Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གསུམ་པ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
སྦྱོར་བའི་བར་ཆད།
   
   
   
   


 
previousསྦྱོར་བའི་བར་ཆད། next

སྦྱོར་བའི་བར་ཆད།


DTG083_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་གནས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་སྤྱོད་པར་འགྱུར་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པར་འགྱུར་བ་དེ་དག་གི་ཡོན་ཏན་ཡོངས་སུ་བརྗོད་པ་ནི་འདི་དག་ལགས་ན། བཅོམ་ལྡན་འདས་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དེ་དག་ལ་བར་དུ་གཅོད་པའི་རྣམ་པ་ཇི་ལྟ་བུ་ཞིག་འབྱུང་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་བར་འགྱུར་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚེགས་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། ཚེགས་ཆེན་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། ཚེགས་ཆེན་པོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། ཚེགས་ཆེན་པོས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། ཚེགས་ཆེན་པོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། ཚེགས་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་བར་འགྱུར་བ་ཡིན་ཏེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཚེགས་ཆེན་པོས་འཐོབ་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་བར་འགྱུར་ལ། དེས་ཀྱང་ང་རྒྱལ་དུ་བྱེད་ན་འདི་ཡང་བྱང་ཆུབ་སེམས་དཔའ་


DTG083_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་བར་འགྱུར་བ་བདུད་ཀྱི་ལས་སུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་ཧ་ཅང་མྱུར་བར་སྤོབས་པ་སྐྱེ་ལ་དེས་ཀྱང་རློམ་སེམས་སུ་བྱད་ན། རབ་འབྱོར་རྣམ་གྲངས་དེས་སྤོབས་པ་ཧ་ཅང་མྱུར་བར་སྐྱེ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་སྤོབས་པ་ཧ་ཅང་མྱུར་ཆེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་གླལ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དགོད་ཅིང་འདྲི་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕན་ཚུན་སྟེག་ཅིང་འདྲི་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པར་འགྱུར་བའི་གནས་ངན་ལེན་རྣམ་པ་གསུམ་ཡིན་ནོ། །རབ་འབྱོར་གཞན་ཡང་སེམས་གཡེངས་ཞིང་འདྲི་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕན་ཚུན་རྣམ་པར་ཤེས་པ་ཆགས་ཤིང་འདྲི་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་བདག་གིས་འདིའི་རོ་མ་རྙེད་དོ་ཞེས་ཟེར་ཞིང་སྟན་ལས་ལྔས་ནས་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་སེམས་ཀྱི་གནས་ངན་ལེན་གསུམ་ཡིན་ནོ། །


DTG083_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་གླལ་ཞིང་སྟན་ལས་ལངས་ནས་འགྲོ་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གླལ་ཞིང་ཁ་ཏོན་བྱེད་པར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། སྟོན་པར་འགྱུར། གླལ་ཞིང་ཚུལ་བཞིན་དུ་ཡིད་ལ་བྱེད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕན་ཚུན་དགོད་ཅིང་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཕན་ཚུན་དགོད་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕན་ཚུན་སྟེག་ཅིང་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་སེམས་རྣམ་པར་གཡེང་བས་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་གྱུར་ན། ཚུལ་བཞིན་དུ་ཡིད་ལ་བྱེད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཡི་གེ་གཞན་དང་གཞན་ལ་ཆགས་ཤིང་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་ལ་སོགས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་བདག་གིས་འདིའི་རོ་མ་རྙེད་དོ་ཞེས་ཟེར་ཞིང་སྟན་ལས་ལངས་ཏེ་འགྲོ་བར་འགྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་


DTG083_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་ཅིའི་སླད་དུ་འདིའི་རོ་མ་རྙེད་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་སྔོན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་ལ། རབ་འབྱོར་འདི་ལྟར་སྔོན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་དེ། རབ་འབྱོར་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། རོ་མ་རྙེད་དེ་སྟན་ལས་ལངས་ནས་འགྲོ་བར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ལུང་མ་བསྟན་ཏོ་སྙམ་དུ་སེམས་པར་འགྱུར་ཞིང༌། མ་དད་པའི་སེམས་ཀྱིས་སྟན་ལས་ལངས་ནས་འགྲོ་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། རབ་འབྱོར་གྱིས་གསོལ་པ། བཅོམ་ལན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལུང་མ་བསྟན་པར་སྟན་ལས་ལངས་ཤིང་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱོན་མེད་པར་མ་ཆུད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་བདག་གིས་མིང་ཡང་ཡོངས་སུ་མ་བརྗོད་དོ་ཞེས་དད་པས་རྙེད་པར་མ་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མིང་ཡོངས་སུ་མ་བརྗོད་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ་རྣམས་ཀྱི་མིད་ཡོངས་སུ་མ་བརྗོད་པས་འདི་ལས་བདག་གང་དུ་སྐྱེས་པའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། རྒྱལ་པོའི་ཕོ་བྲང་འཁོར་རམ། ཡུལ་འཁོར་གྱི་མིང་ཡང་མ་བརྗོད་དོ་ཞེས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་མི་བྱའོ་


DTG083_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་སེམས་ཤིང༌། དེ་འཁོར་དེ་ནས་འགྲོ་བར་བྱ་བར་སེམས་ན། ཇི་ལྟ་ཇི་ལྟར་འགྲོ་བར་བྱ་བར་སེམས་པར་གྱུར་པ་དེ་ལྟ་དེ་ལྟར་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལས་རིང་དུ་འགྱུར་ལ། ཇི་སྲིད་འགྲོ་བར་སེམས་བསྐྱེད་པ་ལོག་པར་མ་གྱུར་ན་དེ་ཉིད་ཀྱི་བསྐལ་པ་ཡོངས་སུ་འཛིན་པར་འགྱུར་ཏེ། དེ་དག་ལ་གཟོད་བརྩོན་པར་བྱ་དགོས་སོ་ཞེས་བྱ་བ་ནི་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་སྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཞིང་མདོ་སྡེ་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མི་སྒྲུབ་པ་དེ་དག་བཙལ་བར་བྱ་བར་སེམས་ཤིང་དེ་དག་ཀུན་ཆུབ་པར་བྱ་བར་སེམས་པར་གྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྟོགས་པའི་རྩ་བ་སྤངས་ཏེ། ཡལ་ག་དང༌། འདབ་མ་དང། ལོ་མ་གཟུང་བར་བྱ་བར་སེམས་པར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་སྒྲུབ་པར་མི་འགྱུར་བའི་མདོ་སྡེ་ཀུན་ཆུབ་པར་བགྱི་བར་སེམས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་གང་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པ་དག་སྟེ་འདི་ལྟར་འདྲེན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེ་པ་སྟེ། དེ་ལ་གནས་ཤིང་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་བོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་ཐོབ་པར་འགྱུར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཐབས་ཅད་མཁྱེན་པ་ཉིད་སྒྲུབ་པ་དེ་ལ་མི་འཇུག་པར་བོར་ནས། ཀུན་ཆུབ་པར་བྱ་བར་སེམས་པའི་མདོ་སྡེ་ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་དང་ལྡན་པ་ནི་དེ་དག་གོ །


