Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གསུམ་པ།


  collapse section
   
  collapse section
   
   
   
   
   
བྱེད་པ་བསྒོམ་ལམ།
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   


 
previousབྱེད་པ་བསྒོམ་ལམ། next

བྱེད་པ་བསྒོམ་ལམ།


DTG083_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་བཀའ་སྩལ་པ་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་དུལ་བ་དང་ང་རྒྱལ་མ་མཆིས་པའི་དོན་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་དུལ་བ་དང་ང་རྒྱལ་མེད་པའི་དོན་དུ་


DTG083_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་གནས་པ་ཡིན། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཉན་ཐོས་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་བར་བགྱིད་ཅིང་དེ་འདི་ལྟར་བདག་ནི་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཉན་ཐོས་རྣམས་དང༌། ཉམ་ཐག་པ་རྣམས་དང༌། འགྲོན་པོ་དང། སློང་བ་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ངོ་སྙམ་ནས་དེ་ཐབས་མི་མཁས་པའི་སྦྱིན་པ་དེས་ང་རྒྱལ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འཇིག་རྟེན་པའི་ཚུལ་ཁྲིམས་བསྲུང་ཞིང༌། བཅོམ་ལྡན་འདས་བདག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་ལ་སྤྱོད་དོ། །བདག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་སྟེ། དེ་དེས་ང་རྒྱལ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འཇིག་རྟེན་པའི་བཟོད་པ་སྒོམ་པར་བྱེད་ཅིང་བཅོམ་ལྡན་འདས་བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་ལ་སྤྱོད་དོ། །བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ནས་དེ་དེས་ང་རྒྱལ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འཇིག་རྟེན་པའི་བརྩོན་འགྲུས་རྩོམ་པར་བྱེད་ཅིང༌། བཅོམ་ལྡན་འདས་བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་ལ་སྤྱོད་དོ། །བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ནས་དེ་དེས་ང་རྒྱལ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འཇིག་རྟེན་པའི་བསམ་གཏན་ལ་སྙོམས་པར་འཇུག་པར་བྱེད་ཅིང༌། བཅོམ་ལྡན་འདས་བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་ལ་སྤྱོད་དོ། །བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ནས་དེ་དེས་ང་རྒྱལ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཐབས་མི་མཁས་པས། བཅོམ་ལྡན་འདས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །


DTG083_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ནས་དེ་དེས་ང་རྒྱལ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འཇིག་རྟེན་པའི་དྲན་པ་ཉེ་བར་གཞག་པ་སྒོམ་པར་བྱེད་ཅིང་འདི་སྙམ་དུ་བདག་ནི་དྲན་པ་ཉེ་བར་གཞག་པ་སྒོམ་པར་བྱེད་དོ། །བདག་ནི་ཡང་དག་པར་སྤོང་བ་དང༌། བདག་ནི་རྫུ་འཕྲུལ་གྱི་རྐང་པ་དང༌། བདག་ནི་དབང་པོ་དང༌། བདག་ནི་སྟོབས་དང༌། བདག་ནི་བྱང་ཆུབ་ཀྱི་ཡན་ལག་དང༌། བདག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པར་བྱེད་དོ། །བདག་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པར་བྱེད་དོ། །བདག་ནི་ཏིང་ངེ་འཛིན་ཐམས་ཅད་དང༌། བདག་ནི་གཟུངས་ཀྱི་སྒོ་ཐམས་ཅད་དང༌། བདག་ནི་ཚད་མེད་པ་དང༌། བདག་ནི་བསམ་གཏན་དང༌། བདག་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་སྒོམ་པར་བྱེད་དོ། །བདག་ནི་འཕགས་པའི་བདེན་པ་བཞི་དང༌། བདག་ནི་མངོན་པར་ཤེས་པ་དང༌། བདག་ནི་སྟོབས་བཅུ་དང༌། བདག་ནི་མི་འཇིགས་པ་བཞི་དང༌། བདག་ནི་སོ་སོ་ཡང་དག་པར་རིག་པ་བཞི་དང༌། བདག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྒོམ་པར་བྱེད་དོ། །བདག་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །བདག་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་སྙམ་དུ་སེམས་ནས་བདག་དང་བདག་གིར་བགྱི་བ་ལ་མངོན་པར་ཆགས་པ་དེས་ང་རྒྱལ་དུ་འགྱུར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་འཇིག་རྟེན་པའི་ཆོས་རྣམས་ལ་སྤྱོད་ཅིང༌། བདག་དང་བདག་གིར་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་བ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དུལ་བ་དང་ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི་ཀུན་ནས་དུལ་བའི་བྱེད་པའོ། །བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལས་འདས་པའི་ཆོས་ལ་སྤྱད་ཅིང་སྦྱིན་པ་གཏོང་བ་ན་སྦྱིན་པ་ཡང་མི་དམིགས། གཏོང་བ་ཡང་མི་དམིགས། ལེན་པ་ཡང་མི་དམིགས་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་དུལ་


