Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་ལྔ་པ།


  collapse section
   
  collapse section
   
   
   
   
སྐབས་བཞི་པ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བརྗོད་པ།
   
   
   
   


 
previousསྐབས་བཞི་པ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བརྗོད་པ། next

སྐབས་བཞི་པ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བརྗོད་པ།


DTG085_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཤེས་པར་གྱུར་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་དང་ལམ་དང་གཞི་ཤེས་པ་ཐམས་ཅད་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པ་ཡིན་པས། རྣམ་པ་ཀུན་མངོན་པར་རྫོགས་བར་རྟོགས་པ་བརྗོད་པར་བྱའོ། །དེ་ལ་རེ་ཞིག་རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཆོས་ཀྱི་ངོ་བོ་ཉིད་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཤེས་པའི་བྱེ་བྲག་རྣམས་རྣམ་པ་ཉིད་དུ་རྣམ་པར་གཞག་པ་ནི་སྤྱིའི་མཚན་ཉིད་ཡིན་པར་ཤེས་པར་བྱ་སྟེ། དེ་བས་ན་འདི་ལ་གཞི་མེད་པའི་ཉེས་བ་འབྱུང་བར་མི་འགྱུར་རོ། །རྣམ་པ་དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་ཁོ་ནར་བཞེད་དོ་ཞེས་གཟུང་བར་བྱའོ། །དེ་འདི་སྐད་དུ་ཡང༌། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་གསུངས་པ་ཡིན་ནོ། །དེ་ལ་འཕགས་པའི་བདེན་པ་རྟེན་དུ་བྱས་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབང་དུ་བྱས་ནས་བདེན་པ་གང་ལ་རྣམ་པ་ཇི་སྙེད་པར་འགྱུར་བའི་རྣམ་པ་དེ་ཡོངས་སུ་སྟོན་པ་ལས། རེ་ཞིག་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས། དེ་སྐད་ཅེས་བཀའ་སྩལ་བ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བར་རྟག་པའི་རང་བཞིན་དུ་མ་མཆིས་པ་སྟེ་ཡོད་པ་མ་ཡིན་པའི་སླད་དུ་སྟེ། རྒྱུར་བྱས་ནས་མ་མཆིས་པ་ནི་མི་རྟག་པའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ །མི་མཉམ་པ་དང་མཉམ་པ་ཉིད་ཀྱི་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པ་


