Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་བཞི་པ།


  collapse section
   
   
   
  collapse section
   
རྟགས་ཀྱི་རྩེ་སྦྱོར།
   
   
   
   
   
   
   
   
   


 
previousརྟགས་ཀྱི་རྩེ་སྦྱོར། next

རྟགས་ཀྱི་རྩེ་སྦྱོར།


DTG084_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བ་དང༌། མིག་ཡོར་དང་འདྲ་བ་དང༌། སྤྲུལ་པ་དང་འདྲ་བ་དང༌། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་ལྟ་བ་མངོན་དུ་བྱེད་ན། རབ་འབྱོར་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་དང་པོ་ཡིན་ནོ།། །།རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་ཡང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའམ། ཁམས་གསུམ་པ་ལ་འདོད་པའི་སེམས་མི་བསྐྱེད། ལེགས་པའི་སེམས་མི་བསྐྱེད་ན། རབ་འབྱོར་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་རྟགས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་གཉིས་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞམ་འབྲིང་བརྒྱ་ཕྲག་དུ་མ་དང༌། ཞམ་འབྲིང་སྟོང་ཕྲག་དུ་མ་དང༌། ཞམ་འབྲིང་བརྒྱ་སྟོང་ཕྲག་དུ་མ་དང༌། ཞམ་འབྲིང་བྱེ་བ་ཕྲག་དུ་མ་དང༌། ཞམ་འབྲིང་བྱེ་བ་བརྒྱ་ཕྲག་དུ་མ་དང༌། ཞམ་འབྲིང་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང༌། ཞམ་འབྲིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་མངའ་བ། དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌།


DTG084_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་མང་པོས་ཀུན་ནས་བསྐོར་ཞིང་མདུན་དུ་བྱས་ཏེ་ཆོས་སྟོན་པ་མཐོང་ལ། དེས་ཆོས་དེ་ཐོས་ཏེ་ཐོས་ནས་ཆོས་དེའི་དོན་ཤེས་པར་བྱའོ་ཞེས་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་ཤིང་གནས་པ་དང༌། མཐུན་པར་ཞུགས་ཏེ་རྗེས་སུ་མཐུན་པའི་ཆོས་ལ་སྤྱོད་པ་མཐོང་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་གསུམ་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་ལ་ཡང་འཕགས་ཤིང་དགེ་སློང་གི་དགེ་འདུན་ལ་ཆོས་སྟོན་པ་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། འོད་འདོམ་གང་པ་མངའ་བ། རྫུ་འཕྲུལ་དང་ཆོ་འཕྲུལ་མང་པོ་སྟོན་པ། སྤྲུལ་པ་མང་པོས་སྤྲུལ་པ་མཛད་ཅིང༌། སྤྲུལ་པ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སངས་རྒྱས་ཀྱི་བྱ་བ་བྱེད་པ་མཐོང་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་བཞི་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་ཡང་གྲོང་བཅོམ་པ་དང༌། གྲོང་ཁྱེར་བཅོམ་པ་དང༌། མེ་ཐར་བའམ། གཅན་གཟན་ཁྲོ་བོ་མཐོང་ངམ། དེ་མ་ཡིན་པའི་རི་དྭགས་གཏུམ་པོའི་རྣམ་པ་མཐོང་ངམ། མགོ་བཅད་པར་གྱུར་བ་མཐོང་ངམ། དེ་མ་ཡིན་པའི་འཇིགས་ཤིང་མི་བཟད་པ་དང་དངང་བར་གྱུར་པ་མཐོང་ངམ། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་མཐོང་ངམ། བཀྲེས་པའམ་སྐོམ་པ་མཐོང་ངམ། ཕ་ཤི་བའམ། མ་ཤི་བའམ། ཕུ་ནུ་ཤི་བའམ། བུ་སྲིང་ཤི་བའམ། གྲོགས་པོའམ་གཉེན་བཤེས་ཤི་བ་མཐོང་ན་མྱ་ངན་དང༌། འཇིགས་པ་དང༌། བྲེད་པ་དང༌། ཀུན་ཏུ་སྐྲག་པར་མི་འགྱུར་ཏེ། མི་དང༌། ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ཏེ། རྨི་ལམ་དེ་རྨིས་


DTG084_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོག་ཏུ་སང་ནས་ཀྱང་འདི་སྙམ་སྟེ། ཀྱེ་མ་ཁམས་གསུམ་པ་འདི་དག་ཀྱང་རྨི་ལམ་ལྟ་བུ་སྟེ། བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་རྨི་ལམ་ལྟ་བུར་བསྟན་པར་བྱའོ་སྙམ་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་ལྔ་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། དེའི་ཚེ་སངས་རྒྱས་ཀྱི་ཞིང་ན་ངན་སོང་གསུམ་པོ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་བར་ཇི་ལྟར་རིག་པར་བྱ་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་དུ་སེམས་ཅན་དམྱལ་བ་པའི་སེམས་ཅན་མཐོང་ངམ། བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་ནམ། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་མཐོང་ན། དྲན་པ་གང་ཐོབ་པས་འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཞིང་དེ་ན་ངན་སོང་གསུམ་པོ་ཐམས་ཅད་དུ་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་ན་དེ་ལྟར་སྤྱད་དོ་སྙམ་པ་དེ་ལྟ་བུའི་དྲན་པ་ཐོབ་པོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨི་ལམ་གང་ཡིན་པ་དང༌། རྨི་ལམ་གྱི་མཐའ་གང་ཡིན་པ་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱང་མེད་དོ་སྙམ་སྟེ། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་དྲུག་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་མམ་སད་པའི་ཚེ། གྲོང་ཁྱེར་ཚིག་པར་གྱུར་པ་ན་འདི་སྙམ་དུ་བདག་གི་རྨི་ལམ་མམ་སད་པའི་ཚེ། རྣམ་པ་གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་མཐོང་བའི་རྣམ་པ་དང༌། རྟགས་དང༌། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་