DTG083_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་པར་འགྱུར་རོ། །དེ་བཞིན་དུ་ཚུལ་ཁྲིམས་སྲུང་བ་དང༌། བཟོད་པ་སྒྲུབ་པ་དང༌། བརྩོན་འགྲུས་རྩོམ་པ་དང༌། བསམ་གཏན་ལ་སྙོམས་པར་འཇུག་པ་དང༌། ཤེས་རབ་སྒོམ་པའི་ཤེས་རབ་ཏུ་ཡང་མི་དམིགས་སོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་སྒོམ་པ་མི་དམིགས་སོ། །ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། འཕགས་པའི་བདེན་པ་དང༌། མངོན་པར་ཤེས་པ་སྒོམ་པ་མི་དམིགས་སོ། །སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྒོམ་པ་མི་དམིགས་སོ། །སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་སྒོམ་པ་མི་དམིགས་སོ། །དེ་བཞིན་དུ་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་སྒོམ་པ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྒོམ་པ་མི་དམིགས་སོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་དུལ་བ་དང་ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་པར་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་ནས་འདུད་པའི་བྱེད་པ་དག་བསྟན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པའམ། འཆང་བའམ། ཀློག་པའམ། ཀུན་ཆུབ་པར་བྱེད་པའམ། ཁ་ཏོན་བྱེད་པའམ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཞིག་འཐབ་མོའི་ནང་དུ་འདུག་ཅིང་གཡུལ་ངོར་ཆས་པའི་ཚེ། དེར་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱས་ནས་སོང་སྟེ་འདུག་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཕམ་པར་མི་འགྱུར་ཏེ། གདོན་མི་ཟ་བར་རྒྱལ་བར་འགྱུར་རོ། །རྒྱལ་ནས་མ་སྨས་མ་ཉམས་པར་འཐབ་མོ་དེ་ལས་ཐར་བར་འགྱུར་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁ་ཏོན་དུ་


DTG083_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་གཡུལ་ངོར་སོང་སོང་བ་ལས་སྲོག་གི་བར་ཆད་དུ་འགྱུར་བ་ནི་མི་སྲིད་དེ། གནས་མེད་སྐབས་མེད་དོ། །གལ་ཏེ་དེའི་ལུས་ལ་ལ་ལ་ཞིག་གིས་མདའ་འཕངས་སམ། མཚོན་གྱིས་བཏབ་ན་ལུས་ལ་ཕོག་ཅིང་འཛུགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཡུན་རིང་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་དེ། བདག་གི་འདོད་ཆགས་ཀྱི་མཚོན་དང༌། འདོད་ཆགས་ཀྱི་མདའ་ཡང་བཅོམ། གཞན་གྱི་འདོད་ཆགས་ཀྱི་མཚོན་དང༌། འདོད་ཆགས་ཀྱི་མདའ་ཡང་བཅོམ། བདག་གི་ཞེ་སྡང་གི་མཚོན་དང༌། ཞེ་སྡང་གི་མདའ་ཡང་བཅོམ། གཞན་གྱི་ཞེ་སྡང་གི་མཚོན་དང༌། ཞེ་སྡང་གི་མདའ་ཡང་བཅོམ། བདག་གི་གཏི་མུག་གི་མདའ་དང༌། གཏི་མུག་གི་མཚོན་ཡང་བཅོམ། གཞན་གྱི་གཏི་མུག་གི་མཚོན་དང༌། གཏི་མུག་གི་མདའ་ཡང་བཅོམ། བདག་གི་ལྟ་བས་བྱས་པའི་མཚོན་དང༌། ལྟ་བས་བྱས་པའི་མདའ་ཡང་བཅོམ། གཞན་གྱི་ལྟ་བས་བྱས་པའི་མཚོན་དང༌། ལྟ་བས་བྱས་པའི་མདའ་ཡང་བཅོམ། བདག་གི་ཀུན་ནས་ལྡང་བའི་མཚོན་དང༌། ཀུན་ནས་ལྡང་བའི་མདའ་ཡང་བཅོམ། གཞན་གྱི་ཀུན་ནས་ལྡང་བའི་མཚོན་དང༌། ཀུན་ནས་ལྡང་བའི་མདའ་ཡང་བཅོམ། བདག་གི་བག་ལ་ཉལ་བའི་མཚོན་དང༌། བག་ལ་ཉལ་བའི་མདའ་ཡང་བཅོམ། གཞན་གྱི་བག་ལ་ཉལ་བའི་མཚོན་དང༌། བག་ལ་ཉལ་བའི་མདའ་ཡང་བཅོམ་པའི་ཕྱིར་རོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་ལུས་ལ་མཚོན་ནམ། མདའ་འཕངས་ཀྱང་འཛུགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཉོན་མོངས་པ་ལས་རྒྱལ་བའི་བྱེད་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཁ་ཏོན་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མ་བྲལ་བར་འགྱུར་བ་དེ་ལ་ལ་ལ་ཞིག་གིས་དུག་གིས་གཏོར་རམ། བྱད་བྱས་སམ། མེའི་འོབས་སུ་གཏོར་རམ། མཚོན་གྱིས་བཏབ་བམ། དུག་བླུད་དམ། ཆུར་བོར་ཡང་རུང་སྟེ། དེ་དག་ཐམས་ཅད་ཀྱིས་དེ་ལ་གནོད་པར་མི་


