Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གསུམ་པ།


  collapse section
   
  collapse section
   
   
   
   
   
   
མོས་པ་ཡིད་ལ་བྱེད་པ།
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   


 
previousམོས་པ་ཡིད་ལ་བྱེད་པ། next

མོས་པ་ཡིད་ལ་བྱེད་པ།


DTG083_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་


DTG083_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་ཆུད་པར་བགྱིད་དེ་བཅངས་ལ། དེ་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། ཁོར་ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དང༌། མཆོད་པ་རྣམ་པ་མང་པོ་དག་གིས་རིམ་གྲོ་དང༌། བླ་མ་དང༌། བསྟི་སྟང་དང༌། མཆོད་པར་བགྱིད་པ་དང༌། གང་ལ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་མཆོད་རྟེན་དུ་སྩལ་ཏེ་སྩལ་ནས་ཀྱང་དེ་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོ་དང༌། བླ་མ་དང༌། བསྟི་སྟང་དང༌། མཆོད་པ་བགྱིད་ན་དེ་དག་ལས་བསོད་ནམས་ཀྱི་ཕུང་པོ་གང་མང་དུ་འཕེལ་བ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན་ཁྱོད་ཉིད་ལ་དྲིས། ཇི་ལྟར་བཟོད་པ་དེ་བཞིན་དུ་འདིར་ལུང་སྟོན་ཅིག །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། གང་ཡང་དེ་བཞིན་གཤེགས་པའི་བདག་གི་དངོས་པོ་འདི་མངོན་པར་གྲུབ་པ་དེ་ལམ་གང་ལ་བསླབས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་བདག་གི་དངོས་པོ་འདི་ལྟ་བུ་མངོན་པར་འགྲུབ་པར་འགྱུར། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་བདག་གི་དངོས་པོ་འདི་མངོན་པར་གྲུབ་པོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་


DTG083_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་བདག་གི་དངོས་པོ་འདི་མངོན་པར་གྲུབ་པོ། །དེས་ན་ཀཽ་ཤི་ཀ་བདག་གི་དངོས་པོ་འདི་ཐོབ་པས་ནི་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་མི་འགྲོའི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་ངོ༌། །དེ་ལྟར་ན་དེ་བཞིན་གཤེགས་པའི་བདག་གི་དངོས་པོ་འདི་ཐོབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཉིད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཡིན་ནོ། །དེ་ལྟར་ན་རྟེན་འདི་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་འབྱུང་བར་འགྱུར། སངས་རྒྱས་འབྱུང་བར་འགྱུར། ཆོས་འབྱུང་བར་འགྱུར། དགེ་འདུན་འབྱུང་བར་འགྱུར་རོ། །དེ་ལྟར་བདག་གི་དངོས་པོ་འདི་ཐོབ་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་འདིའི་རྒྱུ་ཅན་དང་གཞིར་གྱུར་པས་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་ཅིང་ཕྱག་བྱ་བ་དང༌། རིམ་གྲོར་བྱ་བ་དང༌། བླ་མར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། རྗེད་པར་བྱ་བ་དང༌། བཀུར་སྟི་བྱ་བར་འགྱུར་ཏེ། ང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་དེ་ལྟར་སྐུ་གདུང་འདི་རྣམས་ལ་མཆོད་པར་འགྱུར་རོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ནས་གླེགས་བམ་དུ་ཆུད་པར་བྱས་ཏེ་འཆང་བར་འགྱུར། ཀློག་པར་འགྱུར་ཏེ། མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམ་པ་སྣ་ཚོགས་པ་མང་པོས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས། རྗེད་པར་བྱས། བཀུར་སྟིར་བྱས་ན་འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་


DTG083_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མཆོད་པ་བྱས་པར་འགྱུར་བས་སོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མཆོད་རྟེན་དུ་བཅུག་གམ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་སྣོད་དུ་བླུགས་ཤིང་གཅེས་པར་བྱས་ཏེ། དེ་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱས་པ་ནས། བཀུར་སྟིའི་བར་དུ་བྱས་པ་བས། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་བསྟི་སྟང་དུ་བྱེད་པའམ་གླེགས་བམ་དུ་ཆུད་པར་བྱས་ཀྱང་རུང་སྟེ། དེ་ལ་རིམ་གྲོར་བྱ་བ་དང༌། བླ་མར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱ་བ་དང༌། རྗེད་པར་བྱ་བ་དང༌། བཀུར་སྟིར་བྱས་ན་འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མཆོད་པ་བྱས་པར་འགྱུར་ལ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་འདི་ལས་བྱུང་ངོ༌། །ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་འདི་ཉིད་ལས་བྱུང་ངོ༌། །དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དང༌། མངོན་པར་ཤེས་པ་དང༌། བདེན་པ་རྣམས་ཀྱང་འདི་ལས་བྱུང་ངོ༌། །ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་འདི་ལས་བྱུང་ངོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་འདི་ལས་བྱུང་ངོ༌། །ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་ཀྱང་འདི་ལས་བྱུང་ངོ༌། །སེམས་ཅན་ཡོངས་སུ་སྨིན་པ་ཡང་འདི་ལས་བྱུང་ངོ༌། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ཡང་འདི་ལས་བྱུང་ངོ༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། འཁོར་ཕུན་སུམ་ཚོགས་པ་ཡང་འདི་ལས་བྱུང་ངོ༌། །བྱམས་པ་ཆེན་པོ་དང༌།


DTG083_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཆེན་པོ་ཡང་འདི་ལས་བྱུང་ངོ༌། །རྒྱལ་རིགས་སཱ་ལ་ཆེན་པོ་ཉིད་དང༌། བྲམ་ཟེའི་རིགས་སཱ་ལ་ཆེན་པོ་ཉིད་དང༌། ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་ཉིད་ཀྱང་འདི་ལས་བྱུང་ངོ༌། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་འཁོར་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་པ་ཆེན་པོ་དང༌། འོག་མིན་གྱི་བར་གྱི་ལྷའི་བུ་རྣམས་ཀྱང་འདི་ལས་བྱུང་ངོ༌། །རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་རྣམས་ཀྱང་འདི་ལས་བྱུང་ངོ༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་ལས་བྱུང་ངོ༌། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འདི་ལས་བྱུང་ངོ༌། །བསམ་གྱིས་མི་ཁྱབ་པ་དང། མི་མཉམ་པ་དང༌། བླ་ན་མེད་པ་དང༌། གོང་ན་མེད་པ་དང༌། མི་མཉམ་པ་དང་མཉམ་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་བྱུང་ངོ་ཞེས་བྱ་བ་ནི་རང་གི་དོན་གྱི་མོས་པ་ཆུང་དུའི་ཆུང་དུ་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་མི་གང་ལགས་པ་འདི་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་མི་བགྱིད། བླ་མར་མི་བགྱིད། བསྟི་སྟང་དུ་མི་བགྱིད། མཆོད་པར་མི་བགྱིད། རྗེད་པར་མི་བགྱིད། བཀུར་སྟིར་མི་བགྱིད་པ་དེ་ནི་བཅོམ་ལྡན་འདས་ཅི་ལགས་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོད་པ་དེ་ལྟར་དོན་ཆེན་པོ་ལགས་པར་མ་འཚལ་ལམ། མཆོད་པར་བགྱིད་པར་མི་འགྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་ཕན་ཡོན་ཆེ་བར་མ་འཚལ་ལམ། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་མི་དེ་དག་ལས་གང་སངས་རྒྱས་ལ་མི་ཕྱེད་པའི་དད་པ་དང་


DTG083_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་དང༌། གང་ཆོས་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་དང༌། གང་དགེ་འདུན་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་དང༌། གང་སངས་རྒྱས་ལ་ནེམ་ནུར་མེད་པ་དང༌། གང་ཆོས་ལ་ནེམ་ནུར་མེད་པ་དང༌། གང་དགེ་འདུན་ལ་ནེམ་ནུར་མེད་པ་དང༌། གང་སངས་རྒྱས་ལ་ཤིན་ཏུ་རྟོན་པ་དང༌། གང་ཆོས་ལ་ཤིན་ཏུ་རྟོན་པ་དང༌། གང་དགེ་འདུན་ལ་ཤིན་ཏུ་རྟོན་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། དེ་ནས་ཡང་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་མི་དེ་དག་ལས་གང་སངས་རྒྱས་ལ་མོས་པ་མི་ཕྱེད་པའི་དད་པ་དང་ལྡན་པ་དང༌། གང་ཆོས་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་དང༌། གང་དགེ་འདུན་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་དང༌། གང་སངས་རྒྱས་ལ་ནེམ་ནུར་མ་མཆིས་པ་དང༌། གང་ཆོས་ལ་ནེམ་ནུར་མ་མཆིས་པ་དང༌། གང་དགེ་འདུན་ལ་ནེམ་ནུར་མ་མཆིས་པ་དང༌། གང་སངས་རྒྱས་ལ་ཤིན་ཏུ་རྟོན་པ་དང༌། གང་ཆོས་ལ་ཤིན་ཏུ་རྟོན་པ་དང༌། གང་དགེ་འདུན་ལ་ཤིན་ཏུ་རྟོན་པ་དེ་ལྟ་བུ་ནི་ཤིན་ཏུ་ཉུང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་མི་དེ་དག་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་དེ་དག་ལས་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་དེ་དག་ལས་རྣམ་པར་ཐར་པ་བརྒྱད་ཐོབ་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་དེ་དག་ལས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་དེ་དག་ལས་གང་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་དེ་དག་ལས་གང་མངོན་པར་ཤེས་པ་དྲུག་ཐོབ་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་དེ་དག་ལས་གང་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་རྒྱུན་དུ་ཞུགས་པར་གྱུར་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་དེ་དག་ལས་གང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་བསྲབས་པའི་ཕྱིར་ལན་ཅིག་ཕྱིར་འོང་བར་གྱུར་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་དེ་དག་ལས་གང་དམ་པ་མ་ཡིན་པའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། ཕྱིར་


DTG083_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མི་འོང་བར་གྱུར་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་དེ་དག་ལས་གང་བླ་མའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར་དགྲ་བཅོམ་པར་གྱུར་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་དེ་དག་ལས་གང་རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་དེ་དག་ལས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་ནི་ཇི་སྙེད་ཅིག་ཡོད། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་མི་དེ་དག་ལས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ་ནི་ཉུང་ངོ༌། །རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་རྣམ་པར་ཐར་པ་བརྒྱད་ཐོབ་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་མངོན་པར་ཤེས་པ་དྲུག་ཐོབ་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །འཛམ་བུའི་གླིང་གི་མི་དེ་དག་ལས་གང་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པར་གྱུར་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་བསྲབས་པས་ལན་ཅིག་ཕྱིར་འོང་བར་གྱུར་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་དམ་པ་མ་ཡིན་པའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བར་གྱུར་པ་དེ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་བླ་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་དགྲ་བཅོམ་པར་གྱུར་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །འཛམ་བུའི་གླིང་གི་མི་དེ་དག་ལས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འཛམ་བུའི་གླིང་གི་མི་དེ་དག་ལས་གང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་དང༌། གང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་ནེམ་ནུར་མེད་པ་དང༌། གང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་ཤིན་ཏུ་རྟོན་པ་ནི་ཉུང་བ་དེ་དག་


DTG083_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཀྱང་ཆེས་ཉུང་ངོ༌། །གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པར་བྱེད་པ་ནི་ཉུང་བ་དེ་དག་བས་ཀྱང་ཆེས་ཉུང་ངོ༌། །གང་རྣམ་པར་ཐར་པའི་སྒོ་གསུམ་སྒོམ་པར་བྱེད་པ་ནི་ཉུང་བ་དེ་དག་བས་ཀྱང་ཆེས་ཉུང་ངོ༌། །གང་རྣམ་པར་ཐར་པ་བརྒྱད་སྒོམ་པར་བྱེད་པ་ནི་ཉུང་བ་དེ་དག་བས་ཀྱང་ཆེས་ཉུང་ངོ༌། །གང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པར་བྱེད་པ་ནི་ཉུང་བ་དེ་དག་བས་ཀྱང་ཆེས་ཉུང་ངོ༌། །གང་སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་པར་བྱེད་པ་ནི་ཉུང་བ་དེ་དག་བས་ཀྱང་ཆེས་ཉུང་ངོ༌། །གང་མངོན་པར་ཤེས་པ་དྲུག་སྒོམ་པར་བྱེད་པ་ནི་ཉུང་བ་དེ་དག་བས་ཀྱང་ཆེས་ཉུང་ངོ༌། །གང་རྒྱུན་དུ་ཞུགས་པར་གྱུར་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་ལན་ཅིག་ཕྱིར་འོང་བར་གྱུར་པ་དེ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་ཕྱིར་མི་འོང་བར་གྱུར་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་དགྲ་བཅོམ་པར་གྱུར་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་ནི་ཉུང་བ་དེ་དག་བས་ཀྱང་ཆེས་ཉུང་ངོ༌། །གང་བྱང་ཆུབ་ཏུ་སྤྱོད་པར་གྱུར་པ་ནི་དེ་དག་བས་ཀྱང་ཆེས་ཉུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྔོན་འཁོར་བ་ན་འཁོར་བའི་ཚེ། སངས་རྒྱས་མ་མཐོང་བ་དང༌། ཆོས་མ་ཐོས་པ་དང༌། དགེ་འདུན་ལ་བསྙེན་བཀུར་མ་བྱས་པ་དང༌། སྦྱིན་པ་མ་བྱིན་པ་དང༌། ཚུལ་ཁྲིམས་མ་བསྲུངས་པ་དང༌། བཟོད་པ་མ་བསྒོམས་པ་དང༌། བརྩོན་འགྲུས་མ་བརྩམས་པ་དང༌། བསམ་གཏན་མ་བསྒོམས་པ་དང༌། ཤེས་རབ་མ་བསྒོམས་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཐོས་པ་དང༌། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཐོས་པ་དང༌། ཐབས་མཁས་པ་མ་ཐོས་པ་དང༌། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མ་ཐོས་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མ་ཐོས་པ་དང༌། ཏིང་ངེ་འཛིན་རྣམས་


DTG083_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དང། གཟུངས་ཀྱི་སྒོ་ཐམས་ཅད་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་ཐོས་པ་དང༌། འཕགས་པའི་བདེན་པ་རྣམས་མ་ཐོས་པ་དང༌། མངོན་པར་ཤེས་པ་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མ་ཐོས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོས་པ་དང༌། མང་དུ་མ་ཐོས་པའི་ཕྱིར་རོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན་སེམས་ཅན་དེ་དག་ལས་གང་སངས་རྒྱས་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་དང༌། ཆོས་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་དང༌། དགེ་འདུན་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་ནི་ཉུང་ངོ༌། །གང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་ནེམ་ནུར་མེད་པ་ནི་ཉུང་ངོ༌། །གང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་ཤིན་ཏུ་རྟོན་པ་ནི་ཉུང་ངོ༌། །འཛམ་བུའི་གླིང་གི་མི་དེ་དག་ལས་གང་དགེ་བ་བཅུའི་ལས་ཀྱི་ལམ་ལ་རྟོན་པ་ནི་ཉུང་ངོ༌། །དེ་དག་ལས་གང་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་བསྒོམས་པ་དང་ལྡན་པ་ནི་ཉུང་ངོ༌། །དེ་དག་ལས་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པར་བྱེད་པ་ནི་ཉུང་ངོ༌། །དེ་དག་ལས་གང་རྣམ་པར་ཐར་པའི་སྒོ་གསུམ་སྒོམ་པར་བྱེད་པ་ནི་ཉུང་ངོ༌། །དེ་དག་ལས་གང་རྣམ་པར་ཐར་པ་བརྒྱད་སྒོམ་པར་བྱེད་པ་ནི་ཉུང་ངོ༌། །དེ་དག་ལས་གང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པར་བྱེད་པ་ནི་ཉུང་ངོ༌། །དེ་དག་ལས་གང་སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་པ་ནི་ཉུང་ངོ༌། །དེ་དག་ལས་གང་མངོན་པར་ཤེས་པ་དྲུག་སྒོམ་པར་བྱེད་པ་ནི་ཉུང་ངོ༌། །འཛམ་བུའི་གླིང་གི་མི་དེ་དག་ལས་གང་ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་རྒྱུན་དུ་ཞུགས་པ་དང། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་བསྲབས་པ་ལས་ལན་ཅིག་ཕྱིར་འོང་བ་དང༌། དམ་པ་མ་ཡིན་པའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བ་དང༌། བླ་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་དགྲ་བཅོམ་པར་གྱུར་པ་ནི་ཆེས་ཉུང་ངོ༌། །འཛམ་བུའི་གླིང་གི་མི་དེ་