DTG085_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བར་མཉམ་པ་ཉིད་ཡིན་ཞིང་མ་སྐྱེས་པ་ཉིད་ཡིན་པའི་སླད་དུ་སྡུག་བསྔལ་བའི་རྣམ་པ་རྣམ་པ་གཞན་དང་མི་འདྲ་བ་ཉིད་ཀྱིས་ན་མི་མཉམ་ཞིང་འདྲ་བ་མེད་ལ། དེ་ནི་དེ་ཁོ་ན་ཉིད་དུ་མཉམ་ཉིད་དེ་མ་སྐྱེས་པའོ། །དབེན་པའི་ཞེས་བྱ་བ་ནི་ཤིན་ཏུ་སྟེ། གཏན་ཉིད་ནས་བདག་སྟོང་པའི་སླད་དུ་སྟོང་པ་ཉིད་ཀྱི་རྣམ་པའི་ཡོན་ཏན་ཐོབ་པར་བྱེད་པ་ཉིད་ཀྱིས་ན་དབེན་པའོ། །མི་བརྫི་བའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་བདག་ཉིད་དུ་མི་དམིགས་པའི་སླད་དུ་མུ་སྟེགས་པ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱིར་མུ་སྟེགས་པ་རྣམས་ཀྱིས་འཁྲུགས་པར་མི་བྱེད་པ་ཉིད་ཀྱིས་ན་བདག་མེད་པའི་རྣམ་པ་ནི་མི་བརྫི་བ་ཡིན་ནོ། །དེ་ལྟར་ན་མེད་པ་དང༌། །མི་སྐྱེ་བ་དང༌། བདེན་པ་དང༌། མི་བརྫི་བའི་རྣམ་པ་བཞི་ནི་སྡུག་བསྔལ་གྱི་བདེན་པ་ལ་གྲངས་ཇི་ལྟ་བ་བཞིན་དུ་མི་རྟག་པ་ལ་སོགས་པའི་མཚན་ཉིད་དུ་འགྱུར་རོ། །གནས་པ་མ་མཆིས་བའི་ཞེས་བྱ་བ་ནི་དེ་ལ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ནི་མིང་ངོ༌། །གཟུགས་ཀྱི་ཕུང་པོ་ནི་ལུས་སོ། །འདི་ནི་དེ་རྣམས་ཀྱི་རྒྱུ་ཡིན་པ་དེ་བས་ན། རིགས་པས་མིང་མ་མཆིས་ཤིང་ལུས་མ་མཆིས་པའི་སླད་དུ་རྒྱུའི་རྣམ་པ་ནི་དེ་ཁོ་ན་ཉིད་དུ་ན་བསྐྱེད་པའི་གཞི་མ་ཡིན་པའི་དོན་གྱིས་ན་གནས་མེད་པའོ། །ངོ་བོ་ཉིད་མ་མཆིས་པའི་ཞས་བྱ་བ་ནི་སྐྱེ་བ་མེད་པ་དང༌། འགག་བ་མེད་པའི་ངོ་བོ་ཉིད་ཀྱིས་འགྲོ་བ་དང་འོང་བ་མ་མཆིས་པའི་སླད་དུ་ཀུན་འབྱུང་བའི་རྣམ་པ་སྟེ། རིགས་པས་ནམ་མཁའ་དང་མཉམ་པའོ། །བརྗོད་དུ་མ་མཆིས་པའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་མེད་པ་ཉིད་ཀྱིས་བརྗོད་པའི་ཀུན་རྫོབ་ཏུ་ཡང་སྒྲས་བརྗོད་པ་མེད་པའི་ཕྱིར་རྟོག་པ་མ་མཆིས་པའི་སླད་དུ་རབ་ཏུ་སྐྱེ་བའི་རྣམ་པ་ནི་བརྗོད་པ་མེད་པ་ཡིན་ནོ། །མིང་མ་མཆིས་པའི་ཞེས་བྱ་བ་ནི་ཕུང་པོ་ལྔ་དམིགས་སུ་མ་མཆིས་པའི་སླད་དུ་སེམས་ལས་བྱུང་བ་མེད་པ་ཉིད་ཀྱིས་ན། རྐྱེན་གྱི་རྣམ་པ་ནི་མིང་མེད་བ་ཞེས་བྱ་སྟེ། དེ་ལྟར་ན་གནས་མེད་པ་དང༌། ནམ་མཁའ་དང༌། །བརྗོད་དུ་མེད་པ་དང༌། མིང་མེད་པའི་རྣམ་པ་བཞི་ནི་ཀུན་འབྱུང་གི་བདེན་པ་ལ་གོ་རིམས་བཞིན་དུ་རྒྱུ་ལ་སོགས་པའི་མཚན་ཉིད་དུ་འགྱུར་རོ། །འགྲོ་བ་མ་མཆིས་པ་ཞེས་བྱ་བ་ནི་འགོག་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་གང་དུ་ཡང་འགྲོ་བ་མེད་པའི་སླད་དུ་འགོག་པའི་རྣམ་པ་ནི་འགྲོ་བ་མེད་པའོ། །མི་འཕྲོགས་པ་ཞེས་བྱ་བ་ནི་གཟོད་མ་ནས་ཞི་