DTG083_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་འཇིག་རྟན་པ་དང་འཇིག་རྟེན་ལས་འདས་པ་ལས་འདས་པ་ལས་བྱུང་བའི་ཆོས་ཀྱི་མཐར་ཐུག་པར་འགྱུར་བའི་ཕྱིར་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སློབ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་ལས་ཉམས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱི་ཇོ་བོ་ལས་ཟན་ནར་མ་བོར་ཏེ་ལས་མི་ལས་ཟན་བཙལ་བར་སེམས་པ་དང་འདྲ་བར་དེ་བཞིན་དུ་རབ་འབྱོར་མ་འོངས་པའི་དུས་ན་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པ་འདི་བོར་ཏེ་ཡལ་ག་དང༌། ལོ་མ་དང༌། འདབ་མ་ལྟ་བུའི་མདོ་སྡེ་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པ་དག་ཀུན་ཆུབ་པར་བྱ་བར་སེམས་པ་འབྱུང་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་མ་འོངས་པའི་དུས་ན་བྱང་ཆུབ་སེམས་པའི་ཐེག་པ་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ནས་ཁེ་དང་བཀུར་སྟིའི་ཕྱིར་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་དང་ལྡན་པའི་མདོ་སྡེ་རྣམས་ཀུན་ཆུབ་པར་བྱ་བར་སེམས་པ་འབྱུང་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་གྱ་ནོམ་པའི་རོ་མྱང་བ་ལས་ཉམས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གླང་པོ་ཆེ་དོན་དུ་གཉེར་བར་འགྱུར་བ་དེས་གླང་པོ་ཆེ་རྙེད་ནས་གླང་པོ་ཆེའི་རྗེས་བཙལ་བར་བྱ་བར་སེམས་པར་གྱུར་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མཁས་པའི་རིགས་སུ་གྱུར་པ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བོར་ཞིང་མདོ་སྡེ་གང་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་


DTG083_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་དེ་དག་ཀུན་ཆུབ་པར་བྱ་བར་སེམས་པ་དེ་དག་ཀྱང་དེ་ལྟར་རིག་པར་བྱ་སྟེ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དེ་ཅི་མཁས་པའི་རིགས་སུ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཐེག་པ་མཆོག་ལས་ཉམས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་ཞིག་རྒྱ་མཚོ་ཆེན་པོ་བལྟ་བར་འདོད་པར་གྱུར་ཏེ། རྒྱ་མཚོ་ཆེན་པོ་མཐོང་ནས་བ་ལང་གི་རྗེས་བཙལ་བར་བྱ་བར་སེམས་ཤིང༌། དེས་བ་ལང་གི་རྗེས་མཐོང་ནས་ཀྱང་འདི་སྙམ་དུ་རྒྱ་མཚོ་ཆེན་པོའི་ཚད་འདི་ཙམ་མོ་སྙམ་དུ་གྱུར་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མཁས་པའི་རིགས་སུ་གྱུར་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་བའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་སམ། །རྙེད་ཀྱང་དེ་སྤངས་ཏེ་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་གཟུང་བ་དང༌། ཀུན་ཆུབ་པར་བྱ་བར་སེམས་པ་དེ་དག་ཀྱང་རྣམ་པ་དེ་ལྟར་རིག་པར་བྱ་སྟེ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་མཁས་པའི་རིགས་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཆེད་དུ་བྱ་བ་ལས་ཉམས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཕྱྭ་མཁན་ནམ། ཕྱྭ་མཁན་གྱི་སློབ་མས་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་ཚད་དུ་ཁང་བཟངས་ཤིག་བྱ་བར་འདོད་པར་གྱུར་ཏེ། དེ་ཉི་མ་དང་ཟླ་བའི་གཞལ་མེད་ཁང་ལས་ཚད་གཟུང་བར་བྱ་བར་སེམས་པར་གྱུར་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྣམ་པར་རྒྱལ་བའི་ཁང་བཟངས་ཚོལ་ཞིང་རྣམ་པར་རྒྱལ་བའི་ཁང་བཟངས་དང་མཉམ་པ་ཞིག་བྱ་བར་


DTG083_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས། ཉི་མ་དང་ཟླ་བའི་གཞལ་མེད་ཁང་ལས་ཚད་འཛིན་པའི་སྐྱེས་བུ་དེ་མཁས་པའི་རིགས་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་རྙེད་ནས་ཀྱང་བོར་ཞིང་སྤངས་ཏེ། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་བར་སེམས་པ་བྱུང་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དེ་མཁས་པའི་རིགས་སུ་གྱུར་པ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་འབྲེལ་པ་ལས་ཉམས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་ཁམས་ཀྱི་རྒྱལ་ཕྲན་མཐོང་ནས་འདི་སྙམ་དུ་ཁ་དོག་དང་དབྱིབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཁམས་ཀྱི་རྒྱལ་ཕྲན་འདི་ཅི་འདྲ་བ་དེ་འདྲའོ་སྙམ་དུ་སེམས་ཏེ། ཁམས་ཀྱི་རྒྱལ་ཕྲན་གྱི་ཁ་དོག་དང་དབྱིབས་ཀྱི་མཚན་མ་དང༌། རྟགས་བཟུང་ནས་འདི་སྐད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁ་དོག་དང་དབྱིབས་ཀྱང་འདི་འདྲ་སྟེ་ཁྱད་པར་མེད་དོ་ཞེས་སྙོམས་པར་བྱེད་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མཁས་པའི་རིགས་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་རྙེད་ཀྱང་དེ་བོར་ཞིང་སྤངས་ཏེ། ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་བར་སེམས་པ་བྱུང་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་


DTG083_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དེ་དག་མཁས་པའི་རིགས་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་གོང་ན་མེད་པའི་གནས་ལས་ཉམས་པའོ། །རབ་འབྱོར་གཞན་ཡང་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དེའི་ཚེ། སྤོབས་པ་མང་པོ་འབྱུང་བར་འགྱུར་ཏེ། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ་རྣམ་པར་གཡེང་བར་འགྱུར་བ་ནི་འདི་ལྟ་སྟེ། གཟུགས་ཀྱི་སྤོབས་པ་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཀྱི་སྤོབས་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང༌། འདོད་པའི་ཁམས་ཀྱི་སྤོབས་པ་དང༌། གཟུགས་ཀྱི་ཁམས་ཀྱི་སྤོབས་པ་དང༌། གཟུགས་མེད་པའི་ཁམས་ཀྱི་སྤོབས་པ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱ་བའི་སྤོབས་པ་དང༌། རིམ་གྲོ་བྱ་བའི་སྤོབས་པ་དང༌། དྲན་པ་ཉེ་བར་གཞག་པའི་སྤོབས་པ་དང༌། ཡང་དག་པར་སྤོང་བ་རྣམས་ཀྱི་སྤོབས་པ་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྤོབས་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་ཀྱི་སྤོབས་པ་དང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། གཟུངས་ཀྱི་སྒོ་ཐམས་ཅད་ཀྱི་སྤོབས་པ་དང༌། ནང་སྟོང་པ་ཉིད་ཀྱི་སྤོབས་པ་དང༌། ཕྱི་སྟོང་པ་ཉིད་ཀྱི་སྤོབས་པ་དང༌། ཕྱི་ནང་སྟོང་པ་ཉིད་ཀྱི་སྤོབས་པ་དང༌། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང༌། ཆེན་པོ་སྟོང་པ་ཉིད་ཀྱི་སྤོབས་པ་དང༌། དོན་དམ་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང༌། འདུས་བྱས་སྟོང་པ་ཉིད་ཀྱི་སྤོབས་པ་དང༌། འདུས་མ་བྱས་སྟོང་པ་ཉིད་ཀྱི་སྤོབས་པ་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་སྤོབས་པ་དང༌། སྟོབས་རྣམས་ཀྱི་སྤོབས་པ་དང༌། མི་འཇིགས་པ་རྣམས་ཀྱི་སྤོབས་པ་དང༌། སོ་སོ་ཡང་དག་པར་རིག་


DTG083_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་སྤོབས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་སྤོབས་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་སྤོབས་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤོབས་པ་མེད་པའི་ཕྱིར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་མེད་ཅིང་བསམ་པ་དང་བྲལ་བའི་ཕྱིར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཁྲུག་པ་མེད་པའི་ཕྱིར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྗོད་དུ་མེད་པའི་ཕྱིར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམིགས་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མེད་ཅིང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། འདྲི་བའི་ཚེ་ཆོས་དེ་དག་གིས་རྣམ་པར་གཡེང་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཡུལ་རྣམ་པ་མང་པོ་ལ་རྣམ་པར་རྟོག་པའི་སྤོབས་པ་འབྱུང་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བར་ནུས་པ་ལགས་སམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་མ་ཡིན་ནོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་


