Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གསུམ་པ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
ཐར་པའི་ཆ་དང་མཐུན་པ།
   
   


 
previousཐར་པའི་ཆ་དང་མཐུན་པ། next

ཐར་པའི་ཆ་དང་མཐུན་པ།


DTG083_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔ་ཆེན་པོ་ཐོག་མ་སེམས་པ་སྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་སྦྱིན་པ་གཏོང་བ་དང༌། ཚུལ་ཁྲིམས་སྲུང་བ་དང༌། བཟོད་པ་སྒོམ་པ་དང༌། བརྩོན་འགྲུས་རྩོམ་པ་དང༌། བསམ་གཏན་ལ་སྙོམས་པར་འཇོག་ཅིང་མཚན་མར་མི་བྱེད། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་སྒོམ་ཞིང་མཚན་མར་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྒོམ་ཞིང་མཚན་མར་མི་བྱེད་ཅེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་སྤྱིར་བསྟན་པའོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་དང་མ་བྲལ་བར་དུས་གསུམ་གྱི་སངས་རྒྱས་རྣམས་དང༌། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དེ་དག་ཐམས་ཅད་ཡིད་ལ་སེམས་ཀྱང་མཚན་མར་མི་བྱེད། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཚན་མར་མི་བྱེད། མཚན་མ་མེད་པའི་ཏིང་ངེ་འཛིན་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་མཚན་མར་མི་བྱེད་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་ཞིང་དེ་ནི་མ་སྨས་མ་ཉམས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བ་


DTG083_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དད་པའི་བདག་ཉིད་ཅན་གྱི་ཐར་པའི་ཆ་དང་མཐུན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཐོག་མར་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་བྱིན་ཡང་མཚན་མར་མི་བྱེད། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་བསྒོམས་ཀྱང་མཚན་མར་མི་བྱེད། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་རྣམས་ལ་མཚན་མར་མི་བྱེད་དེ། ཤཱ་རིའི་བུ་མཚན་མ་དང་བྲལ་བའི་སེམས་ཀྱིས་སྦྱིན་པ་གཏོང་བ་དང༌། ཚུལ་ཁྲིམས་སྲུང་བ་དང༌། བཟོད་པ་སྒྲུབ་པ་དང༌། བརྩོན་འགྲུས་རྩོམ་པ་དང༌། བསམ་གཏན་ལ་མཉམ་པར་གཞོག་པ་དང༌། ཤེས་རབ་སྒོམ་པ་དང༌། དྲན་བ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་རྣམས་སྒོམ་པ་དང༌། འཕགས་པའི་བདེན་པ་དང༌། ཆད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་སྒོམ་པ་དང༌། རྣམ་པར་ཐར་པ་ཐམས་ཅད་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། གཟུངས་ཀྱི་སྒོ་རྣམས་ལ་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམས་སྒོམ་ཞིང་མཚན་མར་མི་བྱེད། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྤྱོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པའོ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་བདག་ཉིད་ཐར་པའི་ཆ་དང་མཐུན་པའོ།། །།བམ་པོ་བཞི་བཅུ་དགུ་པ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་


DTG083_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དང་མ་བྲལ་བའི་བསམ་པ་ཅན་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་སོ་ཞེས་བྱ་བ་ནི་དྲན་པའི་བདག་ཉིད་ཅན་གྱི་ཐར་པའི་ཆ་དང་མཐུན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། གང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། དེ་བཞིན་དུ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའམ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གམ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དམ། སྟོང་པ་ཉིད་ཐམས་ཅད་དམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་སམ། འཕགས་པའི་བདེན་པ་རྣམས་སམ། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་ཐམས་ཅད་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། གཟུངས་ཀྱི་སྒོ་རྣམས་སམ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམས་སམ། མངོན་པར་ཤེས་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཆོས་གང་ཡང་དམིགས་པ་མ་མཆིས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ལ། ཐབས་མཁས་པ་དང་བྲལ་བ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་པ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་བས་སྦྱིན་པ་ཇི་ལྟར་བཏང་པ་དེ་ཐམས་ཅད་ཀྱང་མཚན་མར་བཟུང་སྟེ་བཏང༌། དེ་བཞིན་དུ་ཚུལ་ཁྲིམས་གང་བསྲུངས་པ་དང༌། བཟོད་པ་གང་བསྒྲུབས་པ་དང༌། བརྩོན་འགྲུས་གང་བརྩམས་པ་དང༌།


