Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་ལྔ་པ།


  collapse section
   
  collapse section
   
སྐབས་དང་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྗོད་པ།
   
   
   
   
   
   
   


 
previousསྐབས་དང་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྗོད་པ། next

སྐབས་དང་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྗོད་པ།


DTG085_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཚིག་དོན་ལ་སོགས་པ་བཤད་པས་མདོའི་དོན་བརྗོད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ནི་ཚིག་ཉེ་བར་དགོད་པའོ། །ལྷ་དང་བཅས་པའི་འཇིག་རྟེན་ན་མཆོད་པ་ལ་སོགས་པས་གཙོ་བོར་གྱུར་པའི་ཕྱིར་གནས་བརྟན་ནོ། །ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་ནང་ན་མཛེས་ཤིང་མཆོག་ཏུ་གྱུར་པ་དང༌། འབྱོར་པ་སེམས་ཀྱིས་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ནི་རབ་འབྱོར་རོ། །འདི་ན་ལ་ལར་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའི་མཛད་པའི་བདག་ཉིད་ཅན་ཕྱག་ལ་སོགས་པས་བྱིན་གྱིས་རློབ་སྟེ། དཔེར་ན་ས་བཅུ་པ་ལ་སོགས་པའི་མདོ་སྟོན་པར་མཛད་པ་ལྟ་བུའོ། །ལ་ལར་ནི་གསུང་གི་བྱིན་གྱིས་རློབ་སྟེ། དཔེར་ན་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལ་སོགས་པ་ལྟ་བུའོ། །ལ་ལར་ནི་ཐུགས་ཀྱིས་བྱིན་གྱིས་རློབ་སྟེ། དཔེར་ན་ཀུན་ཏུ་བཟང་པོའི་སྤྱོད་པ་སྟོན་པའི་མདོ་ལ་སོགས་པ་ལྟ་བུའོ། །དེས་ན་འཕགས་པ་རབ་འབྱོར་ལ་ལྷག་པར་མོས་པ་རྣམས་རྗེས་སུ་བཟུང་བ་དང༌། ཡོངས་སུ་གཏང་གཏད་བ་དག་གིས་ཡང་དག་པར་ཡོངས་སུ་བཟུང་བ་ལ་སོགས་པའི་རིམ་གྱིས་ཐེག་པ་ཆེན་པོར་བརྟུལ་བ་ལས་རང་གི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་རམ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པའི་མཐུ་ནི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་མི་ནུས་པ་ཡང་སྟོན་ཏོ་ཞེས་མཐུ་ཡང་དག་པར་མཐོང་བའི་གདུལ་བྱ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་བཤད་པ་ལ་ངག་བྱིན་གྱིས་རློབ་པའི་སྒོ་ནས། འཕགས་པ་རབ་འབྱོར་ཡིད་གཞན་དུ་ཡེངས་བ་དེ་ལ་མངོན་དུ་ཕྱོགས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། བོས་པར་གྱུར་པའོ། །ཇི་ལྟར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ཁྱོད་སྤོབས་པར་གྱིས་ཤིག་ཅེས་བྱ་བ་གསུངས་ཏེ། ཆོས་སྟོན་པའི་སྐབས་ཡིན་པས། ཡོད་པ་ཉིད་ཡིན་དུ་ཟིན་ཀྱང༌། ཀྱེ་རབ་འབྱོར་དེང་ཁྱོད་ཀྱི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཁྱད་པར་དུ་འཕགས་པ་རྣམ་པ་ཐམས་ཅད་མངོན་དུ་གྱིས་ཤིག་ཅེས་པའོ། །བྱང་ཆུབ་ཅེས་བྱ་བ་


DTG085_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ལ་མ་ཆགས་པ་རང་གི་དོན་ཕུན་སུམ་ཚོགས་པ་ལ་སེམས་དཔའ་སྟེ། བསམ་པ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་པའོ། །ཉན་ཐོས་ཀྱང་དེ་ལྟར་འགྱུར་རོ་ཞེ་ན། སེམས་དཔའ་ཆེན་པོ་ཞེས་གསུངས་ཏེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཆེན་པོ་ལ་སེམས་དཔའ་གང་ལ་ཡོད་པ་དེ་དག་ནི་སེམས་དཔའ་ཆེན་པོའོ། །གཞན་དུ་འགྱུར་བའི་ཆེན་པོ་ཉིད་ནི་མུ་སྟེགས་པའི་སྐྱེ་བོ་དམ་པ་ལ་ཡང་ཡོད་པས་བྱང་ཆུབ་སེམས་དཔའ་ཞེས་སྨོས་པ་ཡིན་ནོ། །དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ཞེས་བྱ་བ་ཡིན་ནོ། །སྐལ་པ་གྲངས་མེད་པ་དང་པོ་ངེས་པར་འབྱུང་ཞིང་མོས་པས་སྤྱོད་པ་རྣམ་པར་འཕེལ་བ་བསོད་ནམས་ཀྱི་ཚོགས་བསགས་པའི་བྱང་ཆུབ་སེམས་དཔས་ས་ཕྱོགས་གཙང་མར་སྐྱིལ་མོ་ཀྲུང་བཅས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པ་སྔོན་དུ་འགྲོ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཆོས་ཐམས་ཅད་བདག་མེད་པར་སྟོན་པར་བྱེད་པ་ལ་རྩ་བའི་སེམས་ཀྱིས་མིང་གི་སྒོ་ནས་ཡང་དག་པར་དམིགས་ལ། རྗེས་སུ་དཔྱད་པའི་སེམས་ཀྱིས་དེ་ཉིད་ཀྱི་ཚིག་གི་རབ་ཏུ་དབྱེ་བ་ལེའུ་ལ་སོགས་པའི་བྱེ་བྲག་གིས་བརྟག་པར་བྱའོ། དེ་ནས་བགྲང་བས་མངོན་པར་རྟོགས་པ་བརྒྱད་ཀྱི་གནས་སྐབས་ཀྱི་དབྱེ་བས་གྲངས་གཟུང་བའི་ཕྱིར་དང༌། གཞལ་བས་མངོན་པར་རྟོགས་པ་སོ་སོའི་རང་བཞིན་ངེས་པའི་ཕྱིར་དང༌། རྟོག་པས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་མེད་པའི་ཕྱིར་དང༌། ངེས་པར་རྟོག་པས་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་འཐད་པར་བྱས་པ་ཉིད་ཀྱི་ཕྱིར་ཏེ། དེ་ལྟར་རྣམ་པ་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་དང༌། སོ་སོ་བ་དང༌། བསྡུས་པ་གོ་རིམས་བཞིན་དུ་དོན་མེད་པ་དང་དོན་དང་བཅས་པ་ཡིན་ནོ་ཞེས་བྱ་བས་ཡི་གེ་ལ་སྟེ། རྣམ་པ་འདི་དག་གིས་རྣམ་པར་དཔྱོད་བའི་སེམས་ཀྱིས་དཔྱད་པར་བྱའོ། །དེའི་འོག་ཏུ་ཇི་ལྟར་རྣམ་པར་དཔྱད་པའི་མཚན་མ་ངེ་ངེས་པར་འཛིན་པའི་སེམས་ཀྱིས་བཟུང་ལ། ཇི་ལྟར་བརྟགས་པའི་དོན་ཉིད་མིང་ལ་དམིགས་པར་བྱེད་པའི་རྩ་བའི་སེམས་ཉིད་དུ་སྡོམ་པའི་སེམས་ཉིད་ཀྱིས་བཅུག་ལ། དོན་གང་ལ་རབ་ཏུ་སྦྱོར་བར་འགྱུར་བ་


DTG085_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདུན་པ་དང་ལྷན་ཅིག་པའི་རེ་བའི་སེམས་ཀྱིས་བསྒོམ་པར་བྱའོ། །དེ་ལྟར་ན་དང་པོ་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་ཅན་གྱི་ཤེས་པ་སྐྱེ་བའི་རིམ་གྱིས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པའི་ཕྱིར། ཕ་རོལ་ཏེ་རབ་ཀྱི་མཐར་འགྲོ་བ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། །དེ་ཡང་ཤེས་རབ་ཅེས་བྱ་བ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། དེ་འཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ན་ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང༌། མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཏགས་པའོ། །དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས། ཤེས་རབ་ཕ་རོལ་ཏུ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། བསྒྲུབ་བྱ་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་དེ་དང་འབྲེལ་པ་གཟུགས་བརྙན་དང་བྲལ་པ་རྣམ་པ་གསུམ་ཀ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ་ཞེས་བྱ་བར་བཟུང་བ་ཡིན་ཏེ། གཙོ་བོ་ལས་དབང་དུ་བྱས་པས་སོ། །དེ་རྣམས་ཉིད་ཀྱི་ནི་མ་ཡིན་ཏེ། འདི་མེད་ན་མི་འབྱུང་བས་བྱང་ཆུབ་གསུམ་ཀའི་དབང་དུ་བྱས་པའི་ཕྱིར་རོ། །ད་ཡང་འདི་ཉིད་ལས་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ཡིན་ནོ། །སྐྱེས་བུའི་དོན་མཆོག་གི་རྣམ་པ་ཐམས་ཅད་དང་ལྡན་པ་རྟོགས་པའི་ཚུལ་བསྟན་པར་བྱ་བ་ཡིན་པའི་ཕྱིར་དང༌། དེ་ལ་ཡང་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ས་བོན་དུ་གྱུར་པའོ། །དེ་ཉིད་ནི་འབྲས་བུར་གྱུར་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་ནོ་ཞེས་འཕགས་པ་སྡོང་པོ་བཀོད་པ་ལས་བསྟན་པའི་ཕྱིར་ན། ཇི་ལྟར་ཏེ་གང་གིས་གཞན་གྱི་དོན་ལ་དམིགས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་དབྱེ་བ་ཉི་ཤུ་རྩ་གཉིས་སུ་ཕྱེ་བའི་བྱང་ཆུབ་ཀྱི་སེམས་རྟོགས་པའི་བྱེ་བྲག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་


DTG085_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་གསུམ་ཆར་ལ་ཡང་ངེས་པར་འབྱུང་བར་འགྱུར་ཞིང༌། ངེས་པར་ཐོབ་པར་འགྱུར་བ་ཞེས་བྱ་བ་ནི་སེམས་བསྐྱེད་པ་དམིགས་པ་དང་བཅས་པའི་རང་གི་ངོ་བོ་དང་རབ་ཏུ་དབྱེ་བ་ཡིན་ལ། དེའི་དབྱེ་བ་ཉིད་ནི་མདོའི་དོན་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱིས་རབ་འབྱོར་ལ་བཀའ་སྩལ་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་སྟོན་པར་མཛད་པ་ཡིན་ནོ། །འདིར་ངག་གི་དོན་མདོར་བསྡུས་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པའི་བྱེ་བྲག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ཆར་ཡང་ཇི་ལྟར་རིགས་པའི་ཐོས་པ་ལ་སོགས་པའི་ཤེས་པ་བསྐྱེད་པའི་རིམ་གྱིས། ཡང་དག་པར་ཐོབ་བར་འགྱུར་བ་དེ་བཞིན་དུ་དེ་རྣམས་དང་འབྲེལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བརྩམས་ཏེ། རྒྱས་པར་བསྟན་པའི་ཕྱིར། རབ་འབྱོར་སོ་སོ་ཡང་དག་པར་རིག་པ་བཞི་མངོན་དུ་གྱིས་ཤིག་ཅེས་དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ་ཞེས་བྱ་བ་ཡིན་ནོ། །རྒྱ་ཆེར་ནི། དེ་ལ་དང་པོར་རིགས་ནུས་པས། །སྙིང་རྗེའི་ས་བོན་རབ་སད་ཅིང༌། །སྦྱོར་དང་བསམ་པ་ཕུན་ཚོགས་པས། །བྱང་ཆུབ་སེམས་ནི་ཡོངས་སུ་བཟུང༌། །ཞེས་བྱ་བའི་ཚུལ་གྱིས་རིགས་ལ་སོགས་པའི་ནུས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་ལ་སོགས་པས། སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ནས་སྐལ་པ་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་དུ་ཐེག་གསུམ་གྱིས་ཆོས་བསྟན་པ་ལ་སོགས་པས་འབད་པར་བྱའོ་ཞེས་སྨོན་པར་བྱས་ནས། སྒྲུབ་པ་ཕུན་སུམ་ཚོགས་པས་རྫོགས་པར་བྱའོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་དམིགས་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་རྒྱུ་དང་འབྲས་བུར་བཅས་པ་ཡིན་ཏེ། འགོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་བཞིན། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་བྱ་བས་སྨོན་པ་དང་འཇུག་པའི་ངོ་བོ་ཉིད་ཀྱིས་སེམས་བསྐྱེད་པ་


DTG085_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཉིས་སོ། །སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་བཤད་པས་སེམས་པ་དང་མཚུངས་པར་ལྡན་པའི་སེམས་ཡུལ་ཁྱད་པར་ཅན་དུ་སྣང་བ་སྐྱེ་བ་སེམས་བསྐྱེད་པ་མ་ཡིན་ནམ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་དེ་དོན་དུ་གཉེར་བ་དགེ་བའི་ཆོས་ལ་འདུན་པའི་སེམས་ལས་བྱུང་བ་ཡིན་པའི་ཕྱིར་ཇི་ལྟར་ན་དེ་སེམས་བསྐྱེད་པ་ཡིན་པར་འགྱུར་ཞེ་ན། དེ་ནི་བདེན་མོད་ཀྱི། འོན་ཀྱང་འགྲོ་བ་མགོན་མེད་པ་སྡུག་བསྔལ་གྱི་རྒྱ་མཚོར་ནུབ་པ་ལ་མངོན་པར་བལྟས་ནས། དེ་གདོན་པའི་བསམ་པའི་དགེ་བས་ཆོས་ལ་འདུན་པའི་མཚན་ཉིད་ཅན་གྱི་དོན་དུ་གཉེར་བ་ཡོད་ན། འཚང་རྒྱ་བ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་པས་འདིར་རྒྱུས་འབྲས་བུ་བསྟན་པ་ཡིན་ནོ། །དེ་ལྟར་འདུན་ཅིང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་ཐམས་ཅད་རྣམ་པར་འཕེལ་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཕྱིར་ཉེ་བར་གདགས་པ་ལ་བརྟེན་པ་ཡང་ཡིན་པས་ཉེས་པ་མེད་དོ། །ཡང་ན་སྨོན་ལམ་ནི་དོན་དུ་གཉེར་བ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཡིན་ལ། དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་ནི་དེའི་སྒྲར་བསྟན་ཏེ། དོན་དུ་གཉེར་བ་གཙོ་བོར་གྱུར་པ་ནི་སེམས་བསྐྱེད་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་སྨོན་ལམ་དང་ལྡན་པའི་སེམས་དེ་སྐྱེའོ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །དེ་ནས་གང་འདོད་པའི་བདག་ཉིད་དང༌། གང་གི་དོན་དུ་སེམས་བསྐྱེད་པ་ཡང་དག། པར་རྫོགས་པའི་བྱང་ཆུབ་དེ་དང༌། གཞན་གྱི་དོན་དེ་གང་ཞིག་ཡིན་ཞེ་ན། འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་མདོར་བསྟན་པ་ནི། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩན་པར་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་འདིའི་རྒྱས་པར་བསྟན་པ་ནི་འདི་ཡིན་ཏེ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གནས་པའི་


DTG085_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏི། སྦྱིན་པ་པོ་དང་སྦྱིན་པར་བྱ་བ་དང་ལེན་པ་པོ་མི་དམིགས་པའི་ཕྱིར་ཡོངས་སུ་བཏང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་གཞན་གྱི་དོན་བསྡུས་ཏེ་བསྟན་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཞིག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །དེའི་རྒྱས་པར་བསྟན་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་སེར་སྣ་ཅན་རྣམས་ནི་སྦྱིན་པ་ལ། ཚུལ་ཁྲིམས་འཆལ་པ་རྣམས་ནི་ཚུལ་ཁྲིམས་ལ། གནོད་སེམས་མང་བ་རྣམས་ནི་བཟོད་པ་ལ་རབ་ཏུ་དགོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་སྐད་དུ་ཡང༌། སེམས་བསྐྱེད་བ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་དེའི་རབ་ཏུ་དབྱེ་བ་ནི་འདི་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་འདུན་པ་དང་ལྡན་པ་ནི་ས་དང་འདྲ་སྟེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚོགས་རབ་ཏུ་བསྐྱེད་པའི་གཞིར་གྱུར་པའི་ཕྱིར་རོ། །གཉིས་པ་བསམ་པ་དང་ལྡན་པ་ནི་གསེར་བཟང་པོ་ལྟ་བུ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྟན་པའི་ཚེ་འདི་དང་ཕྱི་མ་དག་ལ་ཕན་པ་དང་བདེ་བའི་བསམ་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འགྱུར་བ་མེད་པའི་ཕྱིར་ཏེ། གནས་པས་ན་བསམ་པ་ཞེས་བྱ་བའི་ཚུལ་གྱིས་སོ། །གསུམ་པ་ལྷག་པའི་བསམ་པ་དང་ལྡན་པ་ནི་དཀར་པོའི་ཕྱོགས་ཀྱི་ཟླ་བ་ཚེས་པ་ལྟ་བུ་ཡིན་ཏེ། དགེ་བའི་ཚེས་ཐམས་ཅད་གོང་ནས་གོང་དུ་རྣམ་པར་འཕེལ་བར་འགྱུར་བའི་ཕྱིར་ཏེ། ལྷག་པའི་བསམ་པ་ཞེས་བྱ་བའི་ཚུལ་


DTG085_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སོ། །གསུམ་པོ་འདི་དག་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་ལས་དང་པོ་པ་ཚོགས་ཀྱི་སས་བསྡུས་པ་ཡིན་ནོ། །བཞི་པ་སྦྱོར་བ་དང་ལྡན་པ་ནི་མེ་ལྟ་བུ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་ནི་ཤིང་གཞན་གྱིས་མེ་ཁྱད་པར་དུ་འགྱུར་བ་དང་འདྲ་བར་གོང་ནས་གོང་དུ་འགྲོ་བའི་ཕྱིར་ཏེ་མཆོག་ཏུ་གྱུར་པའི་སྦྱོར་བ་ཡིན་པའི་ཕྱིར་རབ་ཏུ་སྦྱོར་བ་ཞེས་བྱ་བའི་ཚུལ་གྱིས་སོ། །འདི་ནི་ས་དང་པོ་ལ་འཇུག་པའི་སྦྱོར་བའི་ལམ་གྱིས་བསྡུས་པ་མོས་པས་སྤྱོད་པའི་ས་དང་འབྲེལ་པ་ཡིན་ནོ། །ལྔ་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་གཏེར་ཆེན་པོ་དང་འདྲ་སྟེ། ཟད་ཟིང་གི་ལོངས་སྤྱོད་ཀྱིས་རྣམ་པ་ཐམས་ཅད་དུ་ཚད་མེད་པའི་སེམས་ཅན་རྣམས་ཡང་དག་པར་ཚིམ་པར་བྱེད་ཀྱང་མཐར་ཐུག་པ་མེད་པའི་ཕྱིར་རོ། །དྲུག་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་གནས་དང་དྲ་སྟེ། རྟེན་གྱི་ངོ་བོ་ཉིད་ཀྱིས་ཡོན་ཏན་རིན་པོ་ཆེ་ཐམས་ཅད་དེ་ལས་སྐྱེ་བ་ཡིན་པའི་ཕྱིར་རོ། །བདུན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྒྱ་མཚོ་ཆེན་པོ་དང་འདྲ་སྟེ། མི་འདོད་པ་ཐོག་ཏུ་བབ་པ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ། །བརྒྱད་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྡོ་རྗེ་ལྟ་བུ་སྟེ། ཡིད་ཆེས་པ་བརྟན་པས་མི་ཕྱེད་པའི་ཕྱིར་རོ། །དགུ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིའི་རྒྱལ་པོ་ལྟ་བུ་སྟེ། དམིགས་པའི་རྣམ་པར་གཡེང་བས་རྣམ་པ་ཐམས་ཅད་དུ་བསྐྱོད་པར་མི་ནུས་པའི་ཕྱིར་རོ། །བཅུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་སྨན་ཆེན་པོ་ལྟ་བུ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །བཅུ་གཅིག་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་ལྟ་བུ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །བཅུ་གཉིས་པ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའི་ཕྱིར་རོ། །བཅུ་གསུམ་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་ཉི་མ་ལྟ་བུ་སྟེ། གདུལ་བྱའི་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བཅུ་བཞི་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་ཀླུ་སྙན་པ་སྒྲོགས་པ་དང་འདྲ་སྟེ། གདུལ་བྱ་འདུན་པར་


DTG085_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཆོས་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ། །བཅུ་པོ་འདི་དག་ནི་གོ་རིམས་བཞིན་དུ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུས་བསྡུས་ཏེ། མཐོང་བ་དང་བསྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །བཅོ་ལྔ་བ་མངོན་པར་ཤེས་པ་དང་ལྡན་པ་ནི་རྒྱལ་པོ་ཆེན་པོ་ལྟ་བུ་ཡིན་ཏེ། མཐུ་ཐོགས་པ་མེད་པར་གཞན་གྱི་དོན་སྒྲུབ་པ་ཡིན་པའི་ཕྱིར་རོ། །བཅུ་དྲུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་བང་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ལྟ་བུ་ཡིན་པའི་ཕྱིར་རོ། །བཅུ་བདུན་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པ་ནི་ལམ་ཆེན་པོ་ལྟ་བུ་སྟེ། འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་ཡིན་པའི་ཕྱིར་རོ། །བཅོ་བརྒྱད་པ་ཞིག་ནས་དང་ལྷག་མཐོང་དང་ལྡན་པ་ནི་བཞོན་པ་ལྟ་བུ་སྟེ། ཟུང་འཇུག་ཏུ་འགྲོ་བས་ན་འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ཡང་མི་ལྷུང་བས་བདེ་བླག་ཏུ་འགྲོ་བའི་ཕྱིར་རོ། །བཅུ་དགུ་བ་གཟུངས་དང་སྤོབས་པ་ལྡན་པ་ནི་བཀོད་མའི་ཆུ་དང་འདྲ་སྟེ། རྣམ་པ་ཐམས་ཅད་དུ་ཆུ་འཛིན་པར་བྱེད་ཅིང་མི་ཟད་པར་འབྱིན་པ་དང་འདྲ་བར་ཐོས་པ་དང་མ་ཐོས་པའི་ཆོས་འཛིན་པ་དང་བསྟན་པ་མཐར་ཐུག་པ་མེད་པར་འབྱིན་པའི་ཕྱིར་རོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ས་ལས་ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཡིན་ནོ། །ཉི་ཤུ་པ་ཆོས་ཀྱི་དགའ་སྟོན་དང་ལྡན་པ་ནི་སྒྲ་སྙན་པ་ལྟ་བུ་སྟེ། ཐར་བ་འདོད་པའི་གདུལ་བྱ་རྣམས་ལ་སྙན་པར་སྒྲོགས་པའི་ཕྱིར་རོ། །འདི་ནི་བྱང་ཆུབ་སེམས་དཔའི་ས་དང་འབྲེལ་པ་སངས་རྒྱས་ཀྱི་ས་ལ་འཇུག་པའི་སྦྱོར་པའི་ལམ་གྱིས་བསྡུས་པ་ཡིན་ནོ། །ཉི་ཤུ་རྩ་གཅིག་པ་བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི་ཆུ་བོའི་རྒྱུན་དང་འདྲ་སྟེ། ཤེས་པ་དང་ཤེས་པར་བྱ་བ་མཉམ་པ་ཉིད་དུ་རྟོགས་པས་སྙིང་རྗེ་ཆེན་པོ་དང་ཐབས་དང་ཤེས་རབ་ཀྱི་རྒྱུན་མི་འཆད་བར་གཞན་གྱི་དོན་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་སངས་རྒྱས་ཀྱི་སས་བསྡུས་པའི་དངོས་གཞིའི་གནས་སྐབས་ཐོབ་པ་ཡིན་ནོ། །ཉི་ཤུ་རྩ་གཉིས་པ་ཆོས་ཀྱི་སྐུ་དང་ལྡན་པ་ནི་སྤྲིན་ཆེན་པོ་ལྟ་བུ་སྟེ། སྤྲུལ་བའི་སྐུས་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་


DTG085_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པས་སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་དེ་ལ་རག་ལུས་པའི་ཕྱིར་རོ། །འདི་ཡང་དེ་བཞིན་གཤེགས་པ་རྣམ་པར་མི་རྟོག་པའི་བདག་པོ་ལས་ཞུས་པས་འདུལ་བྱས་ཡོངས་སུ་བརྟགས་པའི་སྤྲུལ་པ་ལ་སོགས་པ་དམིགས་པ་ཡིན་པའི་ཕྱིར། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པའི་སངས་རྒྱས་ཀྱིས་ས་བསྡུས་པ་ཡིན་ནོ། །དེ་ལྟར་ན་ལས་དང་པོ་པའི་ས་ནས་བརྩམས་ཏེ། སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ། །དེ་བས་ན་དོན་རྟོགས་པའི་གོ་རིམས་ཀྱིས་ཇི་སྐད་དུ་བཤད་པའི་གོ་རིམས་དང་རབ་ཏུ་དབྱེ་པ་འདི་དག་ཉིད་ཡིན་གྱི་ལྷག་པ་ཡང་མ་ཡིན་མཚང་བ་ཡང་མ་ཡིན། གོ་རིམས་གཞན་དུ་བསྟན་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བསྟན་པར་གྱུར་པ་ཡིན་ནོ། །དེ་ལྟར་རིམ་གྱིས་སེམས་བསྐྱེད་པའི་དབྱེ་བ་ཉི་ཤུ་རྩ་གཉིས་སུ་ཕྱེ་བ་རྟོག་པའི་སྒོ་ནས་ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་ཀ་ལ་ཞེས་བྱ་བ་ལ་སོགས་བ་སྔ་མ་བཞིན་དུ་སྦྱར་རོ། །དེ་སྐད་དུ་ཡང༌། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་བ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་པོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་པ་ཡིན་ནོ། །འདི་ནི་ངེས་པར་སོ་སོའི་སྐྱེ་བོའི་བྱང་ཆུབ་སེམས་དཔའ་ནས། དེ་བཞིན་གཤེགས་པའི་སའི་བར་དུ་དབྱེ་བས་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་དབྱེ་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཡང་མདོ་སྡེའི་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །དེ་ཡི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཞེས་བཤད་པས་རྒྱུ་དང་འབྲས་བུ་ལ་དམིགས་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་ཉིད་བསྐྱེད་པར་བྱ་བ་ཡིན་པར་བཤད་དོ། །དེའི་རབ་ཏུ་དབྱེ་བ་བྱེད་ན་ཡང་དེ་བཞིན་དུ་བྱ་བ་ཡིན་ཏེ། གཞན་དུ་ན་རྒྱུའི་རབ་ཏུ་དབྱེ་བ་ཙམ་གྱིས་ན་དེའི་དབྱེ་བ་རྣམ་པ་ཐམས་ཅད་བྱས་པར་མི་འགྱུར་པས་ན་དབྱེ་བ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །ཞེས་པ་ནི་ཁ་


DTG085_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གིའོ། །གཞན་དག་ནི་རྒྱལ་པོ་ཆེན་པོ་དང་འདྲ་བ་ལ་སོགས་པ་སེམས་བརྒྱད་པོ་ཉིད་བྱང་ཆུབ་སེམས་དཔའི་ས་ལས་ཁྱད་པར་ཅན་གྱི་ལམ་གྱིས་བསྡུས་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་དབྱེ་བ་རྣམ་པ་ཐམས་ཅད་དུ་སྟོན་པའི་གཞུང་ནི་སྟོང་ཕྲག་ཉི་ཤུ་ལྔ་བ་ལས་བསྟན་པ་ཡིན་པས་འདིར་ནི་གཞུངས་མངས་ཀྱིས་དོགས་ནས་ཤེས་བྱེད་ཉིད་དུ་མ་བྲིས་སོ། །དེ་ལྟར་བྱས་ན་འདིར་ནི་མགོ་སྨོས་པ་ཙམ་གྱིས་གོ་བ་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་བཟུང་བའི་ཕྱིར་སྟོན་པར་བྱ་བ་ལ་ཞུགས་པ་ཡིན་བས་མ་གསུངས་པ་ཡིན་ནོ།། ཇི་ལྟར་དུ་བཤད་པའི་དོན་གྱི་དབྱེ་བ་ནི་ངེས་པ་ཁོ་ནར་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། གང་གི་ཕྱིར་མདོ་སྡེ་རིན་པོ་ཆེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་བའི་དོན་ཉེ་བར་བསྡུ་པ་ལ་འཇུག་པ་ཡིན་ནོ་ཞེས་སྔར་བཤད་པ་ཁོ་ནའོ། །དེ་སྐད་དུ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས། །དེ་ལྟར་ཇི་སྐད་བཤད་རྣམས་ཀྱིས། །བརྒྱད་སྟོང་འདི་དོན་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་འདོད་དེ། །དོན་ནི་ཇི་སྐད་གསུངས་དེ་ཉིད། །ཅེས་བཤད་པ་ཡིན་ནོ། །རྣམ་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བདག་ཉིད་ནུས་པ་མེད་པ་ལྟར། །ཤེས་བྱའི་སྒྲིབ་པ་མ་སྤངས་པ་ཉིད་ཀྱིས་འཕགས་པ་རབ་འབྱོར་ཡང་ནུས་པ་མེད་པར་དོགས་པས་འཕགས་པ་ཤཱ་རིའི་བུས་བསྐུལ་བ་ཙམ་རྟོགས་པས་དེའི་བྱིན་གྱིས་བརླབས་ཀྱི་མཐུ་མ་རིག་ནས་རྟོགས་པར་བྱེད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །འདི་སྙམ་དུ་ཞེས་བྱ་བ་ནི་འོག་ནས་བཤད་པའི་རྟོག་པ་སྐྱེས་པའོ། །དེ་ཉིད་བརྗོད་པ་ནི་ཅི་ཞེས་བྱ་བ་ལ་སོགས་པའོ། །ཅི་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟོག་པའོ། །བདག་ཉིད་ཀྱིས་ནི་རང་དང་འབྲེལ་པར་འཇུག་པའིའོ། །དེའི་ཡུལ་དེ་ལ་དེའི་གཞན་གྱིས་བྱས་པའི་བདག་ཉིད་ཀྱིས་མ་ཡིན་གྱི། འོན་ཀྱང་རང་གི་སྟེ་རང་ཉིད་ཀྱིས་བྱས་པའིའོ། །ཤེས་རབ་ནི་ཆོས་རྣམ་པར་འབྱེད་པའི་མཚན་ཉིད་དོ། །སྤོབས་པ་ནི་རིགས་པ་དང་གྲོལ་པར་སྨྲ་བའོ། །དེ་གཉིས་ཀྱི་སྟོབས་ནི་ཐོགས་པ་མེད་པའི་ནུས་པའོ། །བསྐྱེད་


DTG085_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྔོན་མེད་པ་བྱས་པས་སོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་བརྗོད་པ་ནི་རང་གི་ཞེས་བྱ་བ་སྟེ། འདིར་ཡང་བདག་ཉིད་ཀྱི་ཞེས་བྱ་བ་བལྟ་བར་བྱའོ། །ཤེས་རབ་ཀྱི་སྤོབས་པའི་སྟོབས་གནས་པ་ལ། བྱིན་གྱི་རླབས་ཀྱིས་ཁྱད་པར་དུ་བྱས་པས་སྟོན་པར་འགྱུར་བའོ། །འོན་ཏེ་ཞེས་བྱ་བའི་སྒྲ་ནི་ཕྱོགས་གཞན་སྟོན་པར་བྱེད་པའི་དོན་ཏོ་འོན་ཏེ་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི། འདི་སྙམ་དུ་སེམས་པ་ཡིན་ཏེ། ཐབས་ཀྱི་ཁྱད་པར་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས། བརྒྱ་ལ་འདིས་སྔོན་མེད་པའི་ཡེ་ཤེས་ཞིག་རྟོགས་པར་གྱུར་ཏམ། ཡང་ན་སྔར་ཡོད་པ་ཕུལ་དུ་བྱུང་པར་བྱས་སམ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཐོབ་པར་གྱུར། གཞན་དུ་ན་བདག་དང་འདྲ་བ་འཕགས་པ་རབ་འབྱོར་གྱིས་ཀྱང་ནུས་པ་མ་ཡིན་ནོ། །ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཉིད་ཀྱིས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་སྟོན་པ་ཡིན་ནོ་ཞེས་ཀྱང་སྨྲ་པར་ནུས་པ་མ་ཡིན་ཏེ། བདག་ཀྱང་ཤེས་རབ་དང་ལྡན་པའི་མཆོག་ཉིད་ཡིན་པའི་ཁྱད་པར་ཡོད་པས་སྨྲ་པར་ནུས་པ་ཉིད་དུ་འགྱུར་རོ། །ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གྱི་བྱ་བ་ནི་སྟོན་པ་ལ་ཡོད་པ་མ་ཡིན་ནོ་ཞེས་བསམས་པ་འཕགས་པ་ཤཱ་རིའི་བུའི་བསམ་པའོ། །ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་སྲིད་པ་ཡིན་ཡང༌། དབང་པོ་རྟུལ་པོ་ཉིད་ཀྱིས་ན་སྔོན་མེད་པའི་ཡེ་ཤེས་ལ་སོགས་པ་འཕྲལ་དུ་སྐྱེད་པར་མི་ནུས་ཏེ། དེས་ན་རྣམ་པར་རྟོག་པ་ཕྱི་མ་ཉིད་སྟོན་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉན་ཐོས་རྣམས་ཀྱི་སེམས་གཏད་ན་གཞན་གྱི་སེམས་ཤེས་ཀྱི། གཞན་དུ་མ་ཡིན་པས་སངས་རྒྱས་ཀྱི་མཐུས་ཞེས་བྱ་བའི་ཚིག་གིས་སེམས་མ་གཏང་བར་ཤེས་པར་བརྗོད་པ་ཡིན་ནོ། །དེ་ལྟ་བུའི་ཚུལ་ནི་ཇི་སྐད་དུ་བཤད་པའི་རྣམ་པར་རྟོག་པ་གསུམ་གྱི་རང་བཞིན་ཏེ། སེམས་སམ་ཡང་ན་ཤེས་རབ་ལ་བརྟེན་ནས་ཡོངས་སུ་ཚོལ་བའི་ཡིད་ཀྱི་བརྗོད་པའོ། །དེ་ཡང་སེམས་རྩིང་བ་ཡིན་པའི་ཕྱིར་རྟོག་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་བརྗོད་མ་ཐག་པའོ། །ཀུན་རྫོབ་ཏུ་དེའི་རྗེས་སུ་བྱེད་པའི་སེམས་ཀྱིས་ཤེས་ནས་འཆད་པར་འགྱུར་པ་འདི་སྐད་ཅེས་སྨྲས་སོ། །སྨྲས་པ་དེ་ཉིད་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་


DTG085_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པའོ། །གང་ཅི་ཞེས་བྱ་བ་ནི། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང༌། །ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟར་བྱུང་དང་གླེང་གཞི་དང༌། །ཤིན་ཏུ་རྒྱས་པ་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་སྨོས་ཏེ། །དེ་ལྟར་ཡན་ལག་བཅུ་གཉིས་གསུང༌། །ཞེས་བྱ་བའོ། །དེ་ལ་སྨྲ་པ་ཞེས་བྱ་བ་ནི་ཐོས་པའི་རང་བཞིན་གྱི་ཤེས་པ་སྐྱེས་པ་ལས། ཡོངས་སུ་གྲོལ་པར་བྱ་བའི་དོན་དུ་གང་གིས་འདོན་པར་བྱེད་པའོ། །སྟོན་པ་ནི་བསམ་པའི་རང་བཞིན་གྱི་ཤེས་པ་སྐྱེས་པ་ལས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་གང་གིས་དོན་འཆད་པར་བྱེད་པའོ། །ཉེ་བར་སྟོན་པ་ནི་སྒོམ་པའི་རང་བཞིན་གྱི་ཤེས་བ་སྐྱེ་ལ། ཡོངས་སུ་གྲོལ་པར་བྱ་བའི་དོན་དུ་གང་གིས་གཞུང་དང་དོན་ལ་ངེས་པ་སྐྱེས་པས་རབ་ཏུ་སྟོན་པར་བྱེད་པའོ། །དེས་ན་དེ་ལྟར་བརྗོད་པ་དང་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་ནི་གོ་རིམས་བཞིན་དུ་སྨྲ་བ་དང་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །སྐྱེས་བུའི་མཐུ་ནི་བྱིན་གྱིས་བརླབས་ཏེ། དེའི་རྒྱུ་ཅན་ཡིན་པའི་ཕྱིར་སྨྲ་བ་ལ་སོགས་པ་དེ་ཐམས་ཅད་ལ་ཉེ་བར་བརྟགས་ནས་སྐྱེས་བུའི་མཐུ་ཞེས་བྱ་བའི་སྒྲས་བཤད་དོ། །ཉན་ཐོས་རྣམས་ཀྱིས་ཀྱང་རང་གིས་རྟོགས་པའི་ཆོས་ཉིད་ནི་མངོན་སུམ་དུ་བྱས་བ་མ་ཡིན་ནམ། ཅིའི་ཕྱིར་དེ་རང་གི་ནུས་པས་སྨྲ་བ་ལ་སོགས་པ་ཐམས་ཅད་བྱེད་པ་མ་ཡིན་ཞེས་དོགས་པ་བསུ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་རང་ཉིད་ཀྱིས་དྲི་བ་བྱས་པ་ཡིན་ནོ། །ཁ་ཅིག་ནི་གཞན་གྱིས་བྱས་བར་གྱུར་ན་སྙིང་མི་ཚིམ་པ་ལ་སོགས་པའི་ཉེས་པར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ནི་དེའི་རྗེས་ཐོགས་སུ་རྒྱུན་ཆད་པའི་ཉེས་པ་སྤང་བར་བྱ་བའི་ཕྱིར་དང༌། འཇིགས་པས་འདྲི་བར་མི་ནུས་པ་རྣམས་ལ་ཕན་གདགས་པའི་ཕྱིར་དང༌། སེམས་རྩེ་གཅིག་པར་བྱས་པ་རྣམས་ཚིག་གི་སྤྱོད་ལམ་ལས་ཉམས་པའི་ཕྱིར་རྣམ་པར་གཡེངས་པའི་ཉེས་པར་འགྱུར་བ་སྤང་བའི་ཕྱིར་ཡིན་ནོ་ཞེས་ཟེར་རོ། །དེ་བཞིན་གཤེགས་པས་ཆོས་གང་བསྟན་པ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྟོགས་པའི་སྒོ་ནས་བསྟན་པའི་ཆོས་བརྗོད་པར་བྱ་བའི་དོན་དེ་ལ་སྟེ་ཡོད་པར་གྱུར་པ་ལ་སློབ་པ་ན། མཐོང་བའི་ལམ་ཐོབ་པས་རྟོགས་པའི་ཆོས་


DTG085_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་མངོན་སུམ་དུ་བྱེད་པའོ། །བསྒོམ་པའི་ལམ་རྟོགས་པས་འཛིན་པར་བྱེད་པའོ། །རྟོགས་པའི་དོན་གྱི་ཡུལ་ཅན་བཤད་པའི་ཆོས་མདོ་སྡེ་ལ་སོགས་པ་དེ་ཐམས་ཅད་རྟོགས་པའི་ཆོས་ཉིད་དང་མི་འགལ་ཏེ། དེ་དང་མི་འགལ་བར་སྟོན་པའི་ཕྱིར་རོ། །དེའི་ཕྱིར་ཉན་ཐོས་དེ་དག་ལུང་འབོགས་པར་བྱེད་པའི་མདོ་སྡེ་ལ་སོགས་བ་ལུང་གི་ཆོས་གང་ཡིན་པ་དེ་དག་རྟོགས་པའི་ཆོས་ཉིད་དང་མི་འགལ་བའོ། །ལུང་འབོགས་པ་ཉེ་བར་སྟོན་པ་ནི་ཉེ་བར་མཚོན་པ་སྟེ། སྨྲ་བ་དང་སྟོན་པར་བྱེད་པ་ཡང་བཟུང་སྟེ། དེ་ལྟར་སྐབས་སུ་བབ་པའི་ཕྱིར་རོ། །འདི་ནི་དེ་བཞིན་གཤེགས་པས་ཆོས་བསྟན་པའི་རྒྱུ་མཐུན་པ་ཡིན་ཏེ། འདི་ནི་ཉེ་བར་བརྟགས་ནས་སྐྱེས་བུའི་བྱེད་པར་བསྟན་པའི་རང་བཞིན་ཡིན་ནོ། །འདྲ་བར་འབྱུང་བ་ནི་རྒྱུ་མཐུན་པ་སྟེ། རྗེས་སུ་མཐུན་པའི་འབྲས་བུའོ། །འདིས་ནི་འདི་སྐད་དུ་སྟོན་ཏེ། རྟག་ཏུ་མཉམ་པར་གཞག་པའི་ཐབས་མཁས་པ་དང་བྲལ་པས་རྟོགས་པའི་དོན་གྱི་ཡུལ་ལ་ཡང། རང་གི་རྟོགས་པ་དང་མི་འགལ་བར་སྟོན་པར་མི་ནུས་ན། མ་རྟོགས་པའི་དོན་གྱི་ཡུལ་ལ་ལྟ་སྨོས་ཀྱང་ཅི་དོགས། དེ་བས་ན་སངས་རྒྱས་ཀྱི་མཐུ་ཉིད་ཡིན་པར་བསྟན་ཏོ་ཞེས་བལྟ་བར་བྱའོ། །དེ་ལྟར་ཡང༌། རང་གི་རྟོགས་པའི་རྗེས་འབྲང་བས། །ཇི་ཙམ་ཞིག་ནི་དཔག་པར་ནུས། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་བ། །དེ་བཤད་པར་ནི་དཀའ་བ་ཡིན། །ཞེས་བྱ་བའི་ཚུལ་གྱིས་དཔགས་ནས་བསྟན་པར་ནུས་པ་ཡང་མ་ཡིན་ནོ་ཞེས་བྱ་བའོ། །ཞར་ལ་འོངས་པ་རྫོགས་ནས། ད་ནི་དེ་ལྟར་བྱང་ཆུབ་ཀྱི་སེམས་དང་པོ་ལ་སོགས་པ་བསྐྱེད་པ་དུས་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་ལ་སློབ་པས་བསོད་ནམས་ཀྱི་ཚོགས་བསགས་པ་ན། བསམ་གཏན་ལ་ཐོབ་མངོན་པར་ཤེས། །མངོན་པར་སྒྲུབ་པའི་སྒོ་ནས་ཏེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །འདིས་ནི་སངས་རྒྱས་དཔག་མེད་ལ། །བསྐལ་དཔག་མེད་གྱུར་བསྙེན་བཀུར་བྱས། །དེ་ལ་བསྙེན་བཀུར་བྱས་པའི་ཕྱིར། །སེམས་ནི་ལས་རུང་མཆོག་ཏུ་གྱུར། །ཞེས་བྱ་བས་སེམས་ལས་སུ་རུང་བ་ཉིད་ཀྱི་སྟོབས་ཀྱིས་གནས་པ་ནི་ཏིང་ངེ་འཛིན་གྱི་སྒོ་


DTG085_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང༌། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་བྱ་བའི་ཚུལ་གྱིས་སོ། །དེ་ལྟར་འཇུག་པའི་བྱང་ཆུབ་སེམས་དཔའ་དང་འབྲེལ་པའི་དོན་གྱི་གདམས་ངག་ནི། འཕགས་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ཀྱི་གསུང་སྔོན་དུ་འགྲོ་བས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་འདི་ལ། ཤེས་རབ་ཀྱི་སྟོབས་ཀྱིས་བྱང་ཆུབ་ལ་དམིགས་པའི་ཕྱིར་བྱང་ཆུབ་ཀྱང་ཡིན་ལ། སྙིང་རྗེ་ཆེན་པོའི་བསམ་པས་སེམས་ཅན་ལ་དམིགས་པའི་ཕྱིར་སེམས་དཔའ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཞེས་བཤད་དེ། དཔེར་ན་མི་གཙང་བ་ལ་དམིགས་པའི་ཏིང་ངེ་འཛིན་ལ་མི་གཙང་བ་ཞེས་ཟེར་བ་དང་འདྲའོ། །གནས་གཞན་དག་ཏུ་བཤད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་རྣམས་ཀྱང་བསྡུ་བར་བྱ་བའི་ཕྱིར་བཟླས་ཏེ་བརྗོད་པ་ཡིན་ནོ། །ཆོས་གང་གི་ཚིག་བླ་དགས་ཞེས་བྱ་བ་ནི་དོན་དམ་པར་བརྟགས་པ་ལ་སོགས་པའི་ངོ་བོ་ཉིད་གང་གི་ཚིག་བླ་དགས་ཏེ། མངོན་དུ་བྱས་ནས་བསྟན་པ་ལགས། འོན་ཀྱང་གང་གི་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་ནི་བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཆོས་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་སྨྲས་པ་ཡིན་ཏེ། དེ་ཁོ་ན་ཉིད་དུ་བརྟགས་པ་ལ་སོགས་པའི་ངོ་བོ་གདམས་པར་བྱ་བ་མ་དམིགས་པའི་ཕྱིར་རོ། །དེ་ལྟ་ན་ཡང་གདམས་ངག་གི་ཡུལ་ནི་ཡོད་དོ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒྲུབ་པ་ལ་སོགས་པ་ཆོས་རྣམ་པ་བཅུའི་རང་བཞིན་ཏེ། འདི་ལྟར་གདམས་པའི་ཡུལ་གྱི་དབང་དུ་མཛད་ནས། སྟོང་ཕྲག་ཉི་ཤུ་ལྔ་པ་ལས། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ལ་


DTG085_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཆོས་ཀྱང་ཞེས་བྱ་བ་ནི། ཆོས་གང་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་བླ་དགས་སུ་བྱས་པའོ། །ཆོས་དེ་མ་འཚལ་བ་ནི་ཐོས་པས་སོ། །མ་དམིགས་པ་ནི་བསམ་པས་སོ། །ཡང་དག་པར་རྗེས་སུ་མ་མཐོང་བ་ནི་བསྒོམ་བས་སོ། །ཡང་ན་སོ་སོར་ངེས་པའི་དོན་དང་ལྷན་ཅིག་ཉེ་པའི་རྒྱུ་མེད་པས། རྣམ་པ་མེད་པའི་ཤེས་པས་མ་འཚལ་བའོ། །དངོས་པོ་མེད་དུ་ཟིན་ཀྱང་རྨི་ལམ་ལ་སོགས་པར་འབྱུང་བ་སྲིད་པས་རྣམ་པ་དང་བཅས་པས་མ་དམིགས་པའོ། །དེ་ཉིད་ཀྱིས་ན་གཉི་ག་ཡང་དག་པར་རྗེས་སུམ་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ལ་སོགས་པ་རྣམ་པ་བཅུ་པོ་གང་ལ་དང་པོ་ཐོབ་པའི་ཡོན་ཏན་ཡོངས་སུ་བསྲུང་པའི་དོན་གྱིས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་བསླབ་པས་གདམས་པར་བགྱི་ཞིང༌། དེ་ནས་ཕྱིས་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་རྗེས་སུ་བསྟན་པར་བགྱི་སྟེ། དེ་ཁོ་ན་ཉིད་དུ་ན་རྣམ་པ་ཐམས་ཅད་མ་ཡིན་གྱི། འོན་ཀྱང་གདམས་ངག་ནི་བརྗོད་པའི་ཀུན་རྫོབ་ཏུ་ཡིན་ནོ་ཞེས་དོན་གྱིས་འཕངས་པ་ཡིན་ནོ། །དེ་ལྟར་ཡང་འདི་སྐད་དུ་འདི་ཉིད་གདམས་པ་དང་རྗེས་སུ་བསྟན་པ་ལགས་སོ་ཞེས་བྱ་བ་ལ་སོགས་པ་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །དེ་ཡང་ཡུལ་གྱི་དབྱེ་བས་རྣམ་པ་བཅུར་ཤེས་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་སྒྲུབ་པ་ལ་མི་དམིགས་པའི་ཚུལ་གྱིས་ཉན་ཐོས་ལ་སོགས་པ་དང༌། ཐུན་མོང་མ་ཡིན་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བ་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ་ཞེས་སློབ་པ་ནི་སྒྲུབ་པ་ལ་གདམས་པའོ། །སྡུག་བསྔལ་ལ་གཟུགས་ལ་སོགས་པ་འབྲས་བུར་གྱུར་པའི་སྟོང་བ་ཉིད་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རང་བཞིན་གཅིག་གོ་ཞེས་བྱ་བ་དང༌། ཀུན་འབྱུང་བ་ལ་སྟོང་བ་ཉིད་དང་རྒྱུར་གྱུར་བའི་གཟུགས་ལ་སོགས་པ་དག་ཐ་མི་དད་པ་ཉིད་ཀྱིས། གཟུགས་ལ་སོགས་པ་ནི་ཀུན་འབྱུང་པ་དང་འགོག་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ་ཞེས་བྱ་བ་དང༌། འགོག་པ་ལ་སྟོང་བ་ཉིད་སྐྱེ་བ་དང་འགག་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་