DTG084_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པར་བྱ་བའི་རྣམ་པ་དེ་དག་དང༌། རྟགས་དེ་དག་དང༌། མཚན་མ་དེ་དག་གལ་ཏེ་བདག་ལ་ཡོད་ན། བདེན་པ་དེ་དང་བདེན་པའི་ཚིག་འདིས་གྲོང་ཁྱེར་མེས་ཚིག་པ་དེ་ཞི་བར་གྱུར་ཅིག །བསིལ་བར་གྱུར་ཅིག །མེད་པར་གྱུར་ཅིག་སྙམ་དུ་སེམས་པ་ལ་གཉིད་ལོག་པར་གྱུར་པའམ་སད་པས་རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་མཐོང་བ་དག་གལ་ཏེ་རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཡིན་པའི་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་ང་ལ་ཡོད་པ་ཡིན་ན། བདེན་པ་དང་བདེན་པའི་ཚིག་དེས་གྲོང་ཁྱེར་ཚིག་པ་ཞི་བར་གྱུར་ཅིག །བསིལ་བར་གྱུར་ཅིག །མེད་པར་གྱུར་ཅིག་སྙམ་དུ་སེམས་པས། གལ་ཏེ་ཞི་བ་དང་བསིལ་པ་དང་མེད་པར་གྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་པར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་ཡང་མེའི་ཕུང་པོ་དེ་བདེན་པའི་ཚིག་དེ་ལས་འདས་ཏེ་ཁྱིམ་ནས་ཁྱིམ་དུ་ཚིག་སྲང་ནས་སྲང་དུ་ཚིག་སྟེ། ཁྱིམ་ལ་ལ་ནི་ཚིག །ཁྱིམ་ལ་ལ་ནི་མ་ཚིག །སྲང་ལ་ལ་ནི་ཚིག །སྲང་ལ་ལ་ནི་མ་ཚིག་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་འདི་དག་གི་ཁྱིམ་ལ་ལ་ནི་ཚིག །ཁྱིམ་ལ་ལ་ནི་མ་ཚིག་པ་ལས་ན། སེམས་ཅན་དེ་དག་གིས་ཆོས་སྤོང་བའི་ལས་བྱས་པས། དེ་དག་གི་ལས་ཚེ་འདི་ལ་རྣམ་པར་སྨིན་ཏེ། དེ་དག་ཆོས་ལ་སྐུར་པ་དེ་ཉིད་ཀྱི་ལས་ཀྱི་ལྷག་མ་ལ་ཡང་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བར་རིག་པར་བྱ་སྟེ། རབ་འབྱོར་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུ་དང་རྐྱེན་ཏེ། རྒྱུ་དེ་དག་དང་རྐྱེན་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་བདུན་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་རྣམ་པ་གང་དག་དང་རྟགས་གང་དག་དང༌། མཚན་མ་གང་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱ་བའི་རྣམ་


DTG084_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་དང་རྟགས་དེ་དག་དང༌། མཚན་མ་དེ་དག་བསྟན་པར་བྱའོ། །རབ་འབྱོར་གལ་ཏེ་བུད་མེད་དམ་སྐྱེས་པ་གང་ལ་ལ་ཞིག་མི་མ་ཡིན་པས་བྱིན་གྱིས་བརླབས་ན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ། གལ་ཏེ་བདག་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། བདག་གི་བསམ་པ་ཡོངས་སུ་དག་ཅིང༌། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ལ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང༌། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡིད་ལ་བྱེད་པ་ཡོངས་སུ་དག་པ་སྟེ། བདག་ལ་ཉན་ཐོས་ཀྱི་སེམས་མེད། བདག་ལ་རང་སངས་རྒྱས་ཀྱི་སེམས་མེད། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མེད་པས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང༌། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་ཡིན་གྱིས། བདག་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གྲངས་མེད་ཚད་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་ཤིང༌། འཚོ་སྐྱོང་བ་དང༌། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ནི་གང་ཅི་ཡང་མ་མཁྱེན་པའམ། མ་གཟིགས་པའམ། ཐུགས་སུ་མ་ཆུད་པའམ། མངོན་དུ་མ་མཛད་པའམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་གང་ཡང་མེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བར་བདག་གི་བསམ་པ་ཐུགས་སུ་ཆུད་ཅེ་ན། བདེན་པ་དེ་དང་བདེན་པའི་ཚིག་དེས་སྐྱེས་པའམ་བུད་མེད་འདི་མི་མ་ཡིན་པ་གང་གིས་བཟུང་བའམ་གཙེས་པར་གྱུར་པའི་མི་མ་ཡིན་པ་དེ་གུད་དུ་འགྲོ་


