Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།


  collapse section
  collapse section
   
  expand section
  collapse section
   
   
  expand section
   
   
   
   
   
   
   
  expand section
  expand section
  collapse section
བསྒྲུབ་པའི་དམིགས་པ།
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section


 
previousབསྒྲུབ་པའི་དམིགས་པ། next

བསྒྲུབ་པའི་དམིགས་པ།

འཇིག་རྟེན་པའི་དགེ་བའི་ཆོས།


DTG082_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་དགེ་བའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་དགེ་བ་ཞེས་བྱ་བ་ནི་ཕར་ཤེས་པ་དང༌། མར་ཤེས་པ་དང༌། དགེ་སྦྱོང་དུ་ཤེས་པ་དང༌། བྲམ་ཟེར་ཤེས་པ་དང༌། རིགས་ཀྱི་རྒན་པ་ལ་རིམ་གྲོར་བྱེད་པ་དང༌། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཉམས་སུ་བླང་བ་དང་ལྡན་པའི་དངོས་པོ་དང༌། ཐབས་མཁས་པ་དང༌། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང༌། འཇིག་རྟེན་པའི་འདུ་ཤེས་དགུ་སྟེ། འདི་ལྟ་སྟེ། རྣམ་པར་བམ་པའི་འདུ་ཤེས་དང༌། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང༌། རྣམ་པར་རྣགས་པའི་འདུ་ཤེས་དང༌། རྣམ་པར་དམར་བའི་འདུ་ཤེས་དང༌། རྣམ་པར་བསྔོས་པ་པའི་འདུ་ཤེས་དང༌། རྣམ་པར་ཟོས་པ་པའི་འདུ་ཤེས་དང༌། རྣམ་པར་འཐོར་བ་པའི་འདུ་ཤེས་དང༌། རུས་པ་པའི་འདུ་ཤེས་དང༌། རྣམ་པར་ཚིག་པ་པའི་འདུ་ཤེས་དང༌། འཇིག་རྟེན་པའི་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་དང༌། འཇིག་རྟེན་པའི་རྗེས་སུ་དྲན་པ་བཅུ་སྟེ། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་


DTG082_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་རྗེས་སུ་དྲན་པ་དང༌། ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། གཏོང་བ་རྗེས་སུ་དྲན་པ་དང༌། ལྷ་རྗེས་སུ་དྲན་པ་དང༌། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང༌། སྐྱེ་བ་རྗེས་སུ་དྲན་པ་དང༌། འཆི་བ་རྗེས་སུ་དྲན་པ་དང༌། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་དག་སྟེ། དེ་དག་ནི་འཇིག་རྟེན་པའི་དགེ་བའི་ཆོས་ཞེས་བརྗོད་དོ། །

འཇིག་རྟེན་པའི་མི་དགེ་བའི་ཆོས།


DTG082_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་མི་དགེ་བའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་དག་སྟེ། འདི་ལྟ་སྟེ། རབ་འབྱོར་སྲོག་གཅོད་པ་ནི་འཇིག་རྟེན་པའི་ཆོས་མི་དགེ་བའོ། །མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་རྩུབ་མོ་དང༌། ངག་འཁྱལ་པ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་དང༌། ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། འཆབ་པ་དང༌། འཚིག་པ་དང༌། རྣམ་པར་འཚེ་བ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ང་རྒྱལ་དང༌། ལོག་པའི་ང་རྒྱལ་ཏེ། རབ་འབྱོར་དེ་དག་ནི་འཇིག་རྟེན་པའི་མི་དགེ་བའི་ཆོས་ཞེས་བརྗོད་དོ། །

ལུང་དུ་མ་བསྟན་པའི་ཆོས།


DTG082_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ལུང་དུ་མ་བསྟན་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུང་དུ་མ་བསྟན་པའི་ལུས་ཀྱི་ལས་དང༌། ལུང་དུ་མ་བསྟན་པའི་ངག་གི་ལས་དང༌། ལུང་དུ་མ་བསྟན་པའི་ཡིད་ཀྱི་ལས་དང༌། ལུང་དུ་མ་བསྟན་པའི་འབྱུང་བ་ཆེན་པོ་བཞི་དང༌། ལུང་དུ་མ་བསྟན་པའི་དབང་པོ་ལྔ་དང༌། ལུང་དུ་མ་བསྟན་པའི་སྐྱེ་མཆེད་དྲུག་དང༌། ལུང་དུ་མ་བསྟན་པའི་གཟུགས་མེད་པ་དང༌། ལུང་དུ་མ་བསྟན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང༌། རྣམ་པར་སྨིན་པ་ཐམས་ཅད་དེ། དེ་དག་ནི་ལུང་དུ་མ་བསྟན་པའི་ཆོས་ཞེས་བརྗོད་དོ། །