DTG085_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་དང་འཕེལ་པ་ལ་སོགས་པ་དང་བྲལ་བ་ལ་ནི་གཟུགས་མེད་པ་ནས་མ་རིག་པ་སྐྱེ་བ་ཡང་མེད། མ་རིག་པ་འགག་པ་ཡང་མེད། སངས་རྒྱས་ཀྱང་མེད། བྱང་ཆུབ་ཀྱི་བར་དུ་ཡང་མེད་དོ་ཞེས་བྱ་བ་དང༌། ལམ་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་དང། བདག་ཉིད་དམ་ནང་སྟོང་བ་ལ་སོགས་པ་ནི་ཕྱི་སྟོང་བ་ཉིད་ལ་སོགས་པ་དང་ལྷན་ཅིག་དང་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དག་ཕན་ཚུན་དུ་ལྡན་པ་དང་མི་ལྡན་པ་མ་ཡིན་པ་ཉིད་དུ་བསྒྲུབ་པོ་ཞེས་སྟོན་པ་བདེན་པ་ལ་གདམས་པ་དང༌། སངས་རྒྱས་ལ་སངས་རྒྱས་དང་བྱང་ཆུབ་དག་མཚན་ཉིད་གཅིག་ལ་ཉིད་ཀྱིས་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པ་ལ་གཟུགས་ལ་སོགས་པ་མི་སྦྱོར་བས། དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པ་ཉིད་དུ་ཤེས་བ་ཞེས་བྱ་བ་དང༌། ཆོས་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་བ་བཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་བསྡུས་པས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་དོ་ཞེས་བྱ་བ་དང༌། དགེ་འདུན་ལ་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱིས་དགྲ་བཅོམ་པ་མ་གཏོགས་པ་འབྲས་བུ་ལ་གནས་པ་དང་ཞུགས་པའི་བྱེ་བྲག་གིས། སྐྱེས་བུ་ཆེན་པོ་བདུན་པོ་རང་སངས་རྒྱས་དང་ལྷན་ཅིག་བརྒྱད་པོ་དབང་པོ་རྟུལ་པོ་ལ་སོགས་པའི་བྱེ་བྲག་གིས་གྲངས་ཉི་ཤུར་ཆད་པ་བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པ་ཕྱིར་མི་ལྡོག་པ་རྣམས་ལ་སྐྱེ་བ་མེད་པར་འཇུག་པར་བྱའོ། །ཞེས་ལུང་འབོགས་པ་དཀོན་མཆོག་གསུམ་ལ་གདམས་པ་དང། བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ཇི་སྐད་བཤད་པའི་དོན་ལ་ནན་ཏན་དུ་བྱེད་པ་ལ་ལུས་ལ་སོགས་པའི་བསོད་ནམས་ཉིད་ལ་མངོན་པར་ཞེན་པར་འགྱུར་པས། མ་ཞེན་པ་ལ་ལུས་ལ་སོགས་པ་ངོ་བོ་ཉིད་མེད་པར་སྟོན་པའི་གདམས་པ་དང༌། དུས་ཡུན་རིང་མོ་ཞིག་ཏུ་གོམས་པར་བྱས་ཀྱང་འདོད་པའི་དོན་མ་གྲུབ་ན་དངང་བའི་རང་བཞིན་ཅན་ཡོངས་སུ་སྐྱོ་བར་འགྱུར་བས། ཡོངས་སུ་ངལ་བ་མེད་པ་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རློམ་པ་མེད་པ་ཉིད་དུ་བསྟན་པའི་གདམས་པ་དང༌། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སོགས་


DTG085_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དོན་རེ་རེའི་ཕྱིར་ལམ་གྱི་ལུང་མནོས་པར་བྱ་ན་སེམས་ཞུམ་པར་འགྱུར་པས། ལམ་ཡོངས་སུ་བཟུང་བ་ལ་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་སློབ་པའི་གདམས་པ་དང༌། ཤའི་སྤྱན་དང་རྣམ་པར་སྨིན་པ་ལས་བྱུང་པ་ལྷའི་དང༌། ཤེས་རབ་དང་ཆོས་དང་སངས་རྒྱས་ཀྱི་སྤྱན་གྲངས་ཇི་ལྟ་བ་བཞིན་དུ། དངོས་པོ་སོ་སོར་ངེས་པ་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་དང༌། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་དང༌། འཕགས་པའི་གང་ཟག་ཐམས་ཅད་རྟོགས་པ་དང༌། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་ཡུལ་ཅན་རྣམས་དེ་བཞིན་ཉིད་དུ་གཅིག་པ་ཉིད་དུ་བསྒྲུབ་པོ། །ཞེས་སློབ་པ་སྤྱན་ལྔ་ལ་གདམས་པ་དང༌། རྫུ་འཕྲུལ་དང་ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། མངོན་པར་འདུ་བྱེད་པ་ལས་བྱུང་བ་ལྷའི་མིག་དང་ཟག་པ་ཟད་པའི་མངོན་པར་ཤེས་པ། རྣམས་གྲངས་བཞིན་དུ་ས་གཡོ་བ་ལ་སོགས་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སྒྲ་ཆུང་དུ་དང་ཅིག་ཤོས་ཐོས་པ་དང༌། གཞན་གྱིས་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་ཡོངས་སུ་ཤེས་པ་དང༌། རང་དང་གཞན་གྱི་ཚེ་རབས་སྔ་མ་རྗེས་སུ་དྲན་པ་དང། གཟུགས་ཐམས་ཅད་མཐོང་བ་དང༌། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པ་རྣམས་གཟོད་མ་ནས་ཞི་བ་ཉིད་དུ་རྟོགས་པར་བྱའོ་ཞེས་སྟོན་པ་མངོན་པར་ཤེས་པ་དྲུག་ལ་གདམས་པ་དང༌། མཐོང་བའི་ལམ་ལ་བདེན་པ་བཞིས་བསྡུས་པ་སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཉིད། ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང༌། ཤེས་པའི་བདག་ཉིད་ཅན་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་སྒྱུ་མ་མཁན་བཞིན་དུ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ལུས་ཅན་གྱི་རྣལ་འབྱོར་པ་དེས་སྤང་བར་བྱ་བའི་དངོས་པོའི་གཉེན་པོ་ཉིད་དུ་རྣམ་པར་སྒོམ་པར་བྱེད་དོ། །ཞེས་སྟོན་པ་མཐོང་བའི་ལམ་ལ་གདམས་པ་དང༌། འདུས་བྱས་དང་འདུས་མ་བྱས་དག་ངོ་བོ་ཉིད་གཅིག་བ་ཉིད་ཀྱིས་ཕན་ཚུན་ཐ་དད་པར་གདགས་པར་མི་ནུས་པ་བཞིན་དུ། ཇི་སྐད་དུ་བཤད་པའི་མཐོང་བའི་ལམ་གྱིས་མངོན་སུམ་དུ་བྱས་པའི་དངོས་པོ་དང་ཐ་མི་དད་པ་ལ་དམིགས་


DTG085_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། མཐོང་བ་དང་བསྒོམ་པའི་ལམ་དག་ཐ་དད་དུ་གྱུར་པ་མེད་པས་བསྒོམ་པའི་ལམ་མཚན་ཉིད་པ་རྣམ་པར་གཞག་པ་ནི་མེད་ཀྱི། འོན་ཀྱང་དེ་ནི་དེས་སྤང་བར་བྱ་བའི་དངོས་པོའི་གཉེན་པོ་ཉིད་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དུ་རྣམ་པར་བསྒོམ་པའི་ལམ་ལ་གདམས་པ་སྟེ། དེ་ལྟར་ན་གདམས་ངག་བཅུ་པོ་འདི་ནི་འདིར་གཞུང་ཉུང་བ་ཉིད་དུ་འདོད་པ་ཉིད་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲས་གསུངས་པ་ཡིན་ནོ། །འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། གདམས་ངག་རེ་རེའི་གཞུང་གསལ་པོ་ཁོ་ནར་བསྟན་ཏེ། གཞུང་མངས་ཀྱིས་འཇིགས་པས་ཤེས་པར་བྱེད་པ་ཉིད་དུ་ནི་མ་བྲིས་སོ། །དེ་ལྟ་བུའི་གདམས་ངག་དེས་ཇི་ལྟ་བུའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱ་ཞེ་ན། བཅོམ་ལྡན་འདས་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཞེས་བྱ་བའི་ཚིག་ཕྲད་ནི་དེ་སྟེ་ཞེས་བྱ་བའི་ཐ་ཚིག་གོ ། འདི་ལྟར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའོ། །གདམས་པའི་ཡུལ་རྣམ་བཅུར་སྨྲས་པ་ལ་སེམས་མི་འགོང་ཞིང་སྤ་མི་འགོང་སྟེ། གང་གི་ཕྱིར་བག་མི་ཚ་བ་སྟེ་མི་རྨོངས་པས་སོ། །དེ་ཉིད་ཀྱིས་ན་དད་པ་ཉིད་ཀྱིས་ཆོས་ལ་བསྟེན་པ་ཡིན་པའི་ཕྱིར་དེ་དང་པོར་གནས་མེད་པའི་འཇིགས་པས་མི་དངང་ངོ༌། །བསྟན་པ་ལ་ཀུན་ཏུ་ཞུམ་ཞིང་སྙོམ་ལས་མི་བྱེད་དེ། གང་གི་ཕྱིར་བག་འཁུམས་པར་མི་འགྱུར་པ་སྟེ། སྔར་མའི་ངོ་བོར་མི་འགྱུར་བས་སོ། །དེ་ཉིད་ཀྱིས་ན་ཤེས་རབ་དང་ལྡན་པ་ཉིད་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་ཤེས་པ་རྣམས་ཀྱི་ནང་དུ་ཀུན་ཏུ་འཇིགས་པས་ཀུན་ཏུ་མི་སྐྲག་གོ །ཉེ་བར་བསྟན་པ་ལ་དེའི་ཡིད་ཕྱིར་ཕྱོགས་པར་མི་བྱེད་ཅིང་འགྱོད་པར་མི་འགྱུར་ཏེ། གང་གི་ཕྱིར་སེམས་ཉིད་ནི་ཡིད་དེ་བཅོམ་ཞིང་ཕྱིར་ཕྱོགས་པར་མི་འགྱུར་པ་སྟེ། ཕྱིས་སེམས་བཅོམ་པར་མི་འགྱུར་བས་སོ། །དེ་ཉིད་ཀྱིས་ན་དད་པ་དང་ཤེས་རབ་དག་དང་ལྡན་པས་ཐ་མར་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་བ་སྟེ། ཐམས་ཅད་དུ་མ་ངེས་པའི་སྐྲག་པས་སྐྲག་པར་མི་འགྱུར་རོ། །ཡང་ན་སྨྲས་པ་ལ་སོགས་པའི་དུས་སུ་གོ་རིམས་བཞིན་དུ་གཞུང་དང་དོན་གཉིས་ཀ་ངེས་པར་འཛིན་པས། མི་འགོང་ཀུན་ཏུ་མི་ཞུམ་བག་མི་ཚའོ། །དེ་ཅིའི་


DTG085_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན། གང་གིས་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཚད་མ་དང་མི་འགལ་བར་རང་གི་ཡུལ་གྱི་དོན་ཡོངས་སུ་བཅད་པ་ལས། བག་འཁུམས་བར་མི་འགྱུར་འདིའི་ཡིད་ཕྱིར་ཕྱོགས་པར་མི་བགྱིད། བཅོམ་ཞིང་ཕྱིར་ཕྱོགས་པར་མི་འགྱུར་བས་སོ། །དེ་ཉིད་ཀྱིས་ན་ཐོག་མ་དང་བར་དང་ཐ་མར། མི་དངང༌། མི་སྐྲག །ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་རོ་ཞེས་སྦྱར་རོ། །འདི་ཉིད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་ལ་མཁས་པས་ཇི་སྐད་དུ་བཤད་པའི་གདམས་ངག་ལ་སེམས་ཞུམ་པ་ལ་སོགས་པ་དང་བྲལ་བ་དེའི་དེ་ཁོ་ན་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཅེས་བྱ་བས་མཚན་ཉིད་མ་སྨྲས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་འཛིན་ཞེ་ན། བརྗོད་པ་དོན་གང་སྨྲས་པ་ལ་སོགས་པ་ན་སེམས་ཞུམ་པ་ལ་སོགས་པར་མི་བྱེད་པའི་དོན་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ལ་སོགས་པ་རྣམ་པ་བཅུ་ཡིན་པར་བརྗོད་ཟིན་ཏེ། དེས་ན་དོན་གྱིས་འཕངས་པ་བཟུང་བ་ཡིན་པས་ཉེས་པ་མེད་དོ། །ཉེ་བར་བསྡུ་བ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བཤད་མ་ཐག་པའི་གདམས་པས་ཇི་སྐད་དུ་བཤད་པའི་ཡུལ་ལ་གནས་པ་དང་ལྡན་པར་གྱུར་ན་དེའི་ཚེ་འདི་ཉིད་བྱང་ཆུབ་སེམས་དཔའ་དེའི་དོན་དུ་གཉེར་བའི་དོན་ཐོབ་པར་བྱེད་པའི་ཉེ་བར་བསྟན་པ་གདམས་པ་དང་རྗེས་སུ་བསྟན་པ་ལགས་སོ་ཞེས་རིག་པར་བྱའོ། །དེ་ལྟར་བྱས་ན་བྱང་ཆུབ་ཀྱི་སེམས་དང་དེས་འཕངས་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པ་གང་ཡིན་པ་ཡོངས་སུ་མི་ངལ་བ་དང༌། ཐེག་པ་གཞན་གྱིས་མི་འགྲོ་བའི་རྒྱུ་གང་ཡིན་པ་ལམ་ཡོངས་སུ་འཛིན་པ་དང༌། གཞན་གྱི་དྲིང་མི་འཇོག་པར་འགྲོ་བ་ཉིད་ཀྱི་རྒྱུ་གང་ཡིན་པ་སྤྱན་ལྔ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་གང་ཡིན་པ་མངོན་པར་ཤེས་པ་དྲུག་དང་མཐར་ཐུག་པར་འགྲོ་བའི་རྒྱུ་གང་ཡིན་པ་མཐོང་བ་དང་བསྒོམ་པའི་ལམ་དག་སྟེ། དེ་དག་ཐམས་ཅད་གདམས་ངག་གི་སྐབས་སུ་བསྟན་ཏེ། འདི་ཙམ་ཁོ་ནས་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས་ཇི་སྐད་དུ་བཤད་པའི་གདམས་ངག་རྣམ་པ་བཅུ་གོ་རིམས་བཞིན་དུ་བསྟན་པ་ཡིན་ནོ།།


DTG085_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་དུ་ཡང༌། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང༌། །ལམ་ནི་ཡོངས་སུ་འཛིན་པ་དང༌། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང༌། །བསྒོམ་ཞེས་བྱ་བ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་དགེ་འདུན་དཀོན་མཆོག་གི་སྐབས་སུ་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་ལ་སོགས་པའི་རབ་ཏུ་དབྱེ་བ་འདི་ལྟར་གཟུང་བར་བྱ་སྟེ། འོག་ནས་བཤད་པའི་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་ལ་བརྟེན་ནས་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་བྱེ་བྲག་གི་འབྲས་བུ་དང་པོ་ལ་ཞུགས་པ་རྣམ་པ་གཉིས་སོ། །དེའི་འོག་ཏུ་འདོད་པའི་ཁམས་ཀྱི་འདོད་ཆགས་དང་མ་བྲལ་བ་གང་ཡིན་པ་དེ་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པའོ། །དེའི་འོག་ཏུ་བསྒོམ་པའི་ལམ་ལ་ཉོན་མོངས་པ་རྣམ་པ་བཞིའི་བར་དུ་སྤངས་པ་ལས་དེ་ཉིད་ལྷ་དང་མིའི་རིགས་སུ་སྐྱེ་བ་ཉིད་ཀྱིས་གཞན་རྣམ་པ་གཉིས་ཡིན་ནོ། །དེའི་འོག་ཏུ་འདོད་པའི་ཁམས་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་ལྔ་སྤངས་པས་འབྲས་བུ་གཉིས་པ་ལ་ཞུགས་པ་ན། དབང་པོ་རྟུལ་པོ་དང་རྣོན་པོ་དད་པ་དང་མཐོང་བས་ཐོབ་པ་དག་ནི་གཅིག་ཁོ་ན་ཡིན་ནོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དྲུག་སྤངས་པས་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །དེའི་འོག་ཏུ་དེ་ཉིད་ལྷ་རྣམས་སུ་སྐྱེ་བ་ཅིག་ལྷག་མ་ལུས་པའི་ཕྱིར་གཞན་བར་ཆད་གཅིག་པ་ཡིན་ནོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བདུན་པ་བརྒྱད་པ་སྤངས་པས་སྔ་མ་བཞིན་དུ་དད་པ་དང་མཐོང་བས་ཐོབ་པ་འབྲས་བུ་གསུམ་པ་ལ་ཞུགས་པ་གཅིག་ཡིན་ནོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དགུ་པ་སྤངས་པས་ཕྱིར་མི་འོང་བ་ཞེས་བྱ་བ་སྟེ། དེ་ཡང་རྣམ་པ་ལྔར་ཤེས་པར་བྱའོ། །དེ་ལ་སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས། མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པའི་ཕྱིར་སྲིད་པ་བར་མ་དོར་མངོན་པར་སྒྲུབ་པ་བྱེད་པ་ནའམ་མངོན་པར་གྲུབ་པ་ཡང་རུང་སྟེ། སྲིད་པ་བར་


DTG085_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལམ་མངོན་དུ་བྱས་པས་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཀུན་ཏུ་སྦྱོར་བ་གཉི་ག་མ་སྤངས་པའི་ཕྱིར་གཟུགས་ཀྱི་ཁམས་སུ་སྐྱེས་ནས་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་བཞིན་དུ་སྐྱེས་ནས་མངོན་པར་འདུ་བྱེད་པ་དང་བཅས་པས་ལམ་མངོན་དུ་བྱེད་པ་ཐོབ་པས་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་ལས་གོ་བཟློག་པས་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ལྔ་པ་ནི་གོང་དུ་འཕོ་བའོ། །དེ་ཡང་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང༌། སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བའོ། །དེ་ལ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་ནི་འཕར་བ་དང་ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བ་ཉིད་ཀྱིས་འོག་མིན་དུ་འཇུག་པ་རྣམ་པ་གསུམ་མོ། །སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་སྟེ། མཐོང་བའི་ཆོས་ལ་ཞི་བ་དང་ལུས་ཀྱི་མངོན་སུམ་དུ་བྱེད་པ་གཞན་རྣམ་པ་གཉིས་སོ། །དེའི་འོག་ཏུ་སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་བརྒྱད་པ་སྤངས་པས་ནི་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །དེའི་འོག་ཏུ་ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་རང་གི་ལམ་མངོན་དུ་བྱེད་པ་ཡིན་པའི་ཕྱིར་སངས་རྒྱས་མི་འབྱུང་བ་ན་རང་སངས་རྒྱས་སུ་འགྱུར་བ་སྟེ་ཉི་ཤུའོ། །དེ་ལྟར་ཡང་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་དོན་འདི་ཉིད་རྒྱ་ཆེར་གསུངས་པ་དང༌། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས། བྱང་ཆུབ་སེམས་དཔའ་དད་པས་རྗེས་སུ་འབྲང་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཀྱི་བར་དུ་གང་ཟག་གི་རྣམ་པར་གཞག་པ་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་གསལ་བར་གསུངས་པ་ཡིན་པའི་ཕྱིར་དེ་དག་ལས་ཀྱང་བལྟ་བར་བྱའོ། །འདིར་ནི་གཞུང་མངས་ཀྱིས་དོགས་ཏེ་ཁོ་བོ་ཅག་གིས་མ་བཀོད་དེ་བཏགས་ཟིན་པ་ལ་འཐག་པས་ཅི་ཞིག་བྱ། དེ་ཡང་འབྲས་བུ་དང་པོ་དང་གཉིས་པ་ལ་གནས་པ་དང༌། འབྲས་བུ་བཞི་པ་ལ་ཞུགས་པའི་གང་ཟག་ནི་གོ་སླ་བ་ཉིད་ཀྱིས་ན་བསྡུས་པར་མ་བཤད་དོ། །དེ་སྐད་དུ་ཡང༌། དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་


DTG085_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང༌། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་འདོད་ཆགས་བཅོམ་མཐོང་བའོ། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་བྱ་བའོ། །ལས་དང་པོ་པ་དེ་ལྟར་གདམས་ངག་ཐོབ་པ་ལ། བསོད་ནམས་ཚོགས་ནི་ཡང་དག་རྫོགས། །དེ་ནས་བློ་ལྡན་བསམ་པ་བརྟན། །དད་སོགས་དགེ་བའི་ཆོས་རྣམས་ཀྱིས། །རྒྱུད་ནི་ཡོངས་སུ་བསྒོས་གྱུར་པ། །བསྐལ་པ་གྲངས་མེད་ངེས་འབྱུང་བས། །ཡེ་ཤེས་ཚོགས་ནི་གྲུབ་བྱའི་ཕྱིར། །མངོན་ཤེས་གདམས་ངག་བསྟན་པ་ཡིས། །སྤྱོད་པའི་ས་ལ་རབ་ཏུ་འཇུག །ཅེས་བཤད་པ་དེ་ལྟར་བྱས་ན་མོས་པས་སྤྱོད་པའི་ས་ཡོངས་སུ་སྦྱོང་བའི་ཕྱིར། ཐོས་པ་ལ་སོགས་པའི་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་ཐར་པའི་ཆ་དང་མཐུན་པ་དང་བ་ལ་སོགས་པའི་མཚན་ཉིད་ཀྱི་དགེ་བའི་རྩ་བའི་འོག་ཏུ་བདེན་པ་བཞི་རྟོགས་པ་དང་རྗེས་སུ་མཐུན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་བཞི་པོ་འཇིག་རྟེན་པའི་བསྒོམ་པ་ལས་བྱུང་བ་དྲོ་བར་གྱུར་པ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བ་ཡིན་པ་ལས། འདི་ནི་ཉན་ཐོས་ལ་སོགས་པའི་དྲོ་བ་ལ་སོགས་པ་ལས། མི་རྟག་པ་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོ་ལ་དམིགས་པས་ཁྱད་པར་དུ་འཕགས་པའི་ཕྱིར་དང་ཆོས་སུ་བལྟ་བའི་གཉེན་པོའི་ཕྱོགས་སུ་གྱུར་པ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པས་ཁྱད་པར་དུ་འཕགས་པའི་ཕྱིར་དང༌། ཐེག་པ་གསུམ་རྟོགས་པའི་རྒྱུ་ཉིད་ཀྱིས་ཁྱད་པར་དུ་འཕགས་པའི་ཕྱིར་དང༌། དགེ་བའི་བཤེས་གཉེན་ཐབས་ལ་མཁས་པའི་མཚན་ཉིད་ཡོངས་སུ་འཛིན་པའི་ཁྱད་པར་དུ་འཕགས་པའི་ཕྱིར་ཁྱད་ཞུགས་པ་ཡིན་པར་བརྗོད་པར་བྱའོ། །དེ་བཞིན་དུ་ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་བརྟེན་པ་དང༌། གཉེན་པོའི་དངོས་པོ་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་གཉིས་དང༌། སྐྱེས་བུ་རྫས་སུ་ཡོད་པ་ལ་བརྟེན་པ་དང༌། སྐྱེས་བུ་བཏགས་པར་ཡོད་པ་ལ་བརྟེན་པ་འཛིན་པའི་རྣམ་པར་རྟོག་པ་གཉིས་ཏེ། དེ་ལྟར་འོག་ནས་འཆད་པའི་རྩེ་མོའི་མངོན་པར་རྟོགས་པས་བསྡུས་པ་མཐོང་བ་དང་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་རྣམ་པར་རྟོག་པ་བཞི་པོ་


DTG085_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་གྲངས་ཇི་ལྟ་བ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་དག་ཀུན་ནས་ཉོན་མོངས་པ་ལ་བརྟེན་པར་བརྗོད་པར་བྱའོ། །དེ་བཞིན་དུ་ཇི་སྐད་དུ་བཤད་པའི་རྣམ་པར་རྟོག་པ་དང་ལྡན་པ་ལ་བརྟེན་པ་འདི་དག་རེ་རེ་ཞིང་ཆུང་དུ་དང་འབྲིང་དང་ཆེན་པོས་དབྱེ་བས་ཁྱད་པར་དུ་འཕགས་པར་ཡང་བརྗོད་པར་བྱ་བ་ཡིན་པས་ཁྱད་པར་རྣམ་པ་ལྔའོ། །ཉན་ཐོས་ལ་སོགས་པའི་དྲོ་བ་ལ་སོགས་པའི་དགེ་བའི་རྩ་བ་བཞི་པོ་ནི་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོ་བདག་ཉིད་ཅན་གྱི་བདེན་པ་བཞི་དམིགས་པ་བདག་ཏུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མི་རྟག་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང་རང་གི་ཐེག་པ་ཁོ་ན་རྟོགས་པའི་རྒྱུར་གྱུར་པ་དང༌། ཡོངས་སུ་འཛིན་པ་དང་བྲལ་བ་དང༌། རྣམ་པར་རྟོག་པ་བཞི་པོ་ན་རིང་གི་བྱང་ཆུབ་ཀྱི་བགེགས་སུ་གྱུར་པ་མ་ཡིན་པས་ན་གང་གི་ཕྱིར་དེ་དང་འདྲེས་པར་གྱུར་ཀྱང་མ་འདྲེས་པར་སྐྱེ་བ་ཡིན་ནོ་ཞེས་རྣམ་པར་གཞག་གོ །དེ་སྐད་དུ་ཡང༌། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བསྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་དྲོ་བར་གྱུར་པ་ལ་སོགས་པ་ཆུང་ངུར་གཏོགས་པའི་དགེ་བའི་རྩ་བའི་དམིགས་པའི་དོན་གསུངས་པ་ནི། བཅོམ་ལྡན་འདས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ཡང་ཞེས་བྱ་བ་ནི་རྣམ་པ་གཞན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་སྟོན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་སྤྱིར་སྨོས་པ་ཡིན་ན་ཡང་མི་རྟག་པ་ལ་སོགས་པའི་དངོས་པོ་ལ་དམིགས་པའི་མཚན་ཉིད་ལ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར་སྐབས་གཞན་དག་ཏུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་མདོ་སྡེ་ནི་མདོ་སྡེ་གཞན་གྱི་རྗེས་སུ་འབྲངས་ནས་བཤད་པར་བྱའོ་ཞེས་གསུངས་པ་དང༌། སྟོང་ཕྲག་ཉི་ཤུ་ལྔ་པ་ལས། དྲོ་བར་གཏོགས་པ་ཆུང་དུའི་དབང་དུ་མཛད་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔས་གཟུགས་མི་རྟག་ཅེས་བྱ་བ་དང༌། གཟུགས་སྡུག་བསྔལ་ཞེས་བྱ་བ་དང༌། གཟུགས་སྟོང་ཞེས་


DTG085_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང༌། གཟུགས་བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་ནི་ཁྱད་པར་འདི་ཙམ་ཡོད་དེ། འདི་ལྟ་སྟེ་མདོར་བསྡུས་ཏེ་བསྟན་པའོ། །དེར་ནི་བདེན་པ་རེ་རེའི་དབང་དུ་བྱས་ཏེ་རྒྱས་པར་བསྟན་པ་ཡིན་པ་དེས་ན་ཐེ་ཚོམ་མི་བྱའོ། །སྤྱོད་ཅིང་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་ཤེས་པས་སོ་སྒོམ་པས་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཤེས་པས་སོ། །འདི་སྐད་དུ། མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་བརྟེན་པའི་དངོས་པོ་ལ་དམིགས་པ་ཞེས་བརྗོད་པ་ཡིན་ནོ། །དེ་རྣམ་པ་གང་གིས་དམིགས་པར་བྱ་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །དེས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་ཤེས་བྱ་དམིགས་པར་བྱ་བར་མི་རློམ་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། མངོན་པར་ཞེན་པ་བཀག་པ་ལ་སོགས་པའི་བདག་ཉིད་ཀྱི་རྣམ་པ་གང་ཞིག་བྱང་ཆུབ་ཐོབ་པར་བྱེད་པའི་ཡེ་ཤེས་ཀྱིས་དམིགས་པར་བྱ་བའི་རང་བཞིན་གང་ཡིན་པ་དེས་ཀྱང་རློམ་སེམས་སུ་མི་བྱ་སྟེ། མངོན་པར་ཞེན་པར་མི་བྱའོ་ཞེས་བྱ་བའི་དོན་ཏེ། ཆོས་ཉིད་ཀྱི་སྒོ་ནས་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པའི་ཚུལ་གྱིས་སོ། །འདི་སྐད་དུ་ཉན་ཐོས་ནི་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་དངོས་པོ་ལ་དམིགས་པར་བྱེད་པ་ན་བདག་ཏུ་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར། དེའི་རྣམ་པ་ལ་སོགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་དངོས་པོ་ལ་དམིགས་པ་ན་ཆོས་སུ་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར། དེའི་རྣམ་པ་མངོན་པར་ཞེན་པ་མེད་པ་ལ་སོགས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་མངོན་པར་ཞེན་པའི་དངོས་པོ་མེད་པ་ཡིན་ན། དེ་ལྟ་ན་ནི་མེད་པ་ཡིན་པའི་ཕྱིར་གཉེན་པོ་ཡིན་པར་མི་རིགས་སོ།། འོན་ཏེ་གང་མངོན་པར་ཞེན་པ་མ་ཡིན་པ་ཡིན་ནི་དེའི་ཚེ་མིག་ལ་སོགས་པ་ཡང་ཡིན་པར་ཐལ་བར་འགྱུར་རོ་ཞེན་བརྗོད་པར་བྱ་སྟེ། ཇི་ལྟར་མི་མཐུན་པའི་ཕྱོགས་ཡིན་པ་དེ་ལྟར་མངོན་པར་ཞེན་པ་ཡིན་ལ། ཇི་ལྟར་གཉེན་པོའི་ཕྱོགས་ཡིན་པ་དེ་ལྟར་ནི་མངོན་པར་ཞེན་པ་མེད་པ་ཡིན་ནོ། །ཡང་


DTG085_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ན་མི་མཐུན་པའི་ཕྱོགས་ཡིན་ཞེ་ན། ཇི་ལྟར་མི་བདེན་པའི་རྟོག་པས་ཀུན་ནས་བསླང་བའི་ཡོད་པ་དང་མེད་པར་འཛིན་པ་དག་གོ །ཇི་ལྟར་ན་གཉེན་པོའི་ཕྱོགས་ཡིན་ཞེ་ན། ཅི་ནས་ཀྱང་དེ་དག་མེད་པའོ། །ཡང་ཇི་ལྟར་ན་དེ་དག་མེད་ཅེ་ན། གལ་ཏེ་དེ་གཉིས་དེ་ཁོ་ན་ཉིད་དུ་ན་མེད་པ་ཡིན་ནོ་ཞེས་ཤེས་པར་གྱུར་བའོ། །དེ་ལྟར་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་སེམས་མེད་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་དེ་མ་ཐག་ཏུ་འཆད་བར་འགྱུར་རོ། །མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་ཚང་མས་འཐད་པ་མ་ཡིན་ནམ་རྟོགས་པ་དང་ལྡན་པ་དག་ཇི་ལྟར་མངོན་པར་ཞེན་པ་མེད་པ་ཡིན་སྙམ་ནས། དེ་ཅིའི་སླད་དུ་ཞེན་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་གང་ལས་ཞེས་བྱ་བའོ། །ཡང་ན་གང་མངོན་པར་ཞེན་པ་གང་ཡིན་པ་འདི་དོན་གང་གི་རྒྱུ་ཡིན་ཏེ་དགོས་པ་གང་ཡིན་ཞེས་བྱ་བའི་ཐ་ཚིག་གོ །ལན་བསྟན་པའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་སེམས་ཀྱི་རང་བཞིན་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ཉིད་ནི་འོད་གསལ་བ་ཡིན་ཏེ། མེད་པར་ཀུན་ཏུ་རྟོག་པའི་མུན་པ་ཐམས་ཅད་རྣམ་པར་བསལ་བ་ཡིན་ནོ། །དེ་བས་ན་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་དང་ཐ་མི་དད་པའི་སེམས་ནི་ཡང་དག་པ་ཉིད་དུ་ན་སེམས་མ་ཡིན་ནོ། །འདི་སྙམ་དུ་སེམས་རང་བཞིན་མེད་པ་ཡིན་པའི་ཕྱིར་དེ་དང་ཐ་མི་དད་པ་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་རྣམས་ཇི་ལྟར་ན་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་མེད་པའི་གནས་སུ་གྱུར་པ་ཡིན་ཞེས་བསམས་པའོ། །སེམས་མ་ཡིན་པ་ཞེས་བྱ་བའི་དགག་པ་འདི་ནི་མ་ཡིན་པའམ། མེད་པ་ལ་སྦྱར་ཡང་རུང་སྟེ། ཡོད་པ་དང་མེད་པ་ཙམ་དུ་རློམ་པ་དང་རྗེས་སུ་འབྲེལ་བས་ན་ཕྱིན་ཅི་ལོག་མི་ལྡོག་པར་མཐོང་ནས། ཅི་སེམས་གང་སེམས་མེད་པའི་སེམས་དེ་ཡོད་དམ་ཞེས་སྨྲས་པ་ཡིན་ཏེ། སེམས་གང་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་དང་ཐ་མི་དད་པའི་སེམས་དེ་ཁོ་ན་ཉིད་དུ་ན་སེམས་མེད་པའོ་ཞེས་གང་བརྗོད་པ། ཅི་སེམས་མེད་པ་དེ་ཡོད་དམ་ཞེས་བྱ་བར་སྦྱར་རོ། །རིག་པས་དངོས་པོ་ཉིད་དུ་ན་མེད་པ་ཡིན་པས་མ་ཡིན་པ་ལ་ནི་དགག་པ་མ་ཡིན་གྱི། འོན་ཀྱང་མེད་པ་ལ་ཡིན་ལ་དེ་ལ་ཡང་ཡོད་པ་དང་


DTG085_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཙམ་དུ་བཏགས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་བསམ་པ་ཅན་རབ་འབྱོར་གྱིས་དེ་ཉིད་ལན་འདེབས་སུ་གཞུག་པར་འདོད་ནས། སླར་དྲིས་པའི་བྱ་བས་ཤཱ་རིའི་བུ་ཅི་སེམས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། སེམས་མེད་པའི་ངོ་བོ་ཙམ་ནི་སེམས་མེད་པ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་སེམས་མེད་པ་ཉིད་གང་ཡིན་པའོ། །སེམས་མེད་པ་དེ་ལ་དམིགས་པའི་མཚན་ཉིད་དུ་མ་གྱུར་པའི་ཡོད་པ་ཉིད་ཡོད་པའམ། ཡང་ན་དམིགས་པའི་མཚན་ཉིད་དུ་གྱུར་པ་དམིགས་པར་འགྱུར་རམ། དེ་བཞིན་དུ་མེད་པ་ཉིད་ལ་ཡང་སྦྱར་བར་བྱའོ། །འམ་ཞེས་བྱ་བའི་སྒྲ་སྔ་མ་ནི་ཕྱི་མ་ལ་ལྟོས་པ་ཡིན་ལ། ཕྱི་མ་ནི་སྔ་མ་ལ་ལྟོས་པ་ཡིན་པར་ཤེས་པར་བྱའོ། །མ་སྐྱེས་ངོ་བོ་ཉིད་ལ་ནི། །རྟག་དང་ཆད་ཉིད་གལ་ཞིག །ཆོས་ཀྱི་བྱེ་བྲག་རྣམ་རྟོག་པ། །ངོ་བོ་ཉིད་ལ་རྟོག་པར་བྱེད། །ཇི་ལྟར་སུས་ཀྱང་ནམ་མཁའ་ལ། །ཡིག་སོགས་དགོད་པར་མི་ནུས་ལྟར། །དངོས་པོ་རྣམས་ནི་མ་སྐྱེས་ལ། །ཆོས་སུ་རྣམ་རྟོག་དེ་བཞིན་ནོ། །ཞེས་བྱ་བའི་བསམ་པ་དང་ལྡན་པས་དེ་ནི་མེད་དོ་ཞེས་བྱ་བ་སྨྲས་པ་ཡིན་ཏེ། བཤད་མ་ཐག་པ་གཉི་གའོ། །ད་ནི་དེའི་ཚིག་ཉིད་ལན་དུ་སྦྱོར་བས་སྨྲས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྒལ་བ་གང་ཡིན་པ་དེ་ཅི་རིགས་པར་འགྱུར་རམ་ཞེས་བྱ་བ་ལ། བརྒལ་བ་ནི་རྒོལ་བའོ། །ཅི་རིགས་པར་འགྱུར་རམ་ཞེས་བྱ་བའི་སྒྲ་ནི་བཟློག་པ་སྤོང་བ་སྟེ། མི་རུང་བའི་ཐ་ཚིག་གོ །དེ་ཉིད་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འདི་སྙམ་དུ་སེམས་མེད་པ་ལ་ཡོད་པ་ཉིད་དམ། མེད་པ་ཉིད་མེད་ཅིང་མི་དམིགས་ན་དེ་ལ་ཇི་ལྟར་ཁྱོད་ཀྱིས་སེམས་གང་སེམས་དེ་ཡོད་དམ་ཞེས་བརྒལ་བར་རིགས། དེ་ལ་ཡང་གང་གི་ཕྱིར་སེམས་མེད་པ་ཞེས་བྱ་བ་ནི། སེམས་མེད་པ་ཙམ་ཉིད་ཡིན་པར་འདོད་དོ། །དེ་བས་ན་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་དུ་ཡོད་པར་སྒྲོ་འདོགས་པ་ནི་མི་འགྲིག་གོ་ཞེས་བསམས་པའོ། །ཆོས་ཅན་གང་སེམས་མེད་པ་ཉིད་ཡིན་ན་ཡུལ་མེད་པ་ལ་དགག་པའི་སྦྱོར་བ་མེད་པའི་ཕྱིར་སེམས་མེད་པ་ཡང་མེད་དོ་ཞེས་བརྗོད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་སེམས་མེད་པ་ཉིད་དེ་ཡང་གང་ཡིན་ཞེས་བྱ་བའོ།།


DTG085_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ཀུན་རྫོབ་རྣམས་ཀྱི་སྐབས། །མེད་པར་དེ་ཉིད་ཁང་པ་ཡི། །སྟེང་དུ་འཛེགས་པར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་བྱ་བས་རྣལ་འབྱོར་པའི་ཀུན་རྫོབ་ཏུ་ལན་བསྟན་པའི་ཕྱིར། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མེད་པ་དེ་ནི་འགྱུར་བ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་མེད་པ་ཉིད་འདི་གཅིག་ནས་གཅིག་ཏུ་བརྒྱུད་དེ་གོམས་པར་བྱས་པ་ན། སངས་རྒྱས་ཀྱི་སར་འགྱུར་བ་མེད་པའི་ཡོངས་སུ་གྲུབ་པའི་རྒྱུ་ཉིད་ཡིན་པའི་ཕྱིར་འགྱུར་བ་མེད་པའོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་རྒྱུར་གྱུར་པ་ཉིད་ཀྱང་ཡིན་པའི་ཕྱིར། རྣམ་པར་རྟོག་པ་མེད་པའོ། །དེ་ལྟ་ན་ཡང་རྟོགས་པའི་ཆོས་དང་མི་འགལ་བར་བརྗོད་པ་ཡིན་ནོ་ཞེས་སྨོས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་གང་གིས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་མཆོད་པར་སྟོན་པའི་ཚིག་གོ །ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གང་གི་མཐུས་གཞན་རྣམས་ཀྱི་རྒྱུད་ལ་བདག་དང་གཞན་ལ་གདུང་བར་བྱེད་པའི་དོན་གྱིས་སྒྲ་སྒྲོགས་པའི་ཉོན་མོངས་པ་འདི་ལ་མི་སྐྱེ་བ་དེ་ནི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་ཏུ་གསུངས་པ་ལྟར་སེམས་མེད་པ་ཉིད་སྟོན་པས་ན་ཞེས་བྱ་བའི་ཚིག་རྣམ་པར་བསྒྱུར་ནས་སྦྱར་རོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་ངོ་མཚར་བས་ལན་གཉིས་བརྗོད་པའོ། །གང་གལ་ཏེ་སངས་རྒྱས་ཀྱི་མཐུས་ཐབས་ལ་མཁས་པ་དང་བཅས་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་མ་ཡིན་ནམ། གང་གིས་ཤཱ་རིའི་བུ་དེ་ལ་མཁས་པ་ཡིན་དུ་ཟིན་ཀྱང་འཕགས་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་ལེགས་པར་འགྱུར་བ་ཁྱད་པར་འཕགས་པ་ཅི་ཞིག་ཡོད་ཅེ་ན། ཅི་ཡང་མེད་མོད་ཀྱིས། འོན་ཀྱང་ཆེ་བའི་བདག་ཉིད་བསྟན་པས་དེ་དག་གི་གདུ་བྱ་རྣམས་ལ་ཕན་གདགས་པའི་ཕྱིར་རམ། མ་འོངས་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཉིད་ཀྱིས་རྩོད་པ་མེད་པ་སྔོན་དུ་འགྲོ་བའི་ལེགས་སོ་ཞེས་སྨྲ་བ་ལ་ཉེས་པ་མེད་དོ། །སེམས་མེད་པ་ཉིད་ཀྱི་ཆེ་བའི་བདག་ཉིད་སྟོན་པ་ན། ལ་ལ་རིགས་མ་ངེས་པ་ཡིན་ཡང་དབང་པོ་རྣོ་བས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་ཡང་ཐབས་ཀྱི་ཁྱད་པར་


DTG085_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པ་ཡིན་ནོ་ཞེས་བརྗོད་པ་ནི། དེ་བས་ན་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམ་སེམས་སུ་མི་བྱེད་པ་དེས་ན་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པས་ཡིན་ནོ། །ཡང་ཞེས་བྱ་བས་ནི་མི་རྟག་པ་ལ་སོགས་པའི་མཚན་ཉིད་དངོས་པོ་ལ་དམིགས་པའི་ཕྱིར་རོ་བརྟག་པར་བྱའོ་ཞེས་བྱ་བ་ནི་ངེས་པར་བྱ་བའོ། །ས་བརྒྱད་པ་ལ་ནི་ཐམས་ཅད་ཕྱིར་མི་ལྡོག་པར་ངེས་པ་ཉིད་དུ་བཞག་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ཡོངས་སུ་མི་ཉམས་པ་དང་ལྡན་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བྱའོ། །ཡང་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པར་བརྟག་པར་བྱ་བ་འབའ་ཞིག་ཏུ་མ་ཟད་པའོ། །དེ་ལྟར་དམིགས་པ་དང་རྣམ་པ་བརྗོད་ནས་དྲོ་བ་ཆུང་དུའི་རྒྱུའི་ཁྱད་པར་བསྟན་པའི་ཕྱིར། ཉན་ཐོས་ཀྱི་ས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་ཅན་གྱི་ཤེས་པའི་གནས་སྐབས་ཐོབ་པའི་ཤེས་པ་ཉིད་ནི་སའོ། །དེ་ལ་སློབ་པར་འདོད་པས་ཏེ་སྒྲུབ་པར་བྱེད་པར་འདོད་པས་སོ། །འདི་ཉིད་ཅེས་བྱ་བ་ནི་གཙོར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མཆོག་ཏུ་སྟོན་པའོ་རྣམ་བའི་རྣམ་པར་ཤེས་པ་དང་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་གཞུང་དང་དོན་དག་ཡོངས་སུ་གཅོད་པས་མཉན་པར་བྱ་བའོ། །བསམ་པའི་རང་བཞིན་གྱི་ཡིད་ལ་བྱེད་པས་གཟུང་བར་བྱ་བའོ། །བསྒོམ་པའི་རང་བཞིན་གྱི་སྒྲུབ་པས་རྫོགས་པར་བྱས་པས་བཅད་པར་བྱ་བའོ། །དམ་བཅས་ནས་གླེགས་བམ་ཀློག་བས་ན་བཀླག་པར་བྱ་བའོ། །ལུང་དང་རྟོགས་པས་ཀུན་ཆུབ་པར་བྱ་བའོ། །བཤད་པ་ལ་སོགས་པས་གཞན་དག་ལ་རབ་ཏུ་སྟོན་པས་རབ་ཏུ་གདོན་པར་བྱ་བའོ། །མཉན་པ་ལ་སོགས་པ་ཐམས་ཅད་ལ་སྦྱོར་བ་དང་མཇུག་གི་སེམས་ཕུན་སུམ་ཚོགས་པས་ན་བསླབ་པར་བྱ་བའོ། །དངོས་གཞིའི་སེམས་ལ་ཡང་མཉམ་པར་གཞག་པར་བྱ་བ་ཡིན་པས་ན་རྣལ་འབྱོར་དུ་བྱ་བའོ། །ཐབས་མཁས་པ་དང་ལྡན་པས་ཞེས་བྱ་བ་ནི། སངས་རྒྱས་ཆོས་རྣམས་རྫོགས་བྱ་དང༌། །སེམས་ཅན་ཡོངས་སུ་སྨིན་བྱ་དང༌། །མྱུར་འཐོབ་བྱ་བ་འགྲུབ་པ་དང༌། །ལམ་རྒྱུན་མི་གཅོད་ལ་མཁས་དང༌། །བྱང་ཆུབ་སེམས་


DTG085_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ས་ཀུན་ལ། །ཐབས་ནི་མཚུངས་པ་མེད་པ་སྟེ། །ཐབས་མཁས་དེ་ལ་བརྟེན་ནས་ནི། །དེ་དག་ཀུན་ཏུ་སྒྲུབ་པར་བྱེད། །ཅེས་བཤད་པས། ཇི་སྐད་བཤད་པའི་དོན་མྱུར་དུ་ཡོངས་སུ་ཐོབ་པར་བྱེད་པ། ཀུན་རྫོབ་དང་དོན་དམ་པ་ལ་བརྟེན་པའི་སེམས་ཀྱི་བྱེ་བྲག་ཉིད་ནི་ཐབས་ཏེ། དེ་དང་ལྡན་པ་ནི་ཐབས་མཁས་པ་དང་བཅས་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་ཆོས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ལམ་ཤེས་པ་ཉིད་ཀྱི་མཚན་ཉིད་དེ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་རྣལ་འབྱོར་ཞེས་བྱ་བའི་ཏིང་འཛིན་དུ་བྱའོ། །འགའ་ཞིག་ཏུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་ཞེས་འདོན་ཏོ། །དེ་ནི་མི་རིགས་ཏེ་གང་ཕྱིར་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་རྒྱས་པར་ཞེས་བྱ་བ་ལ་སོགས་པ་དེ་མ་ཐག་ཏུ་བརྗོད་པར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་ལ་ཡང་བྱང་ཆུབ་སེམས་དཔའི་ཆོས་སྦྱིན་པ་ལ་སོགས་པ་བསྟན་པ་ཉིད་མ་ཡིན་ནམ་ཞེས་དོགས་པ་བསུ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་སྨྲས་སོ། །ལན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པའོ། །གང་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཆོས་གང་ལའོ། །འདི་སྙམ་དུ་ཉན་ཐོས་ལ་སོགས་པའི་ཆོས་ནི་དེའི་སྡེ་སྣོད་ལས་རྒྱ་ཆེར་གསུངས་ལ། བྱང་ཆུབ་སེམས་དཔའི་ཆོས་ནི་ཞར་ལ་སྟོན་ཏོ། །འདིར་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཉིད་ནི་རྒྱ་ཆེར་བསྟན་ལ། ཉན་ཐོས་ཀྱི་ཆོས་རྣམས་ནི་ཞར་ལ་བསྟན་སྙམ་དུ་བསམ་པ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞེས་བྱ་བ་ལ། གང་ལ་གོང་ན་གཙོ་བོ་གཞན་མེད་པ་དེ་ནི་བླ་ན་མེད་པའོ། །ཡང་དག་པ་ཕྱིན་ཅི་མ་ལོག་པ་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། སངས་རྒྱས་ཀྱིས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ཅན་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པར་བྱ་བའི་ཕྱིར། ཉན་ཐོས་ཀྱི་ཐེག་པར་སངས་རྒྱས་ཀྱི་ཆོས་རྣམས་བསྟན་པ་ཉིད་དོ་སྙམ་དུ་དོགས་པ་བསུ་ནས། དེ་ཅིའི་


