Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གསུམ་པ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
ངེས་པར་འབྱེད་པའི་ཆ་དང་མཐུན་པ།
   


 
previousངེས་པར་འབྱེད་པའི་ཆ་དང་མཐུན་པ། next

ངེས་པར་འབྱེད་པའི་ཆ་དང་མཐུན་པ།


DTG083_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འཚལ་པས་ཇི་ལྟར་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སེམས་ཅན་རྣམས་ཀྱི་དྲུང་དུ་སེམས་མཉམ་པ་ཉིད་དུ་གནས་པར་བྱ། སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་མཉམ་པའི་སེམས་བསྐྱེད་པར་བྱའི་མི་མཉམ་པའི་སེམས་བསྐྱེད་པར་མི་བྱ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་དམིགས་པར་བྱ། སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་བྱམས་པ་ཆེན་པོ་བསྐྱེད་པར་བྱ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དམིགས་པར་བྱ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཀྱིས་དམིགས་པར་བྱའོ། །བརླང་བའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་རྣམས་ཀྱི་དྲུང་དུ་ང་རྒྱལ་བཅོམ་པའི་སེམས་བསྐྱེད་པར་བྱ། སེམས་ཅན་ཐམས་ཅད་ལ་གཡོ་བ་མེད་པར་དམིགས་པར་བྱའོ་ཞེས་བྱ་བ་ནི་དྲོད་དུ་གཏོགས་པ་ཆུང་དུ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་ཕན་པའི་སེམས་བསྐྱེད་པར་བྱའི། གནོད་པའི་སེམས་བསྐྱེད་པར་མི་བྱའོ། །སེམས་ཅན་རྣམས་ལ་ཕན་པའི་སེམས་ཀྱིས་དམིགས་པར་བྱའོ། །གནོད་པའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་ཁོང་ཁྲོ་བ་མེད་པའི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་དམིགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་མི་འཚེ་བའི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མི་འཚེ་བའི་སེམས་ཀྱིས་དམིགས་པར་བྱའོ་ཞེས་བྱ་བ་ནི་དྲོད་དུ་གཏོགས་པ་


DTG083_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་མའི་སེམས་བསྐྱེད་པར་བྱའོ། །ཕའི་སེམས་བསྐྱེད་པར་བྱའོ། །སྤུན་ཟླའི་སེམས་བསྐྱེད་པར་བྱའོ། །སྲིང་མོའི་སེམས་བསྐྱེད་པར་བྱའོ། །བུའི་སེམས་བསྐྱེད་པར་བྱའོ། །བུ་མོའི་སེམས་བསྐྱེད་པར་བྱའོ། །གྲོགས་པོ་དང་ཡིད་བརྟན་པ་དང་གཉེན་དང་སྣག་གི་གཉེན་མཚམས་ཀྱི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མའི་སེམས་དང་པའི་སེམས་ཀྱིས་དམིགས་པར་བྱ། སྤུན་ཟླའི་སེམས་དང་སྲིད་མོའི་སེམས་ཀྱིས་དམིགས་པར་བྱ། བུའི་སེམས་དང་བུ་མོའི་སེམས་ཀྱིས་དམིགས་པར་བྱ། གྲོགས་དང་ཡིད་བརྟན་པ་དང་གཉེན་དང་སྣག་གི་གཉེན་མཚམས་ཀྱི་སེམས་ཀྱིས་དམིགས་པར་བྱའོ་ཞེས་བྱ་བ་ནི་དྲོད་དུ་གཏོགས་པ་ཆེན་པོ་ཡིན་ནོ། །བདག་ཉིད་ཀྱང་སྲོག་གཅོད་པ་ལས་ལྡོག་པར་བྱ། གཞན་ཡང་སྲོག་གཅོད་པ་ལས་ལྡོག་པ་ལ་ཡང་དག་པར་བསྐུལ་བར་བྱ། སྲོག་གཅོད་པ་ལས་ལྡོག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་དག་སྲོག་གཅོད་པ་ལས་ལྡོག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་ཉིད་ཀྱང་མ་བྱིན་པར་ལེན་པ་ལས་ལྡོག་པར་བྱ། གཞན་ཡང་མ་བྱིན་པར་ལེན་པ་ལས་ལྡོག་པ་ལ་ཡང་དག་པར་བསྐུལ་བར་བྱ། མ་བྱིན་པར་ལེན་པ་ལས་ལྡོག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་དག་མ་བྱིན་པར་ལེན་པ་ལས་ལྡོག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་འདོད་པས་ལོག་པར་གཡེམ་པ་ལས་ལྡོག་པར་བྱ། གཞན་ཡང་འདོད་པས་ལོག་པར་གཡེམ་པ་ལས་ལྡོག་པ་ལ་ཡང་དག་པར་བསྐུལ་བར་བྱ། འདོད་པས་ལོག་པར་གཡེམ་པ་ལས་ལྡོག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་དག་འདོད་པས་ལོག་པར་གཡེམ་པ་ལས་ལྡོག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །དེ་བཞིན་དུ་བདག་ཉིད་ཀྱང་བརྫུན་གྱི་ཚིག་སྨྲ་བ་དང༌།