DTG083_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་གང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་གནས་པ་ནི་ཉུང་བ་དེ་དག་བས་ཀྱང་ཆེས་ཉུང་ངོ༌། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་ནི་ཉུང་བ་དེ་དག་བས་ཀྱང་ཆེས་ཉུང་ངོ༌། །གང་བྱང་ཆུབ་ཏུ་སྤྱོད་པར་གྱུར་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་བྱང་ཆུབ་ཀྱི་སེམས་འཕེལ་བར་བྱེད་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ལ་ཞུགས་པ་ནི་དེ་བས་ཀྱང་ཆེས་ཉུང་ངོ༌། །གང་ཕྱིར་མི་ལྡོག་པའི་ས་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་དེ་ནས་ཀྱང་ཆེས་ཉུང་ངོ༌། །ཀཽ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཚད་མེད་པ་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་པ་བསྐྱེད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མི་ལྡན་པས་དེ་དག་ལས་གཅིག་གམ་གཉིས་ཤིག་བྱང་ཆུབ་སེམས་དཔའི་ས་ཕྱིར་མི་ལྡོག་པ་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མ་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་དམན་པ། མོས་པ་དམན་པ། སེམས་དམན་པ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །དེ་བཞིན་དུ་ཀཽ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས། ལྷོ་དང༌། ནུབ་དང༌། བྱང་དང༌། སྟེང་དང༌། འོག་དང༌། ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཚད་མེད་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མི་ལྡན་པས་དེ་དག་ལས་གཅིག་གམ་གཉིས་ཤིག་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེས་ན། ཀཽ་ཤི་ཀ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན་དང༌། བརྩོན་འགྲུས་


DTG083_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པ། མོས་པ་དམན་པ། སེམས་དམན་པ། ཤེས་རབ་འཆལ་པ་རྣམས་ཀྱིས་བསྒྲུབ་པར་དཀའོ་ཞེས་བྱ་བ་ནི་རང་གི་དོན་གྱི་མོས་པ་ཆུང་དུའི་འབྲིང་ཡིན་ནོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་ང་དང། བདེ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཡང་དང་ཡང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །རབ་ཏུ་བསྐོར་བར་བྱའོ། །ཡོངས་སུ་དྲི་བར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །དགེ་བའི་ཆོས་གང་ཅི་སྙེད་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་འདུས་ཏེ། དེ་དག་ཀྱང་གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། ཚད་མེད་པ་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། བྱམས་པ་ཆེན་པོ་དང༌། སྙིང་


DTG083_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་དང༌། གཞན་ཡང་སངས་རྒྱས་ཀྱི་ཆོས་ཚད་མེད་པ་གང་ཇི་སྙེད་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་འདུས་པ་དེ་དག་ཀྱང་གཟུང་བར་བྱའོ། །བཅང་བར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་འདི་ལྟར་ཤེས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་དེ་ཡང་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང༌། ཚད་མེད་པ་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲས་པ་བཅོ་བརྒྱད་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། གཞན་ཡང་སངས་རྒྱས་ཀྱི་ཆོས་གཞལ་དུ་མེད་པ་དག་ལ་བསླབས་པའི་ཕྱིར། བདག་ཅག་གིས་ཀྱང་འདིར་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང༌། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ་འདི་ནི་བདག་ཅག་གི་སྟོན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་རབ་ཏུ་སྤེལ་བར་བྱའོ་ཞེས་བྱ་བ་འདི་ནི་རང་གི་དོན་གྱི་མོས་པ་ཆུང་ངུའི་ཆེན་པོ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རིམ་གྲོར་བགྱིད་པ་དང༌། བླ་མར་བགྱིད་པ་དང༌། བསྟི་སྟང་དུ་བགྱིད་པ་དང༌། མཆོད་པར་བགྱིད་པ་དེ་བསོད་ནམས་ཇི་སྙེད་ཅིག་འཕེལ་བར་འགྱུར་བ་ལགས།། །།


DTG083_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་སུམ་ཅུ་གཅིག་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་བྱ་སྟེ། བྱས་ནས་ཀྱང་ནམ་འཚོའི་བར་དུ་ཁོར་ཡུག་ཏུ་ལྷ་རྫས་ཀྱི་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ཆོས་གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། ཀཽ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང༌། འཆང་པ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་སྟོན་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་དང་མི་བྲལ་བར་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱེད། བླ་མར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་རང་གི་དོན་གྱི་མོས་པ་འབྲིང་གི་ཆུང་དུ་ཡིན་ནོ། །ཀཽ་ཤི་ཀ་རིན་པོ་ཆེའི་རང་བཞིན་གྱི་མཆོད་རྟེན་ལྟ་ཞོག་གི །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། འཛམ་བུའི་གླིང་འདིར་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་བྱས་ནས་ཡོངས་སུ་བཀང་སྟེ། དེ་དག་ལ་ལྷ་རྫས་ཀྱི་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རི་མ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས། རྗེད་པར་བྱས། བཀུར་སྟིར་བྱས་ན་ཀཽ་ཤི་ཀ་དེ་


DTG083_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། རབ་ཏུ་སྟོན་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་བྲལ་བར་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། མཆོད་པ་རྣམ་པ་མང་པོས་རིམ་གྲོར་བྱེད། བླ་མར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད། རྗེད་པར་བྱེད། བཀུར་སྟིར་བྱེད་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་རང་གི་དོན་གྱི་མོས་པ་འབྲིང་གི་འབྲིང་ཡིན་ནོ། །ཀཽ་ཤི་ཀ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་བྱས་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ལྷ་རྫས་ཀྱི་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས། རྗེད་པར་བྱས། བཀུར་སྟིར་བྱས་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དེའི་རྒྱུས་བསོད་ནམས་ཆེས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཏེ་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་


DTG083_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱེད་པ་དང༌། བྲིས་ཤིང་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་བ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱེད། བླ་མར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད། རྗེད་པར་བྱེད། བཀུར་སྟིར་བྱེད་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་རང་གི་དོན་གྱི་མོས་པ་འབྲིང་གི་ཆེན་པོ་ཡིན་ནོ། །ཀཽ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་གང་བ་ལྟ་ཞོག་གི །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། སྟོང་གི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ལྷ་རྫས་ཀྱི་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས། རྗེད་པར་བྱས། བཀུར་སྟིར་བྱས་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་ཆེས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་དུ་ན་བྲིས་ཏེ་གླེགས་བམ་དུ་བྱས་ཤིང་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱེད། བླ་མར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད། རྗེད་པར་བྱེད། བཀུར་སྟིར་བྱེད་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་རང་གི་དོན་གྱི་མོས་པ་ཆེན་པོའི་ཆུང་དུ་ཡིན་ནོ། །ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་བཀད་བ་ལྟ་ཞོག་གི །ཀཽ་ཤི་ཀ་


DTG083_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ཚོགས་པ་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ལྷ་རྫས་ཀྱི་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས། རྗེད་པར་བྱས། བཀུར་སྟིར་བྱས་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་དུ་ན་བྲིས་ཤིང་གླེགས་བམ་དུ་ཆུད་པར་བྱས་ཏེ། འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱེད། བླ་མར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད། རྗེད་པར་བྱེད། བཀུར་སྟིར་བྱེད་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་རང་གི་དོན་གྱི་མོས་པ་ཆེན་པོའི་འབྲིང་ཡིན་ནོ། །ཀཽ་ཤི་ཀ་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་པས་ཡོངས་སུ་བཀང་སྟེ། བཀང་ནས་ཀྱང་དེ་དག་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱས། བླ་མར་བྱས།


DTG083_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བསྟི་སྟང་དུ་བྱས། མཆོད་པར་བྱས། རྗེད་པར་བྱས། བཀུར་སྟིར་བྱས་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ནས་གླེགས་བམ་དུ་ཆུད་པར་བྱས་ནས་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱེད། བླ་མར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད། རྗེད་པར་བྱེད། བཀུར་སྟིར་བྱེད་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་རང་གི་དོན་གྱི་མོས་པ་ཆེན་པོའི་ཆེན་པོ་ཡིན་ནོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ལས་སེམས་ཅན་རེ་རེས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་བྱས་ཏེ་དེ་དག་ལ་ལྷ་རྫས་ཀྱི་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས། རྗེད་པར་བྱས། བཀུར་སྟིར་བྱས་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། སེམས་ཅན་དེ་དེའི་གཞི་ལས་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་དུ་ན་གླེགས་བམ་དུ་ཆུད་པར་བྱས་ནས་འཛིན་པ་དང༌། འཆད་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་


DTG083_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཡིད་ལ་བྱེད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱས་ཏེ། མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། སིལ་སྙན་རྣམས་ཀྱིས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས། རྗེད་པར་བྱས། བཀུར་སྟིར་བྱས་ན་འདི་ཉིད་ཆེས་བསོད་ནམས་མང་དུ་འཕེལ་ལོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་ལྟར་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟར་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རིམ་གྲོར་བགྱིས་པ་དང༌། བླ་མར་བགྱིས་པ་དང༌། བསྟི་སྟང་དུ་བགྱིས་པ་དང༌། མཆོད་པར་བགྱིས་པ་ནི་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བགྱིས་པ་དང༌། བླ་མར་བགྱིས་པ་དང༌། བསྟི་སྟང་དུ་བགྱིས་པ་དང༌། མཆོད་པར་བགྱིས་པར་འགྱུར་རོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས་སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་སླད་དུ་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་པ་བགྱིས་ཏེ་དེ་དག་ལ་བསྐལ་པའམ། བསྐལ་ཕ་ལས་ལྷག་པར་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། ལྷ་རྫས་ཀྱི་སིལ་སྙན་རྣམས་ཀྱིས་རིམ་གྲོར་བགྱིས། བླ་མར་བགྱིས། བསྟི་སྟང་དུ་བགྱིས། མཆོད་པར་བགྱིས། རྗེད་པར་བགྱིས། བཀུར་སྟིར་བགྱིས་ན། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་འཕེལ་ལགས་སམ། དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། འོག་དང༌། སྟེང་དང༌། ཕྱོགས་མཚམས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས་སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་


DTG083_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་སླད་དུ་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་བགྱིས་ཏེ། དེ་དག་ལ་བསྐལ་པའམ་བསྐལ་པ་ལས་ལྷག་པར་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང། བ་དན་དང༌། སིལ་སྙན་རྣམས་ཀྱིས་རིམ་གྲོར་བགྱིས། བླ་མར་བགྱིས། བསྟི་སྟང་དུ་བགྱིས། མཆོད་པར་བགྱིས། རྗེད་པར་བགྱིས། བཀུར་སྟིར་བགྱིས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་འཕེལ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ཏེ། །དེ་དེ་བཞིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཤིང་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བགྱིད་ཅིང་དེ་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། སིལ་སྙན་རྣམས་ཀྱིས་རིམ་གྲོར་བགྱིས། བླ་མར་བགྱིས། བསྟི་སྟང་དུ་བགྱིས། མཆོད་པར་བགྱིས། རྗེད་པར་བགྱིས། བཀུར་སྟིར་བགྱིས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འདི་ཉིད་སྔར་གྱི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ཏེ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་དགེ་བའི་ཆོས་ཐམས་ཅད་འདུས་པས་སོ། །འདི་ལྟ་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། འཕགས་པའི་བདེན་པ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་


DTG083_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདུས་སོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་སྟེ། གང་ལ་བསླབས་ཤིང་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་དང༌། ཉན་ཐོས་རྣམས་ངེས་པར་འབྱུང་ངོ༌། །ཞེས་ངེས་པར་འབྱུང་བར་གྱུར་ཏོ། །ངེས་པར་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་ཆུད་པར་བྱས་ཏེ། འཛིན་པར་འགྱུར། འཆད་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཞིང་གོང་དུ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། བསྟི་སྟང་དུ་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར། རྗེད་པར་བྱེད་པར་འགྱུར། བཀུར་སྟིར་བྱེད་པར་འགྱུར་ན། དེ་དེའི་གཞི་ལས་བསོད་ནམས་ཚད་མེད་པ་དང་གྲངས་མེད་པ་དང༌། བསམ་གྱིས་མི་ཁྱབ་པ་དང༌། མཚུངས་པ་མེད་པ་དང༌། གཞལ་དུ་མེད་ཅིང་མང་དུ་འཕེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་ལྔ་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་


DTG083_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། སྟོབས་བཅུ་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། སྤྱན་ལྔ་དང༌། མངོན་པར་ཤེས་པ་དྲུག་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སེམས་ཅན་ཡོངས་སུ་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ཡིན་པས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་ཐམས་ཅད་ཤེས་པ་ཉིད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་ཡིན་པས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་པས་སོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་གླེགས་བམ་དུ་ཆུད་པར་བྱས་ཤིང་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཞིང་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། སིལ་སྙན་རྣམས་ཀྱིས་རིམ་གྲོར་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། བསྟི་སྟང་དུ་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར། བརྗེད་པར་བྱེད་པར་འགྱུར། བཀུར་སྟིར་བྱེད་པར་འགྱུར་ན། བསོད་ནམས་མངོན་པར་འདུ་བྱ་བ་འདི་ལ་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང༌། བརྒྱ་ཕྲག་སྟོང་གི་ཆར་ཡང༌། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆའི་བར་དུ་ཡང་ཉེ་བར་མ་སོང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེར་ཡང་ཉེ་བར་མི་འགྲོ་།རྒྱུར་ཡང་ཉེ་བར་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་སྲིད་དུ་འཛམ་བུའི་གླིང་ན་གནས་པ་དེ་སྲིད་དུ་སངས་རྒྱས་དཀོན་མཆོག་ནུབ་པར་མི་འགྱུར་བས་སོ། །ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་ནུབ་པར་མི་འགྱུར་བས་སོ། །དེ་


DTG083_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དུ་དགེ་བ་བཅུའི་ལས་ཀྱི་ལམ་འཇིག་རྟེན་དུ་འབྱུང་བར་འགྱུར་བས་སོ། །ཚད་མེད་པ་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང། ལམ་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། མངོན་པར་ཤེས་པ་དྲུག་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང༌། མི་འཇིགས་པ་བཞི་རྣམས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། རྒྱལ་རིགས་སཱ་ལ་ཆེན་པོ་རྣམས་དང༌། བྲམ་ཟེའི་རིགས་སཱ་ལ་ཆེན་པོ་རྣམས་དང༌། ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་རྣམས་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་བས་སོ། །འོག་མིན་གྱི་བར་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་བས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་རྣམས་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམས་དང༌། ཕྱིར་མི་འོང་བའི་འབྲས་བུ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འབྱུང་བར་ཡོད་པས་སོ། །བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། སེམས་ཅན་ཡོངས་སུ་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོད་པས་སོ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་གྱི་མོས་པ་ཆུང་དུའི་ཆུང་དུ་ཡིན་ནོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། འོག་མིན་གྱི་བར་གྱི་ལྷའི་བུ་གང་