DTG085_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན་ཞེས་གསུངས་སོ། །དེ་ཁོ་ན་བཞིན་དུ་ལན་གྱི་དོན་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་ཞེས་བྱ་བ་ལ་སོགས་པའོ། །ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་བྱ་བ་ནས་བརྩམས་ཏེ། མཐར་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་འདིས་ནི་འདི་སྐད་དུ་ཐེག་པ་གསུམ་རྟོགས་པ་ཐོབ་པར་བྱ་བའི་ཕྱིར་དྲོ་བ་ཆུང་ངུར་གཏོགས་པའི་དགེ་བ་རྒྱུ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ་རྒྱུའི་དངོས་པོ་འདི་ནི་དྲོད་ལ་སོགས་པ་ཐམས་ཅད་ཀྱི་ཡིན་པར་ཤེས་པར་བྱའོ། །འབྲིང་གི་དམིགས་པའི་དོན་གསུངས་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་མིང་གང་ལགས་པ་འདི་ཉིད་ཅེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་ལ་སྔར་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཆོས་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པས། དོན་གང་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་དོན་གང་ལ་ཡོད་པ་དེ་མ་དམིགས་པར་བརྗོད་པ་ཡིན་ལ། ད་ལྟ་ནི། འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་པར་བྱེད་ལས་མ་གཏོགས་པ། །བརྗོད་པར་བྱ་བ་བརྟག་མི་བྱ། །ཞེས་བྱ་བའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་གི་རང་བཞིན་གདགས་པར་བྱ་བ་གང་ཡིན་པ་དེ་མ་དམིགས་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །མ་འཚལ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཡང་ན་འདས་པ་ནི་མ་འཚལ། ད་ལྟར་བྱུང་བ་ནི་མ་དམིགས། མ་འོངས་པ་ནི་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཆོས་ཐམས་ཅད་དུས་གསུམ་དུ་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །འོ་ན་ནི་གདམས་པའི་ཡུལ་གྱི་མིང་ཡོད་དོ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཞེས་བྱ་བ་སྨོས་ཏེ། མིང་ཙམ་ཞེས་བྱ་བར་བསམས་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་མིང་གི་རང་བཞིན་ཏེ། མིང་གི་སྐབས་ཡིན་པའི་ཕྱིར་རོ། །གློ་བ་ལ་གཅགས་ལགས་སོ་ཞེས་བྱ་བ་ནི། ཡུལ་གནས་པ་ནི་ཉམས་སུ་མྱོང་བའི་མཐར་ཐུག་པ་ཡིན་པའི་ཕྱིར་དང་མ་དམིགས་པ་ཡིན་པའི་ཕྱིར་འདི་ནི་གློ་བ་ལ་གཅགས་ཏེ། ཡིད་ལ་གཅགས་པ་ཉིད་ཡིན་ནོ། །དེ་ཉིད་ནི་གང་བདག་གི་དངོས་


DTG085_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མ་འཚལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདུ་བ་དང་འགོད་པ་ཞེས་བྱ་བ་ལ་སྒྲུབ་པ་ནི་འདུ་བའོ། །དགག་པ་ནི་འགོད་པའོ། །སྒྲུབ་དང་དགག་པ་མ་གཏོགས་པ། །སྒྲ་ལས་བྱུང་བའི་ཐ་སྙད་གཞན། །ཡོད་མིན་ཞེས་བྱ་བའི་ཚུལ་གྱིས་ཚིག་གཉིས་ཁོ་ནས་ཐམས་ཅད་བསྡུས་པའི་ཕྱིར་འདིར་འདི་ལྟར་བརྗོད་པ་ཡིན་ནོ། །འདི་སྐད་དུ་དེ་ཁོ་ན་ཉིད་དུ་ན་འདུ་བ་དང་འགོད་པ་དང་བྲལ་བ་ཉིད་ཀྱི་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་དམིགས་པ་ཞེས་བརྗོད་པ་ཡིན་ནོ། །དེ་རྣམ་པ་གང་གིས་དམིགས་པར་བྱ་ཞེ་ན། འོན་ཀྱང་ཞེས་བྱ་བྱ་ལ་སོགས་པ་སྨོས་ཏེ། དམིགས་པའི་མིང་དེ་ཡང་རྒྱུན་གྱི་ཚུལ་གྱིས་གནས་པ་མ་ལགས་པའོ། །དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཡུལ་མེད་པ་ལ་དགག་པ་ཡི། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །རྣམ་པར་རྟོག་ལ་བརྟེན་ན་ཡང༌། །ཀུན་རྫོབ་པར་འགྱུར་ཡང་དག་མིན། །ཞེས་བྱ་བའི་ཚུལ་གྱིས་མི་གནས་པ་ཡང་མ་ལགས་པའོ། །རྒྱུན་མི་འདྲ་བ་ཉིད་ཀྱིས་ན་གནས་པ་དང་བྲལ་བ་ཡང་མ་ལགས་པའོ། །དེ་ཁོ་ན་བཞིན་དུ་གནས་པ་དང་བྲལ་བ་མ་ལགས་པའོ། །མིང་དུ་བཏགས་པ་ཀུན་རྫོབ་ཏུ་སྣད་བ་ན་ཇི་ལྟར་ན་རྒྱུན་དང་དེ་མི་འདྲ་བར་འཐད་པ་མ་ཡིན་སྙམ་དུ་དོགས་བ་བསུ་ནས། དེ་ཅིའི་སླད་དུ་ཞེ་ན་ཞེས་སྨོས་སོ། །མིང་དེ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་ཉིད་དུ་ཞེས་བྱ་བ་ནི་ལྷག་མ་སྟེ། ཀུན་རྫོབ་ཏུ་ནི་ཉེས་པ་མེད་དོ་ཞེས་བྱ་བར་དགོངས་སོ། །ཉེ་བར་བསྡུ་བའི་ཕྱིར་དེ་ལྟར་མི་དེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ། ཆོས་ཉིད་ཀྱི་སྒོ་ནས་རྒྱུན་དང་དེ་དང་མི་འདྲ་བ་དང་བྲལ་བའི་དེ་ཁོ་ན་ཉིད་ནི་རྣམ་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཆེན་པོའི་དམིགས་པའི་དོན་གསུངས་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཟབ་མོ་ཞེས་བྱ་བ་ནི་མིང་ཙམ་ཉིད་ཀྱིས་བཏགས་པ་ཙམ་གྱི་རང་བཞིན། གཞན་མུ་སྟེགས་པ་རྣམས་དང་རང་གི་སྡེ་པ་རྟེན་མེད་པས་འཇིགས་པ་རྣམས་ཀྱིས་གཏིང་མི་དཔོགས་པའོ། །འདི་སྐད་དུ། བཏགས་པ་ཙམ་ཉིད་ཀྱི་ཁྱད་པར་ཅན་སྡུག་བསྔལ་ལ་སོགས་པའི་བདེན་པ་དམིགས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་རྣམ་པ་གང་གིས་དམིགས་པར་བྱ་ཞེ་ན།


DTG085_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་བསམ་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཏགས་པ་དེ་ནི་དགེ་བ་ལ་སོགས་པ་ཉིད་ཀྱི་ཆོས་གང་དུ་ཡང་བརྗོད་དུ་མེད་པར་ཞེས་བྱ་བའི་ལྷག་པའི་བསམ་པས་མོས་ཤིང་དམིགས་པའོ། །ཡངས་ཤིང་རྒྱ་ཆེ་དགའ་བ་དང༌། །དགོས་པ་ཆེ་ལ་བརྩོན་པ་དང། །དགེ་བ་ལྷག་པའི་བསམ་པ་དང༌། །དག་པའི་ལྷག་པའི་བསམ་པ་ཡིན། །ཞེས་བྱ་བའི་ལྷག་པའི་བསམ་བས་སོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ནི་ལྡན་པ་སྟེ་གཙོར་དྲོད་ཆེན་པོ་དང་མ་བྲལ་བའོ། །དེ་བཞིན་དུ་གཞན་དག་ཏུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདི་སྐབས་ལས་རིག་པར་བྱའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ནི་ཐོབ་པ་ཡོངས་སུ་མི་ཉམས་པ་ས་བརྒྱད་པ་ལ་སྟེ། དེའི་འབྲས་བུ་ཕྱིར་མི་ལྡོག་པ་ཉིད་ཐོབ་པའི་ཕྱིར་རོ། །ལེགས་པར་གནས་པ་ནི་མ་ཐོབ་པ་ཡོངས་སུ་མི་ཉམས་པ་སྟེ་དེ་བསྐྱེད་པར་རུང་བ་ཉིད་ཀྱིས་གོང་ནས་གོང་དུ་ཁྱད་པར་འཐོབ་པའི་ཕྱིར་རོ། །གཉིས་པོ་འདི་ནི་མངོན་པར་ཞེན་པ་མེད་པའི་སྦྱོར་བས་བྱའོ་ཞེས་གསུངས་པ་ནི་མི་གནས་པའི་ཚུལ་གྱིས་ཞེས་བྱ་བ་ཡིན་ནོ། །འདི་སྐད་དུ་རྣམ་པ་ནི་ཆོས་ཉིད་ཀྱི་སྒོ་ནས་བརྗོད་དུ་མེད་པ་ཡིན་ཞེས་བརྗོད་པ་ཡིན་ནོ། །སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཀྱང་དྲོ་བ་ཆེན་པོའི་དམིགས་པ་དང་རྣམ་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་གང་ཡང་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེ་བགྱི་འདི་ནི་ཆོས་ཀྱི་བརྡ་ལས་བྱུང་བའི་བཏགས་པ་ལགས་ལ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཞེས་བགྱི་བ་དེ་ཡང་དགེ་བའམ་མི་དགེ་བའམ་དངོས་པོའི་དངོས་པོ་མེད་པའི་ཆོས་གང་དུ་ཡང་བརྗོད་པར་བྱ་བ་མ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་རྨི་ལམ་ཞེས་བགྱི་བའི་མིང་ནི་ཞེས་བྱ་བའི་བར་དུ་རྒྱ་ཆེར་གསུངས་ཏེ་དེ་བས་ན་སོམ་ཉི་མི་བྱའོ། །དེ་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་དྲོ་བར་གྱུར་པ་དང་འདྲ་བས་དྲོ་བར་གྱུར་པའི་དམིགས་པ་དང༌། རྣམ་པ་དང་ལྡན་པ་རྣམ་པ་གསུམ་མོ། །བར་ཆད་མེད་ན་མཐོང་བའི་ལམ་ཆེས་ཉེ་བར་འབྱུང་བ་ཞེས་བྱ་བ་ནི་ཐར་བའི་ཆ་དད་མཐུན་པ་ལས་འདིའི་ཁྱད་པར་ཡིན་པར་རིག་པར་བྱའོ། །དེ་སྐད་དུ་ཡང༌།


DTG085_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མི་རྟག་པ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། །གཟུགས་སོགས་འདུ་འགོད་གནས་བྲལ་དང༌། །གནས་དང་བཏགས་དང་བརྗོད་དུ་མེད། །ཅེས་གསུངས་པ་ཡིན་ནོ། །ད་ནི་དྲོ་བའི་རྗེས་ལ་རྩེ་མོར་གཏོགས་པའི་དགེ་བའི་རྩ་བ་ཆུང་དུའི་དམིགས་པའི་དོན་གསུངས་པ་ནི་བཅོམ་ལྡན་འདས་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གཙོར་ཙེ་མོའི་རང་བཞིན་ལའོ། །སྤྱོད་ཅིང་ཞེས་བྱ་བ་དང་སྒོམ་པས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཡང་ན་སྦྱོར་བ་དང་མཇུག་གི་སེམས་ཀྱིས་སྤྱོད་ཅིང་དངོས་གཞིའི་སེམས་ཀྱིས་སྒོམ་པས་ཞེས་བྱ་བར་སྦྱར་རོ། །གཟུགས་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་གཟུགས་སུ་རུང་བའི་མཚན་ཉིད་ཅན་ནི་གཟུགས་སོ། །ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནི་ཚོར་བའོ། །མཚན་མར་འཛིན་པའི་བདག་ཉིད་ཅན་ནི་འདུ་ཤེས་སོ། །སེམས་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་ནི་འདུ་བྱེད་རྣམས་སོ། །རྟོགས་པའི་མཚན་ཉིད་ཅན་ནི་རྣམ་པར་ཤེས་པའོ། །གཟུགས་དེ་ཡང་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་གཟུགས་ནི་གཟུང་བ་དང་འཛིན་པའི་ཚུལ་གྱིས་བརྟགས་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་བརྟགས་པའི་གཟུགས་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་ཡིན་པས་ཤེས་པ་ཉིད་དེ་ལྟར་སྣང་བ་སྟེ། དེ་ལྟར་རྣམ་པར་བརྟགས་པའི་ཕྱིར་རོ། །ཆོས་ཉིད་ཀྱི་གཟུགས་ནི་དེ་ཁོ་ན་ཉིད་དུ་ན་གཟུགས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར། རོ་ཚོར་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །གཟུགས་ལ་སོགས་པའི་གོ་རིམས་ནི་འདི་ཡིན་ཏེ། རིམ་ནི་རགས་དང་ཀུན་ཉོན་མོངས། །སྣོད་སོགས་དོན་ཁམས་ཇི་བཞིན་ནོ། །དེ་ཁོ་ན་ཉིད་དུ་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་དེ་ལ་དངོས་པོར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་སྟེ། སེམས་ཀྱི་རྟེན་དུ་མི་བྱའོ་ཞེས་པའི་དོན་ཏོ། །འདི་སྐད་དུ། གང་གི་ཕྱིར་རང་བཞིན་སྟོང་པ་ཉིད་ཀྱི་གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པའི་རང་བཞིན་དང་བྲལ་བའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར་གནས་པར་མི་འོས་པའི་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་དམིགས་པ་ཡིན་ནོ་


DTG085_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་པ་ཡིན་ནོ། །ཅིའི་ཕྱིར་དེ་ལྟ་བུར་དམིགས་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བསུ་ནས། ལྡོག་པའི་སྒོ་ནས་རྣམ་པ་སྨྲས་པ་ནི་གལ་ཏེ་གཟུགས་ལ་གནས་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་སྙམ་དུ་དམིགས་པ་ལ་འཛིན་པའི་བྱེ་བྲག་ཉིད་རྣམ་པ་ཡིན་ལ། ཡུལ་གནས་པ་མྱོང་བའི་མཐར་ཐུག་པ་ཡིན་པ་དེས་ན་དམིགས་པ་ནི་རྣམ་པ་དང་རྗེས་སུ་མཐུན་པ་ཁོ་ན་ཡིན་པར་གཟུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །དེ་བས་གལ་ཏེ་མི་རྟག་པ་ལ་སོགས་པའི་རྣམ་པས་གཟུགས་ལ་གནས་ན་དེའི་ཚེ་གཟུགས་མངོན་པར་འདུ་བྱེད་པ་སྟེ་གཟུགས་སུ་རྩོལ་བའི་རྣམ་པར་རྟོག་པ་ལ་སྤྱོད་ལ། དེ་ལྟར་ན་ཡང་རྩེ་མོ་ཆུང་ངུར་གཙོར་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །འདི་སྐད་དུ་ཆོས་ཉིད་ཀྱི་སྒོ་ནས་རྣམ་པ་ནི་རྣམ་པ་འདི་ལྟ་བུ་ཡིན་པར་གཟུང་སྟེ། འདི་ལྟ་སྟེ་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང་སྟོང་པ་ཉིད་དག་ནི་ཕན་ཚུན་ངོ་བོ་ཉིད་གཅིག་པ་ཡིན་པ་དེས་ན་སྟོང་པ་ཉིད་དེ་ལ་མི་རྟག་པ་ལ་སོགས་པ་མེད་པ་ཉིད་ཀྱིས་ན་གཟུགས་ལ་སོགས་པ་ལ་རྟག་པ་དང་མི་རྟག་པ་ལ་སོགས་པའི་རྣམ་པས་གནས་པར་མི་བྱ་བས་མི་གནས་པ་ཞེས་བརྗོད་པ་ཡིན་ནོ། །འདི་ལྟར་རྩེ་མོ་ཆུད་དུའི་རྣམ་པའི་དབང་དུ་མཛད་ནས་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་གཟུགས་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་གཟུགས་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་མི་རྟག་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ནོ། །མངོན་པར་འདུ་བྱེད་པ་མེད་པར་སྒོམ་པ་མི་འཐད་པས་ཡང་ཇི་ལྟར་ན་མགོན་པར་འདུ་བྱེད་པ་ལ་སྤྱོད་ན་སྤྱོད་པ་མ་ཡིན་ནོ་སྙམ་དུ་དོགས་པ་དེ་ཅིའི་སླད་དུ་ཞེན་ཞེས་བྱ་བས་བསུ་ནས་མངོན་པར་འདུ་བྱེད་པ་རྣམས་ལ་ཞེས་བྱ་བ་སྨོས་སོ། །འདི་སྙམ་དུ་མངོན་པར་འདུ་བྱེད་པ་ནི་རྣམ་པར་རྟོག་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པ་ཡིན་ན། དེ་ཇི་ལྟར་ན་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པས་རྣམ་པར་རྟོག་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཏེ་འོན་ཀྱང་སྒྱུ་མའི་སྐྱེས་བུ་ལྟར་སྤྱད་པར་བྱའོ་སྙམ་དུ་བསམས་པ་ཡིན་


DTG085_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཡོངས་སུ་འཛིན་པ་ཡང་མ་ལགས་རྣལ་འབྱོར་དུ་མི་བགྱིད་པ་ཡང་མ་ལགས་ཡོངས་སུ་རྫོགས་པར་བགྱིད་པ་ཡང་མ་ལགས་ཞེས་བྱ་བའི་ཚིག་གསུམ་གྱིས་ནི་གྲངས་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང་དངོས་གཞི་དང་མཇུག་གི་གནས་སྐབས་ཡིན་པར་བལྟ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་གཙོར་རྩེ་མོ་ཆུང་དུའི་རང་བཞིན་ནོ། །ཡོངས་སུ་མ་བཟུང་བ་ཞེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་མ་བཟུང་བ་ཞེས་བྱ་བ་ནི་གཟུང་བར་མི་འོས་པའི་མངོན་པར་འདུ་བྱེད་པ་ཡོངས་སུ་བཟུང་ཞིང་བདག་གིར་བྱས་པས་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཐམས་ཅད་མཁྱེན་པ་ཉིད་ནི་འདིར་ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སྤྱིར་ཐམས་ཅད་མཁྱེན་པའི་སྒྲར་བཤད་དོ། །གཞན་དག་ཏུ་ཡང་ཅི་རིགས་པ་ཉིད་དུ་བྱའོ། །མངོན་པར་འདུ་བྱེད་པ་ཇི་ལྟར་གཟུང་བར་འོས་པ་ཡིན་སྙམ་དུ་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཟུགས་ཡོངས་སུ་གཟུང་བ་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་མངོན་པར་འདུ་བྱེད་པའི་ཡུལ་གྱི་རང་བཞིན་གཟུགས་ལ་སོགས་པ་ནི་རིགས་པས་ཡོད་པ་མ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་གཟུང་བ་མེད་ལ། གང་གི་ཕྱིར་དེའི་ཡུལ་ཅན་མངོན་པར་འདུ་བྱེད་པ་ནི་ལོག་པར་སྣང་བ་ཉིད་ཡིན་པའི་ཕྱིར་གཟུང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བསམས་པ་ཡིན་ནོ། །དེ་ཉིད་སྟོན་པ་ནི་གཟུགས་ཡོངས་སུ་གཟུང་བ་མ་མཆིས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པ་དང་དགག་པ་དག་ནི་ཡུལ་ཐ་དད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཕྱིན་ཅི་ལོག་ཏུ་ཐལ་བར་འགྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མངོན་པར་ཞེན་པར་མི་བྱའོ་ཞེས་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ཡོངས་སུ་གཟུང་བ་མ་མཆིས་སོ་ཞེས་བྱ་བ་སྨོས་སོ། །ཉེ་བར་བསྡུ་བའི་ཕྱིར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་དེ་ཁོ་ན་ལྟར་ཞེས་ངེས་པར་གཟུང་བའི་དོན་ཏོ། །དེ་ལྟ་བུའི་དམིགས་པ་དང་རྣམ་པ་ལས་སྐྱེས་པའི་རྩེ་མོར་གཏོགས་པ་ཆུང་ངུའི་ཏིང་ངེ་འཛིན་ནི་འདི་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུགས་ལ་


DTG085_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཆོས་ཐམས་ཅད་དུ་ཡོངས་སུ་གཟུང་བ་མེད་པའི་ཏིང་ངེ་འཛིན་དོན་དང་ལྡན་པའི་མིང་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དབྱིངས་ཡངས་པ་ཉིད་ཀྱིས་ན་ཡངས་པའོ། །མདུན་དུ་བགྱིས་པ་ནི་ཇི་སྐད་དུ་བཤད་པའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གིས་སེམས་ཀྱི་མདུན་ན་གནས་པའི་ཕྱིར་རོ་ཞེས་འཕགས་པ་རྣམ་གྲོལ་སྡེས་བཤད་དོ། །དེ་ཉིད་ཀྱི་ཕྱིར་ན། ལ་ལས་མདུན་དུ་མ་བགྱིས་བཞེས་འདོན་པ་ནི་གཟུང་བར་མི་བྱའོ། །ཚད་མེད་པར་ངེས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སོ་སོར་ངེས་པའི་ཕྱིར་རོ། །ཡང་ན་ཐུགས་རྗེ་ཆེན་པོ་དང་ཤེས་རབ་ཀྱི་སྦྱོར་བས་སེམས་ཅན་ཚད་མེད་པའི་དོན་མཛད་པར་ངེས་པ་ཡིན་པའི་ཕྱིར་ཚད་མེད་པར་ངེས་པའོ། །ཐུན་མོང་མ་ཡིན་པ་ཇི་ཇི་སྐད་དུ་བཤད་པའི་དམིགས་པ་ལ་སོགས་པ་རྣམ་པ་ལྔས་ཁྱད་པར་དུ་འཕགས་པའི་ཕྱིར་གཞན་གྱིས་མི་རྟོགས་པའོ། །འབྲིང་གི་དམིགས་པའི་དོན་གསུངས་པ་ནི་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཞེས་བྱ་བའོ། །ཡང་གི་སྒྲས་ནི་མི་རྟག་པ་ལ་སོགས་པ་དང་སྟོང་པ་ཉིད་ཡོངས་སུ་གཟུང་ངོ༌། །ཅིའི་ཕྱིར་ཡོངས་སུ་གཟུང་བ་མེད་ཅེ་ན། མཚན་མར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་མ་ནི་ཐུན་མོང་མ་ཡིན་པའི་རང་བཞིན་ཡིན་ལ། དེ་ཁོ་ན་ཉིད་དུ་ན་ཕན་ཚུན་ཚུལ་གཅིག་ཡིན་པས་དེའི་ཕྱིར་གཟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་མི་རྟག་པ་ལ་སོགས་པ་དང་རྣམ་པ་ཐམས་ཅད་མཁྱེན་པའི་སྟོང་པ་ཉིད་དག་ནི་རང་རང་གི་ངོ་བོ་ཉིད་དག་གིས་ངོ་བོ་མེད་པའི་ཕྱིར། འདི་དག་ཕན་ཚུན་བདག་ཉིད་གཅིག་པས་མཚན་མ་མེད་པ་ཉིད་ཀྱི་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་དམིགས་པར་བྱའོ་ཞེས་བརྗོད་པ་ཡིན་ནོ། །མཚན་མར་བཟུང་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་མར་གཟུང་བར་བྱ་བར་གྱུར་ན་ནི། དེའི་ཚེ་རང་གི་བསྟན་པ་ལ་མཚན་མར་བཟུང་བས་ཡུན་རིང་པོར་ཐར་པ་མ་མཐོང་བས་ཀུན་ཏུ་སྐྱོ་བར་གྱུ་བའི་ཀུན་ཏུ་རྒྱུ་ཕྲེང་བ་ཅན་ཞེས་བྱ་བའི་མིང་ཅན་གྱི་དཀའ་ཐུབ་པ་བསྟན་པའི་ད་ལ་དད་པར་ཏེ་མཚན་མ་མེད་པའི་ཚུལ་ལ་མངོན་པར་ཡིད་ཆེས་པ་ཐོབ་པར་མི་འགྱུར་ཏེ། མཚན་མར་


DTG085_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་མཚུངས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་སྟོན་པས་ཀུན་ཏུ་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་མཚན་མ་མེད་པ་ནི་དེ་བཞིན་གཤེགས་པ་ཉིད་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་ཞེས་བྱ་བ་དེའི་རྒྱུ་མཚན་མ་མེད་པ་ལ་མོས་ན་སྟེ་ལྷག་པར་མོས་པའི་ཡིད་ལ་བྱེད་པ་བསྐྱེད་ནས་དབང་པོ་རྟུལ་པོ་ཉིད་ཀྱིས་དད་པས་ལམ་གྱི་རྗེས་སུ་འབྲངས་ནས་དད་པས་རྗེས་སུ་འབྲང་བ་ཞིང་ཕྱོགས་གཅིག་ལ་གང་ཟག་ལ་བདག་མེད་པའི་ཤེས་པས་ཞུགས་སོ། །དེ་ཞུགས་ནས་ཀྱང་དུས་ཕྱིས་གཟུགས་ལ་སོགས་པ་ལ་མཚན་མར་ཡིད་ལ་མི་བྱེད་ཅིང༌། མཚན་མ་མེད་པ་བསྒོམ་པ་དེ་ལ་སྒོམ་པར་བྱེད་པའི་ཤེས་པ་དེ་ལ་དགའ་བ་དང་བདེ་བ་སྐྱེས་པའི་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ལ་དགའ་བ་ནི་ཡིད་བདེ་བ་སྟེ་སེམས་ཀྱིའོ། །བདེ་བ་ནི་ཤིན་ཏུ་སྦྱངས་ཏེ་ལུས་ཀྱིའོ། །དེ་ཡང་བཙུན་པ་རྣམ་པར་གྲོལ་བའི་སྡེས་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་བསམ་གཏན་དང་པོའམ་གཉིས་པ་གང་ཡང་རུང་བ་ལ་བརྟེན་ནས་ཞུགས་པ་ཡིན་ནོ་ཞེས་བཤད་དོ། །རྣམ་པ་གང་གིས་དམིགས་པར་བྱ་ཞེ་ན། ཤེས་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒོམ་པར་བྱེད་པའི་ཤེས་པ་དེ་ནང་གི་གཟུགས་ཟིན་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ནང་གི་སྐྱེ་མཆེད་ཀྱི་ཡིན་པར་ནང་སྟོང་པ་ཉིད་ཀྱིས་ན་ཡང་དག་པར་རྗེས་སུ་མི་མཐོང་སྟེ་མཚན་མར་ཞེས་བྱ་བ་ནི་ལྷག་མའོ། །ཕྱི་རོལ་གྱི་གཟུགས་མ་ཟིན་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཕྱིའི་སྐྱེ་མཆེད་ཀྱི་ཡིན་པར་ཕྱི་སྟོང་པ་ཉིད་ཀྱིས་ན་ཡང་དག་པར་རྗེས་སུ་མཐོང་ངོ༌། །ནང་དང་ཕྱི་རོལ་གྱི་གཟུགས་དེ་གཉི་ག་ཚོགས་པའི་ཡིན་པར་ཏེ་ཕྱི་ནང་སྟོང་པ་ཉིད་ཀྱིས་སོ། །འོ་ན་གཟུགས་ལས་གཞན་པ་ལ་མཐོང་ངོ་ཞེ་ན། ཤེས་པ་དེ་གཟུགས་ལས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་ན་འདི་ཆོས་སྒོམ་པ་ལ་མངོན་པར་ཞུགས་པར་ཇི་ལྟར་བརྗོད་པར་བྱ་ཞེ་ན། ཚིག་གི་རྣམ་གྲངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་གི་རྣམ་གྲངས་ཉིད་ལ་ཞེས་བྱ་བ་རྣལ་འབྱོར་གྱི་གནས་ཀྱི་ཁྱད་པར་འདི་ལ་མོས་པས་སྤྱོད་པའི་ས་ལ་གནས་པས་ཀུན་ཏུ་རྒྱུ་ཕྲེང་བ་ཅན་མོས་སོ་ཞེས་བརྗོད་པར་བྱའི་རྟོགས་པ་ནི་


DTG085_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །གང་གི་ཕྱིར་ཀུན་ཏུ་རྒྱུ་ཕྲེང་བ་ཅན་མཚན་མ་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ། དེ་ཁོ་ན་ཉིད་མ་རྟོགས་པས་དབང་པོ་རྣོན་པོ་མ་ཡིན་པ་ཉིད་ཀྱིས་དད་པས་རྗེས་སུ་འབྲང་བ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་རྟོགས་ན་ནི་ཆོས་ཀྱི་རྗེས་སུ་འབྲང་བར་གྱུར་པ་ཡིན་ནོ་ཞེས་བྱ་བར་བསམས་སོ། །ཡང་ཇི་ལྟར་ན་དབང་པོ་རྟུལ་པོ་ཡིན་དུ་ཟིན་ཀྱང་དེ་ལྟར་མོས་ཞེ་ན། ཆོས་ཉིད་ཚད་མར་བགྱིས་ཏེ་མོས་པ་ཞེས་བགྱིའོ་ཞེས་བྱ་བ་སྨོས་ཏེ། སྔོན་གྱི་འཕེན་པའི་ཤུགས་ཀྱི་དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་མི་བསླུ་བས་ཚད་མར་བྱས་ན་འདི་ལྟར་མཚན་མ་མེད་པ་ཉིད་དུ་མོས་པ་ཞེས་བྱའོ། །དེའི་ཕྱིར་དེས་ཆོས་གང་ཡང་སྒྲོ་བཏགས་པས་ཡོངས་སུ་མ་བཟུང་ངོ༌། །ཆོས་གང་བླང་བར་བྱ་བ་ཉིད་དུ་དམིགས་ཤིང་ཆོས་གང་བླང་བར་བྱ་བ་ཉིད་ཀྱིས་གཟུང་བར་བྱ་བའམ་དོར་བར་བྱ་བ་ཉིད་ཀྱིས་གཏང་བར་བྱ་བ་དང་ཡོད་པ་ཉིད་དམིགས་པའི་ཆོས་ཀྱང་མེད་དོ། །རེ་ཞིག་གཞན་ལྟ་ཞོག་སྟེ་དེ་མྱ་ངན་ལས་འདས་པར་ཡང་རློམ་སེམས་སུ་མི་བགྱིད་དོ་ཞེས་བྱ་བ་དེ་ཁོ་ན་ཉིད་དུ་ན་མི་རྟོགས་སོ། །འདི་ལ་ཞེས་བྱ་བ་རྣལ་འབྱོར་གྱི་གནས་ཀྱི་འདི་སྐད་དུ་རྣམ་པ་ནི་ཆོས་ཉིད་ཀྱི་སྒོ་ནས་ངོ་བོ་ཉིད་བཀག་པས་གཟུགས་ལ་སོགས་པ་བདག་གིར་མི་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་ཀུན་དུ་རྒྱུ་ཕྲེང་བ་ཅན་དཔེར་བྱས་པ་ནི་མུ་སྟེགས་པ་དང་འབྲེལ་པས་ཏིང་ངེ་འཛིན་ལས་ལངས་པ་དེ་ལྷག་པར་མོས་པའི་སྟོབས་ཀྱིས་དོན་དེ་མངོན་དུ་བྱ་བའི་དཔང་པོ་ཉིད་དུ་ཤེས་པར་བྱ་བའི་དོན་ཡིན་ནོ། །ཆེན་པོའི་དམིགས་པའི་དོན་གསུངས་པ་ནི་བཅོམ་ལྡན་འདས་འདི་ཡང་ཞེས་བྱ་བ་ལ་སོགས་པའོ།། འདི་ཞེས་བྱ་བ་ནི་འོག་ནས་འཆད་པའོ། །ཡང་ཞེས་བྱ་བའི་སྒྲ་ནི་སྔར་བཤད་པ་འབའ་ཞིག་ཏུ་མ་ཟད་དོ་ཞེས་བྱ་བའོ། །དེ་ཉིད་སྟོན་པ་ནི་གང་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་གྱི་ཚིག་ཕྲད་དེ། གཟུགས་ལ་སོགས་པའི་མཚན་མ་ཡང་དག་པར་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟ་ན་མ་དམིགས་པས་ཐམས་ཅད་འགོག་ན་འོ་ན་བྱང་ཆུབ་སེམས་དཔའ་ཉན་ཐོས་ལྟར་ན་མྱ་ངན་ལས་འདའ་བར་འགྱུར་རོ་ཞེ་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པའི་སྟོབས་


DTG085_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ལ་སོགས་པ་ནི་འོག་ནས་འཆད་དོ། །ཡོངས་སུ་མ་རྫོགས་པ་ཞེས་བྱ་བ་ནི་ཅུང་ཟད་ཙམ་ཞིག་གཞན་དག་ལ་ཡོད་པའི་ཕྱིར་ན་སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་ཐམས་ཅད་དུ་མཐར་ཕྱིན་པར་ཡོངས་སུ་མ་རྫོགས་པར་ཞེས་བྱ་བར་སྦྱར་རོ། །དང་གི་སྒྲ་ནི་ངེས་པར་གཟུང་བའོ། །མ་འགགས་པ་ཡི་ལུས་ཀྱིས་ནི། །ཚོར་བ་ཉམས་སུ་མྱོང་བྱེད་པ། །མར་མེ་ཤི་བར་གྱུར་པ་བཞིན། །དེ་ཡི་སེམས་ནི་རྣམ་པར་གྲོལ། །ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་ཐེག་པ་ཆེན་པོར་བཀག་པ་ཡིན་པའི་ཕྱིར། དམ་པའི་ཆོས་པདྨ་དཀར་པོའི་མདོ་ཚད་མར་བྱས་ནས་དུས་རེ་ཞིག་སེམས་ཅན་གྱི་དོན་རྒྱུན་ཆད་པའི་བར་མདོ་སྟེ། བར་དུ་ཉན་ཐོས་དང་འདྲ་བར་མཚན་མ་མེད་པ་ཉིད་མངོན་དུ་བྱས་པ་ན། ཐབས་མཁས་པ་ཆེན་པོའི་སྟོབས་ཀྱིས་མྱ་ངན་ལས་འདའ་བ་མ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྐབས་སུ་ཉན་ཐོས་ཀྱིས་མྱ་ངན་ལས་འདའ་བ་མི་སྲིད་པས་རིམ་གྱིས་ཞེས་བྱ་བ་ན་ལྷག་མའོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བ་ཡིན་ནོ། །འདི་སྐད་དུ། ངོ་བོ་ཉིད་མེད་པ་ཉིད་ཀྱིས་དེ་ཁོ་ན་ཉིད་དུ་ན་སྔོན་པོ་ལ་སོགས་པའི་མཚན་མར་མི་མཐོང་བའི་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་དམིགས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །རྣམ་པ་གང་གིས་དམིགས་པར་བྱ་ཞེ་ན། བཅོམ་ལྡན་འདས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་ཞེས་བྱ་བ་ནི་འོག་ནས་བཤད་པའི་རིམ་པས་སོ། །ཉེ་བར་བརྟགས་པ་ནི་སྒོམ་པའི་དུས་སུ་ཇི་ལྟར་ངེས་པར་བཟུང་བའི་དོན་སོ་སོར་བརྟགས་པ་ཡིན་པའི་ཕྱིར་རོ། །ངེས་པར་བསམས་པ་ནི་ཐོས་པ་དང་བསམ་པའི་དུས་སུ་ལུང་དང་རིགས་པ་ངེས་པར་རྟོགས་པའི་ཕྱིར་རོ། །འདི་གང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་ནང་ནས་གང་ཡིན་ཞེས་པའོ། །ཡང་ན་ཅི་རྫས་དང་ཡོན་ཏན་ནམ། ལས་སམ་བྱ་བའམ། འདུ་བའམ། སྤྱིའམ། ཁྱད་པར་ཡིན་ཞེས་བྱ་བའི་ཐ་ཚིག་གོ །འདི་གང་གི་ཡིན་ཞེས་བྱ་བ་ནི། ཅི་བདག་ཉིད་དམ་ཆོས་དང་འབྲེལ་པ་ཡིན་ཏེ། འོན་ཀྱང་གཟུགས་ལ་སོགས་པ་ནི་མ་སྐྱེས་པ་ཡིན་པའི་ཕྱིར། གང་ཡང་མ་ཡིན་གང་གི་ཡང་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་དེ་ལྟ་ཡིན་ན་མེད་པ་ཡིན་ནོ་ཞེ་ན། ཅི་ཆོས་གང་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་


DTG085_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཡུལ་མེད་པ་ལ་དགག་པའི་སྦྱོར་བ་མེད་པས་དེ་ཁོ་ན་ཉིད་དུ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩེ་མོ་ཆེན་པོའི་རང་བཞིན་དང་མ་བྲལ་བར་རིག་པར་བྱ་སྟེ་རྟོགས་པའི་ཕྱིར་རོ། །འདི་སྐད་དུ་ཆོས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་ཉིད་ཀྱི་ཤེས་རབ་ཀྱིས་དངོས་པོ་ཐམས་ཅད་མ་དམིགས་པ་ཉིད་དུ་ངེས་པར་བརྟགས་པའི་ཕྱིར། དཔྱད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མེད་པ་ཉིད་ཆོས་ཉིད་ཀྱི་སྒོ་ནས་རྣམ་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོར་གྱུར་པའི་དམིགས་པ་དང༌། རྣམ་པ་དང་ལྡན་པ་རྣམ་པ་གསུམ་ཡིན་ནོ། །དེ་སྐད་དུ་ཡང༌། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག །དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཆོས་རྣམས་མི་འཛིན་གང་ཡིན་དང༌། །དེ་དག་མཚན་མར་མི་མཐོང་ཕྱིར། །ཐམས་ཅད་དམིགས་སུ་མེད་པར་ནི། །ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཞེས་གསུངས་པ་ཡིན་ནོ། །ད་ནི་རྩེ་མོའི་འོག་ཏུ་བཟོད་པར་གཏོགས་པའི་དགེ་བའི་རྩ་བ་ཆུང་དུའི་དམིགས་པའི་དོན་འདྲི་བ་སྔོན་དུ་འགྲོ་བས་གསུངས་པ་ནི་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པའོ། །ངོ་བོ་ཉིད་དང་བྲལ་བ་ཡིན་ན་ཞེས་བྱ་བ་ནི་ལྷག་མའོ། །འདི་སྐད་དུ་གང་གི་ཚེ་གཟུགས་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་བ་དམིགས་པ་ཡིན་ན། དེའི་ཚེ་རྒྱུ་གང་གིས་གཙོར་བཟོད་པ་ཆུང་དུའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བྱ་ཞེས་བརྗོད་པ་ཡིན་ནོ། །འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་ཞེས་བྱ་བའི་བསམ་པས་གཟུགས་ཉིད་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བའོ་ཞེས་བྱ་བའི་ལན་རིག་པར་བྱེད་པས་སྨྲས་པ་ཡིན་ཏེ། གཞན་དུ་ན་གང་གི་ཚེ་གཟུགས་ཉིད་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བའོ་ཞེས་དྲིས་པ་ན། གཟུགས་ཉིད་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བའོ་ཞེས་བྱ་བའི་ལན་མི་རིགས་པར་འགྱུར་རོ། །ཡང་ཇི་ལྟར་ན་


DTG085_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་སོགས་པ་ངོ་བོ་ཉིད་དང་བྲལ་བ་ཡིན་ཞེས་དོགས་པ་བསུ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་དང་བྲལ་བ་ཉིད་ཡིན་པར་བསྟན་པ་ཉིད་ཀྱིས་གཞན་རྣམས་ཀྱི་ངོ་བོ་ཉིད་དང་ཡང་བྲལ་བ་ཉིད་དུ་བསྟན་པ་ཡིན་ཞེས་བྱ་བའི་དོན་དེ་གསུངས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱི་སྤྱིའི་རང་བཞིན་དང་བྲལ་བའོ། །ཡང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་ཁྱད་པར་གྱི་མཚན་ཉིད་དང་ཡང་བྲལ་བ་ཞེས་བྱ་བ་ནི་ཡང་གི་སྒྲས་སོ། །འོ་ན་ནི་བསྟན་པའི་འབྲས་བུ་ནི་ཕྱིན་ཅི་ལོག་ལྡོག་པ་ཡིན་པའི་ཕྱིར་མཚན་ཉིད་དང་མཚོན་བྱ་ཡོད་དོ་ཞེ་ན། མཚན་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་ཉིད་ནི་སྤྱི་ཡིན་ལ་མཚན་གཞི་མཚོན་བྱ་ནི་ཁྱད་པར་ཡིན་ནོ། །དེ་ལྟ་ན་དེ་གཉིས་ཀྱི་ངོ་བོ་ཉིད་ཡོད་དོ་ཞེ་ན། ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱི་མཚན་ཉིད་དང་བྲལ་བའོ་ཞེས་སྨོས་ཏེ། མཚོན་བྱ་མཚན་ཉིད་རྣམ་སྤངས་ཤིང༌། །ཚིག་ཏུ་བརྗོད་པ་དང་བྲལ་ནི། །དེ་ཉིད་མཚོན་བྱ་མཚན་ཉིད་དུ། །གནས་པ་བཏགས་པ་ཡིན་པར་རིགས། །ཞེས་བསམས་པའོ། །འདི་སྐད་དུ་སྟོང་པ་ཉིད་ཀྱིས་མཚོན་བྱ་དང་མཚན་ཉིད་གཅིག་པ་ཉིད་ཀྱིས་ན་རང་བཞིན་མེད་པའི་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་དམིགས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །རྣམ་པ་གང་གིས་དམིགས་པར་བྱ་ཞེས་བྱ་བའི་འདྲི་བ་སྔོན་དུ་འགྲོ་བས་རྣམ་པའི་དོན་གསུངས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཅི་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ཞེས་བྱ་བ་དམིགས་པ་འདི་ལ་ཀུན་རྫོབ་ཏུ་སློབ་པར་འགྱུར་བ་གང་ཡིན་པ་དེ་ཅི་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་འགྱུར་རམ་ཞེས་བྱ་བ་སྟེ། རྒྱུ་དེས་བཟོད་པ་ཆུང་དུར་གཏོགས་པའི་དགེ་བའི་རྩ་བ་ཐོབ་པར་འགྱུར་རྣམ་ཞེས་བྱ་བར་བསམས་པའོ། །ཆོས་ཉིད་དང་མི་འགལ་བ་ཉིད་དུ་སྨྲས་སོ་ཞེས་ཁས་བླང་པའི་དོན་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་དམ་པ་དང༌། ཀུན་རྫོབ་ཀྱི་སྒོ་ནས་གཟུགས་ལ་སོགས་པ་རྣམས་དངོས་པོ་མེད་པ་ཉིད་ཀྱི་ངོ་བོ་ཉིད་ནི་རྣམ་པ་ཡིན་ཏེ། དེ་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་ན་བཟོད་པ་ཆུང་དུའི་དགེ་བའི་རྩ་བ་


DTG085_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སློབ་པ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བར་འགྱུར་ཞེས་བྱ་བའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། འབྲིང་གི་དམིགས་པའི་དོན་གསུངས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ནི་ངེས་པར་འབྱུང་བ་མེད་ཅིང་ཞེས་བྱ་བ་ལ་སོགས་པའོ། །གོང་ནས་གོང་དུ་དམིགས་པའི་ཁྱད་པར་ལ་སོགས་པས་རྟོགས་པའི་ཁྱད་པར་དུ་གྱུར་པ་ན་ངེས་པ་ཉིད་དུ་འགྲོ་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་ལ་སྟེ་ཆོས་ཐམས་ཅད་ནི་མ་སྐྱེས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་རྣམས་སྐད་ཅིག་མ་གཅིག་གི་མི་རྟག་པ་ཉིད་ཀྱིས་ན་སྐྱེ་བའི་ཆོས་བཀག་པས་ངེས་པར་འབྱུང་བ་མེད་པ་སྟེ་མྱ་ངན་ལས་འདས་པའི་ཡན་ལག་མ་ཡིན་པ་ཉིད་དོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱིས་ན་སྐྱེ་བ་དང་འགག་པ་མེད་པའི་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་དམིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གང་གིས་དམིགས་པར་བྱ་ཞེ་ན། དེ་ལྟར་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་མ་ཐག་པའི་ཚུལ་གྱིས་དེ་ལྟར་སྤྱོད་ཅིང་བསྒོམས་ན་སྟེ། འགྲོ་བའི་དོན་ཐམས་ཅད་ནི་རྟོགས་པའི་དོན་ཡིན་པའི་ཕྱིར་རོ། །ཉེ་བ་ཡིན་ནོ་ཞེས་བྱ་བ་ནི་མྱུར་དུ་རྟོགས་པ་ཐོབ་པ་ཡིན་པའི་ཕྱིར་ཉེ་བར་གནས་པར་འགྱུར་བ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར་དང་ཞེས་བྱ་བ་ནི་དགེ་བའི་ཆོས་ལ་ངེས་པར་སྦྱོར་བ་ལ་སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར་རོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་ཤེས་པས་ལུས་ལ་སོགས་པའི་རྣམ་པ་ཐམས་ཅད་རྣམ་པར་དག་པ་ཞེས་བྱ་བ་རྣམ་པར་དག་པའི་རྒྱུར་གྱུར་པའི་ཕྱིར། རྣམ་པར་དག་པའི་རྣམ་པ་རྒྱུའི་སྒོ་ནས་བསླབས་པ་ལས་ལུས་ཀྱི་ལས་རྣམ་པ་གསུམ་ཡོངས་སུ་དག་པས་ལུས་ཡོངས་སུ་དག་པར་འགྱུར་རོ། །སེམས་རྣམ་པར་དག་པ་ནི་ཡིད་ཀྱི་ལས་རྣམ་པ་གསུམ་ཡོངས་སུ་དག་པའོ། །མཚན་ཡོངས་སུ་དག་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གནས་ན་གནས་པ་དང༌། གསལ་བ་དང༌། ཡོངས་སུ་རྫོགས་པ་ཉིད་ཀྱིས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཡོངས་སུ་དག་པ་ཉིད་དོ། །


DTG085_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་འདི་དག་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་ན་ཅུང་ཟད་ཙམ་གྱིས་ཡིན་ནོ་ཞེས་བྱ་བར་བསམས་པའོ། །ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ནི་དེ་ལྟར་ཉེ་བར་བསྡུ་བ་ཡིན་ནོ། །ཆེན་པོའི་དམིགས་པའི་དོན་གསུངས་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །འདི་སྙམ་དུ་ཇི་སྲིད་མངོན་པར་ཞེན་པའི་ཚུལ་གྱིས་མཚན་མར་འཛིན་པ་ལ་སྤྱོད་པ་དེ་སྲིད་དུ་མཚན་མ་ནི་བྱང་ཆུབ་སེམས་དཔའི་ཉོན་མོངས་པའོ་ཞེས་གསུངས་པས་དམིགས་པའི་གཡང་ས་འཁོར་བའི་ཉོན་མོངས་པའི་ལྟུང་བར་གྱུར་པ་ཡིན་ནོ། །དེ་ལ་གཟུགས་ནི་འབྲས་བུར་གྱུར་བའོ། །གཟུགས་ཀྱི་མཚན་མ་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །གཟུགས་མཆན་མའོ་སྙམ་དུ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་རྒྱུའོ། །གཟུགས་སྐྱེ་བ་ནི་སྐྱེ་བར་གྱུར་པའོ། །འགག་པ་ནི་སྐད་ཅིག་མའི་མི་རྟག་པས་སོ། །སྟོང་པ་ནི་གཉི་ག་མེད་པས་ཏེ། འདི་ནི་ཕྱིན་ཅི་ལོག་ལ་འཇུག་པ་ཡིན་པས་ཐབས་ལ་མི་མཁས་པ་ཡིན་པར་རིག་པར་བྱའོ། །ལྡོག་པའི་སྒོ་ནས་བསྟན་ནས། རྗེས་སུ་འགྲོ་བའི་སྒོ་ནས་གསུངས་པ་ནི་ཇི་ལྟར་སྤྱད་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་སྤྱོད་ན་ཞེས་བྱ་བ་ནི་ཉེ་བར་བསྡུ་བ་ཡིན་ཏེ། རང་དང་སྤྱིའི་མཚན་ཉིད་མི་འཐད་པས་ཆོས་ཐམས་ཅད་མཚན་མ་མེད་པ་ཉིད་དོ་ཞེས་བྱ་བའི་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་དམིགས་པ་ཡིན་ཏེ། དེ་ལྟར་སྤྱད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟོད་པ་ཆེན་པོའི་རང་བཞིན་ལ་སྤྱོད་པ་ཡིན་ནོ། །རྣམ་པ་གང་གིས་དམིགས་པར་བྱ་ཞེ་ན། དེ་སྤྱོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པ་དང་ནི་དགག་པ་དང༌། །དེ་དག་ཉིད་ནི་ལྡན་པ་དང༌། །དེ་དག་ཉིད་ནི་དགག་པ་དག །རྣམ་པ་ཀུན་ཏུ་མི་རྟོགས་སོ། །ཞེས་བྱ་བར་བསམས་པའོ། །ཡང་མི་རྟོགས་ན་ཇི་ལྟར་ན་བསྒོམ་པར་བྱ་བ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་རང་བཞིན་ཁོ་ནས་གཟུགས་ལ་སོགས་པའི་མཚན་མ་རྣམས་ཀྱི་རྟེན་དང་བྲལ་བ་ཉིད་ཀྱིས་མོས་པ་ཡིད་ལ་བྱེད་པས་མི་མོས་ཤིང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཡོངས་སུ་ཤེས་པ་མེད་པ་ཞེས་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་