DTG083_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་དང༌། འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། རྣམ་པར་ཐར་པ་བརྒྱད་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་དང༌། མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྟོབས་བཅུ་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །ངོ་བོ་ཉིད་མི་དམིགས་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དངོས་པོ་མེད་པས་དངོས་པོ་མེད་པ་བྲི་བར་མི་ནུས་སོ་ཞེས་བྱ་བ་ནི་ཡི་གེར་འདྲི་བ་ལ་མངོན་པར་ཞེན་པ་ཡིན་ནོ། །རབ་འབྱོར་གལ་ཏེ་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དངོས་པོ་མེད་ཅེས་བྱ་བར་འདུ་ཤེས་ན་འདི་ཡང་དེ་དག་གིས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་མངོན་པར་ཞེས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲིས་ཤིང་བྲིས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བདག་གིས་བྲིས་སོ་ཞེས་མཆིན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲིས་པའི་ཡི་གེ་ལ་མངོན་པར་ཞེན་པ་ལགས་ཏེ། བཅོམ་ལྡན་འདས་འདི་ཡང་དེ་དག་གིས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་བྲིས་པའི་ཡི་གེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པར་ཞེས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡི་གེ་མ་མཆིས་པའི་ཕྱིར་


DTG083_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །བཅོམ་ལྡན་འདས་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །བཅོམ་ལྡན་འདས་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །སྐྱེ་མཆེད་རྣམས་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །བཅོམ་ལྡན་འདས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །སྟོང་པ་ཉིད་ཐམས་ཅད་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །ཏིང་ངེ་འཛིན་ཐམས་ཅད་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །གཟུངས་ཀྱི་སྒོ་ཐམས་ཅད་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །འཕགས་པའི་བདེན་པ་རྣམས་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐམས་ཅད་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །མངོན་པར་ཤེས་པ་རྣམས་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །མི་འཇིགས་པ་རྣམས་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཡི་གེ་མ་མཆིས་པའི་ཕྱིར་རོ། །བཅོམ་ལྡན་འདས་གལ་ཏེ་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཡི་གེ་མ་མཆིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་པར་བགྱིད་ལ། དེ་བཞིན་དུ་ཡི་གེ་མ་མཆིས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་


DTG083_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་པར་བགྱིད། ཡི་གེ་མ་མཆིས་པའི་གཟུགས་ལ་མངོན་པར་ཞེན་པར་བགྱིད། ཡི་གེ་མ་མཆིས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པར་བགྱིད། དེ་བཞིན་དུ་ཡི་གེ་མ་མཆིས་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། རྣམ་པར་ཐར་པའི་སྒོ་དང༌། འཕགས་པའི་བདེན་པ་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མངོན་པར་ཞེན་པར་བགྱིད། ཡི་གེ་མ་མཆིས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་ཞེན་པར་བགྱིད་ན། བཅོམ་ལྡན་འདས་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡི་གེ་མེད་པ་ལ་མངོན་པར་ཞེན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། ཡུལ་ཡིད་ལ་བྱེད་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱའོ།། །།བམ་པོ་བཞི་བཅུ་གསུམ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། གྲོང་ཡིད་ལ་བྱེད་པ་དང༌། གྲོང་ཁྱེར་ཡིད་ལ་བྱེད་པ་དང༌། གྲོང་རྡལ་ཡིད་ལ་བྱེད་པ་དང༌། ཁམས་ཡིད་ལ་བྱེད་པ་དང༌། རྒྱལ་པོའི་ཕོ་བྲང་འཁོར་ཡིད་ལ་བྱེད་པ་དང༌། ལྷ་ཡིད་ལ་བྱེད་པ་དང༌། བླ་མ་ཡིད་ལ་བྱེད་པ་དང༌། མཁན་པོ་ཡིད་ལ་བྱེད་པ་དང། ཕ་མ་དང༌། སྤུན་ཟླ་དང༌། སྲིང་མོ་དང༌། གཉེན་བཤེས་དང་ལྡན་པའི་ཡིད་ལ་བྱེད་པ་དང༌། རྐུན་པོ་ཡིད་ལ་བྱེད་པ་དང༌། གདོལ་པ་དང་ལྡན་པ་ཡིད་ལ་བྱེད་པ་དང༌། འདོད་པའི་རྣམ་པར་རྟོག་པ་དང་ལྡན་པ་ཡིད་ལ་བྱེད་པ་དང༌། སྨད་འཚོང་མ་དང་ལྡན་པ་ཡིད་ལ་བྱེད་པ་དང༌། ཡིད་ལ་བྱ་བ་གཞན་


DTG083_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་སྐྱེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། སྟོན་པ་དང༌། ཁ་ཏོན་བྱ་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། བར་ཆད་བྱ་བའི་ཕྱིར་བདུད་སྡིག་ཏོ་ཅན་རྣམ་པར་གཡེང་བར་འགྱུར་བར་ཉེ་བར་སྦྱོར་ཏེ། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། སྟོན་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། ཁེ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་དང༌། ཆོས་གོས་དང༌། བསོད་སྙོམས་དང༌། མལ་སྟན་དང༌། ནད་ཀྱི་རྐྱེན་རྩི་དང༌། ཡོ་བྱད་མང་པོ་བྱུང་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར་བ་དང༌། ལུང་འབོགས་པར་འགྱུར་བ་དང༌། ཁ་ཏོན་བྱེད་པར་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བའི་ཚེ། དེ་དག་གི་རོ་མྱོང་བར་བྱེད་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པའི་རོ་མྱོང་བ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། བདུད་སྡིག་ཏོ་ཅན་དག་མདོ་སྡེ་ཟབ་མོ་དག་ཉེ་བར་བསྙེན་པར་བྱེད་དེ། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་མཁས་པས་བདུད་ཀྱིས་བསྙེན་པའི་མདོ་སྡེ་ཟབ་མོ་དེ་དག་ལ་འདོད་པ་མི་བསྐྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་སྤང་བར་སེམས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་ཡང་ཐབས་མཁས་པ་ཡང་རྒྱ་ཆེར་བསྟན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཀྱང་ཐབས་མཁས་པ་རྒྱ་ཆེར་བཙལ་བར་


DTG083_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །རབ་འབྱོར་དེ་ལྟར་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཞིང་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དེ་དག་ལས་ཐབས་མཁས་པ་བཙལ་བར་བྱ་བར་སེམས་པ་ཡོད་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ལམ་མ་ཡིན་པས་ཐབས་མཁས་པ་ཚོལ་བ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་དུ་བྱ་བར་འདུན་པར་གྱུར་ལ། ཆོས་སྨྲ་བ་ནི་ཕྱི་བཤོལ་བྱེད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་འདུན་པ་དང་སྙོམ་ལས་ཀྱིས་ཉམས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱ་བར་འདུན་པར་གྱུར་ལ། ཆོས་ཉན་བ་ནི་ཡུལ་གཞན་དུ་འགྲོ་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འདོད་པ་དང༌། གཟུང་བར་འདོད་པ་དང༌། ལུང་འབོགས་པར་འདོད་པ་དང༌། ཁ་ཏོན་དུ་བྱ་བར་འདོད་པར་འགྱུར་ལ། ཆོས་སྨྲ་བ་ནི་ཡུལ་གཞན་དུ་འགྲོ་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་འདུན་པའི་ཡུལ་ཐ་དད་པས་ཉམས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་དང༌། བླ་མ་ལྷུར་ལེན་པ་དང༌། ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། ནད་ཀྱི་རྐྱེན་རྩི་དང༌། ཡོ་བྱད་ལྷུར་ལེན་པར་གྱུར་ལ། ཆོས་ཉན་པ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་ལ་རབ་ཏུ་དབེན་ཞིང་བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་གཞག་པ་མི་གཡེང་བ་དང༌། སེམས་རྩེ་གཅིག་ཏུ་གནས་པ། ཤེས་རབ་དང་ལྡན་པ་ཞིག་ཏུ་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་