DTG083_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ལ་མཉམ་པར་གཞག་པ་དང༌། ཤེས་རབ་གང་དང་གང་ལ་རྣམ་པར་དཔྱད་པ་དེ་དག་ཐམས་ཅད་མཚན་མར་བཟུང་སྟེ་རྣམ་པར་དཔྱོད་པས་དེའི་སླད་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་མ་བྲལ་བར་བསྒོམ་པར་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ལ་གནས་ཏེ་མི་དམིགས་པའི་ཚུལ་གྱིས་མཚན་མ་མེད་པ་དང་ལྡན་པའི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏང་བར་བགྱིའོ། །ཚུལ་ཁྲིམས་བསྲུང་བར་བགྱིའོ། །བཟོད་པ་བསྒྲུབ་པར་བགྱིའོ། །བརྩོན་འགྲུས་བརྩམ་པར་བགྱིའོ། །བསམ་གཏན་ལ་མཉམ་པར་གཞག་པར་བགྱིའོ། །ཤེས་རབ་བསྒོམ་པར་བགྱིའོ། །མཚན་མ་མེད་པ་དང་ལྡན་པའི་སེམས་ཀྱིས་ནང་སྟོང་པ་ཉིད་བསྒོམ་པར་བགྱིའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་བསྒོམ་པར་བགྱིའོ། །མཚན་མ་མེད་པ་དང་ལྡན་པའི་སེམས་ཀྱིས་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བགྱིའོ། །དེ་བཞིན་དུ་མཚན་མ་མེད་པ་དང་ལྡན་པའི་སེམས་ཀྱིས་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བགྱིའོ། །མཚན་མ་མེད་པ་དང་ལྡན་པའི་སེམས་ཀྱིས་ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བགྱིའོ། །མཚན་མ་མེད་པ་དང་ལྡན་པའི་སེམས་ཀྱིས་འཕགས་པའི་བདེན་པ་རྣམས་བསྒོམ་པར་བགྱིའོ། །མཚན་མ་མེད་པ་དང་ལྡན་པའི་སེམས་ཀྱིས་རྣམ་པར་ཐར་པ་ཐམས་ཅད་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བགྱིའོ། །མཚན་མ་མེད་པ་དང་ལྡན་པའི་སེམས་ཀྱིས་མངོན་པར་ཤེས་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་


DTG083_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྒོམ་པར་བགྱིའོ། །མཚན་མ་མེད་པ་དང་ལྡན་པའི་སེམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱད་པར་བགྱིའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་བདག་ཉིད་ཅན་གྱི་ཐར་པའི་ཆ་དང་མཐུན་པའོ། །དེ་ནས་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་བགྱི་ལ། ཆོས་དེ་དག་ཀྱང་མ་མཆིས་ཤིང་མི་དམིགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ། །བཅོམ་ལྡན་འདས་མོས་པར་དཀའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ། །ལྷའི་བུ་དག་མོས་པར་དཀའོ། །ལྷའི་བུ་དག་ངས་ཀྱང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ངས་གང་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་ཆོས་ཐམས་ཅད་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཐར་པའི་ཆ་དང་མཐུན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ་ཞེས་གསུངས་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པའི་དོན་བདག་གིས་འཚལ་བ་དང་བདག་སེམས་པ་ལྟར་ན། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་མི་དཀའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མ་མཆིས། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་མ་མཆིས། གང་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་སྟོང་པའོ། །ཆོས་ཐམས་ཅད་སྟོང་པ་


DTG083_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་ལྟ་བུ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་སྟོང་པ་སྟེ། ཆོས་གང་ཡང་འཕེལ་བའམ། ཡོངས་སུ་འགྲིབ་པར་བགྱི་བའི་སླད་དུ་སྦྱིན་པ་ཡོངས་སུ་གཏང་བའམ། ཚུལ་ཁྲིམས་བསྲུང་བའམ། བཟོད་པ་བསྒོམ་པའམ། བརྩོན་འགྲུས་བརྩམ་པའམ། བསམ་གཏན་ལ་མཉམ་པར་གཞག་པའམ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསླབ་པར་བགྱི་བའི་ཆོས་དེ་དག་ཀྱང་མ་མཆིས་ཤིང་མི་དམིགས་ཏེ། གང་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་དག་ཀྱང་སྟོང་པ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སླའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ༌། །དེ་བཞིན་དུ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་རང་བཞིན་གྱིས་སྟོང་ངོ༌། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམས་དང༌། རྣམ་པར་ཐར་པ་ཐམས་ཅད་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། གཟུངས་ཀྱི་སྒོ་རྣམས་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ༌། །རྣམ་པ་


DTG083_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་ཆེན་པོ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་འདི་ལྟར་ནམ་མཁའ་ནི་འདི་སྙམ་དུ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་དུ་མི་སེམས་སོ། །ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྙམ་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པའི་ཕྱིར་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་མོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་པར་བྱེད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སླ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བ་མེད་ན་ནི་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡང་ཕྱིར་མི་ལྡོག་པར་མི་འགྱུར་རོ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་དེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་དཀའ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བ་སླ་ཡིན་པར་ཤེས་སོ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་ཆུང་དུ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཚོར་བ་དང༌།


DTG083_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །དེ་བཞིན་དུ་རྒྱས་པར་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། རྣམ་པར་ཐར་པ་ཐམས་ཅད་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། གཟུངས་ཀྱི་སྒོ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། རྣམ་པར་ཐར་པའི་སྒོ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ལས་གུད་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལས་གུད་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །དེ་བཞིན་དུ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌།