DTG085_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ན་ལྷག་པར་མོས་པས་བདག་གིར་མ་བྱས་པའི་ཕྱིར་ཉེ་བར་མ་རྟོགས་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་མ་བཟུང་བ་ཡིན་པའི་ཕྱིར་མ་ཟིན་པ་ཡིན་ནོ། །དེ་ལྟར་ན་ངན་འགྲོ་མེད་པས་ཆོས་ཆེན་པོ་ལ་བཟོད་པ་ཡིན་པའི་ཕྱིར། བཟོད་པར་གཏོགས་པའི་དམིགས་པ་དང་རྣམ་པ་དང་ལྡན་པས་རྣམ་པ་གསུམ་མོ། །དེ་སྐད་དུ་ཡང༌། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་དེ་དག་མཚན་མ་མེད། །དེ་ཡི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་བཟོད་ཐོབ་ངན་སོང་མི་ལྟུང་ངོ་ཞེས་བཤད་པས། བྱང་ཆུབ་སེམས་དཔའ་རྣམས་བཟོད་པ་སྐྱེད་པར་མི་བྱེད་དོ་ཞེས་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་གསུངས་པ་གང་ཡིན་པ་དེ་ནི་བསམ་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་རྟོགས་པ་གསུངས་པའི་ཕྱིར་རོ། །བཟོད་པ་ཐོབ་པ་ངན་སོང་དུ་མི་འགྲོའོ་ཞེས་བྱ་བའི་མདོ་དང་ཡང་མི་འགལ་ཏེ། ལས་ཀྱི་དབང་གིས་སྙམ་དུ་དགོངས་པའི་ཕྱིར་རོ། །འདི་ནི་ངེས་པར་འདི་ལྟར་ཤེས་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱི་བཀས་ཤཱ་རིའི་བུ་ལ་སོགས་པ་ཡང་མཛེས་དགའ་ཁྱེར་ཏེ་དམྱལ་བར་རྒྱུར་སོང་ངོ་ཞེས་ཕྱོགས་གཞན་དུ་བཤད་པ་ཡིན་ནོ། །ད་ནི་བཟོད་པའི་འོག་ཏུ་ཆོས་ཀྱི་མཆོག་ཏུ་གཏོགས་པའི་དགེ་བའི་རྩ་བ་ཆུང་དུའི་དམིགས་པའི་དོན་གསུངས་པ་ནི་འདི་ནི་ཞེས་བྱ་བ་ལ་སོགས་པའོ། །ཏིང་ངེ་འཛིན་གང་གིས་ཆོས་ཐམས་ཅད་ཉེ་བར་ལེན་པར་མི་བྱེད་པ་དེ་ནི་ཏིང་ངེ་འཛིན་ཆོས་ཐམས་ཅད་ལེན་པ་མེད་པ་ཞེས་བྱ་སྟེ། འདི་ནི་དེ་ཁོ་ན་ཉིད་དུ་ཏིང་ངེ་འཛིན་གྱི་རང་གི་ངོ་བོར་གྱུར་པའི་གཟུགས་ལ་སོགས་པ་ལ་དམིགས་པས་ན་ཡངས་པ་ཞེས་བྱ་བ་ལ་སོགས་པ་བརྗོད་དོ་ཞེས་འབྲེལ་ཏོ། །རྣམ་པ་གང་གིས་དམིགས་པར་བྱ་ཞེ་ན། ཏིང་ངེ་འཛིན་འདིས་གནས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་ནི་རང་གི་སྨོན་ལམ་དང་བསོད་ནམས་དང་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐལ་པ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱི་བྱ་བ་འཇུག་གོ་ཞེས་འབྲས་བུའི་སྒོ་ནས་དམིགས་པའི་ཕྱིར་མྱུར་དུ་བླ་ན་མེད་པ་ཡང་


DTG085_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །འབྲིང་གི་དམིགས་པའི་དོན་གསུངས་པ་ནི་དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཀྱི་མཐུའི་སྐབས་ཡིན་ཡང་ཚིག་དེ་ཡང་སྨོས་པ་ནི་སྤོབས་པའི་ཁྱད་པར་མངོན་པར་སྟོན་པའི་དོན་ཡིན་ནོ།། ཡང་ན་གདུལ་བྱ་རྣམས་ཀྱི་དེ་ལ་དྲན་པ་བརྟན་པར་བྱ་བའི་ཕྱིར་ཡིན་ནོ། །འདི་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཏུ་གཏོགས་པའི་འབྲིང་ལའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པར་སྤངས་པ་དང་ལྡན་པས་རང་གི་དོན་ཕུན་སུམ་ཚོགས་པས་དགྲ་བཅོམ་པའོ། །ཕུན་སུམ་ཚོགས་པ་གཉིས་ཐོབ་པར་བྱེད་པའི་ལམ་ཐུགས་སུ་ཆུད་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ལུང་བསྟན་ཏོ་ཞེས་བྱ་བ་ནི་ཡང་དག་པར་ཞུགས་པའི་ཏིང་ངེ་འཛིན་དང་ལྡན་པ་ལ་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པར་མཛད་པ་འདི་ནི་ཆོས་ཉིད་ཡིན་ནོ་ཞེས་ལུང་བསྟན་པའི་རྒྱུ་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། །རྣམ་པ་གང་གིས་དམིགས་པར་བྱ་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་སེམས་ཀྱིས་སོ། །དེས་ཀྱང་རློམ་སེམས་སུ་མི་བགྱིད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་སེམས་ཀྱིས་སོ། །དེ་ཁོ་ན་ཉིད་དུ་མེད་པ་ཡིན་པའི་ཕྱིར་རོ། །བདག་ནི་མཉམ་པར་གཞག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པའོ། །སྙོམས་པར་འཇུག་གོ་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་དང་དངོས་གཞི་དང་མཇུག་ཏུ་གྱུར་པའི་རྣམ་པར་རྟོག་པའམ་དུས་གསུམ་དུ་གྱུར་པའོ། །ཐམས་ཅད་ནས་ཞེས་བྱ་བ་ལ་སོགས་པ་ལ། །ཐམས་ཅད་ནི་འདི་གཉིས་ཏེ་དངོས་པོ་ཐམས་ཅད་དང་རྣམ་པ་ཐམས་ཅད་དོ་ཞེས་བཤད་པས་འདས་པ་ལ་སོགས་པའི་དངོས་པོའི་དབྱེ་བས་ཐམས་ཅད་ནས་སོ། །ཕུང་པོ་ལ་སོགས་པའི་ཡུལ་ཅན་རྣམ་པར་རྟོག་པའི་བྱེ་བྲག་གི་དངོས་པོ་ནི་ཐམས་ཅད་དོ། །ཆུང་དུའི་ཆུང་དུ་ལ་སོགས་པའི་ཡང་རྣམ་པས་རྣམ་པ་ཐམས་ཅད་ཀྱིའོ། །བག་ཆགས་


DTG085_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་རྣམ་པ་ཐམས་ཅད་ནི་ཐམས་ཅད་དུའོ། །རྣམ་པར་རྟོག་པ་ཐམས་ཅད་མི་འཐད་པས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་ངོ་བོས་རྟོགས་པ་ལ་བདག་ནི་མཉམ་པར་གཞག་པའོ་སྙམ་པ་ལ་སོགས་པའི་ཤེས་པ་མི་འབྱུང་བས་མ་མཆིས་ཏེ་ཆོས་ཉིད་ཀྱི་སྒོ་ནས་རྣམ་པ་ལ་བསླབ་པའི་ཕྱིར་མི་འབྱུང་བའོ། །ཆེན་པོའི་དམིགས་པའི་དོན་གསུངས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་གང་གིས་འདས་ན་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་མཆོག་ཆེན་པོར་གཏོགས་པའི་ཕྱིར་ཏིང་ངེ་འཛིན་དེ་བསྟན་པར་ནུས་སམ་ཞེས་བྱ་བ་ནི། ཅི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐ་དད་པའི་རང་བཞིན་དུ་ཞེས་བྱ་བར་དགོངས་སོ། །གླེགས་བམ་ལ་ལ་ལས་ནི་ཏིང་ངེ་འཛིན་གང་ལ་གནས་ན་ཞེས་འདོན་ཏེ། དེ་ལ་ཏིང་ངེ་འཛིན་བསྟན་པར་ནུས་སམ་ཞེས་བྱ་བ་དྲིས་པའི་ཚིག་དེ་ཉིད་མི་འབྱོར་པ་ཡིན་པས་དཔྱད་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་ལན་ཡིན་ཏེ། ཆོས་ཉིད་ཀྱིས་ཏིང་ངེ་འཛིན་དང༌། བྱང་ཆུབ་སེམས་དཔའ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་གསུམ་ཕན་ཚུན་ངོ་བོ་གཅིག་པ་ཡིན་ནོ་ཞེས་སོ་སོར་བསྟན་པར་མི་ནུས་པའི་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་ལ་དམིགས་པའི་ཕྱིར་ན་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་ན་སྒོམ་བཞིན་པ་ཡང་བསྟན་པར་མི་ནུས་སྙམ་དུ་དོགས་པ་དེ་ཅིའི་ཕྱིར་ཞེན་ཞེས་བྱ་བས་བསུ་ནས། རྣམ་པ་སྟོན་པས་ལན་གསུངས་པ་ནི་རིགས་ཀྱི་བུ་དེས་ཏིང་ངེ་འཛིན་དེ་ཡང་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་ཉིད་ཀྱིས་ཏིང་ངེ་འཛིན་དུ་རྣམ་པར་མི་རྟོག་པ་ནི་ཐབས་དམ་པ་ཡིན་ཞེས་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་པས། ཏིང་ངེ་འཛིན་དེ་ཡང་རྣམ་པ་མེད་པའི་སེམས་ཀྱིས་མི་ཤེས་ཏེ་ཉེ་བའི་རྒྱུ་མེད་པའི་ཕྱིར་རོ། །རྣམ་པ་དང་བཅས་པས་ཡང་དག་པར་མི་ཤེས་ཏེ། དངོས་པོ་ཡོད་པ་མ་ཡིན་ཡང་རྨི་ལམ་ལ་སོགས་པ་སྲིད་པའི་ཕྱིར་རོ། །ཡང་ཞེས་བྱ་བའི་སྒྲ་ནི་རྣམ་པ་འབའ་ཞིག་ཏུ་མ་ཟད་པའོ། །འདི་ཞེས་བྱ་བར་མཐོང་བ་ནི་རྣམ་པར་རྟོག་པ་ལ་རག་ལས་པའི་ཕྱིར་ཞེས་བྱ་བར་བསམས་སོ། །ཐམས་ཅད་ཉེ་བར་མ་དམིགས་པ་ལ་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་སྒོམ་པ་མི་འཐད་དོ་ཞེས་བྱ་བར་


DTG085_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པས། ཤཱ་རིའི་བུ་མི་ཤེས་ཡང་དག་པར་མི་ཤེས་ཞེས་ཟེར་རམ་ཞེས་སྨྲས་སོ། །ཀུན་རྫོབ་ཏུ་ཉེས་པ་མེད་དོ་སྙམ་དུ་བསམས་ནས། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསམ་པ་དེ་ཉིད་ནི་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དོགས་པ་བསུ་ནས་བརྗོད་པ་ནི། ཏིང་ངེ་འཛིན་དེ་མེད་པས་ན་ཞེས་བྱ་བའོ། །དེ་ཁོ་ན་ཉིད་དུ་ན་ཞེས་བྱ་བ་ནི་ལྷག་མའོ། །སྦྱོར་བ་ལ་སོགས་པ་ནི་སྒྱུ་མའི་སྐྱེས་བུ་བཞིན་དུ་སྔོན་གྱི་འཕེན་པའི་དབང་གིས་ཡིན་ནོ་ཞེས་བྱ་བར་བསམས་པའོ། །ཆོས་ཉིད་དང་མི་འགལ་བར་སྟོན་པས་ལེགས་སོ་ཞེས་བྱ་བའི་དོན་གསུངས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ཞེས་བྱ་བ་ལ་སོགས་པའོ། །སྤོབས་པ་ནི་ཁྱོད་ལ་དེར་སྣང་བའི་ཤེས་པ་སྐྱེས་པས་སོ། །སྟོན་པ་ནི་གཞན་རྣམས་ལ་དམིགས་པ་དེ་སྟོན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཉེ་བར་བསྡུ་བའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་ཡིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་ལ་དེ་ཁོ་ན་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཇི་ལྟར་ན་རིམ་པ་འདིས་བསླབ་པར་བྱ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གཟུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རང་བཞིན་ལའོ། །དེ་ལྟར་ན་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར། ཆོས་ཀྱི་མཆོག་ཅེས་བྱ་བའི་དམིགས་པ་དང་རྣམ་པ་དང་ལྡན་པ་རྣམ་པ་གསུམ་མོ། །དེ་སྐད་དུ་ཡང༌། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ལུང་སྟོན་པ་དང་རློམ་པ་ཟད། །གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། དེ་ལྟར་ཆོས་རྣམ་པར་འབྱེད་པ་བྱས་ཤིང་མཉམ་པར་གཞག་པའི་སེམས་ཀྱིས་ཆོས་ཐམས་ཅད་བདག་མེད་པ་སྒོམ་པ་ན། གང་གི་ཚེ་རིམ་གྱིས་དོན་ཐ་དད་པར་གྱུར་པའི་མངོན་པར་ཞེན་པ་མེད་པའི་ཕྱིར་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་གསལ་བས་ཡུད་ཙམ་ཁོ་ན་མཐོང་བ་དེའི་ཚེ་འདིའི་དྲོ་བར་གཏོགས་པའི་གནས་སྐབས་ཡིན་ལ། དེ་ཉིད་ནི་ཐེག་པ་ཆེན་པོ་འདིར་སྣང་བ་ཐོབ་པ་


DTG085_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་ཏིང་ངེ་འཛིན་དུ་བརྗོད་དོ། །གང་གི་ཚེ་ཆོས་ཀྱི་སྣང་བ་དེ་ཉིད་འཕེལ་བར་བྱ་བའི་ཕྱིར་བདག་མེད་པར་སྒོམ་པ་བརྩོན་འགྲུས་རྩོམ་པས་ཡེ་ཤེས་ཀྱི་སྣང་བ་འབྲིང་ཙམ་དུ་གསལ་བར་གྱུར་བ་དེའི་ཚེ་ནི་རྩེ་མོའི་གནས་སྐབས་ཏེ། དེ་ཉིད་ནི་སྣང་བ་མཆེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གང་གི་ཚེ་ན་སེམས་ཙམ་དུ་གནས་པས་ཕྱིའི་དོན་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ཤིན་ཏུ་གསལ་བར་ཤེས་པའི་སྣང་བ་སྐྱེས་པ་དེའི་ཚེ་བཟོད་པའི་གནས་སྐབས་ཏེ། གཟུང་བའི་རྣམ་པ་མེད་པར་རྗེས་སུ་ཞུགས་པའི་ཕྱིར་ན་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཡིན་ནོ། །ཡང་གང་གི་ཚེ་དོན་ལ་འཛིན་པར་བྱེད་པའི་རྣམ་པར་གཡེང་བར་སྣང་བ་མེད་པའི་ཡེ་ཤེས་ཀྱི་སྣང་བ་རྫོགས་པར་གྱུར་པ་དེའི་ཚེ་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ཏེ། །དེ་ཉིད་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །གནས་སྐབས་འདི་དག་ཐམས་ཅད་ནི་ལྷག་པར་མོས་པ་བརྟན་པ་ཡིན་པས་མོས་པས་སྤྱོད་པའི་ས་ཞེས་བྱ་བར་བཤད་དོ། །ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོའི་སྐྱེ་བོ་ཡིན་ན་ཡང་བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། རྣམ་པར་ཐར་པ་དང༌། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྲངས་མེད་པ་དང་ལྡན་པ་ཡིན་ནོ་ཞེས་དཀོན་མཆོག་སྤྲིན་ལས་གསུངས་སོ། །དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་དམིགས་པ་དང་རྣམ་པ་དང་རྒྱུ་ཉིད་ཀྱི་ཁྱད་པར་བསྟན་ནས། རྣམ་པར་རྟོག་པ་བཞི་དང་ལྡན་པའི་དོན་ལས་གཟུང་བའི་རྣམ་པར་རྟོག་པ་དངོས་པོ་ཐམས་ཅད་ཀྱི་རྟེན་ཅན་དང་པོར་གསུངས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཞེས་བྱ་བ་ལ་སོགས་པ་སྟེ་ཅི་ཞེས་བསམས་པའོ། །བརྗོད་པའི་ཀུན་རྫོབ་ཏུ་སློབ་པོ་སྙམ་དུ་དགོངས་པས་གསུངས་པ་ནི་དེ་ལྟར་སློབ་ན་ཞེས་བྱ་བ་ལ་སོགས་པའོ། །ཤཱ་རིའི་བུས་བཅོམ་ལྡན་འདས་ཀྱི་དགོངས་པ་མ་ཤེས་ནས་དྲིས་པ་ནི་དེ་ཁོ་ན་ཉིད་དུ་ན་ཆོས་གང་ལ་སློབ་པ་ལགས་ཞེས་བྱ་བའོ། །དེ་ལ་གཞི་ཙམ་ལ་བརྟེན་པའི་རྣམ་པར་རྟོག་པས་ཕྱིན་ཅི་ལོག་དང་འབྲེལ་པར་འགྱུར་


DTG085_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དོན་དམ་པར་གང་ལ་ཡང་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་ཆོས་གང་ལ་ཡང་མི་སློབ་བོ་ཞེས་བྱ་བའོ། །སློབ་བཞིན་པ་ན་ཡང་ཇི་ལྟར་མི་སློབ་པ་ཡིན་ཞེས་བྱ་བའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཤཱ་རིའི་བུ་ཆོས་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་ལྡན་པས་ན་བྱིས་པའོ། །རྣམ་པར་བྱང་བའི་ཆོས་རྣམས་དང་བྲལ་བས་ན་སོ་སོའི་སྐྱེ་བོའོ། །དེ་དག་ཉིད་ནི་འདི་ལྟ་བུའི་ཆོས་ལ་མོས་པ་དང་ཐོས་པ་མང་བ་དང་བྲལ་བས་ཐོས་པ་དང་མི་ལྡན་པ་ཡིན་ནོ། །འདི་སྙམ་དུ་མ་རིག་པའི་རྣམ་པར་རྟོག་པའི་སྟོབས་ཀྱིས་ཡོད་པ་ཉིད་དུ་ཉེ་བར་དམིགས་པས་ཇི་ལྟར་མངོན་པར་ཆགས་པ་དེ་བཞིན་དུ་ཡོད་པ་མ་ཡིན་ཏེ། དེ་བས་ན་ཀུན་རྫོབ་ཏུ་སློབ་ཀྱི་དོན་དམ་པར་མི་སློབ་བོ་ཞེས་གསུངས་པའོ། །གལ་ཏེ་དེ་ལྟར་མེད་ན་འོ་ན་ནི་དོན་གྱིས་གཞན་དུ་ཡོད་པ་མ་ཡིན་ལ། དེ་ལྟ་ན་ཡང་དངོས་པོར་འཛིན་པའི་ཕྱིར་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་བསམ་པས་སྨྲས་པ་ནི་བཅོམ་ལྡན་འདས་འོ་ན་ཇི་ལྟ་བུར་མཆིས་ཞེས་བྱ་བའོ། །འོན་ཏེ་ཕྱིན་ཅི་ལོག་གི་ཡུལ་བསལ་བའི་ཕྱིར་ཇི་ལྟར་མངོན་པར་ཆགས་པ་དེ་བཞིན་དུ་ཡོད་པ་མ་ཡིན་ནོ་ཞེས་དེ་སྐད་དུ་གསུངས་པ་ཡིན་མོད། དེ་ལྟ་ན་ཡང་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་བཀའ་སྩལ་པ་ནི། ཇི་ལྟར་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རིགས་པས་དཔྱད་ན་མེད་པ་དེ་ལྟར་མ་བརྟགས་གཅིག་ཏུ་ན་ཉམས་དགའ་བ་ཉིད་ཀྱིས་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། མེད་པ་ཉིད་དུ་ཡོད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་མེད་པའི་གཏན་ཚིགས་དེའི་ཕྱིར་ན་ངེས་པའི་ཚིག་གི་ཚུལ་གྱིས་ཀུན་རྫོབ་ཏུ་ཕྱིན་ཅི་ལོག་གི་ཤེས་པ་མི་ཤེས་པ་ལ་མ་རིག་པ་ཞེས་བརྗོད་དོ། །དེ་ལྟར་ན་འདིས་ནི་མ་རིག་པའི་རྣམ་པར་རྟོག་པ་བརྗོད་པ་ཡིན་ནོ། །གཟུགས་ལ་སོགས་པ་ཕུང་པོའི་རྣམ་པར་རྟོག་པ་བསྟན་པའི་ཕྱིར་དེ་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་པོ་ཙམ་ལ་བརྟེན་པས་ན་དེ་ལ་རག་ལས་པའི་རྣམ་པར་རྟོག་པ་ཐམས་ཅད་ཀྱང་འབྲེལ་པར་ཤེས་པར་བྱ་བའི་དོན་དུ་སྔ་མ་དང་འབྲེལ་པར་བརྗོད་དོ། །འོག་མ་རྣམས་ལ་ཡང་ཤེས་པར་


DTG085_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཇི་ལྟར་མངོན་པར་ཞེན་པ་ཡིན་སྙམ་ན། དེ་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ཡང་དག་པ་ཉིད་དུ་མེད་པ་ལ་ཡང་དག་པ་མ་ཡིན་པའི་རྟོགས་པ་ལས་དེར་རྟོག་པའི་སྒོ་ནས་སྒྲོ་བཏགས་ཤིང་བརྗོད་པ་ཡིན་ནོ། །མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་བསྟན་པའི་ཕྱིར་དེ་དག་གིས་དེ་ལ་བརྟགས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟག་པ་དང་ཆད་པའི་མཐའ་གཉིས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ལས། རྟག་པ་ནི་དོན་བྱ་བ་དང་བྲལ་པའི་ཕྱིར་ན་ཀུན་རྫོབ་ཏུ་མི་རྟག་པ་ཁོ་ན་ཡིན་ནོ་ཞེས་མིང་དང་གཟུགས་ལ་སོགས་པའི་ཆོས་དེ་དག །འཇིག་རྟེན་པའི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པས་མི་ཤེས་སོ། །མི་ཤེས་པས་ནི་སྔར་བརྟགས་ལ། །ཕྱི་ནས་དེ་ཉིད་དོན་ངེས་པ། །གང་ཚེ་དངོས་ཉིད་མ་རྙེད་པ། །དེ་ཚེ་དངོས་མེད་ག་ལ་ཡོད། །ཅེས་བྱ་བར་སྒོམ་པར་འཇིག་རྟེན་ལས་འདས་པས་མི་མཐོང་སྟེ། དེའི་ཕྱིར་དེ་མིང་དང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་ན་མེད་བཞིན་དུ་དེ་ལ་མངོན་པར་ཞེན་པའི་སྟོབས་ཀྱིས་རྟོག་གོ །མཐའ་གཉིས་ལ་ཆགས་པའི་རྣམ་པར་རྟོག་པ་བསྟན་པའི་ཕྱིར། བརྟགས་ནས་མཐའ་གཉིས་ལ་མངོན་པར་ཆགས་ཏེ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཞེན་པའི་རྣམ་རྟོག་པས། །ཞེས་བྱ་བར་དགོངས་སོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པ་བསྟན་པའི་ཕྱིར། མངོན་པར་ཆགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་ཞེན་པའི་རྒྱུ་དེའི་གཞི་དེའི་དམིགས་པ་ལ་གནས་ཏེ་རྒྱུ་མཚན་དུ་བྱས་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རང་གི་ངོ་བོ་མི་ཤེས་པའི་རྣམ་པར་རྟོག་པའི་སྟོབས་ཀྱིས་འདས་པ་ནས་ད་ལྟར་བྱུང་བའི་ཆོས་ཀྱི་བར་ལ་རྟོག་གོ །འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་བསྟན་པའི་ཕྱིར། དེ་དག་གིས་བརྟགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་ཏོ་ཞེས་བྱ་བ་གསུངས་ཏེ། མཐོང་བ་ལ་སོགས་པའི་ལམ་ལ་གནས་པར་མངོན་པར་ཞེན་པའི་ཕྱིར་ཞེས་བྱ་བར་དགོངས་སོ། །དེ་ལ་མིང་ནི་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་རྣམས་སོ། །གཟུགས་ནི་


DTG085_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་ཕུང་པོའོ། །དམིགས་པའི་རྣམ་པར་རྟོག་པ་བསྟན་པའི་ཕྱིར་དེ་དག་གིས་མེད་པའི་ཆོས་ཐམས་ཅད་ལ་བརྟགས་སོ་ཞེས་བྱ་བ་གསུངས་ཏེ། དམིགས་པ་དེ་ལ་མངོན་པར་ཞེན་པས་ཞེས་བྱ་བར་དགོངས་སོ། །བདག་ལ་སོགས་པའི་རྣམ་པར་རྟོག་པ་བསྟན་པའི་ཕྱིར་དེ་དག་གིས་མེད་པའི་ཆོས་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་གཉིས་དང་ནི་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་བྱ་བ་བདག་ལ་སོགས་པ་ལ་མངོན་པར་ཞེན་པ་ལས་ཆོས་དང་གང་ཟག་ལ་བདག་མེད་པའི་མཚན་ཉིད་མཐོང་བའི་ལམ་ལ་སོགས་པའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་སྔ་མ་བཞིན་དུ་མི་ཤེས་མི་མཐོང་ངོ༌། །རྣམ་པར་དག་པ་སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་བསྟན་པའི་ཕྱིར་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་མ་མཐོང་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཁམས་གསུམ་པ་འཁོར་བ་ལས་ངེས་པར་མི་འབྱུང་བ་ནི་མི་འདའ་བའོ། །གང་གི་ཕྱིར་རྣམ་པར་དག་པ་སྐྱེ་བ་ལ་སོགས་པ་ལ་མངོན་པར་ཞེན་པས་མཆོག་གི་དོན་གྱིས་ན་ཡང་དག་པའི་མཐའ་ཞེས་བྱ་བ་དེ་ཁོ་ན་ཉིད་ཁོང་དུ་མི་ཆུད་དོ། །དེའི་ཕྱིར་རྒྱུ་དེས་ན་བྱིས་པ་ཞེས་བྱ་བར་བཏགས་པའི་གྲངས་སུ་འགྲོ་ཞིང་མིང་ཐོབ་པོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པ་གཉེན་པོའི་རྟེན་ཅན་བསྟན་པའི་ཕྱིར་དེ་དག་ཆོས་བདེན་པ་ལ་ཡིད་མི་ཆེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་གཉེན་པོའི་ཕྱོགས་ཀྱི་མཚན་ཉིད་དོ། །བདེན་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དོན་ཡིན་པའི་ཕྱིར་རོ། །ཡིད་མི་ཆེས་སོ་ཞེས་བྱ་བ་ནི་དེ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང་ལྡན་པས་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་རང་གི་ངོ་བོ་ཉམས་སུ་མྱོང་བ་མེད་པས་མི་དད་ཅིང་ལྷག་པར་མི་མོས་སོ། །ལྡོག་པའི་སྒོ་ནས་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ཉིད་གསུངས་པ་ནི་ཡང་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། གཟུང་བའི་རྣམ་པར་རྟོག་པས་རྣམ་པར་བྱང་བའི་ཆོས་གང་ལ་ཡང་ཞེས་བྱ་བ་ལྷག་མའོ། །དེ་ཡང་འདི་ལྟར་ཡུལ་གྱི་དབྱེ་བས་དགུར་འགྱུར་ཏེ། འདི་ལྟ་སྟེ་སྤུངས་པའི་དོན་གྱི་རྣམ་པར་རྟོག་པ་དང༌། སྐྱེ་བའི་སྒོའི་དོན་གྱི་རྣམ་པར་རྟོག་པ་དང༌། རིགས་ཀྱི་དོན་གྱི་རྣམ་པར་


DTG085_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་དང༌། སྐྱེ་བའི་དོན་གྱི་རྣམ་པར་རྟོག་པ་དང༌། སྟོང་པ་ཉིད་ཀྱི་དོན་གྱི་རྣམ་པར་རྟོག་པ་དང༌། ཕ་རོལ་ཏུ་ཕྱིན་པའི་དོན་གྱི་རྣམ་པར་རྟོག་པ་དང༌། མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དང༌། བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པ་དང༌། མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པའོ། །དེ་སྐད་དུ་ཡང༌། གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་བ་དགུ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཁ་ཅིག་ན་རེ་གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་གཞི་ཐམས་ཅད་པ་ཁོ་ན་ཡིན་ལ། གཉིས་པ་ནི་རྣམ་པར་བྱང་བ་ཁོ་ནའི་གཞི་ཅན་ཡིན་ནོ་ཞེས་བྱ་བ་འདི་ནི་གཟུང་བའི་རྣམ་པར་རྟོག་པ་འདི་གཉིས་ཀྱི་ཁྱད་པར་རོ། །དེ་ལྟར་བྱས་ནས་བརྗོད་པ་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་དེ་ནི་གཉིས་པ་ཡང་ཡིན་ནོ་ཞེས་ཚིག་སྔ་མ་དང་སྦྱར་རོ། །རེ་ཞིག་དང་པོ་གང་ཡིན་པ་དེ་ནི་གཉིས་པ་ཡང་ཡིན་ཏེ། དཔེར་ན་གཟུང་བའི་རྣམ་པར་རྟོག་པ་དང་པོ་གཞི་ཐམས་ཅད་པ་བཞིན་ནོ། །གཉིས་པ་ཁོ་ནར་འགྱུར་གྱི་དང་པོ་མ་ཡིན་པ་ནི་དཔེར་ན་རྣམ་པར་བྱང་བ་ཙམ་གྱི་རྟེན་ཅན་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་བཞིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་ཀུན་ནས་ཉོན་མོངས་པའི་གཞི་ལ་བརྟེན་པ་ནི་དང་པོ་ཡིན་ལ། རྣམ་པར་བྱང་བའི་གཞི་ལ་བརྟེན་པ་གཉིས་པ་ཡིན་པས་འདི་གཉིས་ཕན་ཚུན་རྣམ་པར་འཆད་པའི་རང་བཞིན་ཡིན་པའི་ཕྱིར་འདི་གཉིས་ནི་ཐ་དད་པ་ཁོ་ནའི་ཞེས་ཟེར་རོ། །འཛིན་པའི་རྣམ་པར་རྟོག་པ་དང་པོ་གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གསུངས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་བཤད་མ་ཐག་པའི་རིམ་པས་གཟུང་བའི་རྣམ་པར་རྟོག་པ་གཉིས་མི་བྱེད་པར་འཛིན་པའི་རྣམ་པར་རྟོག་པ་དང་པོས་སློབ་ན་སློབ་བམ་ཅི་ཞེས་བྱ་བར་བསམས་པའོ། །རྣམ་པར་རྟོག་པ་ནི་སྒྲིབ་པ་ཡིན་པར་མཚུངས་པའི་ཕྱིར་རོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། མི་སློབ་སྟེ་ཞེས་བྱ་བ་དེ་ཁོ་ན་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ། །གཞན་དུ་མི་འཐད་པའི་ཕྱིར་ཀུན་རྫོབ་ཏུ་ནི་ལས་དང་པོ་པ་འདི་ལྟར་སློབ་པོ་ཞེས་གསུངས་པ་ནི། ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་


DTG085_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཐམས་ཅད་མཁྱེན་པ་ཉིད་ལ་སློབ་ཅེས་བྱ་བ་ལ་སོགས་པ་ཚིག་གསུམ་ནི་གོ་རིམས་བཞིན་དུ་སྦྱོར་བ་ལ་སོགས་པའི་གནས་སྐབས་ཡིན་པར་ཤེས་པར་བྱའོ། །དེ་ཡང་འདི་ལྟར་ཡུལ་གྱི་དབྱེ་བས་རྣམ་པ་དགུར་འགྱུར་ཏེ། འདི་ལྟ་སྟེ་རང་དབང་ཅན་གྱི་བདག་ཏུ་རྣམ་པར་རྟོག་པ་དང༌། གཅིག་པུའི་བདག་ཏུ་རྣམ་པར་རྟོག་པ་དང༌། རྒྱུའི་བདག་ཏུ་རྣམ་པར་རྟོག་པ་དང༌། ལྟ་བ་པོ་ལ་སོགས་པའི་བདག་ཏུ་རྣམ་པར་རྟོག་པ་དང༌། ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་དང༌། འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་དང༌། མཐོང་བའི་ལམ་གྱི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་དང༌། བསྒོམ་པའི་ལམ་གྱི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་དང༌། དོན་བྱས་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པའོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་ནི་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ནོ། །རྣམ་པར་རྟོག་པ་དེ་ལ་རྩོད་པ་ངན་པ་སྤང་བའི་སྒོ་ནས་གསུངས་པ་ནི་བཅོམ་ལྡན་འདས་གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །བཏགས་བ་ཙམ་ཁོ་ནའི་སྐྱེས་བུ་ནི་འཛིན་པའོ་ཞེས་མངོན་པར་ཞེན་ན་ལོག་པར་སྣང་བ་ཡིན་པའི་ཕྱིར་སྒྱུ་མའི་རང་བཞིན་གྱི་སྐྱེས་བུ་ནི་སྒྱུ་མའི་སྐྱེས་བུ་སྟེ་བཏགས་པ་ཙམ་ཁོ་ན་དེ་ཡང་སློབ་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་ཏེ་སེམས་མེད་པའི་ཕྱིར་རོ། །ཡོངས་སུ་མ་ཤེས་པ་ཡང་སློབ་ན་ནི་ཐམས་ཅད་ཀྱང་སློབ་པར་འགྱུར་བས་ཐར་པ་འབད་པ་མེད་པར་འགྲུབ་བོ་ཞེས་བྱ་བའི་བསམ་པས་གང་ཞིག་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་དེ་སྐད་འདྲི་ན་དེ་ལ་ལན་ཇི་སྐད་བསྟན་པར་བགྱི་ཞེས་བྱ་བའི་ཐ་ཚིག་གོ །གཟུགས་ལ་སོགས་པ་ནི་ལོག་པར་སྣང་བའི་རང་བཞིན་དུ་མཉམ་པ་ཡིན་ཏེ། དེ་བས་ན་རྟེན་གཞན་མེད་པས་སྒྱུ་མའི་སྐྱེས་བུ་དང་འདྲ་བས་བསླབ་པར་བྱ་ཞིང་ཐར་པ་འབད་པ་མེད་པར་འགྲུབ་པ་ཡང་མ་ཡིན་ནོ་ཞེས་བྱ་བར་དགོངས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། རབ་འབྱོར་དེ་བས་ན་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་ཁྱོད་དེ་སྐད་འདྲི་བ་འདིར་ཁྱེད་ཉིད་ལ་དྲི་བར་བྱས་ཞེས་བྱ་བ་སླར་དྲི་བར་བྱའོ་ཞེས་པའོ། །བཅོམ་ལྡན་འདས་ལེགས་སོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ལེགས་སོ་ཞེས་ཁས་བླངས་པར་བྱ་བ་ནས་དེ་ལྟར་བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་ཞེས་བྱ་བ་ནི་ཉན་པར་གྱུར་པའོ། །


DTG085_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཅི་ཞིག་ཉན་ཅེ་ན་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལན་ནི་བཅོམ་ལྡན་འདས་སྒྱུ་མ་དེ་གཞན་ལ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །བཅོམ་ལྡན་འདས་འདི་དག་གཞན་པ་ཉིད་མ་ལགས་ཏེ་གང་གི་ཕྱིར་སྒྱུ་མ་དེ་གཞན་ལ་གཟུགས་ལ་སོགས་པ་དེ་གཞན་མ་ལགས་ཏེ། གཟུགས་ལ་སོགས་པ་ཉིད་སྒྱུ་མ་ལགས་སོ། །སྒྱུ་མ་ཉིད་གཟུགས་ལགས་སོ་ཞེས་བྱ་བ་དེ་ཁོ་ན་ཉིད་དུ་ན་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བས་འདི་དག་དངོས་པོ་མེད་པ་ཉིད་ཡིན་པས་ལོག་པར་སྣང་བའི་རང་བཞིན་དུ་མཚུངས་པ་ཡིན་ནོ་ཞེས་བསམས་པའོ། །སྒྱུ་མ་དང་གཟུགས་ལ་སོགས་པ་ཕན་ཚུན་གཅིག་པ་ཉིད་དུ་བསྟན་པ་ན་སྒྱུ་མའི་སྐྱེས་བུ་དང་འདྲ་བས་བསླབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་འཕགས་པ་རྣམ་པར་གྲོལ་སྡེས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྒྱུ་མ་དང་འདྲ་བ་འདི་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་འདུ་ཤེས་ཏེ་མཚན་མར་འཛིན་པའོ། །བདག་པོ་ཞེས་དངོས་པོ་དང་བཅས་པར་ཤེས་པ་ནི་ཀུན་ཤེས་པའོ། །ཤེས་པ་དང་ཤེས་བྱ་དག་ལ་གཟུང་བ་དང་འཛིན་པའི་རྣམ་པར་མངོན་པར་ཞེན་པའི་རྣམ་པར་ཤེས་པ་ནི་རྣམ་པར་རིག་པའོ། །གཞན་གྱིས་ཟིན་པ་དང་རྣམ་པར་རིག་པ་དངོས་པོ་གཞན་དང་འབྲེལ་པའི་ཐ་སྙད་སྣ་ཚོགས་པ་ནི་ཐ་སྙད་དོ་ཞེས་བཤད་དོ། །བཙུན་པ་གྲོལ་སྡེས་ནི་རིགས་ཀྱི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་ཡིན་ཏེ། མིང་འབའ་ཞིག་གོ །སེམས་བསྐྱེད་བའི་གནས་སྐབས་སུ་ནི་ཤེས་པས་ན་ཀུན་ཤེས་པའོ། །མཉམ་པར་ཤེས་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་གང་ལ་མཉམ་པར་ཤེས་པའི་སེམས་འཇུག་པའི་རྒྱུ་མཚན་ཡོད་པ་དེ་ནི་མཉམ་པར་ཤེས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་མཉམ་པར་ཤེས་པའི་རྒྱུ་མཚན་ཅན་ཡིན་ནོ། །སྦྱོར་བའི་ས་བདུན་པོ་ལ་ནི་ཆོས་ཐམས་ཅད་བཏགས་པ་ཙམ་དུ་གཏོགས་པས་རྣམ་པར་རིག་པའོ། །བརྒྱད་པ་ལ་སོགས་པར་ནི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པའི་ལམ་ཐོབ་པའི་ཕྱིར་ཐ་སྙད་ཙམ་དུ་མངོན་པར་བརྗོད་པས་ཐ་སྙད་ཅེས་བྱ་བ་ཡིན་ནོ་ཞེས་འཆད་དོ། །བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་སོགས་པ་ལོགས་ཤིག་ན་ཡོད་པར་མི་


DTG085_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པར་ཁས་བླང་བར་བྱ་བའི་ཕྱིར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། རིག་པ་ལ་ལན་གཉིས་སྨྲོས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བ་ཡིན་ཏེ། །གང་གི་ཕྱིར་དེ་ལྟར་ཡིན་པའི་རྒྱུ་དེས་ན་རྟེན་གཞན་མེད་པས་ཇི་ལྟར་འཁོར་བའི་ལས་ཀྱི་སྒྱུ་མ་ལས་སྐྱེས་བ་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱང་ཡེ་ཤེས་ཀྱི་སྒྱུ་མ་ལས་བྱུང་བ་ཡིན་པས་མངོན་པར་ཞེན་པ་མེད་པའི་སྦྱོར་བས་སྒྱུ་མའི་སྐྱེས་བུ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །ཐར་པ་འབད་པ་མེད་པར་འགྲུབ་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་ཤེས་པ་ཉིད་ནི་ཐར་པ་ཐོབ་པར་བྱེད་པ་ཡིན་གྱི། མ་ཤེས་པར་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །སྒྱུ་མའི་སྐྱེས་བུ་ཉིད་ཡིན་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་སྐབས་སུ་ཇི་ལྟར་འགྱུར་སྙམ་དུ་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ནི་ཟག་པ་དང་བཅས་པའི་གཟུགས་ལ་སོགས་པའོ། །ཟག་པ་མེད་པའི་ཕུང་པོ་ལྔ་ཡོངས་སུ་བསྡུ་བའི་ཕྱིར་ཕུང་པོ་ལྔ་པོ་དེ་དག་ཉིད་ཀྱང་ཞེས་བྱ་བ་དེ་ནི་ཁོང་ནས་དབྱུང་ངོ༌། །ཇི་ལྟར་མཐོང་བའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་སྐབས་ཉིད་ཀྱང་སྒྱུ་མའི་སྐྱེས་བུ་ལྟ་བུའོ་ཞེས་བྱ་བར་བསམས་པའོ། །ཡང་ཇི་ལྟར་ན་སྒྱུ་མའི་སྐྱེས་བུ་ཉིད་ཡིན་སྙམ་དུ་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་སྨྲས་ཟིན་པ་ཡང་རྣམ་པ་གཞན་གྱིས་དོགས་པར་བྱས་པ་ནི་ཟློས་པ་མ་ཡིན་པའི་ཕྱིར་ཟློས་ཏེ་བཤད་པའི་ཉེས་པ་ཡོད་པར་མི་བརྟགས་ཏེ། ཐམས་ཅད་དུ་ཡང་འདི་བཞིན་དུ་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གཟུགས་ནི་སྒྱུ་མ་ལྟ་བུར་གསུངས་ཏེ་ཞེས་བྱ་བ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་འདུ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་ན། དེ་མ་ཐག་ཁོ་ནར་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པ་ནི་སྒྱུ་མ་ལྟ་བུར་


DTG085_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡིན་ནོ། །དབང་པོ་དྲུག་ནི་མིག་ལ་སོགས་པའོ། །རྣ་པར་ཤེས་པ་ཡུལ་དང་བཅས་པ་ཞེས་བྱ་བ་ནི་ལྷག་མ་སྟེ། འདི་ལྟར་ཕུང་པོ་ལྔ་ཞེས་དེ་མ་ཐག་ཏུ་འཐད་པར་འགྱུར་རོ། །རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་ཡིན་ཏེ། ཤེས་པ་ཉིད་དེ་ལྟ་བུའི་རྣམ་པར་སྣང་བའི་ཕྱིར་རོ། །དབང་པོ་དྲུག་ཀྱང་སྔ་མ་བཞིན་དུ་གཟུང་བར་བྱའོ། །འཛིན་པར་རྟོག་པ་སྐྱེས་བུ་བརྟགས་པར་ཡོད་པའི་རྟེན་ཅན་བསྟན་པ་ཡིན་ནོ། །དེ་ཡང་ཡུལ་གྱི་དབྱེ་བས་དགུར་འགྱུར་ཏེ། འདི་ལྟར་ཕུང་པོ་བཏགས་པའི་རྣམ་པར་རྟོག་པ་དང༌། སྐྱེ་མཆེད་དུ་བཏགས་པའི་རྣམ་པར་རྟོག་པ་དང༌། ཁམས་སུ་བཏགས་པའི་རྣམ་པར་རྟོག་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བར་བཏགས་པའི་རྣམ་པར་རྟོག་པ་དང༌། རྣམ་པར་བྱང་བར་བཏགས་པའི་རྣམ་པར་རྟོག་པ་དང༌། མཐོང་བའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་དང༌། བསྒོམ་པའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་དང༌། ཁྱད་པར་གྱི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་དང༌། མི་སློབ་པའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པའོ། །དེ་སྐད་དུ་ཡང༌། རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །རང་དབང་བདག་སོགས་ངོ་བོ་དང༌། །ཕུང་སོགས་རྟེན་ལ་དེ་བཞིན་ནོ། །ཞེས་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་བཞི་དང་ལྡན་པ་བསྟན་ནས། ད་ནི་ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་གྱི་རང་བཞིན་ཡོངས་སུ་འཛིན་པ་བསྟན་པར་བྱ་བའི་ཕྱིར་ཐེག་པ་ལ་གསར་དུ་ཞུགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐེག་པ་ལ་གསར་དུ་ཞུགས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་འཕྲལ་དུ་བཞུགས་པའོ། །འདི་ཞེས་བྱ་བ་ནི་ཟབ་པ་དང་རྒྱ་ཆེན་པོ་དམིགས་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་ཞུགས་པའོ། །དངང་ཞིང་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་གནས་མ་ཡིན་པ་ལ་འཇིགས་པ་ནི་དངང་པ་སྟེ། ལམ་ངན་པ་དང་འདྲ་བའོ། །རྒྱུན་དུ་འཇིགས་པ་ནི་སྐྲག་པ་སྟེ་འཇིགས་པ་སྐྱེས་པ་སླར་མ་ལྡོག་པའི་ཕྱིར་རོ། །སྐྲག་པ་ངེས་པར་གྱུར་པ་ནི་ཀུན་ཏུ་སྐྲག་པ་དང་ལྡན་པ་སྟེ། ཞུམ་ཞིང་འགོང་ལ་འགྱོད་པར་མི་འགྱུར་རམ་ཞེས་བྱ་བའི་ཐ་ཚིག་གོ །སྡིག་པའི་གྲོགས་པོའི་ལག་ཏུ་སོང་བར་གྱུར་ན་ནི་


DTG085_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་མ་བྱས་པར་ཐོག་མ་མེད་པའི་དུས་ནས་གོམས་པར་བྱས་པའི་དམིགས་པ་བཀག་སྟེ་མདོ་ཁོ་ནར་ལས་དང་པོ་བ་ལ་སྐྱེ་བ་མེད་པ་ལ་སོགས་པ་སྟོན་པར་བྱེད་པ་ནི་དམྱལ་བ་ལ་སོགས་པའི་འབྲས་བུ་དང་དམ་པའི་ཆོས་སྤོང་བར་བྱེད་པའི་སྡིག་པའི་རྒྱུར་འགྱུར་བ་ཉིད་ཡིན་པའི་ཕྱིར་སྡིག་པའི་གྲོགས་པོའོ། །དེའི་ལག་ཏུ་སོང་བར་གྱུར་བ་ནི་གཟུང་བའི་འོས་སུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ལྡོག་པའི་སྒོ་ནས་རྫོགས་པའི་དོན་རྗེས་སུ་འགྲོ་བའི་སྒོ་ནས་བརྗོད་ན་ཤིན་ཏུ་བསྟན་པར་འགྱུར་བ་ཡིན་པའི་ཕྱིར་དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོང་བར་གྱུར་ན་ནི་ཞེས་གསུངས་སོ། །སེམས་མ་ཞུམ་ཞིང་མི་སྐྲག་པ་ལ་སོགས་པའི་ཐབས་ལ་མཁས་པས་བསམ་པ་ཇི་ལྟ་བ་བཞིན་དུ་ས་བདག་གི་རྒྱལ་པོའི་བཙུན་མོ་སྡུག་བ་ཤི་བ་བརྡའི་སྤྲོད་པའི་ཚུལ་དུ་རིམ་གྱིས་དངོས་པོ་མ་ལུས་པ་བདག་མེད་པ་ལ་སོགས་པ་སྟོན་པར་བྱེད་པ་སེར་སྣ་ལ་སོགས་པའི་ཆོས་དང་བྲལ་བ་ནི་བདེ་འགྲོ་ལ་སོགས་པའི་འབྲས་བུ་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དགེ་བའི་བཤེས་གཉེན་ཏེ། དེའི་ལག་ཏུ་སོང་བར་གྱུར་པ་ནི་སྔ་མ་བཞིན་ནོ། །གང་དེ་དག་ལ་ཞེས་བྱ་བ་ལ་སོགས་པ་ལ་གང་ཟག་གང་ལྷ་སྦྱིན་ལ་སོགས་པའི་གང་ཟག་དེ་དག་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བའི་ཚུལ་དུ་ཕན་པ་ཐོབ་པར་བྱ་བའི་ཕྱིར་སྔ་མ་བཞིན་དུ་རྗེས་སུ་སྟོན་ཅིང་འདོམས་པ་རྣམས་དང༌། ཡང་གང་ཞིག་ལྷ་སྦྱིན་ལ་སོགས་པ་ལ་དེ་དག་ལ་ཕན་པ་མ་ཡིན་པ་ལས་བཟློག་པའི་ཕྱིར་བདུད་ཀྱི་ལས་རྣམས་སྟོན་པའོ། །ཇི་ལྟ་བུ་ཞེ་ན། བདུད་ཀྱི་ཉེས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདུད་ཀྱི་ཉེས་པ་ནི་འདི་ལྟ་བུར་རིག་པར་བྱ་ཞེས་པ་ནི་བདུད་པར་ཆོད་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆ་ལུགས་སུ་འོངས་ནས་ཁྱེད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཅི་ཞིག་བྱ་ཞེས་མ་འོངས་པའི་དོན་དང་འབྱེད་པར་བྱེད་པའོ། །བདུད་ཀྱི་ཉེས་པ་ནི་འདི་དག་ཡིན་ཞེས་བྱ་བ་ནི་དེ་བཞིན་དུ་ཁྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་བ་ལ་སོགས་པ་ཉམས་སུ་ལེན་པས་ཅི་ཞིག་བྱ་ཞེས་ད་ལྟར་བྱུང་བའི་དོན་དང་འབྱེད་པར་བྱེད་པའོ། །དེས་ཕྱེ་བའི་སྟོབས་ཀྱིས་གོ་རིམས་བཞིན་དུ་བདག་གིས་བྱས་པ་དང་སྤངས་པའི་ལས་བསྟན་པའི་