DTG083_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་ཅིག་ཡོད་པ་དེ་དག་གིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་སྨྲས་པ། གྲོགས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །གྲོགས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བར་བྱས། བཅང་བར་བྱས། ཀླག་པར་བྱས། ཀུན་ཆུབ་བར་བྱས་ན་མི་དགེ་བའི་ཆོས་ཐམས་ཅད་ནི་འགྲིབ་པར་འགྱུར། དགེ་བའི་ཆོས་ཐམས་ཅད་ནི་འཕེལ་བར་འགྱུར། ལྷ་མ་ཡིན་གྱི་ཚོགས་ཐམས་ཅད་ནི་འགྲིབ་པར་འགྱུར། ལྷའི་ཚོགས་ཐམས་ཅད་ནི་འཕེལ་བར་འགྱུར་རོ། །གྲོགས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང༌། བཅངས་པ་དང༌། ཀླགས་པ་དང༌། ཀུན་ཆུབ་པར་བྱས་པས་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པར་འགྱུར་རོ། །ཆོས་ཀྱི་ཚུལ་རྒྱུན་མི་འཆད་པར་འགྱུར་རོ། །དགེ་འདུན་གྱི་ཚུལ་རྒྱུན་མི་འཆད་པར་འགྱུར་རོ། །གྲོགས་པོ་དགོན་མཆོག་གསུམ་གྱི་ཚུལ་འདི་རྒྱུན་མཆད་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་རྣམས་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་བ་བརྒྱད་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། མངོན་པར་ཤེས་པ་དྲུག་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་རྣམས་དང༌། མི་འཇིགས་པ་བཞི་པོ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་བཞི་པོ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་


DTG083_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག །ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ནམ་ལྷ་མ་ཡིན་རྣམས་འདི་སྙམ་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་འཐབ་མོ་བྱའོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་མཚམས་བརྡལ་ལོ་སྙམ་དུ་སེམས་པར་གྱུར་ན། དེའི་ཚེ་ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡིད་ལ་སོམས་ལ་ཁ་ཏོན་གྱིས་ཤིག །དེ་ལྟ་ན་ལྷ་མ་ཡིན་རྣམས་ཀྱི་བསམ་པ་དེ་དག་ཕྱིར་ནུབ་པར་གྱུར་ཏེ་སེམས་བསྐྱེད་པ་ཟློས་ཤིང་ཡང་སྐྱེ་བར་མི་འགྱུར་རོ། །ལྷའི་བུ་དང་ལྷའི་བུ་མོ་གང་དག་འཆི་བའི་དུས་བྱེད་པར་འགྱུར་བའི་ཚེ་བདག་ངན་སོང་དུ་སྐྱེ་བ་མཐོང་བ་གང་ཡིན་པ་དེ་དག་གི་མདུན་དུ་ཡང་ཁ་ཏོན་དུ་གྱིས་ཤིག་དང༌། དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པས་དེ་དག་གིས་ངན་སོང་དུ་སྐྱེ་བར་སེམས་བསྐྱེད་པར་ནུས་པར་འགྱུར་ཏེ་ལྷའི་གནས་དེ་ཉིད་དུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པ་ནི་དེ་ལྟར་དོན་ཆེན་པོ་དང་ལྡན་པ་སྟེ། རིགས་ཀྱི་བུའམ། རིགས་ཀྱི་བུའམ། ལྷའི་བུ་ཕོའམ། ལྷའི་བུ་མོའམ་གང་སུ་ཡང་རུང་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་གསལ་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་དགེ་བའི་རྩ་བ་དེས་མཐར་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །གང་ཡང་མ་འོངས་པའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གང་ཡང་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


DTG083_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འདུས་པས་སོ། །བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་དང༌། རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐམས་ཅད་དང༌། ཉན་ཐོས་ཀྱི་ཆོས་ཐམས་ཅད་འདུས་པས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བླ་ན་མེད་པའི་རིག་སྔགས་སོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་མཉམ་པ་དང་མཉམ་པའི་རིག་སྔགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་དགེ་བའི་ཆོས་ཐམས་ཅད་སྤོང་བའོ། །དགེ་བའི་ཆོས་ཐམས་ཅད་སྒྲུབ་པས་སོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བླ་ན་མེད་པའི་རིག་སྔགས་སོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་མཉམ་པ་དང་མཉམ་པའི་རིག་སྔགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟན་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡོད་པ་ཡིན། ཚད་མེད་པ་བཞི་དང༌། བསམ་


DTG083_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཡོད་པ་ཡིན། རྣམ་པར་ཐར་པའི་སྒོ་གསུམ་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། མངོན་པར་ཤེས་པ་དྲུག་དང༌། ཆོས་ཀྱི་དབྱིངས་དང༌། ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། མིག་ལྔ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཡོད་ན་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་རྣམས་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞིན་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཆོས་ཀྱི་དབྱིངས་དང༌། ཡང་དག་པའི་མཐའ་དང༌།


DTG083_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། མིག་ལྔ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཉིད་དང༌། དགྲ་བཅོམ་པ་དང༌། རང་བྱང་ཆུབ་དང༌། རང་སངས་རྒྱས་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན་ནོ། །ཀཽ་ཤི་ཀ་འདི་ལྟར་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་ལ་བརྟེན་ནས། སྨན་དང་སྐར་མའི་ཚོགས་ཐམས་ཅད་འོད་འབྱིན་པར་བྱེད་དོ། །ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཟླ་བའི་དཀྱིལ་འཁོར་ལ་བརྟེན་ནས་དགེ་བ་བཅུའི་ལས་ཀྱི་ལམ་དང༌། དགེ་བའི་སྤྱོད་པ་དང༌། ཡང་དག་པའི་སྤྱོད་པ་ཐམས་ཅད་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པར་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། མངོན་པར་ཤེས་པ་དྲུག་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། སྟོང་པ་ཉིད་ཐམས་ཅད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་ཀྱི་སྨན་འོད་འབྱིན་པར་བྱེད་དོ། །སྟོབས་བཅུ་དང། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སྨན་འོང་འབྱིན་པར་བྱེད་དོ། །སློབ་པ་དང་མི་སློབ་པ་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་སྐར་ཐམས་ཅད་དང༌། སྐར་མ་ཐམས་ཅད་ཀྱང་གདགས་སུ་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གདགས་སུ་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདགས་སུ་ཡོད་པར་འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་སངས་རྒྱས་པ་དེའི་ཚེ་ན་ཡང་བྱང་ཆུབ་སེམས་དཔའ་


DTG083_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་རྣམས་སེམས་ཅན་རྣམས་ལ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་ལྷའི་ཐེག་པ་དང༌། མིའི་ཐེག་པ་དང༌། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོ་རྣམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐབས་ལ་མཁས་པ་གང་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་ཐམས་ཅད་སྒོམ་པར་བྱེད་དོ། །ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པར་བྱེད་དོ། །གཟུངས་ཀྱི་སྒོ་ཐམས་ཅད་ཐོབ་པར་བྱེད་དོ། །ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཆུ་ཙ་བདུན་སྒོམ་པར་བྱེད་དོ། །འཕགས་པའི་བདེན་པ་རྣམས་སྒོམ་པར་བྱེད་དོ། །རྣམ་པར་ཐར་པ་བརྒྱད་སྒོམ་པར་བྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རབ་ཏུ་འཐོབ་པར་བྱེད་དོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་པར་བྱེད་དོ། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱིས་མངོན་དུ་མི་བྱེད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བ་དེ་ནི་ཚེ་འདིའི་ཡོན་ཏན་འདི་དག་དང་ཡང་ལྡན་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་


DTG083_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར་བ་དང༌། འཆང་བར་འགྱུར་བ་དང༌། ཀློག་པར་འགྱུར་བ་དང༌། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བ་དེའི་ཚེ་འདིའི་ཡོན་ཏན་ཇི་ཙམ་དང་ལྡན་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་དུག་གིས་དུས་བྱེད་པར་མི་འགྱུར་རོ། །མཚོན་གྱིས་དུས་བྱེད་པར་མི་འགྱུར་རོ། །མེས་དུས་བྱེད་པར་མི་འགྱུར་རོ། །ཆུས་དུས་བྱེད་པར་མི་འགྱུར་རོ། །ནད་ཀྱི་བར་གྱིས་ཀྱང་དུས་བྱེད་པར་མི་འགྱུར་རོ། །རྒྱལ་རིགས་ཀྱི་ཉེ་བར་འཚེ་བ་འབྱུང་བར་མི་འགྱུར་རོ། །གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་བྱེད་ཅིང་རྒྱལ་རིགས་ཀྱི་ནང་དུ་སོང་ན་དེ་ལ་གླགས་ལྟ་བ་དང༌། གླགས་ཚོལ་བ་དེ་དག་གིས་གླགས་མི་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱི་གཟི་བརྗིད་ཡིན་པའི་ཕྱིར་རོ། །གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་བྱེད་ཅིང་རྒྱལ་པོའི་ཕོ་བྲང་གི་འཁོར་དུ་སོང་ན་དེ་ལ་རྒྱལ་པོའམ། རྒྱལ་པོའི་བུའམ། བློན་པོའམ། བློན་པོ་ཆེན་པོ་དག་ཀྱང༌། སྔོན་ལ་གཏམ་འདྲི་བ་དང༌། གཏམ་བྱ་བར་སེམས་ཤིང་ཟིལ་གྱིས་གནོན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱམས་པའི་སེམས་དང༌། སྙིང་རྗེའི་སེམས་དང༌། དགའ་བའི་སེམས་དང༌། བཏང་སྙོམས་ཀྱི་སེམས་ཉེ་བར་བཞག་པར་གྱུར་པའི་ཕྱིར་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར་བ་དང༌། འཆང་བར་འགྱུར་བ་དང༌། ཀློག་པར་འགྱུར་བ་དང༌། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བ་ནི་ཚེ་འདིའི་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར་བ་དང༌། འཆང་བར་འགྱུར་བ་དང༌། ཀློག་པར་འགྱུར་བ་དང༌། ཀུན་ཆུབ་བར་བྱེད་པར་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བ་དེ་དག་ནི་ཚེ་


DTG083_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རབས་གཞན་གྱི་ཡོན་ཏན་གང་དང་ལྡན་པར་འགྱུར་ཞེ་ན། འདི་ལྟ་སྟེ། ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་དང་འབྲལ་བར་མི་འགྱུར་ཏེ། ཚང་མེད་པ་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། སྟོབས་བཅུ་པོ་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མཚན་དང་དཔེ་བྱད་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་གྱི་དབང་མ་གཏོགས་པར་ནམ་ཡང་སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་མི་འགྱུར། དེ་ནམ་ཡང་དབང་པོ་མ་ཚད་བར་མི་འགྱུར་རོ། །ནམ་ཡང་ཡན་ལག་མ་ཚད་བར་མི་འགྱུར་རོ། །ནམ་ཡང་དབུལ་པོའི་རིགས་སུ་མི་སྐྱེའོ། །སྨྱིག་མ་མཁན་གྱི་རིགས་སུ་མི་སྐྱེའོ། །སྨེ་ཤ་ཅན་གྱི་རིགས་སུ་མི་སྐྱེའོ། །མགར་བའི་རིགས་སུ་མི་སྐྱེའོ། །གདོལ་པའམ། ཕག་བསོད་བའི་རིགས་སུ་མི་སྐྱེའོ། །དམན་པའི་རིགས་སུ་མི་སྐྱེའོ། །རྒྱལ་རིགས་སཱ་ལ་ཆེན་པོ་དང༌། བྲམ་ཟེའི་རིགས་སཱ་ལ་ཆེན་པོ་དང༌། ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་རྣམས་སུའང་གོང་ནས་གོང་དུ་སྐྱེ་བར་འགྱུར་རོ། །རྟག་ཏུ་རྒྱུན་ནི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ལེགས་པར་བརྒྱན་པའི་ལུས་དང་ལྡན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་བ་དེ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་པདྨ་ལས་རྫུས་ཤིང་སྐྱེ་བར་འགྱུར་རོ། །ནམ་ཡང་མངོན་པར་ཤེས་པ་དང་འབྲལ་བར་མི་འགྱུར་རོ། །དེ་འདོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་


DTG083_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བཀུར་བྱ་བ་དང༌། ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། དེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མ་བྲལ་པར་བྱའོ། །དེ་དག་ནི་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཚེ་འདིའི་ཡོན་ཏན་དང༌། ཚེ་རབས་གཞན་གྱི་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ། །དེ་ནས་མུ་སྟེགས་ཅན་གཞན་ཀུན་ཏུ་རྒྱུ་བ་བརྒྱ་ཙམ་ཞིག་ཀླན་ཀ་ཚོལ་བའི་བསམ་པས་བཅོམ་ལྡན་འདས་ག་ལ་བ་དེར་འོང་བར་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། མུ་སྟེགས་ཅན་གཞན་ཀུན་ཏུ་རྒྱུ་བ་བརྒྱ་པོ་འདི་དག་ཀླན་ཀ་ཚོལ་བའི་བསམ་པས་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཀྱི་བདག་གིས་ཅི་ནས་ཀྱང་མུ་སྟེགས་ཅན་གཞན་ཀུན་ཏུ་རྒྱུ་བ་བརྒྱ་པོ་འདི་དག་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་ནས་བར་ཆད་བྱེད་པར་མི་འགྱུར་བར་བདག་གིས་བཅོམ་ལྡན་འདས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཇི་སྙེད་ཅིག་གཟུང་བ་དེ་དག་ཁ་ཏོན་དུ་བྱས་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ལ་བར་ཆད་དུ་མི་འགྱུར་རོ་ཞེས་བསམས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྙེད་ཅིག་གཟུང་བ་དེ་དག་ཁ་ཏོན་དུ་བྱས་སོ། །དེ་ནས་མུ་སྟེགས་ཅན་གཞན་ཀུན་ཏུ་རྒྱུ་བ་དེ་དག་རྒྱང་རིང་བ་བས་ཀྱང་ཆེས་རིང་བ་ནས་བཅོམ་ལྡན་འདས་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ལམ་དེ་ཉིད་དང་སྒོ་དེ་ཉིད་ནས་ཕྱིར་ལྡོག་སྟེ་དོང་ངོ༌། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་དེ་ལྟར་མུ་སྟེགས་ཅན་གཞན་ཀུན་ཏུ་རྒྱུ་བ་དེ་དག་རྒྱང་རིང་བ་བས་ཀྱང་ཆེས་རིང་བ་ནས་བཅོམ་ལྡན་འདས་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ལམ་དེ་ཉིད་ལས་ཕྱིར་ལོག་སྟེ་དོང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་


DTG083_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་བུའི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསམས་ཏེ། དེའི་ཕྱིར་མུ་སྟེགས་ཅན་གཞན་ཀུན་ཏུ་རྒྱུ་བ་དེ་དག་རྒྱང་རིང་བ་བས་ཀྱང་ཆེས་རིང་བ་ནས་ང་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ལམ་དེ་ཉིད་དང༌། སྒོ་དེ་ཉིད་ནས་ཕྱིར་ལོག་སྟེ་དོང་ངོ༌། །ཤཱ་རིའི་བུ་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་འདི་རྣམས་ལས་འགའ་ཙམ་ཡང་དཀར་བོའི་སེམས་དང་ལྡན་པ་མ་མཐོང་སྟེ། མུ་སྟེགས་ཅན་གཞན་ཀུན་ཏུ་རྒྱུ་བ་དེ་དག་ཐམས་ཅད་ནི་གནོད་པར་བྱ་བའི་སེམས་དང་ལྡན་པ་ཀླན་ཀ་ཚོལ་བའི་བསམ་པ་ཅན་ཤ་སྟག་གོ །ཤཱ་རིའི་བུ་འཁོར་འདིར་འོང་བར་སེམས་པ་འཇིག་རྟེན་ལྷ་དང་བཅས་པ་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་འདི་དག་ཐམས་ཅད་ཀྱི་ནང་ན་ཡང་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བསྟན་པའི་ཚེ། ཞེ་སྡང་བའི་སེམས་སམ། ཀླན་ཀ་ཚོལ་བའི་བསམ་པས་ཉེ་བར་འོང་བ་མ་མཐོང་སྟེ་དེ་དག་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་དང༌། སུམ་ཅུ་རྩ་གསུམ་པ་རྣམས་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་འཁོར་དང༌། འོག་མིན་གྱི་བར་གྱི་ལྷའི་བུ་གང་ཇི་སྙེད་ཅིག་ཡོད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་གང་ཇི་སྙེད་ཅིག་ཡོད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་ཕྱོགས་རེ་རེའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་