DTG083_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་ལ་རབ་ཏུ་དབེན་ཞིང་བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་གཞག་པ་མི་གཡེང་བ། སེམས་རྩེ་གཅིག་ཏུ་འདུས་པ། ཤེས་རབ་དང་ལྡན་པ་ཞིག་ཏུ་གྱུར་ལ། ཆོས་ཉན་པ་ནི་འདོད་པ་ཆེ་བ། སྡིག་པ་འདོད་པ། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་དང༌། བླ་ན་ལྷུར་ལེན་པ་དང༌། ཆོས་གོས་དང༌། ཟས་དང༌། མལ་ཆ་དང༌། ནད་ཀྱི་རྐྱེན་རྩེ་དང༌། ཡོ་བྱད་ལྷུར་ལེན་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་དུ་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་རྙེད་པ་དང༌། བཀུར་སྟི་དང༌། འདོད་པ་ཆེ་བ་དང༌། འདོད་པ་ཆུང་བ་ཉིད་ཀྱིས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བའི་དགོན་པ་པ། བསོད་སྙོམས་པ། ཕྱག་དར་ཁྲོད་པ། ཟས་ཕྱིས་མི་ལེན་པ། སྟན་གཅིག་པ། ཅི་ཐོབ་པའི་བསོད་སྙོམས་ལེན་པ། དུར་ཁྲོད་པ། བླ་གབ་མེད་པ། ཤིང་དྲུང་པ། ཅོག་བུ་པ། གཞི་ཇི་བཞིན་པ། ཆོས་གོས་གསུམ་པར་གྱུར་ལ། ཆོས་ཉན་པ་ནི་དགོན་པ་པ་མ་ཡིན། བསོད་སྙོམས་པ་མ་ཡིན། ཕྱག་དར་ཁྲོད་པ་མ་ཡིན། ཟས་ཕྱིས་མི་ལེན་པ་མ་ཡིན། སྟན་གཅིག་པ་མ་ཡིན། ཅི་ཐོབ་པའི་བསོད་སྙོམས་ལེན་པ་མ་ཡིན། དུར་ཁྲོད་བ་མ་ཡིན། བླ་གབ་མེད་པ་མ་ཡིན། ཤིང་དྲུང་པ་མ་ཡིན། ཅོག་བུ་པ་མ་ཡིན། གཞི་ཇི་བཞིན་པ་མ་ཡིན། ཆོས་གོས་གསུམ་པ་མ་ཡིན་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དགོན་པ་པ་དང༌། ཆོས་གོས་གསུམ་པའི་བར་དུ་གྱུར་ལ། ཆོས་སྨྲ་བ་ནི་དགོན་པ་པ་མ་ཡིན། ཆོས་གོས་གསུམ་པའི་བར་དུ་མ་ཡིན་ན། རབ་འབྱོར་འདི་ཡང་


DTG083_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་སྤྱངས་པའི་ཡོན་ཏན་དང་ལྡན་པ་དང་མི་ལྡན་པས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དད་ཅིང་དགེ་བའི་ཆོས་ཅན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འདོད། ལུང་འབོགས་པར་འདོད། ཁ་ཏོན་བྱེད་པར་འདོད་པར་གྱུར་ལ། ཆོས་སྨྲ་བ་ནི་དད་པ་མེད་པ་མི་དགེ་བའི་ཆོས་ཅན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་མི་འདོད། ལུང་འབོགས་པར་མི་འདོད། ཁ་ཏོན་བྱ་བར་མི་འདོད་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་དད་ཅིང་དགེ་བའི་ཆོས་ཅན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བར་འདོད་ཅིང་དོན་དུ་གཉེར་བས་གཟུང་བར་འདོད་པར་གྱུར་ལ། ཆོས་ཉན་པ་ནི་དད་པ་མེད་ཅིང་མི་དགེ་བའི་ཆོས་ཅན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བར་མི་འདོད་ཅིང་དོན་དུ་གཉེར་བས་གཟུང་བར་མི་འདོད་བར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་དགེ་བ་དང་དགེ་བ་མ་ཡིན་པའི་ཆོས་ཉིད་ཀྱིས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་ཅིང་སེམས་ལ་ཆགས་པ་མེད་ལ་ཆོས་ཉན་པ་ནི་སེར་སྣ་ཅན་འདོད་པ་ཆེ་བ། སྡིག་པ་ལ་དགའ་བ། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་དང༌། ཆོས་གོས་དང༌། བསོད་སྙོམས་དང༌། མལ་སྟན་དང༌། ནད་ཀྱི་རྐྱེན་སྨན་དང༌། ཡོ་བྱད་ཀྱིས་བླ་མར་བྱ་བར་འདོད་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་


DTG083_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སེམས་ལ་ཆགས་པ་མེད་ལ། ཆོས་སྨྲ་བ་ནི་སེར་སྣ་ཅན་འཇུངས་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་གཏོང་བ་དང་སེར་སྣ་བྱེད་པས་ཚོགས་པ་དང་མི་ལྡན་པའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཆོས་སྨྲ་བ་ལ་ཆོས་གོས་དང༌། ཟས་དང༌། མལ་ཆ་དང༌། ནད་ཀྱི་རྐྱེན་རྩི་དང༌། ཡོ་བྱད་ཡོངས་སུ་གཏོང་འདོད་པར་གྱུར་ལ་ཆོས་སྨྲ་བ་ནི་ལེན་པར་འདོད་པར་མི་འགྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཆོས་ཉན་པ་ལས་བླང་བར་འདོད་པར་གྱུར་པ་ལས་ཆོས་ཉན་པ་ནི་སྟེར་འདོད་པར་མ་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱ་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་གཏོང་བ་དང་མི་ལེན་པས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་མགོ་སྨོས་པས་གོ་ལ། ཆོས་ཉན་པ་ནི་རྣམ་པར་སྤྲོས་པས་གོ་ཞིང་ཚིག་ལྷུར་ལེན་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་མགོ་སྨོས་པས་གོ་ལ། ཆོས་སྨྲ་བ་ནི་རྣམ་པར་སྤྲོས་པས་གོ་ཞིང་ཚིག་ལྷུར་ལེན་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་


DTG083_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་མགོ་སྨོས་པས་གོ་བ་དང་རྣམ་པར་སྤྲོས་པས་གོ་བས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། འདི་ལྟར་འདས་པ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་དང༌། ཆོས་རྨད་དུ་བྱུང་བ་དང༌། རྟོགས་པ་བརྗོད་པ་དང༌། གཏན་ལ་ཕབ་པར་བསྟན་པའི་ཆོས་ཀྱི་ཁྱད་པར་ཤེས་ལ་ཆོས་ཉན་པ་ནི་མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། འདི་ལྟར་འདས་པ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་དང༌། ཆོས་རྨད་དུ་བྱུང་བ་དང༌། རྟོགས་པ་བརྗོད་པ་དང༌། གཏན་ལ་ཕབ་པར་བསྟན་པའི་ཆོས་ཀྱི་ཁྱད་པར་མི་ཤེས་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། གཏན་ལ་ཕབ་པར་བསྟན་པའི་བར་གྱི་ཆོས་ཀྱི་ཁྱད་པར་ཤེས་པར་འགྱུར་ལ། ཆོས་སྨྲ་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། གཏན་ལ་ཕབ་པར་བསྟན་པའི་བར་གྱི་ཆོས་ཀྱི་ཁྱད་པར་མི་ཤེས་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་མདོ་ལ་སོགས་པའི་ཆོས་ཤེས་པ་དང་མི་ཤེས་པས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་གྱུར་ལ་ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་མ་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་གྱུར་ལ་ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་མ་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་