DTG085_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བདུད་ཀྱི་ལས་ནི་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་ནས་གང་ཞིག་བྱ་བ་དེ་ནི་འདི་དག་རྟོགས་ནས་ཞེས་བྱ་བ་ལ་སོགས་པའོ། །རབ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ། །གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ནི་འོག་ནས་བཤད་པའི་གོ་ཆའི་སྒྲུབ་པ་དང་ལྡན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་དེ་ནི་དེ་བཞིན་དུ་འཇུག་པའི་སྒྲུབ་པ་དང་ལྡན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དེ་ཉིད་ལ་བརྩོན་པའོ། །དེ་ལྟར་ན་དང་པོ་དེར་ཞུགས་པ་ཡིན་ལ། ཕྱིས་ནི་གནས་པར་འདོད་དོ། །དེ་སྐད་དུ་ཡང༌། སེམས་མི་འགོང་པ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་པོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་གསུངས་སོ། །མདོ་སྡེ་ནི་མདོ་གཞན་གྱི་རྗེས་སུ་འབྲངས་ནས་བཤད་པར་བྱའོ་ཞེས་བྱ་བའི་བཅོམ་ལྡན་འདས་ཀྱི་བཀའ་ཉིད་ཀྱིས་སྟོང་ཕྲག་ཉི་ཤུ་ལྔ་པའི་རྗེས་སུ་འབྲངས་པ་དང༌། །སྔོན་གྱི་སློབ་དཔོན་དབྱིག་གཉེན་ལ་སོགས་པས་བཤད་པའི་རིམ་པ་ལ་བརྟེན་ཅིང༌། མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་དང་ཡང་བསྟུན་ནས་དགོངས་པ་ཅན་དང་ཁོང་ནས་ད་བྱུང་པ་ལ་སོགས་པའི་ཚིག་བྱས་ནས་བཤད་པ་དང༌། དེ་བཞིན་དུ་ཐུན་མོང་གི་སྒྲ་ཡང་སྐབས་ལ་སོགས་པའི་སྟོབས་ཀྱིས་ཁྱད་པར་ལ་འཇུག་པའི་ཕྱིར་དང༌། བརྗོད་པར་འདོད་པའི་གཞན་དབང་ཉིད་ཀྱིས་ཇི་སྐད་དུ་བཤད་པའི་དོན་གསུང་རབ་དང་མི་འགལ་བ་ལ་སྒྲ་འཇུག་པའི་ཕྱིར་དང༌། དེ་དགག་པའི་ཚིག་མེད་པའི་ཕྱིར་བཤད་པ་འདི་ནི་གཞུང་དང་རྗེས་སུ་མཐུན་པ་ཉིད་ཡིན་ནོ། །དེ་བས་ན་གཞུང་དང་མི་མཐུན་པ་ཁོ་ནང་ཇི་ལྟར་བཤད་ཅེས་བརྟག་པར་མི་བྱའོ། །གཞན་དུ་ན་གལ་ཏེ་ཚུལ་འདི་ལ་མ་བརྟེན་ན་དེའི་ཚེ་གསུང་རབ་ཀྱི་བཤད་པ་ཉིད་དུ་མི་འགྱུར་ཏེ། སྒྲ་ནི་བརྡ་ལས་བྱུང་པ་ཉིད་ཀྱིས་དོན་དུ་མ་ལ་འཇུག་པས་སོ་སོར་ངེས་པའི་དོན་ཡོངས་སུ་འཛིན་ན་སོམ་ཉིར་འགྱུར་པའི་ཕྱིར་རོ། །གཞན་ཡང་འདི་ནི་འཕགས་པ་ཐོགས་མེད་ལ་སོགས་པ་རྣམས་ཀྱིས་བཤད་པ་བྲིས་པ་ཡིན་པའི་ཕྱིར་ཚད་མར་བྱའོ། །དེ་ཡང་འདི་སྐད་དུ། འཕགས་པ་ཐོགས་མེད་གསུང་རབ་མ་ལུས་པའི་དོན་ཐུགས་སུ་ཆུད་ཅིང་རྟོགས་པ་ཐོབ་པ་ཡིན་དུ་ཟིན་ཀྱང་ཟློས་ཏེ་


DTG085_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་མང་བ་དང༌། ཟློས་ཏེ་གསུངས་པ་ཡིན་པའི་ཕྱོགས་ལ་ཡང་ཚིག་སོ་སོའི་རྣམ་པར་བཅད་པ་མ་གཟིགས་པ་དང༌། ཟབ་པ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དཔོགས་པར་མ་དཔྱོད་ནས་ཡིད་མི་བདེ་བ་རྗེས་སུ་ཐོབ་པར་གྱུར་ཏོ། །དེ་ནས་དེའི་དོན་དུ་བཅོམ་ལྡན་འདས་འཕགས་པ་བྱམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བཤད་པ་དང་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་མཛད་དོ། །དེ་གསན་ནས་སློབ་དཔོན་འཕགས་པ་ཐོགས་མེད་དང་དབྱིག་གཉེན་ལ་སོགས་པ་རྣམས་ཀྱིས་ཀྱང་བཤད་པ་ཡིན་ནོ་ཞེས་རྗེས་སུ་ཐོས་ཏེ། ཞར་ལ་འོངས་བས་ཆོག་གོ །སྒྲུབ་པ་དང་ལྡན་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཇི་སྐད་དུ་བཤད་པ་དང་མཐོང་བའི་ལམ་ལ་སོགས་པ་གཞན་དག་ཀྱང་འབྱུང་བས། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དེ་མ་ཐག་ཏུ་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། གང་ཡང་མདོ་སྡེ་གཞན་དག་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་གསུངས་བ་དེ་ལ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ན་ཚིག་སྔ་མ་དང་མདོ་སྡེ་གཞན་དག་གི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཞིའི་དོན་གང་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་གཞིའི་དོན་གང་ཡིན་ཞེས་བརྗོད་པ་ཡིན་ནོ། །ལན་བསྟན་པའི་ཕྱིར་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་གཞིའི་དོན་བྱང་ཆུབ་སེམས་དཔའི་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དུ་ན་གཞིའི་དོན་མེད་པའི་གནས་ཀྱི་དོན་མེད་པ་ཡིན་པས་ཏེ། རིགས་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོག་པ་མེད་པར་ནི་གྲོལ་བ་ཡོད་པར་མི་འཐད་པས་སངས་རྒྱས་ཀྱི་ཆོས་རྣམས་རྟོགས་བཞིན་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཞིའི་དོན་མེད་པ་ཡིན་སྙམ་དུ་དོགས་པ་དེ་ཅིའི་ཕྱིར་ཞེན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་ཆགས་པ་མེད་པར་ཞེས་བྱ་བ་ནི་གང་གི་ཕྱིར་གཞན་དུ་རྟོགས་པ་མི་འཐད་པས་


DTG085_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ལ་གཞི་དང་དེའི་མཚན་མ་ལ་མངོན་པར་ཞེན་པ་མེད་པས་ཆགས་པ་མེད་པར་གྱུར་པ་ན་སངས་རྒྱས་ཀྱི་ཆོས་རྟོགས་པར་བྱ་བའི་ཕྱིར་སྒྱུ་མའི་སྐྱེས་བུ་ལྟར་སློབ་པ་དེའི་ཕྱིར་དེ་ཁོ་ན་ཉིད་དུ་ན་རྟེན་གྱི་དོན་ཡོད་པར་ཇི་ལྟར་འགྱུར་ཞེས་བྱ་བར་དགོངས་སོ། །ཡང་ཀུན་རྫོབ་ཏུ་ནི་སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཀྱི་ཁྱད་པར་གྱི་དབྱེ་བས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་གཞིར་གྱུར་པ་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་ལ་ནི་རིགས་ཞེས་བྱ་བར་བཤད་དོ། །དེ་ལ་རེ་ཞིག་དང་པོར་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་སྐྱེ་བའི་རྟེན་ཡིན་ནོ། །དེའི་འོག་ཏུ་ནི་འཇིག་རྟེན་ལས་འདས་པ་མཐོང་བའི་ལམ་དང་བསྒོམ་པའི་ལམ་དག་གིའོ། །དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་དང་འདྲ་པར་དུས་མཉམ་དུ་གཉེན་པོ་མཐའ་དག་སྐྱེ་པ་དང་མི་མཐུན་པའི་ཕྱོགས་འགག་པ་དག་གིས་སོ། །དེའི་འོག་ཏུ་དེ་དག་མི་དམིགས་པས་མི་མཐུན་པ་དང་གཉེན་པོའི་ཕྱོགས་གཉིས་འགོག་པ་དང་སྐྱེ་བ་དང་ལྡན་པའི་རྣམ་པར་རྟོག་པ་སྤངས་པ་ཡིན་ནོ། །དེའི་འོག་ཏུ་སྔོན་གྱི་སྨོན་ལམ་དང་སྦྱིན་པ་ལ་སོགས་པ་ཐབས་ལ་མཁས་པའི་སྟོབས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་མཚན་ཉིད་ཀྱིས་ཤེས་རབ་དང་ཐབས་དག་གི་ཡིན་ནོ། །དེའི་འོག་ཏུ་དེ་དག་སྐྱེས་པས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཆོས་ཀྱི་ཡིན་ནོ། །དེའི་འོག་ཏུ་བསམ་པ་ཇི་ལྟ་བ་བཞིན་དུ་གཞུག་པ་ལ་སོགས་པ་ལ་ལྡེམ་པོར་དགོངས་པའི་སྒོ་ནས་ཐེག་པ་གསུམ་གྱི་ལམ་ལ་དགོད་པའི་མཚན་ཉིད་ཀྱིས་གཞན་གྱི་དོན་གྱི་གོ་རིམས་ཀྱི་ཡིན་ནོ། །དེའི་འོག་ཏུ་འཁོར་བ་ཇི་སྲིད་པར་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་གཞན་གྱི་དོན་གྱི་ཡེ་ཤེས་འབྱུང་བའི་རྟེན་ཡིན་ནོ། །དེ་བས་ན་དེ་ལྟར་རྟོགས་པའི་གོ་རིམས་ཡིན་པའི་ཕྱིར་འདི་ནི་གོ་རིམས་ཡིན་ནོ། །འདིས་ཀྱང་རྟོགས་པའི་ཆོས་ཐམས་ཅད་བསྡུས་པ་ཡིན་པའི་ཕྱིར་འདི་དག་ཁོ་ན་བསྟན་གྱི་མ་ཚང་བ་དང་ལྷག་པར་ཡང་མ་ཡིན་ནོ། །དེ་བཞིན་ཀུན་རྫོབ་ཏུ་རྟེན་གྱི་དངོས་པོ་འཕངས་པ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་དོན་འདི་ཐམས་ཅད་འཕངས་པ་ཉིད་ཡིན་པར་ཤེས་པར་བྱའོ། །ཉི་ཁྲི་ལྔ་


DTG085_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ལས་རྟེན་གྱི་དབང་དུ་མཛད་ནས་དོན་རེ་རེ་ཞིང་བསྟན་པའི་ཤེས་པར་བྱེད་པ་ཉིད་ཀྱི་གཞུང་ཡོད་མོད་ཀྱི། འདིར་ནི་གཞུང་མངས་ཀྱིས་འཇིགས་པས་མ་བྲིས་སོ། །དེ་སྐད་དུ་ཡང༌། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །གཉེན་པོ་དང་ནི་སྤོང་བ་དང༌། །དེ་དག་ཡོངས་སུ་གཏུགས་པ་དང༌། །ཤེས་རབ་སྙིང་བརྩེར་བཅས་པ་དང༌། །སློབ་མ་ཐུན་མོངས་མིན་ཉིད་དང༌། །གཞན་གྱི་དོན་གྱི་གོ་རིམས་དང༌། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཆོས་ཀྱི་དབྱིངས་ཁོ་ན་འཕགས་པའི་ཆོས་རྣམས་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་དེའི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་དུ་གནས་པའི་རིགས་ཆོས་ཉིད་ཀྱི་མིང་ཅན་ཡིན་ན། དེའི་ཚེ་ཆོས་ཀྱི་དབྱིངས་ཁོ་ན་སྤྱིར་གནས་པ་ཡིན་པའི་ཕྱིར་འདི་ནི་ཐོག་མ་མེད་པའི་དུས་ནས་འོངས་པ་ཆོས་ཉིད་ཀྱིས་ཐོབ་པའི་རང་བཞིན་དུ་གནས་པའི་རིགས་སོ། །འདི་ནི་སྔོན་དགེ་བའི་རྩ་བ་ལ་གོམས་པས་ཐོབ་པ་ཡང་དག་པར་བླངས་པའོ། །འདི་ནི་རྐྱེན་ཆེན་པོས་ཀྱང་མི་འཕྲོགས་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རིགས་སུ་ངེས་པ་ཡིན་ནོ། །འདི་ནི་རྐྱེན་གྱིས་འཕྲོགས་པའི་ཕྱིར་ཉན་ཐོས་ལ་སོགས་པའི་རིགས་སུ་མ་ངེས་པ་ཡིན་ནོ་ཞེས་རིགས་ཀྱི་དབྱེ་བ་ཐ་དད་པར་རུང་བ་མ་ཡིན་ནམ་ཞེ་ན། ཇི་ལྟར་ཉན་ཐོས་ལ་སོགས་པའི་ཐེག་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ་འཕགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་རྒྱུའི་ངོ་བོར་རྣམ་པར་གཞག་བའི་སྒོ་ནས་རིགས་ཉིད་དུ་ཐ་སྙད་འདོགས་སོ་ཞེས་བྱ་བ་ནི་ལན་ཡིན་ནོ། །ཡང་དཔེར་ན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་བུམ་པ་ལ་སོགས་པ་བརྟེན་པ་སྤྲང་རྩི་དང༌། ཁར་ལ་སོགས་པའི་སྣོད་དུ་གྱུར་པ་ཉིད་ཀྱིས་ཐ་དད་པ་དེ་བཞིན་དུ་རྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་རྟོགས་པར་བྱ་བ་ཐ་དད་པ་ཉིད་ཡིན་པས་རྟེན་ཐ་དད་པ་ཉིད་དུ་བཏགས་པ་ལ་ཉེས་པ་མེད་དོ། །དེ་སྐད་དུ་ཡང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་


DTG085_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །ཅེས་གསུངས་པ་ཡིན་ནོ། །ངེས་པའི་ཚིག་ནི་ཡོན་ཏན་སྒྲོལ་པའི་དོན་གྱིས་ན་ཆོས་ཀྱི་དབྱིངས་ལ་རིགས་ཞེས་བྱ་སྟེ་དེ་ལས་ཡོན་ཏན་དེ་དག་སྐྱེ་ཞིང་འབྱུང་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་ངེས་པའི་ཚིག་ནི་སེམས་བསྐྱེད་པ་དང་ཐར་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་རྣམས་ཀྱི་སྔོན་དུ་འགྲོ་བ་དེ་ཡིན་པས། དང་པོ་ཁོ་ནར་རིགས་བཤད་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་འདི་ལྟར་བཤད་ཅེ་ན། དེ་ནི་བདེན་མོད་ཀྱི། དེ་ནི་དོན་གྱི་གོ་རིམས་ཡིན་ལ། འདི་ནི་དང་པོ་འབྲས་བུ་བཤད་ནས་རྒྱུ་ཕྱིས་བསྟན་པ་ཡིན་པས་བཤད་པའི་གོ་རིམས་ཡིན་པའི་ཕྱིར་ཉེས་པ་མེད་དོ། །རྟེན་གྱི་འོག་ཏུ་ཇི་སྐད་དུ་བཤད་པའི་སྒྲུབ་པའི་རྟེན་དུ་གྱུར་པའི་བྱང་ཆུབ་སེམས་དཔའི་དམིགས་པ་གང་ཡིན་སྙམ་པ་ལ་དམིགས་པ་བསྟན་པའི་ཕྱིར་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་གི་ཕྱིར་དམིགས་པའི་གནས་སུ་གྱུར་པའི་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྗེས་སུ་རྟོགས་པའི་དོན་དུ་ན་བདེན་པ་གཉིས་ལས་མ་འདས་པར་ཡང་དག་པར་དམིགས་པས་ན་ཆགས་པ་མེད་པ་དེར་གྱུར་བ་ན་དམིགས་པ་རྣམ་པར་དག་པ་རྟོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་པ་དེའི་ཕྱིར་བྱང་ཆུབ་ལ་དམིགས་པའི་དགོངས་པས་རང་གི་དོན་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་བཤད་དོ། །དེ་ལ་རེ་ཞིག་དང་པོར་སྤྱིར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་དེ་གོ་རིམས་བཞིན་དུ་དགེ་སྦྱོང་གི་ཚུལ་ཉིད་དང༌། སྲོག་གཅོད་པ་ལ་སོགས་པ་དང༌། ལུང་དུ་མ་བསྟན་བའི་ལུས་ཀྱི་ལས་ལ་སོགས་པ་སྟེ། དེ་ལྟར་རྣམ་པ་གསུམ་དུ་ཕྱེ་པ་ལ་བླང་བར་བྱ་བ་དང༌། སྤང་བར་བྱ་བ་དང༌། བཏང་སྙོམས་སུ་བྱ་བའི་གནས་ཉིད་དུ་རྣམ་པར་བསྒོམ་མོ། །དེ་ནས་ཡང་བླང་བར་བྱ་བ་ནས་བཟུང་སྟེ་འཇིག་རྟེན་པའི་ལམ་གྱིས་བསྡུས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་


DTG085_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་འཇིག་རྟེན་པ་དང་ཡང་དག་པའི་འཕགས་པའི་ལམ་གྱིས་བསྡུས་པ་བསམ་གཏན་བཞི་ལ་སོགས་པ་ནི་འཇིག་རྟེན་ལས་འདས་པའི་ཡིན་ནོ་ཞེས་སེམས་པར་བྱེད་དོ། །དེ་ལ་བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་ནི་ཟག་པ་དང་བཅས་པ་ཡིན་ལ། བདག་ཏུ་ལྟ་བའི་གཉེན་པོ་ཉིད་བར་གཞག་པ་ལ་སོགས་པ་འཇིག་རྟེན་ལས་འདས་པ་རྣམས་ནི་ཟག་པ་མེད་པ་ཡིན་ནོ་ཞེས་སྤང་བ་དང་བླང་བར་བྱ་བ་ཉིད་དུ་ངེས་པར་རྟོག་པར་བྱེད་དོ། །དེས་ན་ཟག་པ་མེད་པ་ནས་བརྩམས་ཏེ་རྒྱུ་དང་རྐྱེན་ལ་རག་ལས་བ་འདོད་པའི་ཁམས་སུ་གཏོགས་པས་བསྡུས་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནི་ཀུན་རྫོབ་ཏུ་འདུས་བྱས་ཡིན་ལ། རྒྱུ་ལ་མི་ལྟོས་པ་ཁམས་གསུམ་པར་མ་གཏོགས་པར་དེ་བཞིན་ཉིད་ལ་སོགས་པ་ནི་དོན་དམ་པར་འདུས་མ་བྱས་ཡིན་ནོ་ཞེས་རྣམ་པ་གཉིས་སུ་སྒོམ་པར་བྱེད་དོ། །དེ་ནས་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ལས་འབྱུང་བའི་བསམ་གཏན་བཞི་ལ་སོགས་པ་ནི་ཐུན་མོང་གི་ཆོས་ཡིན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ལས་འབྱུང་བའི་ཆོས་ཅན་སྟོབས་བཅུ་ལ་སོགས་པ་ནི་ཐུན་མོང་མ་ཡིན་པའི་ཆོས་རྣམས་ཡིན་ནོ་ཞེས་རྣམ་པ་གཉིས་སུ་སྒོམ་པར་བྱེད་དོ། །དེ་ལྟ་བུའི་རྟོགས་བའི་རིམ་གྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཇི་ལྟ་བ་བཞིན་དུ་དམིགས་པས་ན་དམིགས་པ་ནི་རྣམ་པ་བཅུ་གཅིག་པོ་འདི་ཁོ་ན་ཡིན་པར་ཤེས་པར་བྱའོ། །ཇི་སྐད་དུ་བཤད་པའི་དམིགས་པའི་རིམ་པ་སྟོན་པའི་གཞུང་ཡང༌། སྟོང་ཕྲག་ཉི་ཤུ་ལྔ་བ་ལ་སོགས་པ་ལས་གསལ་པ་ཁོ་ནར་འབྱུང་བ་ལས་ལོག་པར་ཁོང་དུ་ཆུད་པར་མི་བྱའོ། །དེ་སྐད་དུ་ཡང༌། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་བ་སོགས་པ་ཡིན། །འཇིག་རྟེན་པ་ཡིན་རྟོགས་པ་དང༌། །གང་དག་འཇིག་རྟེན་འདས་འདོད་དང༌། །ཟག་བཅས་ཟག་པ་མེད་ཆོས་དང༌། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང༌། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་གསུངས་པ་ཡིན་ནོ། །གང་ཡང་ཆོས་ཀྱི་དབྱིངས་རྟག་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ནི་དམིགས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་རྟག་ཏུ་རྣམ་


DTG085_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་ཉིད་ཡིན་པའི་ཕྱིར་གོང་ནས་གོང་དུ་རྣམ་པར་དག་པའི་ཁྱད་པར་དུ་འགྲོ་བར་ཇི་ལྟར་བརྗོད་པར་བྱ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བ་ཡིན་ནོ་ཞེ་ན། དེ་ལྟན་ནི་དག་པ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡིན་ནོ་ཞེས་གཉེན་པོའི་ཁྱད་པར་ལ་མངོན་པར་ཞེན་པ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་མངོན་པར་ཞེན་པའི་དོན་གྱིས་འཕངས་པ་ཡིན་ནོ། །དེ་བས་ན་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྤངས་པ་མེད་པས་ཕྱོགས་གཅིག་པའི་དག་པར་ཐལ་པར་འགྱུར་རོ། །ཁྱེད་ཀྱི་ཕྱོགས་ལྟར་ན་ཡང་རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བས་དམིགས་པ་མཐར་ཐུག་པ་ཇི་ལྟར་ཡིན་ཞེ་ན་ཉེས་པ་མེད་དེ། གང་གི་ཕྱིར་རིགས་པའི་རྗེས་སུ་འགྲོ་བའི་དངོས་པོ་མེད་པའི་ཕྱིར་ན་དངོས་པོ་མེད་པ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་བརྗོད་ལ། དེ་ཁོ་ན་ཉིད་ཀྱི་རང་བཞིན་བསྒྲིབས་པ་དེ་རིམ་གྱིས་སྒྱུ་མ་ལྟ་བུར་རྟོགས་པ་ནི་རྣམ་པར་དག་པ་ཡིན་ནོ། །དེ་ལྟར་བྱས་ན་རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། རྣམ་པར་འགྱུར་བ་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་པས། གཉི་ག་ཡང་གཉི་ག་ཡིན་པ་ལ་ནི་དགག་པ་མེད་དོ་ཞེས་བྱ་བ་ནི་རྟེན་དང་དམིགས་པའི་མཚན་ཉིད་ཀྱི་དབྱེ་བ་ཡིན་ནོ། །དམིགས་པ་རྣམ་པར་གཞག་པ་ལ་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི། ཤིན་ཏུ་སྤྲོས་པས་ཆོག་གོ་ཞེས་འཕགས་པ་རྣམ་གྲོལ་སྡེས་གསུངས་སོ། །དམིགས་པའི་རྗེས་ཐོགས་ཉིད་ལ་དམིགས་པ་རྟོགས་ཟེར་པའི་བྱང་ཆུབ་སེམས་དཔའི་ཆེད་དུ་བྱ་བ་གང་ཡིན་སྙམ་ན་ཆེད་དུ་བྱ་བ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ཅིའི་སླད་དུ་ཞེས་བྱ་བ་ནི་དགོས་བ་ཅི་ཞིག་གིས་ན་བྱང་ཆུབ་སེམས་དཔར་གྱུར་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ལན་དུ་བཀའ་སྩལ་བ་ནི། སེམས་ཅན་གྱི་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་ཞེས་བྱ་བ་ནི། སེམས་ཅན་གྱི་ཚོགས་ཚད་མེད་པ་ཞེས་སྤྱིར་བརྗོད་པའོ། །འཁོར་བ་ཐོག་མ་མེད་པར་འཇུག་པ་གཅིག་ཀྱང་


DTG085_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ཉིད་ཀྱིས་ཆེན་པོར་གྱུར་པ་ཡིན་པའི་ཕྱིར་ཕུང་པོ་ཞེས་སྨོས་སོ། །སེམས་ཅན་གྱི་རིགས་ཆེན་པོ་ཞེས་བྱ་བ་ནི་ཞུགས་པ་དང་འབྲས་བུ་ལ་གནས་པའི་རིས་ལ་སོགས་པའི་དབྱེ་བས་རིགས་མི་མཐུན་པ་ལས་བཟློག་པས། སེམས་ཅན་སྤྱི་ལས་སྐལ་བ་མཉམ་པས་བསྡུས་པའི་སེམས་ཅན་གྱི་ཁྱད་པར་བརྗོད་པ་ཡིན་ནོ། །མཆོག་ཉིད་དུའོ་ཞེས་བྱ་བ་ནི། དེའི་ཆེད་དུ་བྱས་ནས་ཞུགས་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་སེམས་ཆེ་བ་ཉིད་རྟོགས་ནས་སྤྱིར་དེ་ཐོབ་པར་འདོད་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པ་ལ་སོགས་པས་མཆོག་ཉིད་རྫོགས་པར་བྱེད་པའོ། །དེའི་ཕྱིར་དེ་ཞེས་བྱ་བ་རྒྱུ་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟེ། འདི་ལ་སེམས་ཆེ་བ་ཡོད་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ། །སེམས་ཆེན་པོ་ཡོད་པ་ལ་ནི་སྤོང་བ་ཆེན་པོ་ཉིད་ཡོད་པས་སྤོང་བ་ཆེན་པོ་བསྟན་པར་བྱ་བའི་ཕྱིར་བླ་མ་ལ་རག་ལས་བས་ན་གནང་བ་ཞུ་བའི་དོན་དུ། ཤཱ་རིའི་བུས་བཅོམ་ལྡན་འདས་བདག་ཀྱང་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བའི་ཚིག་གི་དོན་དེའི་དོན་ལ་བཅོམ་ལྡན་འདས་བདག་ཀྱང་སྤོབས་པར་འཚལ་ལོ། །ཀྱང་ཞེས་བྱ་བའི་སྒྲའི་དོན་ནི་བཅོམ་ལྡན་འདས་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བའོ། །རྗེས་སུ་གནང་བ་ཉིད་ཀྱི་དོན་དུ་ཤཱ་རིའི་བུ་ད་དེའི་དུས་ལ་བབ་བར་ཤེས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དོན་གང་སྨྲ་པར་བྱ་བའི་ཕྱིར་ད་ཞེས་བྱ་བ་ད་ལྟར་དུས་ལ་བབ་པ་སྟེ། སྐབས་ཡིན་པར་ཤེས་ན་དོན་དེ་ལ་སྤོབས་པར་བྱོས་ཤིག་ཅེས་བྱ་བ་ཡང་དག་པར་མངོན་དུ་ཕྱོགས་པར་གྱིས་ཤིག་པའོ། །གནང་བ་ཐོབ་པ་དང་བདག་ཏུ་ལྟ་བ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དེ་ལ་ང་རྒྱལ་གྱི་གཞིར་གྱུར་པའི་དོན་གྱིས་ན་བདག་སྟེ་འདི་ལ་ང་རྒྱལ་སྐྱེ་པའི་ཕྱིར་རོ། །འཇིག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་སེམས་ཅན་ནོ། །སྲོག་གི་དབང་པོའི་དབང་གིས་སྐལ་བ་མཉམ་པའི་རིས་ཡོངས་སུ་རྫོགས་ཀྱི་བར་དུ་གནས་པས་ན་སྲོག་གོ །འགྲོ་བ་རྣམས་སུ་ཡང་དང་ཡང་དུ་གནས་པས་ན་གང་ཟག་གོ །འབྱུང་བར་འགྱུར་བས་ན་འབྱུང་བའོ། །མེད་པར་འགྱུར་པས་ན་འཇིག་པའོ། སྔོན་བྱུང་བ་ད་ལྟར་མེད་པས་ན་ཆད་


DTG085_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ངོ་བོ་ཉིད་ཀྱི་ཡོད་པ་གང་ཡིན་པ་དེ་མེད་པར་མི་འགྱུར་པའི་ཕྱིར་རྟག་པའོ། །བདག་དང་བདག་གི་བའི་རྣམ་པས་ཕུང་པོ་ལྔར་ལྟ་བ་ནི་རང་གི་ལུས་སུ་ལྟ་བའོ། །འདི་ལྟ་བུ་ལ་སོགས་པའི་ལྟ་བ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ལྟ་བ་ལ་སོགས་པ་ལོག་པར་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལ་སོགས་པར་ལྟ་བ་བདག་ལ་སོགས་པ་དང་ཆོས་སྒྲོ་བཏགས་པའི་རྣམ་པ་ལ་མངོན་པར་ཞེན་པའི་རང་བཞིན་སྤང་བའི་སླད་དུ་ཞེས་བྱ་བ་བག་ཆགས་དང་བཅས་པ་ཡོངས་སུ་དོར་བར་བྱ་བའི་ཕྱིར་ཆོས་བསྟན་ཏོ་སྙམ་པས་ན་ཞེས་བྱ་བ་སྤངས་པ་ཆེན་པོ་དང་རྟོགས་པ་ཆེན་པོ་ཉིད་ཐོབ་པས་ཞེས་བྱ་བར་བསམས་པ་སྟེ། གཞན་དུ་ན་དེ་ཁོ་ན་ཉིད་ལྐོག་ཏུ་གྱུར་པས་དེ་བཤད་པར་དཀའ་བ་ཡིན་པའི་ཕྱིར་རོ། །དེའི་སླད་དུ་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལ་སོགས་པ་མ་ལུས་པར་སྤངས་པ་ལ་རྟོགས་པ་ཁྱད་པར་ཅན་ཡོད་པས་དེ་བཞིན་དུ་རྟོགས་པ་ཆེན་པོ་ཉིད་བཤད་པ་ནི་བཅོམ་ལྡན་འདས་བདག་ཀྱང་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བར་སྤོབས་སོ་ཞེས་བྱ་བའོ། །ཀྱང་ཞེས་བྱ་བའི་སྒྲ་ནི་གཞན་འབའ་ཞིག་ཏུ་མ་ཟད་དོ་ཞེས་བྱ་བའོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་བྱང་ཆུབ་དོན་དུ་གཉེར་བའི་སེམས་ཏེ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་མཁྱེན་པའི་སེམས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ལ་གཞོལ་བའི་སེམས་ཏེ། ལྷག་པར་མོས་པར་བྱེད་པས་མོས་པ་སྤྱོད་པའི་སས་བསྡུས་པའོ། །རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ་སོར་རྟོགས་པའི་ཕྱིར་ཟག་པ་མེད་པའི་སེམས་ཏེ་སྦྱོར་བའི་ས་བདུན་པ་ལ་བསམ་པ་རྣམ་པར་དག་པའོ། །མཉམ་པ་མེད་པའི་སེམས་ཞེས་བྱ་བ་ནི་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ་ཉིད་ཀྱིས་མཉམ་པ་མེད་པའི་སེམས་ཏེ། ས་བརྒྱད་པ་ལ་སོགས་པར་སྨིན་པ་ལས་བྱུང་བའོ། །མི་མཉམ་པའི་སངས་རྒྱས་རྣམས་དང་མཉམ་ཞིང་མཚུངས་པའི་སེམས་ནི་མི་མཉམ་པ་དང་མཉམ་པའི་སེམས་ཏེ། སྒྲིབ་པ་ཐམས་ཅད་སྤངས་པ་སངས་རྒྱས་ཀྱི་སར་གཏོགས་པའོ། །ཡང་ན་བྱང་ཆུབ་ཀྱི་སེམས་ནི་མ་སྐྱེས་པའི་ངོ་བོ་བྱང་ཆུབ་ཀྱི་རང་བཞིན་དུ་


DTG085_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་བའི་སེམས་སོ། །དེ་ཉིད་དུ་རྣལ་འབྱོར་པའི་ཀུན་རྫོབ་ཏུ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་དང་འབྲེལ་པས་ལྡོག་པའི་ཆ་འགའ་ཞིག་གིས་ཐམས་ཅད་མཁྱེན་པའི་སེམས་ལ་སོགས་པ་རྣམ་པ་བཞིར་བཤད་དོ། །འདི་དག་ཐམས་ཅད་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །སེམས་དེ་ལ་ཡང་ཞེས་བྱ་བ་ནི་དོན་ཆེ་བ་ཉིད་ཡིན་པའི་ཕྱིར་ཕྱོགས་སུ་ལྷུང་བར་འོངས་པའི་སེམས་དེ་ལྟ་བུ་ལ་མ་ཆགས་པ་སྟེ་མངོན་པར་མ་ཞེན་པའོ། །ཡོངས་སུ་མ་ཟིན་པ་ནི་མི་གནས་པའོ། །དེ་ལྟར་ན་འདིས་ནི་རྟོགས་པ་ཆེ་བ་ཉིད་བསྟན་པ་ཡིན་ནོ། །ཡང་གི་སྒྲ་ནི་གཞན་དག་ལ་ཧ་ཅང་ཡང་ཆེས་བྱ་བ་ཡིན་ནོ། །མངོན་པར་ཞེན་པ་མེད་པ་དང་གནས་པ་མེད་པ་ལ་བསྒོམ་པ་མི་འཐད་པས་གཉིས་པོ་འདི་དག་ཇི་ལྟར་ཡིན་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བརྗོད་མ་ཐག་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ནི་སྔར་བརྗོད་པའི་སེམས་ཐམས་ཅད་ཉེ་བར་མཚོན་པ་ལྷུར་བྱེད་པ་དང་ཆགས་པའི་གཉེན་པོར་གྱུར་པས་ཟག་པ་མེད་པ་དང༌། གནས་པའི་གཉེན་པོར་གྱུར་པས་མི་གནས་པ་ཡིན་པ་དེའི་ཕྱིར་སྒྱུ་མའི་སྐྱེས་བུ་ལྟ་བུར་སྒོམ་པར་བྱེད་དོ་ཞེས་བྱ་བར་བསམས་པའོ། །སེམས་གང་ཡིན་པའི་སེམས་དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་པ་ཡིན་ནོ། །ཟག་པ་མེད་པ་ཡིན་དུ་ཟིན་ཀྱང་དངོས་པོ་ཡོད་པས་མངོན་པར་ཞེན་པ་མེད་པ་ལ་སོགས་པར་མི་རིགས་སོ་ཞེས་བརྗོད་པ་ནི་ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་དུ་མ་སྐྱེས་པའི་ཕྱིར་རོ། །ཤཱ་རིའི་བུས་སྨྲས་པ་ཞེས་བྱ་བ་ནས། ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་གསུངས་པ་ལྟར་སྟོན་པ་ལེགས་སོ་ཞེས་བྱ་བའི་བར་ནི་བཤད་ཟིན་ཏོ། །དོན་གཞན་གྱི་སྐབས་ལས་འཕྲོས་པ་ཡིན་པའི་ཕྱིར་ཟློས་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས།། སླར་ཡང་དོན་གཞན་ལ་བརྟེན་ནས། །དོན་དེ་ཉིད་ནི་བཟླས་པ་ཡིན། །ཞེས་བཤད་པ་ཡིན་ནོ། །དེས་ན་དེ་ལྟར་རྒྱལ་བ་མ་ཕམ་པའི་ཆེད་དུ་བྱ་བ་དང་ཆོས་མཐུན་པར་བྱང་ཆུབ་སེམས་དཔའི་སྒྲུབ་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་བསྟན་པ་ཡིན་པར་ཤེས་པར་བྱའོ། །དམིགས་པ་དང་ཆེད་དུ་


DTG085_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། འཕགས་པ་རྣམ་པར་གྲོལ་བའི་སྡེས་མདའ་ལྟོང་སྦྱོར་བ་དང་འབེམ་ལ་ཕོག་པ་དང་འདྲ་བར་དེའི་ཚེ་ཉེ་བ་ན་གནས་པ་ན་དམིགས་པ་ཡིན་ལ། ཕྱིས་ཀྱི་ཐག་རིང་བ་ནི་ཕྱེད་དུ་བྱ་བ་ཡིན་ནོ་ཞེས་བཤད་དོ། །དེ་སྐད་དུ་ཡང༌། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སྤངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདི་ཞེས་བྱ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །ཆེད་དུ་བྱ་བའི་རྗེས་ལ་ད་ནི་རྫོགས་པར་བྱ་བའི་ཕྱིར་སྒྲུབ་པ་བརྗོད་པར་བྱའོ། །དེ་ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་སྤྱིར་དགེ་བའི་ཆོས་ཀྱི་རྟེན་ཅན་དང༌། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་རྣམ་པ་བཞི་ལ་མངོན་པར་རྟོགས་པ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་ཡིན་ནོ། །ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ལ་ན་མི་ཡིན་ཏེ་འབྲས་བུ་ཉིད་ཡིན་པས་དེ་ལ་བྱ་བ་ཡོད་མི་སྲིད་དོ། །དེ་ལ་འཕགས་པ་ཐོགས་མེད་ཀྱིས་གོ་ཆ་དང་འཇུག་པའི་སྒྲུབ་བ་དག་ནི་གོ་རིམས་བཞིན་དུ་བརྒྱུད་པ་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་བ་ནི་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་དུ་སྦྱོར་བའི་ལམ་གྱི་རང་བཞིན་ཆོས་ཀྱི་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་སྒྲུབ་པ་ནི་བསྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་བཤད་དོ། །གཉིས་པ་ལ་སོགས་པའི་རང་བཞིན་ནི་བསྒོམ་པའི་ལམ་གྱི་ངོ་བོ་ཡིན་ཞིང་གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་ཀྱི་སྒྲུབ་པ་ནི་ལམ་གཉི་གའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ནི་བསྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་སྦྱོར་བ་དང་མཐོང་བ་དང་བསྒོམ་པ་དང་ཁྱད་པར་གྱི་ལམ་གྱི་རང་བཞིན་སྒྲུབ་པའི་མཚན་ཉིད་གོ་ཆ་དང་འཇུག་པ་དང་ཚོགས་དང་ངེས་པར་འབྱུང་བ་རྣམས་ཀྱི་ནང་ནས་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་པས་དང་པོ་གོ་ཆའི་སྒྲུབ་པ་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་པོ་བྱམས་མའི་བུས་ཞེས་བྱ་བ་ནི་གང་པོ་ཉིད་ལ་མིང་གཞན་དུ་ན་བྱམས་མའི་བུ་ཞེས་བྱའོ། །ཡང་ན་རང་གི་མ་བྱམས་མ་ཞེས་


DTG085_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་བུ་ཡིན་པས་ན་བྱམས་མའི་བུའོ། །གང་ལགས་པ་འདི་ནི་ཞེས་བྱ་བ་ནི་འདས་མ་ཐག་པའི་དངོས་པོ་གང་ཡིན་པའོ། །གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ནི་གོ་ཆའི་སྒྲུབ་པ་འདི་དོན་གྱིས་འཕངས་པ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཆོས་ཀྱི་སྤྱིན་པ་ལ་སོགས་པ་སྦྱིན་པར་བྱེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཡིན་ནོ། །དེ་ཉིད་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་ཡོངས་སུ་སྤངས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ལ་བཟོད་པ་དང་མོས་པ་དང་ཉེ་བར་རྟོགས་པ་དང་སྐྱེ་བོ་ཐམས་ཅད་ཀྱི་མི་སྙན་པར་སྨྲ་བ་ཉིད་བཟོད་པས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །དེ་ཉིད་དགེ་བའི་རྩ་བ་གོང་ནས་གོང་དུ་མངོན་པར་འཕེལ་བར་བྱ་བའི་ཕྱིར་འདུན་པ་ལ་སོགས་པ་བསྐྱེད་པས་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །དེ་ཉིད་ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་ཉིད་ཀྱིས་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྡོ་བར་བྱེད་པ་ལ་དམིགས་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །དེ་ཉིད་སྒྱུ་མའི་རྣམ་པ་ལྟ་བུའི་འདུ་ཤེས་ལ་ཉེ་བར་གནས་པས་སྦྱིན་པར་བྱ་བ་དང་སྦྱིན་པ་པོ་དང་ལེན་པ་པོ་ཉེ་བར་མ་དམིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །དེ་ལྟར་ན་གོ་ཆའི་སྒྲུབ་པ་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པའོ། །དེ་བཞིན་དུ་དེ་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཉིས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བ་ནི་གསུམ་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བཞི་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ལྔ་པའོ། །དེ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དྲུག་པ་ཡིན་ནོ། །དེ་ལྟར་ན་དེ་དག་སོ་སོར་དྲུག་ཚན་དྲུག་ཏུ་འགྱུར་མོད་ཀྱི། གོ་ཆ་དྲུག་ཆོས་མཐུན་པ་དང་སྦྱིན་པ་ལ་སོགས་པ་ཆོས་མཐུན་པའི་ཕྱིར་གོ་ཆའི་སྒྲུབ་པ་ནི་རྣམ་པ་དྲུག་ཏུ་བཤད་དོ། །སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་ལས་ཀྱང་གོ་ཆའི་སྒྲུབ་པ་བསྟན་པ་ལ་སྦྱིན་པ་ལ་སོགས་པ་དྲུག་ཚན་དྲུག་ཏུ་གསལ་པོ་ཁོ་ནར་བསྟན་པ་ཉིད་ཡིན་པས་སོ། །དེ་ལ་དང་པོར་ལོངས་སྤྱོད་ལ་ལྟོས་པ་མེད་ན་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །


DTG085_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་རྗེས་སུ་བསྲུངས་ན་བཟོད་པར་འགྱུར་རོ། །སྡུག་བསྔལ་བཟོད་ན་བརྩོན་འགྲུས་རྩོམ་མོ། །ལེ་ལོ་དང་བྲལ་ན་བསམ་གཏན་རྫོགས་པར་བྱེད་དོ། །བསམ་གཏན་ཕུན་སུམ་ཚོགས་བ་ནི་འཇིག་རྟེན་ལས་འདས་བའི་ཤེས་རབ་ཐོབ་བར་འགྱུར་རོ། །དེ་ལྟ་པུ་ལ་སོགས་པ་ནི་རྟོགས་པའི་རྗེས་སུ་འབྲངས་ནས་བསྟན་པར་འདོད་པའི་ཕྱིར་ན་རིམ་པ་འདི་ཉིད་ཡིན་ནོ། །དེ་སྐད་དུ་ཡང༌། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་བ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་བ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་གོ་བགོས་པ་ལ་འཇུག་པ་འབྱུང་བས་གཉིས་པར་འཇུག་པའི་སྒྲུབ་བ་བསྟན་པར་བྱ་བའི་ཕྱིར། སེམས་དཔའ་ཆེན་པོ་དེ་ཐེག་པ་ཆེན་པོ་ལ་ཡང་དག་བར་ཞུགས་པ་ཐེག་པ་ཆེན་པོ་ལ་ཡང་ལག་པར་གནས་པ་ཞེས་བྱ་བ་གསུངས་ཏེ། ཐེག་པའི་སྒྲ་ནི་ལས་དང་བྱེད་པ་སྒྲུབ་པ་ཉིད་ཡིན་པའི་ཕྱིར་དང་པོ་འཇུག་པའི་སྒྲུབ་པས་ཐེག་པ་ཆེན་པོ་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་ཆོས་ལ་འཇུག་པ་ཡིན་ལ་ཕྱིས་གོང་ནས་གོང་དུ་ཁྱད་པར་རྟོགས་པས་ཡང་དག་པར་གནས་པ་ཡིན་པས་ཚིག་གཉིས་སྨོས་སོ། །དེ་ཡང་འཇུག་པའི་སྒྲུབ་པ་འདི་དོན་གྱིས་འཕེན་པ་ཡིན་ཏེ། འདི་ལྟ་སྟེ་དང་པོ་སེམས་བརྟན་བར་བྱས་པས་རང་གི་རྣམ་པ་དང་རྟགས་དང་མཚན་མ་རྣམས་ཀྱིས་བསམ་གཏན་དང་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་དང་ལྡན་པའི་འཇུག་པ་ཡིན་ནོ། །དེའི་འོག་ཏུ་སེམས་བརྟན་པར་གྱུར་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སློབ་པར་བྱ་བའི་ཕྱིར་སྦྱིན་པར་བྱ་བ་དང་སྦྱིན་པ་པོ་དང་ལེན་པ་པོ་ལ་སོགས་པ་འཁོར་གསུམ་ཡོངས་སུ་དག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པའོ། །དེའི་འོག་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ཁོ་ན་ལ་ལྷག་པར་མོས་པའི་ཕྱིར་མཐོང་བ་དང་བསྒོམ་པ་དང་མི་སློབ་བ་དང་ཁྱད་པར་གྱི་ལམ་གྱི་རང་བཞིན་འཕགས་པའི་ལམ་གྱི་འཇུག་པའོ། །དེའི་འོག་ཏུ་ཆོས་ཉིད་ལ་གཞོལ་བ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་བྱེད་པའི་ཕྱིར་བྱམས་པ་ལ་སོགས་པ་ཚད་མེད་པ་བཞིའི་འཇུག་པའོ། །དེའི་འོག་ཏུ་གཞན་གྱི་དོན་ལ་འཇུག་པའི་འཆིང་བ་ནི་དམིགས་པ་ཡིན་པའི་ཕྱིར་མི་དམིགས་པ་ལ་སྦྱོར་པའི་འཇུག་པའོ།།


DTG085_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འོག་ཏུ་ངོ་བོ་ཉིད་མེད་པའི་རྣལ་འབྱོར་དང་ལྡན་པ་ཇི་ལྟར་འཇུག་ཅེས་ལས་དང་བྱེད་བ་པོ་དང་བྱ་བ་མ་དམིགས་པས་སྒྱུ་མའི་སྐྱེས་བུ་བཞིན་དུ་དངོས་པོ་ཐམས་ཅད་ལ་འཁོར་གསུམ་ཡོངས་སུ་དག་པའི་འཇུག་པའོ། །དེའི་འོག་ཏུ་དེ་ལྟར་ཡོངས་སུ་ད་པར་སྤྱོད་པ་རྣམས་རང་གི་བསྒྲུབ་པར་བྱ་བ་ལ་འབད་པའི་ཕྱིར་སེམས་ཅན་ཀུན་གྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་ལ་སོགས་པ་ཆེད་དུ་བྱ་བ་རྣམ་པ་གསུམ་གྱི་འཇུག་པའོ། །དེའི་འོག་ཏུ་ཆེད་དུ་བྱ་བ་ལ་འབད་པ་བྱས་པ་རྣམས་ནི་གཞན་གྱི་སེམས་ཤེས་པ་ལ་སོགས་པ་ལ་བརྩོན་པར་བྱེད་པ་ཡིན་པའི་ཕྱིར་ལྷའི་མིག་ལ་སོགས་པ་མངོན་པར་ཤེས་པ་དྲུག་གི་འཇུག་པའོ། །དེའི་འོག་ཏུ་མངོན་པར་ཤེས་པ་ཐོབ་པ་རྣམས་ནི་འཚང་རྒྱ་བ་ཉིད་དུ་སྤྲོ་བ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇུག་པ་ཡིན་ཏེ། དེ་ལྟར་ན་རྟོགས་པའི་རིམ་གྱིས་ཡང་དག་པར་གནས་པའི་མཚན་ཉིད་ཅན་ཐེག་པ་ཆེན་པོའི་ཆོས་མཐའ་དག་གནོན་པའི་ངོ་བོ་ཉིད་འཇུག་པའི་སྒྲུབ་པ་ནི་རྣམ་པ་དགུ་ཉིད་དུ་འགྱུར་བ་ཡིན་ནོ། །ཇི་སྐད་དུ་བཤད་པའི་སྒྲུབ་པ་སྟོན་པར་བྱེད་པའི་གཞུང་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་གསུངས་པ་ནི་གཞུང་མངས་ཀྱིས་དོགས་པར་འགྱུར་བས་འདིར་ཤེས་པར་བྱེ་དཔར་མ་བྲིས་སོ། །དེ་སྐད་དུ་ཡང༌། བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །ལམ་དང་བྱམས་པ་ལ་སོགས་དང༌། །དམིགས་པ་མེད་དང་ལྡན་པ་དང༌། །ཁོར་གསུམ་རྣམ་པར་དག་པ་དང༌། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེའི་སླད་དུ་ཞེས་བྱ་བ་ནི་ཆོ་ག་དང་འཇུག་པའི་སྒྲུབ་པ་དག་དང་ལྡན་པའི་ཕྱིར་རོ། །གྲངས་སུ་མཆིའོ་ཞེས་བྱ་བ་ནི་བཏགས་པར་རོ། །འདི་སྐད་དུ་གང་གི་ཕྱིར་གོ་ཆ་དང་འཇུག་པའི་སྒྲུབ་པ་གཉིས་དང་ལྡན་པ་དེའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བཏགས་པ་ཡིན་ནོ་ཞེས་བརྗོད་བ་ཡིན་ནོ། །དེ་ལྟར་འཇུག་པ་བྱས་པ་ལ་ཚོགས་སྐྱེ་བ་ཡིན་པའི་ཕྱིར་གསུམ་པ་ཚོགས་ཀྱི་སྒྲུབ་པ་ནི་བཅུ་བདུན་དུ་བརྗོད་པར་བྱའོ། །དེ་སྐད་དུ་ཡང༌། བརྩེ་དང་སྦྱིན་ལ་སོགས་བ་དྲུག །ཞི་གནས་ལྷག་མཐོང་བཅས་བ་དང༌། །ཟུང་དུ་འབྲེལ་བའི་ལམ་གང་དང༌། །ཐབས་ལ་མཁས་པ་


