Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གསུམ་པ།


  collapse section
   
  collapse section
   
   
   
   
   
   
   
   
ཡོངས་སུ་བསྔོ་བ།
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   


 
previousཡོངས་སུ་བསྔོ་བ། next

ཡོངས་སུ་བསྔོ་བ།


DTG083_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་གནས་བརྟན་རབ་འབྱོར་ལ་སྨྲས་པ། བཙུན་པ་རབ་འབྱོར་


DTG083_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་དག་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ཉིད་རབ་ཅེས་བྱའོ། །དམ་པ་ཞེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །རབ་མཆོག་ཅེས་བྱའོ། །ཕུལ་དུ་ཕྱིན་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཞེས་བྱ་བ་ནི་ཡོངས་སུ་བསྔོ་བ་ཁྱད་པར་ཅན་ཡིན་ནོ།། །།བམ་པོ་སུམ་ཅུ་ལྔ་པ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་དག་ཐམས་ཅད་བདག་དུལ་བ་དང༌། བདག་ཞི་བ་དང༌། བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཉེ་བར་གནས་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཇི་སྙེད་ཡོད་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། འཕགས་པའི་བདེན་པ་བཞི་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། མངོན་པར་ཤེས་པ་དྲུག་ཀྱང་བདག་ཀྱང་བདག་དུལ་བ་དང༌། བདག་ཞི་བར་བྱ་བ་དང༌།


DTG083_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཉེ་བར་གནས་པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་དུལ་བ་དང༌། ཞི་བར་བྱ་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་བྱེད་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པ་གང་ཡང་བྱང་ཆུབ་སེམས་དཔའ་འདིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་ཚད་མེད་གཞལ་དུ་མེད་པ་དང༌། དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་གི་ཕྱོགས་རྣམས་དང༌། མཚམས་རྣམས་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེའི་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་ཚད་མེད་གཞལ་དུ་མེད་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་གིས་ཐུགས་དང་པོ་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང༌། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང༌། དམ་པའི་ཆོས་མ་ནུབ་པའི་བར་དུ་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་གང་ཇི་སྙེད་ཅིག་ཡོད་པ་དང༌། ཉན་ཐོས་ཀྱི་ཐེག་པ་པ་གང་ཡིན་པ་དེ་རྣམས་དང༌། རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཡིན་པ་དེ་རྣམས་ཀྱི་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དང༌། སློབ་པའི་དགེ་བའི་རྩ་བ་ཟག་པ་མེད་པ་གང་ཡིན་པ་དང༌། དེ་བཞིན་གཤེགས་པ་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་གང་ཡིན་པ་དང༌། ཕན་པར་བཞེད་པ་གང་ཡིན་པ་དང༌། བྱམས་པ་ཆེན་པོ་གང་ཡིན་པ་དང༌། སྙིང་རྗེ་ཆེན་པོ་གང་ཡིན་པ་དང༌། སངས་རྒྱས་ཀྱི་ཆོས་གྲངས་མེད་ཚད་མེད་གཞལ་དུ་མེད་པ་གང་ཡིན་པ་དང༌། སངས་རྒྱས་


DTG083_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེ་དག་གིས་ཆོས་བསྟན་པ་གང་ཡིན་པ་དང༌། ཆོས་བསྟན་པ་དེ་ལ་བསླབས་ཤིང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་དང༌། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་དང༌། དགྲ་བཅོམ་པ་ཉིད་ཐོབ་པ་དང༌། རང་བྱང་ཆུབ་ཐོབ་པ་དང༌། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་དེ་དག་གི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང༌། གང་གིས་དེ་བཞིན་གཤེགས་པ་དེ་དག་བཞུགས་ཀྱང་རུང༌། ཡོངས་སུ་མྱ་མྱ་ངན་འདས་ཀྱང་རུང༌། དེ་དག་ལ་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་བསྐྱེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། རྗེས་སུ་ཡི་རང་བ་རབ། དམ་པ། གཙོ་བོ། །མཆོད་ཕུལ་དུ་ཕྱིན་པ། གོང་ན་མེད་པ། མཉམ་པ་མེད་པ། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་བ་སྟེ། དེ་ལྟར་རྗེས་སུ་ཡི་རངས་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྒྲུབ་པར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །གང་ཡང་ཐེག་པ་ཆེན་པོ་པ་འདིས་སེམས་ཅན་གྱི་རྣམ་པ་དེ་ལྟ་བུར་ཡོངས་སུ་བསྔོ་བར་བྱ་ན་དམིགས་པ་གང་དང༌། དངོས་པོ་གང་དག་གིས་སེམས་དེ་བསྐྱེད་པའི་དངོས་པོ་དེ་དག་དང༌། དམིགས་པ་དེ་དག་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དེ་དག་གིས་ཇི་ལྟར་མཚན་མར་བྱས་པ་དེ་བཞིན་དུ་ཡོད་དམ། དེ་བཞིན་དུ་དམིགས་སམ། བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དེ་དག་གིས་ཇི་ལྟར་མཚན་མར་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་དུ་དངོས་པོ་དེ་དག་དང་དམིགས་པ་དེ་དག་དམིགས་སུ་ཡོད་པ་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། གལ་ཏེ་དེ་ལྟར་དངོས་པོ་མེད་པ་དང༌། དམིགས་སུ་མེད་པ་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་གི་ཡང་ཐུགས་དང་པོ་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང༌། དམ་པའི་ཆོས་གནས་པའི་བར་གྱི་


DTG083_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རྩ་བ་དང༌། ཉན་ཐོས་ཀྱི་ཐེག་པ་བའི་གང་ཟག་དེ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་དེ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་རྣམས་དང༌། སློབ་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང༌། མི་སློབ་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྗེས་སུ་ཡི་རངས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མཚན་མར་བྱས་ཤིང་མཚན་མའི་ཚུལ་གྱིས་ཡོངས་སུ་བསྔོ་ན། མི་རྟག་པ་ལ་རྟག་གོ་ཞེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་དང༌། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང༌། སྡུག་བསྔལ་བ་ལ་བདེ་བ་ཞེས་བྱ་བ་དང་བདག་མེད་པ་ལ་བདག་ཅེས་བྱ་བ་དང༌། ཞི་བ་ལ་མ་ཞི་ཞེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་དང༌། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ལྟ་དེ་ལྟར་དེའི་ཕྱིན་ཅི་ལོག་ཏུ་མ་གྱུར་ཏམ། དེ་སྟེ་དངོས་པོ་ཇི་ལྟ་བ་དང༌། དམིགས་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཀྱང་དེ་བཞིན། སེམས་ཀྱང་དེ་བཞིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དེ་བཞིན། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། འཕགས་པའི་བདེན་པ་རྣམས་ཀྱང་དེ་བཞིན། ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཡང་དེ་བཞིན། རྣམ་པར་ཐར་པ་བརྒྱད་ཀྱང་དེ་བཞིན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་དེ་བཞིན། མངོན་པར་ཤེས་པ་དྲུག་ཀྱང་དེ་བཞིན། ཏིང་ངེ་འཛིན་ཐམས་ཅད་ཀྱང་དེ་བཞིན། གཟུངས་ཀྱི་སྒོ་རྣམས་ཀྱང་དེ་བཞིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དེ་བཞིན། མི་འཇིགས་པ་རྣམས་ཀྱང་དེ་བཞིན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་དེ་བཞིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་དེ་བཞིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དེ་བཞིན་