འཇིག་རྟེན་པའི་ཆོས།


DTG082_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དང༌། དགེ་བ་བཅུའི་ལས་ཀྱི་ལམ་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་དང༌།


DTG082_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འཇིག་རྟེན་པའི་ཆོས་གཞན་གང༌། གཞན་ཡང་འཇིག་རྟེན་པའི་ཆོས་གང་དག་ཡིན་པ་སྟེ། འདི་དག་ནི་འཇིག་རྟེན་པའི་ཆོས་ཞེས་བརྗོད་དོ། །

འཇིག་རྟེན་ལས་འདས་པའི་ཆོས།


DTG082_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང༌། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང༌། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། ཀུན་ཤེས་པའི་དབང་པོ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང༌། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང༌། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་དང༌། རིག་པ་དང༌། རྣམ་པར་གྲོལ་བ་དང༌། དྲན་པ་དང༌། ཤེས་བཞིན་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། རྣམ་པར་ཐར་པ་བརྒྱད་དེ། བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་དོ་སྙམ་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཉེ་


DTG082_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡིད་དག་པར་འདས་ཏེ། འདུ་ཤེས་དང༌། ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། འདི་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། དགུ་གང་ཞེ་ན་འདི་ལྟ་སྟེ། འདོད་པས་དབེན་པ་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས། དཔྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྣམ་པར་རྟོག་པ་མེད་པ་རྣམ་པར་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་དགའ་བ་མེད་པའི་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་


DTG082_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་པས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་དོ་སྙམ་པས་ཅུང་ཟད་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་པ་སྟེ། འདི་དག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་སྟེ། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་ཞེས་བྱའོ། །

ཟག་པ་དང་བཅས་པའི་ཆོས།


DTG082_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཟག་པ་དང་བཅས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། དེ་དག་ནི་ཟག་པ་དང་བཅས་པའི་ཆོས་ཞེས་བྱའོ། །

ཟག་པ་མེད་པའི་ཆོས།


DTG082_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཟག་པ་མ་མཆིས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་ཟག་པ་མེད་པའི་


DTG082_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཞེས་བྱའོ། །

འདུས་བྱས་ཀྱི་ཆོས།


DTG082_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འདུས་བྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་བྱས་ཀྱི་ཆོས་ཞེས་བྱ་བ་ནི། འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་དང༌། གཞན་ཡང་ཁམས་གསུམ་པར་མ་གཏོགས་པའི་ཆོས་གང་ཅུང་ཟད་ཡོད་པ་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ། །

འདུས་མ་བྱས་ཀྱི་ཆོས།


DTG082_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་འདུས་མ་བྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དང༌། གནས་པ་ལས་གཞན་དུ་འགྱུར་བ་མི་མངོན་པ་སྟེ། འདི་ལྟ་སྟེ། འདོད་ཆགས་ཟད་པ། ཞེ་སྡང་ཟད་པ། གཏི་མུག་ཟད་པ། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། ཆོས་ཉིད། ཆོས་ཀྱི་དབྱིངས། ཆོས་གནས་པ་ཉིད། ཆོས་ངེས་པ་ཉིད། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་ཡང་དག་པའི་མཐའ་སྟེ། རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱའོ། །

ཐུན་མོང་གི་ཆོས།


DTG082_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཐུན་མོང་གི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་དག་སྟེ། དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་ཐུན་མོང་གི་ཆོས་ཞེས་བྱའོ། །

ཐུན་མོངས་མ་ལགས་པའི་ཆོས།


DTG082_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཐུན་མོང་མ་ལགས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་ཕྱིར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་


DTG082_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆགས་པར་མི་བྱ་ཞིང༌། ཆོས་ཐམས་ཅད་ནི་གཉིས་སུ་མེད་པའི་ཚུལ་དུ་རྟོགས་པར་བྱའོ་ཞེས་བྱ་བ་ནི་སྒྲུབ་པའི་དམིགས་པ་བསྟན་པ་ཡིན་ནོ། །


previousབསྒྲུབ་པའི་དམིགས་པ། next