Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།


  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
ཟུང་དུ་འབྲེལ་བར་འཇུག་པའི་ལམ་གྱི་ཚོགས།
   
   
   
   
   
   
   
  collapse section
   
   
   
   
   
   


 
previousཟུང་དུ་འབྲེལ་བར་འཇུག་པའི་ལམ་གྱི་ཚོགས། next

ཟུང་དུ་འབྲེལ་བར་འཇུག་པའི་ལམ་གྱི་ཚོགས།


DTG082_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བཅོམ་ལྡན་འདས་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་པའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གཟུགས་མ་བཅིངས་མ་གྲོལ་བ་ཡིན་ནམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ་ཡིན་ནམ། སྨྲས་པ། ཚེ་དང་ལྡན་པ་གང་པོ་དེ་དེ་བཞིན་ནོ། །ཚེ་དང་ལྡན་པ་གང་པོ་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །གང་པོས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་མ་བཅིངས་མ་གྲོལ་བའི་གཟུགས་དེ་གང་ཡིན། མ་བཅིངས་མ་གྲོལ་བའི་ཚོར་པ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དེ་གང་ཡིན། སྨྲས་པ། ཚེ་དང་ལྡན་པ་གང་པོ་རྨི་ལམ་ལྟ་བུའི་གཟུགས་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །རྨི་ལམ་ལྟ་བུའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་སྒྱུ་མ་ལྟ་བུ་དང༌། སྒྲ་བརྙན་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། སྤྲུལ་པ་ལྟ་བུའི་གཟུགས་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །སྤྲུལ་པ་ལྟ་བུའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། སྤྲུལ་པ་ལྟ་བུའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འདས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མ་འོངས་པའི་གཟུགས་


DTG082_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་བཅིངས་མ་གྲོལ་བའོ། །མ་འོངས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ད་ལྟར་བྱུང་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ད་ལྟར་བྱུང་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་གཟུགས་མེད་པའི་ཕྱིར་གཟུགས་དེ་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་དེ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་གཟུགས་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དབེན་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་མ་སྐྱེས་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དགེ་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མི་དགེ་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །མི་དགེ་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ལུང་དུ་མ་བསྟན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ལུང་དུ་མ་བསྟན་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་ལས་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་ལས་འདས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་


DTG082_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཟག་པ་དང་བཅས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་དང་བཅས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཟག་པ་མེད་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་མེད་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་དབེན་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དབེན་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་མ་སྐྱེས་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་དབེན་པའི་ཕྱིར་དང༌། ཞི་བའི་ཕྱིར་དང༌། སྟོང་པའི་ཕྱིར་དང༌། མཚན་མ་མེད་པའི་ཕྱིར་དང༌། སྨོན་པ་མེད་པའི་ཕྱིར་དང༌། མངོན་པར་འདུས་མ་བྱས་པའི་ཕྱིར་དང༌། མ་སྐྱེས་པའི་ཕྱིར་དང༌། དགེ་བ་དང༌། མི་དགེ་བ་དང༌། ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པའི་ཕྱིར་ཏེ། དེ་ལྟར་གཟུགས་དེ་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ཀྱང་དེ་བཞིན་ཏེ། ཚེ་


DTG082_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་གང་པོ་ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་མེད་པའི་ཕྱིར་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མེད་པའི་ཕྱིར་ཏེ། དེ་ལྟར་ཆོས་དེ་དག་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ནང་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཕྱི་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཕྱི་ནང་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམས་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་


DTG082_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་གང་པོ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་ཀྱང་མ་བཅིངས་མ་གྲོལ་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་སེམས་དཔའ་ཡང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ངེས་པ་ཉིད་དང༌། ཡང་དག་པའི་མཐའམ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་ཡང་དག་པའི་མཐའི་བར་དུ་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ནས། མ་སྐྱེས་པའི་བར་གྱི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདུས་མ་བྱས་ཀྱང་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མེད་པའི་ཕྱིར་འདུས་མ་བྱས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །སངས་རྒྱས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌།


DTG082_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ངེས་པ་ཉིད་དང༌། ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་བའོ། །འདུས་མ་བྱས་ཀྱི་དབྱིངས་མ་བཅིངས་མ་གྲོལ་བའོ། །དེ་མ་བཅིངས་མ་གྲོལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས། མ་བཅིངས་མ་གྲོལ་བའི་དེ་བཞིན་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་མ་ནོར་བ་དེ་བཞིན་ཉིད་དང༌། མ་བཅིངས་མ་གྲོལ་བའི་གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། མ་བཅིངས་མ་གྲོལ་བའི་ཆོས་ཀྱི་དབྱིངས་དང༌། མ་བཅིངས་མ་གྲོལ་བའི་ཆོས་ངེས་པ་ཉིད་དང༌། མ་བཅིངས་མ་གྲོལ་བའི་ཡང་དག་པའི་མཐའ་ལ་གནས། མ་བཅིངས་མ་གྲོལ་བའི་འདུས་མ་བྱས་ལ་གནས་ཏེ། མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཆོས་ཉན་ཏོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་མངོན་པར་ཤེས་པ་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་མིག་ལྔ་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་གཟུགས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཏིང་ངེ་འཛིན་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་སྒྲུབ་པར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་


DTG082_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་འགོད་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མ་བཅིངས་མ་གྲོལ་བ་རྣམས་ཀྱིས་མེད་པ་དང༌། དབེན་པ་ནས་མ་སྐྱེས་པའི་བར་ཉེ་བར་བཟུང་ཞིང་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བའི་ཐེག་པ་ཆེན་པོའི་གོ་ཆ་བགོས་པར་རིག་པ་བྱའོ་ཞེས་བྱ་བ་ནི་ཟུང་དུ་འབྲེལ་བར་འཇུག་པའི་ལམ་གྱི་ཚོགས་སོ། །


previousཟུང་དུ་འབྲེལ་བར་འཇུག་པའི་ལམ་གྱི་ཚོགས། next