DTG083_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གལ་ཏེ་དེ་ལྟར་དངོས་པོ་ཇི་ལྟ་བ་དང༌། དམིགས་པ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན། སེམས་ཀྱང་དེ་བཞིན། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་དེ་བཞིན། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱང་དེ་བཞིན། ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་དེ་བཞིན། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་ཀྱང་དེ་བཞིན། ཚད་མེད་པ་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་དེ་བཞིན། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་དེ་བཞིན། རྣམ་པར་ཐར་པའི་སྒོ་གསུམ་ཀྱང་དེ་བཞིན། མངོན་པར་ཤེས་པ་ཡང་དེ་བཞིན། ཏིང་ངེ་འཛིན་ཐམས་ཅད་ཀྱང་དེ་བཞིན། གཟུངས་ཀྱི་སྒོ་ཐམས་ཅད་ཀྱང་དེ་བཞིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དེ་བཞིན། མི་འཇིགས་པ་བཞི་ཡང་དེ་བཞིན། སོ་སོ་ཡང་དག་པར་རིག་པ་བཞི་ཡང་དེ་བཞིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་དེ་བཞིན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བའི་དངོས་པོ་ནི་གང་ཞིག་ཡིན། དམིགས་པ་ནི་གང་ཞིག་ཡིན། བྱང་ཆུབ་ནི་གང་ཞིག་ཡིན། སེམས་ནི་གང་ཞིག་ཡིན། དགེ་བའི་རྩ་བ་ནི་གང་ཞིག་ཡིན། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ནི་གང་ཞིག་ཡིན། བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་འགྱུར། སངས་རྒྱས་མང་པོ་ལ་བསྙེན་བཀུར་བར་འགྱུར། དགེ་བའི་རྩ་བ་བསྐྱེད་པར་འགྱུར། དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་འཛིན་པར་འགྱུར། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་སློབ་པར་འགྱུར་བ་ནི་དངོས་པོ་དེ་དག་དང༌། དམིགས་པ་དེ་དག་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང༌། དགེ་བའི་རྩ་བ་དེ་དག་དང༌། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་མཚན་མར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་


DTG083_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཡོངས་སུ་བསྔོ་བར་མི་འགྱུར་གྱི། ཇི་ལྟར་གཉིས་ཀྱི་ཚུལ་གྱིས་མ་ཡིན། གཉིས་སུ་མེད་པའི་ཚུལ་གྱིས་མ་ཡིན། མཚན་མའི་ཚུལ་གྱིས་མ་ཡིན། མཚན་མ་མེད་པའི་ཚུལ་གྱིས་མ་ཡིན། དམིགས་པའི་ཚུལ་གྱིས་མ་ཡིན། དམིགས་སུ་མེད་པའི་ཚུལ་གྱིས་མ་ཡིན། ཀུན་ནས་ཉོན་མོངས་པ་མེད་པའི་ཚུལ་གྱིས་མ་ཡིན། རྣམ་པར་བྱང་བའི་ཚུལ་གྱིས་མ་ཡིན། སྐྱེ་བའི་ཚུལ་གྱིས་མ་ཡིན། འགག་པའི་ཚུལ་གྱིས་མ་ཡིན་པ་དེ་ལྟར་ཡོངས་སུ་བསྔོ་བར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་གྱུར་པ་ཡང་མ་ཡིན། སངས་རྒྱས་མང་པོ་ལ་བསྙེན་བཀུར་བར་གྱུར་པ་ཡང་མ་ཡིན། དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་ཡང་མ་ཡིན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་གྱུར་པ་ཡང་མ་ཡིན། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་སློབ་པར་གྱུར་པ་ཡང་མ་ཡིན་ན། དངོས་པོ་དེ་དག་དང༌། དམིགས་པ་དེ་དག་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང༌། དགེ་བའི་རྩ་བ་དེ་དག་དང༌། རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་དེ་དག་ལ་མཚན་མར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་རོ། །བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་བཤད་པར་མི་བྱའོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དེ་ལྟར་བསྟན་པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བཤད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་ལ་དད་པ་ཙམ་མམ། རབ་ཏུ་དང་བ་ཙམ་མམ། དགའ་བ་ཙམ་མམ། གུས་པ་ཙམ་ཞིག་ཡོད་པ་གང་ཡིན་པ་དེ་ཡང་མེད་པར་གྱུར་པའི་ཕྱིར་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བཤད་པར་བྱའོ། །བསྟན་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་བསྟན་པར་བྱ་བར་བཤད་པ་སྟེ། དེས་དེ་ལྟར་ཐོས་ནས་མི་དང༌། ཀུན་ཏུ་མི་སྐྲག་ཀུན་ཏུ་


DTG083_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་པ་དང་ལྡན་པར་མི་འགྱུར་རོ། །གལ་ཏེ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང༌། སྔོན་གྱི་རྒྱལ་བ་ལ་བརྟེན་ཏེ་དགེ་བའི་རྩ་བ་བསྐྲུན་པ་དང༌། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ་ཡིན་ན་ཡང་ངོ༌། །བཙུན་པ་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །རབ་འབྱོར་གྱིས་སྨྲས་པ། འོ་ན་བྱམས་པ་སེམས་གང་གིས་རྗེས་སུ་ཡི་རངས་ནས་ཡོངས་སུ་སྔོ་བར་བྱེད་པའི་སེམས་དེ་ནི་ཟད་ཅིང་འགགས་པ་དང་བྲལ་ཞིང་རྣམ་པར་གྱུར་བ་དང༌། དངོས་པོ་དེ་དག་དང༌། དམིགས་པ་དེ་དག་དང༌། དགེ་བའི་རྩ་བ་དེ་དག་ཀྱང་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་ན། རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་གང་ཞིག་དང༌། དངོས་པོ་གང་ཞིག་དང༌། དམིགས་པ་གང་ཞིག་དང༌། དགེ་བའི་རྩ་བ་གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ། ཅི་སེམས་གང་གིས་སེམས་ཡོངས་སུ་བསྔོ་བར་བྱ་བའམ། དེ་ལྟ་ན་ནི་སེམས་གཉིས་ཕྲད་པར་འགྱུར་བ་མེད་ལ། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བར་མི་ནུས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པའོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པའོ། །གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་དངོས་པོ་མེད་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་དངོས་པོ་མེད་པའོ། །ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ནི་དངོས་པོ་མེད་པའོ། །སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དྲུག་རྣམས་ནི་དངོས་པོ་མེད་པའོ། །