DTG083_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མའི་ཚིག་དང༌། ཞེ་གཅོད་པའི་ཚིག་དང༌། ཚིག་ཀྱལ་པ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་ལས་ལྡོག་པར་བྱ། གཞན་ཡང་ལོག་པར་ལྟ་བ་ལས་ལྡོག་པ་ལ་ཡང་དག་པར་བསྐུལ་བར་བྱ། ལོག་པར་ལྟ་བ་ལས་ལྡོག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་དག་ལོག་པར་ལྟ་བ་ལས་ལྡོག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་བསམ་གཏན་དང་པོ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །དེ་བཞིན་དུ་བདག་ཉིད་ཀྱང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པར་བྱ། དེ་བཞིན་དུ་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པར་བྱ། དེ་བཞིན་དུ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པར་བྱ། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་བྱམས་པ་བསྒོམ་པར་བྱ། གཞན་ཡང་བྱམས་པ་བསྒོམ་པ་ལ་ཡང་དག་པར་བསྐུལ་བར་བྱ། བྱམས་པ་བསྒོམ་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བྱམས་པ་ལ་གནས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །དེ་བཞིན་དུ་སྙིང་རྗེ་དང་དགའ་བ་ལ་ཡང་བྱའོ། །དེ་བཞིན་དུ་བདག་ཉིད་ཀྱང་བཏང་སྙོམས་ལ་གནས་པར་བྱ། གཞན་ཡང་བཏང་སྙོམས་ལ་ཡང་དག་པར་བསྐུལ་པར་བྱ། བཏང་སྙོམས་ལ་གནས་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བཏང་སྙོམས་ལ་གནས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཡང་དག་པར་བསྐུལ་བར་བྱ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་ལེགས་པ་བརྗོད་


DTG083_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། གཞན་གང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །དེ་བཞིན་དུ་བདག་ཉིད་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཡང་དག་པར་བསྐུལ་བར་བྱ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་བྱ་བ་ནི་རྩེ་མོར་གཏོགས་པ་ཆུང་དུ་ཡིན་ནོ། །བདག་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། གཞན་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །དེ་བཞིན་དུ་བདག་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། གཞན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་བྱ་བ་ནི་རྩེ་མོར་གཏོགས་པ་འབྲིང་ཡིན་ནོ། །བདག་ཉིད་ཀྱང་ནང་སྟོང་པ་ཉིད་བསྒོམ་པར་བྱ། གཞན་ཡང་ནང་སྟོང་པ་ཉིད་བསྒོམ་པ་ལ་ཡང་དག་པར་བསྐུལ་བར་བྱ། ནང་སྟོང་པ་ཉིད་བསྒོམ་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ནང་སྟོང་པ་ཉིད་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །དེ་བཞིན་དུ་བདག་ཀྱང་ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་