DTG083_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་གྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་མི་ལྡན་པས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་མཁས་པར་གྱུར་ལ། ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་མི་མཁས་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་མཁས་པར་གྱུར་ལ། ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་མི་མཁས་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཐབས་ལ་མཁས་པ་དང་ཐབས་ལ་མི་མཁས་པས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཟུངས་ཐོབ་པར་གྱུར་ལ། ཆོས་ཉན་པ་ནི་གཟུངས་མ་ཐོབ་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་གྱི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གཟུངས་ཐོབ་པར་གྱུར་ལ། ཆོས་སྨྲ་བ་ནི་གཟུངས་མ་ཐོབ་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་


DTG083_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་གཟུངས་ཐོབ་པ་དང༌། གཟུངས་མ་ཐོབ་པས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདྲི་བར་འདོད། ཀླག་པར་འདོད། ཁ་ཏོན་བྱ་བར་འདོད། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་འདོད་པར་གྱུར་ལ། ཆོས་ཉན་པ་ནི་བྲི་བར་མི་འདོད་པ་ནས་ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་མི་འདོད་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ཀློག་པ་དང༌། སྒོམ་པའི་བར་གྱི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་བྲི་བར་འདོད་པ་ནས་ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་འདོད་པར་གྱུར་ལ། ཆོས་སྨྲ་བ་ནི་བྲི་བར་མི་འདོད་པ་ནས་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་མི་འདོད་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ཀློག་པ་དང༌། སྒོམ་པའི་བར་གྱི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཡི་གེ་བྲི་བར་འདོད་པ་དང༌། བྲི་བར་མི་འདོད་པས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདོད་པའི་སྲེད་པ་དང༌། གནོད་སེམས་དང༌། སྙོམ་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དང་བྲལ་བར་གྱུར་ལ། ཆོས་ཉན་པ་ནི་འདོད་པའི་སྲེད་པ་དང༌། གནོད་སེམས་དང༌། སྙོམ་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དང་བཅས་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། སྒོམ་པའི་བར་གྱི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་འདོད་པའི་སྲེད་པ་དང༌། གནོད་སེམས་དང༌། སྙོམ་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དང་བྲལ་བར་གྱུར་ལ། ཆོས་སྨྲ་བ་ནི་འདོད་པའི་སྲེད་པ་དང༌། གནོད་སེམས་དང༌། སྙོམ་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དང་བཅས་


DTG083_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། སྒོམ་པའི་བར་གྱི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་ལ་སོགས་པ་དང་བྲལ་བ་དང་མ་བྲལ་བས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། སྒོམ་པའི་བར་གྱི་ཚེ་ལ་ལ་ཞིག་དེར་འོངས་ཏེ། སེམས་ཅན་དམྱལ་བ་རྣམས་ཀྱི་མི་བསྔགས་པ་བརྗོད་པར་འགྱུར། བྱོལ་སོང་གི་སྐྱེ་གནས་དང༌། ཡི་དགས་རྣམས་ཀྱི་མི་བསྔགས་པ་བརྗོད་པར་འགྱུར་ཏེ། སེམས་ཅན་དམྱལ་བ་རྣམས་ནི་འདི་ལྟ་བུར་སྡུག་བསྔལ། བྱོལ་སོང་གི་སྐྱེ་གནས་པ་རྣམས་ནི་འདི་ལྟར་སྡུག་བསྔལ། ཡི་དགས་ཀྱི་ཡུལ་པ་རྣམས་ནི་འདི་ལྟ་བུར་སྡུག་བསྔལ་གྱི་ཁྱོད་ཀྱིས་སྡུག་བསྔལ་འདི་ཉིད་དུ་མཐར་ཕྱིན་པར་གྱིས་ཤིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ངན་འགྲོར་འགྲོ་བ་ལ་ཕྱིར་ཕྱོགས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་གྱི་ཚེ་ལ་ལ་ཞིག་དེར་འོངས་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལེགས་པ་བརྗོད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་ཀྱི་ལེགས་པ་བརྗོད་ཅིང༌། འདོད་པའི་ཁམས་ནི་འདོད་པ་ལ་ལོངས་སྤྱོད་པས་འདི་ལྟར་བདེའོ། །གཟུགས་ཀྱི་ཁམས་ནི་སྙོམས་པར་འཇུག་པ་རྣམས་ཀྱིས་འདི་ལྟར་བདེའོ། །གཟུགས་མེད་པའི་ཁམས་ནི་ཞི་བ་ལ་སྙོམས་པར་འཇུག་པ་རྣམས་ཀྱིས་འདི་ལྟར་བདེ་སྟེ། དེ་དག་ཐམས་ཅད་ཀྱང་མི་རྟག་པ། སྡུག་བསྔལ་བ། སྟོང་པ་བདག་མེད་པ། རྣམ་པར་འགྱུར་བའི་ཆོས་ཅན། ཟད་པའི་ཆོས་ཅན། འཇིག་པའི་ཆོས་ཅན། འགག་པའི་ཆོས་ཅན་ཡིན་གྱི་ཁྱོད་ཀྱིས་འདི་ཉིད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱིས་ཤིག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ཐོབ་པར་གྱིས་ཤིག །


DTG083_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་དུ་རང་བྱང་ཆུབ་ཐོབ་པར་གྱིས་ཤིག །ཡུན་རིང་པོར་འཁོར་བར་མི་འཁོར་བར་གྱིས་ཤིག་ཅེས་ཟེར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་བདེ་འགྲོར་འགྲོ་བ་ལ་ལེགས་པར་ཕྱོགས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་པུ་སྟེ་ཟླ་མེད་ཅིང་བདག་གིས་བྱེད་པར་གྱུར་བ་ཡིན་ལ། ཆོས་ཉན་པ་ནི་འཁོར་གྱི་ནང་ན་གནས་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ཀློག་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གཅིག་པུ་སྟེ་ཟླ་མེད་ཅིང་བདག་གིས་བྱེད་པར་གྱུར་བ་ཡིན་ལ། ཆོས་སྨྲ་བ་ནི་འཁོར་གྱི་ནང་ན་གནས་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ཀློག་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་གཅིག་པུ་ཉིད་དང་འཁོར་ལ་དགའ་བ་ཉིད་ཀྱིས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདི་སྐད་དུ་སུ་ངའི་རྗེས་སུ་འབྲེལ་བར་འགྱུར་པ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ཀློག་པ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱ་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང༌། བསྒོམ་པ་སྦྱིན་ནོ་ཞེས་ཟེར་ན། ཆོས་ཉན་པ་དང་རྗེས་སུ་འབྲེལ་པར་མི་འགྱུར་ན་ནི། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ཀློག་པ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཆོས་སྨྲ་བའི་རྗེས་སུ་འབྲེལ་པར་འདོད་ལ། ཆོས་སྨྲ་བ་ནི་རྗེས་སུ་འབྲེལ་བའི་སྐབས་མི་འབྱེད་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་


DTG083_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་རྗེས་སུ་འབྲེལ་བར་འདོད་པ་ཉིད་དང་གོ་སྐབས་མི་འབྱེད་པས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། སྒོམ་པའི་བར་དུ་སྦྱིན་པར་འདོད་པར་གྱུར་ལ། ཆོས་ཉན་པ་ནི་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་དྲུང་དུ་འགྲོ་འདོད་པར་མི་འགྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། སྒོམ་པའི་བར་གྱི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བར་འདོད། མཉན་པའི་བར་དུ་འདོད་ལ། ཆོས་སྨྲ་བ་ནི་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་མི་འདོད་དེ། ཉན་པར་གཞུག་པའི་བར་དུ་མི་འདོད་ན་རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཟང་ཟིང་ཅུང་ཟད་འདོད་པ་དང་དེ་སྦྱིན་པར་མི་འདོད་པ་ཉིད་ཀྱིས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་དུ་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་དེར་འགྲོ་འདོད་པར་གྱུར་ལ། ཆོས་ཉན་པ་ནི་དེར་འགྲོ་མི་འདོད་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། སྒོམ་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གང་དུ་སྲོག་གི་བར་ཆད་དུ་འགྲོ་བའི་ཕྱོགས་དེར་འགྲོ་འདོད་པར་གྱུར་ལ། ཆོས་སྨྲ་བ་ནི་དེར་འགྲོ་མི་འདོད་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། སྒོམ་པའི་བར་གྱི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་