DTG083_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་ནི་དངོས་པོ་མེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་དངོས་པོ་མེད་པའོ་ཞེས་བྱ་བར་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །གལ་ཏེ་དེ་ལྟར་ཡོངས་སུ་བསྔོ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་གནས་བརྟན་རབ་འབྱོར་ལ་སྨྲས་པ། བཙུན་པ་རབ་འབྱོར་ཇི་ལྟར་ན་ཐེག་པ་ལ་གསར་དུ་ཞུགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་བ་ཡིན། ཇི་ལྟར་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བཟུང་ཞིང་ཡོངས་སུ་བསྔོས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། བྱམས་པ་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས་པའི་ཚུལ་དང༌། མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་འགྱུར། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའི་ཚུལ་དང༌། མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་འགྱུར་ན། ནང་སྟོང་པ་ཉིད་ལ་མོས་པ་མང་བར་འགྱུར། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མོས་པ་མང་བར་འགྱུར། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། འཕགས་པའི་བདེན་པ་རྣམས་ལ་མོས་པ་མང་བར་འགྱུར། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མོས་པ་མང་བར་འགྱུར། སྟོང་པ་ཉིད་དང༌། མཚན་མ་མེད་


DTG083_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྨོན་པ་མེད་པ་ལ་མོས་པ་མང་བར་འགྱུར། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་ལ་མོས་པ་མང་བར་འགྱུར། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མོས་པ་མང་བར་འགྱུར། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར། འདིའི་དགེ་བའི་བཤེས་གཉེན་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན་ཡི་གེ་དང་ལྡན་པར་སྟོན་པར་འགྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་མི་འགྱུར་བ་དང༌། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་འབྲལ་བར་མི་འགྱུར་བ་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་རྣམས་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། རྣམ་པར་ཐར་བ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང་འབྲལ་བར་མི་འགྱུར་བ་དེ་ལྟར་སྟོན་ཏོ། །བདུད་ཀྱི་ལས་རྣམས་ཀྱང་སྟོན་པར་འགྱུར་ཏེ། དེས་བདུད་ཀྱི་ལས་དེ་དག་ཐོས་ནས་འགྲིབ་པའམ་འཕེལ་བ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདུད་ཀྱི་ལས་དེ་དག་ལ་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་ཏེ། དེ་དག་ལ་ཡང་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །དགེ་བའི་རྩ་བ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་


DTG083_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་རིགས་དེ་དང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དུ་ནམ་ཡང་འབྲལ་བར་མི་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཚད་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་ལམ་ཆད་པ། འཇུག་པ་ཆད་པ། སྤྲོས་པ་དང་སྲིད་པར་འདྲེན་པ་ཆད་པ། མཆི་མ་ཟད་པ། ཚེར་མ་བཅོམ་པ། ཁུར་ཤིན་ཏུ་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་དམ་པའི་ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་གིས་བསོད་ནམས་མངོན་པར་འདུ་མཛད་དེ་དགེ་བའི་རྩ་བ་བསྐྱེད་པ་དང༌། རྒྱལ་རིགས་སཱ་ལ་ཆེན་པོ་རྣམས་སམ། བྲམ་ཟེའི་རིགས་སཱ་ལ་ཆེན་པོ་རྣམས་སམ། ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་རྣམས་སམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའམ། སུམ་ཅུ་རྩ་གསུམ་པའམ། འཐབ་བྲལ་ལམ། དགའ་ལྡན་ནམ། འཕྲུལ་དགའ་འམ། གཞན་འཕྲུལ་དབང་བྱེད་དམ། ཚངས་རིགས་སམ། ཚངས་པའི་མདུན་ན་འདོན་ནམ། ཚངས་ཆེན་ནམ། འོད་ཆུང་ངམ། ཚད་མེད་འོད་དམ། འོད་གསལ་ལམ། དགེ་ཆུང་ངམ། ཚད་མེད་དགེ་འམ། དགེ་རྒྱས་སམ། སྤྲིན་མེད་དམ། བསོད་ནམས་འཕེལ་ལམ། འབྲས་བུ་ཆེ་བའམ། གནས་གཙང་མ་པའམ། མི་ཆེ་བའམ། མི་གདུང་བའམ། ལེགས་མཐོང་བའམ། རབ་ལྟ་བའམ། འོག་མིན་གྱི་ལྷ་རྣམས་ཀྱི་ཡང་རུང་སྟེ། དགེ་བའི་རྩ་བ་བསྐྱེད་བ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ་གཅིག་ཏུ་བཏུལ་ནས་བསྙམས་ཏེ། རྗེས་སུ་ཡི་རང་བ། རབ། དམ་པ། གཙོ་བོ་མཆོག་རབ། མཆོག་ཕུལ་དུ་ཕྱིན་པ། གོང་ན་མེད་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་སྟེ། རྗེས་སུ་ཡི་རང་ནས་ཀྱང་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་


DTG083_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བར་བྱའོ་ཞེས་བྱ་བ་ནི་དམིགས་སུ་མེད་པའི་ཡོངས་སུ་བསྔོ་བ་ཡིན་ནོ། །བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་སེམས་ཤིང་བསམས་ནས་རྗེས་སུ་ཡི་རང་བའི་རབ་ཀྱིས་རྗེས་སུ་ཡི་རང་བར་བྱས་ཏེ། རྗེས་སུ་ཡི་རང་བ་གོང་ན་མེད་པའི་བར་གྱིས་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་ཡིན། སེམས་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་ཡིན། ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་ཡིན། རབ་འབྱོར་གྱིས་སྨྲས་པ། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ལས་ཀྱང་དེ་ལ་སངས་རྒྱས་སུ་འདུ་ཤེས་པར་མི་འགྱུར། ཉན་ཐོས་སུ་འདུ་ཤེས་པར་མི་འགྱུར། དགེ་བའི་རྩ་བར་འདུ་ཤེས་པར་མི་འགྱུར་ཞིང༌། སེམས་གང་གིས་ཡོངས་སུ་བསྔོ་བའི་སེམས་དེ་ལ་ཡང་སེམས་ཀྱི་འདུ་ཤེས་སུ་མི་འགྱུར་ན། དེ་ལྟར་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད་དོ། །སེམས་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད་དོ། །ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང༌། དགེ་བའི་རྩ་བ་དེ་དག་སེམས་ཀྱིས་སེམས་ཤིང་མཚན་མར་འཛིན་པས་མཚན་མར་བཟུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེ་ལྟར་ཡོངས་སུ་སྔོ་བར་བྱེད་པའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང༌། དགེ་བའི་རྩ་བ་དེ་དག་ལ་སེམས་གང་གིས་ཡང་དག་པར་སེམས་ཤིང་འདི་ལྟར་ཟད་པ་ལ་ཟད་ཅེས་བྱ་བར་ཤེས་ན་གང་ཟག་དེས་ཡོངས་སུ་བསྔོ་བར་མི་ནུས་སོ། །སེམས་གང་གིས་ཡོངས་སུ་བསྔོ་