DTG083_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དང། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་ཡིན་པའི་ཕྱིར་རོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཁོར་བཞི་པོ་འདི་དག་ཀྱང་མངོན་དུ་གྱུར། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་ལྷའི་བུ་འདི་དག་ཀྱང་མངོན་དུ་གྱུར་ནས་གནས་པས་འདིར་ནི་གདོན་མི་ཟ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་གྱིས། དེ་ལ་བདག་གིས་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ལ་མིག་གིས་མི་རྩོལ་བར་བྱའོ་སྙམ་མོ། །དེ་ནས་བདུད་སྡིག་ཅན་གྱི་དཔུང་གི་ཚོགས་ཡན་ལག་བཞི་པ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ག་ལ་བ་དེར་འགྲོ་འདོད་པར་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདུད་སྡིག་ཏོ་ཅན་དཔུང་གི་ཚོགས་ཡན་ལག་བཞི་པ་མངོན་པར་སྤྲུལ་ཅིང་བཅོམ་ལྡན་འདས་ག་ལ་བ་དེར་འགྲོ་བར་འདོད་ལ། བདུད་སྡིག་ཏོ་ཅན་གྱི་དཔུང་གི་ཚོགས་ཡན་ལག་བཞི་བའི་ཚུལ་རྣམ་པར་བཀོད་པ་འདི་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་དཔུང་གི་ཚོགས་ཡན་ལག་བཞི་པའི་བཀོད་པས་ཀྱང་དེ་ཙམ་མི་ཕོད། རྒྱལ་པོ་སྡེ་རབ་ཏུ་ཕ་མ་བྱེད་ཀྱི་དཔུང་གི་ཚོགས་ཡན་ལག་བཞི་པའི་བཀོད་པས་ཀྱང་དེ་ཙམ་མི་ཕོད། ཤཱཀྱ་རྣམས་ཀྱི་དཔུང་གི་ཚོགས་ཡན་ལག་བཞི་བའི་བཀོད་པས་ཀྱང་དེ་ཙམ་མི་ཕོད། ལི་ཙྪ་བཱི་རྣམས་ཀྱི་དཔུང་གི་ཚོགས་ཡན་ལག་བཞིའི་བཀོད་པས་ཀྱང་དེ་ཙམ་མི་ཕོད་དེ། བདུད་སྡིག་ཅན་གྱི་དབུང་གི་ཚོགས་ཡན་ལག་བཞི་པ་གང་ཡིན་པ་འདི་ནི་བདུད་སྡིག་ཅན་གྱིས་མངོན་པར་སྤྲུལ་ཏེ། བདུད་སྡིག་ཏོ་ཅན་འདི་ནི་ཡུན་རིང་པོ་ནས་བཅོམ་ལྡན་འདས་ལ་གླགས་ལྟ་ཞིང་གླགས་ཚོལ་ལ་སེམས་ཅན་རྣམས་ལ་ཡང་འཚེ་བའི་བསམ་པ་ཅན་ཡིན་ནོ། །བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དྲན་པས་བསམ་པར་བྱའོ་གདོན་པར་བྱའོ་སྙམ་མོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


DTG083_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དྲན་པས་ཡང་དག་པར་བསམས་ཏེ་གསལ་བར་སྟོན་པར་གྱུར་ཏོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཇི་ལྟ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དྲན་པས་བསམས་ཤིང་གསལ་བར་བརྗོད་པ་དེ་ལྟ་དེ་ལྟར་བདུད་སྡིག་ཏོ་ཅན་དེ་དག་ལམ་དེ་ཉིད་དང༌། སྒོ་དེ་ཉིད་ནས་སླར་ལོག་སྟེ་སོང་བར་གྱུར་ཏོ། །དེ་ནས་འཁོར་དེ་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང༌། འོག་མིན་གྱི་བར་གྱི་ལྷའི་བུ་ཇི་སྙེད་ཅིག་འཁོད་པ་དེ་དག་གིས་ལྷ་རྫས་ཀྱི་མེ་ཏོག་མང་པོ་མངོན་པར་སྤྲུལ་ནས་མདུན་གྱི་ནམ་མཁའ་ལ་འཁོད་བཞིན་དུ་བཅོམ་ལྡན་འདས་ག་ལ་བ་དེར་གཏོར་ཏོ། །མངོན་པར་གཏོར་ནས་ཚིག་འདི་སྐད་དུ་བརྗོད་དོ། །འཛམ་བུའི་གླིང་གི་མི་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུན་རིང་པོར་དར་བར་གྱུར་ཅིག །འཛམ་བུའི་གླིང་གི་མི་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྲིད་དར་བར་གྱུར་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནུབ་པར་མི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་པོར་གནས་པར་འགྱུར་ཏེ། །དགེ་འདུན་ཡང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང༌། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཁྱད་པར་དུ་འཕགས་པ་ཡང་ཡོད་པར་འགྱུར་རོ། །ཕྱོགས་ཀྱི་ཆ་གང་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཆང་བར་འགྱུར། ཀློག་པར་འགྱུར། བྲིས་ཤིང་གླེགས་བམ་དུ་བྱས་ནས་ཀྱང་འཇོག་པར་འགྱུར་ཞིང་གང་དང་གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དར་བར་འགྱུར་བའི་ཕྱོགས་དེ་དག་ནི་སྣང་བ་དང་ལྡན་པར་འགྱུར་རོ། །ཕྱོགས་དེ་ནི་མགོན་དང་བཅས་ཤིང་མུན་པ་དང་བྲལ་བར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཕྱོགས་གང་དང་གང་གི་འཇིག་རྟེན་གྱི་ཁམས་རྣམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཤིང་དར་བར་འགྱུར་བའི་ཕྱོགས་དེ་ནི་སྣང་བ་དང་ལྡན་པར་འགྱུར་རོ། །ཕྱོགས་དེ་ནི་མགོན་དང་བཅས་ཤིང་མུན་པ་དང་བྲལ་བར་འགྱུར་རོ། །དེ་


DTG083_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྷའི་བུ་དེ་དག་གིས་ལྷ་རྫས་ཀྱི་མེ་ཏོག་མང་པོ་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་གང་ན་བ་དེར་མངོན་པར་གཏོར་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བགྱིད་པར་འགྱུར་ཞིང་ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་བ་དེ་ལ་བདུད་དམ། བདུད་ཀྱི་རིས་སུ་གཏོགས་པའི་ལྷའི་བུ་རྣམས་ཀྱིས་གླགས་མི་རྙེད་དོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་ཡང་རྒྱུན་མི་འཆད་པར་བསྲུང་བ་དང་བསྐྱབ་པར་བགྱིའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བགྱིད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་བ་དེ་ནི་སྟོན་པ་བཅོམ་ལྡན་འདས་སུ་བདག་ཅག་སེམས་ལགས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བགྱིད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་བ་དེ་དག་ནི་དགེ་བའི་རྩ་བ་དམན་པ་དང་ལྡན་པར་འགྱུར་བ་མ་ལགས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བགྱིད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་བ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པར་འགྱུར་རོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བགྱིད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་བ་དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བགྱིས་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདི་ལྟ་སྟེ།


DTG083_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བྱུང་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ལགས་ཏེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པར་བརྗོད་དོ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆུང་དུའི་འབྲིང་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡོངས་སུ་བསྒྲགས་པ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡོངས་སུ་བསྒྲགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡོངས་སུ་བསྒྲགས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མིང་ཡང་ཡོངས་སུ་བསྒྲགས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྔོན་དུ་འགྲོ་ཞིང་འདྲེན་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་རྣམས་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྔོན་དུ་འགྲོ་ཞིང་འདྲེན་པའོ། །རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་


DTG083_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང། མངོན་པར་ཤེས་པ་དྲུག་པོ་རྣམས་ཀྱི་སྔོན་དུ་འགྲོ་ཞིང་འདྲེན་པའོ། །སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་རྣམས་ཀྱི་ཡང་སྔོན་དུ་འགྲོ་ཞིང་འདྲེན་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་གི་སྔོན་དུ་འགྲོ་ཞིང་འདྲེན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་འདྲེན་པའོ། །ཀུན་དགའ་པོ་དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བམ། ཀུན་དགའ་པོ་དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཚུལ་ཁྲིམས་དང༌། ཡོངས་སུ་མ་བསྔོས་པའི་བཟོད་པ་དང༌། ཡོངས་སུ་མ་བསྔོས་པའི་བརྩོན་འགྲུས་དང༌། ཡོངས་སུ་མ་བསྔོས་པའི་བསམ་གཏན་དང༌། ཡོངས་སུ་མ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གཉིས་སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ། །མི་སྐྱེ་བའི་ཚུལ་དང༌། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་བའི་སྦྱིན་པ་དང༌། ཤེས་རབ་ཀྱི་བར་གྱི་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པོ། །ཀུན་དགའ་བོས་གསོལ་པ། །བཅོམ་ལྡན་འདས་ཇི་ལྟར་ན་གཉིས་སུ་མ་མཆིས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་


DTG083_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པས་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པ་ལགས། དེ་བཞིན་དུ་བཅོམ་ལྡན་འདས་ཇི་ལྟར་ན་གཉིས་སུམ་མཆིས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གཟུགས་ཀྱི་གཉིས་སུ་མེད་པའི་ཚུལ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་དང༌། བྱང་ཆུབ་ཀྱི་བར་གྱི་གཉིས་སུ་མེད་པའི་ཚུལ་གྱིས་སོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཀྱི་གཉིས་སུ་མ་མཆིས་པའི་ཚུལ་གྱིས་དང༌། ཇི་ལྟར་ན་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་གཉིས་སུ་མ་མཆིས་པའི་ཚུལ་གྱིས་དང༌། ཇི་ལྟར་བྱང་ཆུབ་ཀྱི་བར་གྱི་གཉིས་སུ་མ་མཆིས་པའི་ཚུལ་གྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཚོར་བ་ནི་ཚོར་བས་སྟོང་ངོ༌། །འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་ངོ༌། །འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ཀྱིས་སྟོང་ངོ༌། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ན་འདི་ལྟར་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དག་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་བར་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཐོག་མར་འགྲོ་ཞིང་འདྲེན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུགས་ཀྱི་སྒོ་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། མངོན་པར་ཤེས་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་


DTG083_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། བྱང་ཆུབ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཐོག་མར་འགྲོ་ཞིང་འདྲེན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་ལ་ས་བོན་བཏབ་པ་རྒྱུ་རྐྱེན་ཚོགས་པའི་དབང་གིས་འཕེལ་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། མངོན་པར་ཤེས་པ་དྲུག་དང༌། གཟུངས་ཀྱི་སྒོ་རྣམས་རྣམ་པར་འཕེལ་ལོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་བ་ཉིད་ལ་བརྟེན་ཅིང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམ་པར་འཕེལ་ལོ། །ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཡོངས་སུ་འདྲེན་པའོ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ཡིན་ནོ།། །།བམ་པོ་སུམ་ཅུ་གཉིས་པ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་


DTG083_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བགྱིད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེས་ཡོན་ཏན་ཇི་སྙེད་ཅིག་ཡོངས་སུ་འཛིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་བསྒྲགས་པ་མ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་ཞིང་བཅངས་པ་དང༌། བཀླགས་པ་དང༌། ཀུན་ཆུབ་པར་བགྱིས་པ་དང༌། ཚུལ་བཞིན་དུ་ཡིད་ལ་བགྱིས་པས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མེད་པ་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། མངོན་པར་ཤེས་པ་དྲུག་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་དང་བཅངས་པ་དང༌། བཀླགས་པ་དང༌། ཀུན་ཆུབ་པར་བགྱིས་པ་དང༌། ཚུལ་བཞིན་དུ་ཡིད་ལ་བགྱིས་པས་རྒྱལ་རིགས་སཱ་ལ་ཆེན་པོ་རྣམས་གདགས་སོ། །བྲམ་ཟེའི་རིགས་སཱ་ལ་ཆེན་པོ་རྣམས་གདགས་སོ། །ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་རྣམས་གདགས་སོ། །རྒྱལ་ཆེན་བཞིའི་ལྷ་རྣམས་དང༌། འོག་མིན་གྱི་བར་གྱི་ལྷ་རྣམས་གདགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་བ་དང༌། བཅངས་པ་དང༌། བཀླགས་པ་དང༌། ཀུན་ཆུབ་པར་བགྱིས་པ་དང༌། ཚུལ་བཞིན་དུ་ཡིད་ལ་བགྱིས་པས་ནི་རྒྱུན་དུ་ཞུགས་པ་རྣམས་གདགས་སོ། །ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་རྣམས་གདགས་སོ། །རང་སངས་རྒྱས་རྣམས་གདགས་སོ། །བྱང་ཆུབ་སེམས་དཔའ་རྣམས་གདགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང༌། བཅངས་པ་དང༌། བཀླགས་པ་


DTG083_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཀུན་ཆུབ་པར་བགྱིས་པ་དང༌། ཚུལ་བཞིན་དུ་ཡིད་ལ་བགྱིས་པས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཇིག་རྟེན་དུ་གདགས་སོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང༌། བཅངས་པ་དང༌། བཀླགས་པ་དང༌། ཀུན་ཆུབ་པར་བྱས་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱས་པ་ནི་དེའི་ཡོན་ཏན་ནི་དེར་ཟད་པར་ཡང་མ་བཤད་དོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པར་འགྱུར་བ་དེ་དག་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མ་བྲལ་བར་བྱེད་པར་འགྱུར་བ་དེ་དག་ནི་ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཞིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པར་འགྱུར་བ་དེ་དག་ནི་དེ་བཞིན་གཤེགས་བའི་སྐུར་རིག་པར་བྱའོ། །ཀཽ་ཤི་ཀ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང༌། རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་ཤེས་རབ་


DTG083_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་གང་ཡིན་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལས། ཀཽ་ཤི་ཀ་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་འདི་ལ་ནི་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། །སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་།བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང༌། བགྲང་བར་ཡང༌། དཔེར་ཡང༌། རྒྱུར་ཡང་ཉེ་བར་བསྟན་པར་ཡང་ཉེ་བར་མི་འགྲོའོ། །རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ལས་སེམས་རྣམ་པར་གྲོལ་ཡང་ཆོས་དང༌། རྟོགས་པ་དང༌། ཡོངས་སུ་ཤེས་པ་གང་ཡང་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། བསྟི་སྟང་དུ་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར་བ་དེ་དག་གིས་ཀྱང་ཚེ་འདི་ཉིད་དང༌། ཚེ་རབས་ཕྱི་མ་ལ་ཡོན་ཏན་འདི་དག་འདོད་པར་བྱའོ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར་བ་དང༌། འཆང་བར་འགྱུར་བ་དང༌། ཀློག་པར་འགྱུར་བ་དང༌། ཀུན་ཆུབ་པར་བགྱིད་པར་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བགྱིད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌།


