Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་བཞི་པ།


  collapse section
   
   
   
  collapse section
   
   
   
   
   
   
   
   
   
བདུན་པ། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའི་དབང་དུ་བྱས་པ་བསླབ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ལེའུ།
   


 
previousབདུན་པ། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའི་དབང་དུ་བྱས་པ་བསླབ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ལེའུ། next

བདུན་པ། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའི་དབང་དུ་བྱས་པ་བསླབ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ལེའུ།


DTG084_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མཐར་གྱིས་པའི་བྱ་བ་ཡོངས་སུ་རྫོགས་པར་འདོད་པ་དང༌། མཐར་གྱིས་པའི་བསླབ་པ་དང༌། མཐར་གྱིས་པའི་སྒྲུབ་པ་ཡོངས་སུ་རྫོགས་པར་བྱ་བར་འདོད་པས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་བསླབ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་བསླབ་པར་བྱའོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་ལ་བསླབ་པར་བྱའོ། །འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། ཏིང་ངེ་འཛིན་སྙོམས་པར་འཇུག་པ་དང༌། གཟུངས་ཀྱི་སྒོ་རྣམས་ལ་བསླབ་པར་བྱའོ། །སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་དང། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བསླབ་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་ལ་བསླབ་པར་བྱའོ། །སྙིང་རྗེ་ཆེན་པོ་ལ་བསླབ་པར་བྱའོ། །དེ་བྱང་ཆུབ་ཀྱི་སེམས་ལ་དེ་ལྟར་སློབ་པ་ན། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དྲན་པའི་ལས་རྡུལ་ཙམ་ཡང་མེད་ན། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། སྐྱེ་མཆེད་རྣམས་སམ། ཁམས་རྣམས་སམ། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སམ། ཕ་རོལ་ཏུ་ཕྱིན་པ་རྣམས་སམ། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་


DTG084_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོད་པར་གྱུར་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོད་པར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་སློབ་པའི་མཐར་གྱིས་པའི་སྤྱོད་པ་ཡོད་པ་ཡིན། མཐར་གྱིས་པའི་བསླབ་པ་ཡོད་པ་ཡིན། མཐར་གྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ། དེ་ལ་སེམས་དང་སྤྱོད་པ་དང་བསླབ་པ་འཇུག་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། འོ་ན་ནི་གཟུགས་ཀྱང་མ་མཆིས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའང་མ་མཆིས། སྐྱེ་མཆེད་རྣམས་དང༌། ཁམས་རྣམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མ་མཆིས། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་ཀྱང་མ་མཆིས། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་མ་མཆིས། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མ་མཆིས། རྣམ་པ་


DTG084_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་ཡང་མ་མཆིས། སངས་རྒྱས་དང་ཆོས་དང་དགེ་འདུན་ཡང་མ་མཆིས། ལམ་ཡང་མ་མཆིས། འབྲས་བུ་ཡང་མ་མཆིས། ཉོན་མོངས་པ་ཡང་མ་མཆིས། རྣམ་པར་བྱང་བ་ཡང་མ་མཆིས། ཐོབ་པའང་མ་མཆིས། མངོན་པར་རྟོགས་པའང་མ་མཆིས། ཆོས་ཐམས་ཅད་ཀྱང་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་ཡོད་པའམ་མེད་པ་ཞིག་དམིགས་སུ་ཡོད་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་མཆིས་པའམ་མ་མཆིས་པ་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་ཅིའི་ཕྱིར་ཁྱོད་དེ་ལྟར་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་གཟུགས་ཀྱང་མེད། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའང་མེད། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའང་མེད། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་མེད། འཕགས་པའི་བདེན་པ་དང༌། བསམ་གཏན་དང། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་ཡང་མེད། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ཡང་མེད། ལམ་ཡང་མེད། འབྲས་བུ་ཡང་མེད། ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད། འཐོབ་པའང་མེད། མངོན་པར་རྟོགས་པའང་མེད། ཆོས་ཐམས་ཅད་ཀྱང་མེད་དོ་ཞེས་བྱ་བར་སེམས་པར་གྱུར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་


DTG084_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་ཆོས་འདི་དག་ལ་ནེར་ནུར་ཡང་མ་མཆིས། ཐེ་ཚོམ་ཡང་མ་མཆིས་ཏེ། འོན་ཀྱང་བཅོམ་ལྡན་འདས་མ་བྱུང་བའི་དུས་ན་དགེ་སློང་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་འདི་སྐད་དུ། གལ་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། ཆོས་ཐམས་ཅད་དངོས་པོ་མེད་པ་ལ་སུ་ཞིག་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་ཞེས་མཆི་ཞིང༌། དེ་དག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་མ་འཚལ་བས་ཚུལ་ཁྲིམས་ལོག་པར་འགྱུར། ལྟ་བ་ལོག་པར་འགྱུར། སྤྱོད་པ་ལོག་པར་འགྱུར། འཚོ་བ་ལོག་པར་འགྱུར་ཏེ། ཚུལ་ཁྲིམས་ལོག་པར་གྱུར་པ་དང༌། ལྟ་བ་ལོག་པར་གྱུར་པ་དང༌། སྤྱོད་པ་ལོག་པར་གྱུར་པ་དང༌། འཚོ་བ་ལོག་པར་གྱུར་པས་དེ་དག་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་གསུམ་ལས་གཅིག་ཏུ་མཆིས་པར་འགྱུར་ཏེ། བཅོམ་ལྡན་འདས་བདག་གིས་མ་བྱུང་བའི་འཇིག་པ་དེ་མཐོང་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་དེ་ཞུ་བ་ལགས་ཀྱིས་བཅོམ་ལྡན་འདས་བདག་ནི་ཆོས་འདི་དག་ལ་ནེམ་ནུར་རམ་ཐེ་ཚོམ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲ་བ་དེ་བཞིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། དོན་གྱི་དབང་ཅི་ཞིག་མཐོང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཕྱིར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པ་དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དམིགས་པ་ནི་རྒྱ་ཆུང་བ་སྟེ། དམིགས་པའི་འདུ་ཤེས་ཅན་ལ་ཐོབ་པ་མེད་དོ། །མངོན་པར་རྟོགས་པ་མེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་དོ། །


DTG084_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་དམིགས་པ་མ་མཆིས་པ་ལ་ཐོབ་པའམ། མངོན་པར་རྟོགས་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཀྱི་དབྱིངས་ལ་རྣམ་པར་འཁྲུག་པ་མེད་པའི་ཕྱིར་མི་དམིགས་པ་ཉིད་ཐོབ་པའོ། །མི་དམིགས་པ་ཉིད་མངོན་པར་རྟོགས་པའོ། །མི་དམིགས་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །གང་མི་དམིགས་པ་ལ་ཐོབ་པའམ། མངོན་པར་རྟོགས་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་རྣམ་པར་འཁྲུག་པར་འདོད་དུ་ཟད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དམིགས་པ་མ་མཆིས་པ་ལ་ཡང་འཐོབ་པ་མ་མཆིས། མངོན་པར་རྟོགས་པ་མ་མཆིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་མཆིས་ལ། མི་དམིགས་པ་ཉིད་ཐོབ་པ། མི་དམིགས་པ་ཉིད་མངོན་པར་རྟོགས་པ། མི་དམིགས་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་དང་པོ་ཡང་ག་ལ་མཆིས། ས་གཉིས་པ་ཡང་ག་ལ་མཆིས། ས་གསུམ་པ་ཡང་ག་ལ་མཆིས། ས་བཅུ་པའི་བར་ཡང་ག་ལ་མཆིས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པའང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། རྣམ་པར་སྨིན་པ་ལས་བྱུང་བའི་ཤེས་རབ་ཀྱང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་ག་ལ་མཆིས། རྣམ་པར་སྨིན་པའི་ཆོས་དེ་དག་ལ་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིས་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཞལ་ཟས་དང༌། བཏུང་བ་དང༌། ན་བཟའ་དང༌། གཟིམས་ཆ་དང༌། ཕོ་བྲང་དང༌། ཡོ་བྱད་དང༌། མེ་ཏོག་དང༌། བདུག་སྤོས་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ཆོས་གོས་དང༌།


DTG084_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། མར་མེ་དང༌། ཕྲེང་བ་དང༌། ལྷ་དང་མིའི་ཕུན་སུམ་ཚོགས་པ་གཞན་གང་ཡང་རུང་བ་དག་གིས་རིམ་གྲོ་བགྱིད་ཅིང་དེ་ལ་དེ་དག་རྒྱུན་མི་འཆད་པར་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སྐུ་གདུང་དང༌། ཉན་ཐོས་དག་ལ་རྣམ་པར་སྨིན་པར་གྱུར་ཀྱང་པས་བར་མི་འགྱུར་ན། བཅོམ་ལྡན་འདས་དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་རྣམ་པར་འཁྲུག་པར་བགྱིད་པར་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཕྱིར་མི་དམིགས་པ་དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་རྣམ་པར་འཁྲུག་པར་མི་བྱེད་དེ། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་དང་པོ་ཡོད་དོ། །དེ་ཉིད་ཀྱི་ཕྱིར་ས་གཉིས་པ་དང༌། ས་གསུམ་པ་དང༌། ས་བཅུ་པའི་བར་དུ་ཡོད་དོ། །དེ་ཉིད་ཀྱི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ཡོད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཡོད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་ཏེ། དགེ་བའི་རྩ་བ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་ཞལ་ཟས་དང༌། བཏུང་བ་དང༌། ན་བཟའ་དང༌། གཟིམས་ཆ་དང༌། ཕོ་བྲང་དང༌། ཡོ་བྱད་དང༌། མེ་ཏོག་དང༌། བདུག་སྤོས་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ཆོས་གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། མར་མེ་དང༌། ལྷ་དང༌། མིའི་ཕུན་སུམ་ཚོགས་པ་གཞན་གང་ཡང་རུང་བ་དག་གིས་རིམ་གྲོ་བྱེད་ཅིང་དེ་ལ་དེ་དག་ལ་རྒྱུན་མི་འཆད་པར་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་ཀྱི་བར་དང༌། ཉན་ཐོས་དག་ལ་རྣམ་པར་སྨིན་པར་གྱུར་ཀྱང་ཟད་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་མི་དམིགས་


DTG084_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། མངོན་པར་ཤེས་པ་རྣམས་ལ་བྱེ་བྲག་ནི་ཅི་ཞིག་མཆིས། ཐ་དད་དུ་བགྱི་བ་ནི་ཅི་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མི་དམིགས་པ་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། མངོན་པར་ཤེས་པ་རྣམས་ལ་ཐ་དད་དུ་བྱ་བ་གང་ཡང་མེད་དོ། །རབ་འབྱོར་གོས་པ་མེད་པའི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང། བསམ་གཏན་དང༌། ཤེས་རབ་དང༌། གོས་པ་མེད་པའི་མངོན་པར་ཤེས་པ་དག་ལ་ཐ་དད་དུ་བྱ་བ་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས་གོས་པ་མ་མཆིས་པའི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། མངོན་པར་ཤེས་པ་རྣམས་ལ་ཇི་ལྟར་ཐ་དད་དུ་བགྱི་བ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་མི་དམིགས། གཏོང་བ་མི་དམིགས། ལེན་པ་མི་དམིགས་པར་སྦྱིན་པ་གཏོང་ངོ༌། །ཚུལ་ཁྲིམས་མི་དམིགས་པར་ཚུལ་ཁྲིམས་སྲུང་ངོ༌། །བཟོད་པ་མི་དམིགས་པར་བཟོད་པ་སྒོམ་མོ། །བརྩོན་འགྲུས་མི་དམིགས་པར་བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་མི་དམིགས་པར་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཤེས་རབ་མི་དམིགས་པར་ཤེས་རབ་སྒོམ་མོ། །མངོན་པར་ཤེས་པ་མི་དམིགས་པར་མངོན་པར་ཤེས་པ་རྣམས་ལ་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་པར་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་དོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་མི་དམིགས་པར་ལམ་ལ་སྤྱོད་དོ། །འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་པར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་དོ། །རྣམ་པར་ཐར་པ་རྣམས་དང༌། མཐར་