DTG083_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་དེ་ཉིད་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ལ། དེར་ཡོངས་སུ་བསྔོ་བ་དེ་ཡང་ཆོས་ཉིད་དོ་ཞེས་གལ་ཏེ་དེ་ལྟར་ཡོངས་སུ་བསྔོ་ན་ཡང་དག་པར་ཡོངས་སུ་བསྔོ་བ་སྟེ། ལོག་པ་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བསྔོ་བར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐུགས་དང་པོ་བསྐྱེད་པ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང༌། དམ་པའི་ཆོས་ནུབ་པའི་བར་དང༌། ཉན་ཐོས་དང༌། རང་སངས་རྒྱས་དེ་དག་དང༌། སོ་སོའི་སྐྱེ་བོ་མང་པོས་དགེ་བའི་རྩ་བ་གང་ཅི་སྙེད་ཅིག་བསྐྱེད་པ་དང༌། ཆོས་བསྟན་པ་གང་ཅི་སྙེད་ཅིག་ཐོས་པ་དང༌། དེ་དག་ཏུ་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དག་གིས་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་བསྐྱེད་པ་དང༌། རྒྱལ་རིགས་སཱ་ལ་ཆེན་པོ་རྣམས་སམ། བྲམ་ཟེའི་རིགས་སཱ་ལ་ཆེན་པོ་རྣམས་སམ། ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་རྣམས་སམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སམ། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་དམ་པའི་ཆོས་ཐོས་པ་དང༌། དགེ་བའི་རྩ་བ་བསྐྱེད་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཐམས་ཅད་མངོན་པར་བསྡུས་ཏེ་གཅིག་ཏུ་བཏུལ་ནས་བསྙམས་ཏེ། རྗེས་སུ་ཡི་རང་བའི་བར་གྱིས་རྗེས་སུ་ཡི་རང་ཞིང་རྗེས་སུ་ཡི་རང་བ་དམ་པ། གཙོ་བོ། མཆོག་རབ། མཆོག །ཕུལ་དུ་ཕྱིན་པ། གོང་ན་མེད་པ། མཉམ་པ་མེད་པ། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་སྟེ། རྗེས་སུ་ཡི་རང་བར་བྱས་ནས་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་གལ་ཏེ་འདི་ལྟར་ཆོས་འདི་དག་ནི་ཟད་དོ། །འགགས་སོ། །མེད་དོ། །རྣམ་པར་གྱུར་ཏོ། །གང་དུ་ཡོངས་སུ་བསྔོ་བའི་སེམས་དེ་ཡང་རང་བཞིན་གྱིས་སྟོང་པའོ་ཞེས་ཤེས་པར་བྱས་ལ། གལ་ཏེ་དེ་ལྟར་ཡོངས་སུ་བསྔོ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །གལ་ཏེ་འདི་ལྟར་ཆོས་ཀྱིས་ཆོས་ཡོངས་སུ་བསྔོ་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་


DTG083_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བར་ཤེས་ལ། གལ་ཏེ་དེ་ལྟར་ཡོངས་སུ་བསྔོ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང༌། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བསྔོ་བ་དེ་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་རོ། །གང་དུ་ཆགས་པར་འགྱུར་བའི་དགེ་བའི་རྩ་བ་དེ་དག་དང༌། བྱང་ཆུབ་ཀྱི་སེམས་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་བླ་ན་མེད་པའོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཀྱིས་ཡོངས་སུ་བསྔོ་བ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱིས་དབེན་པར་ཤེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས་ཏེ། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། ནང་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་དབེན་པར་ཤེས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་དབེན་པར་ཤེས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་དབེན་པར་ཤེས་ན། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །


DTG083_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་བསོད་ནམས་བྱ་བའི་དངོས་པོའི་ངོ་བོ་ཉིད་ཀྱིས་དབེན་པར་ཤེས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །དགེ་བའི་རྩ་བ་དེ་དག་ནི་དགེ་བའི་རྩ་བའི་ངོ་བོ་ཉིད་ཀྱིས་དབེན་ནོ། །མངོན་པར་འདུ་བྱ་བ་དེ་དག་ནི་མངོན་པར་འདུ་བྱ་བའི་ངོ་བོ་ཉིད་ཀྱིས་དབེན་ནོ། །བྱང་ཆུབ་ཀྱི་སེམས་དེ་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །ཡོངས་སུ་བསྔོ་བའི་སེམས་ནི་ཡོངས་སུ་བསྔོ་བའི་སེམས་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །བྱང་ཆུབ་ཀྱང་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་དབེན་ནོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་རྣམས་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། སྟོབས་བཅུ་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སངས་