DTG084_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཅིག་ཅེས་བསམས་ཏེ་སྨྲས་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་སྐད་དུ་བརྗོད་པས་མི་མ་ཡིན་པ་དེ་གུད་དུ་མ་སོང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བརྗོད་པས། མི་མ་ཡིན་པ་དེ་གུད་དུ་སོང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་པ་དེ་དག་དང༌། རྟགས་དེ་དག་དང༌། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ལ་ཐབས་ལ་མཁས་པ་དང་མི་ལྡན་པ། དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་མ་སྤྱད་པ་དང༌། བྱང་ཆུབ་སེམས་དཔའ་སྐྱོན་མེད་པར་མ་ཆུད་པའི་བདེན་པའི་བྱིན་གྱི་རླབས་ལ་བདུད་སྡིག་ཅན་ཉེ་བར་འོངས་ཏེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེན་པའི་བྱིན་གྱི་རླབས་བྱེད་ཅིང་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་


DTG084_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་དང༌། བདེན་པའི་ཚིག་དེས་མི་མ་ཡིན་པ་དེ་གུད་དུ་འགྲོ་བར་གྱུར་ཅིག་ཅེས་བརྗོད་པས། བདུད་སྡིག་ཅན་དེས་མི་མ་ཡིན་པར་གྱུར་པ་དེ་ཅི་ནས་ཀྱང་གུད་དུ་འགྲོ་བར་བྱ་བའི་ཕྱིར་ནན་ཏན་དུ་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདུད་སྡིག་ཅན་ནི་མི་མ་ཡིན་པ་བདེ་བས་ཀྱང་ཆེས་མཐུ་དང་ལྡན་ཞིང་ཆེས་བཟི་བརྗིད་དང་ལྡན་པས། དེའི་ཕྱིར་བདུད་སྡིག་ཅན་དེའི་བྱིན་གྱི་རླབས་ཀྱིས་མི་མ་ཡིན་པ་དེ་གུད་དུ་སོང་བར་གྱུར་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་སྟེ། འདི་ལྟར་བདག་གི་མཐུས་མི་མ་ཡིན་པ་དེ་གུད་དུ་སོང་ངོ་སྙམ་ནས། བདུད་ཀྱི་མཐུས་མི་མ་ཡིན་པ་དེ་གུད་དུ་སོང་བར་ནི་མ་ཤེས་ཏེ། དེ་དེའི་རྒྱུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་བརྙས་པ་དང༌། འཕྱ་བ་དང༌། འཐིང་སླད་བྱེད་ཅིང་སྨོད་པ་ཁྱད་དུ་གསོད་ཅིང༌། བདག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་གྱི། འདི་དག་གཞན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ་ཞེས། དེ་དེ་ཙམ་གྱིས་ང་རྒྱལ་འཕེལ་བར་བྱེད་པ་དང༌། ང་རྒྱལ་སྐྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་རིང་ཏུ་བྱེད་ན། དེ་ལྟར་ཐབས་མི་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་ཙམ་གྱིས་ལྷག་པའི་ནག་རྒྱལ་སྐྱེས་པ་དེས་ས་གཉིས་པོར་འགྲོ་བར་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའོ། །དེ་ལྟར་ན་བདེན་པའི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བདུད་ཀྱི་ལས་འབྱུང་སྟེ་དེ་ལ་དགེ་བའི་བཤེས་གཉེན་ལ་མི་བརྟེན་ཅིང་མི་འགྲོགས་ལ་བསྙེན་བཀུར་མི་བྱེད་ན། དེ་ཉིད་དུ་བདུད་ཀྱིས་བཅིངས་པ་དེ་དམ་ཕོར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པ་དང༌། ཐབས་མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ།། །།


DTG084_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་ལྔ་བཅུ་གསུམ་པ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་མ་སྤྱད་པ། རྣམ་པར་ཐར་པའི་སྒོ་གསུམ་ལ་མ་སྤྱད་པ། སྐྱོན་མེད་པར་མ་ཆུད་པའི་དྲུང་དུ་བདུད་སྡིག་ཅན་མིང་གི་བྱིན་གྱི་རླབས་ཀྱིས་ཉེ་བར་འོང་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བདུད་སྡིག་ཅན་ཆ་བྱད་གང་ཡང་རུང་བས་ཉེ་བར་འོངས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྟེ། ཁྱོད་ཀྱི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་ཕའི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་མའི་མིང་འདི་ཞེས་བྱའོ། །ཁྱོད་ཀྱི་ཕུ་ནུའི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་བུ་སྲིང་གི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་མཛའ་བོ་དང༌། བློན་པོ་དང༌། གཉེན་བཤེས་ཀྱི་མིང་ནི་འདི་ཞེས་བྱའོ་ཞེས་བྱ་བ་ནས་ཕ་མའི་ཟུང་རབས་བདུན་ཉེ་བར་སྟོན་ཞིང༌། ཁྱོད་ནི་ཡུལ་ཆེ་གེ་མོ་ཞིག་དང༌། གྲོང་ཁྱེར་ཆེ་གེ་མོ་ཞིག་དང༌། ཕྱོགས་ཆེ་གེ་མོ་ཞིག་ནས། ཡུལ་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །གྲོང་ཁྱེར་ཆེ་གེ་མོ་ཞིག་དང༌། གྲོང་རྡལ་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །གལ་ཏེ་ངང་གིས་འཇམ་པ་ཞིག་ཡིན་ན་དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདི་བཞིན་དུ་འཇམ་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་རྣོ་བ་ཞིག་ཡིན་ན་དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདུ་བཞིན་དུ་རྣོ་བར་གྱུར་ཏོ་ཞེས་ཟེར། གལ་ཏེ་དགོན་པ་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་དགོན་པ་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་བསོད་སྙོམས་པ་ཞིག་ཡིན་ན། གལ་ཏེ་ཕྱག་དར་ཁྲོད་པ་ཞིག་ཡིན་ནམ། གལ་ཏེ་བསོད་སྙོམས་ཕྱིས་མི་ལེན་པ་ཞིག་ཡིན་ནམ། གལ་ཏེ་སྟན་གཅིག་པ་ཞིག་ཡིན་ནམ། གལ་ཏེ་ཅི་ཐོབ་པའི་བསོད་སྙོམས་པ་ཞིག་ཡིན་ནམ། གལ་ཏེ་དུར་ཁྲོད་པ་ཞིག་ཡིན་ནམ། གལ་ཏེ་བླ་གབ་མེད་པ་ཞིག་ཡིན་ནམ། གལ་ཏེ་ཤིང་དྲུང་པ་ཞིག་ཡིན་ནམ། གལ་ཏེ་ཅོག་བུ་པ་ཞིག་ཡིན་ནམ། གལ་ཏེ་གཞི་ཇི་བཞིན་པ་ཞིག་ཡིན་