DTG083_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་བགྱིད་པར་འགྱུར་བ་དང༌། བླ་མར་བགྱིད་པར་འགྱུར་བ་དང༌། བསྟི་སྟང་དུ་བགྱིད་པར་འགྱུར་བ་དང༌། མཆོད་པར་བགྱིད་པར་འགྱུར་བ་དེ་ལ་ནི་བདག་གིས་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་བྱའོ། །དེ་སྐད་ཅེས་གསོལ་པ་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་རྣམས་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་བྱེད་པའི་ཚེ། ལྷའི་བུ་བརྒྱ་སྟོང་མང་པོ་ཆོས་ཉན་པའི་ཕྱིར་ཉེ་བར་འོང་བར་འགྱུར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པ་དེ་རྣམས་ལ་ཡང་ལྷའི་བུ་དེ་དག་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་སོ། །གང་གི་ཚེ་ཆོས་སྨྲ་བ་དེ་དག་སྨྲ་བར་མི་འདོད་པར་འགྱུར་བ་དེའི་ཚེ་ཡང་ལྷའི་བུ་དེ་དག་ཆོས་ལ་གུས་པས་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་སོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར་བ་དང༌། འཆང་བར་འགྱུར་བ་དང༌། ཀློག་པར་འགྱུར་བ་དང༌། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བ་དང༌། དེ་དྲིས་ཤིང་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་བྱེད་པར་འགྱུར་བ་དང༌། བླ་མར་བྱེད་པར་འགྱུར་བ་དང༌། བསྟི་སྟང་དུ་བྱེད་པར་འགྱུར་བ་དང། མཆོད་པར་བྱེད་པར་འགྱུར་བ་དེ་དག་གིས་ཚེ་འདིའི་ཡོན་ཏན་འདི་ཡང་ཡོངས་སུ་འཛིན་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པའི་ཚེ། བདག་ལ་ཀླན་ཀ་ཚོལ་བའི་བསམ་པས་འགའ་ཞིག་རྒོལ་ན་མི་རུང་ངོ་སྙམ་དུ་འཁོར་བཞིའི་མདུན་དུ་སེམས་ཞུམ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་བྱེད་པར་འགྱུར་བའི་ཕྱིར་ཏེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཇིག་


DTG083_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཐུན་མོང་པ་དང༌། ཐུན་མོང་མ་ཡིན་པ་དང༌། དགེ་བ་དང༌། མི་དགེ་བ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཉན་ཐོས་ཀྱི་ཆོས་དང༌། རང་སངས་རྒྱས་ཀྱི་ཆོས་དང༌། བྱང་ཆུབ་སེམས་དཔའི་ཆོས་དང༌། སངས་རྒྱས་ཀྱི་ཆོས་དང༌། ཆོས་ཐམས་ཅད་ཐ་མི་དད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཡང་ན་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གནས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཀླན་ཀ་ཚོལ་བ་གང་ཡིན་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང༌། ཀླན་ཀ་ཚོལ་བར་བྱེད་པ་གང་ཡིན་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང༌། གང་ལ་ཀླན་ཀ་བཙལ་བར་བྱ་བ་གང་ཡིན་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཟུང་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་རྣམས་ལ་རྒོལ་བ་གང་ཡང་མི་འབྱུང་ངོ༌། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་བྱེད་པ་དང༌། འཆང་བར་བྱེད་པ་དང༌། ཀློག་པར་བྱེད་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེའི་སེམས་མི་ཞུམ། ཡོངས་སུ་མི་ཞུམ། མི་དངང༌། ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་གང་ཞུམ་པར་འགྱུར་བའམ། ཡོངས་སུ་ཞུམ་པར་འགྱུར་བའམ། དངང་བར་འགྱུར་བའམ། ཀུན་ཏུ་སྐྲག་པར་འགྱུར་བའམ། ཀུན་ཏུ་སྐྲག་པ་དང་ལྡན་པར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར་བ་དང༌། འཆང་བར་འགྱུར་བ་དང༌། ཀློག་པར་འགྱུར་བ་དང༌། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཞིང་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་བ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་བྱེད་པར་འགྱུར་བ་དང༌། བླ་མར་བྱེད་པར་འགྱུར་བ་དང༌། བསྟི་སྟང་དུ་བྱེད་པར་འགྱུར་བ་དང༌། མཆོད་པར་བྱེད་པར་འགྱུར་བ་དེ་


DTG083_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ཚེ་འདིའི་ཡོན་ཏན་འདི་དག་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་འབྲིང་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར་བ་དང༌། འཆང་བར་འགྱུར་བ་དང༌། ཀློག་པར་འགྱུར་བ་དང༌། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བ་དང༌། བྲིས་ཤིང་དེ་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པར་འགྱུར་བ་དང༌། བླ་མར་བྱེད་པར་འགྱུར་བ་དང༌། བསྟི་སྟང་དུ་བྱེད་པར་འགྱུར་བ་དང༌། མཆོད་པར་བྱེད་པར་འགྱུར་བ་དེ་ལ་ཕ་དང་མ་དང༌། གཉེན་བཤེས་དང༌། བློན་པོ་དང་ཉེ་དུ་དང༌། སྣག་གི་གཉེན་མཚམས་དང༌། དགེ་སྦྱོང་དང༌། བྲམ་ཟེ་རྣམས་དགའ་བར་འགྱུར་རོ། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། རང་སངས་རྒྱས་དང༌། དགྲ་བཅོམ་པ་དང༌། སློབ་པ་དང༌། མི་སློབ་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་དགའ་བར་འགྱུར་རོ། །འཇིག་རྟེན་ལྷ་དང་བཅས་པ་དང༌། བདུད་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང༌། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུ་རྣམས་ཀྱི་ཡང་ཡིད་དུ་འོང་བར་འགྱུར་རོ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོ་ཡིན་ནོ། །སྤོབས་པ་མི་འཕྲོགས་པ་དང་ལྡན་པར་འགྱུར་བ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་འཕྲོགས་པ་དང་ལྡན་པར་འགྱུར་བ་ཡིན། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འཕྲོགས་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་འཕྲོགས་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འཕྲོགས་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་འཕྲོགས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འཕྲོགས་པ་དང་ལྡན་པར་འགྱུར་བ་ཡིན། ནང་སྟོང་པ་ཉིད་མི་འཕྲོགས་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་མི་འཕྲོགས་པ་དང་ལྡན་པར་འགྱུར་བ་ཡིན། དྲན་བ་ཉེ་བར་གཞག་པ་མི་འཕྲོགས་པ་དང་ལྡན་པར་འགྱུར་བ་ཡིན། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་


DTG083_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་མི་འཕྲོགས་པ་དང་ལྡན་པར་འགྱུར་བ་ཡིན། འཕགས་པའི་བདེན་པ་མི་འཕྲོགས་པ་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟིགས་།མེད་པའི་སྙོམས་པར་འཇུག་པ་རྣམས་མི་འཕྲོགས་པ་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་བའི་སྙོམས་བར་འཇུག་པ་དགུ་དང༌། མངོན་པར་ཤེས་པ་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་ཐམས་ཅད་མི་འཕྲོགས་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་འཕྲོགས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་འཕྲོགས་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་མི་འཕྲོགས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་འཕྲོགས་པ་དང་ལྡན་པར་འགྱུར་བ་དང་རབ་ཏུ་འཐོབ་པར་འགྱུར་བ་ཡིན་ནོ། །མུ་སྟེགས་ཅན་ཕ་རོལ་པོའི་རྒོལ་བ་སྐྱེས་ཤིང་བྱུང་བ་ལ་ཡང་ཆོས་དང་མཐུན་པར་ཚར་བཅད་པའི་མཐུ་ཡོད་པར་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར་བ་དང༌། འཆང་བར་འགྱུར་བ་དང༌། ཀློག་པར་འགྱུར་བ་དང༌། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མ་བྲལ་བར་བྱེད་པར་འགྱུར་ལ་དེ་བྲིས་ཤིང་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་བྱེད་པར་འགྱུར་བ་དང༌། བླ་མར་བྱེད་པར་འགྱུར་བ་དང༌། བསྟི་སྟང་དུ་བྱེད་པར་འགྱུར་བ་དང༌། མཆོད་པར་བྱེད་པར་འགྱུར་བ་དེས་ཚེ་འདིའི་ཡོན་ཏན་འདི་དག་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར་བ་དེར་སྟོང་གསུམ་གྱི་སྟོང་


DTG083_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་དེར་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཕྱག་བྱེད་པར་འགྱུར། འདུད་པར་འགྱུར། ཕྱག་བྱས་འདུད་པ་བྱས་ནས་ཕྱིར་འོང་བར་འགྱུར་རོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་འཁོར་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་འཕེལ་དང༌། འབྲས་བུ་ཆེ་བའི་ལྷའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ཀྱང་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་བྱས། ཀུན་ཆུབ་པར་བྱས། བཅངས། བཀླགས་ཏེ། ཕྱག་བྱས་ཤིང་ཕྱིར་འདོད་བར་སེམས་སོ། །གནས་གཙང་མའི་རིས་མི་སྤོང་བ་དང་མི་གདུང་བ་དང་ལེགས་མཐོང་དང་རབ་ལྟ་དང༌། འོག་མིན་གྱི་ལྷའི་བུ་དེ་དག་ཀྱང་དེར་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་བྱས། ཀུན་ཆུབ་པར་བྱས། བཅངས། བཀླགས་ཏེ། ཕྱག་བྱས་ཤིང་ཕྱིར་འདོང་བར་སེམས་སོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་ཇི་སྙེད་ཡོད་པ་དང༌། འབྲས་བུ་ཆེ་བའི་བར་གྱི་ལྷའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཇི་སྙེད་ཡོད་པ་དང༌། གནས་གཙང་མའི་རིས་ཀྱི་ལྷའི་བུ་ཇི་སྙེད་ཡོད་པ་དང༌། གཞན་ཡང་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་ཇི་སྙེད་ཡོད་པ་དེ་དག་ཀྱང་དེར་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང༌། ཀུན་ཆུབ་པར་བྱས་པ་དང༌། བཅངས་པ་དང༌། བཀླགས་པ་དང༌། མཆོད་པ་དང༌། ཕྱག་བྱས་ཤིང་ཕྱིར་འགྲོ་བ་དེ་དག་ལ་ཡང་ཆོས་ཀྱི་སྦྱིན་པ་འདི་བྱིན་པ་འདི་བྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱའོ། །ཕྱོགས་


DTG083_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཇི་སྙེད་ཡོད་པ་དེ་རྣམས་དང༌། གནས་གཙང་མའི་རིས་ཀྱི་ལྷའི་བུ་ཇི་སྙེད་ཡོད་པ་དེ་དག་ཀྱང་དེར་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་བྱས། བཅང་བར་བྱས། བཀླག་པར་བྱས། ཀུན་ཆུབ་པར་བྱས། མཆོད་པར་བྱས་ཤིང་ཕྱག་བྱས་ཏེ། འདུད་པར་བྱས་ནས་ཕྱིར་དོང་ངོ༌། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། འོག་མིན་གྱི་བར་གྱི་ལྷའི་བུ་ཇི་སྙེད་ཡོད་པ་དེ་དག་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང༌། འོག་མིན་གྱི་བར་གྱི་ལྷའི་བུ་ཇི་སྙེད་ཡོད་པ་དེ་དག་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་བྱེད་དོ། །དེ་ལ་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་གླགས་ལྟ་བ་དང༌། ཀླན་ཀ་ཚོལ་བ་རྣམས་ཀྱིས་གླགས་མི་རྙེད་དོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཚེ་འདི་ལ་ཡོན་ཏན་དེ་ལྟ་བུ་དག་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལྷའི་བུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ཀྱང་དེར་འོང་བར་བྱ་བར་སེམས་ཏེ། ཀཽ་ཤི་ཀ་འདི་ལྟར་ལྷའི་བུ་དེ་དག་གིས་སེམས་ཅན་ཐམས་ཅད་བསྐྱབ་པ་དང༌། ཕན་པ་དང༌། བདེ་བའི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་འདིར་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བའམ། བཅངས་པའམ། བཀླགས་པའམ། ཀུན་ཆུབ་པར་བྱས་པའམ། རིམ་གྲོར་བྱས་པའམ། བླ་མར་བྱས་པའམ། བསྟི་སྟང་དུ་བྱས་པའམ། མཆོད་པར་བྱ་བའི་ཕྱིར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་མཆིས་པ་དང༌། འོག་མིན་གྱི་བར་གྱི་ལྷའི་བུ་དག་འདིར་མཆིས་སོ་ཞེས་བགྱི་བ་ཇི་ལྟར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་


DTG083_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དང། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་སྣང་བ་ཆེན་པོ་དག་མཐོང་བ་དེས་འདིས་ལྷ་མཐུ་ཆེན་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀླགས་པ་དང༌། གཟུང་བ་དང༌། ཀུན་ཆུབ་པར་བྱ་བ་དང། བཅང་བར་བྱ་བ་དང༌། རིམ་གྲོར་བྱ་བ་དང༌། བླ་མར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱ་བ་དང༌། འདུད་པར་བྱ་བ་དང༌། ཕྱག་བྱ་བའི་ཕྱིར་ལྷགས་སོ་ཞེས་བྱ་བར་ངེས་པར་ཁོང་དུ་ཆུད་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ལྷ་རྫས་ཀྱི་དྲི་མིའི་ལས་འདས་པ་སྔོན་ཆད་དེ་ལྟ་བུ་མ་བསྣམས་པ་མ་མྱངས་པ་བྲོ་བར་གྱུར་ན། དེས་འདིར་ནི་ལྷའི་བུ་མཐུ་ཆེན་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པ་དང༌། མཉན་པ་དང༌། གཟུང་བ་དང༌། བཅང་བ་དང༌། ཀུན་ཆུབ་པར་བྱ་བ་དང༌། རིམ་གྲོར་བྱ་བ་དང༌། བླ་མར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱ་བའི་ཕྱིར་ལྷགས་སོ་ཞེས་བྱ་བར་ངེས་པར་ཁོང་དུ་ཆུད་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཙང་སྦྲའི་སྤྱོད་པ་དང་ལྡན་པར་གྱུར་ཏེ། དེ་གཙང་སྦྲའི་སྤྱོད་པ་དེས་ལྷ་དེ་དག་ཉེ་བར་འོངས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང༌། བཅང་བ་དང༌། བཀླག་པར་བྱ་བ་དང༌། ཀུན་ཆུབ་པར་བྱ་བ་དང༌། རིམ་གྲོར་བྱ་བ་དང༌། བླ་མར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། མཆོད་པར་བྱ་བ་ཤིན་ཏུ་ཡིད་ལ་སྤྲོ་བར་འགྱུར་རོ། །ས་ཕྱོགས་དེ་ན་ལྷ་མཐུ་ཆུང་ངུ་མཐུ་ཆུང་ངུ་ཇི་སྙེད་ཅིག་གནས་པ་དེ་དག་ཀྱང་ལྷ་མཐུ་ཆེན་པོ་མཐུ་ཆེན་པོ་དེ་དག་གི་གཟི་བརྗིད་དང༌། དཔལ་དང༌། ཟིལ་མི་བཟོད་པའི་ཕྱིར་དེ་ནས་འབྱོལ་བར་སེམས་སོ། །ཇི་ལྟ་ཇི་ལྟར་ལྷ་མཐུ་ཆེན་པོ་ཉེ་བར་འོང་བར་འགྱུར་བ་དེ་ལྟ་དེ་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཡང་མོས་པ་བརྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ། །ས་ཕྱོགས་དེར་གཙང་སྦྲ་མེད་པའི་སྤྱོད་པ་མི་འཇུག་པར་བྱའོ། །ས་ཕྱོགས་དེར་སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་ཀུན་ཏུ་བརྒྱན་པར་བྱའོ། །དྲིའི་ཆག་ཆག་དང༌། མེ་ཏོག་གི་སིལ་མ་རྣམས་ཀྱིས་