DTG083_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ་ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དབེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དབེན་པའི་ཡོངས་སུ་བསྔོ་བ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དགེ་བའི་རྩ་བ་དེ་དག་ཐམས་ཅད་རྗེས་སུ་དྲན་པར་བྱས་ནས་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཡོངས་སུ་བསྔོ་བ་ཅི་འདྲ་བ་ཁོ་ནར་གང་གིས་ཡོངས་སུ་སྔོ་བར་བྱེད་པའི་སེམས་ཀྱང་དེ་འདྲ་བ་ཁོ་ན་སྟེ། དེའི་རིགས་ཅན་དང༌། དེའི་རང་བཞིན་ཅན་ནོ་ཞེས་གལ་ཏེ་དེ་ལྟར་ཡོངས་སུ་ཤེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན། དེ་ལྟར་ཡོངས་སུ་བསྔོ་ན་འདུ་ཤེས་ཕྱིན་ཅི་ལོག་པ་མ་ཡིན། སེམས་ཕྱིན་ཅི་ལོག་པ་མ་ཡིན། ལྟ་བ་ཕྱིན་ཅི་ལོག་པ་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་མའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དགེ་བའི་རྩ་བ་དེ་དག་ཡོངས་སུ་ཤེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་ཡིན་ནོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ཀྱང་མཚན་མ་མ་ཡིན། ཡུལ་མ་ཡིན་ནོ་ཞེས་གལ་ཏེ་དེ་ལྟར་སེམས་ན་ཡང་མཚན་མར་བྱེད་པ་ཡིན་གྱི། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་ཡིན་ཏེ། དེ་ལྟར་ན་དེའི་འདུ་ཤེས་ཕྱིན་ཅི་ལོག་པ་མ་ཡིན་ནོ། །སེམས་ཕྱིན་ཅི་ལོག་པ་མ་ཡིན་ནོ། །ལྟ་བ་ཕྱིན་ཅི་ལོག་པ་མ་ཡིན་ནོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང༌། དགེ་བའི་རྩ་བ་དེ་དག་དང༌། མངོན་པར་འདུ་བྱ་བ་དེ་དག་དང༌། སེམས་བསྐྱེད་པ་དེ་དག་ཡོངས་སུ་ཤེས་པ་མེད་ཅིང་མཚན་མར་མི་བྱེད་པར་ཡོངས་སུ་བསྔོ་ན་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་ཕྱིན་ཅི་ལོག་པ་མ་ཡིན། སེམས་


DTG083_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཅི་ལོག་པ་མ་ཡིན། ལྟ་བ་ཕྱིན་ཅི་ལོག་པ་མ་ཡིན་ནོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསོད་ནམས་ཀྱི་རིགས་དང་རང་བཞིན་རྗེས་སུ་དྲན་པའི་ཡོངས་སུ་བསྔོ་བ་ཡིན་ནོ། །བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་མར་མི་བྱེད་ཅིང་ཡོངས་སུ་བསྔོ་བ་མ་ཡིན། རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཐབས་མཁས་པ་ལ་བསླབ་པར་བྱའོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པར་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བསྔོ་བར་མི་ནུས་སོ། །བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང༌། དགེ་བའི་རྩ་བ་དེ་དག་དང༌། མངོན་པར་འདུ་བྱ་བ་དེ་དག་དང༌། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་བསྐྱེད་པ་དེ་དག་ཀྱང་མེད་དོ་ཞེས་བྱ་བ་འདི་ནི་སྐྱོན་དུ་སྨོས་པར་མི་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་གི་ལུས་དེ་དག་དང༌། དགེ་བའི་རྩ་བ་དེ་དག་དང༌། མངོན་པར་འདུ་བྱ་བ་དེ་དག་དང༌། སེམས་བསྐྱེད་པ་དེ་དག་འགག་པར་འགྱུར་དུ་ཟིན་ཀྱང༌། མཚན་མར་བྱས་ནས་རྣམ་པར་རྟོག་པར་མི་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང༌། དགེ་བའི་རྩ་བ་དེ་དག་དང༌། མངོན་པར་འདུ་བྱ་བ་དེ་དག་དང༌། སེམས་བསྐྱེད་པ་དེ་དག་ལ་མཚན་མར་བྱས་ཤིང་རྣམ་པར་རྟོག་པ་དེ་ལྟ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་དེ་ལྟར་མཚན་མའི་ཚུལ་གྱིས་ཡོངས་སུ་བསྔོ་བ་ལ་རྗེས་སུ་དགྱེས་པ་དང༌། མངོན་པར་བསྔགས་པ་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ད་ལྟར་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་མཚན་མར་བྱས་ཤིང་རྣམ་པར་བརྟགས་ཏེ། དམིགས་པ་ནི་དེའི་དམིགས་པ་ཆེན་པོར་འགྱུར་བའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་


DTG083_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་འདོད་པས་མི་དམིགས་ཤིང་མཚན་མ་མེད་པར་བྱས་ཏེ་ཡོངས་སུ་བསྔོ་བར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་དམིགས་པའི་འདུ་ཤེས་ཅན་དང༌། མཚན་མའི་འདུ་ཤེས་ཅན་གྱིས་ཡོངས་སུ་བསྔོ་བ་དེ་ནི་དོན་ཆེ་བར་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་བསྔོ་བ་དེ་ནི་དུག་ཅན་དང་ཟུག་རྡུ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐབས་མཁས་པའི་ཡོངས་སུ་བསྔོ་བ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་ཁ་ཟས་བསོད་པ་ཁ་དོག་ཕུན་སུམ་ཚོགས་པ་དང༌། དྲི་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་དུག་དང་བསྲེས་པར་གྱུར་ན། ཁ་དོག་དང་དྲི་དང༌། རོས་ཡིད་དུ་འོང་བ་ཡིན་མོད་ཀྱི། འོན་ཀྱང་དེ་ལ་སྐྱེས་བུ་བྱིས་པའི་ངང་ཚུལ་ཅན་བཟའ་བར་སེམས་ཏེ། དེས་དེ་ཟོས་ན་ཡང་ཁ་དོག་དང༌། དྲི་དང་རོ་ཞིམ་པོར་ཚོར་མོད་ཀྱི། ཞུ་བར་གྱུར་པ་ན་སྡུག་བསྔལ་གྱི་རྣམ་པར་སྨིན་པར་འགྱུར་རོ། །དེ་བཞིན་དུ་འདི་ལ་ལོག་པར་རིག་པ་དང༌། ལོག་པར་ཤེས་པ་དང༌། ལོག་པར་བསླབས་པ་ལ་དོན་མ་རྟོགས་པར་མི་ཤེས་ཤིང་འདི་སྐད་དུ་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང༌། དམ་པའི་ཆོས་ནུབ་པར་མ་གྱུར་གྱི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་དེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་བ་དང༌། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་དེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པ་དང༌། བསམ་གཏན་བཞི་དང་ལྡན་པ་དང༌། ཚད་མེད་པ་བཞི་དང་ལྡན་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པ་དང༌། འཕགས་པའི་བདེན་པ་