DTG084_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་པར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་དོ། །སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་མི་དམིགས་པར་སྨོན་པ་མེད་པ་ལ་སྤྱོད་དོ། །མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་མི་དམིགས་པར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་དོ། །བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་དོ། །སེམས་ཅན་རྣམས་མི་དམིགས་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་མི་དམིགས་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་མི་དམིགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་ལ་བདུད་སྡིག་ཅན་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པའི་མཐར་གྱིས་པའི་མངོན་པར་རྟོགས་པ་ཡིན་ནོ། །འདི་དག་གིས་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་གསུངས་སོ། །འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས་མཐར་གྱིས་པའི་མངོན་པར་རྟོགས་པའི་དབང་དུ་མཛད་པ་རིམ་གྱིས་འཇུག་པས་བསླབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་བསམ་གཏན་བཞི་དང༌། ཚད་མེད་པ་


DTG084_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་འཛིན་པ་ལགས། རྣམ་པར་ཐར་པའི་སྒོ་གསུམ་དང༌། འཕགས་པའི་བདེན་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། མངོན་པར་ཤེས་པ་ལྔ་ཡོངས་སུ་འཛིན་པ་ལགས། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོངས་སུ་འཛིན་པ་ལགས། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་པ་ལགས་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་སྤྱིར་གསུངས་པ་ཡིན་ནོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གང་ཡོངས་སུ་གཏོང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཚུལ་ཁྲིམས་གང་སྲུང་བ་དང༌། བཟོད་པ་གང་སྒོམ་པ་དང༌། བརྩོན་འགྲུས་གང་རྩོམ་པ་དང༌། ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་པ་དང༌། ཤེས་རབ་གང་ལ་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གང་སྙོམས་པར་འཇུག་པ་དང༌། དྲན་པ་ཉེ་བར་གཞག་པ་རྣམས་ལ་གང་སྒོམ་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གང་སྒོམ་པ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། འཕགས་པའི་བདེན་པ་དང༌། རྣམ་


DTG084_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐར་པ་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ན། །ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྒོམ་པ་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །མཚན་རྣམས་དང༌། དཔེ་བྱད་བཟང་པོ་རྣམས་གང་མངོན་པར་སྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། རྣམ་པར་ཐར་པ་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །སྐྱེས་བུ་ཆེན་པོའི་མཚན་རྣམས་དང༌། དཔེ་བྱད་བཟང་པོ་རྣམས་ཡོངས་སུ་


DTG084_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་དེ་སེམས་ཅན་སེམས་བསྐྱེད་པ་གཅིག་གིས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་འཛིན་པ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་འཛིན་པ་ལགས། རྣམ་པར་ཐར་པའི་སྒོ་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། རྣམ་པར་ཐར་པ་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་ཡོངས་སུ་འཛིན་པ་ལགས། སྟོང་པ་ཉིད་ཐམས་ཅད་ཡོངས་སུ་འཛིན་པ་ལགས། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་འཛིན་པ་ལགས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་གང་གཏོང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་གཏོང་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ཚུལ་ཁྲིམས་གང་སྲུང་བ་དང༌། བཟོད་པ་གང་སྒོམ་པ་དང༌། བརྩོན་འགྲུས་གང་རྩོམ་པ་དང༌། ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་པ་དང༌། ཤེས་རབ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ནང་སྟོང་པ་ཉིད་གང་སྒོམ་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །བྱང་ཆུབ་


DTG084_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱོགས་ཀྱི་ཆོས་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྒོམ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །མཚན་རྣམས་དང༌། དཔེ་བྱད་བཟང་པོ་རྣམས་གང་མངོན་པར་སྒྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་མངོན་པར་སྒྲུབ་སྟེ། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་ན་སྦྱིན་པ་གཏོང་བ་དང༌། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་ལགས། ཇི་ལྟར་ན་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་སྒོམ་པ་དང༌། དེ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་ལགས། ཇི་ལྟར་ན་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྒོམ་པ་དང༌། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། བྱམས་པ་ཆེན་པོ་དང༌། སྙིང་


DTG084_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་པ་དང༌། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་ལགས། ཇི་ལྟར་ན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་མངོན་པར་སྒྲུབ་པ་དང༌། དེ་ལ་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་སྦྱིན་པ་གཏོང་བ་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་འདུས་པར་བྱས་ནས་སྦྱིན་པ་གཏོང་ངོ༌། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཤིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་གཏོང་བ་དེའི་ཚེ། ཟག་པ་མེད་པའི་སེམས་ལ་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་ཟག་པ་མེད་པའི་སེམས་དེ་དག་ལ་གནས་ཏེ། གང་ལ་སྦྱིན་པ་དང༌། གང་སྦྱིན་པ་དང། གང་གིས་སྦྱིན་པའི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་མཚན་མ་དང་བྲལ་བའི་སེམས་ཟག་པ་མེད་པའི་སེམས་སྲེད་པ་དང་བྲལ་ཞིང་དངོས་པོ་དང་བྲལ་བས་སྦྱིན་པ་གཏོང་སྟེ། དེས་སྦྱིན་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང༌། སེམས་དེ་ཡང་ཡང་དག་པར་རྗེས་


DTG084_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་མཐོང༌། ལེན་པ་པོ་དེ་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། དེས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་མཚན་མ་དང་བྲལ་བའི་སེམས་ཀྱིས་ཚུལ་ཁྲིམས་སྲུང་བའི་ཚེ། ཚུལ་ཁྲིམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌།། །།བམ་པོ་དྲུག་ཅུ་བཞི་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་མཚན་མ་དང་བྲལ་བའི་སེམས་ཀྱིས་བཟོད་པ་སྒོམ་པའི་ཚེ། བཟོད་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་མཚན་མ་དང་བྲལ་བའི་སེམས་ཀྱིས་བརྩོན་འགྲུས་རྩོམ་པའི་ཚེ། དེས་བརྩོན་འགྲུས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་མཚན་མ་དང་བྲལ་བའི་སེམས་ཀྱིས་བསམ་གཏན་ལ་སྙོམས་པར་འཇུག་པའི་ཚེ། བསམ་གཏན་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་མཚན་མ་དང་བྲལ་བའི་སེམས་ཀྱིས་ཤེས་རབ་སྒོམ་པའི་ཚེ། ཤེས་རབ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། སེམས་ཡང་ཡང་དག་པར་རྗེས་སུ་མི་


DTG084_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། མཚན་མ་དང་བྲལ་བའི་སེམས་ཀྱིས་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་མངོན་པར་སྒྲུབ་པའི་ཚེ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ནས་སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང༌། མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། དྲན་པ་ཉེ་བར་


DTG084_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མ་དང་བྲལ་བའི་སེམས་ཀྱིས་སྦྱིན་པ་གཏོང་བ་ཡིན་ཏེ། བཟའ་བ་དང༌། བཏུང་བ་དང༌། བགོ་བ་དང༌། བཞོན་པ་དང༌། མལ་ཆ་དང༌། གནས་དང༌། ཁྱིམ་དང༌། ནོར་དང༌། འབྲུ་དང༌། དབྱིག་དང༌། གསེར་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་དང༌། ས་ལེ་སྦྲམ་དང༌། དངུལ་དང༌། མིའི་ཆ་དང༌། ཡོ་བྱད་གང་ཅི་ཡང་རུང་བའི་བར་དག་དང༌། ཆུང་མ་དང༌། བུ་དང༌། བུ་མོ་དང༌། ཕྱི་དང༌། ནང་ངམ། ཡན་ལག་དང༌། ཉིད་ལག་དང༌། རྒྱལ་སྲིད་ཀྱང་རུང༌། རྒྱན་གྱིས་བརྒྱན་ཅིང་སློང་བ་རྣམས་ལ་ཡོངས་སུ་གཏོང་སྟེ། གལ་ཏེ་དེའི་དྲུང་དུ་ལ་ལ་ཞིག་འོངས་ཤིང༌། འདི་སྐད་དུ་ཁྱོད་ཀྱི་སྦྱིན་པ་དེ་ལྟ་བུར་དེ་ལྟར་ཕན་པ་མེད་པ། མི་བརྟན་པ་ཡོངས་སུ་བཏང་བ་དེས་ཅི་ཞིག་བྱ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་འདི་སྙམ་དུ་བདག་ལ་སེམས་ཅན་འདི་དག་ཁྱོད་ཀྱི་སྦྱིན་པ་དེ་ལྟར་ཕན་པ་མེད་པ་མི་བརྟན་པ་ཡོངས་སུ་བཏང་བ་དེས་ཅི་ཞིག་བྱ་ཞེས་ཟེར་མོད་ཀྱི། འོན་ཀྱང་བདག་གིས་སྦྱིན་པ་ཡོངས་སུ་གཏང་བར་བྱའི། བདག་གིས་སྦྱིན་པ་མི་སྦྱིན་པར་མི་བྱའོ་སྙམ་ནས། དེས་སྦྱིན་པ་


DTG084_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་ཡོངས་སུ་བསྔོ་བའི་ཚེ། གང་ལ་སྦྱིན་པ་དང༌། གང་སྦྱིན་པ་དང༌། གང་གིས་སྦྱིན་པ་དང༌། སུ་ཡོངས་སུ་གཏོང་བ་དང༌། ཅི་ཡོངས་སུ་གཏོང་བ་དང། སུ་ལ་ཡོངས་སུ་གཏོང་བ་དང༌། ཅི་ཡོངས་སུ་བསྔོ་བ་དང༌། གང་ལ་ཡོངས་སུ་བསྔོ་བ་དང༌། གང་གིས་ཡོངས་སུ་བསྔོ་བ་དང༌། སུ་ཡོངས་སུ་བསྔོ་བ་དང༌། ཅི་ཡོངས་སུ་བསྔོ་བ་དང༌། གང་ལ་ཡོངས་སུ་བསྔོ་བའི་མཚན་མ་གང་ཡང་ཡང་དག་པར་རྗེས་སུ་མ་མཐོང་བ་དེ་ལྟར་ཡོངས་སུ་བསྔོ་སྟེ། དེ་གང་གཏོང་བ་དང༌། གང་གི་ཕྱིར་བཏང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ལྟ་བུས་དངོས་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་ཐམས་ཅད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང༌། ཕྱི་སྟོང་པ་ཉིད་ཀྱིས་སྟོང༌། ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་སྟོང་ངོ༌། །དེས་དེ་ལྟར་ཆོས་ཐམས་ཅད་སྟོང་པར་ཡང་རྗེས་སུ་མཐོང་ན། ཅི་ཞིག་ཡོངས་སུ་བསྔོ་བར་འགྱུར། གང་ལ་ཡོངས་སུ་བསྔོ་བར་འགྱུར། གང་གིས་ཡོངས་སུ་བསྔོ་བར་འགྱུར་ཏེ། དེའི་བསྔོ་བ་དེ་ལྟ་བུའི་བསྔོ་བ་ནི་དམ་པ་ཡིན་ཏེ་དུག་མེད་པའི་བསྔོ་བ་དང༌། ཆོས་ཀྱི་དབྱིངས་ཀྱི་བསྔོ་བ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང༌། བྱེད་པ་མེད་པ་དང༌། དམིགས་སུ་མེད་པ་དང༌། འབྱུང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་