DTG083_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་སྲོག་གི་བར་ཆད་དུ་འགྱུར་བར་འགྲོ་བ་དང་མི་འགྲོ་བས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་ན་མུ་གེ་དང་ཆུ་མེད་པའི་ཕྱོགས་དེར་འགྲོ་འདོད་པར་གྱུར་ལ། ཆོས་ཉན་པ་ནི་འགྲོ་མི་འདོད་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་ན་ཟས་མོད་པ་དང༌། ཆུ་མོད་པའི་ཕྱོགས་དེར་འགྲོ་འདོད་པར་གྱུར་ལ། ཆོས་ཉན་པ་ཡང་རྗེས་སུ་འབྲང་བར་གྱུར་ན། དེས་དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཟང་ཟིང་གི་དོན་དུ་སོང་སྟེ་ཅི་མ་རུང༌། ལེགས་པར་བསམ་པ་སེམས་པར་གྱིས་ཤིག ། ཟས་ཐོབ་པ་དང༌། མ་ཐོབ་པ་དང༌། གསོད་པ་དང་མི་གསོད་པ་དག་གིས་འགྱོད་པར་གྱུར་ཏ་རེ་ཞེས་ཟེར་ཏེ། དེ་ལྟར་ཆོས་སྟོན་པ་དེས་ཀྱང་ཐབས་ཕྲ་མོས་ཆོས་ཉན་པ་ལ་སྤོང་བ་བྱས་པར་འགྱུར་ཏེ། དེ་ཡང་མི་དགའ་བའི་ཚུལ་ཅན་དུ་འགྱུར་ཞིང་འདི་སྙམ་དུ་སེམས་ཏེ། འདི་ནི་སྦྱིན་པར་འདོད་པའི་མཚན་མ་མ་ཡིན་གྱི། འདི་ནི་སྤོང་བའི་མཚན་མ་ཡིན་ནོ་སྙམ་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་མུ་གེ་བྱུང་བ་དང༌། ལོ་ལེགས་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི་གང་ན་རྐུན་པོ་ལས་འཇིགས་པ་དང༌། གདོལ་པ་ལས་འཇིགས་པ་དང༌། རྔོན་པ་ལས་འཇིགས་པ་དང༌། གཅན་གཟན་ཁྲོ་བོ་ལས་འཇིགས་པ་དང༌། སྦྲུལ་ལས་འཇིགས་པ་དང༌། འབྲོག་དགོན་པ་ལས་འཇིགས་པ་དང༌། གཡང་ས་ལས་འཇིགས་པ་ཡོད་པ་དེར་འགྲོ་བར་གྱུར་ལ། ཆོས་ཉན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འདོད་པས་ཆོས་སྨྲ་བའི་རྗེས་སུ་འབྲང་བར་གྱུར་ན། དགེ་


DTG083_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ཆོས་སྨྲ་བས་ཆོས་ཉན་པ་དེ་དག་ལ་འདི་སྐད་ཅེས་སྨྲས་ཏེ། རིགས་ཀྱི་བུ་དག་ཁྱོད་གང་ན་རྐུན་པོ་ལས་འཇིགས་པ་དང༌། གདོལ་པ་ལས་འཇིགས་པ་དང༌། རྔོན་པ་ལས་འཇིགས་པ་དང༌། གཅན་གཟན་ཁྲོ་བོ་ལས་འཇིགས་པ་དང༌། སྤྲུལ་ལས་འཇིགས་པ་དང༌། འབྲོག་དགོན་པ་ལས་འཇིགས་པ་དང༌། གཡང་ས་ལས་འཇིགས་པ་ཡོད་པ་དེར་སོང་སྟེ་ཅི་རུང་བར་གྱུར་ཞེས་ཟེར་ཡང་ཆོས་ཉན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ཉན་བར་འདོད་པས་ཆོས་སྨྲ་བའི་རྗེས་སུ་འབྲང་བར་འགྱུར་ན། དགེ་སློང་ཆོས་སྨྲ་བ་དེས་ཆོས་མི་བསྟན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆང་བར་མི་འདོད། འདྲིར་འཇུག་པར་མི་འདོད། ལུང་འབོགས་པར་མི་འདོད། ཉན་དུ་གཞུག་པར་མི་འདོད་པར་གྱུར་ལ། དེ་དག་གིས་དགེ་སློང་ཆོས་སྨྲ་བའི་ཚིག་དེ་དག་ཐོས་ནས་མི་དགའ་བའི་ཚུལ་ཅན་དུ་གྱུར་ཏེ། དགེ་སློང་ཆོས་སྨྲ་བ་གང་དུ་འགྲོ་བར་འགྱུར་བ་དེར་འགྲོ་བར་མི་འགྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། སྒོམ་པའི་བར་གྱི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཆོམ་རྐུན་ལ་སོགས་པའི་རྒྱུ་མཚན་གྱིས་འགྲོ་བ་དང་མི་འགྲོ་བས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི་བསོད་སྙོམས་གཏོང་བའི་ཁྱིམ་གཙོ་བོར་བྱེད་པར་འགྱུར་ཏེ། དེ་བསོད་སྙོམས་གཏོང་བའི་ཁྱིམ་གཙོ་བོར་འགྱུར་བས་བསོད་སྙོམས་གཏོང་བའི་ཁྱིམ་དེ་དག་བལྟ་བར་སེམས་ཤིང༌། བསོད་སྙོམས་གཏོང་བའི་ཁྱིམ་དེ་ལྟ་བས་ཆོས་ཉན་པའི་ཕྱིར་ཟློག་སྟེ། ཚེ་དང་ལྡན་པ་དག་ང་ནི་བསོད་སྙོམས་གཏོང་བའི་ཁྱིམ་བལྟར་འགྲོ་དགོས་སོ་ཞེས་ཟེར་ན། དེས་ཆོས་ཉན་པ་དེ་དག་ཕྱིར་བཟློག་པས་ཕྱིར་དོང་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། སྒོམ་པ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་ཁྱིམ་ལ་བལྟ་བས་ཚོགས་པ་དང་མི་ལྡན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དེ་དག་དགེ་


DTG083_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གི་ཆ་བྱད་དུ་བྱས་ཤིང་ཅི་ནས་ཀྱང་ཐབས་གང་དང་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་ཡང་འདྲི་བར་མི་འགྱུར་བ་དང༌། འཛིན་པར་མི་འགྱུར་བ་དང༌། ཀུན་ཆུབ་པར་བྱེད་པར་མི་འགྱུར་བ་དང༌། འཆང་བར་མི་འགྱུར་བ་དང༌། ཀློག་པར་མི་འགྱུར་བ་དང༌། ཁ་ཏོན་བྱེད་པར་མི་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར་བའི་ཐབས་དེ་དང་དེ་ལ་སྦྱོར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་ཅི་ནས་ཀྱང་ཐབས་གང་དང་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་ཡང་འདྲི་བར་མི་འགྱུར་བ་དང༌། འཛིན་པར་མི་འགྱུར་བ་དང༌། ཀུན་ཆུབ་པར་མི་འགྱུར་བ་དང༌། འཆང་བར་མི་འགྱུར་བ་དང༌། ཁ་ཏོན་བགྱིད་པར་མི་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་མི་འགྱུར་བའི་ཐབས་དེ་དང་དེ་ལ་སྦྱོར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤངས་པ་སྟེ། དེ་ལྟར་ན་གང་དང་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་ཡང་འདྲི་བར་མི་འགྱུར་བ་དང༌། འཛིན་པར་མི་འགྱུར་བ་དང༌། ཀུན་ཆུབ་པར་བྱེད་པར་མི་འགྱུར་བ་དང༌། འཆང་བར་མི་འགྱུར་བ་དང༌། ཁ་ཏོན་བྱེད་པར་མི་འགྱུར་བ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར་བའི་ཐབས་དེ་དང་དེ་ལ་སྦྱོར་བ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། སྒོམ་པར་བྱེད་པའི་ཚེ་བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས་བདག་ཅག་གི་མདོ་སྡེ་ནས་ཇི་ལྟར་བྱུང་བ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་ཡིན་ནོ་ཞེས་དབྱེན་འཇུག་པར་བྱེད་ཅིང་འབྱེད་པར་བྱེད་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དྲུང་དུ་འོངས་ཤིང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་