DTG083_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཀྱི་བར་བསྒོམ་པར་བྱ། གཞན་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱའོ། །གཞན་ཡང་དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། དྲན་པ་ཉེ་བར་གཞག་པ་བཞིའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །དེ་བཞིན་དུ་བདག་ཉིད་ཀྱང་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱ། གཞན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་བསྐུལ་བར་བྱ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པར་བྱ། གཞན་ཡང་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཡང་དག་པར་བསྐུལ་བར་བྱ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་འཕགས་པའི་བདེན་པ་བཞི་བསྒོམ་པར་བྱ། གཞན་ཡང་འཕགས་པའི་བདེན་པ་བཞི་བསྒོམ་པ་ལ་ཡང་དག་པར་བསྐུལ་པར་བྱ། འཕགས་པའི་བདེན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་འཕགས་པའི་བདེན་པ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་རྣམ་པར་ཐར་པ་བརྒྱད་བསྒོམ་པར་བྱ། གཞན་ཡང་


DTG083_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཐར་པ་བརྒྱད་བསྒོམ་པ་ལ་ཡང་དག་པར་བསྐུལ་བར་བྱ། རྣམ་པར་ཐར་པ་བརྒྱད་ཀྱི་ལེགས་པ་བརྗོད་པར་བྱ། གཞན་གང་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པར་བྱ། གཞན་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་བསྐུལ་བར་བྱ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ལེགས་པ་བརྗོད་པར་བ། སེམས་ཅན་གཞན་གང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱ། གཞན་ཡང་མངོན་པར་ཤེས་པ་རྣམས་ཐོབ་པ་ལ་ཡང་དག་པར་བསྐུལ་བར་བྱ། མངོན་པར་ཤེས་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་མངོན་པར་ཤེས་པ་རྣམས་ཐོབ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་བསྐུལ་བར་བྱ། དེ་བཞིན་གཤེགས་པའི་སྟོབས་བཅུའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །དེ་བཞིན་དུ་བདག་ཉིད་ཀྱང་མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་རབ་ཏུ་འགོད་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ལེགས་པ་བརྗོད་པར་བྱ། གཞན་གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ལ་ཡང་དག་པར་བསྐུལ་བར་བྱ། བྱམས་པ་ཆེན་པོ་


DTG083_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྙིང་རྗེ་ཆེན་པོའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་ལུགས་མ་ཡིན་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་ལུགས་མ་ཡིན་པའི་སྙོམས་པར་འཇུག་པ་ལ་ཡང་དག་པར་བསྐུལ་བར་བྱ། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་ལུགས་མ་ཡིན་པ་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་ལུགས་མ་ཡིན་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ་ཞེས་བྱ་ནི་རྩེ་མོར་གཏོགས་པ་ཆེན་པོ་ཡིན་ནོ། །བདག་ཉིད་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་རབ་ཏུ་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། གཞན་ཡང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང༌། ཀུན་འབྱུང་རབ་ཏུ་སྤོང་པ་དང༌། འགོག་པ་མངོན་དུ་བྱ་བ་དང༌། ལམ་བསྒོམ་པ་ལ་ཡང་དག་པར་བསྐུལ་བར་བྱ། སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་རབ་ཏུ་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྡུག་བསྔལ་ཡོངས་སུ་ཤེས་པ་བྱེད་པ་དང༌། ཀུན་འབྱུང་རབ་ཏུ་སྤོང་བ་དང༌། འགོག་པ་མངོན་དུ་བྱེད་པ་དང༌། ལམ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་བྱ་བ་ནི་བཟོད་པར་གཏོགས་པ་ཆུང་དུ་ཡིན་ནོ། །བདག་ཉིད་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ་ཡང་དག་པའི་མཐའ་མངོན་དུ་མི་བྱ། གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་