DTG084_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཐོག་མ་ཉིད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཀྱང༌། རྣམ་པར་སྨིན་པ་ཡོངས་སུ་མི་འཛིན་ཏོ། །འོན་ཀྱང་དེའི་ཡོ་བྱད་བསམས་པ་ཙམ་གྱིས་འགྲུབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཡོ་བྱད་ཀྱི་ལྷ་རྣམས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ནི་བསམས་པ་ཙམ་གྱིས་འབྱུང་ངོ༌། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་བསམས་པ་ཙམ་གྱིས་འབྱུང་ངོ༌། །དེ་ཡོད་བྱད་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་བསྙེན་བཀུར་བྱེད། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་ཚིམ་པར་བྱེད་དོ། །དེས་སེམས་ཅན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེས་ཡང་དག་པར་བསྡུས་ཏེ། ཐབས་མཁས་པས་ཐེག་པ་གསུམ་ལ་རབ་ཏུ་འཇོག་གོ །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཟག་པ་དང་བྲལ་བའི་སེམས་ཀྱིས་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མ་དང་བྲལ་བའི་སེམས་ཀྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་འཕགས་པའི་ཚུལ་ཁྲིམས་ཟག་པ་མེད་པ། ལམ་གྱི་ཁོངས་སུ་ཆུད་པ་དང༌། ཆོས་ཉིད་ཀྱིས་


DTG084_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བ་དེ་རབ་ཏུ་འཐོབ་སྟེ། དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ཡང་མ་ཉམས་པ་སྐྱོན་མེད་པ་མཁས་པས་བསྟོད་པ་ཡིན་ཏེ། ཚུལ་ཁྲིམས་དེས་ཆོས་འགའ་ཡང་མཆོག་ཏུ་འཛིན་པ་མེད་དེ་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་རམ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་སམ། སུམ་ཅུ་རྩ་གསུམ་དང། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་འཁོར་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་སྤོང་བ་དང༌། མི་གདུང་བ་དང༌། ལེགས་མཐོང་དང༌། རབ་ལྟ་དང༌། འོག་མིན་གྱི་ལྷ་རྣམས་སམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་སམ། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་སངས་རྒྱས་སམ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་ཕྱུག་ཚུལ་ཁྲིམས་འདིས་ཐོབ་པར་བྱའོ་ཞེས་མཆོག་ཏུ་འཛིན་པ་མེད་དོ། །གཞན་དུ་ན་ཚུལ་ཁྲིམས་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མཚན་མ་མེད་པའི་ཡོངས་སུ་བསྔོ་བ་དང༌། དམིགས་པ་མེད་པ་དང༌། གཉིས་སུ་མེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་སྟེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ། དོན་དམ་པར་ནི་མ་ཡིན་ནོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེ་དང༌། ཐབས་མཁས་པས་རོ་མྱང་བ་མེད་པའི་ཚུལ་གྱིས་བསམ་གཏན་བཞི་སྒྲུབ་པོ། །དེ་ལྷའི་མིག་མངོན་པར་སྒྲུབ་སྟེ། ལྷའི་མིག་རྣམ་པར་སྨིན་པ་


DTG084_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་དེས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང༌། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མི་འགྱུར་རོ། །ལྷའི་མིག་རྣམ་པར་སྨིན་པ་ལས་བྱུང་བ་དེས་ལྷོ་དང་ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང༌། སྟེང་གི་ཕྱོགས་ཀྱི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་ཚད་མེད་གྲང་མེད་དཔག་ཏུ་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། དེའི་མཐོང་བ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མི་འགྱུར་རོ། །དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མིའི་ལས་འདས་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གསུངས་པའི་སྒྲ་ཐོས་ཏེ། དེའི་ཐོས་པ་དེ་ཡང་ཇི་སྲིད་དུ་ཐོས་པ་དེས་བདག་དང་གཞན་གྱི་དོན་བྱས་པར་མ་གྱུར་གྱི་བར་དུ་ཆུད་ཟ་བར་མི་འགྱུར་རོ། །སེམས་ཀྱི་རྣམ་པར་ཤེས་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་སེམས་ཀྱིས་རབ་ཏུ་ཤེས་ཏེ། དེས་སེམས་ཀྱི་རྣམ་པ་ཤེས་པ་དེ་ཡང་ཇི་སྲིད་དུ་སེམས་ཀྱི་རྣམ་པ་ཤེས་པ་དེས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་པར་མ་གྱུར་གྱི་བར་དུ་ཆུད་ཟ་བར་མི་འགྱུར་རོ། །དེ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པས་སེམས་ཅན་དེ་དག་གི་འདས་པ་དང་མ་འོངས་པའི་དགེ་བའི་རྩ་བ་རྣམས་ཤེས་ཤིང་དགེ་བའི་རྩ་བ་དེ་དག་གིས་སེམས་ཅན་དེ་དག་ཡང་དག་པར་སྟོན་ཏོ། །ཡང་དག་པར་བསྐུལ་ལོ། །ཡང་དག་པར་གཟེངས་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །དེ་དག་དེ་ལྟར་ཡང་དག་པར་བསྟན་པ་དང༌། ཡང་དག་པར་དགའ་བའི་བར་དུ་བྱས་པ་རྣམས་ཀྱང་ཁྱད་པར་དུ་འདོད་པར་འགྱུར་རོ། །ཟག་པ་ཟད་པའི་ཤེས་པས་ཀྱང་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་གཞོག་གོ །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་རབ་ཏུ་གཞོག་གོ །རང་


DTG084_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལ་རབ་ཏུ་གཞོག་གོ །བྱང་ཆུབ་ལ་རབ་ཏུ་གཞོག་གོ །དེ་བཞིན་དུ་སེམས་ཅན་རྣམས་དགེ་བའི་ཆོས་གང་དང་གང་ལ་མཐུ་ཡོད་པ་དེ་དང་དེ་ལ་རབ་ཏུ་གཞོག་གོ །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མ་དང་བྲལ་བའི་སེམས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་མཚན་མ་མ་མཆིས་པ་དང༌། དམིགས་སུ་མ་མཆིས་པ་དང༌། སྤོབ་པ་མེད་པ་རྣམས་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མ་དང་བྲལ་བའི་སེམས་ཀྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་དེའི་དྲུང་དུ་སེམས་ཅན་ཐམས་ཅད་ཡང་དང་ཡང་འོངས་ཏེ། རྡོ་བ་དང་དབྱིག་བས་བརྡེགས་ཤིང་མཚོན་གྱིས་བཏབ་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁྲུགས་པ་དང་ལྡན་པའི་སེམས་བསྐྱེད་པ་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཟོད་པ་གཉིས་བསྒོམ་པར་བྱའོ། །གཉིས་གང་ཞེ་ན། སྤྱོ་བ་དང༌། དབྱིག་པ་དང༌། བོང་བ་ལ་སོགས་པས་བརྡེག་པའི་སེམས་ཅན་རྣམས་ཐམས་ཅད་ལ་བཟོད་པར་བྱ་བ་གང་ཡིན་པ་དང༌། འདིའི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེད་བར་བྱེད་པ་གང་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྤྱོ་བ་དང༌། མཚང་འདྲུ་བ་དང༌། བོང་བ་དང༌། དབྱིག་པ་ལ་སོགས་པས་བརྡེག་པ་ལ་འདི་ལྟར་སོ་སོར་བརྟག་པར་བྱ་སྟེ། ང་ལ་སྤྱོ་བར་བྱེད་པའམ། མཚང་འདྲུ་བར་བྱེད་པའམ། བོང་བ་དང་དབྱིག་པ་དང་མཚོན་གྱིས་རྡེག་པར་བྱེད་པ་སུ་ཞིག་ཡོད་ཅེས་འདི་ལྟར་སོ་སོར་བརྟག་པར་བྱའོ། །དེས་ཆོས་རྣམས་ཀྱི་རང་བཞིན་ལ་སོ་སོར་བརྟག་པར་བྱ་སྟེ། ཆོས་ཐམས་ཅད་ལ་སོ་སོར་བརྟགས་པ་ན་ཆོས་ཉིད་ཀྱང་མ་དམིགས་ན། ཆོས་རྣམས་ཀྱི་རང་བཞིན་ལྟ་ག་ལ་མཆིས་ཞེས་བརྟག་པར་བྱའོ།།


DTG084_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་ལྟར་ཆོས་ཀྱི་རང་བཞིན་ལ་སོ་སོར་རྟོག་པ་ན་འདི་སྙམ་དུ་བདག་ལ་འབིགས་པའམ་གཅོད་པར་བྱེད་པ་སུ་ཡོད་སྙམ་དུ་སེམས་སོ། །དེས་ཆོས་ཀྱི་རང་བཞིན་ལ་དེ་ལྟར་རྟོག་པ་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་རབ་ཏུ་ཐོབ་བོ། །དེ་ཅིའི་ཕྱིར་བཟོད་པ་ཞེས་བྱ་ཞེ་ན། ཉོན་མོངས་པ་མི་སྐྱེ་བ་དན་ཡེ་ཤེས་མི་ཆོད་པའི་ཕྱིར་བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའོ། །དེ་བཟོད་པ་དེ་གཉིས་ལ་གནས་ཤིང་བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་འཕགས་པའི་ཆོས་ཟག་པ་མེད་པ། འཇིག་རྟེན་ལས་འདས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ཏེ། འཕགས་པའི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་སྒྲུབ་པོ། །དེ་མངོན་པར་ཤེས་པ་དེ་ལ་གནས་ཏེ། ལྷའི་མིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང༌། ཆོས་སྟོན་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས་སངས་རྒྱས་རྗེས་སུ་དྲན་པ་འཐོབ་པོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མི་འཆད་དོ། །དེ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་ཚད་མེད་


DTG084_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་དཔག་ཏུ་མེད་པ་བདག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས་སངས་རྒྱས་རྗེས་སུ་དྲན་པ་འཐོབ་པོ། །དེའི་སངས་རྒྱས་རྗེས་སུ་དྲན་པ་དེ་ཡང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྒྱུན་མི་འཆད་དོ། །དེ་ལྷའི་རྣ་བ་མི་ལས་འདས་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གསུངས་པ་ཐོས་ཏེ། ཐོས་ནས་ཀྱང་འཛིན་ཏོ། །བཟུང་ནས་ཀྱང་དེ་བཞིན་དུ་ནན་ཏན་བྱེད་དོ། །དེ་བཞིན་ཉིད་དུ་ནན་ཏན་བྱས་ནས་ཀྱང་དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་སེམས་ཀྱི་རྣམ་གྲངས་ཤེས་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་སེམས་ཀྱིས་རབ་ཏུ་ཤེས་སོ། །འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་རབ་ཏུ་ཤེས་སོ། །དེ་སེམས་ཅན་ཐམས་ཅད་ཀྱི་སེམས་སེམས་གྱིས་ཡོངས་སུ་ཤེས་པར་བྱས་ཤིང་དེ་བཞིན་ཉིད་དུ་ཆོས་སྟོན་ཏོ། །དེ་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པས་སེམས་ཅན་དེ་དག་གི་སྔོན་གྱི་དགེ་བའི་རྩ་བ་རྣམས་ཡོངས་སུ་ཤེས་པར་བྱས་ཤིང་ཡང་སེམས་ཅན་དེ་དག་ལ་དགེ་བའི་རྩ་བ་ཡང་དག་པར་སྟོན་ཏོ། །ཡང་དག་པར་བསྐུལ་ལོ། །ཡང་དག་པར་གཟེངས་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །དེ་ཟག་པ་ཟད་པ་ཤེས་ཏེ། དེ་ཟག་པ་ཟད་པ་ཤེས་པ་དེས་སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་འགོད་དོ། །རབ་ཏུ་འཇོག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཐབས་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་རྣམས་ཐེག་པ་གསུམ་གྱིས་འཁོར་བ་ལས་ཡོངས་སུ་འགྲེལ་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་