DTG083_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་ལྡན་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང་ལྡན་པ་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་ལྡན་པ་དང༌། མངོན་པར་ཤེས་པ་ལྔ་དང་ལྡན་པ་དང༌། སྟོང་པ་ཉིད་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་དང༌། མི་འཇིགས་པ་བཞི་དང་ལྡན་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པ་དང༌། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པ་དང༌། དགེ་བའི་རྩ་བ་མངོན་པར་འདུ་མཛད་པ་གང་དག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་མང་པོ་ཡོངས་སུ་སྨིན་པར་མཛད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་པའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང༌། བསྙེལ་བ་མི་མདའ་བའི་ཆོས་ཉིད་ཀྱི་ཡེ་ཤེས་དང༌། རྟག་ཏུ་བཏང་སྙོམས་སུ་གནས་པ་དང༌། དེར་ཉན་ཐོས་གང་དག་གིས་དགེ་བའི་རྩ་བ་མངོན་པར་འདུ་བྱས་པ་དང༌། གང་ཡང་རང་སངས་རྒྱས་རྣམས་ཉིད་ལུང་བསྟན་པ་དང༌། དེར་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་གང་དག་གིས་དགེ་བའི་རྩ་བ་མངོན་པར་འདུ་བྱས་པ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ་གཅིག་ཏུ་བཏུལ་ཞིང་བསྙམས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག་ཅེས་བྱ་བར་སྟོན་ཏེ། དེ་ལྟར་མཚན་མའི་ཚུལ་དང་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་ན་དུག་ཏུ་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན། ཟས་དུག་ཅན་དེ་དང་འདྲ་ན་དམིགས་པའི་ཚུལ་འདུ་ཤེས་ཅན་ལ་ཡོངས་སུ་བསྔོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་ནི་དུག་ཅན་དང་བཅས་པ་མཚན་མ་དང་བཅས་པ། རྒྱུ་དང་བཅས་པ། རྐྱེན་དང་བཅས་པའི་ཕྱིར་ཏེ། གང་དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་དེ་བཞིན་གཤེགས་པས་བཤད་པར་མི་འགྱུར་ཏེ། དེ་བཞིན་


DTG083_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པས་གསུངས་པ་བཞིན་དུ་སྨྲ་བ་མ་ཡིན། ཆོས་བཞིན་དུ་སྨྲ་བར་མི་འགྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་ལྟར་བསླབ་པར་མི་བྱའོ་ཞེས་བྱ་བ་ནི་མཚན་མ་མེད་པའི་ཡོངས་སུ་བསྔོ་བ་ཡིན་ནོ། །བྱམས་པས་སྨྲས་པ། ཇི་ལྟར་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་བ་ཡོངས་སུ་བསྔོ་བར་བྱ། ཇི་ལྟར་ན་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང༌། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང༌། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་དམ་པའི་ཆོས་ནུབ་པར་མ་གྱུར་གྱི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་དེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་བར་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་གང་དག་གིས་དགེ་བའི་རྩ་བ་བསྐྱེད་པ་རྣམས་ལ་རྗེས་སུ་ཡི་རང་སྟེ་ཡོངས་སུ་བསྔོ་བར་བྱ། ཇི་ལྟར་ཡོངས་སུ་བསྔོས་ན་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན། རབ་འབྱོར་གྱིས་སྨྲས་པ། འདི་ལྟར་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་བཞིན་གཤེགས་པས་མ་གསུངས་པ་མ་ཡིན་པར་འདོད་པས་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པས་དགེ་བའི་རྩ་བ་དེ་དག་གི་རིགས་གང་ཡིན་པ་དང༌། རང་བཞིན་གང་ཡིན་པ་དང༌། མཚན་ཉིད་གང་ཡིན་པ་མཁྱེན་ཅིང་ཆོས་ཉིད་གང་གིས་ཡོད་པ་དེ་བཞིན་དུ་བདག་གིས་རྗེས་སུ་ཡི་རང་བར་བྱའོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་དེ་ལྟར་ཐེག་པ་ཆེན་པོ་པའི་རིགས་


DTG083_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུའམ། རིགས་ཀྱི་བུ་མོས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལྟར་ཡོངས་སུ་བསྔོ་ན་དེ་བཞིན་གཤེགས་པས་མ་གསུངས་བ་མ་ཡིན་པ་དང༌། དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་སྨྲ་བ་དང༌། ཆོས་བཞིན་དུ་སྨྲ་བ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་དེ་དུག་མེད་པ་ཡིན་ནོ་ཞེས་བྱ་བ་ན་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཡོངས་སུ་བསྔོ་བ་ཡིན་ནོ། །གཞན་ཡང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དགེ་བའི་རྩ་བ་དེ་རྣམས་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས་པ། དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། ཁམས་རྣམས་དང༌། སྐྱེ་མཆེད་རྣམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །དེ་བཞིན་དུ་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། ཚད་མེད་


DTG083_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། འཕགས་པའི་བདེན་པ་རྣམས་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དྲུག་རྣམས་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་རྣམས་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་གནས་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། རྟག་ཏུ་བཏང་སྙོམས་སུ་གནས་པ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས་ཏེ་གང་མ་གཏོགས་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་དེ་དག་མ་གཏོགས་པའི་ཕྱིར་ཏེ། དེ་བཞིན་དུ་ཡོངས་སུ་བསྔོ་བ་ཡང་མ་གཏོགས། ཆོས་གང་དུ་ཡོངས་སུ་སྔོ་བར་བྱེད་པའི་ཆོས་དེ་ཡང་མ་གཏོགས། གང་ཡོངས་སུ་བསྔོ་བ་དེ་ཡང་མ་གཏོགས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་འདོད་པ་དང༌། གཟུགས་དང༌། གཟུགས་མེད་


DTG083_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་སུ་མ་གཏོགས། དེ་དག་གི་དགེ་བའི་རྩ་བ་དེ་དག་ཀྱང་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། ཉན་ཐོས་དེ་དག་དང༌། རང་སངས་རྒྱས་དེ་དག་ཀྱང་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། དེ་དག་གི་དགེ་བའི་རྩ་བ་དེ་དག་ཀྱང་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས་ཏེ། གང་མ་གཏོགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་གང་ཡིན་པ་དེ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས་པ། དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་གང་ཡིན་པ་དེ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས། དེ་བཞིན་དུ་ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས་པ་ཡིན་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་གང་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་མ་གཏོགས་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མེད་པའི་ཕྱིར་རོ། །གང་ལ་རང་བཞིན་མེད་པ་དེ་ནི་དངོས་པོ་མེད་པ་སྟེ། དངོས་པོ་མེད་པ་ནི་དངོས་པོ་མེད་པས་ཡོངས་སུ་བསྔོ་བར་མི་ནུས་སོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་དང༌། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་