DTG083_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་གཏོར་བར་བྱའོ། །དར་གྱི་ལྡ་ལྡི་དང༌། གོས་ཀྱི་བླ་རེ་བྲེས་ཤིང་ས་ཕྱོགས་དེ་ཡང་རྣམ་པ་དུ་མས་བརྒྱན་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་ལུས་ལ་ངལ་བ་མེད་པར་འགྱུར་རོ། །ལུས་བདེ་བར་འགྱུར་རོ། །ལུས་ཡང་བ་དང༌། སྐྱེ་བ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་རྣམས་ལ་བདེ་བའི་ཕྱིར་ཞུགས་པར་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ལུས་ཡང་བ་དང༌། ལུས་ལས་སུ་རུང་བ་དང༌། ལུས་བདེ་བ་དང༌། སེམས་ཡང་བ་དང༌། སེམས་ལས་སུ་རུང་བ་དང༌། སེམས་བདེ་བར་ཤེས་པར་འགྱུར་རོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སེམས་པས་བདེ་བར་ཉལ་བར་སེམས་པར་འགྱུར་ཞིང་སྡིག་ཏོའི་རྨི་ལམ་མཐོང་བར་མི་འགྱུར་རོ། །རྨི་ལམ་མཐོང་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྤྲས་པའི་སྐུ་གསེར་གྱི་ཁ་དོག་ཏུ་བཞུགས་པ། དགེ་སློང་གི་དགེ་འདུན་གྱིས་ཀུན་ནས་བསྐོར་བ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་ན་གནས་ནས་ཆོས་སྟོན་པ་མཐོང་བར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མཚུངས་པར་ལྡན་པ་ཉིད་ཐོས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང་མཚུངས་པར་ལྡན་པ་ཐོས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དེའི་དོན་ཡང་ཐོས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོམ་བརྒྱད་ཀྱི་བར་དེ་དག་གི་དོན་ཡང་ཐོས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཤིང་ཡང་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ཡང་མཐོང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མཐོང་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡན་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམ་པ་ཐམ་ཅད་མཁྱེན་པ་ཉིད་ནི་འདི་ལྟར་ཡོངས་སུ་གཟུང་བར་བྱའོ། །སེམས་ཅན་མང་པོ་ནི་འདི་ལྟར་ཡོངས་སུ་སྨིན་པར་བྱའོ། །སངས་རྒྱས་ཀྱི་ཞིང་ནི་འདི་ལྟར་ཡོངས་སུ་སྦྱང་བར་བྱའོ་ཞེས་ཆོས་ཡང་དག་པར་འགྲོ་བར་བྱེད་པ་དག་ཀྱང་མཐོང་བར་འགྱུར་རོ། །ཤར་


DTG083_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཡང་ཐོས་པར་འགྱུར་རོ། །དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། འོག་དང༌། སྟེང་གི་ཕྱོགས་དང༌། ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་མཐོང་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ཀྱི་སྒྲ་ཡང་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་ཡོངས་སུ་བསྐོར་ཞིང་མདུན་དུ་བྱས་ཏེ་ཆོས་སྟོན་ཏོ་ཞེས་བྱ་བ་དང༌། ཤར་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་མཐོང་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་དང༌། ཕྱོགས་བཅུའི་བར་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་མཐོང་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་དང༌། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཡང་རིང་བསྲེལ་གྱི་མཆོད་རྟེན་རིན་པོ་ཆེའི་མཆོག་སྣ་ཚོགས་ཀྱི་རང་བཞིན་གྱི་མཆོད་རྟེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡང་མཐོང་བར་འགྱུར་རོ། །མཆོད་རྟེན་དེ་དག་ལ་ཡང་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོས་རིམ་གྲོར་བྱེད་པ་དང༌། བླ་མར་བྱེད་པ་དང༌། བསྟི་སྟང་དུ་བྱེད་པ་དང༌། མཆོད་པར་བྱེད་པ་མཐོང་བར་འགྱུར་རོ། །ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་རྨི་ལམ་བཟང་པོ་དེ་ལྟ་བུ་དག་མཐོང་བར་འགྱུར་རོ། །དེ་དག་བདེ་བར་ཉལ་ཞིང་བདེ་བར་སད་པར་འགྱུར་རོ། །ལུས་མདངས་དང་ལྡན་པར་ཤེས་པར་འགྱུར་རོ། །ལུས་ཡང་བར་འདུ་ཤེས་ཤིང་ལྕི་བ་དང༌། ཟས་ལ་ཆེར་ཆགས་པ་མེད་པར་འགྱུར། ཆོས་གོས་དང༌། ལྷུང་བཟེད་དང༌། མལ་སྟན་དང༌། ནད་ཀྱི་རྐྱེན་སྨན་དང༌། ཡོ་བྱད་ལ་ཆགས་པ་མེད་པར་འགྱུར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། དགེ་སློང་རྣལ་འབྱོར་སྤྱོད་པ་ཏིང་ངེ་འཛིན་ལས་ལངས་པའི་སེམས་ཡིད་ལ་བྱེད་པས་ཡོངས་སུ་བརླན་པ་ནི་ཟས་ལ་དེར་ཆགས་པར་མི་འགྱུར་རོ། །ཀཽ་ཤི་ཀ་དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཀྱང་ཟས་ལ་ཆེར་ཆགས་པ་མེད་པར་


DTG083_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེའི་ལུས་ལ་མི་མ་ཡིན་པ་རྣམས་མདངས་ཉེ་བར་བསྒྲུབ་པའི་ཕྱིར་རོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང་བཅས་པ་གང་ཇི་སྙེད་པ། དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་བསྒྲུབ་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཚེ་འདི་ལ་ཡོན་ཏན་འདི་དག་ཡོངས་སུ་གཟུང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་གཟུང་བར་བྱའོ། །བཅད་བར་བྱའོ། །བཀླགས་བར་བྱའོ། །ཀུན་ཆུབ་བར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མི་བྲལ་བར་བྱའོ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ཡིན་ནོ། །ཀཽ་ཤི་ཀ་དེ་སྟེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་བཟུང༌། མ་བཅངས། མ་བཀླགས། ཀུན་ཆུབ་པར་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས། གཞན་ལ་ཡང་རྒྱ་ཆེར་བསྟན་པར་མ་བྱས་ན། འོན་ཀྱང་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འདི་ཉིད་དེའི་གཞི་ལས་བསོད་ནམས་མང་དུ་འཕེལ་གྱི། ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང༌། བཅང་བ་དང༌། བཀླག་པ་དང༌། ཀུན་ཆུབ་པར་བྱ་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། གཞན་རྣམས་ལ་རབ་ཏུ་སྟོན་པར་བྱེད་ཅིང༌། དེ་བྲིས་ཏེ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་བ་དང༌། ཕྱེ་མ་དང༌། ཆོས་གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་པ་དང༌། ཕྱོགས་བཅུ་ཀུན་ཏུ་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཆོས་གོས་དང༌། ལྷུང་


DTG083_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་དང༌། གཟིམས་ཆ་དང༌། སྙུན་གྱི་རྐྱེན་སྨན་དང༌། ཡོ་བྱད་མང་པོས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་པ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་མྱ་ངན་ལས་འདས་ནས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མཆོད་རྟེན་བརྩིགས་ཏེ། དེ་དག་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆུང་དུ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་ཡོངས་སུ་བརྟག་པ་བཟུང་ན་ཁྱོད་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གང་བ་ཞིག་ཀྱང་གཏད་ལ། གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་པ་ཞིག་ཀྱང་གཏད་ན། ཆ་གཞག་པ་དེ་གཉིས་ལས་གང་ལེན། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གང་བ་ཞིག་ཀྱང་ལ་ལས་སྩལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ནས་གླེགས་བམ་དུ་བྱས་བ་ཞིག་ཀྱང་ལ་ལས་སྩལ་ན། ཆ་གཞག་པ་དེ་གཉིས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་བདག་མི་གུས་པ་ཡང་མ་ལགས། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་སྟོན་པར་མི་འཚལ་བ་དང༌། རིམ་གྲོར་བགྱིད་པར་མི་འཚལ་བ་དང༌། བླ་མར་བགྱིད་བར་མི་འཚལ་བ་དང༌། བསྟི་སྟང་དུ་བགྱིད་པར་མི་འཚལ་བ་དང༌། མཆོད་པར་བགྱིད་པར་ཡང་མི་འཚལ་བ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱུང་བས་རིམ་གྲོར་བགྱིད་པ་ལགས། བླ་མར་བགྱིད་པ་ལགས། བསྟི་སྟང་དུ་བགྱིད་པ་ལགས། མཆོད་པར་བགྱིད་པ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


DTG083_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་གིས་མཆོད་པ་བརྙེས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་དུ་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་དུ་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པ་དེ་ལ་ཇི་ལྟར་གཟུང་བར་བྱ་བར་སེམས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང༌། དོར་བར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན། འགྲིབ་པའི་ཕྱིར་མ་ཡིན། འཕེལ་བའི་ཕྱིར་མ་ཡིན། བསྐྱེད་པའི་ཕྱིར་མ་ཡིན། བསྐྱུང་བའི་ཕྱིར་མ་ཡིན། དབྲི་བའི་ཕྱིར་མ་ཡིན། བསྣན་བའི་ཕྱིར་མ་ཡིན། ཀུན་ནས་ཉོན་མོངས་པའི་ཕྱིར་མ་ཡིན། རྣམ་པར་བྱང་བའི་ཕྱིར་མ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཆོས་རྣམས་དང༌། རང་སངས་རྒྱས་ཀྱི་ཆོས་རྣམས་དང༌། ཉན་ཐོས་ཀྱི་ཆོས་རྣམས་དང༌། སློབ་པ་དང༌། མི་སློབ་པའི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན། འདུས་མ་བྱས་ཀྱི་དབྱིངས་སྟེར་བར་བྱེད་པ་མ་ཡིན། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་སྟེར་བར་བྱེད་པ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་རྣམས་སྟེར་བར་བྱེད་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟེར་བར་བྱེད་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟེར་བར་དུ་སྟེར་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཙུན་པ་ཤཱ་རིའི་བུ་ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟེར་བར་བྱེད་པ་མ་ཡིན།


DTG083_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟེར་བར་བྱེད་པ་མ་ཡིན་ནོ་ཞེས་ཟེར་བ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཡོད་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཡོད་པ་མ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཀཽ་ཤི་ཀ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཡོད་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་མེད་པའོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཡོད་པ་མ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་མེད་པའོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་དེ་བཞིན་ཉིད་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་ཉིད་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་


DTG083_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཉིས་སུ་འདོད་པ་དེ་ནི་ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་ནི་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པ་སྟེ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་གང་གི་ཚེ་བདག་ཆོས་བཟངས་ལྟའི་འདུན་ས་ན་ལྷ་རྣམས་ཀྱི་དབང་པོའི་སྟན་ལ་མཆིས་པར་གྱུར་པ་དེའི་ཚེ། དེར་ལྷའི་བུ་གང་ཇི་སྙེད་ཅིག་བདག་གི་རིམ་གྲོ་ལ་མཆིས་པ་དེ་དག་ཀུན་ཀྱང་བདག་ལ་མཆོད་པར་བགྱིད་དེ། ནམ་བདག་སེང་གེའི་ཁྲི་ལ་མཆིས་པར་གྱུར་པ་དེའི་ཚེ་ཡང་ལྷའི་བུ་དེ་དག་གནས་དེར་མཆིས་ཤིང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཆོས་ཀྱི་སྟན་འདི་ལ་འདུག་ཅིང་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་ཆོས་སྟོན་ཏོ་ཞེས་ལྷའི་བུ་དེ་དག་བདག་གི་སྟན་དེ་ལ་ཕྱག་འཚལ་ཏེ་སླར་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གཞག་པའམ། ཁ་ཏོན་དུ་བགྱིད་པའམ། གཞན་ལ་རྒྱ་ཆེར་སྟོན་པ་དེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ལྷའི་བུ་ཇི་སྙེད་ཅིག་མཆིས་པ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་ཇི་སྙེད་ཅིག་མཆིས་པ་དེ་དག་ཀྱང་དེ་བཞིན་


DTG083_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདི་ལས་བྱུང་ངོ༌། །སེམས་ཅན་ཐམས་ཅད་ཀྱི་བད་བའི་ཡོ་བྱད་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་བགྱིས་ནས་སླར་མཆི་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་གདུང་ཇི་སྙེད་པ་དེ་སྙེད་ཀྱིས་མཆོད་པ་བརྙེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྒྲུབས་པའི་སླད་དུའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞིར་གྱུར་ཏོ། །རྐྱེན་དུ་གྱུར་ཏོ། །བཅོམ་ལྡན་འདས་དེ་བས་ན་ཆ་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་གང་གི་ཚེ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླངས་ཏེ། ཆོས་ཉིད་ཀྱི་ཁོངས་སུ་གཏོགས་པའི་ཡིད་ཀྱིས་ཁ་ཏོན་བགྱིད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བགྱིད་པ་དེའི་ཚེ་འཇིགས་པའམ། བག་ཚ་བའི་མཚན་མ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་དང་བཅས་པ། རྟགས་དང་བཅས་པ། བརྗོད་པ་དང་བཅས་པ། སྨོས་པ་དང་བཅས་པ་ཞིག་ལགས་ཀྱི། མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས། སྨོས་སུ་མ་མཆིས་པ་མ་ལགས་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཆོས་ཐམས་ཅད་ལ་མཚན་མ་མ་མཆིས་པ་དང༌། རྟགས་མ་མཆིས་པ་དང༌། བརྗོད་དུ་མ་མཆིས་པ་དང༌།


DTG083_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་སུ་མ་མཆིས་པ་ཐུགས་སུ་ཆུད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་མཚན་མ་མ་མཆིས་པ་དང༌། རྟགས་མ་མཆིས་པ་དང༌། བརྗོད་དུ་མ་མཆིས་པ་དང༌། སྨོས་སུ་མ་མཆིས་པའི་ཆོས་མི་སྟོན་པ་ཞིག་ན། བཅོམ་ལྡན་འདས་གང་གི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས། སྨོས་སུ་མ་མཆིས་པས་དེའི་སླད་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་མ་མཆིས་པ་དང༌། རྟགས་མ་མཆིས་པ་དང༌། བརྗོད་དུ་མ་མཆིས་པ་དང༌། སྨོས་སུ་མ་མཆིས་པར་ཐུགས་སུ་ཆུད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་མཚན་མ་མ་མཆིས་པ་དང༌། རྟགས་མ་མཆིས་པ་དང༌། བརྗོད་དུ་མ་མཆིས་པ་དང༌། སྨོས་སུ་མ་མཆིས་པའི་ཆོས་སྟོན་ཏོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་མོས་པ་ཆུང་དུའི་འབྲིང་ཡིན་ནོ། །བཅོམ་ལྡན་འདས་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་བགྱིད། བླ་མར་བགྱིད། བསྟི་སྟང་དུ་བགྱིད། མཆོད་པར་བགྱིད་པ་དེས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་རྒྱུད་ཀྱི་དགོས་པ་མ་མཆིས་པར་བགྱིའོ། །ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་སའི་དོགས་པ་མ་མཆིས་པར་བགྱིའོ། །དེ་ནི་དེ་བཞིན་གཤེགས་པ་མཐོང་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་མི་འབྲལ་བར་ཡང་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་བྱ་བ་དང༌། བླ་མ་དང༌། བསྟི་སྟང་དང༌། མཆོད་པ་བགྱིད་ཅིང་འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་རོ་ཞེས་བྱ་བ་ནི་གཞན་


DTG083_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་ལ་མོས་པ་ཆུང་དུའི་ཆེན་པོ་ཡིན་ནོ། །བཅོམ་ལྡན་འདས་གཞན་ཡང་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གཏམས་པ་ཞིག་སྩལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྲིས་ནས་གླེགས་བམ་དུ་བགྱིས་ཏེ་སྩལ་ན། བཅོམ་ལྡན་འདས་ཆ་གཞག་པ་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལགས་པའི་སླད་དུ་སྟེ། དེ་བས་ན་རིམ་གྲོར་བགྱི་བ་དང༌། བླ་མར་བགྱི་བ་དང༌། བསྟི་སྟང་དུ་བགྱི་བ་དང༌། མཆོད་པར་བགྱི་བ་ལགས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་དེ་ལ་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། བསྟི་སྟང་དུ་བགྱིས། མཆོད་པར་བགྱིས་ན་ལོག་པར་ལྟུང་བ་དང༌། ངན་སོང་དུ་མཆི་བར་མི་འགྱུར་ཏེ། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་ནས་སྨོན་ལམ་ཇི་ལྟ་བ་བཞིན་དུ་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་གང་གིས་དེ་བཞིན་གཤེགས་པ་མཐོང་བ་དང༌། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་དེ་དག་ལ་མི་འདྲ་བ་མ་མཆིས་ཏེ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་བཞིན་གཤེགས་པ་ལ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་དུ་ཡིན་ནོ། །བཅོམ་ལྡན་འདས་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཆོ་འཕྲུལ་རྣམ་པ་གསུམ་གྱི་མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། གཏན་ལ་ཕབ་པ་བསྟན་པའི་བར་དུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་ཆོས་སྟོན་པར་མཛད་པ་དང༌། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་ཞིང༌། ཀུན་ཆུབ་པར་བགྱིས་ཏེ། གཞན་ལ་རྒྱ་ཆེར་སྟོན་པ་དེ་དག་ཉིད་ཀྱང་མི་འདྲ་བ་མ་མཆིས་སོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་ཆོ་འཕྲུལ་རྣམ་པ་གསུམ་ལགས་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌།