DTG085_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་ཀྱིས་ན་ཡུལ་གྱི་ངོ་བོ་ཉིད་ཉེ་བར་འཛིན་པ་མེད་པའི་ཕྱིར། ཆོས་ཐམས་ཅད་གཟུང་དུ་མ་མཆིས་པའི་སླད་དུ་ཞི་བའི་རྣམ་པ་ནི་མི་འཕྲོགས་པའོ། །མི་བས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་མི་བས་བའི་ཆོས་དང་ལྡན་པའི་སླད་དུ་གྱ་ནོམ་བ་ནི་མི་ཟད་བའོ།། མི་སྐྱེ་བ་ཞེས་བྱ་བ་ནི་གཅིག་དང་དུ་མའི་རྒྱུ་ཉིད་དང་བྲལ་བ་ཉིད་ཀྱིས་ཆོས་ཐམས་ཅད་མངོན་པར་མ་གྲུབ་པའི་སླད་དུ་ངེས་པར་འབྱུང་བའི་རྣམ་པ་ནི་སྐྱེ་བ་མེད་པའོ། །དེ་ལྟར་ན་འགྲོ་བ་མེད་པ་དང༌། མི་འཕྲོགས་པ་དང་མི་ཟད་པ་དང་སྐྱེ་བ་མེད་པའི་རྣམ་པ་ནི་འགོག་པའི་བདེན་པ་ལ་གོ་རིམས་བཞིན་དུ་འགོག་པ་ལ་སོགས་པའི་རང་བཞིན་དུ་འགྱུར་རོ། །བྱེད་པ་པོ་མ་མཆིས་པ་ཞེས་བྱ་བ་ནི་ལན་ནི་བྱེད་པ་པོར་འཛིན་པའི་གཉེན་པོར་ཡིན་པའི་ཕྱིར། བྱེད་པ་པོ་མི་དམིགས་པའི་སླད་དུ་ལམ་གྱི་རྣམ་པ་ནི་བྱེད་པ་པོ་མེད་པའོ། །ཤེས་པ་པོ་མེད་པ་ནི་ཚད་མ་དང་འགལ་བ་ཉིད་ཀྱིས་ན། ཆོས་ཐམས་ཅད་བདག་མ་མཆིས་ཤིང་བདག་དམིགས་སུ་མེད་པའི་སླད་དུ་རིགས་པའི་རྣམ་པ་ནི་ཤེས་པ་པོ་མེད་པའོ། །མི་འཕོ་བ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་འཆི་འཕོ་བ་དང་སྐྱེ་བ་དང་འཇིག་པ་དང་སྐྱེ་བ་དག་མི་འཐད་པའི་སླད་དུ་སྒྲུབ་པའི་རྣམ་པ་ནི་འཕོ་བ་མེད་པའོ། །འདུལ་བ་མེད་པ་ཞེས་བྱ་བ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ད་ལྟར་བྱུང་བའི་དུས་མི་དམིགས་པའི་སླད་དུ་ཉོན་མོངས་པ་དུལ་བ་མི་སྲིད་པས་ངེས་པར་འབྱིན་པའི་རྣམ་པ་ནི་འདུལ་བ་མེད་པའོ། །དེ་ལྟར་ན་བྱེད་པ་པོ་མེད་པ་དང་ཤེས་པ་པོ་མེད་པ་དང་འཕོ་བ་མེད་པ་དང་འདུལ་བ་མེད་པའི་རྣམ་པ་བཞི་ནི་ལམ་གྱི་བདེན་པ་པ་ལ་གོ་རིམས་བཞིན་དུ་ལམ་ལ་སོགས་པའི་རང་བཞིན་གྱི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ། །འདི་ནི་རྨི་ལམ་དང་སྒྲ་བརྙན་དང་མིག་ཡོ་ར་དང་སྨིག་རྒྱུ་དང་སྒྱུ་མའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་རིགས་པའི་རྗེས་སུ་འགྲོ་བའི་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་མ་མཆིས་པ་རྣམ་པར་ཤེས་པར་བགྱིད་པའི་སླད་དུ་རྨི་ལམ་དང་སྒྲ་བརྙན་དང་མིག་ཡོར་དང་སྨིག་རྒྱུ་དང་སྒྱུ་མའི་རྣམ་པ་ལྔ་སྟེ། གོ་རིམས་བཞིན་དུ་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་དང་མ་འགགས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་ནི་སྤྱིར་ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ་དག་ཡིན་ཏེ། ཐམས་ཅད་