DTG084_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། གལ་ཏེ་ཆོས་གོས་གསུམ་པ་ཞིག་ཡིན་ནམ། གལ་ཏེ་འདོད་པ་ཆུང་བ་ཞིག་ཡིན་ནམ། གལ་ཏེ་ཆོག་ཤེས་པ་ཞིག་ཡིན་ནམ། གལ་ཏེ་དབེན་པ་ཞིག་ཡིན་ནམ། གལ་ཏེ་རྐང་པ་བསྐུ་བ་དང་བྲལ་བ་ཞིག་ཡིན་ནམ། གལ་ཏེ་སྨྲ་བ་ཉུང་བ་ཞིག་ཡིན་ན་དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་སྨྲ་བ་ཉུང་བར་གྱུར་ཏོ་ཞེས་ཟེར། གལ་ཏེ་འཐབ་པ་ཉུང་བ་ཞིག་ཡིན་ན་དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འཐབ་པ་ཉུང་བར་གྱུར་ཏོ་ཞེས་ཟེར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཁྱོད་ལ་རྣམ་པ་དེ་ལྟ་བུའི་སྦྱངས་པའི་ཡོན་ཏན་དག་ཡོད་པས་ན། གདོན་མི་ཟ་བར་སྔོན་ཡང་སྦྱངས་པའི་ཡོན་ཏན་དང་སྡོམ་པ་འདི་དག་དང་ལྡན་པར་མ་གྱུར་མི་སྲིད་དོ་ཞེས་ཟེར་བ་ལ། དེ་དེ་ལྟར་སྔོན་གྱི་མིང་དང་རུས་བསྟན་པ་དང༌། དེ་ལྟར་བྱུང་བའི་སྦྱངས་པའི་ཡོན་ཏན་དང་སྡོམ་པ་བསྟན་པས་རློམ་སེམས་བསྐྱེད་པས་དེ་ལྟར་བདུད་སྡིག་ཅན་དེའི་དྲུང་དུ་ཉེ་བར་འོངས་ཤིང༌། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཁྱོད་ལ་ཡོན་ཏན་ཡོད་པ་ཅི་འདྲ་བ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་ཏོ་ཞེས་ཟེར་ཏེ། རེས་འགའ་ནི་དགེ་སློང་གི་ཆ་བྱད་དུ་ཉེ་བར་འོང༌། རེས་འགའ་ནི་དགེ་སློང་མའི་ཆ་བྱད་དུ་ཉེ་བར་འོང༌། རེས་འགའ་ནི་ཁྱིམ་བདག་གི་ཆ་བྱད་དུ་ཉེ་བར་འོང༌། རེས་འགའ་ནི་མའི་ཆ་བྱད་དུ་ཉེ་བར་འོང༌། རེས་འགའ་ནི་ཕའི་ཆ་བྱད་དུ་ཉེ་བར་འོང་ཞིང་འོངས་ནས་ཀྱང་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཁྱོད་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་གང་ཇི་སྙེད་པ་དེ་དག་ཡོད་དོ་ཞེས་ཟེར་ལ། རབ་འབྱོར་ངས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དང༌། རྟགས་དང༌། མཚན་མ་གང་དག་བཤད་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་མེད་ན། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་གཞན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་


DTG084_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འདི་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང༌། རྟགས་དང༌། མཚན་མ་དེ་དག་ཀྱང་མེད་ལ་མིང་བསྟན་པ་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་བརྙས་པ་དང༌། འཕྱ་བ་དང༌། སྨད་པ་བྱེད་ཅིང་ཁྱད་དུ་གསོད་པས་སྨོད་པར་བྱེད་པའི་ཕྱིར་རོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གི་བྱིན་གྱི་རླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གི་བྱིན་གྱི་རླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པས་ཕུང་པོའི་བདུད་མི་ཤེས་ཏེ། གཟུགས་མི་ཤེས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མི་ཤེས་པས་དེ་ལ་བདུད་སྡིག་ཅན་མིང་གི་བྱིན་གྱི་རླབས་ཀྱིས་ལུང་སྟོན་ཞིང༌། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་མིང་འདི་ཞེས་བྱ་བར་འགྱུར་རོ་ཞེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གང་བསམས་པ་དང༌། དཔྱད་པ་དེ་ཉིད་བརྗོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་འཆལ་པའི་ངང་ཚུལ་ཅན་ཐབས་ལ་མི་མཁས་པ་དེ་འདི་སྙམ་སྟེ། བདག་གིས་མིང་གང་ཡིད་ཀྱིས་རྣམ་པར་བརྟགས་ཏེ་བསམས་པ་དང༌། རྗེས་སུ་དཔྱད་པ་དེ་ཉིད་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་མིང་དུ་འགྱུར་རོ་སྙམ་སྟེ། ཇི་ལྟ་ཇི་ལྟར་བདུད་སྡིག་ཅན་ནམ། བདུད་ཀྱི་རིས་ཀྱི་ལྷའམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་དགེ་སློང་དག་སྟོན་པ་དེ་ལྟ་དེ་ལྟར་སེམས་ཤིང༌། ཇི་ལྟར་བདག་གིས་སེམས་བསྐྱེད་པ་དང༌། བདག་གི་མིང་ཇི་ལྟ་བ་བཞིན་དུ་དགེ་སློང་འདིས་བསྟན་ཏེ་མིང་དང་མིང་དུ་མཐུན་གྱི། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་