DTG083_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི་ཡང་དག་པའི་མཐའ་མངོན་དུ་བྱེད་པར་འགྱུར་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། །རང་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་ཟེར་ལ་དེས་ཚིག་དེ་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་འགྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། འཆང་བ་དང༌། སྟོན་པ་དང༌། ཀློག་པ་དང༌། སྒོམ་པའི་བར་གྱི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་བདུད་སྡིག་ཏོ་ཅན་གྱིས་འབྱེད་པའི་སྦྱོར་བ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། སྒོམ་པའི་བར་གྱི་ཚེ་བར་ཆད་དུ་འགྱུར་བའི་བདུད་ཀྱི་ལས་མང་དུ་འབྱུང་བར་འགྱུར་ཏེ། བདུད་ཀྱི་ལས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པར་སྤང་བར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟོགས་པར་བགྱིས་ཏེ། རྟོགས་པར་བགྱིས་ནས་སྤང་བར་བགྱི་བའི་བདུད་ཀྱི་ལས་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་གྱི་བདུད་ཀྱི་ལས་འབྱུང་བར་འགྱུར། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཅན་གྱི་བདུད་ཀྱི་ལས་འབྱུང་བར་འགྱུར་ཏེ། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟོགས་པར་བྱ་ཞིང་རྟོགས་པར་བྱས་ནས་རྣམ་པར་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་ནང་སྟོང་པ་ཉིད་ཀྱི་གཟུགས་བརྙན་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་གཟུགས་བརྙན་ཅན་གྱི་བདུད་ཀྱི་ལས་འབྱུང་བར་འགྱུར། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་བདུད་ཀྱི་ལས་འབྱུང་བར་འགྱུར་ཏེ། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟོགས་པར་བྱ་ཞིང་རྟོགས་པར་བྱས་ནས་རྣམ་པར་


DTG083_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བར་བྱ་སྟེ། འདི་སྐད་དུ་ཁྱོད་ཀྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པ་དང༌། ཡང་དག་པར་སྤོང་བ་བཞི་བསྒོམས་པ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་བསྒོམས་པ་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང༌། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་བསྒོམས་པ་དང༌། འདི་དག་ནི་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །འདི་དག་ཁོང་དུ་ཆུད་པར་བྱས་ན་འདི་ཉིད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་འཐོབ་པར་འགྱུར་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། འཛིན་པ་དང༌། སྟོན་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། སྒོམ་པར་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་ཡིན་ནོ། །དེ་ལྟར་བདུད་སྡིག་ཅན་གྱིས་བདུད་ཀྱི་ལས་དེ་ལྟ་བུ་ཉེ་བར་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་བཅོས་མ་ཉེ་བར་སྒྲུབ་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ལུས་གསེར་གྱི་ཁ་དོག་དང་འོད་འདོམ་གང་བར་བྱས་ཤིང་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ཏེ། དེ་མཐོང་ནས་འདོད་པ་བསྐྱེད་པས་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། འཆད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། བསྒོམ་པར་བྱ་བའི་རྒྱུ་རྐྱེན་དང་མི་ལྡན་པ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་མདུན་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཉེ་བར་སྟོན་ཏེ། དེ་ལ་དེས་འདོད་པ་བསྐྱེད་པར་འགྱུར་ཞིང་བདག་ཀྱང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་བུར་ཤོག་ཤིག །ཇི་ལྟར་དེ་བཞིན་གཤེགས་པ་འདིས་དགེ་སློང་གི་ཚོགས་ཡོངས་སུ་


DTG083_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་ཆོས་སྟོན་པར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཆོས་བསྟན་པར་བྱའོ་ཞེས་དེ་དེ་ལ་འདོད་པ་བསྐྱེད་པར་འགྱུར་ཏེ། འདོད་པ་བསྐྱེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། འཆད་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། སྒོམ་པར་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དང༌། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འགྱུར་བ་དང༌། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འགྱུར་བ་དེ་ལྟ་བུ་དག་ཉེ་བར་སྟོན་ཏེ། བྱང་ཆུབ་སེམས་དཔའ་དེ་ཡང་བདུད་ཀྱི་སྤྲུལ་པ་དེ་དག་ལ་འདོད་པ་བསྐྱེད་པར་འགྱུར་རོ། །དེ་དག་ལ་འདོད་པ་བསྐྱེད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། སྒོམ་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་དང་མི་ལྡན་པར་འགྱུར་བ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གཟུགས་མེད་པའི་ཕྱིར་རོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་མེད་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་


DTG083_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་རྣམས་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། རྣམ་པར་ཐར་པའི་སྒོ་རྣམས་དང༌། བྱང་ཆུབ་མེད་པའི་ཕྱིར་རོ། །རབ་འབྱོར་གང་ལ་གཟུགས་མེད། ཚོར་བ་དང༌། འདུ་ཤེས་དང། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མེད། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། རྟེན་ཅིང་འབྱུང་བའི་ཡན་ལག་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། རྣམ་པར་ཐར་པའི་སྒོ་རྣམས་དང༌། བྱང་ཆུབ་མེད་དེ་གང་ལ་བྱང་ཆུབ་མེད་པ་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་དགེ་འདུན་རྣམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་སོགས་པ་ལ་དགའ་བ་བསྐྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བར་ཆད་མང་དུ་འབྱུང་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ལུང་


DTG083_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ལ་ཡང་བར་ཆད་མང་དུ་འབྱུང་ངོ༌། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་འདིའི་རིན་པོ་ཆེ་འདི་ལྟ་སྟེ། གསེར་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུ་ཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་དང༌། དངུལ་ལ་སོགས་པ་གང་ཇི་སྙེད་ཡོད་པ་དེ་དག་ནི་བར་ཆད་མང་དུ་འབྱུང་ཞིང་ཕྱིར་རྒོལ་བ་མང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཁ་ཏོན་བྱེད་པ་དང༌། སྟོན་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། སྒོམ་པར་བྱེད་པ་དེ་དག་ལ་ཡང་བར་ཆད་མང་པོ་འབྱུང་བར་འགྱུར་རོ། །ཕྱིར་རྒོལ་བ་མང་པོ་འབྱུང་བར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པའི་མདོ་སྡེ་ལ་ཡང་སླར་རྒོལ་བ་མང་དུ་འབྱུང་བར་འགྱུར་རོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཀློག་པ་དང༌། ཁ་ཏོན་བགྱིད་པ་དང༌། སྒོམ་པ་ལ་བར་ཆད་བགྱིད་པར་འགྱུར་བའི་སྐྱེས་བུ་གླེན་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། བསྒོམ་པར་བགྱིད་པའི་བར་ལ་བར་ཆད་བགྱིད་པར་འགྱུར་བའི་སྐྱེས་བུ་གླེན་པ་དེ་དག་ནི་བློ་ཆུང་བ་དང་བློ་ཞན་པར་འགྱུར་བ་ལགས་སོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་ན་མི་འདྲི་བར་མི་འགྱུར་བར་བར་ཆད་བགྱིད་པར་འགྱུར་བ་ནས། སྒོམ་པར་བགྱིད་པ་ན། སྒོམ་པར་མི་འགྱུར་བར་བར་ཆད་བགྱིད་པར་འགྱུར་བ་དེ་དག་ནི་ཆོས་རྒྱ་ཆེན་པོ་ལ་བློ་མི་འཇུག་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་མི་འགྱུར། ཀློག་པར་མི་འགྱུར། ལུང་འབོགས་པར་མི་འགྱུར། ཁ་ཏོན་བྱེད་པར་མི་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར་བར་བར་ཆད་བྱེད་པར་འགྱུར་བ་དེ་དག་