DTG085_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཉིད་ཀྱིས་རང་སངས་རྒྱས་ཀྱང་བསྡུས་པའི་ཕྱིར་དེ་དག་གི་ཤེས་བྱའི་སྒྲིབ་པའི་གཉེན་པོའི་བདག་ཉིད་ཅན་བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉིས་ཡིན་པས་ལམ་རྣམ་པ་གསུམ་དུ་འགྱུར་བ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མ་མཆིས་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ངོ་བོ་ཉིད་མ་མཆིས་པའི་སླད་དུ། ཉོན་མོངས་པ་མེད་པ་ནི། ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པར་བྱང་བ་མ་མཆིས་པ་ཞེས་བྱ་བ་ནི་རྟེན་ཉོན་མོངས་པའི་སེམས་ཅན་མི་དམིགས་པའི་སླད་དུ་རྣམ་པར་བྱང་བ་མེད་པ་ནི། རྣམ་པར་བྱང་བ་མ་མཆིས་པའོ། །གོས་པ་མ་མཆིས་པ་ཞེས་བྱ་བ་ནི་ནམ་མཁའ་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་པས་གོས་པ་མ་མཆིས་པའི་སླད་དུ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་མེད་པ་ནི་གོས་པ་མེད་པའོ། །སྤྲོས་པ་མ་མཆིས་པ་ཞེས་བྱ་བ་ནི་དམིགས་པའི་རང་བཞིན་གྱི་རློམ་སེམས་ཐམས་ཅད་ལས་འདས་པའི་སླད་དུ། སྤྲོས་པ་ཡོད་པ་མ་ཡིན་པ་ནི་སྤྲོས་པ་མེད་པའོ། །རློམ་སེམས་མ་མཆིས་པ་ཞེས་བྱ་བ་ནི་ཉེ་བར་དམིགས་པ་ཐམས་ཅད་ཡང་དག་པར་བཅོམ་པས་གཡོ་བ་མ་མཆིས་ཤིང་འགུལ་བ་མེད་པའི་སླད་དུ་རློམ་སེམས་མེད་པ་ནི་རློམ་པ་མེད་པའོ། །མི་གཡོ་བ་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་པར་ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཉམས་པ་མེད་པས་ན་མི་གཡོ་བའོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། གོས་པ་མེད་པ་དང༌། སྤྲོས་པ་མེད་པ་དང༌། རློམ་སེམས་མེད་པ་དང༌། མི་གཡོ་བའི་རྣམ་པ་སྟེ། དྲུག་ནི་གོ་རིམས་བཞིན་དུ་ཤེས་བྱའི་སྒྲིབ་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ཉོན་མོངས་པའི་བག་ཆགས་དང་གཟུགས་ལ་སོགས་པའི་སྤྲོས་པ་དང༌། རང་གི་རྟོགས་པ་དང༌། ཡོངས་སུ་ཉམས་པར་རྣམ་པར་རྟོག་པ་སྟེ་དྲུག་གི་སོ་སོར་ངེས་པའི་གཉེན་པོར་གྱུར་པ་རང་སངས་རྒྱས་རྣམས་ཀྱི་མཐོང་བའི་ལམ་ཟག་པ་མེད་པ་ཤེས་བྱའི་སྒྲིབ་པའི་གཉེན་པོའི་བདག་ཉིད་ཅན་ལ་འགྱུར་བ་དག་ཡིན་ཏེ། སྤྱིར་བསྡུ་ན་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་ཡིན་ནོ། །དེ་སྐད་དུ་ཡང༌། མེད་པའི་རྣམ་པ་ནས་གཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང༌། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་གསུངས་པ་