DTG083_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པར་དགའ་བར་བྱའོ། །དེ་བཞིན་དུ་བདག་ཉིད་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། ཡང་དག་པའི་མཐའ་མངོན་དུ་མི་བྱ། བདག་ཉིད་ཀྱང་ཕྱིར་མི་འོང་བའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ་ཡང་དག་པའི་མཐའ་མངོན་དུ་མི་བྱ། བདག་ཉིད་ཀྱང་དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ་ཡང་དག་པའི་མཐའ་མངོན་དུ་མི་བྱ། གཞན་ཡང་དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བ་ལ་རབ་ཏུ་དགོད་པར་བྱ། དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་རང་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། རང་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱ་བས་ཡང་དག་པའི་མཐའ་མངོན་དུ་མི་བྱ། གཞན་ཡང་རང་བྱང་ཆུབ་ཀྱི་འབྲས་བུ་ཤེས་པ་མངོན་དུ་བྱ་བ་ལ་རབ་ཏུ་འགོད་པར་བྱ། རང་བྱང་ཆུབ་ཀྱི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རང་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་བྱ་བ་ནི་བཟོད་པར་གཏོགས་པ་འབྲིང་ཡིན་ནོ། །བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་བྱ། གཞན་ཡང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་ལ་ཡང་དག་པར་བསྐུལ་བར་བྱ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ་ཞེས་བྱ་བ་ནི་བཟོད་པར་གཏོགས་པ་ཆེན་པོ་ཡིན་ནོ། །བདག་ཉིད་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ། གཞན་ཡང་སེམས་ཡོངས་སུ་སྨིན་པར་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ།


DTG083_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱ། གཞན་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་ཡང་དག་པར་བསྐུལ་བར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་རབ་ཏུ་གནས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་བྱ་བ་ནི་མཆོག་ཆུང་དུ་ཡིན་ནོ། །བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པར་བྱ། གཞན་ཡང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པ་ལ་ཡང་དག་པར་བསྐུལ་བར་བྱ། མངོན་པར་ཤེས་པ་བསྐྱེད་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་འབྲིང་ཡིན་ནོ། །བདག་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པར་བྱ། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཡང་དག་པར་བསྐུལ་བར་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ། གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་ལ་ཡང་དག་པར་བསྐུལ་བར་བྱ། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་སྤོང་བ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་གཟུང་བར་བྱ། གཞན་ཡང་ཚེ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་བསྐུལ་བར་བྱ། ཚེ་ཕུན་སུམ་ཚོགས་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྐྱེས་བུ་ཆེན་པོའི་ཚེ་ཕུན་སུམ་ཚོགས་པ་ལ་གནས་པ་དེ་དག་གི་


DTG083_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ཉིད་ཀྱང་དམ་པའི་ཆོས་ཡོངས་སུ་གནས་པ་གཟུང་བར་བྱ། གཞན་ཡང་དམ་པའི་ཆོས་གནས་པ་ལ་ཡང་དག་པར་བསྐུལ་བར་བྱ། དམ་པའི་ཆོས་ལ་གནས་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དམ་པའི་ཆོས་གནས་པ་ཡོངས་སུ་འཛིན་པ་སྐྱེས་བུ་ཁྱུ་མཆོག་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འདོད་པས་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ལ་གནས་པར་བྱའོ། །དེ་ལྟར་སློབ་ཅིང་དེ་ལྟར་གནས་པས་དེའི་གཟུགས་སྒྲིབ་པ་མེད་པར་འགྱུར་རོ། །ཚོར་བ་སྒྲིབ་པ་མེད་པ་དང༌། འདུ་ཤེས་སྒྲིབ་པ་མེད་པ་དང༌། འདུ་བྱེད་རྣམས་སྒྲིབ་པ་མེད་པ་དང༌། རྣམ་པར་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། །དེ་བཞིན་དུ་རྒྱས་པར་དམ་པའི་ཆོས་གནས་པའི་བར་དུ་སྒྲིབ་པ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྔོན་གྱི་མཐའ་ནས་གཟུགས་ཡོངས་སུ་མ་བཟུང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང༌། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མ་བཟུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །འདི་ལྟར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་གནས་པ་འདི་བཤད་པའི་ཚེ་བྱང་ཆུབ་སེམས་དཔའ་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཆེན་པོ་སྟེ་འདི་དག་གིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུངས་སོ། །


previousངེས་པར་འབྱེད་པའི་ཆ་དང་མཐུན་པ། next