DTG084_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་གང་ངས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང༌། རྟགས་དང༌། མཚན་མར་བཤད་པ་དེ་དག་ཀྱང་མེད་ལ། མིང་དེ་དང་ལུང་བསྟན་པར་བརྗོད་པ་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་ཁྱད་དུ་གསོད་ན། དེ་རློམ་སེམས་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རིང་དུ་འགྱུར་རོ། །དེ་ལྟར་ཐབས་ལ་མཁས་པ་དང་མི་ལྡན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང༌། དགེ་བའི་བཤེས་གཉེན་དང་བྲལ་ཏེ། སྡིག་པའི་གྲོགས་པོས་ཡོངས་སུ་བཟུང་བ་དེའི་ས་ནི་གཉིས་སུ་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་སའོ། །ཡང་ན་ནི་ཤིན་ཏུ་ཡུན་རིང་པོར་འཁོར་ཞིང་འཕྱན་འཕྱན་ནས། དགེ་བའི་བཤེས་གཉེན་ལ་བསྙེན་པ་དང། བསྟེན་པ་དང༌། རིམ་གྲོར་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཡང་དང་ཡང་དགེ་བའི་བཤེས་གཉེན་བལྟ་བ་དང་བསྙེན་བཀུར་བར་མ་གྱུར་ལ། ལུས་ཐོབ་པ་དེས་སེམས་བསྐྱེད་པ་སྔ་མ་དག་མི་སྨོད་མི་ཆགས་ན་དེ་ནི་ས་གཉིས་སུ་འགྲོ་བར་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའོ། །འདི་ལྟ་སྟེ་དཔེར་ན། དགེ་སློང་ཉན་ཐོས་ཀྱི་ཐེག་པ་པས་ལྟུང་བའི་རྩ་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན། དགེ་སློང་མ་ཡིན། ཤཱཀྱའི་བུ་མ་ཡིན་པར་འགྱུར་ཏེ། དེ་ནི་ལུས་དེ་ཉིད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་ལས་དགེ་སྦྱོང་གི་འབྲས་བུ་གང་ཡང་རུང་བ་ལ་ལ་ཐོབ་པར་འགྱུར་བའི་སྐལ་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིང་བསྟན་པ་ཙམ་གྱིས་རློམ་སེམས་དང་ལྡན་པའི་སེམས་བསྐྱེད་ཅིང་མིང་ཙམ་བརྗོད་པ་དེས་བྱང་ཆུབ་སེམས་དཔའ་གཞན་དག་ལ་བརྙས་པ་དང༌། འཕྱ་བ་དང༌། ཁྱད་དུ་གསོད་པའི་སེམས་བསྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་སྟེ། སེམས་བསྐྱེད་པ་


DTG084_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་མིང་བསྟན་པས་བདུད་ཀྱི་ལས་ཤིན་ཏུ་ཕྲ་བ་དེ་དག་སྐྱ་བར་འགྱུར་རོ། །རབ་འབྱོར་ལྟུང་བའི་རྩ་བ་བཞི་པོ་ལྟ་ཞོག་གི་བྱང་ཆུབ་སེམས་དཔའི་མིང་བསྟན་པ་ཙམ་གྱིས་རློམ་སེམས་དང་ལྡན་པའི་སེམས་བསྐྱེད་པ་སྐྱེས་པ་དེ་ནི་མཚམས་མེད་པ་ལྔ་བས་ཀྱང་ཤིན་ཏུ་ལྕི་བ་སྟེ། སེམས་བསྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དབེན་པའི་ཡོན་ཏན་སྟོན་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཉེ་བར་འོངས་ཏེ། འདི་སྐད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དབེན་པའི་ཡོན་ཏན་གསུངས་པའོ་ཞེས་ཟེར་ཏེ། རབ་འབྱོར་ངས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པའམ། ནགས་འདབ་བམ། བས་མཐའི་གནས་དབེན་པར་མ་བཤད་དོ།། གསོལ་པ། བཅོམ་ལྡན་འདས་གལ་ཏེ་དགོན་པ་དང༌། ནགས་འདབ་དང༌། བས་མཐའི་གནས་དབེན་པ་མ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་ནི་གང་ཞིག་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་ནི་ཅི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པས་དབེན་ན། དགོན་པ་དང༌། ནགས་འདབ་དང༌། བས་མཐའི་གནས་ན་རྣམ་པར་སྤྱོད་པ་ནི་ཡིན་ཏེ། རབ་འབྱོར་དེ་ནི་དབེན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ངས་གནང་བའོ། །གལ་ཏེ་དབེན་པ་འདིས་ཉིན་མཚན་དུ་རྣམ་པར་སྤྱོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་དབེན་པས་དབེན་པ་རྣམ་པར་སྤྱོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོན་པ་དང༌། ནགས་འདབ་དང༌། བས་མཐའི་གནས་ན་རྣམ་པར་སྤྱོད་ཀྱང་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་འདྲེས་པས་རྣམ་པར་སྤྱོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དབེན་པ་རྣམ་པར་སྤྱོད་པ་མ་ཡིན་ནོ། །གལ་ཏེ་