DTG085_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེའི་འོག་ཏུ་ལམ་ཤེས་པ་ཉིད་ཀྱི་རྣམ་པར་བརྗོད་པར་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང༌། ཅིག་ཤོས་ཀྱི་ཕྱོགས་ལ་བརྟེན་ནས་ཀུན་འབྱུང་བ་དང་ལམ་གྱི་བདེན་པ་དག་ནི་རྒྱུ་ཡིན་ལ། སྡུག་བསྔལ་དང་འགོག་པའི་བདེན་པ་དག་ནི་འབྲས་བུ་ཡིན་ནོ་ཞེས་དོན་གྱི་སྒོ་ནས་བསྟན་པ། ཀུན་འབྱུང་བ་དང༌། ལམ་དང༌། སྡུག་བསྔལ་དང༌། འགོག་པའི་བདེན་པ་ལ་གོ་རིམས་བཞིན་དུ་རྣམ་པ་བརྒྱད་དང༌། བདུན་དང༌། ལྔ་དང༌། བཅུ་དྲུག་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་རྒྱུ་ནི་རྣམ་པ་གསུམ་སྟེ། འདུན་པ་དང་འདོད་ཆགས་དང་ཡང་སྲིད་ཅན་གྱི་སྲིད་པ་དགའ་བ་དང་ལྡན་པ་ཞེས་བྱའོ། །འདུན་པའི་གཉེན་པོར་ནི་འདོད་ཆགས་དང་བྲལ་བ་ཞེས་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དེ། བདེན་པ་ཉིད་ཀྱི་སླད་དུ་འདོད་ཆགས་མེད་པ་ནི་འདོད་ཆགས་དང་བྲལ་བ་ཡིད་ལ་བྱེད་པ་འདོད་ཆགས་པ་ལ་དགོངས་པས་བསྟན་ཏེ། བདུན་པའི་སྐབས་སུ་འདོད་ཆགས་ནི་གཙོ་བོ་ཡིན་པས་དེ་མེད་ན་འདུན་པར་བསྟན་པའི་ཕྱིར་རོ། །ཡང་ན་འབྲས་བུའི་བདག་ཉིད་འདོད་ཆགས་མེད་པས་དེའི་རྒྱུ་མ་ཚང་བ་མེད་པའི་འདུན་པ་མེད་པར་སྟོན་པ་ཡིན་ཏེ་གཞན་དུ་མ་ཚང་པ་མེད་པར་གྱུར་ན་འབྲས་བུ་མི་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་རིགས་སོ། །འདོད་ཆགས་ཀྱི་གཉེན་པོའི་ལྡང་བ་མ་མཆིས་པ་ཞེས་བྱ་བ་གང་གསུངས་པ་ཡིན་ཏེ། སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ནི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་ཀྱི་སླད་དུ་ལྡང་བ་ཞེས་བྱ་བ་འདུན་པ་མེད་པས་ལྡང་བ་མེད་པ་སྟེ། ཆོས་རྣམས་ལ་ཞེན་པ་མེད་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན་འདོད་ཆགས་ཀྱི་གནས་སྐབས་སུ་འདུན་པ་ནི་དངོས་སུ་འཇུག་པའི་རྒྱུ་ཉིད་ཀྱི་གཙོ་བོ་ཡིན་པས་ན། དེ་མེད་ན་འདོད་ཆགས་མེད་པར་བསྟན་པའི་ཕྱིར་རོ། །ཡང་སྲིད་ཀྱི་རྒྱུ་མཚན་གྱི་སྲིད་པ་དགའ་བ་དང་ལྡང་བའི་གཉེན་པོ་བརྗོད་པ་ནི་ཞི་བ་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀྱི་སྔོན་པོ་དང་སེར་པོ་ལ་སོགས་པའི་མཚན་མ་མི་དམིགས་པའི་སླད་དུ། སྲེད་པ་གཙོ་བོར་གྱུར་པའི་ཉེ་བར་མ་ཞི་བ་མེད་པས་ཞི་བའོ། །ཀུན་འབྱུང་ནི་གསུམ་སྟེ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གོ །དེའི་གཉེན་པོ་ནི་སྐྱོན་མ་མཆིས་པ་ཞེས་སྨོས་ཏེ། སྟོབས་བཅུ་དང་མི་