DTG083_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་བཞིན་དུ་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཇི་སྙེད་པ་དང༌། འཕགས་པའི་བདེན་པ་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་བ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དྲུག་པོ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། རྟག་ཏུ་བཏང་སྙོམས་སུ་གནས་པ་གང་འདོད་པའི་ཁམས་སུ་མ་གཏོགས། གཟུགས་ཀྱི་ཁམས་སུ་མ་གཏོགས། གཟུགས་མེད་པའི་ཁམས་སུ་མ་གཏོགས་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མེད་པའི་ཕྱིར་རོ། །གང་ལ་རང་བཞིན་མེད་པ་དེ་ནི་དངོས་པོ་མེད་པ་སྟེ། དངོས་པོ་མེད་པ་ནི་དངོས་པོ་མེད་པས་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་དེ་ལྟར་ཤེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསྔོ་བ་དུག་མེད་པ་ཡིན་ནོ། །ཡང་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་མཚན་མའི་ཚུལ་ལམ། དམིགས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་ན། དེ་ལྟ་བུའི་ཡོངས་སུ་བསྔོ་བ་ནི་ལོག་པར་ཡོངས་སུ་བསྔོ་བ་ཡིན་གྱི། ཡང་དག་པར་ཡོངས་སུ་བསྔོ་བ་ནི་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་མ་མཛད་དོ། །གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་མ་མཛད་པའི་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཡོངས་སུ་བསྔོ་བ་མ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔོ་བ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔོ་བ་མ་ཡིན།


DTG083_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔོ་བ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔོ་བ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔོ་བ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔོ་བ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་མི་འགྱུར་རོ། །ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། ཚད་མེད་པ་རྣམས་དང༌། བསམ་གཏན་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་མི་འགྱུར་རོ།། །།བམ་པོ་སུམ་ཅུ་དྲུག་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་མི་འགྱུར་རོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་མི་འགྱུར་རོ། །གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་གྱུར་བ་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་གྱུར་བ་དེ་ནི་བལ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡོངས་སུ་བསྔོ་བ་དེ་ནི་དུག་དང་བཅས་པའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་ཉིད་འདིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལྟར་ཡོངས་སུ་བསྔོས་ན་ཡོངས་སུ་བསྔོ་བར་འགྱུར་རོ་ཞེས་བྱ་བར་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་གིས་ཀྱང་ཆོས་ཉིད་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བ་


DTG083_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཁམས་གསུམ་དུ་མ་གཏོགས་པའི་ཡོངས་སུ་བསྔོ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྔོ་བའི་ཕུང་པོ་གང་ཡིན་པ་མཚན་མ་མེད་པའི་ཚུལ་དང༌། སྐྱེ་བ་མེད་པའི་ཚུལ་དང༌། འགག་པ་མེད་པའི་ཚུལ་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་ཚུལ་དང༌། རྣམ་པར་བྱང་བ་མེད་པའི་ཚུལ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཚུལ་དང༌། ཆོས་ཀྱི་དབྱིངས་ཀྱི་ཚུལ་དང༌། དེ་བཞིན་ཉིད་ཀྱི་ཚུལ་དང༌། མ་ནོར་བ་དེ་བཞིན་ཉིད་ཀྱི་ཚུལ་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཚུལ་གྱིས་སྟོང་པ་ནི་ཡང་རབ་འབྱོར་ཁྱོད་ལེགས་སོ། །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ཐོབ་པར་གྱུར། ཚད་མེད་པ་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་སྔ་ཐོབ་པར་གྱུར་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་དག་གིས་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དགེ་བའི་རྩ་བ་རྣམས་ཆགས་པ་མེད་པའི་ཡོངས་སུ་བསྔོ་བའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ནི་རབ་ཅེས་བྱའོ། །དམ་པ་ཞེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །རབ་མཆོག་ཅེས་བྱའོ། །ཕུལ་དུ་ཕྱིན་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བ་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆུང་དུ་ཡིན་ནོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པར་གྱུར། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པར་གྱུར་ཏེ། དེ་དག་ཐམས་ཅད་ལ་ཡང་


DTG083_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ནམ་འཚོའི་བར་དུ་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། ནད་ཀྱི་རྐྱེན་སྨན་དང༌། ཡོ་བྱད་མང་པོས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དེ་ལྟར་དགེ་བའི་རྩ་བ་རྣམས་ཆགས་ཕ་མེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རང་སངས་རྒྱས་སུ་གྱུར་ཏེ། རང་སངས་རྒྱས་དེ་དག་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། ནད་ཀྱི་རྐྱེན་རྩི་དང༌། ཡོ་བྱད་མང་པོས་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དེ་ལྟར་དགེ་བའི་རྩ་བ་རྣམས་ཆགས་པ་མེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་འབྲིང་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ། དེ་ལ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། ནད་ཀྱི་རྐྱེན་སྨན་དང༌། ཡོ་བྱད་མང་པོས་


DTG083_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང༌། དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། མཚམས་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་ག་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། ནད་ཀྱི་རྐྱེན་སྨན་དང༌། ཡོ་བྱད་མང་པོས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་རིམ་གྲོར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །བཅོམ་ལྡན་འདས་དེ་ནི་འདི་ལྟར་ཚད་མ་མཆིས། གྲངས་མ་མཆིས། གཞལ་དུ་མ་མཆིས་ཏེ། བསོད་ནམས་བགྱི་བའི་དངོས་པོ་དེའི་དཔེར་བགྱི་བ་ཡང་དཀའོ། །བཅོམ་ལྡན་འདས་གལ་ཏེ་བསོད་ནམས་བགྱི་བའི་དངོས་པོ་དེ་གཟུགས་ཅན་ཞིག་ལགས་ན་ནི་དེ་ཐམས་ཅད་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཤོང་བར་མི་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་ཁྱོད་ལེགས་སོ། །ཁྱོད་ཀྱིས་ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དེ་ལྟར་དགེ་བའི་རྩ་བ་རྣམས་ཆགས་པ་མེད་པའི་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ཏེ། རབ་འབྱོར་དེ་ལྟར་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་དགེ་བའི་བའི་རྩ་པ་ཡོངས་སུ་བསྔོ་བ་འདི་ནི་རབ་ཅེས་བྱའོ། །དམ་བ་ཞེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །རབ་མཆོག་ཅེས་བྱའོ། །ཕུལ་དུ་ཕྱིན་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། རབ་འབྱོར་ཆགས་པ་མེད་པའི་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་སྔ་མ་