DTG084_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མ་དང་བྲལ་བའི་སེམས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མ་མེད་པ་དང། ཟག་པ་མེད་པ། འབད་རྩོལ་མེད་པ། སྣང་བ་མེད་པའི་ཆོས་རྣམས་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མ་དང་བྲལ་བའི་སེམས་ཀྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ལུས་ཀྱི་བརྩོན་འགྲུས་དང་ལྡན་པ་ཡིན། སེམས་ཀྱི་བརྩོན་འགྲུས་དང་ལྡན་པ་ཡིན་ཏེ། དེ་ལུས་ཀྱི་བརྩོན་འགྲུས་ལ་གནས་ནས། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་དང༌། བསམ་གཏན་གསུམ་པ་དང༌། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེས་བསམ་གཏན་བཞི་པ་ལ་མཉམ་པར་གཞག་ཅིང༌། རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། །ཉི་མ་དང་ཟླ་བའི་བར་དུ་ལག་པས་བྱུགས་ཤིང་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་བསྒྱུར་ཏེ། དེ་ལུས་ཀྱི་བརྩོན་འགྲུས་དེ་ལྟ་བུ་དང་ལྡན་པས་རྫུ་འཕྲུལ་གྱི་རྣམ་པ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་ཆོས་སྟོན་པ་དེ་དག་ཏུ་སོང་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ན་བཟའ་དང༌། བསོད་སྙོམས་དང༌། གཟིམས་ཆ་དང༌། སྙུན་གྱི་རྐྱེན་སྨན་དང༌། ཡོ་བྱད་མང་པོས་བསྙེན་བཀུར་བྱེད་དེ། ན་བཟའ་དང༌། བསོད་སྙོམས་དང༌། གཟིམས་ཆ་དང༌། སྙུན་གྱི་རྐྱེན་སྨན་དང༌། ཡོ་བྱད་མང་པོ་དེ་དག་ཀྱང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཟད་པར་མི་འགྱུར་ཏེ། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། ནད་ཀྱི་རྐྱེན་རྩི་དང༌། ཡོ་བྱད་མང་པོས་ལྷ་དང༌། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་


DTG084_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བདེ་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་ཀྱང་རིང་བསྲེལ་ལ་རིང་བསྲེལ་གྱི་མཆོད་པ་མང་པོ་འབྱུང་བར་འགྱུར་རོ། །རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་དུ་སོང་ཞིང་ཆོས་ཉན་ཏེ། ཇི་སྐད་དུ་ཐོས་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཆུད་ཟ་བར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་འཛིན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང༌། བྱེད་པ་མེད་པ་དང༌། དམིགས་སུ་མེད་པ་དང༌། འབྱུང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་ལ་ལུས་ཀྱི་བརྩོན་འགྲུས་དང་ལྡན་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཅི་ལྟར་སེམས་ཀྱི་བརྩོན་འགྲུས་འཕགས་པ་ཟག་པ་མེད་པ་ལམ་གྱི་ཡན་ལག་གི་ཁོངས་སུ་གཏོགས་པ་དང་ལྡན་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། སེམས་ཀྱི་བརྩོན་འགྲུས་དང་ལྡན་པས་ལུས་ཀྱི་ལས་མི་དགེ་བའི་སྐབས་མི་འབྱེད། ངག་གི་ལས་མི་དགེ་བའི་སྐབས་མི་འབྱེད། ཡིད་ཀྱི་ལས་མི་དགེ་བའི་སྐབས་མི་འབྱེད་དེ། རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བའམ། བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བའམ། བདག་ཅེ་བྱ་བའམ། བདག་མེད་ཅེས་བྱ་བའམ། ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བའམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སམ། ཟག་པ་དང་བཅས་པའི་ཁམས་སམ། ཟག་པ་མེད་པའི་ཁམས་སམ། བསམ་གཏན་དང་པོའམ། བསམ་གཏན་གཉིས་པའམ། བསམ་གཏན་གསུམ་པའམ། བསམ་གཏན་བཞི་པའམ། བྱམས་པའམ། སྙིང་རྗེའམ། དགའ་བའམ། བཏང་སྙོམས་སམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དམ། ཅུང་ཟད་མེད་པའི་སྐྱེ་མཆེད་དམ། འདུ་ཤེས་


DTG084_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དམ། མཚན་མ་མེད་པའམ། སྨོན་པ་མེད་པའམ། མངོན་པར་ཤེས་པའམ། ཏིང་ངེ་འཛིན་ཏམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡང་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བའམ། བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བའམ། བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བའམ། ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བའམ། དགེ་ཞེས་བྱ་བའམ། མི་དགེ་ཞེས་བྱ་བའམ། འཇིག་རྟེན་པ་ཞེས་བྱ་བའམ། འཇིག་རྟེན་ལས་འདས་པ་ཞེས་བྱ་བའམ། ཉོན་མོངས་པ་དང་བཅས་པ་ཞེས་བྱ་བའམ། ཉོན་མོངས་པ་མེད་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བའམ། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བའམ། ཟག་པ་དང་བཅས་པ་ཞེས་བྱ་བའམ། ཟག་པ་མེད་པ་ཞེས་བྱ་བའམ། ཀུན་ནས་ཉོན་མོངས་པ་ཞེས་བྱ་བའམ། རྣམ་པར་བྱང་བ་ཞེས་བྱ་བའམ། འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བ་སྙོམས་པ་མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་སྙེམས་པ་མེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའ་ཉིད་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྙོམས་པ་མེད་དོ། །རྒྱུན་དུ་ཞུགས་པ་ཞེས་བྱ་བ་དང༌། ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་དང༌། ཕྱིར་མི་འོང་བ་ཞེས་བྱ་བ་དང༌། དགྲ་བཅོམ་པ་ཞེས་བྱ་བ་དང༌། རང་སངས་རྒྱས་ཞེས་བྱ་བ་དང༌།


DTG084_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང༌། སངས་རྒྱས་ཞེས་བྱ་བར་སྙེམས་པ་མེད་དོ། །སེམས་ཅན་དེ་དག་ནི་མཐོང་བའི་ལམ་གྱིས་རབ་ཏུ་ཕྱེ་བ། འདི་དག་ནི་བསྲབས་པའི་སས་རབ་ཏུ་ཕྱེ་བ། འདི་དག་ནི་འོག་མའི་ཆ་དང་མཐུན་པས་རབ་ཏུ་ཕྱེ་བ། འདི་དག་ནི་གོང་མའི་ཆ་དང་མཐུན་པས་རབ་ཏུ་ཕྱེ་བ། འདི་དག་ནི་རང་སངས་རྒྱས་ཉིད་ཀྱིས་རབ་ཏུ་བརྗོད་པ། འདི་དག་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་རབ་ཏུ་བརྗོད་པ། འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རབ་ཏུ་བརྗོད་པ་ཞེས་བྱ་བར་སྙོམས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར། དེ་དག་ལ་ངོ་བོ་ཉིད་གང་གིས་རབ་ཏུ་དབྱེ་བར་བྱ་བ་དེ་དག་གི་ངོ་བོ་ཉིད་མེད་དེ། དེ་སེམས་ལས་བྱུང་བའི་བརྩོན་འགྲུས་དེ་ལྟ་བུ་དང་ལྡན་པས་མངོན་དུ་གྱུར་ཀྱང་སེམས་ཅན་དེ་དག་ཀྱང་མི་དམིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་རྫོགས་པར་བྱེད་དེ། སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་མི་དམིགས་སོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་རྫོགས་པར་བྱེད་དེ། སངས་རྒྱས་ཀྱི་ཞིང་དེ་ཡང་མི་དམིགས་སོ། །དེ་སེམས་ཀྱི་བརྩོན་འགྲུས་དེ་ལྟ་བུ་དང་ལྡན་པས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་འཛིན་ཀྱང་དེ་ལ་ཆགས་པ་མེད་དེ། དེ་ཆགས་པ་མེད་པར་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ། འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སེམས་ཅན་རྣམས་ཀྱི་དོན་བྱེད་པ་ན་རྫུ་འཕྲུལ་དང་ཆོ་འཕྲུལ་གང་དང་གང་གིས་རྣམ་པར་འཕྲུལ་པ་འདོད་པའི་རྫུ་འཕྲུལ་དེ་དང་ཆོ་འཕྲུལ་དེ་དང་དེས་རྣམ་པར་འཕྲུལ་ཏེ། མེ་ཏོག་གི་ཆར་དབབ་པའམ། སྤོས་ཀྱི་ངད་འགྱེད་པའམ། འབྲུག་གི་སྒྲ་བསྒྲགས་པའམ། གླུ་བྲོ་དང་སིལ་སྙན་གྱི་སྒྲ་བསྒྲགས་པའམ། ས་བསྐྱོད་པའམ། སྣང་བ་བསྟན་པའམ། རིན་པོ་ཆེ་སྣ་བདུན་གྱི་འཇིག་རྟེན་གྱི་ཁམས་བསྟན་པ་རྣམ་པར་འཕྲུལ་ཏེ། གང་དང་གང་དུ་གང་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་དག་ཀྱང་བདག་གི་ལུས་ལས་འགྱེད་དེ། སེམས་ཅན་རྣམས་ཀྱི་དོན་དུ་བར་འགའ་བདག་འགྱེད་དོ། །བར་འགའ་དྲི་ཞིམ་


DTG084_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འགྱེད་དོ། །བར་འགའ་སྲོག་གཅོད་པ་མེད་པའི་མཆོད་སྦྱིན་ཆེན་པོ་བྱེད་དོ། །བར་འགའ་སེམས་ཅན་མཐའ་ཡས་པ་ལམ་མ་ཡིན་པ་ནས་འདོན་ཏེ། སྲོག་གཅོད་པ་ལས་ལྡོག་གོ །མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། ཕྲ་མ་སྨྲ་བའམ། ཞེ་གཅོད་པའི་ཚིག་དང༌། བརྫུན་དུ་སྨྲ་བ་དང༌། ཚིག་ཀྱལ་པ་དང༌། ཆགས་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་ལས་ཡོངས་སུ་འགྲེལ་ཏོ། །ལ་ལ་ལ་ནི་སྦྱིན་པས་ཕན་འདོགས་སོ། །ལ་ལ་ལ་ནི་ཚུལ་ཁྲིམས་ཀྱིས་ཕན་འདོགས་སོ། །ལ་ལའི་དོན་དུ་ནི་ཡན་ལག་དང་ཉིད་ལག་ཡོངས་སུ་གཏོང་ངོ༌།། ལ་ལའི་དོན་དུ་ནི་བུ་དང་ཆུང་མ་ཡོངས་སུ་གཏོང་ངོ༌། །ལ་ལའི་དོན་དུ་ནི་རྒྱལ་སྲིད་ཡོངས་སུ་གཏོང་ངོ༌། །ལ་ལའི་དོན་དུ་ནི་བདག་ཀྱང་ཡོངས་སུ་གཏོང་ངོ༌། །དེ་ལྟར་ཐབས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བའི་ཐབས་དེ་དང་དེས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང༌། སེམས་ཀྱི་བརྩོན་འགྲུས་དང་ལྡན་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། མཚན་མ་མེད་པའི་ཆོས་རྣམས་ལ་གནས་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་ཏིང་ངེ་འཛིན་གཞན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་འདོད་པས་དབེན་པ། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་དང༌། བསམ་གཏན་གསུམ་པ་དང༌། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བྱམས་པ་དང་ལྡན་པའི་སེམས་དང༌། སྙིང་རྗེ་