DTG083_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་གུད་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དེ་བཞིན་དུ་རྒྱས་པར་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་ཐམས་ཅད་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། གཟུངས་ཀྱི་སྒོ་དང༌། སྟོང་པ་ཉི་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། འཕགས་པའི་བདེན་པ་དང༌། མངོན་པར་ཤེས་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ཆོས་དེ་ལྟ་བུ་ཡོད་དམ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཚོར་བའི་དེ་བཞིན་ཉིད་དང༌། འདུ་ཤེས་ཀྱི་དེ་བཞིན་ཉིད་དང༌། འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་དང༌། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་


DTG083_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དེ་བཞིན་དུ་རྒྱས་པར་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ལས་གཞན་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་དེ་བཞིན་ཉིད་ལས་གུད་ན་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། སྟོང་པ་ཉིད་ཐམས་ཅད་དང༌། རྣམ་པར་ཐར་པ་ཐམས་ཅད་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཐམས་ཅད་དང༌། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་ལས་གུད་ན་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། འཕགས་པའི་བདེན་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གུད་ན་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། དེ་བཞིན་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ངེས་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དེ་བཞིན་དུ་ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌།


DTG083_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ངེས་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། དེ་ལྟར་ཆོས་རྣམས་བདེན་པ་དང༌། གནས་པས་ཆོས་དེ་དག་མི་དམིགས་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་གང་ཞིག་ཡོད། དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་སྨྲས་པ། གནས་བརྟན་རབ་འབྱོར་གྱིས་ཆོས་གང་ཚུལ་དང་རྣམ་པ་དེས་བསྟན་པ་ལྟར་ན་བྱང་ཆུབ་སེམས་དཔའ་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་མེད་དོ། །དེ་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གསུམ་དེ་བཞིན་གཤེགས་པས་བསྟན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གསུམ་པོ་འདི་དག་གིས་རྣམ་པར་གཞག་པར་ཡང་མི་འགྱུར་ཏེ། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཇི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པ་བསྟན་པ་ལྟར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཅིག་ཁོ་ནར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་ཡང་གནས་བརྟན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅིག་ཏུ་འདོད་དམ་རེ་ཞིག་གནས་བརྟན་རབ་འབྱོར་ལ་དྲི་བར་བྱའོ། །དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅི་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་བྱང་ཆུབ་སེམས་དཔའ་གཅིག་འདོད་དམ། དེ་སྐད་ཅེས་སྨྲས་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་ཡང་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའི་ཉན་ཐོས་ཀྱི་ཐེག་པ་པའམ། བྱང་ཆུབ་སེམས་དཔའི་དང་སངས་རྒྱས་ཀྱི་ཐེག་པ་པའམ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཐེག་པ་པ་གསུམ་དུ་འདོད་དམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་ཡང་


DTG083_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་གསུམ་དུ་དམིགས་སམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་ཡང་དེ་བཞིན་ཉིད་རྣམ་པ་གཅིག་གམ། གཉིས་སམ། གསུམ་དུ་དམིགས་སམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་ཡང་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་གཅིག་ཏུ་དམིགས་སམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། དེ་ལྟར་བདེན་པ་དང་གནས་པས་ཆོས་དེ་དག་མི་དམིགས་ན་ཅི་ལགས། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་འདི་ནི་ཉན་ཐོས་ཀྱི་ཐེག་པ་པའོ། །བྱང་ཆུབ་སེམས་དཔའ་འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་པའོ། །བྱང་ཆུབ་སེམས་དཔའ་འདི་ནི་སངས་རྒྱས་ཀྱི་ཐེག་པ་པའོ་ཞེས་བྱ་བར་སེམས་པར་གྱུར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་རབ་ཏུ་སེམས་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་སེམས་མི་ཞུམ་མི་འགོང་ཡིད་ལ་འགྱོད་པ་མེད་ཅིང་མི་དངང་ཀུན་དུ་མི་སྐྲག་ཀུན་དུ་སྐྲག་པས་ཟིན་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་འདི་ནི་འདི་ལྟར་སངས་རྒྱས་ཀྱི་མཐུས་སྤོབས་སོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་རབ་ཏུ་སེམས་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་སེམས་མི་ཞུམ་མི་འགོང་ཡིད་ལ་འགྱོད་པ་མེད་ཅིང་མི་དངང་ཀུན་དུ་མི་སྐྲག་ཀུན་དུ་སྐྲག་པས་ཟིན་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ནི་ཇི་ཙམ་ཞིག་ཏུ་ངེས་པར་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་


DTG083_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་འབྲིང་ཡིན་ཏེ། འདི་དག་གིས་ནི་ཐར་པའི་ཆ་དང་མཐུན་པ་གསུངས་པ་ཡིན་ནོ། །


previousཐར་པའི་ཆ་དང་མཐུན་པ། next