DTG083_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། བརྒྱ་སྟོང་གི་ཆ་དང༌། བྱེ་བའི་ཆ་དང༌། བྱེ་བ་བརྒྱའི་ཆ་དང༌། བྱེ་བ་སྟོང་གི་ཆ་དང༌། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང༌། ཟླ་དང༌། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་བ་དང༌། ཚད་མེད་པ་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་བ་དེ་དག་དམིགས་པའི་འདུ་ཤེས་ཅན་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སེམས་ཅན་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པར་གྱུར་བ་དང༌། དགྲ་བཅོམ་པའི་བར་དུ་གྱུར་པ་དང༌། སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ་ལ་ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། ནད་ཀྱི་རྐྱེན་རྩི་དང༌། ཡོ་བྱད་མང་པོས་རིམ་གྲོར་བྱེད། བླ་མར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་ཅིང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བར་འགྱུར་བ་དེ་ནི་དམིགས་པའི་འདུ་ཤེས་ཅན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ལ་རིམ་གྲོར་བྱེད། བླ་མར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་པ་དེ་དག་ནི་དམིགས་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆེན་པོ་ཡིན་ནོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷའི་བུ་སྟོང་ཕྲག་ཉི་ཤུ་དག་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་དེ་ལྟར་ཐབས་མཁས་པ་གང་ཡིན་པ་དེ་ནི་དམིགས་སུ་མ་མཆིས་པའི་ཚུལ་དང༌། ཆགས་པ་མ་མཆིས་པའི་ཚུལ་དང༌། མཚན་མ་མ་མཆིས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་ཅི་ནས་ཀྱང་གཉིས་སུ་མི་འགྱུར་བ་དང༌། གཉིས་མ་ལགས་པར་ཡང་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཆེན་པོ་དང་ལྡན་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་རྣམས་དང་འགྲོགས་ཏེ། ལྷ་རྫས་ཀྱི་མེ་ཏོག་དང༌། སྤོས་དང༌། ཕྲེང་བ་


DTG083_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དང། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོ་དང༌། ལྷ་རྫས་ཀྱི་རོལ་མོ་རྣམས་བརྡུང་ཞིང༌། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་འདི་སྐད་ཅེས་ཚིག་བརྗོད་དོ། །བཅོམ་ལྡན་འདས་དེ་ལྟར་ཐབས་མཁས་པ་གང་ཡིན་པ་འདིས་དམིགས་སུ་མ་མཆིས་བའི་ཚུལ་དང༌། ཆགས་པ་མ་མཆིས་པའི་ཚུལ་དང༌། མཚན་མ་མ་མཆིས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་ཅི་ནས་ཀྱང་གཉིས་སུ་མི་འགྱུར་བ་དང༌། གཉིས་མ་ལགས་པར་ཡང་མི་འགྱུར་དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཆེན་པོ་དང་ལྡན་པའོ། །དེ་ནས་ལྷའི་བུ་རབ་འཐབ་བྲལ་དང༌། རབ་དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་སྟོང་ཕྲག་དུ་མ་དང་འགྲོགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཀྱི་ཚིག་བརྗོད་དོ། །བཅོམ་ལྡན་འདས་དེ་ལྟར་ཐབས་མཁས་པ་གང་ཡིན་པ་འདིས་དམིགས་སུ་མ་མཆིས་པའི་ཚུལ་དང༌། མཚན་མ་མ་མཆིས་པའི་ཚུལ་དང༌། བགྱིད་པ་མ་མཆིས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་ཅི་ནས་ཀྱང་གཉིས་སུ་མི་འགྱུར་བ་དང༌། གཉིས་མ་ལགས་པར་ཡང་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཆེན་པོ་དང་ལྡན་པའོ། །དེ་ནས་ཚངས་འཁོར་གྱི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་མཁས་པས་ཡོངས་སུ་གཟུང་བ་དེ་དག་གིས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སྔ་མ་དམིགས་པའི་སྤྱོད་པ་ཅན་དེ་དག་གི་དགེ་བའི་རྩ་བ་དེ་དག་ཟིལ་གྱིས་མནན་པ་ངོ་མཚར་ཆེའོ་ཞེས་སྒྲ་ཕྱུང་ཞིང་དབྱངས་རྗེས་སུ་བསྒྲགས་སོ། །དེ་བཞིན་དུ་ཚངས་པའི་མདུན་ན་འདོན་དང༌། ཚངས་པ་ཆེན་པོ་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་འཕེལ་དང༌། འབྲས་བུ་ཆེ་བ་དང༌། གནས་


DTG083_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་མ་དང༌། འོག་མིན་པ་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་གཟུང་བ་དེ་དག་གིས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྔ་མ་དམིགས་པའི་སྤྱོད་པ་ཅན་དེ་དག་གི་དགེ་བའི་རྩ་བ་ཟིལ་གྱིས་མནན་པ་ངོ་མཚར་ཆེའོ་ཞེས་སྒྲ་ཕྱུང་ཞིང་དབྱངས་རྗེས་སུ་བསྒྲགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང༌། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱིས་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང༌། རང་སངས་རྒྱས་དང་བཅས་པས་སེམས་དང་པོ་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང༌། དམ་པའི་ཆོས་གནས་པའི་བར་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང༌། ཉན་ཐོས་དེ་དག་དང༌། རང་སངས་རྒྱས་དེ་དག་གི་དགེ་བའི་རྩ་བ་གང་ཡིན་པ་དང༌། དེ་དག་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་ཡང་དགེ་བའི་རྩ་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་དང༌། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང༌། སངས་རྒྱས་ཀྱི་ཆོས་གཞལ་དུ་མེད་པ་གཞན་དག་ཀྱང་རུང་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་


DTG083_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ། དེས་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང༌། རང་སངས་རྒྱས་དང་བཅས་པ་དེ་དག་གི་སེམས་དང་པོ་བསྐྱེད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང༌། དམ་པའི་ཆོས་གནས་པའི་བར་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དང༌། ཉན་ཐོས་དེ་རྣམས་དང༌། རང་སངས་རྒྱས་དེ་རྣམས་དང༌། དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སངས་རྒྱས་ཀྱི་ཆོས་གཞལ་དུ་མེད་པའི་བར་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་གཅིག་ཏུ་བསྡོམས་ཏེ། གཞལ་ནས་དམིགས་སུ་མེད་པའི་ཚུལ་དང༌། གཉིས་སུ་མེད་པའི་ཚུལ་དང༌། མཚན་མ་མེད་པའི་ཚུལ་དང༌། ཆགས་པ་མེད་པའི་ཚུལ་དང༌། བྱེད་པ་མེད་པའི་ཚུལ་དང༌། རྗེས་སུ་ཡི་རང་བའི་བར་གྱིས་རྗེས་སུ་ཡི་རང་ཞིང་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྔ་མ་དེ་དག་པས་བསོད་ནམས་ཆེས་མང་དུ་འཕེལ་ཏེ། དགེ་བའི་རྩ་བ་འདི་ལ་ནི་དགེ་བའི་རྩ་བ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། རྒྱུའི་བར་དུ་ཡང་མི་བཟོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་སུ་མེད་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་འདི་ནི་རབ་ཅེས་བྱའོ། །བླ་ན་མེད་པའི་བར་གྱིས་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་བྱེད་པ་ཡིན་ཏེ། འདི་དག་གིས་ནི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་གསུངས་པ་ཡིན་ནོ། །


previousཡོངས་སུ་བསྔོ་བ། next