DTG083_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་པ་དང༌། གཏན་ལ་ཕབ་པའི་བར་དུ་བསྟན་པ་དག་ལགས་པའི་ཕྱིར་རོ། །བཅོམ་ལྡན་འདས་གཞན་ཡང་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་མང་པོ་ཆོ་འཕྲུལ་རྣམ་པ་གསུམ་གྱི་མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། གཏན་ལ་ཕབ་པ་བསྟན་པའི་བར་དུ་ཆོས་སྟོན་པར་མཛད་པ་དང༌། དེ་བཞིན་དུ་ལྷོ་དང་ནུབ་དང༌། བྱང་དང་འོག་དང༌། སྟེང་གི་ཕྱོགས་དང་ཕྱོགས་མཚམས་ཀྱི་བར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་མང་པོ་ཆོ་འཕྲུལ་རྣམ་པ་གསུམ་གྱི་མདོ་དང་དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། གཏན་ལ་ཕབ་པ་བསྟན་བའི་བར་གྱི་ཆོས་སྟོན་པར་མཛད་པ་དང༌། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུང་བ་དང༌། གཞན་ལ་རྒྱ་ཆེར་སྟོན་བའི་བར་དེ་གཉིས་ཀྱང་མེ་འདྲ་བ་མ་མཆིས་སོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་ཆོ་འཕྲུལ་རྣམ་པ་གསུམ་ལགས་པའི་སླད་དུའོ། །འདི་ལས་བྱུང་བ་ནི་མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། གཏན་ལ་ཕབ་པ་བསྟན་པའི་བར་དག་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས་རེ་རེའི་ཕྱོགས་བཅུའི་བར་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོ་དང༌། བླ་མ་དང༌། བསྟི་སྟང་དང༌། མཆོད་པར་བགྱིད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོ་དང༌། བླ་མ་དང༌། བསྟི་སྟང་དང༌། མཆོད་བ་བགྱིས་པ་ཡན་མི་འདྲ་བ་མ་མཆིས་སོ། །དེ་ཅིའི་སད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་གྱི་དོན་


DTG083_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མོས་པ་འབྲིང་གི་འབྲིང་ཡིན་ནོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་བར་བགྱིད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་ཞིང་གཞན་ལ་རྒྱ་ཆེར་སྟོན་པར་འགྱུར་བ་དེ་ས་ནི་སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའི་དོགས་པ་མ་མཆིས་པར་བགྱི་སྟེ། འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་རིག་པར་བྱའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པར་བགྱིད། འཆང་བར་བགྱིད། ཀློག་པར་བགྱིད། ཀུན་ཆུབ་པར་བགྱིད། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་བྲིས་པ་དེ་ལ་ཡང་མེ་ཏོག་དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་རིམ་གྲོར་བགྱིད། བླ་མར་བགྱིད། བསྟི་སྟང་དུ་བགྱིད། མཆོད་པར་བགྱིད་པ་སྟེ། དེ་ལ་གང་ནས་ཀྱང་འཇིགས་པ་འབྱུང་བའི་དོགས་པ་མ་མཆིས་པར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ནོར་གྱི་བདག་པོ་ཞིག་འཇིགས་ནས་རྒྱལ་པོ་ལ་བརྟེན་པས་དེ་གང་ལ་འཇིགས་པར་འགྱུར་པ་དེ་དག་ཉིད་ཀྱང་དེ་ཉིད་ལ་བརྟེན་པས་དེ་དག་གིས་འཇིགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མཐུ་དང་ལྡན་པ་ལ་བརྟེན་ནས་འཇིགས་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་ད་བཞིན་གཤེགས་པའི་སྐུ་གདུང་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒྲུབས་པས་ན་མཆོད་པ་བརྙེས་སོ། །བཅོམ་ལྡན་འདས་དེ་ལ་རྒྱལ་པོ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བར་བགྱིའོ། །རྒྱལ་པོ་ལ་བརྟེན་པའི་སྐྱེས་བུ་ཇི་ལྟ་བ་བཞིན་དུ་མཆོད་པ་བརྙེས་པ་དེ་ལྟ་བར་བགྱིའོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒྲུབས་པས་མཆོད་པ་བརྙེས་སོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལགས་


DTG083_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒྲུབ་པར་བལྟའོ། །བཅོམ་ལྡན་འདས་དེ་བས་ན་ཆ་དེ་གཉིས་ལས་འདམ་དུ་སྩལ་ན་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལགས་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལགས་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལགས་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ལགས་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་ཕ་རོལ་ཏུ་ཕྱིན་པ་ལྔས་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པ་ལགས་བའི་ཕྱིར་རོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་པའི་ཕྱིར་རོ། །བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ན་སེམས་ཅན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བགྱིད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་བ་དེར་སེམས་ཅན་དེ་རྣམས་ལ་མིའམ་མི་མ་ལགས་པས་གླགས་ལྟ་ཞིང་གླགས་ཚོལ་བ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་མཐར་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ན་སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་རྣམས་སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པ་ལགས་སོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དར་བར་འགྱུར་བའི་འཇིག་རྟེན་གྱི་ཁམས་དེར་ནི་སངས་རྒྱས་འབྱུང་བ་དང་འདྲ་བར་བལྟའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་རིན་ཐང་མ་མཆིས་པ་ཞིག་མཆིས་པར་གྱུར་ལ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ལ་ཡོན་ཏན་གྱི་རྣམ་པ་འདི་ལྟ་བུ་དག་ལྡན་ཏེ། གང་དང་གང་དུ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གཞག་པ་དང་དེར་མི་མ་ལགས་པ་


DTG083_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་གླགས་མི་རྙེད་དོ། །སྐྱེས་པའམ། བུད་མེད་གང་དང་གང་མི་མ་ལགས་པས་ཟིན་པར་འགྱུར་བ་དེ་དང་དེ་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བསྟན་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བསྟན་པ་ཙམ་ཁོ་ནས་མི་མ་ལགས་པ་དེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེའི་གཟི་བརྗིད་མི་བཟོད་པས་དེ་མྱུར་དུ་མཆིའོ། །གང་གི་ཚེ་མཁྲིས་པས་གདུངས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན་མཁྲིས་པ་དེ་ཡང་འབྱུང་བར་འགྱུར་ལ་འཕེལ་བར་མི་འགྱུར་ཏེ་ཉེ་བར་ཞི་བར་འགྱུར་རོ། །རླུང་གིས་གདུངས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན་རླུང་དེ་ཡང་འབྱང་བར་འགྱུར་རོ། །བད་ཀན་གྱིས་གདུངས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན་བད་ཀན་དེ་རྣམས་ཐམས་ཅད་ཀྱང་འབྱུང་བར་འགྱུར་རོ། །འདུས་པའི་ནད་ཀྱིས་བཏབ་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན་འདུས་པའི་ནད་དེ་ཞི་བར་འགྱུར་གྱི་རྣམ་པར་མི་འཕེལ་ལོ། །ནུབ་མོ་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་དེས་སྣང་བར་བགྱིད་དོ། །ཚ་བའི་དུས་ན་ནི་ནོར་བུ་རིན་པོ་ཆེན་པོ་དེས་ཕྱོགས་གང་དུ་གཞག་པའི་ས་ཕྱོགས་དེ་བསིལ་བར་བགྱིད་པར་འགྱུར་པར་བགྱིད་དོ། །གྲང་བའི་དུས་ན་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་དེས་ཕྱོགས་གང་དུ་གཞག་པའི་ས་ཕྱོགས་དེ་དྲོ་བར་བགྱིད་པར་འགྱུར་རོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གང་དུ་གཞག་པའི་ས་ཕྱོགས་དེ་ཧ་ཅང་ཡང་མི་དྲོ་ཧ་ཅང་ཡང་མི་གྲང་ཞིང་དུས་བདེ་བར་འགྱུར་རོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དོགས་སའི་ཕྱོགས་གང་དུ་གཞག་པའི་ས་ཕྱོགས་དེར་སྦྲུལ་ལམ། སྡིག་པ་ལ་སོགས་པའམ་གདུག་པ་ཅན་རྒྱུ་བར་མི་འགྱུར་རོ།། །།བམ་པོ་སུམ་ཅུ་གསུམ་པ། སྐྱེས་པའམ་བུད་མེད་ལ་ལ་ཞིག་སྦྲུལ་གདུག་པས་ཟིན་པར་གྱུར་པ་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་བསྟན་ན་དེ་དེས་མཐོང་མ་ཐག་ཏུ་ཡང་དུག་དེ་ཡང་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དག་དང་ལྡན་པར་འགྱུར་ཏེ། སྐྱེས་པའམ་བུད་མེད་ལ་ལ་ཞིག་ནད་སྣ་ཚོགས་ཀྱིས་བཏབ་པར་གྱུར་པ་ལས། དེ་རྣམས་ཀྱི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན་དེ་དག་གི་ནད་དེ་ཐམས་ཅད་ཀྱང་ཞི་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གང་གི་ཚེ་ཆབ་ཀྱི་ནང་དུ་སྩལ་ན་དེའི་ཚེ་ཆབ་དེ་ཐམས་ཅད་ཀྱང་གསེར་གྱི་ཁ་དོག་དང་འདྲ་བར་


DTG083_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་དོ། །བཅོམ་ལྡན་འདས་གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་རས་སྔོན་པོས་དཀྲིས་ཏེ། ཆབ་ཀྱི་ནང་དུ་སྩལ་ན་ཆབ་དེ་ཡང་སྔོན་པོར་བགྱིད་དོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་རས་སེར་པོའམ། དམར་པོའམ། ལེ་བརྒན་ནམ། ཤེལ་གྱི་ཁ་དོག་གི་རས་ཀྱིས་དཀྲིས་ཏེ་ཆབ་ཀྱི་ནང་དུ་སྩལ་ན་ཆབ་དེ་ཡང་དེའི་ཁ་དོག་ཏུ་བགྱིད་དོ། །ཆོན་ཁ་དོག་སྣ་ཚོགས་ཀྱི་རས་ཀྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དཀྲིས་ཏེ་ཆབ་ཀྱི་ནང་དུ་སྩལ་ན་ཆབ་དེ་ཡང་ཁ་དོག་སྣ་ཚོགས་སུ་བགྱིད་དོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཆབ་རྙོག་པ་ཅན་གྱི་ནང་དུ་སྩལ་ན། ཆབ་དེ་ཐམས་ཅད་ཤིན་ཏུ་དང་བར་བགྱིད་དེ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཡོན་ཏན་གྱི་རྣམ་པ་འདི་ལྟ་བུ་དག་དང་ལྡན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་པོས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ལྷ་རྫས་ཞིག་ཡིན་ནམ། འོན་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་འཛམ་བུའི་གླིང་གི་མི་རྣམས་ལ་ཡང་ཡོད། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་ལྷ་རྫས་སོ། །འཛམ་བུའི་གླིང་གི་མི་རྣམས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་གང་ཡོད་པ་དེ་ནི་ཆུང་ཞིང་ལྕི་ལ་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་གང་ཡིན་པ་དེ་དག་ནི་ཆེ་ཞིང་ཡང་ལ། འཛམ་བུའི་གླིང་གི་མི་དེ་རྣམས་ཀྱི་ནོར་བུ་རིན་པོ་ཆེ་ནི་དེ་ལྟར་ཡོན་ཏན་གྱི་རྣམ་པ་ཡོངས་སུ་རྫོགས་པ་ནི་མ་ཡིན་ནོ། །འཛམ་བུའི་གླིང་གི་ནོར་བུ་རིན་པོ་ཆེ་དེ་དག་གིས་ནི་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་དེའི་གྲངས་སུ་ཡང་ཉེ་བར་མི་འགྲོ། ཆའམ། བགྲང་བའམ། དཔེའམ། རྒྱུར་ཡང་ཉེ་བར་མི་འགྲོའོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཡང་སྣོད་ལ་ལ་ཞིག་གི་ནང་དུ་བཅུག་པ་ལས། གང་གི་ཚེ་སྣོད་དེ་ནས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཕྱུང་བར་གྱུར་ཀྱང༌། དེའི་ཚེ་འདིར་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གནས་པར་གྱུར་པའོ་ཞེས་སྣོད་དེ་ལ་དགའ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་དུ་དང་བར་འགྱུར་བའི་ས་ཕྱོགས་དེར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་ལུས་སམ། སེམས་ཀྱི་སྡུག་བསྔལ་དང༌། གནོད་པ་མི་ལས་གྱུར་པའམ། མི་མ་ལགས་པ་ལས་གྱུར་པ་ཐམས་ཅད་ཀྱང་མ་མཆིས་པར་འགྱུར་ཏེ། ནོར་བུ་རིན་པོ་ཆེ་ཆེན་པོ་ཞེས་བྱ་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་


DTG083_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ། །བཙུན་པ་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཇི་སྙེད་ཅིག་བརྗོད་པར་ནུས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཚད་མེད་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་གདུང་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། དྲན་པ་ཉེ་བར་གཞག་པ་དང། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། འཕགས་པའི་བདེན་པ་དང༌། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བ་ཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། ཡོན་ཏན་དེ་རྣམས་ཀྱི་སྣོད་དོ། །དེས་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་རིང་བསྲེལ་གྱིས་མཆོད་པ་བརྙེས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་འདི་དག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང༌། རྟག་ཏུ་བཏང་སྙོམས་ལ་གནས་པ་དང༌། བསྙེལ་པ་མི་མདའ་བའི་ཆོས་ཉིད་ཀྱི་སྣོད་དུ་གྱར་པ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་གིས་མཆོད་པ་བརྙེས་སོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་


DTG083_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་སྣོད་དུ་གྱུར་བའོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་མ་མཆིས་པ་རྣམ་པར་བྱང་བ་མ་མཆིས་པ་དང༌། ཕ་རོལ་ཏུ་ཕྱིན་པ་མི་སྐྱེ་མི་འགག་པ་དང༌། ཕ་རོལ་ཏུ་ཕྱིན་པ་འོང་བ་མ་མཆིས་འགྲོ་བ་མ་མཆིས་པའི་སྣོད་དོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱི་སྣོད་དོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱིས་ཡོངས་སུ་བསྒོས་པས་མཆོད་པ་བརྙེས་སོ། །བཅོམ་ལྡན་འདས་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གཏམས་པར་ལྟ་ཞོག་གི །བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གཏམས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་པ་ཞིག་འདམ་དུ་སྩལ་ན། བཅོམ་ལྡན་འདས་ཆ་གཞག་པ་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གདུང་རྣམས་ཀྱིས་མཆོད་པ་བརྙེས་པ་ལགས་པའི་ཕྱིར་རོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་རིམ་གྲོར་བགྱིད་པ་དང༌། བླ་མར་བགྱིད་པ་དང༌། བསྟི་སྟང་དུ་བགྱིད་པ་དང༌། མཆོད་པར་བགྱིད་པ་དེས་དགེ་བའི་རྩ་བ་དེའི་མཐར་མ་བགྱིས་པར་རྒྱ་རིགས་སཱ་ལ་ཆེན་པོའམ། བྲམ་ཟེའི་རིགས་སཱ་ལ་ཆེན་པོའམ། ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། སུམ་ཅུ་རྩ་གསུམ་པ་རྣམས་དང༌། འཐབ་བྲལ་རྣམས་དང༌། དགའ་ལྡན་རྣམས་དང༌། འཕྲུལ་དགའ་རྣམས་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་ཀྱི་ནང་དུ་མི་དང་ལྷའི་ཕུན་སུམ་ཚོགས་པ་དང༌། བདེ་བ་མྱོང་བའི་དགེ་བའི་རྩ་བ་བསྐྱེད་པ་དང༌། སྡུག་བསྔལ་གྱི་མཐར་བགྱིད་པར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་ཞིང་བཅངས་པ་དང་བཀླགས་