DTG084_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་སེམས་དང༌། དགའ་བ་དང་ལྡན་པའི་སེམས་དང༌། བཏང་སྙོམས་དང་ལྡན་པའི་སེམས་ཀྱིས་འཇིག་རྟེན་གྱི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྒྱས་པར་བཀང་ཞིང་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཤིང་རྣམ་པར་ཐར་བ་བརྒྱད་ལ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ༌། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །གློག་ལྟ་བུའི་ཏིང་ངེ་འཛིན་དང༌། ཡང་དག་པའི་ཏིང་ངེ་འཛིན་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་ཁོངས་སུ་ཏིང་ངེ་འཛིན་ཐམས་ཅད་ཆུད་པར་བྱས་ཤིང་དཀར་པོ་རྣམ་པར་མཐོང་བའི་ས་ལས་འདའོ། །དཀར་པོ་རྣམ་པར་མཐོང་བའི་ས་ལས་འདས་ནས་རིགས་ཀྱི་ས་དང༌། བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རྟོགས་པའི་ས་དང༌། རང་སངས་རྒྱས་ཀྱི་ས་ལས་འདའོ། །རང་སངས་རྒྱས་ཀྱི་ས་ལས་འདས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་སངས་རྒྱས་ཀྱིས་ཡོངས་སུ་རྫོགས་པར་བྱེད་དོ། །དེས་དེ་དག་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་འབྲས་བུ་བར་མ་དོར་ཐོབ་པར་མི་བྱེད་དེ། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་


DTG084_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྙེན་བཀུར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་དགེ་བའི་རྩ་བ་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་བའི་དགེ་བའི་རྩ་བ་སྐྱེད་པར་བྱེད་དེ། འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། དེ་ལ་སེམས་ཅན་ལ་ལ་ནི་སྦྱིན་པས་ཡོངས་སུ་སྡུད་དོ། །ལ་ལ་ནི་ཚུལ་ཁྲིམས་ཀྱིས་ཡོངས་སུ་སྡུད་དོ། །ལ་ལ་ནི་བཟོད་པས་ཡོངས་སུ་སྡུད་དོ། །ལ་ལ་ནི་བརྩོན་འགྲུས་ཀྱིས་ཡོངས་སུ་འཛིན་ཏོ། །ལ་ལ་ནི་ཏིང་ངེ་འཛིན་གྱིས་ཡོངས་སུ་སྡུད་དོ། །ལ་ལ་ནི་ཤེས་རབ་ཀྱིས་ཡོངས་སུ་སྡུད་དོ། །ལ་ལ་ནི་རྣམ་པར་གྲོལ་བས་ཡོངས་སུ་སྡུད་དོ། །ལ་ལ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཡོངས་སུ་སྡུད་དོ། །ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་གཞོག་གོ །ལ་ལ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ལ་རབ་ཏུ་གཞོག་གོ །ལ་ལ་ནི་རང་བྱང་ཆུབ་ལ་རབ་ཏུ་གཞོག་གོ །ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞོག་གོ །དེ་དེ་ལྟར་དགེ་བའི་ཆོས་གང་དང་གང་གིས་སེམས་ཅན་རྣམས་མཐོང་བར་འགྱུར་བ་དེ་དང་དེ་ལ་སྦྱོར་ཏེ། དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཤིང་གཟུངས་ཀྱི་སྒོ་ཐམས་ཅད་མངོན་པར་སྒྲུབ་པོ། །སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་ཐོབ་བོ། །རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་རྣམས་ཀྱང་ཐོབ་པ་ཡིན་ཏེ། དེ་ནམ་ཡང་ལས་དང་ཉོན་མོངས་པའི་དབང་གིས་མའི་མངལ་དུ་སྐྱེ་བར་མི་འགྱུར་རོ། །ནམ་ཡང་འདོད་པ་ལ་བརྟེན་པར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་སྐྱེ་བ་ཡོངས་སུ་མི་འཛིན་པའང་གང་ཡང་མེད་དོ། །སྐྱེ་བའི་ཉེས་པས་ཀྱང་གོས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་རབ་ཏུ་མཐོང་རབ་ཏུ་རིག་རབ་ཏུ་རྟོགས་པས་ན་དེ་སྒྱུ་མ་ལྟ་བུའི་འདུ་བྱེད་ཐམས་ཅད་རིག་པར་བྱས་ཤིང་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །དེ་ལ་ཡང་སེམས་ཅན་ནམ་སེམས་ཅན་


DTG084_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གདགས་པ་དམིགས་སུ་མེད་དོ། །དེས་ཆོས་ཐམས་ཅད་མི་དམིགས་ནས་འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་སྟེ་དམིགས་སུ་མེད་པ་དེ་ཉིད་ལ་སེམས་ཅན་རྣམས་འགོད་དེ། དོན་དམ་པར་ནི་མ་ཡིན་ནོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཐམས་ཅད་ལ་སྤྱོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མི་འགྱུར་རོ། །ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་དག་ལ་གནས་ཤིང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབས་ཏེ། དེ་ལ་གནས་ནས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤོང་ངོ༌། །དེ་ལ་གནས་ཤིང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤངས་ནས། བདག་གི་དོན་ཀྱང་བྱེད། གཞན་གྱི་དོན་ཀྱང་བྱེད། དེས་བདག་དང་གཞན་གྱི་དོན་བྱས་ནས་ལྷ་དང༌། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་རིམ་གྲོའི་གནས་སུ་གྱུར་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང༌། མཚན་མ་དང་བྲལ་བའི་སེམས་ཀྱི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་གང་ཡང་རུང་བར་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་བསྡུས་པའི་མཚན་ཉིད་ཅན་གྱི་སེམས་ཀྱི་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པ་སྟེ་དང་པོའོ།། །།རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མ་མེད་པའི་ཆོས་རྣམས་ལ་གནས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའམ་ཡོངས་སུ་གྲུབ་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་མེད་


DTG084_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དེ། གཟུགས་ཀྱི་ཡང་དག་པ་དང་ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཡང་དག་པ་དང༌། ཡོངས་སུ་གྲུབ་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་དེ་ལྟར་རྟོགས་པའི་ཚེ། གཟུགས་ཀྱི་རང་བཞིན་མི་དམིགས་སོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་རང་བཞིན་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་རང་བཞིན་མི་དམིགས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱི་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་རྟོགས་པར་བྱེད་དེ། དེ་དེ་ལྟར་རྟོགས་པར་བྱེད་ཅིང་ནང་སྟོང་པ་ཉིད་ལ་སྤྱོད་པ་དང༌། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང༌། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པའི་ཚེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། སྐྱེ་མཆེད་དམ། ཁམས་སམ། རྟེན་ཅིང་འབྲེལ་པར་འབྱུང་བའམ། ཕ་རོལ་ཏུ་ཕྱིན་པ་རྣམས་སམ། སྟོང་པ་ཉིད་ཐམས་ཅད་དམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམས་སམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་རམ། ཆོས་གང་ལ་ཡང་མངོན་པར་ཆགས་པ་མེད་དོ། །དེ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་དེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་རྣམས་དང༌། བསམ་གཏན་རྣམས་


DTG084_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དེ། སྐྱེས་བུ་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་ཏོ། །དེ་བྱང་ཆུབ་སེམས་དཔའི་ལམ་རྣམ་པར་སྨིན་པའི་ཆོས་ཅན་ལ་གནས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པ་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པ་དང༌། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ལྔའི་བར་དུ་ཡོངས་སུ་རྫོགས་པར་གྱུར་ནས་སེམས་ཅན་གང་ལ་སྦྱིན་པས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་སྦྱིན་པས་ཕན་འདོགས་སོ། །གང་ལ་ཚུལ་ཁྲིམས་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་ཚུལ་ཁྲིམས་ཀྱིས་ཕན་འདོགས་སོ། །གང་ལ་བཟོད་པས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་བཟོད་པས་ཕན་འདོགས་སོ། །གང་ལ་བརྩོན་འགྲུས་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་བརྩོན་འགྲུས་ཀྱིས་ཕན་འདོགས་སོ། །གང་ལ་ཏིང་ངེ་འཛིན་གྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་ཏིང་ངེ་འཛིན་གྱིས་ཕན་འདོགས་སོ། །གང་ལ་ཤེས་རབ་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་ཤེས་རབ་ཀྱིས་ཕན་འདོགས་སོ། །གང་ལ་རྣམ་པར་གྲོལ་བས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་རྣམ་པར་གྲོལ་བས་ཕན་འདོགས་སོ། །གང་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཕན་གདགས་པར་བྱ་བ་དེ་དག་ལ་ཡང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཕན་འདོགས་སོ། །གང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འགོད་པར་བྱ་བ་དེ་དག་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་དོ། །གང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་


DTG084_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འགོད་པར་བྱ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འགོད་དོ། །དེ་བཞིན་དུ་རྒྱས་པར་སྦྱར་བར་བྱའོ། །དེ་རྫུ་འཕྲུལ་གྱི་རྣམ་པ་དུ་མས་རྣམ་པར་འཕྲུལ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འགྲོ་སྟེ། དེ་འདོད་ན་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་རིན་པོ་ཆེ་གང་ལས་འདོད་པའི་རིན་པོ་ཆེ་དེ་དག་ལས་གྲུབ་པར་མངོན་པར་སྒྲུབ་སྟེ། དེ་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ཅིང་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འགྲོ་སྟེ། དེས་འཇིག་རྟེན་གྱི་ཁམས་དེ་དག་མཐོང་ནས་ཅི་འདོད་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏེ། འདི་ལྟར་དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རིས་ཀྱི་ལོངས་སྤྱོད་དང༌། སྐྱིད་པ་ལྟ་བུ་དག་དང༌། སངས་རྒྱས་ཀྱི་ཞིང་གཞན་བཙལ་བ་དང་བྲལ་བ་དག་ན་ལོངས་སྤྱོད་དང་སྐྱིད་པ་གང་ཇི་སྙེད་པ་དེ་དག་དེར་འབྱུང་སྟེ། དེ་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་རྣམས་དང༌། རྣམ་པར་སྨིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ལམ་དེས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ཅིང་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཐོབ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་སྟེ། གལ་ཏེ་ཇི་ཙམ་དུ་གཟུགས་ཡོངས་སུ་གཟུང་བ་མེད་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་མེད་པ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་གཟུང་བ་མེད་པ་དང། དགེ་བ་དང༌། མི་དགེ་བ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་རྣམས་ཡོངས་སུ་གཟུང་བ་མེད་པ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་


DTG084_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་སངས་རྒྱས་ནས་སངས་རྒྱས་ཀྱི་ཞིང་དེར་ལོངས་སྤྱོད་པ་དང༌། སྐྱིད་པ་ཐམས་ཅད་ཡོངས་སུ་གཟུང་བ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཆོས་ཐམས་ཅད་ནི་དམིགས་སུ་མེད་པའི་ཚུལ་གྱིས་ཡོངས་སུ་གཟུང་བ་མེད་པ་དང༌། ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མེད་པའི་ཕྱིར་ཡང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང༌། བྱེད་པ་མེད་པ་དང༌། དམིགས་སུ་མེད་པ་དང༌། བྱུང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང༌། བྱེད་པ་མེད་པ་དང༌། དམིགས་པ་མེད་པ་དང༌། འབྱུང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་ཀྱི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་གཅིག་གིས་རྟོགས་པའི་མཚན་ཉིད་ཅན་གྱི་སེམས་ཀྱི་སྐད་ཅིག་གིས་མངོན་པར་རྟོགས་པ་སྟེ་གཉིས་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་དབྱེར་མ་མཆིས་ཤིང་མཚན་མ་མ་མཆིས་པ་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ལགས་ན། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་དེ་དག་ཀྱང་ཇི་ལྟར་ན་ཐ་དད་དུ་གྱུར་པར་གདགས་པ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DTG084_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་འདུས་པ་ལགས། བཅོམ་ལྡན་འདས་དེ་ལྟར་མཚན་མ་མ་མཆིས་པའི་ཆོས་མཚན་ཉིད་གཅིག་པ་འདི་ལྟ་སྟེ། མཚན་ཉིད་མེད་པ་རྣམས་ལ་འདི་ལྟར་ཐ་དད་དུ་བྱེད་པ་དག་རབ་ཏུ་འབྱེད་པ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅིས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་ངོ༌། །ཚུལ་ཁྲིམས་སྲུང་ངོ༌། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྒྲ་བརྙན་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཉེ་བར་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་ངོ༌། །ཚུལ་ཁྲིམས་སྲུང་ངོ༌།། བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །དེ་འདི་ལྟར་རྟོགས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་རྨི་ལམ་ལྟ་བུ་སྟེ། མཚན་ཉིད་མེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང། སྒྲ་བརྙན་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། སྤྲུལ་བ་ལྟ་བུ་སྟེ། མཚན་ཉིད་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་ལ་རང་བཞིན་གང་ཡང་མེད་དོ། །སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་དང༌། མིག་ཡོར་དང༌། སྒྲ་བརྙན་དང༌། གཟུགས་བརྙན་དང༌། དྲི་ཟའི་གྲོང་ཁྱེར་དང༌། སྤྲུལ་པ་ལ་རང་བཞིན་གང་ཡང་མེད་དོ། །གང་ལ་རང་བཞིན་མེད་པ་དེ་ལ་མཚན་ཉིད་མེད་དེ་གང་ལ་མཚན་ཉིད་མེད་པ་དེ་ནི་འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ་ཞེས་བྱ་བར་རྟོགས་པར་བྱེད་དོ། །རབ་འབྱོར་རྣམ་གྲངས་དེས་ན་ཁྱོད་ཀྱིས།