DTG085_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་དང༌། །ཡེ་ཤེས་དང་ནི་བསོད་ནམས་དང༌། །ལམ་དང་གཟུངས་དང་ས་བཅུ་དང༌། །གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དེ་བསྟན་པར་བྱ་བའི་ཕྱིར་ཞུས་པ་ནི། གོ་ཆ་ཆེན་བོ་བགོས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ཙམ་གྱིས་ན་ཞེས་བྱ་བ་ནི་གྲངས་ཇི་ཙམ་དུ་ངེས་པར་འཆད་པའི་དོན་གྱི་ཆོས་གཞན་དང་ལྡན་པས་ཞེས་ཁོང་ནས་དབྱུང་ངོ༌། །གང་གི་ཕྱིར་གོ་ཆའི་སྒྲུབ་པ་དང་སྙིང་རྗེ་ལ་སོགས་པའི་ཚོགས་ཀྱི་སྒྲུབ་པ་དང་ལྡན་པ་གོ་ཆ་ཆེན་པོ་བགོས་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་གསུངས་པ་དེ་ལས་དོན་གྱིས་འཕངས་པའི་གོ་ཆའི་སྒྲུབ་བ་དང་ལྡན་པ་གོ་ཆ་ཆེན་པོ་བགོས་པ་ཡིན་ནོ་ཞེས་ནི་བསྟན་མ་ཐག་པ་ཡིན་ལ་ད་ལྟར་ནི་སྙིང་རྗེ་ལ་སོགས་པའི་ཚོགས་དང་ལྡན་པ་ལ་ཡིན་པས་ཉེས་པ་མེད་དོ། །ཁོང་ནས་ཕྱུང་བའི་ཚིག་གི་ལན་བཏབ་པ་ནི་རབ་འབྱོར་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་ལ་ཞེས་བྱ་བ་ནི་ཚིག་གི་ཉེ་བར་དགོད་པ་ལའོ། །འདི་སྙམ་དུ་ཞེས་བྱ་བ་ནི་སེམས་འདི་ལྟ་བུར་སྐྱེ་བའོ། །དེ་ཉིད་ནི་བདག་གི་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །མངོན་སུམ་ལ་སོགས་པའི་ཚད་མས་གཞལ་བར་མི་ནུས་པའི་ཕྱིར་གཞལ་དུ་མེད་པའོ། །བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱི་མྱ་ངན་ལས་འདའ་བ་ཐོབ་པར་བྱེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བའོ། །གྲངས་མེད་པ་ཞེས་བྱ་བ་ནི་གཅིག་ཉིད་ལ་སོགས་པའི་གྲངས་དང་བྲལ་བའོ། །འདི་སྐད་དུ་སྟོན་ཏེ་སྙིང་བརྩེ་བ་དང་བྲལ་ཞིང་ཐབས་དང་མི་ལྡན་པས་ནི་གཞན་འགའ་ཞིག་ཀྱང་མྱ་ངན་ལས་ཟློ་བ་མི་སྲིད་པའི་ཕྱིར་ཏེ། སྙིང་རྗེས་ཡིད་གདུངས་པ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་འདས་པའི་དུས་ཀྱི་བདེ་བ་ཉེ་བར་སྒྲུབ་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་འོངས་པའི་བདེ་བ་ཉེ་བར་སྒྲུབ་པ་དང༌། བཟོད་པ་དང༌། སྤྲོ་བ་དང་སེམས་རྩེ་གཅིག་པས་འབྲས་བུ་གཅིག་ཏུ་ངེས་པ་ཐོབ་པ་ཡིན་པའི་ཕྱིར་བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་གཅིག་ཏུ་ངེས་པའི་བདེ་བ་ཉེ་བར་སྒྲུབ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གཏན་དུ་པའི་བདེ་བ་ཉེ་བར་བསྒྲུབས་པས་ན།


DTG085_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་གྱུར་པ་སྦྱིན་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱིས་རྗེས་སུ་བཟུང་ནས་བདག་ཉིད་ཕ་རོལ་ཏུ་ཕྱིན་བ་དྲུག་ལ་གནས་པ་དང་འདྲ་བར། དེ་ཉིད་ལ་ཡང་དག་པར་སྦྱོར་བ་དང་འཇོག་པ་དང་རབ་ཏུ་འཇོག་པས་མི་གཡེལ་བས་རབ་ཏུ་གཞག་པར་བྱའོ་ཞེས་བྱ་བ་ནི་དོན་གྱིས་འཕངས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་ན་ཚོགས་བདུན་བསྟན་པར་གྱུར་པ་ཡིན་ཏེ། འདི་ལྟར་སྙིང་རྗེའི་ཚོགས་དང༌། སྦྱིན་པའི་ཚོགས་དང༌། ཚུལ་ཁྲིམས་ཀྱི་ཚོགས་དང༌། བཟོད་པའི་ཚོགས་དང༌། བརྩོན་འགྲུས་ཀྱི་ཚོགས་དང༌། བསམ་གཏན་གྱི་ཚོགས་དང༌། ཤེས་རབ་ཀྱི་ཚོགས་སོ། །དེ་ཡང་ཏིང་ངེ་འཛིན་ཐོབ་པས་བྱེད་པ་པོ་དང་ལས་སུ་ཉེ་བར་དམིགས་པ་མེད་དོ་ཞེས་གསུངས་པ་ནི། གང་གིས་གང་ཡོངས་སུ་མྱ་ངན་ལས་འདའ་བའི་སེམས་དེ་དག་ཀྱང་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟན་ནི་དམིགས་སུ་མེད་དོ་ཞེ་ན། དེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྙིང་རྗེ་ལ་སོགས་པའི་ཚོགས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་གཞལ་དུ་མེད་པ་གྲངས་མེད་པ་ཇི་སྙེད་པ་དེ་དག་ཀུན་རྫོབ་ཏུ་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་པའོ། །གལ་ཏེ་དེ་ལྟ་ན་ནི་དམིགས་པར་འགྱུར་རོ་ཞེ་ན། གང་གིས་གང་ཡོངས་སུ་མྱ་ངན་ལས་འདས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དངོས་པོ་གཅིག་ལ་དམིགས་པ་དང༌། དམིགས་པ་མེད་པར་ཇི་ལྟར་རུང་སྙམ་པའི་དོགས་པ་དེ་དེ་ཅི་འཕྱིར་ཞེས་བྱ་བས་བསུ་ནས། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དཔེར་ན་སྒྱུ་མའི་ཆོས་ཉིད་ནི་མཐོང་བ་ཇི་ལྟ་བར་བདེན་གྱི་རིགས་པས་མི་འཐད་པའི་ཕྱིར་མི་བདེན་པ་ཡིན་ཏེ། དེས་ན་རིགས་པའི་འཇུག་པས་སུན་མ་ཕྱུང་ལ། འཇིག་རྟེན་ཐམས་ཅད་ཀྱིས་སྣང་བ་ཙམ་དུ་གཏོགས་པ་སྟེ་དཔེ་ཉིད་དུ་ཉེ་བར་བཟུང་ཞིང་བླངས་བ་དེ་བཞིན་དུ་གཟུགས་ལ་སོགས་པ་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་པའི་ཕྱིར་ཏེ། ཡུལ་ཐ་དད་པ་ལས་ལྡོག་པ་ལ་ལྟོས་ནས་རབ་ཏུ་བརྟགས་པས་ན་དམིགས་པ་དང་མི་དམིགས་པ་རང་བཞིན་འགལ་བ་མེད་པ་ཡིན་པའི་ཕྱིར་ཏེ་འགྱུར་བའི་ཕྱིར་རོ། །ཡུལ་གཅིག་ལ་ལྡོག་པ་ལ་ལྟོས་ཏེ་ཆོས་གཉི་གར་རྟོགས་ན་ནི་ཉེས་པར་འགྱུར་རོ་ཞེས་དགོངས་པའོ། །གཉིས་པོ་


DTG085_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ནི་ཕན་ཚུན་དུ་ཕྱིན་ཅི་ལོག་བ་བསལ་བར་བྱ་བའི་ཕྱིར་གསུངས་པ་ཡིན་གྱི། དེ་ཁོ་ན་ཉིད་དུ་ནི་མ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །འདིས་ནི་ཞི་གནས་ཀྱི་ཚོགས་བསྟན་ཏོ། །ཞི་གནས་ཐོབ་པ་རྣམས་ལ་ལྷག་མཐོང་སྐྱེ་བས་ལྷག་མཐོང་གི་ཚོགས་ནི། རབ་འབྱོར་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁས་པ་ནི་བྱང་བའོ། །སྒྱུ་མ་བྱེ་དཔའི་ཉེ་གནས་ནི་དེའི་སློབ་མའོ། །ལམ་པོ་ཆེའི་བཞི་མདོར་ཞེས་སྨོས་པ་ནི། སྒྱུ་མ་སྤྲུལ་བའི་གནས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །སྐྱེ་བོའི་ཚོགས་ཆེན་པོ་ནི་སེམས་ཅན་ཡི་ཚོགས་རྣམས་སོ། །མངོན་པར་སྤྲུལ་ཏེ་ཞེས་བྱ་བ་ནི་སྤྲུལ་པར་བྱེད་པའོ། །མི་སྣང་བར་བྱས་ན་ཞེས་བྱ་བ་ནི་ཉེ་བར་བསྡུས་པའོ། །དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ནི་འདས་མ་ཐག་པར་གསུངས་པའི་དོན་གྱི་ཚོགས་དེ་ལ་ཇི་སྙམ་དུ་སེམས་ཤིང་ཁོང་དུ་ཆུད་ཅེས་སྤྱིར་དྲི་བ་མཛད་ནས། འོན་ཏེ་འདི་སྙམ་དུ་སེམས་སམ་ཞེས་གསུངས་བ་ནི་དེ་ལ་ཆོས་གང་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཞེས་བྱ་བ་ནི་སྐྱེ་བོའི་ཚོགས་དེའི་ནང་ནས་སོ། །གང་གིས་ཞེས་བྱ་བ་ནི་སྒྱུ་མ་བྱེད་པ་ལ་སོགས་པས་སོ། །གང་ཡང་ཞེས་བྱ་བ་ནི་ལྷ་སྦྱིན་ལ་སོགས་པའོ། །བསད་པ་འམ་ཞེས་བྱ་བ་ནི་ཚེ་ཉམས་པའི་སྦྱོར་བས་སོ། །ཤི་བ་ནི་ཐམས་ཅད་དུ་རྒྱུན་ཆད་བས་སོ། །བཤིག་པ་ནི་ལུས་མ་ཚང་བའི་སྦྱོར་བས་སོ། །མི་སྣང་བར་བྱས་པ་ནི་མི་མཐོང་བར་བྱས་པའོ། །ཡོད་ཀྱི་སྒྲ་ནི་དེ་ལྟ་བུའི་དོན་ལ་ཡིན་ལ། དམ་པའི་སྒྲ་ནི་སྲིད་པ་ལ་ཡིན་ནོ། །འདི་སྙམ་དུ་དེ་ཁོ་ན་ཉིད་དུ་ན་ཆོས་ཅན་མེད་པས་འདི་དག་ཐམས་ཅད་ཡོད་པ་མ་ཡིན་གྱི། ཇི་ལྟར་མཐོང་པ་ནི་སྲིད་པ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དགོངས་པ་ཤེས་པ་ཉིད་ཀྱིས་ན་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ་ཞེས་བྱ་བ་གསོལ་ཏོ། །དེ་ཁོ་ན་ཉིད་དུ་ན་ཞེས་བྱ་བ་ནི་ལྷག་མའོ། །དཔེའི་དོན་རབ་ཏུ་བསྒྲུབ་པའི་དངོས་པོ་མངོན་པར་འདོད་པའི་དོན་ལ་སྦྱོར་བར་བྱ་བའི་ཕྱིར། རབ་འབྱོར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྒྱ་ཆེར་བསྟན་པ་ཉེ་བར་བསྡུ་བར་བྱ་བའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་བུ་ཞེས་བྱ་བ་ནི་འདས་མ་ཐག་པའོ། །འདི་ལྟ་བུ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མ་འདས་པས་སོ། །ཇི་ཙམ་གྱིས་ན་ཞེས་བྱ་བ་ནི་གང་བརྗོད་པ་


DTG085_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལན་དུ་འདི་ཙམ་གྱིས་ཞེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ་སྙིང་རྗེ་ལ་སོགས་པའི་ཚོགས་འདི་ཙམ་དང་ལྡན་པས་ཀྱང་གོ་ཆ་ཆེན་པོ་བགོས་པ་ཞེས་བཏགས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ལྷག་མཐོང་གིས་སྟོང་བ་ཉིད་ལ་དམིགས་པ་ན་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་ལྟུང་བར་འགྱུར་བས་དེའི་དེ་མ་ཐག་ཏུ་ཟུང་དུ་འབྲེལ་པའི་ཚོགས་ནི། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པའི་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། ཀྱེ་མ་ཞེས་བྱ་བའི་སྒྲ་ནི་དེས་པར་བཟུང་བའོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པའི་ཞེས་བྱ་བ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཞེས་བྱ་བ་ལ་སོགས་པའོ། །འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་ནི་འདི་ཡིན་པའི་ཕྱིར་ཞེས་སྒྱུ་མའི་ཆོས་ཉིད་ཁྱབ་པར་བྱས་པའི་རྣམ་པ་གང་གིས་གསུངས་པའི་དོན་བདག་གིས་འཚལ་བའི་རྣམ་པ་དེས་ན་སྒྱུ་མའི་ཆོས་ཉིད་ལས་མ་འདས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པ་ལགས་པའོ་སྙམ་དུ་བསམས་པའོ། །ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་ཞལ་གྱིས་བཞེས་པའི་ཕྱིར་རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷག་མཐོང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་གྱིས་ཀྱང་སེམས་ཅན་གྱི་དོན་སྒྲུབ་པར་གོ་ཆ་བགོས་པ་མ་ཡིན་ནམ། ཇི་ལྟར་ན་གོ་ཆ་མེད་པ་ཡིན་སྙམ་དུ་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་བྱས་པ་ཞེས་བྱ་བ་ནི་རིག་པས་བྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །རྣམ་པར་མ་བསྒྱུར་ཞེས་བྱ་བ་ནི་འཇིག་པའི་རྒྱུ་མེད་པའི་ཕྱིར་རོ། །མངོན་པར་འདུས་མ་བྱས་ཞེས་བྱ་བ་ནི་ལྷན་ཅིག་བྱེད་རྐྱེན་གཉི་ག་ཡོད་པར་མི་འཐད་པའི་ཕྱིར་རོ། །ཡང་ན་ཚིག་གསུམ་གོ་རིམས་བཞིན་དུ་མེད་པ་ལས་བྱུང་བ་དང༌། དེ་ཁྱད་པར་དུ་འགྲོ་བ་དང༌། འབྲས་བུ་ཐོབ་པ་མངོན་དུ་བྱེད་པའི་དབང་དུ་མཛད་པར་ཤེས་པར་བྱའོ། །དིག་པ་ལྡན་པ་ཉིད་ཀྱིས་ན་ཁས་བླངས་བའི་ཕྱིར་བཅོམ་ལྡན་འདས་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །འཆིང་བ་དང་འགྲོལ་བ་ཡོད་ན་མ་བྱས་པ་ལ་སོགས་པ་འདི་ཇི་ལྟར་ཡིན་ཞེས་འགའ་ཞིག་རྩོད་པའི་དོགས་པ་དེ་ཅིའི་སླད་དུ་


DTG085_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན་ཞེས་བྱ་བས་བསུ་ནས། བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཞན་དུ་ཁས་བླངས་ནས་རྣམ་པར་སྤྱོད་པ་མི་འཐད་པས་འདི་མ་འབྲེལ་པར་འགྱུར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་བརྗོད་པར་བྱའོ། །ལྷག་པར་སྒྲོ་བཏགས་པའི་རྣམ་པས་འཇུག་པ་སེམས་དང་སེམས་ལས་བྱུང་བ་ཁམས་གསུམ་པས་བཅིངས་པ་མེ་དཔའི་ཕྱིར་གཟུགས་ནི་མ་བཅིངས་པའོ། །ཇི་སྐད་དུ་བརྗོད་པའི་རྟོགས་པ་དང་བྲལ་བ་མེ་དཔས་གྲོལ་བ་མེད་པའི་ཕྱིར་མ་གྲོལ་བ་སྟེ། གཟུགས་ལ་སོགས་པ་དེ་ཁོ་ནར་མེད་པའི་ཕྱིར་རོ། །འོ་ན་ཆོས་བཅིངས་བ་དང་གྲོལ་བར་འགྱུར་རོ་ཞེ་ན། བཅོམ་ལྡན་འདས་གཟུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཅན་མེད་ན་ཆོས་ཡོད་པ་མི་འཐད་པས་གཟུགས་ལ་སོགས་པའི་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་ཡིན་ལ། ཇི་ལྟར་མཐོང་བ་ལྟར་ནི་གཟུགས་ལ་སོགས་པ་དང་དེའི་དེ་བཞིན་ཉིད་དག་བཅིངས་པ་དང་གྲོལ་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རབ་འབྱོར་གྱི་བསམ་པ་མ་ཤེས་ནས་བརྒལ་བའི་སྒོ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །འདྲི་བའི་བསམ་པ་ནི་འདི་ཡིན་ཏེ། གཟུགས་ལ་སོགས་པ་དང་དེའི་དེ་བཞིན་ཉིད་མ་བཅིངས་མ་གྲོལ་ཞེས་ཟེར་ན་སྤྱིར་ནི་དེ་སྐད་བརྗོད་པར་མི་བྱ་སྟེ། མངོན་སུམ་ལ་སོགས་པ་དང་འགལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའོ། །ཇི་སྟེ་འོ་ན་དེ་ཁྱད་པར་དུ་བརྗོད་པ་ཡིན་ནོ་ཞེ་ན། འོན་ཏེ་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པར་བརྟག་ཅིང་གཞིག་མི་བཟོད་པ་ཉིད་ཀྱིས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཉིད་སྒྱུ་མའི་སྐྱེས་བུ་ཡིན་ནོ་ཞེས་བྱ་བའི་བསམ་པ་དང་ལྡན་པས་སྤྱིའི་སྒོ་ནས། ཚེ་དང་ལྡན་པ་གང་པོ་སྒྱུ་མའི་སྐྱེས་བུའི་གཟུགས་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །འདི་དག་ཇི་ལྟར་ན་མངོན་སུམ་ལ་སོགས་པ་དང་འགལ་བར་ཐལ་བར་མི་འགྱུར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཡང་དག་པ་མ་ཡིན་པས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁ་ཅིག་ན་རེ་རིགས་པས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ནི་ཡང་དག་པ་མ་ཡིན་པའི་ཕྱིར་ཏེ་བརྫུན་པ་ཉིད་ཡིན་པའི་ཕྱིར་དང༌། རྣམ་པར་བརྟགས་པ་ནི་དབེན་པའི་ཕྱིར་ཏེ།


DTG085_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོ་དང་བྲལ་བའི་ཕྱིར་དང༌། ཆོས་ཉིད་ཀྱི་རང་བཞིན་ནི་མ་སྐྱེས་པ་ཡིན་པའི་ཕྱིར་མ་བཅིངས་མ་གྲོལ་བ་ཞེས་འདོད་དོ། །གཞན་དག་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང༌། ལུང་གི་ཚད་མས་གཞིགས་ན་མི་སྣང་བས་ན། དེ་ཁོ་ན་ཉིད་དུ་སྐྱེ་བ་ལ་སོགས་པ་རྣམ་པར་བཀག་ཅིང་བསལ་བས་ཡང་དག་པ་མ་ཡིན་པ་ལ་སོགས་པའི་ཚིག་གསུམ་ཡིན་ནོ་ཞེས་ཟེར་རོ། །སྣང་བའི་རང་བཞིན་གང་ཡིན་པ། དེ་ནི་དགག་པ་མ་ཡིན་ཏེ། །ཉམས་སུ་མྱོང་བ་གང་ཡིན་ནོ། །དགག་པར་རིགས་པ་མ་ཡིན་ནོ། །ཞེས་བྱ་བའི་ཚུལ་གྱིས་ཇི་ལྟར་སྣང་བ་བཞིན་དུ་བཅིངས་པ་དང་གྲོལ་བ་རྣམ་པར་འཇོག་པའི་ཕྱིར་མངོན་སུམ་ལ་སོགས་པ་དང་འགལ་བར་གལ་འགྱུར་ཞེས་བྱ་བར་བསམས་པའོ། །འདི་དག་ནི་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །གོ་ཆ་ཆེན་པོ་སྟེ་གོ་ཆ་མེད་པའོ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་སྙིང་རྗེ་དང་ཤེས་རབ་ཀྱི་སྟོབས་ཀྱིས་ཀུན་རྫོབ་དང་དོན་དམ་པ་དག་ཏུ་ཞེས་བྱ་བ་ནི་ལྷག་མའོ། །ལན་མེད་པར་ཅང་མི་སྨྲ་བར་གནས་པ་ནི་དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཞི་གནས་དང་ལྷག་མཐོང་དག་ནི་མི་མཐུན་པ་ཡིན་པའི་ཕྱིར་གཅིག་ལ་ཇི་ལྟར་སྲིད་ཅེ་ན། དེ་ལྟ་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་ཞི་གནས་ཀྱིས་དམིགས་པ་ལ་སེམས་བརྟན་པར་གྱུར་པ་དེའི་ཚེ་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེ་བས་སྣང་བ་བྱུང་བར་གྱུར་པའི་མུན་པ་དང་འདྲ་བར་སྒྲིབ་པ་རྣམ་པར་སེལ་བ་ཡིན་ནོ། །དེ་བས་ན་འདི་གཉིས་ནི་མིག་དང་སྣང་བ་དང་འདྲ་བར་ཡང་དག་པའི་ཡེ་ཤེས་སྐྱེད་པ་དང་ཕན་ཚུན་རྗེས་སུ་མཐུན་པར་གནས་པ་ཉིད་ཡིན་པའི་ཕྱིར་མུན་པ་དང་སྣང་བ་དང་འདྲ་བར་ཕན་ཚུན་འགལ་བ་མ་ཡིན་ནོ། །ཏིང་ངེ་འཛིན་ནི་མུན་པའི་རང་བཞིན་ལ་ཡིན་གྱི། འོ་ན་ཇི་ཞེ་ན། སེམས་རྩེ་གཅིག་པའི་མཚན་ཉིད་ཡིན་ལ། དེ་ཡང་མཉམ་པར་གཞག་པས་ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་གསུངས་པས་གཅིག་ཏུ་ཤེས་རབ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་འགལ་བ་མེད་དོ། །དེ་ལྟར་ཟུང་དུ་འཇུག་པའི་ལམ་གྱི་ཚོགས་དང་ལྡན་པ་ལ་ཐབས་མཁས་པ་ལ་སོགས་པ་འབྱུང་བས་ཐབས་མཁས་པ་ལ་སོགས་པའི་ཚོགས་བསྟན་པར་བྱ་བའི་ཕྱིར་ཞུ་བའི་དོན་དུ་གླེང་སློང་བ་ནི། བཅོམ་ལྡན་འདས་དེ་ལྟར་ཞེས་བྱ་བ་ལ་སོགས་


DTG085_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨོས་པ་ཡིན་ནོ། །སྔར་བརྗོད་པའི་ཚུལ་དེ་ལྟར་གོ་ཆ་ཆེན་པོ་བགོས་པར་གྱུར་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་འགྱུར་རོ་ཞེས་གང་གསུངས་པ་དེ་ལ་ཐེག་པ་ཆེན་པོ་མ་ཤེས་པའི་ཕྱིར་ན། ཤེས་རབ་དང་སྙིང་རྗེའི་སྦྱོར་བ་དང༌། དེ་གཉིས་ཕན་ཚུན་ཐ་མི་དད་པ་དང། མི་མཐུན་པའི་ཕྱོགས་ལས་འདས་པ་དང་གནས་སྐབས་ངེས་པ་དང༌། གཉེན་པོའི་ཕྱོགས་ཀྱི་སྦྱོར་བ་ལ་ཤིན་ཏུ་སྦྱངས་པ་དང༌། རྟོགས་པ་པོའི་དབང་དུ་མཛད་ནས། གང་གང་ལྟར་གོང་ནས་གོང་དུ་གང་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བ་ནི། གང་ལགས་ཞེས་བྱ་བ་ལ་སོགས་པ་སྟོན་པའི་དྲིས་པ་དྲུག་ཡིན་ནོ་ཞེས་འཕགས་པ་རྣམ་པར་གྲོལ་བའི་སྡེས་གསུངས་སོ། །དེ་ལ་ཐབས་མཁས་པ་ལ་སོགས་པའི་ཚོགས་བསྟན་པར་བྱ་བའི་ཕྱིར། དྲིས་པ་དང་པོའི་ལན་ནི། རབ་འབྱོར་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། །ཆོས་ལྔ་དག་དང་རང་བཞིན་དང༌། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཞེས་གསུངས་པ་ཡིན་ཡང་ཚོགས་ཀྱི་སྐབས་ཀྱི་སྟོབས་ཀྱི་ཐབས་མཁས་པ་ལ་སོགས་པའི་བདག་ཉིད་ཀྱི་ཚོགས་གཞལ་དུ་མེད་པ་ལ་ཐེག་པ་ཆེན་པོ་ཞེས་བྱ་བའི་ཚིག་བླ་དགས་འདི་གཙོར་བཏགས་པ་ཡིན་ནོ། །ཡང་ཇི་ལྟར་ན་ཐབས་ལ་མཁས་པ་ལ་སོགས་པའི་ཚོགས་ལ་གཞལ་དུ་མེད་པ་ཞེས་བྱ་ཞེ་ན། འདི་ནི་ཚད་མ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་དངོས་པོ་ཉིད་ནི་མངོན་སུམ་ལ་སོགས་པའི་ཚད་མས་ཡོངས་སུ་མ་བཅད་པས་ན་གཞལ་བར་མི་ནུས་པའོ། །འདི་སྐད་སྟོན་ཏེ་ཟུང་དུ་འཇུག་པའི་ལམ་གྱི་ཚོགས་དང་ལྡན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རབ་ཏུ་ལྡན་པའི་ཡིད་ལ་བྱེད་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ཐབས་ལ་མཁས་པའི་ཚོགས་ཡིན་ནོ། །ཐབས་ལ་མཁས་པའི་ཚོགས་ཤེས་པ་ནི་ཡེ་ཤེས་ལ་སློབ་པ་ཡིན་པས་ཡེ་ཤེས་ཀྱི་ཚོགས་སོ། །དེ་ཡང་ནང་སྟོང་པ་ཉིད་ལ་སོགས་པའི་དབྱེ་བས་རྣམ་པ་ཉི་ཤུར་ཤེས་པར་བྱའོ། །དེ་ལ་སྟོང་བ་ཉིད་ཉི་ཤུ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་ནང་གི་དངོས་པོ་མིག་ལ་སོགས་པ་རྣམས་ཀྱི་རང་བཞིན་ཐེར་ཟུག་ཏུ་གནས་པ་དང་


DTG085_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་མ་ཡིན་པའི་ཕྱིར་ནང་སྟོང་པ་ཉིད་དོ། །ཕྱིའི་གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་དེ་ལྟ་བུ་ཡིན་པའི་ཕྱིར་ཕྱི་སྟོང་པ་ཉིད་དོ། །ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྐྱེ་མཆེད་རྣམས་ཀྱི་རང་བཞིན་དེ་ལྟ་བུ་ཡིན་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་དོ། །དེ་ལ་ནང་གི་སྐྱེ་མཆེད་རྣམས་ནི་དབང་པོའི་རང་བཞིན་གྱིས་བསྡུས་པ་གང་ཡིན་པའོ། །ཕྱི་ནི་ཡུལ་གྱི་རང་བཞིན་གྱིས་བསྡུས་པ་གང་ཡིན་པའོ། །ཕྱི་ནང་ནི་དབང་པོའི་རྟེན་གྱིས་བསྡུས་པ་གང་ཡིན་པའོ། །དེ་ནི་སེམས་ཀྱིས་ཟིན་པ་ཉིད་ཀྱིས་ན་ནང་ཡིན་ལ། དབང་པོས་མ་བསྡུས་པ་ཉིད་ཀྱིས་ན་ཕྱིའང་ཡིན་ནོ། །སྟོང་བ་ཉིད་འདི་གསུམ་ནི་མོས་པས་སྤྱོད་པའི་ས་ལ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ནང་སྟོང་པ་ཉིད་ལ་སོགས་པ་ལ་དམིགས་པའི་ཤེས་པའི་རང་བཞིན་གྱི་སྟོང་བ་ཉིད་ཀྱང་སྟོང་བ་ཉིད་ཡིན་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པ་ཙམ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ལ། དེས་ཀྱང་སྟོང་པ་ཉིད་སྟོང་པ་ཡིན་ཏེ་དེར་འཛིན་པའི་རྣམ་པར་རྟོག་པ་སྤོང་པའི་ཕྱིར་རོ། །འདི་ནི་སྦྱོར་བའི་ལམ་ལའོ། །ཕྱོགས་བཅུ་པོ་ནི་ཕྱོགས་ཀྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་ཆེན་པོ་སྟོང་བ་ཉིད་དེ། དེ་རྣམས་ནི་དབྱིབས་ཆེ་བ་ཡིན་པའི་ཕྱིར་རོ། །འདི་ནི་ཀུན་ཏུ་འགྲོ་བའི་དོན་གྱིས་ནས་དང་པོ་ལའོ། །དོན་དམ་པ་མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པའི་དོན་གྱི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་དོན་དམ་པ་སྟོང་བ་ཉིད་དེ། དེ་ནི་བྲལ་པ་ཙམ་ཡིན་པའི་ཕྱིར་རོ། །འདི་ནི་མཆོག་གི་དོན་ཉིད་ཀྱིས་ན་ས་གཉིས་པ་ལའོ། །འདུས་བྱས་པ་ཁམས་གསུམ་པ་ནི་འདོད་པའི་ཁམས་ལ་སོགས་པས་སྟོང་བ་ཉིད་ཡིན་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་དེ། དེ་ནི་ཡོངས་སུ་མ་གྲུབ་པའི་རང་བཞིན་ཉིད་ཀྱིས་གཉེན་པོའི་ཕྱོགས་ཉིད་དུ་བྱ་བར་ནུས་པ་ཉིད་ཀྱི་ཕྱིར་རོ། །འདི་ནི་རྒྱུ་མཐུན་པ་དོན་གྱི་མཆོག་ཉིད་ཀྱིས་ས་གསུམ་པ་ལའོ། །འདུས་མ་བྱས་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་གནས་པ་ལས་གཞན་དུ་འགྱུར་པ་མེད་པ་ནི་དེ་ཉིད་ཀྱིས་སྟོང་པ་ཡིན་པའི་ཕྱིར་འདུས་མ་བྱས་སྟོང་པ་སྟེ། སྐྱེ་བ་མེད་པ་ལ་སོགས་པ་རྣམས་ཀྱི་བཏགས་པའི་རྒྱུ་མཚན་མི་མཐུན་པའི་ཟླས་སྐྱེ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །འདི་ནི་ཡོངས་སུ་འཛིན་པ་མེད་པའི་དོན་གྱིས་ན་བཞི་བ་ལའོ། །མཐའ་ནི་མཐས་


DTG085_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཡིན་པའི་ཕྱིར་མཐའ་ལས་འདས་པ་ཉིད་ཀྱིས་ན་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །མཐའ་ནི་ཆ་སྟེ་དེ་ལ་ཆད་པ་དང་རྟག་པའི་མཐའ་གཉིས་ཀྱི་དབུས་ན་དེ་དག་གི་ཆ་རྣམ་པར་གཅོད་པའི་རྒྱུ་མཚན་གང་གིས་དེའི་རང་བཞིན་དུ་རྣམ་པར་འཇོག་པ་དེ་ནི་ཅི་ཡང་མེད་དོ། །འདི་ནི་རྒྱུ་ཐ་དད་པ་མེད་པའི་དོན་གྱིས་ན་ལྔ་པའོ། །ཐོག་མ་དང་དབུས་དང་ཐ་མ་རྣམས་ཀྱི་དེ་རྣམས་ཀྱིས་སྟོང་པ་ཉིད་ཡིན་པས་ཐོག་མ་དང་ཐ་མ་མེད་པ་སྟོང་བ་ཉིད་ལ་སོགས་པའི་ཆོས་ཉིད་ཀྱི་རྗེས་སུ་སྐྱེས་པ་ཉིད་ཀྱིས་མཐའ་ཉིད་ཤིན་ཏུ་མེད་པའི་ཕྱིར་རོ། །འདི་ནི་ཀུན་ནས་ཉོན་མོངས་པ་མེད་པས་རྣམ་པར་དག་པའི་དོན་གྱིས་ན་དྲུག་པ་ལའོ། །བྲལ་ཞིང་སྤངས་ལ་ཡོངས་སུ་བཏང་བའི་མཚན་ཉིད་ཅན་གྱི་དོར་བ་ལས་བཟློག་པ་ཉིད་ཀྱིས་ན་དོར་པ་མེད་པ་སྟེ་དེ་ནི་དེས་སྟོང་བ་ཉིད་ཡིན་པའི་ཕྱིར་རོ། །དོར་བ་མེད་པ་སྟོང་པ་ཉིད་ནི་དོར་བ་ལ་སོགས་པའི་བྱ་བའི་ངོ་བོ་མ་ཡིན་པ་ཉིད་ཀྱིས་ན་སྤངས་པར་བཏགས་པའི་རྒྱུ་མཚན་དུ་མི་འཐད་པའི་ཕྱིར་རོ། །འདི་ནི་ཐ་དད་པ་མེད་པའི་དོན་གྱིས་ན་བདུན་པ་ལའོ། །འཕགས་པ་ཐམས་ཅད་ཀྱིས་མ་མཛད་པ་ནི་རང་བཞིན་ཏེ། དེ་ནི་དེས་སྟོང་པའི་ཕྱིར་རང་བཞིན་སྟོང་པ་ཉིད་དོ། །དེ་ལ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་རྣམ་པར་འགྱུར་པ་དང་རྣམ་པར་མི་འགྱུར་པའི་གནོད་པ་མེད་པའི་ཕྱིར་རོ། །ཆོས་རྣམས་ནི་ཆོས་རྣམས་ཀྱིས་སྟོང་བ་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་སྟོང་བ་ཉིད་དེ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་ཚོགས་ཐམས་ཅད་ནི་ཕན་ཚུན་ལྟོས་པ་ཅན་ཡིན་པས་ན་རང་བཞིན་ཡོངས་སུ་གྲུབ་པ་མེད་པའི་ཕྱིར་རོ། །སྟོང་བ་ཉིད་གཉིས་ནི་འགྲིབ་པ་དང་འཕེལ་པ་མེད་པའི་དོན་དང་རྣམ་པར་མི་རྟོག་པ་དང་ཞིང་ཡོངས་སུ་དག་པ་ལ་དབང་བ་གཉིས་ཀྱི་རྟེན་ཉིད་ཡིན་པའི་ཕྱིར་འབྲས་བུའི་ས་ཉིད་ཡིན་པས་སོ་སོར་རྟོག་པ་ཡོངས་སུ་སྦྱོང་བའི་དབྱེ་བས་ས་བརྒྱད་པ་ལའོ། །གཟུགས་ལ་སོགས་པ་ནི་དེའི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པ་སྟོང་པ་ཡིན་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་དེ་མཚན་ཉིད་དུ་རྣམ་པར་གཞག་པའི་སྤྱི་དང་ཁྱད་པར་ནི་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །འདས་པ་ལ་སོགས་པའི་དུས་རྣམས་ནི་འདས་པ་ལ་སོགས་པའི་དུས་རྣམས་ལ་ཕན་ཚུན་བཟློག་ན་དམིགས་སུ་མེད་པ་ཉིད་ཀྱིས་ན་མི་དམིགས་བ་སྟོང་པ་ཉིད་དེ་དུས་རྣམས་ནི་དངོས་པོ་ལ་བཏགས་


DTG085_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །སྟོང་བ་ཉིད་གཉིས་པོ་འདི་དག་ནི་ཡེ་ཤེས་ལ་དབང་པའི་རྟེན་ཉིད་ཡིན་པས་ན་དེ་བཞིན་དུ་དགུ་པ་ལའོ། །སྦྱོར་བ་ལས་བྱུང་པའི་ཆོས་རྣམས་ནི་ངོ་བོ་ཉིད་མེད་པ་ཡིན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་པའི་ཕྱིར་རོ་ཞེས་བྱ་བས་ཚོགས་ནི་དེས་སྟོང་བ་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་དེ། དངོས་པོ་རྣམས་ནི་ཚོགས་པ་ཙམ་ཡིན་པའི་ཕྱིར་རོ། །དངོས་པོ་ཉེ་བར་ལེན་པའི་ཕུང་པོའི་མཚན་ཉིད་ནི་དེས་སྟོང་པ་ཡིན་པའི་ཕྱིར་དངོས་པོ་སྟོང་བ་ཉིད་དེ། སྤུངས་པའི་དོན་ནི་ཕུང་པོའི་དོན་ཡིན་ལ་སྤུངས་པ་ཡང་དོན་མེད་པ་ཡིན་པའི་ཕྱིར་ཉེ་བར་ལེན་པའི་མཚན་ཉིད་ཅན་གྱི་དངོས་པོའི་རྒྱུ་མཚན་དུ་འགྱུར་པར་འོས་པ་མ་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་གཉིས་པོ་འདི་དག་ནི་ལས་ལ་དབང་བའི་རྟེན་དུ་གྱུར་པ་ཉིད་ཀྱིས་ན་སྔ་མ་བཞིན་དུས་བཅུ་པ་ལའོ། །དངོས་པོ་མེད་ཅིང་འདུས་མ་བྱས་པ་ནམ་མཁའ་ལ་སོགས་པ་ནི་དེས་སྟོང་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་དེ། དངོས་པོའི་ཆོས་སྒྲིབ་པར་བྱེད་པ་ལ་སོགས་པ་མེད་པ་ལས་དེ་བཏགས་པ་ཡིན་པའི་ཕྱིར་རོ། །རང་བཞིན་སྟོང་པ་ཉིད་དུ་གྲགས་པ་ནི་འཕགས་པ་རྣམས་ཀྱི་ཤེས་པ་དང་མཐོང་བས་མ་བྱས་པ་ཉིད་ཡིན་པའི་ཕྱིར་རང་གི་ངོ་བོ་སྟོང་བ་ཉིད་དེ། ཤེས་པ་དང་མཐོང་བ་ནི་ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་གསལ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་འདི་གནས་པའོ་ཞེས་བྱ་བས་བྱེད་པ་པོ་གཞན་གྱིས་སྟོང་བ་ཡིན་པའི་ཕྱིར་གཞན་གྱི་ངོ་བོ་སྟོང་པ་ཉིད་དེ་སྟོང་བ་ཉིད་ལ་བརྟེན་པའི་སྐྱེས་བུའི་བྱ་བ་ནི་དུབ་པ་འགའ་ཞིག་ཏུ་འགྱུར་བའི་ཕྱིར་རོ། །སྟོང་པ་ཉིད་གསུམ་པོ་འདི་དག་ནི་གོ་རིམས་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་དོན་ཉིད་ཡིན་པའི་ཕྱིར་དང༌། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་རྟེན་ཉིད་ཡིན་པའི་ཕྱིར་དང༌། རང་བྱུང་ཉིད་ཡིན་པའི་དོན་གྱིས་ན་སངས་རྒྱས་ཀྱི་ས་ལ་ཡིན་པར་ཤེས་པར་བྱའོ། །འཕགས་པ་རྣམ་པར་གྲོལ་སྡེས་སྐབས་དོན་ཡང་ཕྱོགས་འདིས་བརྗོད་པར་བྱའོ། །གང་དག་གཞན་དགག་པའི་སྒོ་ནས་སྟོང་པ་ཉིད་འབའ་ཞིག་ཁོ་ན་རྗོད་པར་བྱེད་པ་ཡིན་གྱི། དེ་དག་ལ་མངོན་པར་རྟོགས་པའི་རིམ་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཟེར་བ་


DTG085_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་ལྟར་ན་སྐབས་ཀྱི་དོན་ཁོ་ན་བརྗོད་པར་བྱ་བ་ཡིན་གྱི་བསྟན་བཅོས་ཀྱི་དོན་ནི་གཙོ་བོ་མ་ཡིན་ནོ། །དེས་ན་སྟོང་པ་ཉིད་ཀྱི་བྱེ་བྲག་རྣམས་སོད་ཟིན་པ་དང་བགྲོད་པར་བྱ་བའི་གོ་རིམས་དང་བྲལ་བའི་ཕྱིར་ན་ཆེད་དུ་བྱ་བ་ཉམས་པར་འགྱུར་རོ་ཞེས་བཤད་དོ། །ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་འདིའི་དམིགས་པ་ཅི་ཡིན་ཞེ་ན། ཁ་ཅིག་ནི་སྟོང་པ་ཉིད་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་དེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་བ་ཉིད་ལ་དམིགས་པར་འདོད་དོ། །འདི་ཉིད་རིགས་པ་ཡིན་ཏེ། གང་དང་གང་ཞེས་པ་ཡིན་པ་དེ་དང་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་བ་ཉིད་ལ་དམིགས་པ་ཡིན་ཏེ། དཔེར་ན་རྨི་ལམ་དུ་རྟ་ལ་སོགས་པའི་ངོ་བོ་ཉིད་སྟོང་བ་ཉིད་ལ་དམིགས་པ་ལྟ་བུའོ། །རྩོད་པའི་གནས་སུ་གྱུར་པ་རྣམ་པར་མི་རྟོག་པའི་ཡིད་འདི་ཡང་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མ་ཡིན། ཞེས་བྱ་བས་གཏན་ཚིགས་མ་གྲུབ་པ་མ་ཡིན་ལ། མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ་མ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ཁོ་ན་ཉིད་དུ་ཡོད་པ་ནི་ཕྱིས་འགོག་པར་འགྱུར་བའི་ཕྱིར་མ་ངེས་པ་ཉིད་ཀྱང་མ་ཡིན་ནོ། །གང་དམིགས་པ་དེ་ནི་མེད་པ་མ་ཡིན་ནམ། དཔེར་ན་ཟླ་བ་གཉིས་པ་ལ་སོགས་པ་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་འདི་ཡང་དམིགས་པ་ཡིན་པས་མེད་པར་འགྱུར་ལ། དེས་ན་ཆོས་ཐམས་ཅད་ཡོད་པ་ཉིད་དུ་འགྱུར་རོ་ཞེ་ན། ཉེས་པ་འདི་ནི་མེད་དེ། གང་གི་ཕྱིར་དངོས་པོ་མེད་པ་སྐུར་པ་འདེབས་པའི་མཐའ་ལྷ་སྤྱིན་ལྟ་བུར་གྱུར་པ་དེའི་ཚེ་སོད་པར་བྱེད་པ་རང་གི་ངོ་བོར་སྒྲོ་འདོགས་པའི་མཐའ་མཆོད་སྦྱིན་དང་འདྲ་བ་དེ་སྟོང་པ་ཉིད་ཀྱིས་བསད་པ་ན་སླར་འབྱུང་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་དམིགས་པ་ནི་དེ་ཁོ་ན་ཉིད་དུ་མི་འགྲུབ་ཀྱི། ཀུན་རྫོབ་ཏུ་ཡུལ་དུ་གནས་པ་ཉམས་སུ་མྱོང་བའི་མཐར་ཐུག་པ་ཡིན་པས་འགལ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཉེས་པ་བརྗོད་པར་མི་བྱའོ།། སྟོང་བ་ཉིད་ལ་དམིགས་པའི་ཕྱོགས་ལ་ཡེ་ཤེས་སྟོང་པའི་སྤྱོད་ཡུལ་ཅན་དང་སྟོང་པ་ཉིད་འདུས་བྱས་སུ་ཐལ་བར་འགྱུར་ཏེ། གོ་རིམས་བཞིན་དུ་ཡེ་ཤེས་དང་དེའི་སྟོང་པ་ཉིད་དག་དངོས་པོ་དང་དངོས་པོ་མེད་པ་ཉིད་ཀྱིས་ཕན་ཚུན་ཐ་དད་པ་དང་ཐ་དད་པ་ཡིན་པར་རྣམ་པར་མི་རྟོག་པའི་ཕྱིར་རོ། །མེ་ལོང་ལྟ་བུའི་


DTG085_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལ་སོགས་པའི་དབྱེ་བས་ནི་བརྗོད་པར་བྱ་བ་མང་དུ་ཡོད་དེ་ཡེ་ཤེས་ཀྱི་ཚོགས་རྣམ་པར་གཞག་པ་ནི་ཕྱོགས་ཙམ་དུ་ཟད་དོ། །རབ་ཏུ་དབྱེ་བ་ནི་ཞར་ལ་བརྗོད་པ་ཡིན་གྱི་ད་ལྟ་ཁོ་ན་ཡེ་ཤེས་ཀྱི་ཚོགས་མ་ལུས་པར་རྟོགས་པ་ནི་མ་ཡིན་ཏེ། མངོན་པར་རྟོགས་པའི་གོ་རིམས་ལྷག་མ་སྟོན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་ཤེས་པར་བྱའོ། །ཡེ་ཤེས་ལ་གོམས་པ་དང་ལྡན་པ་ལ་ནི་ཤེས་རབ་རྣམ་པར་དག་པ་དང་ཡང་དག་པའི་ཏིང་ངེ་འཛིན་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་ལས་བསོད་ནམས་འབྱུང་པས་ན་བསོད་ནམས་ཀྱི་ཚོགས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གོམས་པར་བྱས་བས་ནི་དངོས་པོ་ཡོངས་སུ་རྟོགས་པའི་ལམ་ལ་སོགས་པ་ལ་འབད་པས་ན་ལམ་གྱི་ཚོགས་སོ། །ལམ་དང་ལྡན་པ་ནི་ཡི་གེ་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ་གཟོད་མ་ནས་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ནི་རི་མོར་བྱེད་པའི་ཡི་གེ་དེ་དེས་བསྐལ་བ་མང་པོར་ཆོས་སྟོན་པ་རྒྱུའི་དྲན་པ་ཡོངས་སུ་གཏུགས་པ་མེད་པར་འགྱུར་པའི་ཕྱིར་དང༌། འཛིན་པར་བྱེད་པ་ཞེས་བྱ་བའི་ཚུལ་གྱིས་ན་དྲན་པས་ཀྱང་གཞུང་དང་དོན་འཛིན་པས་ན་གཟུངས་ཀྱི་ཚོགས་སོ། །དེ་ལྟར་ཐབས་མཁས་པའི་ཚོགས་ལ་སོགས་པ་ལྔ་པོ་འདི་དག་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཐེག་པ་ཆེན་པོའི་སྒྲས་རྒྱ་ཆེར་བསྟན་པ་ཡིན་པས་སོམ་ཉི་མི་བྱའོ། །གཟུངས་ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་ཉིད་ནི། རྟོགས་པ་ཕྱི་མ་ཕྱི་མའི་རྟེན་བྱེད་པའི་ཚུལ་གྱིས་དང༌། དེ་ལ་བརྟེན་པའི་ཡོན་ཏན་གྱི་གཞི་ཡིན་པའི་ཚུལ་གྱིས་ས་ཡིན་ནོ་ཞེས་སའི་ཚོགས་བསྟན་པའི་དོན་དུ། རབ་འབྱོར་གང་ཡང་འདི་སྐད་དུ་ཐེག་པ་ཆེན་པོ་ལ་ཇི་ལྟར་ཡང་དག་པར་འཇུག་པར་བགྱི་ཞེས་བྱ་བ་ལ་སོགས་པའི་རྩོད་པའི་ཚིག་འབྲེལ་པར་བྱ་བའི་དོན་དུ་བརྗོད་ནས། ལན་གསུངས་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྒོ་ནས་ཡང་དག་པར་འཇུག་གོ་ཞེས་བྱ་བ་སྟེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྷག་པར་ཤས་ཆེ་བ་ས་བཅུས་བསྡུས་པ་བཅུ་པོ་རྣམས་ཀྱིས་རིམ་གྱིས་ཡང་དག་པར་འཇུག་གོ་ཞེས་འབྲས་བུ་བསྟན་པའི་སྒོ་ནས་སའི་ཚོགས་བརྗོད་པ་ཡིན་ནོ། །འདི་སྐད་སྟོན་ཏེ། དེ་ལ་གང་གི་ཚེ་ཆོས་ཐམས་ཅད་བདག་མེད་པའོ་ཞེས་བསྒོམས་པས་ཆ་མེད་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་བདག་ཉིད་ཐམས་ཅད་ཀྱིས་རྟོགས་སུ་ཟིན་ཀྱང་དེས་པ་བསྐྱེད་པ་ལ་ལྟོས་ནས་ཀུན་ཏུ་འགྲོ་པའི་དོན་