DTG083_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཀུན་ཆུབ་པར་བགྱིད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བགྱིད་པས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བགྱིས་ནས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱིས་ལས་འདས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ཤིང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཐོབ་སྟེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་རོ། །དེ་ཆེད་དུ་བསམས་ཤིང་ལུས་ཡོངས་སུ་འཛིན་པར་འགྱུར་རོ། ལུས་དེ་དག་གིས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་ཏེ། རེས་འགའ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་ཡོངས་སུ་འཛིན། རྒྱལ་རིགས་སཱ་ལ་ཆེན་པོའི་ལུས་ཡོངས་སུ་འཛིན། བྲམ་ཟེའི་རིགས་སཱ་ལ་ཆེན་པོའི་ལུས་ཡོངས་སུ་འཛིན། ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོའི་ལུས་ཡོངས་སུ་འཛིན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་དོ། །བཅོམ་ལྡན་འདས་དེ་བས་ན་བདག་ནི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་མི་གུས་པ་ཡང་མ་ལགས་ཀྱི་གུས་པ་ལགས་ལ། བཅོམ་ལྡན་འདས་འདི་ཉིད་ཡོངས་སུ་གཟུང་བར་མ་འཚལ་བ་ཡང་མ་ལགས་ཏེ། འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རིམ་གྲོ་དང༌། བླ་མ་དང། བསྟི་སྟང་དང༌། མཆོད་པར་བགྱིད་ན། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་ཡང་རིམ་གྲོར་བགྱིད་པར་འགྱུར། བླ་མ་དང༌། བསྟི་སྟང་དང༌། མཆོད་པར་བགྱིད་པར་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མ་མཆིས། གྲངས་མ་མཆིས་


DTG083_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་ལ་ཆོས་སྟོན་པ་དེ་དག་ཀྱང་ཆོས་སྐུ་དང༌། གཟུགས་ཀྱི་སྐུར་མཐོང་བར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་གཟུང་བར་བགྱི། བཅང་བར་བགྱི། བཀག་པར་བགྱི། ཀུན་ཆུབ་པར་བགྱི། མཆོད་པར་བགྱི། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བགྱི། ཚུལ་བཞིན་དུ་ཡིད་ལ་བགྱི་སྟེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་དང༌། ཚད་མ་མཆིས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཐོང་བར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ། །བཅོམ་ལྡན་འདས་གཉིས་པོ་འདི་དག་ནི་ཆོས་ཉིད་དེ། ཆོས་ཉིད་གཉིས་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཉིད་དང༌། འདུས་མ་བྱས་ཀྱི་ཆོས་ཉིད་དོ། །བཅོམ་ལྡན་འདས་དེ་ལ་འདུས་བྱས་ཀྱི་ཆོས་ཉིད་གང་ཞེ་ན། འདི་ལྟ་སྟེ་ནང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། ཕྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། ཕྱི་ནང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཡེ་ཤེས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གང་ཡིན་པ་རྣམས་དང༌། འཕགས་པའི་བདེན་པ་གང་ཡིན་པ་རྣམས་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་གང་ཡིན་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡེ་ཤེས་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཡེ་ཤེས་དང༌། དགེ་བ་དང༌། མི་དགེ་བའི་རྩ་བ་རྣམས་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་ཡེ་ཤེས་གང་ལགས་པ་དེ་ནི་འདུས་བྱས་ཀྱི་ཆོས་ཉིད་ཅེས་བགྱིའོ། །དེ་ལ་འདུས་མ་བྱས་ཀྱི་ཆོས་ཉིད་གང་ཞེ་ན། དེ་ནི་གང་ལ་སྐྱེ་བ་མ་མཆིས་པ་དང༌།


DTG083_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་མ་མཆིས་པ་དང༌། གནས་པ་མ་མཆིས་པ་དང༌། མི་གནས་པ་མ་མཆིས་པ་དང༌། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང༌། རྣམ་པར་བྱང་བ་མ་མཆིས་པ་དང༌། འཕེལ་བ་མ་མཆིས་པ་དང༌། འགྲིབ་པ་མ་མཆིས་པ་དང༌། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ལ་བརྗོད་པར་བགྱིའོ། །ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་གང་ལགས་ཤེ་ན། གང་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་མི་དམིགས་པ་དང༌། ཆོས་ཐམས་ཅད་བརྗོད་དུ་མེད་པ་དང༌། ཚིག་གི་སྤྱོད་ཡུལ་མ་ཡིན་པའི་བར་གང་ཡིན་པ་འདི་དག་འདུས་མ་བྱས་ཀྱི་ཆོས་ཉིད་ཅེས་བྱ་བའོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདས་པའི་དུས་སུ་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ལྟར་བྱུང་བའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ན་དེ་བཞིན་


DTG083_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོད་བ་དང༌། ཆོས་སྟོན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །འདས་པའི་དུས་སུ་བྱུང་བ་དང༌། མ་འོངས་པའི་དུས་སུ་བྱུང་བ་དང༌། ཉན་ཐོས་དང་རང་སངས་རྒྱས་གང་ཇི་སྙེད་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་པར་འགྱུར་རོ། །གང་ཡང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །འཐོབ་པར་འགྱུར་རོ། །གང་ཡང་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ན་ཉན་ཐོས་དང༌། རང་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་བྱང་ཆུབ་འཐོབ་པོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཐམས་ཅད་ཀྱང་རྒྱ་ཆེར་བསྟན་པ་སྟེ། དེ་དག་ཀྱང་མཚན་མེད་པའི་ཚུལ་དང༌། སྐྱེ་བ་མེད་པའི་ཚུལ་དང༌། འགག་པ་མེད་པའི་ཚུལ་དང༌། ཀུན་ནས་ཉོ་ན་མོངས་པ་མེད་པའི་ཚུལ་དང༌། རྣམ་པར་བྱང་བ་མེད་པའི་ཚུལ་དང༌། མངོན་པར་འདུ་བྱ་བ་མེད་པའི་ཚུལ་དང༌། ལེན་པ་མེད་པའི་ཚུལ་དང༌། དོར་བ་མེད་པའི་ཚུལ་དང༌། དབྲི་བ་དང༌། བསྣན་པ་མེད་པའི་ཚུལ་དང༌། བླང་བ་དང༌། སྤང་བ་མེད་པའི་ཚུལ་གྱིས་ཏེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚུ་རོལ་ལམ། ཕ་རོལ་ལམ། ཐང་ངམ་གཤོང་ངམ། མཉམ་པའམ། མི་མཉམ་པའམ། མཚན་མ་ཡོད་པའམ། མཚན་མ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། འདུས་བྱས་སམ། འདུས་མ་བྱས་སམ། དགེ་པའམ། མི་དགེ་པའམ། འདས་པའམ། མ་འོངས་པའམ།


DTG083_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟར་བྱུང་བར་བཏགས་པ་མེད་པའི་ཕྱིར་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཆོས་གང་ཡང་རབ་ཏུ་སྟེར་བར་བྱེད་པ་མ་ཡིན་ཏེ། རང་སངས་རྒྱས་ཀྱི་ཆོས་རྣམས་དང༌། དགྲ་བཅོམ་པའི་ཆོས་རྣམས་རབ་ཏུ་སྟེར་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ། བཅོམ་ལྡན་འདས་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་འཚལ་ཀྱང་སེམས་ཅན་དུ་དམིགས་པ་མ་མཆིས་སོ། །སྲོག་དང༌། གསོ་བར་མ་མཆིས་པ་དང༌། སྐྱེས་བུར་མ་མཆིས། ཤེད་བུར་མ་མཆིས། ཤེད་ལས་སྐྱེས་སུ་མ་མཆིས། བྱེད་པ་པོར་མ་མཆིས། ཚོར་བ་པོར་མ་མཆིས། ཤེས་པ་པོར་མ་མཆིས། མཐོང་བ་པོར་དམིགས་པ་མ་མཆིས་སོ། །གཟུགས་སུ་དམིགས་པ་མ་མཆིས་སོ། །ཚོར་བར་མ་མཆིས་སོ། །འདུ་ཤེས་སུ་མ་མཆིས་སོ། །འདུ་བྱེད་རྣམས་སུ་མ་མཆིས་སོ། །རྣམ་པར་ཤེས་པར་དམིགས་པ་མ་མཆིས་སོ། །སའི་ཁམས་སུ་དམིགས་པ་མ་མཆིས་སོ། །ཆུའི་ཁམས་སུ་དམིགས་པ་མ་མཆིས་སོ། །མེའི་ཁམས་སུ་དམིགས་པ་མ་མཆིས་སོ། །རླུང་གི་ཁམས་སུ་དམིགས་པ་མ་མཆིས་སོ། །ནམ་མཁའི་ཁམས་སུ་དམིགས་པ་མ་མཆིས་སོ། །རྣམ་པར་ཤེས་པའི་ཁམས་སུ་དམིགས་པ་མ་མཆིས་སོ། །མིག་ཏུ་དམིགས་པ་མ་མཆིས་སོ། །གཟུགས་སུ་དམིགས་པ་མ་མཆིས་སོ། །མིག་གི་རྣམ་པར་ཤེས་པར་དམིགས་པ་མ་མཆིས་སོ། །མིག་གི་འདུས་ཏེ་རེག་པར་དམིགས་པ་མ་མཆིས་སོ། །མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་གང་ཡིན་པ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དེ་ལྟ་བུ་ཡང་དམིགས་པ་མ་མཆིས་སོ། །དེ་བཞིན་དུ་རྣ་པ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་དམིགས་པ་མ་མཆིས་སོ། །སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་སུ་དམིགས་པ་མ་མཆིས་སོ། །རྣ་བའི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་


DTG083_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པའི་བར་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་དམིགས་པ་མ་མཆིས་སོ། །ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་གང་ཡིན་པ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དེ་ལྟ་བུར་ཡང་དམིགས་པ་མ་མཆིས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་སུ་དམིགས་པ་མ་མཆིས་སོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་སུ་དམིགས་པ་མ་མཆིས་སོ། །ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སུ་དམིགས་པ་མ་མཆིས་སོ། །འཕགས་པའི་བདེན་པ་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། མངོན་པར་ཤེས་པ་དྲུག་ཏུ་དམིགས་པ་མ་མཆིས་སོ། །ཏིང་ངེ་འཛིན་རྣམས་སུ་དམིགས་པ་མ་མཆིས་སོ། །གཟུངས་ཀྱི་སྒོ་རྣམས་སུ་དམིགས་པ་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་དམིགས་པ་མ་མཆིས་སོ། །ནང་སྟོང་པ་ཉིད་དུ་དམིགས་པ་མ་མཆིས་སོ། །ཕྱི་སྟོང་པ་ཉིད་དུ་དམིགས་པ་མ་མཆིས་སོ། །ཕྱི་ནང་སྟོང་པ་ཉིད་དུ་དམིགས་པ་མ་མཆིས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དམིགས་པ་མ་མཆིས་སོ། །ཏིང་ངེ་འཛིན་རྣམས་སུ་དམིགས་པ་མ་མཆིས་སོ། །གཟུངས་ཀྱི་སྒོ་རྣམས་སུ་དམིགས་པ་མ་མཆིས་སོ། །སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པར་དམིགས་པ་མ་མཆིས་སོ། །བྱང་ཆུབ་ཏུ་དམིགས་པ་མ་མཆིས་སོ། །སངས་རྒྱས་སུ་དམིགས་པ་མ་མཆིས་སོ། །སངས་རྒྱས་ཀྱི་ཆོས་རྣམས་སུ་དམིགས་པ་མ་མཆིས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམིགས་པའི་ཚུལ་གྱིས་ཉེ་བར་གནས་སུ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་དམིགས་པ་དང་གང་གིས་དམིགས་པར་བགྱི་བ་དང༌། གང་ལ་དམིགས་པར་བགྱི་བའི་ངོ་བོ་ཉིད་མ་མཆིས་ཤིང་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་


DTG083_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སྔོན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་དམིགས་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པས་བྱང་ཆུབ་ཀྱང་མི་དམིགས་ན། བྱང་ཆུབ་སེམས་དཔའི་ཆོས་ཉིད་ལྟ་ཅི་སྨོས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་སྤྱོད་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ལ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་ནི་མ་ཡིན་ཏེ། དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། གཏོང་བ་ཡང་མི་དམིགས། ལེན་པ་ཡང་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། ཚུལ་ཁྲིམས་དང་ལྡན་པ་ཡང་མི་དམིགས། ཚུལ་ཁྲིམས་བསྲུང་བ་ཡང་མི་དམིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། བཟོད་པ་དང་ལྡན་པ་ཡང་མི་དམིགས། བཟོད་པར་བྱ་བ་ཡང་མི་དམིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། བྱ་བ་ཡང་མི་དམིགས། ལུས་དང་སེམས་ཀྱང་མི་དམིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། སེམས་ཀྱང་མི་དམིགས་ཏེ། ཏིང་ངེ་འཛིན་ཡང་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། ཤེས་རབ་དང་ལྡན་པ་ཡང་མི་དམིགས། ཤེས་པར་བྱ་བ་ཡང་མི་དམིགས་སོ། །ཀཽ་ཤི་ཀ་འོན་ཀྱང་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པ་གཏོང་བའི་སྔོན་དུ་འགྲོ་ཞིང་འདྲེན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་བསྲུང་བའི་སྔོན་དུ་འགྲོ་ཞིང་འདྲེན་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་སྒོམ་པ་དང༌། བརྩོན་འགྲུས་རྩོམ་པ་དང༌། བསམ་གཏན་ལ་སྙོམས་པར་འཇུག་པ་དང༌། ཆོས་རྣམས་ལ་རྣམ་པར་ལྟ་བའི་སྔོན་དུ་འགྲོ་ཞིང་འདྲེན་པའོ། །དེ་བཞིན་དུ་སོ་སོ་བ་དང༌།


DTG083_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་མི་དམིགས་པའི་ཚུལ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་དམིགས་པའི་ཚུལ་དང༌། འཕགས་པའི་བདེན་པ་རྣམས་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་པའི་ཚུལ་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དྲུག་མི་དམིགས་པའི་ཚུལ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོམ་བརྒྱད་མི་དམིགས་པའི་ཚུལ་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་མི་དམིགས་པའི་ཚུལ་དང༌། ཆོས་ཐམས་ཅད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་སོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་གི་ཤིང་རྣམས་ལོ་མ་དང་ཡལ་ག་སྣ་ཚོགས་ཅན། མེ་ཏོག་དང༌། འབྲས་བུ་སྣ་ཚོགས་ཅན། དབྱིབས་དང༌། ཆུབ་ཞེང་སྣ་ཚོགས་ཅན་དུ་འཁོད་ཀྱང་ཤིང་དེ་དག་གི་གྲིབ་མ་ལ་ཁྱད་པར་རམ། བྱེ་བྲག་ཏུ་བྱ་བ་མི་དམིགས་ཏེ། འདི་ནི་གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་བར་ཟད་དོ། །ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོས་པ་རྣམས་ལ་ཁྱད་པར་རམ་བྱེ་བྲག་ཏུ་བྱ་བ་མི་དམིགས་སོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ཡིན་ཏེ། འདི་དག་གིས་ནི་མོས་པ་ཡིད་ལ་བྱེད་པ་གསུངས་པ་ཡིན་ནོ། །


previousམོས་པ་ཡིད་ལ་བྱེད་པ། next