DTG084_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ན་སྤྱོད་ཀྱང་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་འདྲེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དབེན་པ་རྣམ་པར་སྤྱོད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དབེན་པའི་རྣམ་པ་དེ་ལྟ་བུ་ངས་གནང་བ་ལས་དྲངས་ཤིང༌། བདུད་སྡིག་ཅན་དེ་ལ་དགོན་པ་དང༌། ནགས་འདབ་དང༌། བས་མཐའི་གནས་སུ་རྣམ་པར་སྤྱོད་ཅིག་ཅེས་དབེན་པ་སྟོན་ཏེ། དེ་དབེན་པ་དེས་འདུ་འཛིར་གྱུར་ཅིང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་དང་ལྡན་པའི་ཡིད་ལ་བྱ་བ་དང་འདྲེས་པར་གནས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་མ་ཡིན་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེ་ལྟར་རྣམ་པར་སྤྱོད་ཅིང༌། ཡིད་ལ་བྱ་བ་ཡོངས་སུ་མ་དག་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲོང་འདབ་ན་གནས་པར་སྤྱོད་ཅིང༌། ཡིད་ལ་བྱ་བ་ཡོངས་སུ་དག་པ་དང་ལྡན་པ། ཉན་ཐོས་ཀྱི་སེམས་དང་མ་འདྲེས་པ། རང་སངས་རྒྱས་ཀྱི་སེམས་དང་མ་འདྲེས་པ། དེ་མ་ཡིན་པའི་སྡིག་པའི་སེམས་གཞན་དང་མ་འདྲེས་པ། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་གྱུར་པ་དག་ལ་བརྙས་པའི་སེམས་བསྐྱེད་དེ། ཐབས་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེས་དགོན་པ་དང༌། སྦྲུལ་དང༌། རི་དྭགས་དང༌། བྱ་ཡོད་པ་དང༌། རྐུན་པོ་དང༌། སྨེ་ཤ་ཅན་དང༌། གཅན་གཟན་མཆེ་བ་ཅན་དང༌། སྲིན་པོ་རྒྱུ་བ། དཔག་ཚད་བརྒྱ་ཙམ་དུ་འཕགས་པ་དེའི་ནང་ན་འདུག་ཅིང༌། ལོ་གཅིག་གམ། ལོ་བརྒྱའམ། ལོ་སྟོང་ངམ། ལོ་བརྒྱ་ཕྲག་སྟོང་ངམ། ལོ་བྱེ་བའམ། ལོ་བྱེ་བ་ཕྲག་བརྒྱའམ། ལོ་བྱེ་བ་ཕྲག་སྟོང་ངམ། ལོ་བྱེ་བ་བརྒྱ་ཕྲག་སྟོང་ངམ། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ངམ། དེ་བས་ཀྱང་ལྷག་པར་གནས་སུ་ཟིན་ཀྱང༌། དབེན་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཡང་དག་པར་གནས་ཤིང་རྣམ་པར་སྤྱོད་པ་དེ་ལྟ་བུའི་དབེན་པ་ཤེས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་དང༌། རང་སངས་རྒྱས་དང་ལྡན་པའི་