DTG084_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་རིག་པར་བྱ་སྟེ། སྦྱིན་པ་ནི་མཚན་ཉིད་མེད་པའོ། །གཏོང་བ་ནི་མཚན་ཉིད་མེད་པའོ། །ལེན་པ་ནི་མཚན་ཉིད་མེད་པའོ་ཞེས་བྱ་བར་ཤེས་པར་བྱ་སྟེ། གང་དེ་ལྟར་ཤེས་ནས་སྦྱིན་པ་གཏོང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མི་ལྡོག་གོ །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མི་ལྡོག་གོ །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལ་གནས་ཤིང་བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཚངས་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་དང༌། སྨོན་པ་མེད་པ་ཏིང་ངེ་འཛིན་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱད་དོ། །དེ་འཕགས་པའི་ཆོས་འཇིག་རྟེན་ལས་འདས་པས་ཐུན་མོང་མ་ཡིན་པ་རྣམ་པར་སྨིན་པ་ལས་བྱུང་བ་རྣམས་ལ་གནས་ཤིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་གྲངས་མེད་དཔག་ཏུ་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དེ་དག་གི་དྲུང་དུ་རྫུ་འཕྲུལ་གྱིས་སོང་ཞིང་ན་བཟའ་དང༌། བསོད་སྙོམས་དང༌། གཟིམས་ཆ་དང༌། སྙུན་གྱི་


DTG084_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་སྨན་དང༌། ཡོ་བྱད་མང་པོས་བསྙེན་བཀུར་བྱེད་དེ། ལོངས་སྤྱོད་དང་སྐྱིད་པ་ཐམས་ཅད་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །དེ་ན་སེམས་ཅན་གང་སྦྱིན་པས་ཡོངས་སུ་བསྡུ་བ་དེ་དག་ཀྱང༌། །སྦྱིན་པས་ཡོངས་སུ་སྡུད་དོ། །གང་ཚུལ་ཁྲིམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་དང༌། གང་བཟོད་པས་ཡོངས་སུ་བསྡུ་བ་དེ་དག་དང༌། གང་བརྩོན་འགྲུས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་དང༌། གང་བསམ་གཏན་གྱིས་ཡོངས་སུ་བསྡུ་བ་དེ་དག་དང༌། གང་ཤེས་རབ་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཤེས་རབ་ཀྱིས་ཡོངས་སུ་སྡུད་དོ། །གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །དེ་ལྟར་གང་དང་གང་དགེ་བའི་ཆོས་གང་དང་གང་གིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་དགེ་བའི་ཆོས་དེ་དང་དེ་དག་གིས་ཡོངས་སུ་སྡུད་དོ། །དེ་དགེ་བའི་རྩ་བ་དེ་དག་དང་ལྡན་ཞིང་ཆོས་ཐམས་ཅད་ལ་དབང་བསྒྱུར་བས་འཁོར་བ་དེ་ཉེ་བར་ལེན་ཀྱང་འཁོར་བའི་སྡུག་བསྔལ་གྱིས་མི་གོས་ཏེ། དེ་སེམས་ཅན་རྣམས་ཀྱི་དོན་དུ་མི་དང་ལྷའི་ཕུན་སུམ་ཚོགས་པ་ཉེ་བར་ལེན་ཏེ། ཕུན་སུམ་ཚོགས་པ་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྡུད་དོ། །དེ་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་ཀྱང་དེ་ལ་མི་གནས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ཤེས་ཀྱང་དེ་ལ་མི་གནས་སོ། །རང་བྱང་ཆུབ་ཤེས་ཀྱང་དེ་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་མཚན་ཉིད་མེད་པར་ཤེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མཚན་ཉིད་མེད་པར་ཤེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྒྲ་བརྙན་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་དང༌། དྲི་ཟའི་གྲོང་


DTG084_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ལྟ་བུ་དང༌། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་རྨི་ལམ་ལྟ་བུར་ཤེས། སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྒྲ་བརྙན་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། སྤྲུལ་པ་ལྟ་བུར་ཤེས་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མེད་པ་མ་ཞིག་པ། མ་རལ་བ། སྐྱོན་མེད་པ། རྙོག་པ་མེད་པ། ཉམས་པ་མེད་པ། དབང་དུ་གྱུར་པ། མཁས་པས་བསྔགས་པ། ཤིན་ཏུ་རྫོགས་པ། འཕགས་པར་གྱུར་པ། ཟག་པ་མེད་པ། ལམ་གྱི་ཁོངས་སུ་ཆུད་པ། འཇིག་རྟེན་ལས་འདས་པ། ཡོངས་སུ་རྫོགས་པར་བྱེད་དོ། དེ་ལ་གནས་ཤིང་ཡང་དག་པར་བླང་བའི་བརྡ་དང་ལྡན་པའི་ཚུལ་ཁྲིམས་དང་ཆོས་ཉིད་ཀྱིས་ཐོབ་པའི་ཚུལ་ཁྲིམས་དང༌། སྡོམ་པའི་ཚུལ་ཁྲིམས་དང༌། དམིགས་པའི་ཚུལ་ཁྲིམས་དང༌། སྤྱད་པའི་ཚུལ་ཁྲིམས་དང༌། མི་སྤྱད་པའི་ཚུལ་ཁྲིམས་བསྲུང་ངོ༌། །དེ་ཚུལ་ཁྲིམས་དེ་ལྟ་བུ་དང་ལྡན་ཡང་འདིས་བདག་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཆེ་ཞིང་མཐོ་བའི་རིགས་དང༌། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པར་སྐྱེ་བར་བྱའོ་ཞེའམ། རྒྱལ་ཕྲན་ནམ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བར་བྱའོ་ཞེའམ། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་བྱའོ་ཞེའམ། སུམ་ཅུ་རྩ་གསུམ་པའམ། འཐབ་བྲལ་ལམ། དགའ་ལྡན་ནམ། འཕྲུལ་དགའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་བྱའོ་ཞེའམ། ཚངས་རིས་སམ། ཚངས་འཁོར་རམ། ཚངས་པའི་མདུན་ན་འདོན་ནམ། ཚངས་ཆེན་ནམ། འོག་མིན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་བྱའོ་ཞེའམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱའོ་ཞེའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ།


DTG084_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཐོབ་པར་བྱའོ་ཞེས་ཚུལ་ཁྲིམས་དེས་མཆོག་ཏུ་འཛིན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་མཚན་ཉིད་མེད་པ་སྟེ། འདི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མཚན་ཉིད་གཅིག་པས་ན་མཚན་ཉིད་མེད་པའི་ཆོས་ཀྱིས་མཚན་ཉིད་མེད་པའི་ཆོས་ཐོབ་པར་མི་རུང་ངོ༌། །མཚན་ཉིད་ཐ་དད་པའི་ཆོས་ཀྱིས་མཚན་ཉིད་ཐ་དད་པའི་ཆོས་ཐོབ་པར་མི་རུང་ངོ༌། །མཚན་ཉིད་ཐ་དད་པའམ། མཚན་ཉིད་མེད་པའི་ཆོས་ཀྱིས་ཀྱང་མཚན་ཉིད་ཐ་དད་པའམ། མཚན་ཉིད་མེད་པའི་ཆོས་ཐོབ་པར་མི་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མེད་པ་ཡོངས་སུ་རྫོགས་པར་བྱས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པའི་ཚེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ལམ་གྱི་རྣམ་པ་ཤས་པ་ཉིད་ལ་སྤྱོད་པའི་ཚེ། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ལྔ་རབ་ཏུ་ཐོབ་ནས། གཟུངས་ཀྱི་སྒོ་ལྔ་བརྒྱ་དང༌། ཏིང་ངེ་འཛིན་གྱི་སྒོ་ལྔ་བརྒྱ་ལ་གནས་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང༌། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་འགྲོ་བ་ལྔའི་འཁོར་བ་ན་འཁོར་ཡང་འཁོར་བའི་ལས་ཀྱི་རྣམ་པར་སྨིན་པས་གོས་པར་མི་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་སྤྲུལ་པ་ནི་འགྲོ་བ་འམ་འོང་བའམ་སྡོད་པའམ་འདུག་པའམ་ཉལ་བར་བྱེད་ཀྱང་དེ་ལ་འགྲོ་བའམ་འོང་བའམ་སྡོད་པའམ་འདུག་པའམ་ཉལ་བ་ཡང་མི་དམིགས་ཏེ། དེ་སེམས་ཅན་རྣམས་ཀྱི་དོན་ཡང་བྱེད་དོ། །སེམས་ཅན་དང་སེམས་ཅན་དུ་གདགས་པ་ཡང་མི་དམིགས་སོ།། །།བམ་པོ་དྲུག་ཅུ་ལྔ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་ཞི་བ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སེམས་ཅན་ཚད་མེད་པ་ཐེག་པ་གཉིས་


DTG084_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཡོངས་སུ་མྱ་ངན་ལས་འདས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱ་བའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་གང་ཡང་མ་གཟིགས་ནས་དེས་ཚེའི་འདུ་བྱེད་སྤངས་ནས་སྤྲུལ་པ་སྤྲུལ་པ་མཛད་དེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །རབ་འབྱོར་དེ་ལྟར་སྤྲུལ་པ་དེས་བསྐལ་པ་གཅིག་ལོན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེའི་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། དངོས་པོ་གང་ཡང་དམིགས་སུ་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་ཅན་ནམ་སེམས་ཅན་དུ་གདགས་པར་མི་དམིགས་ལ་སེམས་ཅན་རྣམས་ཀྱི་དོན་ཀྱང་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་ཉིད་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཡོངས་སུ་རྫོགས་པས་མཚན་ཉིད་མེད་པའི་ཆོས་ཐམས་ཅད་ཁོང་དུ་ཆུད་པར་ཤེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཏེ། མཚན་ཉིད་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་མེད་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་གནས་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་གཉིས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། གཉིས་གང་ཞེ་ན།


