Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།


  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
མཉམ་པ་ཉིད་དུ་ངེས་པར་འབྱུང་བ།
   
   
   
   


 
previousམཉམ་པ་ཉིད་དུ་ངེས་པར་འབྱུང་བ། next

མཉམ་པ་ཉིད་དུ་ངེས་པར་འབྱུང་བ།


DTG082_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་སྨྲས་པ་ནི་དེ་དེ་བཞིན་ནོ། །རབ་འབྱོར་


DTG082_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་བཞིན་ཏེ། ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཤར་ཕྱོགས་དམིགས་སུ་མེད་དོ། །ལྷོ་དང༌། ནུབ་དང༌། བྱང་དང༌། བླ་དང༌། འོག་དང༌། ཕྱོགས་མཚམས་དམིགས་སུ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཤར་ཕྱོགས་དམིགས་སུ་མེད་དོ། །ལྷོ་དང༌། ནུབ་དང༌། བྱང་དང༌། བླ་དང༌། འོག་དང༌། ཕྱོགས་མཚམས་དམིགས་སུ་མེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། མཉམ་པ་མ་ཡིན། མི་མཉམ་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། མཉམ་པ་མ་ཡིན། མི་མཉམ་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ལེ་བརྒན་མ་ཡིན། ཤེལ་དང་དངུལ་གྱི་ཁ་དོག་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ལེ་བརྒན་མ་ཡིན། ཤེལ་དང་དངུལ་གྱི་ཁ་དོག་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་འགྲིབ་པ་མེད་དོ། །འཕེལ་བ་མེད་དོ། །འབྲི་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་འགྲིབ་པ་མེད་འཕེལ་བ་མེད། འབྲི་བ་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ཀུན་ནས་ཉོན་མོངས་པ་མེད་དོ། །རྣམ་པར་བྱང་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཀུན་ནས་ཉོན་མོངས་པ་མེད་


DTG082_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བྱང་བ་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་སྐྱེ་བ་མེད་དོ། །འགག་པ་མེད་དོ། །གནས་པ་མེད་དོ། །མཐར་ཐུག་པ་མེད་དོ། །གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་སྐྱེ་བ་མེད་དོ། །འགག་པ་མེད་དོ། །གནས་པ་མེད་དོ། །མཐར་ཐུག་པ་མེད་དོ། །གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་དགེ་བ་མ་ཡིན། མི་དགེ་བ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དགེ་བ་མ་ཡིན། མི་དགེ་བ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་མཐོང་བ་མ་ཡིན། ཐོས་པ་མ་ཡིན། རིག་པ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་མཐོང་བ་མ་ཡིན། ཐོས་པ་མ་ཡིན། རིག་པ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཤེས་པར་བྱ་བ་ཡང་མ་ཡིན། ཤེས་པར་མི་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་ཡང་མ་ཡིན། མངོན་དུ་བྱ་བ་ཡང་མ་ཡིན། སྤང་བ་ཡང་མ་ཡིན། བསྒོམ་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ཤེས་པར་བྱ་བ་ཡང་མ་ཡིན། ཤེས་པར་མི་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་ཡང་མ་ཡིན། མངོན་དུ་བྱ་བ་ཡང་མ་ཡིན། སྤང་བ་ཡང་མ་ཡིན། བསྒོམ་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་རྣམ་པར་སྨིན་པ་ཡང་མ་ཡིན། རྣམ་པར་སྨིན་པའི་ཆོས་ཅན་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྣམ་པར་སྨིན་པ་ཡང་མ་ཡིན་ནོ། །རྣམ་པར་སྨིན་པའི་ཆོས་ཅན་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་