DTG084_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱ་བས་མང་པོ་དང་འདྲེས་པ་ཉིད་དུ་རྣམ་པར་སྤྱོད་པར་འགྱུར་ཏེ། དབེན་པ་དེ་གནས་ཤིང་ཆགས་པ་དང༌། མངོན་པར་ཞེན་པ་དང༌། ཀུན་ནས་ཉོན་མོངས་པར་འགྱུར་ཞིང་དེ་ཙམ་གྱིས་ནི་ངའི་སེམས་རངས་པར་མི་འགྱུར་ཏེ། ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དབེན་པ་གང་བཤད་པའི་དབེན་པ་དེ་དང་མི་ལྡན་པས་དབེན་པ་དེ་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དབེན་པ་དེ་དང་བྲལ་བའི་ཕྱིར་ཏེ། དེ་ལྟར་དེའི་དྲུང་དུ་བདུད་སྡིག་ཅན་ཉེ་བར་འོངས་ཤིང༌། སྟེང་གི་བར་སྣང་ལ་གནས་ཏེ། འདི་སྐད་དུ་རིགས་ཀྱི་བུ་ལེགས་སོ། །ལེགས་སོ། །འདི་ནི་དེ་བཞིན་གཤེགས་པས་བསྟན་པའི་དབེན་པ་མ་ནོར་བ་ཡིན་གྱིས། ཁྱོད་དབེན་པ་འདི་ཉིད་ཀྱིས་རྣམ་པར་སྤྱོད་ཅིང༌། དེས་ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ཟེར། དེའི་རྒྱུས་དབེན་པ་དེ་བས་དབེན་པ་ད་གཅེས་པར་འཛིན་ཞིང་ཕྱིར་གྲོང་འདབ་ཏུ་འོངས་ནས། དགེ་སློང་བྱང་ཆུབ་སེམས་དཔའི་ཐེག་པ་བ་སེམས་དང་ཡིད་ལ་བྱ་བ་ཡོངས་སུ་དག་པ་དེས་དགེ་བའི་ཆོས་དང་ལྡན་པ་གཞན་དག་ལ། ཚེ་དང་ལྡན་པ་འདི་དག་ནི་འདུ་འཛིའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་དོ་ཞེས་ཁྱད་དུ་གསོད་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་པར་སྤྱོད་པ་དེ་དག་ལ་འདུ་འཛིས་རྣམ་པར་སྤྱོད་པ་སྐྱོན་དུ་གདགས་པ་དང༌། འདྲེས་པར་རྣམ་པར་སྤྱོད་པ་སྐྱོན་དུ་གདགས་པས་བརྙས་པའི་སེམས་བསྐྱེད་དོ། །གང་འདུ་འཛིའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པ་དེ་དག་ལ་ནི། དབེན་པས་རྣམ་པར་སྤྱོད་པར་འཛིན་ཞིང་དེ་དག་ལ་རིམ་གྲོ་བསྐྱེད་དོ། །གང་ལ་རིམ་གྲོ་བསྐྱེད་པར་བྱ་བ་དེ་དག་ལ་ནི་ང་རྒྱལ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདག་ནི་མི་མ་ཡིན་པས་བསྐུལ་བའོ། །མི་མ་ཡིན་པས་དྲན་པར་བྱས་པའོ། །རྣམ་པར་སྤྱོད་པ་གང་གིས་བདག་སྤྱོད་པ་དེ་ནི་རྣམ་པར་སྤྱོད་པ་མ་ནོར་བ་སྟེ། གྲོང་འདབ་ན་སྤྱོད་པ་ལྟ་ལ་སུ་ཞིག་བསྐུལ་བར་འགྱུར། གྲོང་འདབ་ན་སྤྱོད་པ་ལྟ་ལ་སུ་ཞིག་དྲན་པར་བྱེད་པར་འགྱུར་ཞེས་ང་རྒྱལ་བསྐྱེད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་


DTG084_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་གཞན་དག་ལ་སྨོད་པར་བྱེད་དེ་རབ་འབྱོར་གང་ཟག་དེ་ནི་བྱང་ཆུབ་སེམས་དཔའ་གདོལ་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སུན་འབྱིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་གཟུགས་བརྙན་དུ་རིག་པར་བྱའོ། །དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་རྐུན་པོ་སྟེ། དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དགེ་སྦྱོང་གི་ཆ་བྱད་ཅན་གྱི་རྐུན་པོར་རིག་པར་བྱ་སྟེ། ངང་ཚུལ་དེ་ལྟ་བུ་དང་ལྡན་པའི་གང་ཟག་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་བསྙེན་པར་མི་བྱ། བསྟེན་པར་མི་བྱ། རིམ་གྲོར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་ཟག་དེ་ལྟ་བུ་དག་ནི་ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ནི་རྟགས་བརྒྱད་པ་ཡིན་ནོ།། །།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་མ་བཏང་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོངས་སུ་མ་བཏང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཐག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པས་དེས་གང་ཟག་དེ་ལྟ་བུའི་ངང་ཚུལ་ཅན་བསྙེན་པར་མི་བྱ། བསྟེན་པར་མི་བྱ། རིམ་གྲོ་མི་བྱའི། རང་གི་དོན་དང་ལྡན་པར་འགྱུར་བ་ལ་བརྩོན་པར་བྱ་སྟེ། འཁོར་བ་ལ་རྟག་ཏུ་སྐྱོ་ཞིང་འཇིགས་པའི་ཡིད་ཀྱིས་ཁམས་གསུམ་དང་མ་འདྲེས་པར་སྤྱད་པར་བྱའོ། །བྱང་ཆུབ་སེམས་དཔའ་གདོལ་པ་དེ་ལ་ཡང་བྱམས་པ་བསྐྱེད་པར་བྱ་སྟེ། དེ་ཉིད་ལ་སྙིང་བརྩེ་བའི་ཕྱིར་སྙིང་རྗེ་བསྐྱེད་པར་བྱའོ། །དགའ་བ་དང་བཏང་སྙོམས་བསྐྱེད་པར་བྱའོ། །དེས་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། ཅི་ནས་ཀྱང་བདག་གིས་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མེད་ཅིང་མི་སྐྱེ་བར་འགྱུར་བ་དེ་ལྟར་བྱའོ། །གལ་ཏེ་སྐྱེས་ནས་ད་མྱུར་དུ་སྤང་བར་བྱའོ་ཞེས་བསླབ་པར་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རང་གི་མངོན་པར་ཤེས་པས་ཕ་རོལ་གནོན་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་


DTG084_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱའོ། །བསྟེན་པར་བྱའོ། །རིམ་གྲོ་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་དུ་རིག་པར་བགྱི་བ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་ཉན་ཐོས་གང་ཕ་རོལ་ཏུ་ཕྱིན་པ་དྲུག་བརྗོད་ཅིང་སྟོན་པ་དང༌། འཆད་ཅིང་འགྲེལ་པ་དང། རྣམ་པར་འབྱེད་ཅིང་གསལ་བར་བྱེད་པ་དང༌། ཡང་དག་པར་སྟོན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་


DTG084_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བཅྭ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྣང་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་དཔུང་གཉེན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱབས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མགོན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཕའོ། །དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། འཕགས་པའི་བདེན་པ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་མོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྣང་བའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དཔུང་གཉེན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྐྱབས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མགོན་ནོ།།