DTG083_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདུད་ཀྱིས་བྱིན་གྱིས་བརླབས་པ། ཐེག་པ་ལ་གསར་དུ་ཞུགས་པ། དགེ་བའི་རྩ་བ་མ་བསྐྱེད་པ། དགེ་བའི་རྩ་བ་ཤིན་ཏུ་ཆུང་བ། སྔོན་གྱི་རྒྱལ་བ་ལ་ལྷག་པར་མ་བྱས་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བར་འགྱུར་བ་ཡིན་ནོ། །རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་མི་འགྱུར། ཀློག་པར་མི་འགྱུར། ལུང་འབོགས་པར་མི་འགྱུར། ཁ་ཏོན་བྱེད་པར་མི་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར། སྒོམ་པའི་བར་དུ་མི་འགྱུར་ཞིང་གཞན་འདྲི་བ་དང༌། སྒོམ་པའི་བར་ལ་བར་ཆད་བྱེད་པ་དེ་ནི་བློ་ཆུང་བ། བློ་ཞེན་པ། བློ་རྒྱ་ཤིན་ཏུ་ཆུང་བར་འགྱུར་ཏེ། དེ་དག་ནི་ཆོས་རྒྱ་ཆེན་པོ་རླབས་ཆེན་པོ་དེ་དག་ལ་སེམས་འཇུག་པར་མི་འགྱུར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། སྒོམ་པའི་བར་ལ་བདུད་ཀྱི་ལས་འདི་དག་འབྱུང་བར་འགྱུར་མོད་ཀྱི། རབ་འབྱོར་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དག་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། སྒོམ་པ་ལ་བདུད་ཀྱི་ལས་འབྱུང་བར་འགྱུར་བ་དེ་ལྟ་ན་ཡང་གོང་ནས་གོང་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་བྱེད་པར་འགྱུར། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། མངོན་པར་ཤེས་པ་ལྔ་རྣམས་དང༌། བྱང་ཆུབ་སེམས་དཔའི་ས་བཅུ་དང༌། སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་བ་འདི་ནི་རབ་འབྱོར་སངས་རྒྱས་ཀྱི་མཐུ་ཡིན་པར་རིག་པར་བྱ་སྟེ། གང་གིས་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་


DTG083_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ཀློག་པ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་བར་དུ་གཅོད་པ་མི་འབྱུང་བར་གོང་ནས་གོང་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། རྣམ་པར་ཐར་པའི་སྒོ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་པར་འགྱུར། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་འགྱུར། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་ལ་ཆོས་སྟོན་པ་དེ་དག་ཀྱང་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ཀློག་པ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་དོན་དུ་བརྩོན་པར་མཛད་པར་འགྱུར་རོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང༌། ཀློག་པ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱེད་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། སྒོམ་པ་དེ་དག་གི་དོན་དུ་བརྩོན་པར་བྱེད་པར་འགྱུར་ཞིང་ཡོངས་སུ་འཛིན་པར་འགྱུར་རོ།། །།བམ་པོ་བཞི་བཅུ་བཞི་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། བུད་མེད་ལ་ལ་ཞིག་ལ་བུ་མང་བར་གྱུར་ཏེ། ལྔའམ། བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། བརྒྱའམ། བརྒྱ་ཕྲག་སྟོང་ཞིག་ཡོད་ལ་དེ་དག་གི་མ་དེ་ན་བར་གྱུར་ན། ཐམས་ཅད་ཀྱང་བདག་ཅག་གི་མ་འདི་ལ་ཇི་ལྟར་ན་བར་ཆད་དུ་མི་འགྱུར། བདག་


DTG083_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་གི་མ་འདི་ཇི་ལྟར་ན་རིང་དུ་འཚོ་བར་འགྱུར། བདག་ཅག་གི་མ་འདིའི་ལུས་ལ་མི་བདེ་བའི་ཉམས་མེད་པར་བྱ་ན་ཇི་ལྟར་བྱ། འདི་ནི་བདག་ཅག་གི་སྐྱེད་བྱེད་དེ་ལུས་ཀྱི་སྦྱིན་བདག་གོ་ཞེས་བརྩོན་པར་བྱེད་ཅིང་དེ་དག་མ་དེ་ལ་རིམ་གྲོ་ལེགས་པར་བྱས་པས་རིམ་གྲོར་བྱེད་དོ། །དེ་དག་གིས་འདིའི་ལུས་ལ་སྲོག་གི་བར་ཚད་དམ། ཉམ་ཆུང་བའམ། ཤ་སྦྲང་ངམ། སྦྲུལ་ལམ། དུས་མ་ཡིན་པའི་འཆི་བའམ། ཚ་བའམ། གྲང་བའམ། བཀྲེས་པའམ། སྐོམ་པ་ལ་སོགས་པའམ། མི་བདེ་བ་འབྱུང་བར་མ་གྱུར་ཅིག་ཅེས་བསྟི་སྟང་ལེགས་པར་བྱས་ནས་བསྟི་སྟང་དུ་བྱེད་དོ། །དེ་ལྟ་བུ་དེ་དག་མ་དེ་ལ་འདི་ནི་བདག་ཅག་ལ་འཇིག་རྟེན་འདི་སྟོན་སྟོན་པའོ་ཞེས་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རྒྱུན་དུ་རིམ་གྲོར་བྱེད་བསྟི་སྟང་དང་བཀུར་སྟི་ཆེར་བྱེད་དོ། །རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་འཆད་པར་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་བདག་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་བསྐྱེད་པའི་ཕྱིར་རོ། །འཇིག་རྟེན་སྟོན་པའི་ཕྱིར་རོ་ཞེས་རྒྱུན་དུ་དགོངས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དེ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཞིང་འཚོ་སྐྱོང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་འཚང་པར་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་རྣམས་བསྐྱེད་ཅིང་སྐྱེད་པར་བྱེད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་འདི་ཡང་སྟོན་པར་བྱེད་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་བྱས་པ་ཤེས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་འཆད་པར་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསམ་གཏན་དང༌། བརྩོན་འགྲུས་དང༌། བཟོད་པ་དང༌། ཚུལ་ཁྲིམས་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་


DTG083_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་རྣམས་དང༌། ཡང་དག་པར་སྤོང་བ་བཞི་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་དང། དབང་པོ་ལྔ་རྣམས་དང༌། སྟོབས་ལྔ་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་འཕགས་པའི་བདེན་པ་བཞི་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་བསམ་གཏན་བཞི་རྣམས་དང༌། ཚད་མེད་པ་བཞི་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱང་བ་ནི་རྣམ་པར་ཐར་པ་བརྒྱད་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱང་བ་ནི་ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་ཡིན་པའི་ཕྱིར་རོ། །འདི་ལས་བྱང་བ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང༌། མི་འཇིགས་པ་བཞི་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་བཞི་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་མངོན་པར་ཤེས་པ་དྲུག་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་སངས་རྒྱས་ཀྱི་ཆོས་ཚད་མེད་མེད་གྲངས་མེད་པ་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་ཡིན་པའི་ཕྱིར་རོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། མངོན་པར་རྫོགས་པར་འཚང་རྒྱ་བ་དང༌།


DTG083_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ལུང་འབོགས་པར་འགྱུར། ཁ་ཏོན་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་འཆད་པར་དགོངས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་བར་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་མཛད་པར་འགྱུར་རོ་ཞེས་བྱ་བ་ནི་འཛམ་བུའི་གླིང་གི་རིན་པོ་ཆེ་ཆེན་པོའི་དཔེས་མཐུ་ཆེན་པོ་ཉིད་བསྟན་ཏེ། འདི་དག་གིས་ནི་བར་ཆད་རྣམས་གསུངས་སོ། །


previousསྦྱོར་བའི་བར་ཆད། next