DTG084_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་ལེན་པའི་བཟོད་པ་དང༌། ཆོས་ཁོང་དུ་ཆུད་པའི་བཟོད་པའོ། །དེ་ལ་ཉམས་སུ་ལེན་པའི་བཟོད་པ་གང་ཞེ་ན། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་གལ་ཏེ་སེམས་ཅན་ཐམས་ཅད་ཡང་དང་ཡང་དུ་འོངས་ཤིང་གཤེ་བའམ་མི་སྙན་པར་བརྗོད་ཅིང་མ་ཀླས་པའི་ཚིག་བརླང་བར་ཟེར་བར་གྱུར་ཏམ། རྡོ་དབྱུག་དང་མཚོན་ཆས་བརྡེགས་སམ་བཏབ་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་པས། སེམས་བསྐྱེད་པ་འགའ་ཙམ་ཡང་འཁྲུགས་པ་དང་ལྡན་པའམ། གནོད་སེམས་དང་ལྡན་པ་བསྐྱེད་པར་མི་བྱ་སྟེ། ཕྱིར་སེམས་ཅན་དེ་དག་ལ་ཀྱེ་མ་སེམས་ཅན་འདི་དག་ནི་ཉོན་མོངས་པའི་ནད་ཀྱིས་མནར་བ་སྟེ། འདི་དག་ལ་བདག་གིས་སྡིག་ཏོའི་སེམས་མི་བསྐྱེད་ཀྱི། འདི་ནི་བདག་ཉིད་ཀྱིས་ཕུང་པོ་དགྲར་གྱུར་པ་འདི་རྣམས་བླངས་པས་ལན་ཏོ་ཞེས་དེ་དག་ལ་ལྷག་པར་སྙིང་རྗེ་བསྐྱེད་པར་བྱའོ། །བྱམས་པ་དང་ལྡན་ཏེ་སྙིང་རྗེ་བར་གྱུར་ནས་རྣམ་པ་དེ་ལྟར་རྟོགས་པ་དེ་ནི་ཉམས་སུ་ལེན་པའི་བཟོད་པ་ཞེས་བྱའོ། །དེ་ལ་ཆོས་ཁོང་དུ་ཆུད་པའི་བཟོད་པ་གང་ཞེ་ན། སེམས་ཅན་དེ་དག་ཀྱང་དོན་དམ་པར་དམིགས་སུ་མེད་ན། བདག་ལ་གཤེ་བའམ། མི་སྙན་པར་བརྗོད་པའམ། མ་ཀླས་པའི་ཚིག་བརླང་པོ་ཟེར་བའམ། རྡོ་དབྱུག་གིས་བརྡེག་ཅིང་མཚོན་འདེབས་པ་ལྟ་བུ་ཞིག་ཡོད་དེ། འདུ་བྱེད་ཐམས་ཅད་ནི་སྒྱུ་མ་ལྟ་བུ་གསོབ་གསོག་རག་ལས་པ་ནམ་མཁའ་ལྟ་བུ། བདག་དང་སེམས་ཅན་དང་སྲོག་དང༌། འགྲོ་བ་དང། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་བདག་དང་བྲལ་བ་སྟེ། རྣམ་པར་རྟོག་པ་དེ་དག་ཐམས་ཅད་ནི་ཡོངས་སུ་རྟོག་པ་ལས་བྱུང་བ་ཡིན་ན། བདག་ལ་གཤེ་བ་དང༌། མི་སྙན་པར་བརྗོད་པ་དང༌། མ་ཀླས་པའི་ཚིག་བརླང་པོ་ཟེར་བ་དང༌། རྡོ་དབྱུག་གིས་བརྡེག་ཅིང་མཚོན་འདེབས་པ་ལྟ་བུ་ཞིག་ཡོད་དེ། བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་ཉེ་བར་བཟུང་སྟེ། དེ་ལྟར་རྣམ་པར་བརྟག་པར་མི་བྱའོ་ཞེས་བྱ་བ་འདི་ནི་ཆོས་ཁོང་དུ་ཆུད་པའི་བཟོད་པ་ཞེས་བྱ་སྟེ། དེ་དེ་ལྟར་ཡོངས་སུ་རྟོག་ཅིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་


DTG084_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་བྱེད་དེ། དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བགྱི་བ་ནི་གང་ལགས། དེ་ལ་སྤངས་པ་ནི་ཅི་མཆིས་ཡེ་ཤེས་ནི་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་གང་ལ་ཡང་རྡུལ་ཙམ་ཡང་སྐྱེ་བ་མེད་པ་དེ་ནི་མི་སྐྱེ་བའོ། །དེ་གང་གིས་ཤེས་པ་དེ་ནི་བཟོད་པ་ཞེས་བྱ་བ་སྟེ། ཤེས་པ་དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པོ། །གསོལ་པ། བཅོམ་ལྡན་འདས་ཉན་ཐོས་རྣམས་དང༌། རང་སངས་རྒྱས་རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་གང་ལགས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་གང་ལགས་པའི་བཟོད་པ་དེ་དག་ལ་བྱེ་བྲག་ཏུ་བགྱི་བ་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུན་དུ་ཞུགས་པའི་ཤེས་པ་གང་ཡིན་པ་དང༌། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །ལན་ཅིག་ཕྱིར་འོང་བའི་ཤེས་པ་གང་ཡིན་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །ཕྱིར་མི་འོང་བའི་ཤེས་པ་གང་ཡིན་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །དགྲ་བཅོམ་པའི་ཤེས་པ་གང་ཡིན་པ་དང༌། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །རང་སངས་རྒྱས་ཀྱི་ཤེས་པ་གང་ཡིན་པ་དང༌། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་སྟེ། རབ་འབྱོར་དེ་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་བཟོད་པ་དང༌། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེ་བྲག་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བཟོད་པ་དེ་ལྟ་བུ་དང་ལྡན་པས་ཉན་ཐོས་དང་རང་སངས་རྒྱས་དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཏེ། དེ་རྣམ་པར་སྨིན་པ་ལས་བྱུང་བའི་མི་སྐྱེ་བའི་ཆོས་གྱི་བཟོད་པ་ལ་གནས་ཏེ། བྱང་ཆུབ་སེམས་དཔའི་ལམ་ལ་སྤྱོད་ཅིང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡོངས་སུ་རྫོགས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། སྟོང་


DTG084_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་དང་མི་འབྲལ་བ་ཡིན། དེ་མངོན་པར་ཤེས་པ་རྣམས་དང་མི་འབྲལ་བ་ཡིན། དེ་མངོན་པར་ཤེས་པ་རྣམས་དང་མི་འབྲལ་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པར་བྱེད་པ་ཡིན། དེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་ཉིད་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྒྱུ་མ་ལྟ་བུ་དང༌། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་མཚན་མ་མེད་པའི་ལུས་དང་སེམས་ཀྱི་བརྩོན་འགྲུས་རྩོམ་མོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་མེད་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་གནས་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུས་དང་སེམས་ཀྱི་བརྩོན་འགྲུས་རྩོམ་པར་བྱེད་དོ། །དེ་ལུས་ཀྱི་བརྩོན་འགྲུས་ཀྱིས་རྫུ་འཕྲུལ་མངོན་པར་བསྒྲུབས་ཏེ་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་སོང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་ལུས་ཀྱི་བརྩོན་འགྲུས་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས་ཐེག་པ་གསུམ་ལ་འཛུད་ཅིང་འདུལ་ལ་རབ་ཏུ་འགོད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་ཉིད་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སེམས་


DTG084_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བརྩོན་འགྲུས་ཟག་པ་མེད་པ་ལམ་གྱི་ཡན་ལག་ཏུ་གྱུར་པ་ལམ་གྱི་ཁོངས་སུ་ཆུད་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་དུ་དགེ་བའི་ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཁོངས་སུ་འདུས་པ། ཡོངས་སུ་རྫོགས་པར་བྱེད་དོ། །དེ་ལ་སྤྱོད་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཡོངས་སུ་རྫོགས་པར་བྱས་པས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པར་འགྱུར་རོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་ནས་མཚན་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་ནས་ཀུན་ནས་སྣང་བ་ཐོབ་པར་བྱེད་དོ། །ཀུན་ནས་སྣང་བ་ཐོབ་པར་བྱས་ནས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ལན་གསུམ་དུ་བཟླས་པ་བསྐོར་བར་འགྱུར་རོ། །དེ་བསྐོར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོ་བ་དང༌། རབ་ཏུ་གཡོ་བ་དང༌། ཀུན་ནས་གཡོ་བ་དང༌། འགུལ་བ་དང༌། རབ་ཏུ་འགུལ་བ་དང༌། ཀུན་ནས་འགུལ་བ་དང༌། ལྡེག་པ་དང༌། རབ་ཏུ་ལྡེག་པ་དང༌། ཀུན་ནས་ལྡེག་པར་འགྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བ་ཆེན་པོས་རྒྱས་པར་གང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་སྒྲ་གང་དུ་བྱུང་ཞིང་དབྱངས་གྲག་པར་གྱུར་པའི་སྒྲ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་ཀྱིས་ཐོས་པ་དེ་


DTG084_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ཐེག་པ་གསུམ་ལ་ངེས་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་ཕན་པ་ཆེན་པོ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་མཚན་ཉིད་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་མེད་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་གནས་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་དང༌། བསམ་གཏན་གསུམ་པ་དང༌། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་མོ། །གློག་ལྟ་བུའི་ཏིང་ངེ་འཛིན་སྒོམ་མོ། །ཡང་དག་པའི་ཏིང་ངེ་འཛིན་སྒོམ་མོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྒོམ་པར་བྱེད་དེ། ཏིང་ངེ་འཛིན་དེ་ལ་གནས་ཤིང་དེ་


DTG084_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་ཉན་ཐོས་དང་ཐུན་མོང་བའམ། རང་སངས་རྒྱས་དང་ལྡན་པའི་ཏིང་ངེ་འཛིན་གང་ཇི་སྙེད་པ་དང༌། གཞན་ཡང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཚོགས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལུས་ཀྱིས་ཁྱབ་པར་བྱས་ཤིང་ཉེ་བར་བསྒྲུབས་ཏེ་གནས་ཀྱང་ཏིང་ངེ་འཛིན་དེ་དག་དང་སྙོམས་པར་འཇུག་པའི་འབྲས་བུའི་རོ་མྱོང་བར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཏིང་ངེ་འཛིན་དེ་དག་གི་མཚན་ཉིད་མེད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པས་ན། མཚན་ཉིད་མེད་པའི་ཆོས་མཚན་ཉིད་མེད་པའི་ཆོས་ཀྱིས་རོ་མྱོང་བར་བྱེད་པ་ཡང་ག་ལ་འགྱུར་རོ། །དངོས་པོ་མེད་པའི་ཆོས་ཀྱང་དངོས་པོ་མེད་པའི་ཆོས་ཀྱིས་རོ་མྱོང་བར་བྱེད་པར་ཡང་ག་ལ་འགྱུར་ཏེ། དེ་རོ་མྱོང་བར་བྱེད་པ་མེད་པས་ཏིང་ངེ་འཛིན་དེ་དག་གིས་ཀྱང་གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སུ་སྐྱེ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཁམས་དེ་ཉིད་ཀྱང་མི་དམིགས། གང་སྙོམས་པར་འཇུག་པ་དང༌། གང་གིས་སྙོམས་པར་འཇུག་པ་དེ་ཡང་མི་དམིགས་སོ། །དེ་མི་དམིགས་པས་མཚན་ཉིད་མེད་པའི་ཏིང་ངེ་འཛིན་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དེས་ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ལས་ཡོངས་སུ་འདའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་ཤིང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ཡོངས་སུ་འདའ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནང་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཤིན་ཏུ་བསླབས་པའི་ཕྱིར་ཏེ། སྟོང་པ་ཉིད་འདི་དག་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། གང་ལ་གནས་པར་བྱ་བའི་ཆོས་དེ་ལྟ་བུ་གང་ཡང་མི་དམིགས་ཏེ། རྣམ་