DTG085_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སོ་སོར་རྟོགས་པའི་ཕྱིར་ཆོས་ཐམས་ཅད་ངོ་བོ་མེད་པར་མངོན་སུམ་དུ་བྱེད་པའི་ཤེས་པ་ཤིན་ཏུ་གསལ་པར་སྐྱེ་བར་འགྱུར་པ་དེའི་ཚེ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་དག་པར་ཞུགས་པས་མཐོང་པའི་ལམ་ཐོབ་པར་འགྱུར་རོ། །འདིར་ཡང་འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་དང་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་འདོད་པའི་ཁམས་ན་བདེན་པ་བཞིའི་དབྱེ་བས་བཞི་བཅུར་འགྱུར་རོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་སུ་ནི་དེ་དག་བདེན་པ་བཞིའི་མཐོང་བས་སྤང་བར་བྱ་བ་ཁོང་ཁྲོ་བ་བརྒྱད་བཏོན་ན་བདུན་ཅུ་རྩ་གཉིས་སོ། །སྤྱིར་བསྡོམ་ས་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤོང་སྟེ། བདེན་པ་རྣམས་ཀྱི་མངོན་པར་རྟོགས་པ་ནི་གཅིག་པའི་ཕྱིར་རོ། །དེ་བས་ན་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ། །དེ་ལས་གཞན་པ་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུར་བརྗོད་པའི་བར་ཆད་མེད་པའི་ལམ་གང་ལས་དེ་མ་ཐག་ཏུ་སངས་རྒྱས་ཀྱིས་ཀུན་ཏུ་འོད་འཐོབ་པའི་བར་འདི་དག་ནི་མཆོག་གི་དོན་ལ་སོགས་པར་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར་བསྒོམ་པའི་ལམ་ཡིན་པར་བཤད་དོ། །དེ་ལ་ཡང་ཉོན་མོངས་པ་བཅུ་དྲུག་ཅི་རིགས་པར་རིམ་གྱིས་སྤོང་ངོ༌། །འདི་ལྟ་སྟེ་འདོད་ཆགས་དང༌། ཞེ་སྡང་དང༌། ང་རྒྱལ་དང༌། མ་རིག་པ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་སྟེ་འདོད་པར་སྤྱོད་པ་དྲུག་གོ །དེ་དག་ཉིད་པས་ཞེ་སྡང་བཏོན་ན་གཟུགས་དང་གཟུགས་མེད་པར་སྤྱོད་པ་བཅུ་ཡིན་ནོ། །མཐོང་པ་དང་བསྒོམ་པའི་ལམ་ལ་ཡོངས་སུ་སྦྱོང་བའི་ཆོས་ཀྱི་དབྱེ་བས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུར་རྣམ་པར་གཞག་གོ །དེ་ལ་ཡང་ས་གང་གི་ཡོངས་སུ་སྤྱོད་བར་གྱུར་པའི་ཆོས་གང་ཡིན་བ་རྣམས་ཇི་སྲིད་མ་རྫོགས་པ་དེ་སྲིད་དུ་ནི་ས་དེ་ཡིན་ལ། ཡོངས་སུ་རྫོགས་ནས་ནི་ས་གཞན་ཡིན་པར་ཤེས་པར་བྱའོ། །དེ་ལ་ཡོངས་སུ་སྤྱོད་པར་གྱུར་པའི་ཆོས་འདི་རྣམས་ནི་སྟོང་ཕྲག་ཉི་ཤུ་ལྔ་བ་ལས་བསྟན་ཏོ། །འདི་ལྟ་སྟེ་དགེ་བའི་རྩ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་དང༌། སེམས་ཅན་གྱི་དོན་དུ་ཐེག་པ་ཆེན་པོའི་ཆོས་ཡོངས་སུ་འཛིན་པ་དང༌།


DTG085_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པ་བཞི་སྒྲུབ་པ་དང༌། རྣམ་པར་མི་རྟོག་པའི་སྦྱོར་པས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང༌། དགེ་བའི་བཤེས་གཉེན་མཉེས་པར་བྱེད་པ་དང༌། ཉན་ཐོས་ཀྱི་ཐེག་པ་ལ་ལྟོས་པ་མེད་པས་དམ་པའི་ཆོས་ཀྱི་དམིགས་པ་མ་ལུས་པ་ཡོངས་སུ་ཚོལ་པ་དང༌། རྟག་ཏུ་ཁྱིམ་གྱི་གནས་ལ་མངོན་པར་མི་དགའ་བ་དང༌། རྣམ་པ་ཐམས་ཅད་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་སྐུ་ཡིད་ལ་བྱེད་པ་དང་མི་འབྲལ་པ་དང༌། མདོ་ལ་སོགས་པའི་དམ་པའི་ཆོས་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པ་དང༌། དམ་བཅས་པའི་དོན་རྫོགས་པར་བྱེད་པ་སྟེ། རྒྱུའི་ཁྱད་པར་ཡོངས་སུ་སྦྱོང་པའི་ཆོས་བཅུ་པོ་འདི་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པའི་མཚན་ཉིད་ཀྱི་ཡོངས་སུ་སྦྱོང་བ་རྣམས་ཁོ་ནས་དང་པོ་སྔོན་མ་བྱུང་བའི་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པས་རབ་ཏུ་དགའ་བ་འཐོབ་པའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ཡིན་ནོ། །དེ་སྐད་དུ་ཡང༌། ཡོངས་སུ་སྦྱོང་པ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང༌། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་བསྟེན་པ་དང༌། །དམ་ཆོས་དམིགས་པ་ཚོལ་བ་དང༌། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང༌། །སངས་རྒྱས་བཀུར་འདོད་དགའ་བ་དང༌། །ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་ག་རང་བཞིན་མི་དམིགས་པས། །ཡོང་སུ་སྤྱོར་པར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱ་བ་དང་སྡོམ་པའི་ཚུལ་ཁྲིམས་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་རྣམ་པར་སྤངས་པ་དང༌། གཞན་གྱི་ཕན་པ་བྱས་པ་ཆུད་མི་གཟན་པ་དང༌། སེམས་ཅན་རྣམས་ཀྱི་ཐད་དུ་གནོད་པ་ལ་སོགས་པའི་སེམས་མེད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པ་ལ་འགྱོད་པ་མེད་པ་དང༌། སེམས་ཅན་གཅིག་གི་དོན་དུ་ཡང་དུས་རིང་བོར་དམྱལ་པ་ལ་སོགས་པར་གནས་པར་སྤྲོ་པ་དང༌། སྐྱེ་བོ་ཐམས་ཅད་ལ་འདུད་པ་ཉིད་དང༌། བླ་མའི་ཐད་ནས་དེས་བསྟན་པའི་ཚིག་བསྒྲུབ་ཅིང་སྟོན་པར་འདུ་ཤེས་པ་དང༌། ལས་གཞན་མེད་པར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞིང་སྤྲོ་བ་སྟེ། དེ་ལྟ་བུའི་ཡོངས་སུ་


DTG085_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བ་སྔ་མ་བཞིན་དུ་ཡོངས་སུ་སྤྱད་བ་བྱས་པའི་ཁྱད་པར་ཅན་གྱི་ཆོས་རྣམ་པ་བརྒྱད་ཀྱིས་ཚུལ་ཁྲིམས་འཚལ་པའི་དྲི་མ་ཐམས་ཅད་དང་བྲལ་པས་ས་གཉིས་པ་དྲི་མ་མེད་པ་ཐོབ་པ་ཡིན་ནོ། །དེ་སྐད་དུ་ཡང༌། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །བཀུར་སྟི་བླ་མ་ལ་གུས་ཉན། །བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །ཞེས་བྱ་བ་གཟུངས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་ཆོས་འཛིན་པའི་བསམ་པ་དང༌། རྙེད་པ་ལ་སོགས་པ་ལ་མི་ལྟོས་པར་དམ་པའི་ཆོས་རབ་ཏུ་སྟོན་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པའི་ཆོས་རྣམས་དེ་ཉིད་དུ་ཡོངས་སུ་བསྔོ་བ་དང༌། སེམས་ཅན་གྱི་དོན་བྱ་བའི་ཕིར་ནམ་ཡང་སེམས་སྐྱོ་བ་མེད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ལ་སོགས་པར་རང་དང་གཞན་ལ་ལྟོས་ན་ངོ་ཚ་དང་ཁྲེལ་ཡོད་པ་སྟེ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་རྣམ་པ་ལྔ་པོ་སྔ་མ་བཞིན་དུ་ངོ་བོ་ཉིད་དུ་མི་རྟོག་པར་ཡོངས་སུ་སྦྱང་བ་བྱས་པས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྣང་བ་བྱེད་པའི་ཕྱིར་ས་གསུམ་པ་འོད་བྱེད་པ་རྟོགས་པ་ཡིན་ནོ། །དེ་སྐད་དུ་ཡང༌། ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །འཁོར་བས་ཡོངས་སུ་མི་སྐྱོ་དང༌། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །ཞེས་གསུངས་པ་ཡིན་ནོ། །ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་ལས་དབེན་པ་དང༌། དམིགས་པའི་སྦྱོར་པས་ཐོབ་པར་བྱ་བའི་བྱང་ཆུབ་ལ་ཡང་འདོད་པ་མེད་པ་དང༌། དངོས་བོ་ཁྱད་པར་ཅན་ཐོབ་ཏུ་ཟིན་ཀྱང་རོམ་པ་མེད་པ་དང། ཆོས་ཟབ་མོ་ལ་བཟོད་པའི་ངེས་པར་རྟོག་པ་པ་ལ་སོགས་པ་ཡོངས་སུ་མེ་གཏོང་བ་དང༌། བསླབ་པ་བླངས་པ་ཐམས་ཅད་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་བ་དང༌། འདོད་པ་ལ་སེམས་ཀྱང་མི་བསྐྱེད་པ་དང༌། ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པ་དང༌། རང་གི་ལུས་ལ་སོགས་པར་ཡོངས་སུ་འཛིན་པ་མེད་པ་ཉིད་དང༌། དགེ་བའི་ཆོས་ལ་དམིགས་པ་ལ་སེམས་མི་ཞུམ་པ་དང༌། དངོས་པོ་ཐམས་ཅད་ཡིད་ལ་མི་བྱེད་པ་ཞེས་བྱ་བ་སྟེ། དེ་ལྟ་བུའི་ཡོངས་སུ་སྦྱོང་བ་སྔ་མ་ལྟ་བུ་རྣམ་པ་བཅུས་ཉོན་མོངས་པའི་བུད་ཤིང་མ་ལུས་པ་སྲེག་པའི་འབར་བ་དང་ཉེ་བར་ལྡན་པའི་ཕྱིར་ས་


DTG085_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བ་འོད་འཕྲོ་བ་ཅན་གནོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། ནགས་གནས་འདོད་ཆུང་ཆོག་ཤེས་དང༌། །སྦྱངས་པ་ཡང་དག་སྡོམ་བསྟེན་དང༌། །བསླབ་པ་ཡོངས་སུ་མི་གཏོང་དང༌། །འདོད་པ་རྣམས་ལ་སྨོད་པ་དང༌། །མྱ་ངན་འདས་དང་བདོག་ཀུན་གཏོང༌། །མི་ཞུམ་པ་དང་ལྟ་བ་མེད། །ཅེས་བྱ་བ་གསུངས་པ་ཡིན་ནོ། །རྙེད་པ་ལ་སོགས་པའི་དོན་དུ་ཁྱིམ་པ་དང་རབ་ཏུ་བྱུང་པ་དང་འགྲོགས་པ་དང༌། དད་པ་ཅན་གྱི་ཁྱིམ་ཉེ་བར་མི་རྟོན་པ་དང༌། སྐྱེ་བོ་མང་པོར་འགྲོ་བ་ལ་སོགས་པ་དང༌། བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་དང༌། མི་དགེ་བ་བཅུའི་ལས་ཀྱི་ལམ་བཅུ་དང༌། ཐོས་པ་ལ་སོགས་པས་རློམ་ཞིང་གཞན་ལ་མི་འདུད་པ་དང༌། དགེ་བ་དང་མི་དགེ་བ་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ལ་སོགས་པའི་བློ་གྲོས་ངན་པ་དང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་མངོན་དུ་ཕྱོགས་པར་བྱེད་པ་སྟེ། དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་བཅུ་ནི་བྱང་ཆུབ་ཀྱི་བར་དུ་གཅོད་པར་འགྱུར་པ་ཉིད་ཡིན་པའི་ཕྱིར་སྤོང་ཞིང་དོན་གྱིས་འཕངས་པ་གོ་བཟློག་པའི་ཆོས་ཡོངས་སུ་སྦྱོང་བ་རྣམ་པ་བཅུས། སྔ་མ་བཞིན་དུ་ཤིན་ཏུ་དཀའ་བས་རྒྱལ་བའི་ཕྱིར་ས་ལྔ་བ་སྦྱང་དཀའ་བ་འཐོབ་པ་ཡིན་ནོ། །དེ་སྐད་དུ་ཡང༌། འདྲིས་དང་ཁྱིམ་ལ་འཁྲེན་པ་དང༌། །འདུ་འཛིར་གྱུར་པའི་གནས་དང་ནི། །བདག་བསྟོད་གཞན་ལ་བརྙས་པ་དང༌། །མི་དགེའི་ལས་ཀྱི་ལམ་བཅུ་དང༌། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །བློ་ངན་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམས་སྤངས་ན། །ས་ལྔ་བ་ནི་ཡང་དག་འཐོབ། །ཅེས་གསུངས་པ་ཡིན་ནོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཉན་ཐོས་དང་རང་སངས་རྒྱས་ལ་མངོན་པར་འདོད་པ་དང༌། ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པའི་སེམས་དང༌། སློང་མོ་པའི་སྐྱེ་བོས་བསླངས་ན་ཞུམ་པའི་སེམས་དང༌། བདོག་པ་ཐམས་ཅད་རང་གི་དང་གིས་གཏོང་བར་ཞུགས་པ་ལ་མི་དགའ་བ་དང༌། དབུལ་པས་སློང་མོ་བའི་སྐྱེ་བོ་སྤོང་བའི་སེམས་འདོར་བ་སྟེ། དེ་ལྟ་བུའི་སྔ་མ་བཞིན་དུ་ཡོངས་སུ་སྦྱོར་བ་བཅུ་གཉིས་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པས་ས་དྲུག་པ་མངོན་དུ་གྱུར་པ་ཀུན་ཤེས་པར་འགྱུར་པ་ཡིན་ནོ། །དེ་སྐད་དུ་ཡང༌། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་


DTG085_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པས། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་དང༌། །བསླངས་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང༌། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །ཅེས་གསུངས་པ་ཡིན་ནོ། །སྟོང་པ་ཉིད་དང༌། མཚན་མ་མེད་བ་དང༌། སྨོན་པ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཡང་དག་པར་ཤེས་པས། གོ་རིམས་བཞིན་དུ་བདག་དང༌། སེམས་ཅན་དང༌། སྲོག་ཏུ་འཛིན་པ་མེད་པ་དང༌། འཁོར་གསུམ་ཡོངས་སུ་དག་པའི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པ་མི་གཏོང་བས། གང་ཟག་གཅིག་ཏུ་འཛིན་པ་སྤོང་བ་དང༌། སྡུག་བསྔལ་གྱིས་གདུངས་པའི་སྐྱེ་པོ་ཐམས་ཅད་ལ་དམིགས་པའི་སྙིང་བརྩེ་བ་རྟོགས་པས། ཆད་པར་འཛིན་པ་མེད་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པ་ནས་ཉེ་བར་བཟུང་བ་སྟེ། དངོས་པོ་ཐམས་ཅད་ལ་ཉེ་བར་མ་དམིགས་པས་རྟག་པར་འཛིན་པ་ལས་རྣམ་པར་བཟློག་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས། མཚན་མར་འཛིན་པ་མེད་པ་དང༌། ཐེག་པ་ཆེན་པོ་ཉིད་དུ་ཐེག་པ་གཅིག་པར་གཏོགས་པས་རྒྱུར་འཛིན་པ་སྤངས་པ་དང༌། མིང་དང་གཟུགས་ལ་སོགས་པ་མ་སྐྱེས་པར་ཡོངས་སུ་ཤེས་པས་ཕུང་པོར་འཛིན་པ་དང་བྲལ་བ་དང༌། ཆོས་ཟབ་མོ་ལ་ངེས་པར་རྟོགས་པའི་བཟོད་པ་རྟོགས་པས་ཁམས་སུ་འཛིན་པ་སྤངས་པ་དང༌། ཆོས་ཐམས་ཅད་ཐེག་པ་ཆེན་པོའི་སྒོ་ནས་སྟོན་པའི་ཕྱིར་སྐྱེ་མཆེད་དུ་འཛིན་པ་དང་བྲལ་བ་དང༌། རྟོག་པ་ཐམས་ཅད་གཅོད་པས་ཁམས་གསུམ་པ་ལ་གནས་པའི་འཛིན་པ་བཅད་པ་དང༌། མཚན་མར་འཛིན་པ་དང༌། འཇིག་ཚོགས་ལ་སོགས་པའི་ལྟ་བ་རྣམས་དང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྦོང་བས། ཆགས་པར་འཛིན་པ་དང་བྲལ་བ་དང༌། ཞི་གནས་བསྒོམས་པའི་སྟོབས་ཀྱིས་སེམས་ཀུན་ཏུ་ཞུམ་པའི་འཛིན་པ་ལས་བྲལ་བ་དང༌། ཤེས་རབ་དང་ཐབས་ལ་མཁས་པས། སངས་རྒྱས་སུ་ལྟ་བ་ལ་མངོན་པར་ཞེན་བ་མ་ཡིན་པ་དང༌། ཆོས་བདག་མེད་པ་བསྒོམས་པས་སེམས་ཉེ་བར་ཞི་བའི་ཕྱིར་ཆོས་སུ་ལྟ་བ་ལ་མངོན་བར་ཞེན་པའི་ངོ་བོ་ཉིད་མ་ཡིན་པ་དང༌། བདེན་པ་གཉིས་ལ་བརྟེན་པའི་གཟུགས་ལ་སོགས་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་སྐྱེས་པས་དགེ་འདུན་དུ་


DTG085_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ལ་མངོན་པར་ཞེན་པ་བསལ་བ་དང༌། མངོན་པར་ཞེན་པའི་གནས་མ་ཡིན་པའི་ཡེ་ཤེས་ཐོབ་པས་ཚུལ་ཁྲིམས་སུ་ལྟ་བ་ལ་མངོན་པར་ཞེན་པ་མི་འབྱུང་བ་དང༌། ཆོས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པའི་དོན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་དུ་མཉམ་དུ་འགྲོ་བས་ན་སྟོང་པ་ཉིད་ལ་རྩོད་པར་འཛིན་པ་དང་བྲལ་བ་དང༌། དམིགས་པ་ལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་རྣམས་བསྒྲལ་བར་བྱ་བའི་ཕྱིར་ཐམས་ཅད་དུ་བདག་གི་ལུས་ཇི་ལྟར་མཐུན་པར་སྟོན་པས་ན། སྟོང་པ་ཉིད་དང་འགལ་བར་བརྗོད་པའི་འཛིན་པ་ཡོངས་སུ་སྤངས་པ་སྟེ། དེ་ལྟར་ན་ཡོངས་སུ་སྦྱོང་བའི་ཆོས་རྣམ་པ་ཉི་ཤུ་པོ་སྔ་མ་བཞིན་དུ་ཁྱད་པར་གྱི་མཚན་ཉིད་ཅན་གྱི་ཡོངས་སུ་སྦྱོང་བ་བྱས་པ་རྟོགས་པས་ན་ཇི་སྐད་དུ་བཤད་པའི་ཆོས་རྣམ་པ་ཉི་ཤུ་དང་བྲལ་བའི་ཕྱིར་ཡང་དག་པར་ལྷུན་གྱིས་གྲུབ་པའི་ལམ་དང་འབྲེལ་པས་ཤིན་ཏུ་རིང་དུ་འགྲོ་བའི་ཕྱིར་ས་བདུན་པ་རིང་དུ་སོང་བ་ཐོབ་པ་ཡིན་ནོ། །དེ་སྐད་དུ་ཡང༌། སྤང་བར་བྱ་བའི་ཆོས་ཀྱི་དབང་དུ་མཛད་ནས། བདག་དང་སེམས་ཅན་འཛིན་པ་དང༌། །སྲོག་དང་གང་ཟག་ཆད་རྟག་དང༌། །མཚན་མ་རྒྱུ་དང་ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་དག་པ་ནི། །ཁམས་གསུམ་པ་ལ་གནས་དང་ཆགས། །སེམས་ནི་ཀུན་ཏུ་ཞུམ་པ་དང། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ། །དེར་ལྟ་བ་ཡི་མངོན་ཞེན་དང༌། །སྟོང་པ་ཉིད་ལ་རྩོད་པ་དང༌། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ། །ཞེས་གསུངས་པ་ཡིན་ལ་དེ་བཞིན་དུ་བླང་བར་བྱ་བའི་དབང་དུ་མཛད་ནས། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། །འཁོར་གསུམ་རྣམ་པར་དག་ཉིད་དང༌། །སྙིང་རྗེ་དང་ནི་རློམ་མེད་དང༌། །ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་དང་ཟད་ཤེས་དང༌། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་ཏུ་འཇོམས་པ་དང༌། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང༌། །ཞི་གནས་ངེས་པར་སེམས་པ་དང༌། །ལྷག་མཐོང་ལ་ནི་མཁས་པ་ངང༌། །སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང༌། །ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང༌། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ། །ཞེས་གསུངས་པ་


DTG085_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སེམས་ཅན་གྱི་དོན་དུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་རྩེ་བ་དང༌། རྟེན་གྱི་སངས་རྒྱས་ཀྱི་ཞིང་གསེར་ལ་སོགས་པའི་ངོ་བོར་ཡོངས་སུ་སྒྱུར་བ་དང༌། རྣམ་པ་ཐམས་ཅད་དུ་ཆོས་ཡོངས་སུ་བརྟག་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་མཉེས་པར་བྱེད་པ་དང༌། ལྷའི་མིག་སྐྱེད་པ་དང༌། རྟེན་པ་སངས་རྒྱས་ཀྱི་ཞིང་སེམས་ཅན་ཡོངས་སུ་སྤྱོད་བ་དང༌། ཐམས་ཅད་དུ་སྒྱུ་མ་ལྟ་བུར་གནས་པ་དང༌། སེམས་ཅན་གྱི་དོན་མཐོང་ནས་བློ་སྔོན་དུ་བཏང་བའི་སྐྱེ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་སྟེ། དེ་ལྟ་བུའི་ཡོངས་སུ་སྤྱོད་པའི་ཆོས་རྣམ་པ་བརྒྱད་སྔ་མ་བཞིན་དུ་ཡོངས་སུ་སྦྱངས་པས་མཚན་མ་དང་རྩོལ་བས་བསྐྱོད་དུ་མེད་པའི་ཕྱིར་ས་བརྒྱད་པ་མི་གཡོ་བ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ། །དེ་སྐད་དུ་ཡང༌། སེམས་ཅན་ཀུན་ཡིད་ཤེས་པ་དང༌། །མངོན་པར་ཤེས་པས་རྩེ་བ་དང༌། །སངས་རྒྱས་ཞིང་བཟང་སྒྲུབ་པ་དང༌། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང༌། །བསམས་བཞིན་སྲིད་པ་ལེན་པ་དང༌། །ལས་ནི་རྣམ་པ་འདི་བརྒྱད་བཤད། །ཅེས་བྱ་བར་གསུངས་པ་ཡིན་ནོ། །སྨོན་ལམ་མཐའ་ཡས་པ་དང༌། ལྷ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང༌། སྤོབས་པ་ཆུ་བོ་ལྟར་མི་ཟད་པ་དང༌། སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པའི་མངལ་དུ་འཇུག་པ་དང༌། རྒྱལ་བོ་ལ་སོགས་པར་གནས་པ་དང༌། ཉི་མ་ལ་སོགས་པའི་རུས་དང༌། མ་ལ་སོགས་པ་དང་ལེགས་བར་འབྲེལ་བའི་གཉེན་དང༌། རང་དབང་དུ་འགྱུར་བའི་འཁོར་དང༌། བརྒྱ་བྱིན་ལ་སོགས་པས་མངོན་པར་བསྟོད་པར་སྐྱེ་བ་དང༌། སངས་རྒྱས་ལ་སོགས་པས་བསྐུལ་ཏེ་ངེས་པར་འབྱུང་བ་དང༌། ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཤིང་ཨ་ཤྭད་ཐ་ལ་སོགས་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོའི་ཡོན་ཏན་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་སྟེ། དེ་ལྟ་བུའི་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱི་ཡོངས་སུ་སྦྱོང་བ་བཅུ་གཉིས་སྔ་མ་བཞིན་དུ་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་དག་གིས་ཆོས་སྟོན་པ་ལ་མཁས་པ་ཁ་ན་མ་ཐོབ་མེད་པའི་ཕྱིར་ས་དགུ་བ་ལེགས་པའི་བློ་གྲོས་མངོན་དུ་བྱེད་པ་ཡིན་


DTG085_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་སྐད་དུ་ཡང༌། སྨོན་ལམ་དག་ནི་མཐའ་ཡས་དང༌། །ལྷ་ལ་སོགས་པའི་སྐད་ཤེས་དང༌། །སྤོབས་པ་ཆུ་བོ་ལྟ་བུ་དང༌། །མངལ་དུ་འཇུག་པའི་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང༌། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ནོ། །རིགས་ཀྱི་ས་ནི་ཉན་ཐོས་ལ་སོགས་པའི་རིགས་སོ། །བརྒྱད་པའི་ས་ནི་འབྲས་བུ་དང་པོ་ལ་ཞུགས་པའོ། །མཐོང་བའི་ས་ནི་རྒྱུན་ཏུ་ཞུགས་པའོ། །བསྲབས་པའི་ས་ནི་ལན་ཅིག་ཕྱིར་འོང་བའོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བའོ། །བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་པའོ། །ཁྱད་པར་གྱི་ཚིག་མེད་པས་ཞུགས་པ་གསུམ་ནི་ཉན་ཐོས་ཀྱི་སའོ། །རང་སངས་རྒྱས་ཀྱི་ས་ནི་རང་སངས་རྒྱས་རྣམས་ཀྱི་སའོ། །བྱང་ཆུབ་སེམས་དཔའི་ས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམས་པ་དགུ་པོ་ཇི་སྐད་དུ་བཤད་ཟིན་པ་རྣམས་སོ། །ས་དགུ་ཞེས་བྱ་བ་དེ་ལྟ་བུའི་ས་དགུ་པོ་རྣམས་ལས་འདས་ནས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་ནི་སངས་རྒྱས་ཉིད་ཅེས་བརྗོད་བར་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་གསུངས་པས། སངས་རྒྱས་ཀྱི་ས་གང་ཡིན་པ་ལ་ལས་ལ་དབང་བའི་རྟེན་ཉིད་ལ་སོགས་པའི་ཡེ་ཤེས་གང་གིས་གནས་པ་ནི་དེས་ཐོབ་ནས་ཆོས་ཀྱི་ཆར་འབེབས་པས་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱའོ། །དེ་སྐད་དུ་ཡང༌། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །སའི་ཚོགས་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་རྒྱ་ཆེར་གསུངས་པས་དེ་ལས་གཟུང་བར་བྱའི། གཞུང་མངས་ཀྱིས་འཇིགས་པས་བདག་གིས་འདིར་རྒྱ་ཆེར་མ་བྲིས་སོ། །ཞར་ལ་འོངས་པས་ཆོག་གོ །མཐོང་བ་དང་བསྒོམ་པའི་ལམ་གྱི་བདག་ཉིད་ཅན་ཁོ་ན་སའི་ཚོགས་ཡིན་པས་དེའི་རྗེས་ལ་དེའི་མི་མཐུན་པའི་ཕྱོགས་སྤོང་བའི་གནས་སྐབས་ཀྱི་དབྱེ་བས་གཉེན་པོའི་ཚོགས་ཉིད་བསྟན་པར་བྱ་བའི་ཕྱིར་ཞུས་པ་གསུམ་པ་ལ་སོགས་པའི་ལན་གདབ་པའི་སྒོ་ནས་ཁམས་གསུམ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དང་པོར་དངོས་པོ་


DTG085_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དང་གཉེན་པོའི་རྟེན་ཅན་ཏེ་གཟུང་བའི་རྣམ་པར་རྟོག་པ་གཉིས་དང༌། གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཏེ། འཛིན་པའི་རྣམ་པར་རྟོག་པ་གཉིས་ནི་མཐོང་བའི་ལམ་ལ་སྤོང་བ་ཡིན་པས་མི་མཐུན་པའི་ཕྱོགས་ཀྱི་དབྱེ་བས་དེའི་གཉེན་པོའི་གནས་སྐབས་རྟོགས་པར་འགྱུར་བའི་ཕྱིར། གོ་རིམས་བཞིན་གཉེན་པོའི་ཚོགས་སྟོན་པ་ལྷུར་བྱེད་པ། ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་ནི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་སྦྱར་བར་བྱའོ། །དེའི་འོག་ཏུ་དངོས་པོ་ཙམ་དང་གཉེན་པོའི་རྣམ་པ་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་གཉིས་དང༌། གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པ་ལ་བརྟེན་པ་འཛིན་པའི་རྣམ་པར་རྟོག་པ་གཉིས་བསྒོམ་པའི་ལམ་ལ་སྤོང་བས། མི་མཐུན་པའི་ཕྱོགས་ཀྱི་དབྱེ་བས་དེའི་གཉེན་པོའི་གནས་སྐབས་སུ་རྟོགས་པའི་ཕྱིར་གཉེན་པོའི་ཚོགས་གཞན་རྣམ་པ་བཞི་གྲངས་ཇི་ལྟ་བ་བཞིན་དུ་སྔར་བརྗོད་པའི་བྱ་བ་བཀག་པས་དོན་དམ་པའི་བདེན་པ་ལ་བརྟེན་ནས། སྟོན་པར་མཛད་པ་ནི་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནས་པ་དགག་པ་ཉིད་གསལ་པར་བྱེད་པ་ནི་གནས་པ་མེད་པའི་ཚུལ་གྱིས་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་གནས་པ་ནི་དངོས་པོ་ལ་དམིགས་པ་སྟེ། སེམས་རབ་ཏུ་གནས་པའོ། །དེ་བཀག་པས་གནས་པ་མེད་པའོ། །འདིར་དཔྱད་པར་བྱ་སྟེ། གལ་ཏེ་རེ་ཞིག་གནས་པ་མེད་པ་ཙམ་ཡིན་ན་དེ་ལྟ་ན་ནི་མེད་པ་ཡིན་པའི་ཕྱིར་གཉེན་པོའི་ཕྱོགས་སུ་མི་རུང་ངོ༌། །འོན་ཏེ་གནས་པ་མ་ཡིན་ན་དེའི་ཚེ་མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། མངོན་པར་ཞེན་པ་མེད་པ་ལ་ཇི་ལྟར་བཤད་པའི་ཚུལ་ལྟར་ཚུལ་འདི་ལ་ཡང་བལྟ་བར་བྱ་བ་ཡིན་པས་རྒྱས་པར་མ་སྤྲོས་སོ། །དུས་གསུམ་པའི་དངོས་པོ་རྣམས་བཀག་པས་གང་ཡང་ངེས་པར་འབྱུང་བར་མ་གྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་དག་པའི་དོན་ལ་གོམས་པ་ངེས་པར་འབྱུང་བའི་ཕྱིར་ཇི་སྟེ་དེ་ལྟར་འགྱུར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། གང་ངེས་པར་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉི་ག་ཡང་ཞེས་བྱ་བ་ནི་བྱང་ཆུབ་


DTG085_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་གང་དང་ལམ་གང་གིས་ངེས་པར་འབྱུང་བ་དེ་དག་དེ་ཁོ་ན་ཉིད་དུ་ན་མེད་ཅིང་མི་དམིགས་པའོ། །ཉེ་བར་བསྡུ་བ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཀུན་རྫོབ་ཏུ་ནི་ཡོད་དོ་ཞེས་བྱ་བར་དགོངས་སོ། །དེ་སྐད་དུ་ཡང༌། མཐོང་དང་བསྒོམ་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་བརྒྱད། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་གསུངས་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་གོ་རིམས་ཀྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བར་ཐེག་པ་ཆེན་པོ་མ་ལུས་པ་སྙིང་རྗེ་ལ་སོགས་པ་རྣམས་ཀྱིས་རྗེས་སུ་བསྒྲུབས་པས། བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་ངོ་བོས་སྒྲུབ་པར་བྱེད་པའི་ཕྱིར་ན་སྙིང་རྗེ་ལ་སོགས་པའི་ཚོགས་ཡིན་པའི་ཕྱིར་ཚོགས་ཀྱི་སྒྲུབ་པ་ནི་རྣམ་པ་བཅུ་བདུན་ཡིན་ནོ། །དེ་ལྟར་ཚོགས་བསགས་པ་རྣམས་ནི་ཇི་ལྟར་འཕགས་པ་བྱམས་པས་བརྙེས་པ་ལྟར་ངེས་པར་འབྱུང་བ་ཡིན་པས་བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ་བརྗོད་པར་བྱའོ། །དེ་ཡང་ཡུལ་གྱི་དབྱེ་བས་རྣམ་པ་བརྒྱད་ཡོད་པ་ལས་དང་པོ་གཙོ་བོ་ཡིན་པས་ཆེད་དུ་བྱ་བའི་ངེས་པར་འབྱུང་བའོ། །དེ་ཡང་སེམས་ཅན་ཀུན་གྱི་མཆོག་ཉིད་ཀྱི། སེམས་ཆེན་པོ་ཉིད་ཀྱིས་ངེས་པར་འབྱུང་བ་དང༌། སྤོང་བ་ཆེན་པོ་ཉིད་ཀྱིས་ངེས་པར་འབྱུང་བ་དང༌། རྟོགས་པ་ཆེན་པོ་ཉིད་ཀྱིས་ངེས་པར་འབྱུང་བ་སྟེ། རྣམ་པ་གསུམ་ཡོད་པ་དེ་བས་ན་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་གསུམ་གྱི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་རྣམས་དང་ལྡན་པས། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་བྱ་བའི་ཆེན་པོ་ཉིད་བདུན་དང་ལྡན་པས་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ནི་ཐེག་པ་ཆེན་པོ་ཡིན་ནོ། །ཐེག་པ་ཆེན་པོ་ནི་འཇིག་རྟེན་ན་རབ་ཏུ་གྲགས་པ་ཙམ་ཉིད་ཀྱི་དོན་མ་ཡིན་བར་མངོན་པར་བྱང་ཆུབ་པའི་འབྲས་བུ་ཅན་ཡིན་ཏེ་དེ་ཉིད་འཆིང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐེག་པ་ཆེན་པོའི་གཉེན་པོ་བསྒོམ་པ་དོན་མེད་པར་འགྱུར་རོ། །དེ་བས་ན་ཡང་དག་པ་


DTG085_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་ཉིད་ཡིན་པའི་ཕྱིར་ལོག་པར་སྣང་བའི་རང་བཞིན་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་དེའི་གཉེན་པོར་གྱུར་པ་ཉིད་ཀྱིས་མི་བདེན་པའི་དོན་ཉིད་དུ་རང་གི་ངོ་བོ་ཡོངས་སུ་ཤེས་པས་ཟིལ་གྱིས་མནན་ཏེ། གང་གི་ཕྱིར་བགྲོད་པར་བྱ་བའི་གནས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ལ་སོགས་པ་ཆེན་པོ་ཉིད་དུ་ངེས་པ་ཁོ་ནར་འབྱུང་བ་དེའི་ཕྱིར་ཐེག་པ་ཆེན་པོ་ཞེས་བརྗོད་དོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། མཉམ་པ་ཉིད་རྟོགས་པ་མེད་པར་ཆེད་དུ་བྱ་བའི་ངེས་པར་འབྱུང་བར་མི་འབྱུང་བས། དེའི་འོག་ཏུ་མཉམ་པ་ཉིད་ཀྱི་ངེས་པར་འབྱུང་བ་བསྟན་པར་བྱ་བའི་ཕྱིར་ནམ་མཁའ་ལྟར་མཉམ་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ལྟ་བུའི་མཉམ་པ་ཉིད་སྟོང་པ་ཉིད་ཀྱིས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ཁྱབ་པའི་ཡེ་ཤེས་དྲི་མ་མེད་པ་ཡིན་ཞེས་བྱ་བའི་ཕྱིར་དེ་ནི་ཐེག་པ་ཆེན་པོ་ཡིན་ནོ། །སེམས་ཅན་གྱི་དོན་བྱ་བ་མེད་པར་བསོད་ནམས་བསགས་བ་མི་སྲིད་པའི་ཕྱིར་མཉམ་པ་ཉིད་ཡང་དག་པར་རྟོགས་པར་མི་འགྱུར་བས། དེའི་འོག་ཏུ་སེམས་ཅན་གྱི་དོན་ངེས་པར་འབྱུང་བ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐེག་པ་ཆེན་པོ་ལ་སེམས་ཅན་གྱི་སྒོ་སྐབས་ཡོད་དོ་ཞེས་བརྗོད་པའི་ཕྱིར་ན་ཐེག་པ་ཆེན་པོ་དེས་དེ་དག་གི་དོན་དུ་ངེས་པར་འབྱུང་བར་བྱ་བ་ཡིན་ནོ་ཞེས་བསྟན་ཏེ། དེ་ལྟ་མ་ཡིན་ན་དོན་བྱ་བས་སྟོང་ན་གོ་སྐབས་ཡོད་པར་མི་འཐད་པའི་ཕྱིར་རོ། །བཅོམ་ལྡན་འདས་གྲངས་འདིས་ན་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ། །རྣམ་གྲངས་འདིས་ཞེས་བྱ་བ་ནི་དོན་གཞན་འདིས་སོ། །འབད་པ་ཡོད་ན་སེམས་ཅན་གྱི་དོན་མ་ཚང་བ་མེད་པ་རྫོགས་པར་མི་འགྱུར་བས། དེའི་འོག་ཏུ་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་བསྟན་པའི་ཕྱིར་འདི་ལ་འོང་བ་མ་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོང་བ་ནི་འདས་པ་ནས་སོ། །འགྲོ་བ་ནི་མ་འོངས་པར་རོ། །གནས་པ་ནི་ད་ལྟར་བྱུང་བ་སྟེ། འོང་བ་ལ་སོགས་པ་མེད་པས་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རྟག་པ་དང་ཆད་བ་དང་བྲལ་བའི་གནས་སྐབས་རྟོགས་པ་མེད་པར་འབད་པ་མེད་པར་ངེས་པར་འབྱུང་བར་མི་འགྱུར་བས། དེའི་འོག་ཏུ་མཐའ་ལས་འདས་པའི་ངེས་པར་འབྱུང་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་ལྟར་


DTG085_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་སོ། །སྔོན་གྱི་མཐའ་ནི་རྟག་པའོ། །ཕྱི་མའི་མཐའ་ནི་ཆད་པའོ། །དེ་ལས་འདས་པ་ཡང་མེད་དོ་ཞེས་བརྗོད་བ་ནི་དབུས་ཀྱང་མི་དམིགས་ཏེ་ཞེས་བྱ་བའོ། །འདི་ལྟར་ཞེས་གང་སྨྲས་པ་དེ་བསྟན་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཐེག་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱིས་ཐེག་པ་དེ་ནི་དུས་གསུམ་སྟོང་པ་ཉིད་ཡིན་པ་དེའི་ཕྱིར་ཐེག་པ་ཆེན་པོ་ལ་སྔོན་གྱི་མཐའ་ལ་སོགས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །ཆོས་ཉིད་དང་མི་འགལ་བའི་དོན་བརྗོད་པས་ལེགས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཉེ་བར་བསྡུ་བ་ནི་དེ་ལྟར་ན་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཐའ་ལས་འདས་པའི་ངེས་པར་འབྱུང་བ་ཡང་ཐེག་པ་གསུམ་སོ་སོའི་ཁྱད་བར་ཅན་གྱི་གནས་སྐབས་ཐོབ་པ་མེད་པར་རྫོགས་པར་མི་འགྱུར་བས་དེའི་འོག་ཏུ་ཐོབ་པའི་ངེས་པར་འབྱུང་བ་གསུངས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་བསླབས་པས་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལའོ། །ཐམས་ཅད་མཁྱེན་པ་ཉིད་ཐེག་པ་གསུམ་གྱི་བདག་ཉིད་ཅན་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པའི་རྒྱུ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རྗེས་སུ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲ་གཞན་དུ་གྱུར་པས་འཕགས་པ་གང་པོ་འཁྲུལ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་སྟེ་ཆེད་དུ་ཁྱོད་སྤོབས་པར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་དང་པོ་རྩོམ་པ་ན་བྱིན་གྱིས་བརླབས་པའོ། །རྟག་ཏུ་མཉམ་པར་གཞག་པ་མེད་པར་ཡེ་ཤེས་ཀྱི་མཐོང་བ་འཇུག་པ་མི་འབྱུང་བས་གཞན་དུ་ཡང་གྱུར་ཏམ་སྙམ་ནས། འཕགས་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ནི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འགལ་བ་ནི་འདས་པའོ། །དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ནི་ལོག་པར་སྟོན་པ་མི་འཐད་པས་རབ་འབྱོར་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྗེས་སུ་མཐུན་པར་ཞེས་བྱ་བ་ནི་ལུགས་དང་མཐུན་པ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་ཐེག་པ་ཆེན་པོའི་རང་བཞིན་ཡིན་


DTG085_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་བྱ་བར་དགོངས་སོ། །ཆོས་ཟབ་མོ་རྣམ་པ་ཐམས་ཅད་དུ་སྟོན་པའི་ནུས་པ་བདག་ཉིད་ལ་ཡོད་པར་མཐོང་བས། བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུས་ལགས་སོ་ཞེས་བྱ་བ་གསོལ་ཏོ། །ཐོབ་པའི་ངེས་པར་འབྱུང་བ་དེ་ཡང་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པ་དང་དེ་གཉི་གའི་འབྲེལ་བ་བཀག་པའི་མཚན་ཉིད་ཅན་ཏེ། དེས་ན་ཐོབ་པར་བྱ་བ་བཀག་བའི་དབང་དུ་བྱས་ནས། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། གཞན་ཡང་ཞེས་བྱ་བའི་སྒྲའི་དོན་ནི་གོ་རིམས་ཀྱི་དོན་ཏོ། །མཐར་ཡང་ཞེས་བྱ་བ་ནི་བདུན་པའོ། །ཉེ་བར་མ་རྟོགས་ཞེས་བྱ་བ་ནི་ཐོབ་པར་བྱ་བ་གཟུགས་ལ་སོགས་པའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་ཅུང་ཟད་ཀྱང་ཞེས་བྱ་བ་ལྷག་མ་སྟེ། ཐོབ་པར་བྱ་བའི་བྱང་ཆུབ་སེམས་དཔའ་དེ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་བར་སྣང་བ་མ་ཡིན་ན་མ་ཇི་ལྟར་ཡོད་པ་མ་ཡིན་སྙམ་དུ་དོགས་པ། ཉེ་བར་མ་རྟོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། གཟུགས་སུ་མ་མཆིས་པས་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཆོས་ཀྱི་དབྱིངས་ལ་མ་གཏོགས་པ། །གང་ཕྱིར་ཆོས་ཡོད་མ་ཡིན་པ། །ཞེས་བྱ་བའི་ཚུལ་གྱིས་གང་གི་ཕྱིར་ཆོས་ཀྱི་དབྱིངས་བཞིན་དུ་དེའི་རང་བཞིན་དུ་གྱུར་པའི་གཟུགས་ལ་སོགས་པ་མུ་མེད་པས་བྱང་ཆུབ་སེམས་དཔའ་མུ་མེད་པ་ཉིད་ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཉེ་བར་མ་གཏོགས་པ་ཡིན་ནོ་ཞེས་བསམས་པའོ། །ཐོབ་པ་པོ་དགག་པའི་དབང་དུ་མཛད་ནས་གསུངས་པ་ནི་གཟུགས་བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ལ་སོགས་བའོ། །གཟུགས་ལ་སོགས་བ་ནི་རིགས་པས་ཡོད་པ་མ་ཡིན་པས་དེའི་བདག་ཉིད་ཅན་ཐོབ་པ་པོའི་བྱང་ཆུབ་སེམས་དཔའ་ཉེ་བར་མི་དམིགས་སོ་ཞེས་བྱ་བར་བསམས་པའོ། །གལ་ཏེ་དེ་ལྟར་མི་དམིགས་ན་དེ་ཁོ་ན་ཉིད་ཡིན་ནོ་ཞེ་ན། འདི་ཡང་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཉེ་བར་མ་རྟོགས་པ་ཞེས་བྱ་བ་འདི་ཡང་མེད་དེ། ཡུལ་མེད་པ་ལ་དགག་པའི་སྦྱོར་བ་མེད་པའི་ཕྱིར་རོ། །དངོས་པོ་མེད་པ་དེའི་ཕྱིར་མི་དམིགས་སོ། །དེ་ལྟར་སྤྱིར་བསྟན་ནས་བདག་ཉིད་ཀྱི་དབང་དུ་བྱས་ཏེ། བཅོམ་ལྡན་འདས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དེ་ལྟར་ཞེས་བྱ་བ་ནི་ཐོབ་པར་བྱ་བ་དང་ཐོབ་པ་པོ་བཀག་པས་སོ། །ཐམས་ཅད་


DTG085_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་གཉིས་ཏེ་དངོས་པོ་ཐམས་ཅད་དང་རྣམ་པ་ཐམས་ཅད་དོ་ཞེས་བྱ་བའི་ཚུལ་གྱིས་ན། འདིར་ཐམས་ཅད་ནས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་དངོས་པོའི་རང་བཞིན་གྱིས་སོ། །ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོའི་རང་བཞིན་ན། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པའི་རྣམ་པའི་དབྱེ་བས་སོ། །ཡང་ཐམས་ཅད་ཅེས་བྱ་བ་ནི་སྤྱི་དང་སོ་སོའི་རྣམ་པའོ། །བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཆོས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཉིད་ཐོབ་པར་བྱ་བ་དང་ཐོབ་པ་པོའི་མཚན་ཉིད་ཀྱི་ཆོས་གཟུགས་ལ་སོགས་པའི་རང་བཞིན་ཏེ། དེ་དག་ནི་མི་དམིགས་པར་གྱུར་པས་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །དེ་གཉི་གའི་འབྲེལ་བ་དགག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། རྣམ་པ་དང་ཐབས་དང་རྣམ་པ་མེད་པའི་ཤེས་པ་དག་གིས་སམ། མངོན་སུམ་དང་རྗེས་སུ་དཔག་བདག་གིས་གྲངས་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྗེས་སུ་མ་མཐོང་ཞིང་མ་དམིགས་ནའོ། །དེ་ཉིད་བསྟན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཉེ་བར་བསྡུ་བའི་ཕྱིར་བཅོམ་ལྡན་འདས་བདག་གི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །གང་ཞིག་ཅེས་བྱ་བ་ནི་ཐོབ་པ་པོ་བྱང་ཆུབ་སེམས་དཔའོ། །གང་གིས་ཞེས་བྱ་བ་ནི་ཐོབ་པར་བྱ་བའི་ཐབས་ཀྱི་སྒོ་ནས་སོ། །གང་ལ་ཞེས་བྱ་བ་ནི་འབྲེལ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་དེ། གང་གི་སྒྲ་ནི་སྤོང་བ་སྟོན་པར་བྱེད་པ་ཡིན་པས། གང་གང་གིས་གང་ལ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བཅོམ་ལྡན་འདས་སངས་རྒྱས་ཞེས་བྱ་བ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཐོབ་པར་བྱ་བ་ནི་སངས་རྒྱས་ཀྱི་སྒྲས་བརྗོད་དེ། ཐོབ་པ་པོ་དང་འབྲེལ་པའི་ཚིག་ལྷག་མ་གཉིས་ཀྱིས་སྟོན་པའི་ཕྱིར་ཏེ། གང་གི་ཕྱིར་གང་ཞིག་སྐབས་སུ་བབ་བ་དེ་ཉིད་ཉེ་བར་བསྡུ་བ་ཡིན་ནོ། །དངོས་པོ་ཇི་ལྟ་བ་བཞིན་སྒྲ་སྦྱོར་བའི་ཕྱིར་ན་མིང་ཙམ་དུ་ཡོད་པ་ལས་དོན་བདེན་པར་འགྱུར་རོ་སྙམ་ན་མིང་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དེ་སྔོན་མཐོང་བ་མེད་པའི་ཕྱིར། །སྒྲ་དོན་ཁྱད་པར་བརྗོད་བྱ་དང༌། །རྗོད་བྱེད་དུ་ནི་འདོད་མིན་གྱི། །སྤྱི་ནི་ཉེ་བར་སྟོན་པ་ཡིན། །ཞེས་བྱ་བའི་ཚུལ་གྱིས་དངོས་པོ་