DTG084_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཕའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་གྱུར་ཏོ། །རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འདི་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་འདི་ལས་བྱུང་བ་ནི་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པར་འགྲོ་བར་འདོད་པ་དང༌། གཞན་གྱི་དྲིང་མི་འཇོག་པ་ལ་གནས་པར་འདོད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་གཅད་པར་འདོད་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་འདོད་པས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཡོངས་སུ་བསྡུ་བར་བྱའོ། །བཞི་གང་ཞེ་ན། སྦྱིན་པ་དང༌། ཚིག་སྙན་པ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་སྟེ། རབ་འབྱོར་ངས་དོན་གྱི་དབང་དེ་མཐོང་བས་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་


DTG084_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པ་དང༌། མ་དང༌། ཕ་དང༌། གནས་དང༌། སྐྱོབ་པ་དང༌། གླིང་དང༌། སྐྱབས་དང༌། དཔུང་གཉེན་ཡིན་ནོ་ཞེས་བརྗོད་དོ་ཞེས་བྱ་བ་ནི་རྟགས་དགུ་པ་ཡིན་ནོ།། །།རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པར་བྱ་བར་འདོད་པ་དང༌། གཞན་གྱི་དྲིང་མི་འཇོག་པ་ལ་གནས་པར་འདོད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པར་འདོད་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ལ་བསླབ་པར་བྱ་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བ་ནི་རྟགས་བཅུ་པ་ཡིན་ནོ།། །།རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལྟར་ཆགས་པ་མེད་པའི་མཚན་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་ཉིད་གང་ཡང་མེད་དོ། །གསོལ་པ། བཅོམ་ལྡན་འདས་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆིས་པའི་མཚན་ཉིད་དེས་ཆོས་ཐམས་ཅད་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དབེན་པ་སྟེ། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་དབེན་པའོ། །ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པའོ། །རབ་འབྱོར་རྣམ་གྲངས་དེས་ན་འདི་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་དང༌། དབེན་པའི་མཚན་ཉིད་དུ་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེས་ཆོས་ཐམས་ཅད་ཡོད་དོ། །རབ་འབྱོར་གྱིས་གསོལ་པ།


DTG084_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་དབེན་པ་ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་སྟོང་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཡང་ཅི་ལྟར་མཆིས་པར་འགྱུར། བཅོམ་ལྡན་འདས་དབེན་པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར། སྟོང་པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར། དབེན་པ་དང་སྟོང་པ་ཉིད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དབེན་པ་དབེན་པས་ནི་སྟོང་པ་ཉིད་ལ་ཆོས་གང་ཡང་མི་དམིགས། དབེན་པས་ནི་སྟོང་པ་ཉིད་ལ་སེམས་ཅན་གང་ཡང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུ་མི་དམིགས་ན། བཅོམ་ལྡན་འདས་ཀྱིས་བསྟན་པ་དེའི་དོན་བདག་གིས་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གི་ཞེས་བྱ་བ་ལ་སྤྱོད་དམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གིར་བགྱི་བ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཅི་འོན་ཀྱང་བདག་དང་བདག་གིར་བྱ་བ་དབེན་ཞིང་སྟོང་ངམ། གསོལ་པ། བཅོམ་ལྡན་འདས་དབེན་ནོ། །བདེ་བར་གཤེགས་པ་སྟོང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འོན་ཀྱང་བདག་དང་བདག་གིར་བྱ་བས་སེམས་ཅན་རྣམས་ཀུན་ཏུ་རྒྱུག་ཅིང་ཀུན་ཏུ་འཁོར་བར་གྱུར་ཏམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ། བདག་དང་བདག་གིར་བགྱི་བས་སེམས་ཅན་རྣམས་ཀུན་ཏུ་རྒྱུག་ཅིང་འཁོར་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ཡོད་པ་ཡིན་ཏེ། གང་ལ་བདག་ཏུ་བྱ་བ་མེད་པ་དང༌། བདག་གིར་བྱ་བ་མེད་པ་དེ་ལ་འཛིན་པ་མེད། གང་ལ་


DTG084_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་མེད་པ་དེ་ལ་སེམས་ཅན་ཀུན་ཏུ་རྒྱུག་ཅིང་ཀུན་ཏུ་འཁོར་བ་མེད་དེ། དེ་ལ་ཀུན་ནས་ཉོན་མོངས་པ་གང་ཡང་མེད་པས། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀྱི་རྣམ་པར་བྱང་བ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རྟགས་བཅུ་གཅིག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་གཟུགས་ལ་མི་སྤྱོད། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། ནང་སྟོང་པ་ཉིད་ལ་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མི་སྤྱོད། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མི་སྤྱོད། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་ལ་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མི་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མི་སྤྱོད། དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་ལ་སྤྱོད་པ་དང༌། གང་གིས་སྤྱོད་པ་དང༌། གང་ལ་སྤྱོད་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མི་དམིགས་སོ། །བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་


DTG084_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱིས་མི་ཐུབ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པའི་གནས་ཟིལ་གྱིས་མི་གནོན་པ་ལ་གནས་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བགྱིད་པ་དང་མ་བྲལ་བ་ནི་ཟིལ་གྱིས་མི་གནོན་པ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ལགས་སོ་ཞེས་བྱ་བ་ནི་རྟགས་བཅུ་གཉིས་པ་སྟེ། འདི་དག་གིས་ནི་རྟགས་གསུངས་པ་ཡིན་ནོ།། །།


previousརྟགས་ཀྱི་རྩེ་སྦྱོར། next