DTG084_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དེའང་སྟོང་པ་ཉིད་རྣམས་ཀྱིས་སྟོང་སྟེ། སྟོང་པ་ཉིད་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡོངས་སུ་འདས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ནི་གང་ལགས། སྐྱོན་མ་མཆིས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དམིགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ནོ། །མི་དམིགས་པ་ཐམས་ཅད་ནི་སྐྱོན་མེད་པའོ། །གསོལ་པ། བཅོམ་ལྡན་འདས་དམིགས་པ་ནི་གང་ལགས། མི་དམིགས་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པའོ། །རབ་འབྱོར་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པའོ། །མིག་དང་གཟུགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པའོ། །རྣ་བ་དང༌། སྒྲ་དང༌། སྣ་དང༌། དྲི་དང༌། ལྕེ་དང༌། རོ་དང༌། ལུས་དང༌། རེག་བྱ་དང༌། ཡིད་དང་ཆོས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པའོ། །མིག་གི་རྣམ་པར་ཤེས་པ་དང༌། མིག་གི་འདུས་ཏེ་རེག་པ་དང༌། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་དམིགས་པའོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་དམིགས་པའོ། །སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ནི་དམིགས་པའོ། །མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་ནི་དམིགས་པའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང༌། འཕགས་པའི་བདེན་པ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་


DTG084_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་དམིགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་དམིགས་པ་སྟེ་སྐྱོན་ནོ། །རབ་འབྱོར་སྐྱོན་མེད་པ་ནི་གང་ལ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། འཕགས་པའི་བདེན་པ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང༌། ཆོས་དེ་དག་གིས་བརྗོད་པ་ཡང་དམིགས་སུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཕ་རོལ་ཏུ་


DTG084_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཐམས་ཅད་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །འཕགས་པའི་བདེན་པ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་ལ་རང་བཞིན་མེད་དེ། གང་ལ་རང་བཞི་མེད་པ་དེ་ནི་བརྗོད་དུ་མེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱོན་མེད་པར་ཞུགས་པ། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ་ནི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་དབང་གིས་ཀྱང་མི་སྐྱེ་ན་འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་གིས་སྐྱེ་བར་འགྱུར་ཞིང་དེ་ལ་གནས་ཏེ། དེ་ལ་ལས་མངོན་པར་འདུ་བྱེད་པ་དང༌། ལས་དེ་མངོན་པར་འདུ་བྱས་པས་འགྲོ་བ་ལྔའི་འཁོར་བར་ལྟུང་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །གཞན་དུ་ན་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་གནས་ཤིང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དེ། སེམས་ཅན་ནམ་སྒྱུ་མར་ཡང་དམིགས་པ་མེད་དོ། །དེ་སེམས་ཅན་དང་སྒྱུ་མར་མི་དམིགས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས་ཆོས་ཀྱི་འཁོར་


DTG084_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བསྐོར་བའི་བར་དུ་སྟེ། མི་དམིགས་པའི་འཁོར་ལོ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་འཁོར་ལོ་བསྐོར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཚན་མ་མེད་པར་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའི་མཚན་ཉིད་ཅན་གྱི་སེམས་ཀྱི་སྐད་ཅིག་གིས་མངོན་པར་རྟོགས་པ་སྟེ་གསུམ་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། སྤྲུལ་པ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་མི་མཐོང་ངོ༌། །རྨི་ལམ་མི་མཐོང་བ་མི་མཐོང་ངོ༌། །སྒྲ་བརྙན་མི་ཐོས་སོ། །སྒྲ་བརྙན་ཉན་པ་མི་ཐོས་སོ། །མིག་ཡོར་མི་མཐོང་ངོ༌། །མིག་ཡོར་མཐོང་བ་མི་མཐོང་ངོ༌། །སྒྱུ་མ་མི་མཐོང་ངོ༌། །སྒྱུ་མ་མཐོང་བ་མི་མཐོང་ངོ༌། །སྨིག་རྒྱུ་མི་མཐོང་ངོ༌། །སྨིག་རྒྱུ་མཐོང་བ་མི་མཐོང་ངོ༌། །སྤྲུལ་པ་མི་མཐོང་ངོ༌། །སྤྲུལ་པ་མཐོང་བ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རྨི་ལམ་ནི་ཕྱིན་ཅི་ལོག་གོ །སྒྲ་བརྙན་ནི་ཕྱིན་ཅི་ལོག་གོ །མིག་ཡོར་ནི་ཕྱིན་ཅི་ལོག་གོ །སྒྱུ་མ་ནི་ཕྱིན་ཅི་ལོག་གོ །སྨིག་རྒྱུ་ནི་ཕྱིན་ཅི་ལོག་གོ །སྤྲུལ་པ་ནི་ཕྱིན་ཅི་ལོག་གོ །དགྲ་བཅོམ་པ་ནི་རྨི་ལམ་མི་མཐོང་ངོ༌། །རྨི་ལམ་མཐོང་བ་མི་མཐོང་ངོ༌། །སྒྲ་བརྙན་མི་ཐོས་སོ། །སྒྲ་བརྙན་ཉན་པ་མི་ཐོས་སོ། །མིག་ཡོར་མི་མཐོང་ངོ༌། །མིག་ཡོར་མཐོང་བ་མི་མཐོང་ངོ༌། །སྒྱུ་མ་མི་


DTG084_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ངོ༌། །སྒྱུ་མ་མཐོང་བ་མི་མཐོང་ངོ༌། །སྨིག་རྒྱུ་མི་མཐོང་ངོ༌། །སྨིག་རྒྱུ་མཐོང་བ་མི་མཐོང་ངོ༌། །སྤྲུལ་པ་མི་མཐོང་ངོ༌། །སྤྲུལ་པ་མཐོང་བ་མི་མཐོང་ངོ༌། །རང་སངས་རྒྱས་ཀྱི་བར་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྨི་ལམ་མི་གཟིགས་སོ། །རྨི་ལམ་མཐོང་བ་མི་གཟིགས་སོ། །སྒྲ་བརྙན་མི་གསན་ཏོ། །སྒྲ་བརྙན་ཉན་པ་མི་གཟིགས་སོ། །མིག་ཡོར་མི་གཟིགས་སོ། །མིག་ཡོར་མཐོང་བ་མི་གཟིགས་སོ། །སྒྱུ་མ་མི་གཟིགས་སོ། །སྒྱུ་མ་མཐོང་བ་མི་གཟིགས་སོ། །སྨིག་རྒྱུ་མི་གཟུགས་སོ། །སྨིག་རྒྱུ་མཐོང་བ་མི་གཟིགས་སོ། །སྤྲུལ་པ་མི་གཟིགས་སོ། །སྤྲུལ་པ་མཐོང་བ་མི་གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡང་དག་པ་མ་ཡིན་པས་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། ཡོངས་སུ་མྱ་ངན་ལས་འདས་པ་དང་མཉམ་པ་སྟེ་ཡང་དག་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་མེད་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོའི་འདུ་ཤེས་སམ། ཡོངས་སུ་གྲུབ་པའི་འདུ་ཤེས་སམ། ཡང་དག་པའི་འདུ་ཤེས་སུ་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཆོས་ལ་ལ་ཞིག་གི་ངོ་བོ་ཉིད་དམ། ཡོངས་སུ་གྲུབ་པའམ། ཡང་དག་པར་གྱུར་པ་ཞིག་དམིགས་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ན། གཟུགས་ལ་ཆགས་པ་མེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་ཆགས་པ་མེད་དོ། །ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཆགས་པ་མེད་དོ། །འདོད་པའི་ཁམས་ལ་ཆགས་པ་མེད་དོ། །གཟུགས་ཀྱི་ཁམས་ལ་ཆགས་པ་མེད་དོ། །གཟུགས་མེད་པའི་ཁམས་ལ་ཆགས་པ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མེད་དོ། །ནང་སྟོང་པ་ཉིད་


DTG084_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆགས་པ་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཆགས་པ་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཆགས་པ་མེད་དོ། །འཕགས་པའི་བདེན་པ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་རྣམས་ལ་ཆགས་པ་མེད་དོ། །ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་རྣམས་ལ་ཆག་པ་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཆགས་པ་མེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་ས་དང་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ལ་འདོད་པའི་འདོད་ཆགས་མི་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མི་དམིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེ་བར་ལྟ་ག་ལ་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་ས་གཉིས་པ་དང༌། ས་གསུམ་པ་དང༌། ས་བཞི་པ་དང༌། ས་ལྔ་པ་དང༌། ས་དྲུག་པ་དང༌། ས་བདུན་པ་དང༌། ས་བརྒྱད་པ་དང༌། ས་དགུ་པ་དང༌། ས་བཅུ་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མི་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མི་དམིགས་ན། དེ་ལ་འདོད་པའི་འདོད་ཆགས་བསྐྱེད་པར་ལྟ་ག་ལ་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས་སོ། །དེ་མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཆོས་ཐམས་ཅད་ཀྱང་འདུས་པར་མཐོང་སྟེ། ཆོས་དེ་དག་ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ནི་ཐ་དད་དུ་བྱ་བ་གང་ཡང་མེད་དོ། །ཆོས་ཀྱི་དབྱིངས་སུ་བསྟན་པ་དང༌། དེ་བཞིན་ཉིད་དུ་


DTG084_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དང༌། ཡང་དག་པའི་མཐའ་བསྟན་པས་ཆོས་ཐམས་ཅད་དབྱེར་མེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་དབྱེར་མེད་པ་ལགས་ན་ཇི་ལྟར་དགེ་བ་དང༌། མི་དགེ་བའི་ཆོས་རྣམས་བསྟན་པ་ལགས། ཇི་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་བསྟན་པ་ལགས། ཇི་ལྟར་ཐག་པ་དང་བཅས་པ་དང༌། ཟག་པ་མ་མཆིས་པའི་ཆོས་རྣམས་བསྟན་པ་ལགས། ཇི་ལྟར་འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་རྣམས་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་འདུས་བྱས་སམ། འདུས་མ་བྱས་སམ། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བྱང་ཆུབ་བམ། སེམས་གང་ཡང་བརྗོད་དུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ན་ཁྱོད་ཀྱིས་རྣམ་གྲངས་དེས་འདི་ལྟར་ཆོས་ཐམས་ཅད་དབྱེར་མེད་པ་དང༌། ཆོས་ཐམས་ཅད་མཚན་ཉིད་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པར་རིག་པར་བྱའོ། །རབ་འབྱོར་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། གཟུགས་ཞེས་བྱ་བའམ། ཚོར་བ་ཞེས་བྱ་བའམ། འདུ་ཤེས་ཞེས་བྱ་བའམ། འདུ་བྱེད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བའམ། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའམ། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཞེས་བྱ་བའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ཞེས་བྱ་བའམ། དགེ་བ་དང་མི་དགེ་བའི་ཆོས་རྣམས་ཞེས་བྱ་བའམ། ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་རྣམས་ཞེས་བྱ་བའམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུ་དང༌།


DTG084_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པ་ཉིད་ཅེས་བྱ་བའམ། རང་བྱང་ཆུབ་ཅེས་བྱ་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཞེས་བྱ་བའི་ཆོས་གང་གི་རང་བཞིན་ཡང་མི་དམིགས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པ་ནི། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཅི་ནས་ཀྱང་འདུལ་བར་གྱུར་ནས་སྲིད་པ་གསུམ་ན་མི་སྣང་བ་དེ་ལྟར་རྣམ་པར་བཏུལ་ལོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་གཉིས་སུ་མེད་པ་ཉིད་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པའི་མཚན་ཉིད་ཅན་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་སྟེ་བཞི་པའོ། །འདི་དག་གིས་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་གསུངས་པ་ཡིན་ནོ། །འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའི་དབང་དུ་བྱས་པ་བསླབ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། །།


previousབདུན་པ། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའི་དབང་དུ་བྱས་པ་བསླབ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ལེའུ། next