Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།

2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


collapse section
collapse section
  
 expand section
collapse section
 
སྒྲུབ་པ་ལ་གདམས་པ།
  
 expand section
  
  
  
  
  
  
  
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section


2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousསྒྲུབ་པ་ལ་གདམས་པ། next

སྒྲུབ་པ་ལ་གདམས་པ།


DTG082_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཉིད་ཡོད་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌།། སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་


DTG082_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཡང་བྱང་ཆུབ་སེམས་དཔའི་རང་བཞིན་གྱིས་སྟོང་ངོ༌། །བྱང་ཆུབ་སེམས་དཔའི་མིང་ཡང་བྱང་ཆུབ་སེམས་དཔའི་མིང་གིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ཏེ། འདི་ལྟར་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་སྟོང་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན། འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུ་ཤེས་མ་ཡིན། འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུ་བྱེད་རྣམས་མ་ཡིན། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །གཟུགས་ལས་གཞན་ན་སྟོང་པ་ཉིད་མེད། ཚོར་བ་ལས་གཞན་ན་སྟོང་པ་ཉིད་མེད། ཚོར་བ་ལས་གཞན་ན་སྟོང་པ་ཉིད་མེད། འདུ་ཤེས་ལས་གཞན་ན་སྟོང་པ་ཉིད་མེད། འདུ་བྱེད་རྣམས་ལས་གཞན་ན་སྟོང་པ་ཉིད་མེད། རྣམ་པར་ཤེས་པ་ལས་གཞན་ན་སྟོང་པ་ཉིད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་སྟོང་པ་ཉིད་དོ། །ཚོར་བ་ཉིད་སྟོང་པ་ཉིད་དོ། །འདུ་ཤེས་ཉིད་སྟོང་པ་ཉིད་དོ། །འདུ་བྱེད་རྣམས་ཉིད་སྟོང་པ་ཉིད་དོ། །རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཉིད་གཟུགས་སོ། །སྟོང་པ་ཉིད་ཉིད་ཚོར་བའོ། །སྟོང་པ་ཉིད་ཉིད་འདུ་ཤེས་སོ། །སྟོང་པ་ཉིད་ཉིད་འདུ་བྱེད་རྣམས་སོ། །སྟོང་པ་ཉིད་ཉིད་རྣམ་པར་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། གཟུགས་ནི་སྒྱུ་མ་ལྟ་བུའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ། །སྒྱུ་མ་ཡང་མིང་ཙམ་སྟེ། ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་ཡང་མ་ཡིན་ནོ། །སྒྱུ་མ་མཐོང་བ་ནི་དེ་བཞིན་ཉིད་དང་བྲལ་བ་མཐོང་པ་དང་མཚུངས་སོ། །


DTG082_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ནི་སྐྱེ་བ་མེད་པ། འགག་པ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པ་རྣམ་པར་བྱང་བ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཀུན་ནས་ཉོན་མོངས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་ཆོས་སོ་སོ་ལ་བཅོས་མ་ཡིན་ཞིང་དེ་དག་ཀྱང་བརྟགས་པ་ཡིན་ཏེ། མིང་གློ་བུར་ལ་ཐ་སྙད་དུ་བྱེད་པ་ཡིན་ནོ། །མིང་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡང་དག་པར་རྗེས་སུ་མ་མཐོང་བས་ན་མངོན་པར་མི་ཞེན་ཏོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་རྟོག་སྟེ། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ།། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། བདག་བདག་ཅེས་བྱ་བ་འདི་ནི་ཐ་སྙད་དུ་བརྗོད་མོད་ཀྱི། བདག་དམིགས་སུ་མེད་དོ། །སེམས་ཅན་མ་ཡིན། སྲོག་མ་ཡིན། གསོ་བ་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་དམིགས་སུ་མེད་དེ་མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ནི་གང་གིས་མངོན་པར་ཆགས་པར་འགྱུར་བ་དེ་ཡང་ཡང་དག་པར་མི་དམིགས་ཏེ། ཤཱ་རིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤཱ་རིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཤ་སྟག་གིས་འདི་


