིན་གྱི། འདུ་བྱེད་རྣམས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་འདུ་བྱེད་རྣམས་སོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་དེ། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པའོ། །མིག་གི་སྟོང་པ་ཉིད་ཀྱིས་མིག་སྟོང་པ་མ་ཡིན་གྱི། མིག་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གོ །རྣ་བའི་སྟོང་པ་ཉིད་ཀྱིས་རྣ་བ་སྟོང་པ་མ་ཡིན་གྱི། རྣ་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣ་བའོ། །སྣའི་སྟོང་པ་ཉིད་ཀྱིས་སྣ་སྟོང་པ་མ་ཡིན་གྱི། སྣ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྣའོ། །ལྕེའི་སྟོང་པ་ཉིད་ཀྱིས་ལྕེ་སྟོང་པ་མ་ཡིན་གྱི། ལྕེ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་


DTG082_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེའོ། །ལུས་ཀྱི་སྟོང་པ་ཉིད་ཀྱིས་ལུས་སྟོང་པ་མ་ཡིན་གྱི། ལུས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལུས་སོ། །ཡིད་ཀྱི་སྟོང་པ་ཉིད་ཀྱིས་ཡིད་སྟོང་པ་མ་ཡིན་གྱི། ཡིད་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་དོ། །གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་སོ། །སྒྲའི་སྟོང་པ་ཉིད་ཀྱིས་སྒྲ་སྟོང་པ་མ་ཡིན་གྱི། སྒྲ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྒྲའོ། །དྲིའི་སྟོང་པ་ཉིད་ཀྱིས་དྲི་སྟོང་པ་མ་ཡིན་གྱི། དྲི་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་དྲིའོ། །རོའི་སྟོང་པ་ཉིད་ཀྱིས་རོ་སྟོང་པ་མ་ཡིན་གྱི། རོ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རོའོ། །རེག་གི་སྟོང་པ་ཉིད་ཀྱིས་རེག་སྟོང་པ་མ་ཡིན་གྱི། རེག་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རེག་གོ །ཆོས་ཀྱི་སྟོང་པ་ཉིད་ཀྱིས་ཆོས་སྟོང་པ་མ་ཡིན་གྱི། ཆོས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཆོས་སོ། །མིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་མིག་གི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། མིག་གི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་རྣ་བའི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། རྣ་བའི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣ་བའི་རྣམ་པར་ཤེས་པའོ། །སྣའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་སྣའི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། སྣའི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་ལྕེའི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ལྕེའི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལྕེའི་རྣམ་པར་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ལུས་ཀྱི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལུས་ཀྱི་རྣམ་པར་ཤེས་པའོ།། ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་ཀྱི་རྣམ་པར་ཤེས་པའོ། །མིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་མིག་གི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། མིག་གི་


DTG082_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་རྣ་བའི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། རྣ་བའི་འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣ་བའི་འདུས་ཏེ་རེག་པའོ། །སྣའི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་སྣའི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། སྣའི་འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྣའི་འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་ལྕེའི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། ལྕེའི་འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལྕེའི་འདུས་ཏེ་རེག་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། ལུས་ཀྱི་འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལུས་ཀྱི་འདུས་ཏེ་རེག་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་འདུས་ཏེ་རེག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་ཀྱི་འདུས་ཏེ་རེག་པའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད། སྟོང་པ་ཉིད་ཉིད་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ།།


DTG082_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །དྲན་པ་ཉེ་བར་གཞག་པའི་བར་གྱི་སྟོང་པ་ཉིད་ཀྱིས་དྲན་པ་ཉེ་བར་གཞག་པ་སྟོང་པ་མ་ཡིན་གྱི། དྲན་པ་ཉེ་བར་གཞག་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་དྲན་པ་ཉེ་བར་གཞག་པའོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་རྣམས་ཀྱང་དེ་བཞིན་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་སྟོང་པ་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་མ་ཡིན་གྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྐྲག་པར་མི་འགྱུར། ཀུན་ཏུ་སྐྲག་པར་མི་འགྱུར། ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་དང་པོ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པ་ཡིན་ནོ། །


previousཡོངས་སུ་འཛིན་པ་དང་པོ། ཐབས་ལ་མཁས་པས་ཡོངས་སུ་ཟིན་པ། next