DTG082_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འདོད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདོད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་སེམས་དང་པོ་བསྐྱེད་པ་མེད་དོ། །གཉིས་པ་མེད་དོ། །གསུམ་པ་མེད་དོ། །བཞི་པ་མེད་དོ། །ལྔ་པ་མེད་དོ། །དྲུག་པ་མེད་དོ། །བདུན་པ་མེད་དོ། །བརྒྱད་པ་མེད་དོ། །དགུ་པ་མེད་དོ། །སེམས་བཅུ་པ་བསྐྱེད་པ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་སེམས་དང་པོ་བསྐྱེད་པ་མེད་དོ། །གཉིས་པ་མེད་དོ།། གསུམ་པ་མེད་དོ། །བཞི་པ་མེད་དོ། །ལྔ་པ་མེད་དོ། །དྲུག་པ་མེད་དོ། །བདུན་པ་མེད་དོ། །བརྒྱད་པ་མེད་དོ། །དགུ་པ་མེད་དོ། །སེམས་བཅུ་པ་བསྐྱེད་པ་མེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་དཀར་པོ་རྣམ་པར་མཐོང་བའི་ས་མེད་དོ། །རིགས་ཀྱི་ས་མེད་དོ། །བརྒྱད་པའི་ས་མེད་དོ། །མཐོང་བའི་ས་མེད་དོ། །བསྲབས་པའི་ས་མེད་དོ། །འདོད་ཆགས་དང་བྲལ་བའི་ས་མེད་དོ། །བྱས་པ་རྟོགས་པའི་ས་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་དཀར་པོ་རྣམ་པར་མཐོང་བའི་ས་མེད་དོ། །རིགས་ཀྱི་ས་མེད་དོ། །བརྒྱད་པའི་ས་མེད་དོ། །མཐོང་བའི་ས་མེད་དོ། །བསྲབས་པའི་ས་མེད་དོ། །འདོད་ཆགས་དང་བྲལ་བའི་ས་མེད་དོ། །བྱས་པ་རྟོགས་པའི་ས་མེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་བཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མེད་དོ། །ཕྱིར་མི་འོང་བའི་འབྲས་བུ་མེད་དོ། དགྲ་བཅོམ་པ་ཉིད་མེད་དོ། །རང་སངས་རྒྱས་མེད་དོ། །སངས་རྒྱས་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ། །


DTG082_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཅིག་ཕྱིར་འོང་བའི་འབྲས་བུ་མེད་དོ། །ཕྱིར་མི་འོང་བའི་འབྲས་བུ་མེད་དོ། །དགྲ་བཅོམ་པ་ཉིད་མེད་དོ། །རང་སངས་རྒྱས་མེད་དོ། །སངས་རྒྱས་མེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་ཉན་ཐོས་ཀྱི་ས་མེད་དོ། །རང་སངས་རྒྱས་ཀྱི་ས་མེད་དོ། །བྱང་ཆུབ་སེམས་དཔའི་ས་མེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཉན་ཐོས་ཀྱི་ས་མེད་དོ། །རང་སངས་རྒྱས་ཀྱི་ས་མེད་དོ། །བྱང་ཆུབ་སེམས་དཔའི་ས་མེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མེད་དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་གཟུགས་དང་ལྡན་པ་མ་ཡིན། གཟུགས་མེད་པ་མ་ཡིན། བསྟན་དུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་མ་ཡིན། ཐོགས་པ་ཡོད་པ་མ་ཡིན། ཐོགས་པ་མེད་པ་མ་ཡིན། ལྡན་པ་མ་ཡིན། མི་ལྡན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གཟུགས་དང་ལྡན་པ་མ་ཡིན། གཟུགས་མེད་པ་མ་ཡིན། བསྟན་དུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་མ་ཡིན། ཐོགས་པ་ཡོད་པ་མ་ཡིན། ཐོགས་པ་མེད་པ་མ་ཡིན། ལྡན་པ་མ་ཡིན། མི་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་རྟག་པ་མ་ཡིན། མི་རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་མེད་པ་མ་ཡིན། སྡུག་པ་མ་ཡིན། མི་སྡུག་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྟག་པ་མ་ཡིན། མི་རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་མེད་པ་མ་ཡིན། སྡུག་པ་མ་ཡིན། མི་སྡུག་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་མ་མེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་མེད་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྟོང་པ་མ་ཡིན། མི་སྟོང་པ་


DTG082_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་མ་མེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་མེད་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཞི་བ་མ་ཡིན། མ་ཞི་བ་མ་ཡིན། དབེན་པ་མ་ཡིན། མི་དབེན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ཞི་བ་མ་ཡིན། མ་ཞི་བ་མ་ཡིན། དབེན་པ་མ་ཡིན། མི་དབེན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སྣང་བ་མ་ཡིན། མུན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྣང་བ་མ་ཡིན། མུན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་དམིགས་སུ་ཡོད་པ་ཡང་མ་ཡིན། དམིགས་སུ་མེད་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དམིགས་སུ་ཡོད་པ་ཡང་མ་ཡིན། དམིགས་སུ་མེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་བརྗོད་དུ་ཡོད་པ་ཡང་མ་ཡིན། བརྗོད་དུ་མེད་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་བརྗོད་དུ་ཡོད་པ་ཡང་མ་ཡིན། བརྗོད་དུ་མེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དད་མཉམ་པ་ཞེས་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། འདི་ལྟར་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་ངེས་པར་འབྱུང་བ་ཡིན་ནོ། །


previousམཉམ་པ་ཉིད་དུ་ངེས་པར་འབྱུང་བ། next