DTG082_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱུག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང༌། དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། བརྒྱ་སྟོང་ནས། བྱེ་བ་བརྒྱ་སྟོང་གི་ཆ་དང༌། གྲངས་སུ་དང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཉིན་གཅིག་བསྒོམས་པ་གང་ཡིན་པ་དེས་ནི་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཤེས་རབ་ནི་དེ་ལྟ་མ་ཡིན་ནོ། །ཤཱ་རིའི་བུ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག །ཤཱ་རིའི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགེ་སློང་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན་འདམ་བུའི་ཚལ་ལམ་འོད་མའི་ཚལ་ལམ་བུར་མ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉི་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་ཁེངས་པ།


DTG082_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཞོག་གི །ཤཱ་རིའི་བུ་གལ་ཏེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆར་ཡང༌། བརྒྱ་སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན་འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ།། ཤཱ་རིའི་བུ་གལ་ཏེ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང༌། དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌།


DTG082_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བ་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་བྱང་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་


DTG082_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་ལྷོ་ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ།། ཤཱ་རིའི་བུ་གལ་ཏེ་ནུབ་བྱང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་


DTG082_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་གལ་ཏེ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་ཤེས་རབ་དང༌། གང་ཡང་རང་སངས་རྒྱས་ཀྱི་ཤེས་རབ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་གང་ལགས་པའི་ཤེས་རབ་དེ་དག་ཐམས་ཅད་ནི་དབྱེ་བ་མེད་པ། དབེན་པ། མ་སྐྱེས་པ། ངོ་བོ་མེད་པ། སྟོང་པ་ཉིད་ལགས་ཤིང༌། བཅོམ་ལྡན་འདས་དབྱེ་བ་མེད་བ། དབེན་པ། མ་སྐྱེས་པ། ངོ་བོ་མེད་པ། སྟོང་པ་ལ་ནི་ཐ་དད་དུ་བྱ་བའམ། ཁྱད་པར་དམིགས་སུ་མ་མཆིས་ན། བཅོམ་ལྡན་འདས་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་གདུགས་གཅིག་བསྒོམས་པ་གང་ལགས་པ་དེས་ཉན་ཐོས་དང་རང་སངས་རྒྱས་ཟིལ་གྱིས་གནོན་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་


DTG082_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་བུ་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པ་དང༌། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང༌། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའོ་ཞེས་འབྲས་བུ་གང་གི་དོན་དུ་ཉེ་བར་གནས་པ་དེའི་དོན་དུ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཉེ་བར་གནས་སམ་ཅི། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཅི་གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འདི་སྙམ་དུ་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་སེམས་སམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེས་ན་རྣམ་གྲངས་འདིས་ཀྱང་ཁྱེད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། གང་འདི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། གྲངས་སུ་ཡང༌། ཆར་ཡང༌། བགྲང་བར་ཡང༌། རྒྱུར་ཡང༌། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཅི་གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འདི་སྙམ་དུ་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ཏེ། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་


DTG082_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་སེམས་སམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གཞལ་དུ་མེད་ཚད་མེད་གྲངས་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་སེམས་སོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། སྲོག་ཆགས་ཀྱི་རིགས་སྲིན་བུ་མེ་ཁྱེར་ནི་འདི་ལྟར་བདག་གི་སྣང་བས་འཛམ་བུའི་གླིང་ཀུན་ཏུ་སྣང་བར་བྱའོ། །བདག་གི་འོད་ཀྱིས་འཛམ་བུའི་གླིང་གསལ་བར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་འདི་ལྟར་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ་མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་


DTG082_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་མི་སེམས་སོ།། །།བམ་པོ་བཞི་པ། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་འཆར་བ་ནི་འཛམ་བུའི་གླིང་ཐམས་ཅད་སྣང་བས་གསལ་བར་བྱེད་དོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱས་ཤིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ཏེ། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གཞལ་དུ་མེད་གྲངས་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་འདའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ཐམས་ཅད་ལས་འདས་ཤིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ཐོབ་པ་དང༌། བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་སྦྱོང་བ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཆོས་ལ་གནས་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ལས་འདའ་བར་བྱེད་དེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ཐོབ་པར་བྱེད། བྱང་ཆུབ་ཀྱི་ལམ་ཡང་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་རྒྱུན་མི་འཆད་པར་ཉན་ཐོས་དང༌། རང་སངས་