DTG083_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། །ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་བླ་ན་མེད་པའོ། །ཀཽ་ཤི་ཀ་འདི་ལ་སློབ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ནི་བདག་ལ་ཡང་གནོད་པར་མི་བྱེད། གཞན་ལ་ཡང་གནོད་པར་མི་བྱེད། གཉིས་ཀ་ལ་ཡང་གནོད་པར་མི་བྱེད་དོ་ཞེས་བྱ་བ་ནི་གནོད་པས་བརྫི་པ་མེད་པའི་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱི་ཞེ་ན། དེ་ནི་འདི་ལྟར་བདག་མི་དམིགས་པའི་ཕྱིར་རོ། །གཞན་མི་དམིགས་པའི་ཕྱིར་རོ། །གཟུགས་མི་དམིགས་པའི་ཕྱིར་རོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མི་དམིགས་པའི་ཕྱིར་རོ། །སོ་སོ་བ་དང༌། བསྡུས་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་མི་དམིགས་པའི་ཕྱིར་རོ། །མི་དམིགས་པས་བདག་ལ་ཡང་གནོད་པར་མི་བྱེད། གཞན་ལ་ཡང་གནོད་པར་མི་བྱེད། གཉིས་ཀ་ལ་ཡང་གནོད་པར་མི་བྱེད་དེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་སེམས་ཅན་ཐམས་ཅད་ལ་རྣམ་པར་བལྟ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རིག་སྔགས་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་


DTG083_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་པའི་བྱེད་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྲིས་ནས་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། སྟོན་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བ་དེར་མིའམ། མི་མ་ཡིན་པས་ཀླགས་ལྟ་བ་དང༌། གླགས་ཚོལ་བས་གླགས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པའི་ཕྱིར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་འཁོར་དང༌། འོག་མིན་གྱི་བར་གྱི་ལྷ་རྣམས་དང༌། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་རྣམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་འཁོར་དང༌། འོག་མིན་གྱི་པར་གྱི་ལྷའི་བུ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲིས་ནས་འཆང་བར་འགྱུར། ཀློག་པར་འགྱུར་བ་དེ་དག་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦེད་པར་བྱེད་དེ། དེ་ལྟར་ལྷའི་བུ་དག་འོངས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རིམ་གྲོར་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། བསྟི་སྟང་དུ་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར་ཏེ། མཆོད་པ་བྱས་ཤིང་འདོང་བར་འགྱུར་རོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་འཆང་བར་འགྱུར། ཀློག་པར་འགྱུར་བ་དེ་ལ་མཐོང་བའི་ཆོས་ལ་ཕན་ཡོན་འདི་དག་འབྱུང་བར་འགྱུར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གམ། སྙིང་པོ་བྱང་ཆུབ་ཀྱི་ནང་ན་


DTG083_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་དུད་འགྲོའི་སྐྱེ་གནས་སུ་གཏོགས་ནས་བཟུང་བ་གང་སུ་དག་ཀྱང་རུང་སྟེ། དེ་དག་ལ་མིའམ་མི་མ་ཡིན་པས་གཙེ་བའམ། ཐོ་འཚམས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་དེ་ལ་བཞུགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ལ། མ་བྱོན་བ་དང༌། ད་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང༌། སེམས་ཅན་ཐམས་ཅད་བདེ་བ་དང༌། འཇིགས་པ་མེད་པ་དང༌། འཁོན་མེད་པ་དང༌། གཅུགས་མེད་པ་དང༌། མི་སྐྲག་པ་དང༌། རྩོད་པ་མེད་པ་དང༌། འགྲན་ཟླ་མེད་པ་ལ་འགོད་པར་བྱེད་དོ། །བདེ་བ་དང༌། འཇིགས་པ་མེད་པ་དང༌། འཁོན་མེད་པ་དང༌། གཅུགས་མེད་པ་དང༌། མི་སྐྲག་པ་དང༌། རྩོད་པ་མེད་པ་དང༌། འགྲན་ཟླ་མེད་པ་ལ་བཀོད་ནས་ཀྱང་སེམས་ཅན་ཚད་མེད་པ་གྲངས་མེད་པ་ཐམས་ཅད་ལྷ་དང་མིའི་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་ཉིད་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་སའི་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པར་བྱས་པས་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་ཕྱག་བྱ་བ་དང༌། བླ་མར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱ་བ་དང༌། རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱ་བར་འགྱུར་རོ་ཞེས་བྱ་བ་ནི་རྟེན་པའི་ཡུལ་མཆོད་པ་བྱེད་པ་ཡིན་ཏེ། འདི་དག་གིས་ནི་བྱེད་པ་གསུངས་སོ། །


previousབྱེད་པ་བསྒོམ་ལམ། next