DTG085_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བར་མིང་དེ་མངོན་པར་གྲུབ་པ་མེད་པའི་ཕྱིར་མ་སྐྱེས་པའོ། །ཇི་ལྟ་བུ་ཞེ་ན། ཇི་ལྟར་བདག་ཅེས་བྱ་བ་ལ་སོགས་པ་གསོལ་ཏོ། །དེ་ཉིད་བཤད་པ་ནི་བདག་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དོན་གྱི་བྱ་བའི་ནུས་པ་མེད་པས་བོང་བུའི་རྭ་དང་འདྲ་བར་ཡང་དག་པའི་ཀུན་རྫོབ་ཏུ་ཡང་མངོན་པར་མ་གྲུབ་པ་ཉིད་ཀྱིས་ན་བདག་ནི་ཤིན་ཏུ་མེད་མོད་ཀྱི། དེ་ལྟ་ན་ཡང་བདག་ཅེས་ཐ་སྙད་འདོགས་སོ། །གལ་ཏེ་དེ་ལྟར་ཆོས་ཐམས་ཅད་རིགས་པས་ངོ་བོ་ཉིད་མེད་པ་ཡིན་ན་གཟུགས་དེ་གང་ཡིན་ཞེས་རྟོག་པ་ལ། གང་གཟུང་དུ་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་མངོན་པར་མ་གྲུབ་པ་དེའི་ཕྱིར་དེ་ཁོ་ནར་གཟུང་བ་དང་འཛིན་པ་དང་བྲལ་བ་ཡིན་ཏེ། དེས་ན་གཟུགས་ལ་སོགས་བ་ནི་ཀུན་རྫོབ་ཏུ་མ་བརྟགས་གཅིག་པུ་ན་ཡིད་དགའ་བར་བྱེད་པ་ཡིན་ནོ། །དེ་ལྟར་གཟུང་བ་དང་འཛིན་པའི་དངོས་པོར་མ་གྲུབ་ན་འོན་ཆོས་དོན་དམ་པ་ཡིན་ནོ་སྙམ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པས་ཆོས་ཐམས་ཅད་དངོས་པོ་མེད་པ་གང་ཡིན་པ་དེ་ཉིད་མངོན་པར་མ་གྲུབ་པ་ཡིན་ལ། མངོན་པར་མ་གྲུབ་བ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་འཛིན་པ་དང་བྲལ་བས་དེ་ནི་ཆོས་མ་ལགས་སོ། །རབ་ཏུ་བསྒྲུབ་པའི་དོན་མཇུག་བསྡུ་བའི་ཕྱིར་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ཞེས་པ་ནི་དེའི་ཕྱིར་རོ། །ཅི་ཞིག་ཅེས་བྱ་བའི་སྒྲ་ནི་སྤོང་བ་བརྗོད་པ་ཉིད་ཡིན་པའི་ཕྱིར་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་ན་ནི་ཆོས་རྣམས་མངོན་པར་གྲུབ་པ་ཡིན་ནོ་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དངོས་པོ་ཐམས་ཅད་ཀྱི་མངོན་པར་གྲུབ་པ་རབ་ཏུ་དགག་པ་ཡིན་པའི་ཕྱིར། མངོན་པར་མ་གྲུབ་པ་ལས་གཞན་པ་མངོན་པར་གྲུབ་པའི་ཆོས་ནི་ཉེ་བར་མི་དམིགས་སོ། །ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་གྱི་རང་བཞིན་ནོ། །སངས་རྒྱས་ཀྱི་ཆོས་ནི་ཐོབ་པར་བྱ་བའི་མཚན་ཉིད་རྣམས་སོ། །བྱང་ཆུབ་སེམས་དཔའི་ཆོས་ནི་ཐོབ་པ་པོ་བྱང་ཆུབ་སེམས་དཔར་བཏགས་པའི་རྒྱུ་མཚན་


DTG085_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་སོགས་པའོ། །གང་བྱང་ཆུབ་ཏུ་སྤྱོད་པ་མི་དམིགས་སོ་ཞེས་བྱ་བ་ནི། བྱང་ཆུབ་པའི་དོན་དུ་སྤྱོད་པའི་སྤྱིའི་ཆོས་གཞན་གང་ཡང་རུང་བ་གང་ཡིན་པ་དེ་ཡང་ཉེ་བར་མི་དམིགས་སོ་ཞེས། རྣམ་པར་དབྱེ་བ་བསྒྱུར་ལ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སུ་ཞིག་མངོན་པར་བརྩོན་བར་འགྱུར་ཞེ་ན། གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྤྱོད་པའོ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཤེས་པས་སོ། །སྒོམ་པའོ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཤེས་པས་སོ། །ཉེ་བར་རྟོག་བ་ནི་རིག་པས་རྣམ་པར་འཇོག་པའོ། །ངེས་པར་སེམས་པ་ནི་དྲན་པའི་ཤེས་པ་ལ་ངེས་པར་འཇོག་པ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་མི་དམིགས་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་རྟོག་ཅེས་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། བཅོམ་ལྡན་འདས་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གང་གི་ཕྱིར་དུས་གང་གི་ཚེ་གཟུགས་ལ་སོགས་པའི་ཆོས་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྟེ། དེའི་རྒྱུ་མཚན་དུ་ངོ་བོ་ཉིད་མེད་པའི་རྣམ་པར་ཡོངས་སུ་རྟོགས་པར་བྱེད་པ་དེའི་ཚེ་གཟུགས་ཉེ་བར་མི་རྟོགས་ཏེ་མི་རིག་གོ །དེ་ཉིད་ཀྱི་ཕྱིར་ཉེ་བར་མི་འཛིན་ཏེ་བདག་གིར་མི་བྱེད་དེ། གང་གི་ཕྱིར་སྐྱེ་བའམ་འགག་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །སྐྱེ་བ་དང་འཇིག་པ་མ་གཏོགས་པ་གཞན་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །བདག་ཉིད་གཅིག་ཡིན་ན་སྐྱེ་བ་མེད་པ་དང་འགག་པ་མེད་པ་དམིགས་པ་ཁོ་ན་གཟུགས་དམིགས་པ་ཡིན་ནམ། དེའི་ཕྱིར་ཇི་ལྟར་གཟུགས་ཉེ་བར་མ་གཏོགས་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྐྱེ་བ་མེད་པ་དང་འཇིག་པ་མེད་པ་གང་དག་ཡིན་པ་དེ་དག་ནི་གཟུགས་མ་ཡིན་ཏེ། ཀུན་རྫོབ་ཏུ་གཟུགས་ལྟ་བུར་སྣང་བའི་ཕྱིར་རོ། །དེ་ལ་དངོས་པོ་ཁོ་ན་སྐད་ཅིག་མར་གནས་པའི་ཆོས་མི་རྟག་པ་ནི་འཇིག་པའོ། །དེ་བཀག་


DTG085_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཇིག་པ་མ་མཆིས་བ་ཡིན་ཏེ། གང་གི་ཕྱིར་ཀུན་རྫོབ་ཏུ་སྣ་ཚོགས་པ་ཉིད་ཡིན་པ་དེས་ན་དེའི་ཕྱིར་སྐྱེ་བ་མེད་པ་དང་འཇིག་པ་མེད་པ་དང་གཟུགས་ནི་དོན་དམ་པར་སྐྱེ་བ་མེད་པ་དང་འཇིག་པ་མེད་པ་ཉིད་དུ་གནས་པའི་ཕྱིར་གཉིས་སུ་མེད་དེ། འདི་ནི་སྐྱེ་བ་མེད་པ་ལ་སོགས་བ་དང་རང་བཞིན་གཅིག་ཉིད་ཡིན་ནོ། །གང་གི་ཕྱིར་གཉིས་སུ་བྱར་མེད་པ་སྟེ། གཉིས་ཀྱི་དངོས་པོར་བྱེད་པའི་ཚད་མ་དང་བྲལ་བས་སོ། །གལ་ཏེ་དེ་ལྟར་ཡིན་ན་གཟུགས་སུ་ཇི་ལྟར་བཏགས་ཞེ་ན་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ཞེས་བྱ་བ་འདི་ནི་གཟུགས་རིགས་པས་མི་འཐད་པ་ལ་སོགས་པ་གཉིས་སུ་མ་མཆིས་པ་ལ་བརྗོད་པའི་ཀུན་རྫོབ་ཏུ་མིང་དུ་བགྱིས་བ་ལགས་ཏེ་བརྡར་བཏགས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་མེད་པར་ཐོབ་པའི་ངེས་པར་འབྱུང་བར་མི་འགྱུར་བས་དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་བར་འབྱུང་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་དང་སྦྱར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལ་ཞེས་བྱ་བ་ནི། རྣམ་བ་ཐམས་ཅད་མཁྱེན་པ་ཉིད་ལ་སྟེ། ངེས་པར་འབྱུང་བའི་དོན་དུ་ཞེས་བྱ་བ་ནི་ལྷག་མའོ། །ཆོས་ཐམས་ཅད་ནི་གཟུགས་ལ་སོགས་པ་རྣམས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་སོགས་པའི་རྣམ་པར་རོ། །འདི་ནི་བྱ་བའི་ཁྱད་པར་ཏེ། དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཡོངས་སུ་རྟོག་པ་ནའོ། །དེའི་ཚེ་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་དུས་ནའོ། །གཟུགས་ལ་ཉེ་བར་མི་རྟོག་གོ་ཞེས་བྱ་བ་ལ་སོགས་པ་ནི། སྐབས་གཞན་གྱི་སྒོ་ནས་ཡང་བཟླས་པའི་ཕྱིར་ཟློས་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ནི་སེམས་ཅན་གྱི་དོན་དུ་དཀའ་བ་སྤྱོད་བ་ལ་སོགས་པ་མི་འཐད་དོ་ཞེས་བྱ་བའི་བསམ་པ་དང་ལྡན་པས་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །གང་གི་ཕྱིར་གཟུགས་ལ་སོགས་པ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་དག་དང་གཉིས་སུ་མེད་པ་ཉིད་ཡིན་པའི་རྒྱུ་དེའི་


DTG085_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཟུགས་ལ་ཉེ་བར་མི་རྟོག་ཅེས་བྱ་བ་ལ་སོགས་པ་ཇི་སྐད་སྨྲས་པའི་དོན་ཁོ་བོས་ཤེས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་པ་ཡིན་ཏེ། དེ་ཡང་གཟུགས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་དུ་ཆུག་མོད་ཅེས་ཁས་བླངས་ན་ཉེས་པ་བསྟན་བའི་དོན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ཞིག་ཅེས་བྱ་བའི་སྒྲ་ནི་སྤོང་བ་སྟེ། སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཕྱིར་མི་སྤྱོད་དོ་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཅན་རྣམས་ཀྱི་དོན་གྱིས་ཞེས་བྱ་བ་བགོས་བས་སྡུག་བསྔལ་བ་ཡིན་པ་དེ་དག་ཉམས་སུ་མྱོང་བའི་དོན་དུ་སྤྲོ་བ་ཡང་ཅི་ཞིག་ཡོད་ཅིང་ཅིའི་དོན་དུ་ཡིན་ནོ་ཞེས་པའི་དོན་ཏེ། སེམས་ཅན་ལ་སོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་ཞེས་བྱ་བ་ལ་སོགས་པས་ནི་ལན་སྨྲས་པ་ཡིན་ནོ། །འདི་སྙམ་དུ་སེམས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་པ་ཡིན་ན་དོན་དམ་པར་དཀའ་བ་སྤྱད་པ་སྤྱོད་པ་མེད་པར་འགྱུར་རོ་ཞེས་ཐལ་བ་བསྒྲུབས་ན་ནི་དེའི་ཚེ་དེ་ཁོ་ན་ཉིད་དུ་ན་སྤྱོད་པ་མི་འཐད་པས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །འོན་ཏེ་ཀུན་རྫོབ་ཏུ་ཡིན་ན་འོ་ན་ནི་དེའི་ཚེ་བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་པ་མ་ཡིན་ཏེ། སྐྱེ་བར་སྣང་བའི་ཕྱིར་རོ། །དེས་ན་སྤྱོད་པ་ཇི་ལྟར་འགལ་ཞེས་བསམས་པ་ཡིན་ནོ། །ཀུན་རྫོབ་ཏུ་ཡང་དཀའ་བ་སྤྱོད་པ་ཇི་ལྟར་སྤྱོད་པ་ཡིན་ཞེས་ཀྱང་བསམ་པར་མི་བྱའོ་ཞེས་བརྗོད་པ་ནི་གང་ཞིག་དཀའ་བ་སྤྱོད་པའི་འདུ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །དཀའ་བའི་འདུ་ཤེས་ཀྱིས་སྤྱོད་པ་ཞེས་བྱ་བ་འདིར་སྤྱད་དཀའ་བ་ལ་ཞེས་བྱ་བ་ནི་ལྷག་མའོ། །མགོ་གཏོང་བ་ལ་སོགས་པའི་སྤྱད་དཀའ་བ་རྣམས་བྱང་ཆུབ་སེམས་དཔའ་ཁོ་ནས་བྱེད་པ་མ་ཡིན་ནམ། ཇི་ལྟར་ན་དཀའ་བའི་འདུ་ཤེས་མེད་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་གི་ཕྱིར་དཀའ་བའི་འདུ་ཤེས་བསྐྱེད་ན་སེམས་ཅན་རྣམས་ཀྱི་དོན་བྱ་བར་མི་ནུས་ཏེ། ཡང་དག་པའི་སྤྱོད་པ་མི་རྫོགས་པའི་ཕྱིར་རོ། །དེ་བས་ན་གང་དཀའ་བའི་འདུ་


DTG085_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱིས་སྦྱིན་པ་ལ་སོགས་པ་ལ་སྤྱོད་པར་བྱེད་ན་དེ་སེམས་ཅན་གྱི་དོན་མི་བྱེད་པས་བྱང་ཆུབ་སེམས་དཔར་མི་འགྱུར་རོ་ཞེས་བྱ་བར་བསམས་པའོ། །འོ་ན་ཇི་ལྟར་ནུས་པར་འགྱུར་ཞེ་ན། འོན་ཀྱང་བདེ་བའི་འདུ་ཤེས་པ་ཉིད་དུ་བྱས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་ལ་སོགས་པ་ལ་སེར་སྣ་ལ་སོགས་པ་མེད་པས་བྱ་སླ་བའི་འདུ་ཤེས་ནི་བདེ་བའི་འདུ་ཤེས་སོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྤྱིར་མ་ལ་སོགས་པར་འདུ་ཤེས་བསྐྱེད་པའམ། ཁྱད་པར་དུ་སྐྱེས་བ་དང་བུད་མེད་དག་ལ་ན་ཚོད་ཆེ་ཆུང་གི་ཚད་ཀྱིས་ཅི་རིགས་པར་མ་ལ་སོགས་པའི་འདུ་ཤེས་སུ་བྱས་ཤིང་གང་གི་ཚེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ན་དེའི་ཚེ་དོན་བྱ་བར་ནུས་སོ་ཞེས་བྱ་བར་བསམས་པའོ། །དེ་ཉིད་ཉེ་བར་བསྡུ་བར་བྱ་བའི་ཕྱིར་དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བར་དུ་ཡང་ཞེས་བྱ་བ་འདིས་ནི་སྐྱེས་པ་དང་བུད་མེད་རྣམས་ལ་ན་ཚོད་མཉམ་པའི་ཚད་ཀྱིས་མིང་པོ་དང་སྲིང་མོའི་འདུ་ཤེས་སུ་ཉེ་བར་བསྡུ་བའོ། །ཇི་ལྟར་ན་བདག་ཉིད་ཀྱི་འདུ་ཤེས་བསྐྱེད་པར་བྱ་ཞེ་ན། ཇི་ལྟར་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཏུ་ང་རྒྱལ་སྐྱེད་པ་ཉིད་ཀྱིས་རང་གི་རྒྱུད་ཉིད་བདག་ཡིན་ནོ། སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱ་ཞིང་བསལ་བར་བྱའོ་ཞེས་བྱ་བ་ནི། འདུ་བྱེད་ལ་སོགས་པའི་སྡུག་བསྔལ་རྣམས་ལས་ཐར་བར་བྱ་ཞིང་བསལ་བར་བྱའོ། །རྣམ་པ་གཞན་དག་ཀྱང་བདག་གིས་སེམས་ཅན་ཐམས་ཅད་ལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡོངས་སུ་མི་གཏོང་ངོ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་བོའི་བསམ་པ་དང་སྦྱོར་བས་སོ། །ཐར་པར་བྱའོ་ཞེས་བྱ་བ་ནི་དེ་ལྟ་བུའི་བྱ་བ་རྫོགས་བར་བྱ་བས་སོ། །གང་གི་ཚེ་ཞེ་ན། བདག་གི་ལུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་ལུས་བརྒྱར་གཏུབས་ཀྱང་ཞེས་བྱ་བ་ནི་དེ་རྣམས་ཉིད་ཀྱིས་བྱ་བར་ཤུགས་ཀྱིས་སྦྱར་ཏེ། གཞན་དུ་ན་ཕུལ་དུ་བྱུང་བ་ཅི་ཞིག་ཏུ་འགྱུར། ཆུང་ངུ་ན་ཞེས་བྱ་བ་ཐ་མ་ནའོ། །གནོད་སེམས་ཀྱང་མི་བསྐྱེད་དོ་ཞེས་བྱ་བ་ནི་ཞེ་སྡང་བར་མི་བྱ་བའོ། །དེ་ཉིད་མཇུག་བསྡུ་བ་ནི་དེ་ལྟར་ཞེས་བྱ་བ་ལ་


DTG085_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་སེམས་དེ་ལྟར་རོ། །སྤྱོད་པ་ནི་སྦྱིན་པ་ལ་སོགས་པའོ། །གནས་ན་ཞེས་བྱ་བ་ནི་སྤྱོད་ལམ་རྣམ་བཞི་ལའོ། །དེ་ལྟར་ཀུན་རྫོབ་ལ་བརྟེན་པའི་སྤྱོད་པས་དཀའ་བའི་འདུ་ཤེས་མེད་པ་བསྟན་ནས་དོན་དམ་པའི་བདེན་པ་བརྟེན་པ་བསྟན་པར་བྱ་བའི་ཕྱིར། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནས་བྱ་བ་ནི་མངོན་སུམ་ལ་སོགས་པའི་ཚད་མས་སོ། །ཐམས་ཅད་ནི་ཁྱབ་བ་དང་ཅིག་ཤོས་ཀྱི་ཚུལ་ལོ། །རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སེམས་ཅན་དང་སྲོག་ལ་སོགས་པར་གྲགས་པའི་རྣམ་པས་སོ། །ཡང་ཐམས་ཅད་དུ་ཞེས་བྱ་བ་ནི་བྱེད་པ་པོ་ཉིད་ལ་སོགས་པའི་ཚུལ་ཏེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་ཇི་ལྟར་བདག་མེད་ཅིང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱིས་ན་མི་དམིགས་ཏེ། ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །དེ་ཉིད་བསྟན་པ་ནི་དེ་བཞིན་དུ་ཞེས་པ་ལ་སོགས་པའོ། །ཆོས་ལ་ལྟོས་ནས་ནི་ཐམས་ཅད་ཅེས་བྱ་བ་རང་གི་མཚན་ཉིད་ལ་སོགས་བའི་ཚུལ་གྱིས་སོ། །ཐམས་ཅད་ནི་སྤྱིའི་མཚན་ཉིད་ལ་སོགས་པའོ། །རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པའི་རྣམ་པས་སོ། །ཐམས་ཅད་དུ་ནི་རྣམ་པ་ཐམས་ཅད་དུ་སྟེ། དེའི་ཕྱིར་རྣམ་པ་གཞན་མེད་པས་སྒྱུ་མའི་སྐྱེས་བུ་ཁོ་ན་ལྟར་ཀུན་དུ་སྤྱོད་པར་བྱ་ཞིང་དེ་ལ་ཡང་དཀའ་བ་སྤྱོད་པའི་འཇིགས་པ་ཇི་ལྟར་ཡོད་ཅེས་བྱ་བར་བསམས་པའོ། །དེ་ལྟར་སྐྱེ་བ་མེད་པ་ལ་ཐལ་བ་སྤངས་ནས་ཁས་ལེན་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུས་གང་ཡང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་བས་བརྗོད་དོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་དོན་དམ་པར་ཞེས་བྱ་བར་བསམས་པའོ། །བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་དོ་ཞེས་བརྗོད་པས་ཕྱོགས་གཅིག་པའི་སྟོང་པ་ཉིད་དུ་འགྱུར་རོ་ཞེས། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའི་ཆོས་ནི་བྱང་ཆུབ་སེམས་དཔར་བྱེད་པའི་ཆོས་ལམ་གྱི་རྣམ་པར་ཤེས་པ་ཉིད་ལ་སོགས་པའི་རང་བཞིན་ནོ། །བྱང་ཆུབ་སེམས་དཔའི་ཆོས་ཀྱང་སྐྱེ་བ་མེད་དེ་རིགས་པས་མཚུངས་


DTG085_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི་བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པའོ། །གང་དྲིས་པ་དེ་ཁོ་ན་ལན་གདབ་པར་བྱའི། གཞན་དུ་ན་ཉན་པ་པོ་འབྱུང་བ་མེད་པའི་ངག་ཏུ་འགྱུར་རོ། །དེ་བས་ན་ཕྱོགས་གཅིག་པའི་སྟོང་པ་ཉིད་ཀྱི་ལན་གདབ་པའི་ཕྱིར། འོན་ཏེ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་གོང་ནས་གོང་དུ་དྲིས་པ་དང༌། ལན་སྨྲས་པས་སྟོང་པ་ཉིད་ནི་ཐམས་ཅད་ཀྱི་ཡུལ་ཡིན་པར་བརྗོད་པ་ཡིན་ནོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཉིད་དོ། །སངས་རྒྱས་སུ་བྱེད་པའི་ཆོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་སོ། །འཕགས་པའི་ལམ་མ་སྐྱེས་པའི་བྱིས་པ་ནི་སོ་སོའི་སྐྱེ་བོའོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་དེ་དང་འབྲེལ་བ་འདོད་ཆགས་ལ་སོགས་པའོ། །དེ་ལྟར་རིམ་གྱིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཁས་ལེན་དུ་བཅུག་ནས་ཉེས་པ་འགལ་བའི་ཕྱིར་བརྗོད་པ་ནི་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །འོན་ཞེས་བྱ་བ་ནི་མི་བཟོད་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཡིན་ནམ་ཞེས་བྱ་བ་ནི་ལྷག་མའོ། །གླེགས་བམ་ལ་ལ་ལས་ཐམས་ཅད་མཁྱེན་པ་ཉིད་འབད་པ་མེད་པས་ཐོབ་བམ་ཟེར་བ་ནི་གསལ་བ་ཁོ་ནར་ཟད་དོ། །འདི་སྐད་དུ་གུས་པར་བྱས་པ་དང་རྒྱུན་མི་འཆད་པ་དང་ཡུན་རིང་པོར་བསྒོམས་པས་སྐྱེ་བ་མེད་པ་རྟོགས་པ་ན་སངས་རྒྱས་ཉིད་རྗེས་སུ་ཐོབ་པ་ཡིན་ནོ། །གལ་ཏེ་ཆོས་ཐམས་ཅད་མ་སྐྱེས་པ་ཁོ་ན་ཡིན་ན་ནི་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་བ་ཉིད་འབད་པ་མེད་པར་རྗེས་སུ་ཐོབ་པ་ཁོ་ན་ཡིན་ལ། དེ་ལྟ་ན་ནི་ལུས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་མ་སྐྱེས་པ་ལ་ཐོབ་བར་བྱ་བ་དང་ཐོབ་པ་བོ་ཆོས་ཡོད་ན་ནི་དེའི་ཚེ་འབད་པ་མེད་པར་ཐོབ་བ་ཞེས་བྱ་བ་འཐད་པ་ཞིག་ན། གང་གི་ཕྱིར་དེ་ལྟར་ནི་མ་ཡིན་ནོ་ཞེས་བསམས་ནས་བརྗོད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་མ་སྐྱེས་པའི་ཆོས་ལ་ཐོབ་པར་མི་འདོད་དོ་ཞེས་བྱ་བ་ལ་སོགས་པའོ། །རིགས་པས་མ་སྐྱེས་པའི་ཆོས་དད་པས་ཐོབ་པར་བྱ་བ་དང་ཐོབ་པ་པོའི་སྦྱོར་བའི་གནས་སྐབས་སུ་ཐོབ་པར་ཏེ་འཛིན་པར་མི་འདོད་ལ་དངོས་གཞིའི་གནས་སྐབས་


DTG085_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མངོན་པར་རྟོགས་ཤིང་ཁོང་དུ་ཆུད་པར་ཡང་མི་འདོད་དོ། །དེ་ཉིད་བརྗོད་པ་ནི་མ་སྐྱེས་པའི་ཆོས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐོབ་པ་པོའི་ཆོས་མ་སྐྱེས་པས་ཐོབ་པར་བྱ་བའི་མཚན་ཉིད་ཀྱི་ཐོབ་པ་མ་སྐྱེས་པ་འཐོབ་བར་མི་འགྱུར་ཏེ། གཉི་ག་དངོས་པོ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་གང་རུང་ཞིག་མ་སྐྱེས་པས་ན་ཐོབ་པ་འཐོབ་པར་འགྱུར་རོ་ཞེས་སྨྲས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་མ་སྐྱེས་པའི་ཆོས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་ཞེས་བྱ་བའི་སྒྲ་ནི་ཕྱོགས་གཞན་སྟོན་པར་བྱེད་བའོ། །སླར་དྲིས་པའི་ཚུལ་གྱིས་ལན་གྱི་དོན་བརྗོད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཞེས་བྱ་བ་ལ་སོགས་པའོ། །སྐྱེ་བ་ནི་ཡོད་པ་མ་ཡིན་པའི་ཕྱིར་ཅི་མ་སྐྱེས་པའི་ཆོས་སྐྱེས་སོ་ཞེས་བརྗོད་དམ། དེ་ལྟའོ་ཞེ་ན། བརྗོད་ལ་རག་སྟེ་མིང་གཞན་དུ་བྱ་བས་དངོས་པོ་གཞན་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ། །དེ་བས་ན་སྐྱེས་པའི་ཆོས་ཀྱིས་ཐོབ་པ་མ་སྐྱེས་པ་འཐོབ་པར་ཇི་ལྟར་འགྱུར། འོན་ཏེ་མ་སྐྱེས་པའི་ཆོས་ཁོ་ན་མ་སྐྱེས་པ་ཡིན་ནོ་ཞེས་ཁྱོད་ཀྱིས་བརྗོད་པ་ཡིན་ན། དེ་ལྟ་ན་ཡང་ཉེས་པ་ཁོ་ན་ཡིན་ཏེ། མ་སྐྱེས་པའི་ཆོས་གང་ཡིན་པ་དེ་ནི་མ་སྐྱེས་པ་ཁོ་ན་ཡིན་ཏེ། མེད་པ་ཁོ་ན་ཡིན་པ་དེས་ན་མ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་སྐྱེས་པ་འཐོབ་པར་ཅི་ལྟར་འགྱུར་འདི་སྐད་དུ། དེ་ཁོ་ན་ཉིད་དུ་ན་ཐོབ་པར་བྱ་བ་དང་ཐོབ་པ་པོ་དག་མེད་པའི་ཕྱིར་འབད་པ་མེད་པར་འཐོབ་པར་འགྱུར། ཀུན་རྫོབ་ཏུ་ཡང་འབད་པ་ཆེན་པོས་དུས་རིང་པོར་རྒྱུན་མི་འཆད་པར་བསྒོམས་པས་ས་བརྒྱད་པ་ལ་སོགས་པར་ཡེ་ཤེས་ལྷུན་གྱིས་གྲུབ་པར་འཇུག་པ་འཐོབ་པའི་ཕྱིར་གང་གིས་ལུས་ཅན་ཐམས་ཅད་གྲོལ་བར་འགྱུར་བ་འབད་པ་མེད་པར་འཐོབ་པར་ཇི་ལྟར་འགྱུར་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་ནས་སྐྱེ་བ་དང་སྐྱེ་བ་མེད་པ་རྣམ་པར་གནས་པ་ཡིན་ན་ཁྱོད་ལ་ཡང་བརྒལ་ཞིང་བརྟག་པ་འདི་ཉིད་དོ་སྙམ་པའི་བསམ་པས་བརྗོད་པ་ནི། སྐྱེ་བའི་ཆོས་ཉིད་མི་སྐྱེ་བ་ཡིན་ནམ་འོན་ཏེ་མི་སྐྱེ་བའི་ཆོས་མི་སྐྱེ་བ་ཡིན་ཞེས་བྱ་བའོ། །དེ་ཁོ་ན་ཉིད་ནི་བརྗོད་པའི་ཀུན་རྫོབ་ཏུ་ཡང་ངག་ཏུ་བརྗོད་པ་དང་བྲལ་བ་ཡིན་ནོ་སྙམ་དུ་བསམས་ནས་བརྗོད་པ་ནི།


DTG085_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བའི་ཆོས་སམ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་གཉི་ག་བརྫུན་པ་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་དུ་སྨྲ་བར་མི་སྤོབས་སོ་ཞེས་བྱ་བར་བསམས་པའོ། །མ་སྐྱེས་པ་ནི་དོན་དམ་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་བསམ་བས་བརྗོད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཀྱིས་སྐྱེ་བ་མེད་པའི་ཆོས་ལ་ཡང་ཞེས་བྱ་བའོ། །དོན་དམ་པ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་སྐྱེ་བ་མེད་པ་འདི་ལ་དོན་དམ་པ་ཞེས་བརྗོད་དོ་ཞེས་སྨྲས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བ་མེད་པ་ཉིད་བརྗོད་པ་ཡིན་ལ་ཞེས་བྱ་བའོ། །སྐྱེ་བ་མེད་པ་ཉིད་ཡིན་ན་ཡང་བརྗོད་པར་བྱ་བས་ན་བརྗོད་པ་ནི་སྤྲོས་པ་སྟེ་རྣམ་པར་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་མངོན་པར་རྟོགས་པའི་དུས་སུ་ཅི་ཞིག་ཏུ་སྣང་ཞེ་ན། ཉིད་བརྗོད་པ་ཡིན་ལ་ཞེས་བྱ་བའོ། །སྐྱེ་བ་མེད་པ་ཡིན་ན་ཡང་བརྗོད་པར་བྱ་བས་ན་བརྗོད་པ་ནི་སྤྲོས་པ་སྟེ། རྣམ་པར་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མངོན་པར་རྟོགས་པའི་དུས་སུ་ཅི་ཞིག་ཏུ་སྣང་ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བ་མེད་པ་ཉིད་སོ་སོར་སྣང་བ་ཡིན་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། རྟོག་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་གཟུང་བར་བྱ་བ་མ་ཡིན་པའི་སྐྱེ་བ་མེད་པ་ཉིད་གཟུང་བར་སྣང་ཞིང་འཛིན་པ་མ་ཡིན་པ་ཉིད་འཛིན་པར་སྣང་ངོ༌། །ཡང་ཇི་ལྟར་ན་དེ་ལྟ་བུའི་ངོ་བོ་ཉིད་མ་ཡིན་དུ་ཟིན་ཀྱང་དེ་ལྟ་བུའི་ངོ་བོ་ཉིད་དུ་སོ་སོར་སྣང་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཁོ་ན་བཞིན་དུ་ཤིན་ཏུ་སོ་སོར་སྣང་བ་ཉིད་དོ་ཞེས་བྱ་བ་གསུངས་ཏེ། དེ་ཁོ་ན་བཞིན་དུ་སྟེ་ཇི་ལྟར་མཐོང་བ་བསྙོན་པར་མི་ནུས་པའི་ཕྱིར་ཀུན་རྫོབ་ཏུ་ཇི་ལྟ་བུ་ཡིན་ཡང་རུང་བར་འགྱུར་རོ། །ཡང་ན་དེ་ཁོ་ན་བཞིན་དུ་སྟེ། རྣམ་པར་མ་དཔྱད་པའི་རང་བཞིན་དུ་བརྫུན་པ་ཁོ་ན་སོ་སོར་སྣང་བ་ཡིན་ནོ། །ཤིན་ཏུ་སོ་སོར་སྣང་བའོ་ཞེས་བྱ་བ་ནི་རྟག་པ་དང་ཆད་པ་དང་བྲལ་བའི་རང་བཞིན་དུ་སོ་སོར་སྣང་བའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ཡང་དག་པར་བཤད་པས་བསྟོད་པའི་ཕྱིར་བརྗོད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ནི་ཆོས་སྟོན་པའི་ཞེས་བྱ་བ་ལ་སོགས་པའོ། །གཞག་པར་བྱའོ་ཞེས་བྱ་བ་ནི་གཟུང་བ་བྱ་བའོ། །ཉན་ཐོས་རྣམས་ཀྱང་ཆོས་ཀྱི་སྤྲིན་གྱི་རྟོགས་


DTG085_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་མ་ཡིན་ནམ། ཇི་ལྟར་འདི་ལྟར་སྟོན་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །གང་དང་གང་ལ་ཞེས་བྱ་བ་ནི་འདུན་པ་ལའོ། །དེ་དང་དེ་ལ་ཞེས་བྱ་བ་ཡང་དེ་དང་འདྲ་སྟེ། གང་དང་གང་ལ་ཡོངས་སུ་དྲིས་པ་དེ་དང་དེ་ལ་ལན་བཏབ་པས་ངེས་པར་འབྱུང་བས་རང་གི་རྟོགས་པའི་མཚན་ཉིད་ཀྱི་ཆོས་ཉིད་ལས་ཀྱང་མི་གཡོ་སྟེ་གནས་པའི་ཕྱིར་རོ། །ལུང་གི་རང་བཞིན་གྱི་ཆོས་ཉིད་དེ་རྟོགས་པའི་ཆོས་དང་འགལ་བར་མི་བྱེད་དོ་ཞེས་བྱ་བ་རྟག་ཏུ་མཉམ་པར་གཞག་པའི་ཤེས་པ་མེད་ཀྱང་ཞེས་བྱ་བ་ནི་ལྷག་མའོ། །དེ་བཞིན་གཤེགས་པའི་བྱིན་རླབས་ཡིན་པར་བསྟན་པའི་ཕྱིར། ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་བཞིན་གཤེགས་པའི་ཉན་ཐོས་མི་གནས་པའི་ཆོས་ཅན་རྣམས་ཀྱི་ཞེས་བྱ་བ་མངོན་པར་ཞེན་པ་མེད་པའི་ཆོས་ཅན་རྣམས་ཀྱིའོ། །ཆོས་ཉིད་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ངེས་པ་ཉིད་དོ། །ཆོས་ཉིད་དེ་གང་ཡིན་ཞེ་ན། དེ་དག་གང་དང་གང་ཞེས་བྱ་བ་ལ་སོགས་པའོ། །གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོའི་དམིགས་པ་ཡོད་དུ་ཟིན་ཀྱང་ཇི་ལྟར་ན་ཉན་ཐོས་མི་གནས་པའི་ཆོས་ཅན་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་བརྗོད་པ་ནི་འདི་ལྟར་གང་ཞེས་བྱ་བ་ལ་སོགས་པའོ། །གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་ཆོས་ཐམས་ཅད་མི་གནས་པའི་ཕྱིར་ཏེ། གནས་པར་འོས་པ་མ་ཡིན་པའི་ཕྱིར། མི་གནས་པའི་ཆོས་ཅན་གྱི་ཉན་ཐོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་དོན་དུ་བྱིན་གྱིས་བརླབས་པ་ཁོ་ན་སྟེ། དེ་ལྟ་མ་ཡིན་ན་སྟོན་པ་མི་འཐད་པའི་ཕྱིར་རོ། །གང་ཟག་བདག་མེད་པར་རྟོགས་པ་ཙམ་གྱིས་ནི་རྣམ་པ་འདི་ལྟ་བུའི་ཆོས་ལ་མོས་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །རྣམ་པ་ཐམས་ཅད་མཁྱེན་པའི་


DTG085_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བ་དེ་ཡང་ཁྱད་པར་གྱི་ལམ་ལ་སོགས་པ་མེད་བར་མི་འབྱུང་བས། དེའི་འོག་ཏུ་ལམ་གྱི་ངེས་བར་འབྱུང་བ་བསྟན་པར་བྱ་བའི་ཕྱིར་བརྗོད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ། །ཞེས་བྱ་བ་ལ་སོགས་པའོ། །རབ་འབྱོར་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི། དོན་ལེགས་བར་སྨྲས་བ་ཉིད་ཀྱིས་སོ། །འོན་ཀྱང་གང་གིས་བྱང་ཆུབ་རྟོགས་པར་འགྱུར་བ་ཆོས་ཐམས་ཅད་ལ་མི་གནས་པའི་ཕ་རོལ་ཏུ་ཕྱིན་པ་འདི་གང་ཡིན། རང་གི་ངོ་བོ་བསྟན་པར་བྱ་བའི་ཕྱིར། ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ལམ་གྱི་མཚན་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཆོས་ཐམས་ཅད་ལ་མི་བརྟེན་པ་ཉིད་ཀྱིས་ན། ཆོས་ཐམས་ཅད་ལ་མི་གནས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བརྗོད་དོ། །ཐེག་པ་ཐམས་ཅད་ནི་ཐེག་པ་གསུམ་གྱིས་བསྡུས་པའོ། །དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་གྱི་བདག་ཉིད་ཅན་ལ་སུ་ཞིག་ངེས་པར་འབྱུང་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་རིམ་པས་སོ། །སེམས་ཞུམ་པ་ནི་སེམས་འཁུམས་པའོ། །དེ་ཉིད་ནི་ནེམ་ནུར་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ཏེ། ནེམ་ནུར་དུ་གྱུར་པ་ནི་ཐེ་ཚོམ་དུ་གྱུར་པའི་ཤེས་པ་སྟེ། ཅི་འདི་ཡིན་ནམ། གཞན་ཡིན་ཞེས་ལམ་གཞན་འདོད་བར་གྱུར་པའི་ཕྱིར་རོ། །རྨོངས་པ་ནི་མི་ཤེས་པ་སྟེ། དེའི་རང་གི་ངོ་བོ་མི་རྟོགས་པའོ། །སེམས་གཞན་པ་ཉིད་དུ་འགྱུར་བ་ནི་ལོག་པའི་ཤེས་པ་སྟེ། ལོག་པར་རྟོགས་པའོ། །འདི་ཐམས་ཅད་ནི་མ་རིག་པ་ཡིན་བས་ན། བསྒོམས་པས་སྦང་བར་བྱ་བར་བསྟན་ཏོ། །གནས་པ་འདི་ལྟ་བུས་གནས་ཤིང་ཞེས་བྱ་བ་ནི། ལམ་གྱི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་སྤྱོད་ལམ་རྣམ་པ་བཞིའི་སྒོ་ནས་སེམས་ལས་སུ་རུང་བ་ཉིད་རྫོགས་པར་བྱེད་པའི་ཕྱིར་རོ། །ཡིད་ལ་བྱེད་པ་འདི་དང་མ་


DTG085_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་ཡིན་ནོ། །ཞེས་བྱ་བ་ནི་ལམ་གྱི་བདག་ཉིད་ཅན་གྱི་ནང་དུ་ཡང་དག་པར་འཇོག་པའི་གནས་སྐབས་སུའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འབད་བ་དམིགས་པ་ལ་སེམས་འཛིན་པའི་ལས་ཅན་མ་ཡིན་ནམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི། དེ་ལས་བཟློག་པའི་རང་བཞིན་ཅན་ཡིན་ན། འདི་གཉིས་ལྷན་ཅིག་གནས་པར་ག་ལ་རུང༌། ཞེས་བྱ་བའི་བསམ་པས་སྨྲས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་པ་གང་ཡིན་པ་དེ་ཇི་ལྟར་ཡིད་ལ་བྱེད་པ་དང་མ་བྲལ་བར་འགྱུར་ཏེ། ཕན་ཚུན་འགལ་བ་ཡིན་པའི་ཕྱིར་དེ་ལྟར་མི་རུང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ཡིད་ལ་བྱེད་པ་དང་མ་བྲལ་ན་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཡིན་ལ། འོན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གནས་བ་དང་མ་བྲལ་ན། དེའི་ཚེ་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ནོ། །འོན་ཏེ་འགལ་བ་དག་ཀྱང་གཅིག་ལ་ལྷན་ཅིག་གནས་པར་འདོད་ན། དེའི་ཚེ་ཧ་ཅང་ཐལ་བར་འགྱུར་རོ། །ཞེས་སྨྲས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ལམ་གྱི་ངེས་པར་འབྱུང་བའི་གནས་སྐབས་སུ་ཡིད་ལ་བྱེད་བ་དང་མ་བྲལ་བ་ཡིན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་འདོད་ན། དེ་ལྟར་གྱུར་ན་ནི་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་དང་མི་འབྲལ་བར་འགྱུར་ཏེ། དེ་རྣམས་ལ་ཡིད་ལ་བྱེད་པ་ཡོད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་འབད་བ་དུ་མས་བསྒྲུབ་པར་བྱ་བ་མ་ཡིན་ནམ། དེས་ན་ཇི་ལྟར་ན་སེམས་ཅན་ཐམས་ཅད་དེ་དང་མི་འབྲལ་བ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བས་བསུ་ནས་སྨྲས་པ་ནི། སེམས་ཅན་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པའོ། །ཡིད་ལ་བྱེད་པ་


DTG085_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞེས་བྱ་བ་འདིར་མི་འགལ་བས་སོ། །ཞེས་བྱ་བ་ནི་ལྷག་མའོ། །འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་དུ་ཟིན་ཀྱང༌། དེ་དང་འགལ་པའི་ཕྱིན་ཅི་ལོག་ཏུ་འཇུག་པའི་ཡིད་ལ་བྱེད་བ་ཡོད་པས། སེམས་ཅན་ཐམས་ཅད་ལ་རྣམ་པར་གཞག་པ་མ་ཡིན་ནོ། །ཡང་གང་གི་ཚེ་ཁྱོད་ལམ་གྱི་ངེས་པར་འབྱུང་བའི་གནས་སྐབས་སུ་གཉི་ག་ལྷན་ཅིག་གནས་པས་འགལ་བར་ཁས་མི་ལེན་པ་དེའི་ཚེ། རེས་འགའ་བའི་འགལ་བ་མི་འཐད་པས། གང་གི་ཕྱིར་སེམས་ཅན་ཐམས་ཅད་མི་འགལ་བའི་ཡིད་ལ་བྱེད་པ་དང་མ་བྲལ་བ་ཡིན་པ་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འབྲལ་བ་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་བསམས་པ་ཡིན་ནོ། །ཡིད་ལ་བྱེད་པ་སྒྲ་ཇི་བཞིན་པ་ཉིད་ཡིན་ན་ཉེས་པ་འདིར་འགྱུར་རོ་ཞེས་བརྗོད་པ་ནི། ཤཱ་རིའི་བུ་ལེགས་སོ་ལེགས་སོ། །ཞེས་བྱ་བ་ལ་སོགས་པའོ། །འོན་ཀྱང་ཡིད་ལ་མི་བྱེད་པ་ཉིད་ཡིད་ལ་བྱེད་པ་ཡིན་པར་མངོན་པར་འདོད་དོ། །དེ་ལ་ཡང་གལ་ཏེ་སྒྲའི་འཇུག་པ་ཙམ་གྱིས་ཀླན་ཀ་ཚོལ་བར་བྱེད་ན། དེའི་ཚེ་ཁྱོད་ལ་ཡང་ཀླན་ཀ་ཡོད་དོ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་གི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུས་ཡིད་ལ་བྱེད་པའི་མཚན་ཉིད་ཀྱི་དོན་ཁོ་ན་ཡང་དག་པར་ཚིག་ཏུ་བརྗོད་པ་སྟེ། སྒྲ་ཇི་བཞིན་པའི་དོན་བརྗོད་པ་ཁོ་ནར་ཡོངས་སུ་བཟུང་བ་དེའི་ཕྱིར་འདི་ལྟ་བུའི་རིགས་ཅན་གྱི་ངག་ཕྱི་མ་རྣམས་སུ་ཁྱོད་ལ་ཡང་སླར་དྲི་བར་བྱའོ། །འདིས་ནི་སྒྲའི་དོན་སྒྲ་ཇི་བཞིན་པར་བཟུང་ན་ཉེས་པ་མཚུངས་པར་འགྱུར་རོ། །ཞེས་སྟོན་ཏོ། །ཡང་ཇི་ལྟར་ན་ཡིད་ལ་བྱེད་པ་མེད་པ་ཉིད་ཡིད་ལ་བྱེད་པ་ཡིན་གྱི། སྒྲ་ཇི་བཞིན་མ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བས་བསུ་ནས་སྨྲས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་ཞེས་བྱ་བ་སྲོག་ཆགས་རྣམས་ནི་སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ལ། རྒྱུ་དེས་ན་དེ་དང་ཐ་མི་དད་པའི་


DTG085_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཡིད་ལ་བྱེད་པ་ངོ་བོ་ཉིད་མེད་པ་ཉིད་དོ། །སེམས་ཅན་དེ་ཁོ་ན་ཉིད་དུ་མེད་པ་ནི། སེམས་ཅན་དངོས་པོ་མེད་པ་ཉིད་དོ། །སེམས་ཅན་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པ་ལ་སོགས་པས་དབེན་པ་ཉིད་ནི་སེམས་ཅན་དབེན་པ་ཉིད་དོ། །སེམས་ཅན་བསམ་ལས་འདས་པ་ཉིད་ནི་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཉིད་དོ། །སེམས་ཅན་གྱི་རྟོག་པ་མེད་པ་ཉིད་ནི་སེམས་ཅན་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་དོ། །སེམས་ཅན་ཡང་དག་པ་མ་ཡིན་པའི་དོན་བརྫུན་པའོ་ཞེས་མངོན་བར་བྱང་ཆུབ་པ་ཉིད་ནི། སེམས་ཅན་ཡང་དག་པ་མ་ཡིན་བར་མངོན་པར་བྱང་ཆུབ་པ་ཉིད་དོ། །ཚིག་དྲུག་པོ་འདི་དག་ནི་གོ་རིམས་བཞིན་དུ་ངེས་པར་འབྱེད་པའི་ཆ་བཞི་དང་མཐོང་བ་དང་བསྒོམ་པའི་ལམ་གྱི་གནས་སྐབས་སུ་གཟུང་བར་བྱའོ། །དེ་ལྟར་ན་རིག་པས་ཡིད་ལ་བྱེད་པ་མེད་པ་ཉིད་ཡིད་ལ་བྱེད་པ་ཡིན་ནོ་ཞེས་བརྗོད་ནས་མཇུག་བསྡུ་བར་བྱ་བའི་ཕྱིར་སྨྲས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་འདི་ལྟ་བུའི་རང་བཞིན་ཏེ། བཤད་མ་ཐག་བའི་རང་བཞིན་ཅན་གྱི་ཡིད་ལ་བྱེད་པ་འདི་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ལམ་གྱིས་ངེས་པར་འབྱུང་བའི་མཚན་ཉིད་ཀྱི་གནས་པ་འདིས་གནས་པར་འདོད་དེ། ཕྱིན་ཅི་མ་ལོག་པར་འཇུག་པའི་ཕྱིར་རོ། །དེས་ན་དེ་ལྟར་ངེས་པར་འབྱུང་བར་བྱ་བའི་གཞི་འདི་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པས་ཆོས་ཐམས་ཅད་དམིགས་སུ་མེད་པས་ངེས་བར་འབྱུང་བའི་ཕྱིར་དེ་ལྟ་བུའི་བརྒྱད་པོ་འདི་དག་ཉིད་ཀྱིས་ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བའི་སྒྲུབ་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང༌། ཆེད་དུ་བྱ་དང་མཉམ་ཉིད་དང༌། །སེམས་ཅན་དོན་དང་འབད་མེད་དང༌། །མཐའ་ལས་འདས་པར་ངེས་འབྱུང་དང༌། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་གསུངས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ལེའུ་ཞེས་བྱ་བ་ནི། རྣམ་པ་མ་ལུས་


DTG085_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བས་དངོས་པོ་མཐའ་དག་ཡོངས་སུ་ཤེས་པའི་ཕྱིར་ན་དེ་བཞིན་གཤེགས་པ་དང་འབྲེལ་བར་རྗེས་སུ་བསྒྲུབ་པར་བྱ་བ་ཉིད་ཀྱི་སྤྱོད་པར་གྱུར་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་སེམས་བསྐྱེད་པ་ལ་སོགས་པའི་རང་བཞིན་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་སྒོ་ནས་འདིར་ཡང་དང་ཡང་དུ་བཟླས་པའི་ཕྱིར་ན་གཞུང་འདི་ལེའུ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱོད་པའི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། །།


previousསྐབས་དང་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྗོད་པ། next