DTG082_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་གྱུར་པ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་འདིར་རྟག་ཏུ་རྒྱུན་མི་འཆད་པར་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང༌། བསླབ་པའི་ གནས་ལྔ་དང༌། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་དང༌། བསམགཏནབཞི next hit་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་དང༌། འཕགས་པའི་བདེན་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མི་འཇིགས་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམས་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དགེ་བའི་ཆོས་དེ་དག་ལ་སོགས་པ་མང་པོ་ཇི་སྙེད་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དགེ་བའི་ཆོས་དེ་དག་


DTG082_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་བྱུང་བས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་རབ་ཏུ་གདགས་པ་ཡིན། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་རབ་ཏུ་གདགས་པ་ཡིན། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་རབ་ཏུ་གདགས་པ་ཡིན། འཁོར་ལོས་སྒྱུར་པའི་རྒྱལ་པོའི་རིགས་རྣམས་རབ་ཏུ་གདགས་པ་ཡིན། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འཐབ་བྲལ་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། དགའ་ལྡན་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འཕྲུལ་དགའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚངས་རིས་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚངས་འཁོར་བའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚངས་ཆེན་པོའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འོད་ཆུང་གི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚད་མེད་འོད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འོད་གསལ་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། དགེ་ཆུང་གི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཚད་མེད་དགེ་བའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། དགེ་རྒྱས་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། སྤྲིན་མེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། བསོད་ནམས་སྐྱེས་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། མི་སྤོང་བའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། མི་གདུང་བའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ལེགས་མཐོང་གི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། རབ་ལྟའི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འོག་མིན་གྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་ཡིན། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་རབ་ཏུ་གདགས་པ་


DTG082_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། རྒྱུན་ཏུ་ཞུགས་པ་རྣམས་འཇིག་རྟེན་དུ་སྐྱེའོ། །ལན་ཅིག་ཕྱིར་འོང་བ་རྣམས་འཇིག་རྟེན་དུ་སྐྱེའོ། །ཕྱིར་མི་འོང་བ་རྣམས་འཇིག་རྟེན་དུ་སྐྱེའོ། །དགྲ་བཅོམ་པ་རྣམས་འཇིག་རྟེན་དུ་སྐྱེའོ། །རང་སངས་རྒྱས་རྣམས་འཇིག་རྟེན་དུ་སྐྱེའོ། །བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་དུ་སྐྱེའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་སྐྱེའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཡོངས་སུ་སྦྱོར་བར་བགྱིད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཡོན་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ནི་ཡོངས་སུ་དག་པ་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པ་པོ་ཡིན་པའི་ཕྱིར་རོ། །ཅི་ཞིག་ནི་སྦྱིན་པ་པོ་ཡིན་ཞེ་ན། དགེ་བའི་ཆོས་རྣམས་ཀྱི་སྦྱིན་པ་པོ་ཡིན་ནོ། །དགེ་བའི་ཆོས་གང་དག་གི་སྦྱིན་པ་པོ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང༌། བསླབ་པའི་previous hit གནས་ལྔ་རྣམས་དང༌། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་དང༌། བསམགཏནབཞི ་རྣམས་དང༌། ཚད་མེད་པ་བཞི་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། འཕགས་པའི་བདེན་པ་བཞི་རྣམས་དང༌། རྗེས་སུ་དྲན་པ་དྲུག་རྣམས་དང༌། དྲན་པ་ཉེ་བར་གཞག་པ་བཞི་རྣམས་དང༌། ཡང་དག་པར་སྤོང་བ་བཞི་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་དང༌། དབང་པོ་ལྔ་རྣམས་དང༌། སྟོབས་ལྔ་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་དང༌། འཕགས་པའི་བདེན་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌།


DTG082_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཀྱི་སྒོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་སྦྱིན་པ་པོ་ཡིན་ནོ་ཞེས་བྱ་བ་ནི་སྒྲུབ་པ་ལ་གདམས་པའོ། །


previousསྒྲུབ་པ་ལ་གདམས་པ། next