DTG085_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སླད་དུ་ཉེས་པ་མེད་པ་ནི་སྐྱོན་མེད་པ་སྟེ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་སྐྱེ་བ་ནི་ཡོངས་སུ་རྟོག་པ་སྟེ། དེ་ལས་འདོད་ཆགས་ལ་སོགས་པ་སྐྱེ་བའི་ཕྱིར་རོ། །དེའི་གཉན་པོར་ནི་ཉོན་མོངས་པ་མ་མཆིས་པ་ཞེས་བྱ་བ་སྨོས་ཏེ། གཉིས་པ་ལ་སོགས་པ་མངོན་པར་ཞེན་པའི་ཡོངས་སུ་རྟོགས་པ་མཆིས་པའི་སླད་དུ་ཉོན་མོངས་པའི་རྒྱུ་རབ་ཏུ་འབྱུང་བ་མེད་པ་ནི་ཉོན་མོངས་པ་མེད་པའོ། །འཇིག་ཚོགས་སུ་ལྟ་བ་ནི་ཉེས་པ་ཐམས་ཅད་ཀྱི་རྐྱེན་ཉིད་ཡིན་པའི་ཕྱིར། རྐྱེན་ནི་སེམས་ཅན་དུ་མངོན་བར་ཞེན་པ་ཡིན་ལ། དེའི་གཉེན་པོར་ནི་སེམས་ཅན་མ་མཆིས་པ་ཞེས་སྨོས་ཏེ། ཕྱིན་ཅི་མ་ལོག་པའི་དོན་གྱིས་ན་ཡང་དག་པའི་མཐའི་སླད་དུ་རྐྱེན་མེད་པ་ནི་སེམས་ཅན་མེད་པའོ། །དེ་ལྟར་ན་འདོད་ཆགས་དང་བྲལ་བའི་རྣམ་པ་ནས་བརྩམས་ཏེ། སེམས་ཅན་མེད་པའི་རྣམ་པ་ཞེས་བྱ་བའི་པར་དག་ནི་གོ་རིམས་བཞིན་དུ་རྒྱུ་གང་ཡིན་པ་འདུན་པ་དང༌། འདོད་ཆགས་དང༌། དགའ་བ་དང་ལྡན་པ་དང༌། ཀུན་འབྱུང་བ་གང་ཡིན་པ་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་དང༌། རབ་ཏུ་སྐྱེ་བ་གང་ཡིན་པ་ཡོངས་སུ་རྟོག་པ་དང་རྐྱེན་གང་ཡིན་པ་སེམས་ཅན་དུ་མངོན་པར་ཞེན་བྱ་བ་སྟེ། དེ་རྣམས་ཀྱི་གཉེན་པོར་གྱུར་པ་གསུམ་དང༌། གསུམ་དང༌། གཅིག་དང༌། གཅིག་སྟེ། དེ་ལྟར་ན་ཀུན་འབྱུང་གི་བདེན་པ་ལ་རྣམ་པ་བརྒྱད་དུ་འགྱུར་བ་ཡིན་ནོ། །ཚད་མ་མཆིས་པ་ཞེས་བྱ་བ་ཆོས་ཐམས་ཅད་ལྡང་བ་ཞེས་བྱ་བ་འབྱུང་བར་འགྱུར་བའི་ལྡང་བ་མ་མཆིས་པའི་སླད་དུ་མི་མཐུན་པའི་ཕྱོགས་ལྡོག་པའི་གཉེན་པོ་ཐོབ་པ་ཉིད་ཀྱིས་ན་སེམས་ཅན་ཚད་མེད་པའི་གོ་སྐབས་འབྱེད་པའི་ཕྱིར་ལམ་གྱི་རྣམ་པ་ནི་ཚད་མེད་པའོ། །ཡང་ཇི་ལྟར་སེམས་ཅན་ཚད་མེད་པའི་གོ་སྐབས་འབྱེད་པ་ཡིན་ཞེ་ན། མཐའ་གཉིས་མི་རྟོག་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ལ་མངོན་པར་མ་ཆགས་པའི་སླད་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་སྤངས་པའི་ཕྱིར་མི་རྟོག་པ་ནི་མི་དམིགས་པའོ། །ཐ་མི་དད་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ཆོས་ཐམས་ཅད་དབྱེར་མེད་པ་སྟེ། སྣ་ཚོགས་མ་ཡིན་པའི་སླད་དུ་རིགས་པའི་རྣམ་པ་ནི་དབྱེར་མེད་པའོ། །ཡང་ཇི་ལྟར་ན་རིགས་པ་


DTG085_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེ་ན། མཆོག་ཏུ་མི་འཛིན་པའི་ཞེས་བྱ་བ་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལ་འདོད་པ་མེད་པའི་སླད་དུ། དེའི་རྣམ་པར་རྟོག་པས་མ་གོས་པ་ནི་མཆོག་ཏུ་འཛིན་པ་མེད་པའོ། །མི་རྟོག་པའི་ཞེས་བྱ་བ་ནི་རྟོག་པ་ཐམས་ཅད་ཞི་བ་ཉིད་ཀྱི་སླད་དུ་སྒྲུབ་པའི་རྣམ་པ་ནི་རྣམ་པར་མི་རྟོག་པའོ། །ཇི་ལྟར་ན་སྒྲུབ་པ་ཡིན་ཞེ་ན་གཞལ་དུ་མེད་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཉིད་ཚད་མ་མཆིས་པའི་སླད་དུ་ཐོབ་པ་ཡོངས་སུ་ཉམས་པ་དང༌། མ་ཐོབ་པ་ཐོབ་པ་དམན་པ་དང་གྱ་ནོམ་པའི་རྣམ་པར་རྟོག་པ་མེད་པ་སྔོན་དུ་འགྲོ་བས་ཤེས་བྱའི་མཐར་ཐུག་པ་དང་བྲལ་བ་ཉིད་ཀྱིས་ན་གཞལ་དུ་མེད་པའོ། །ཆགས་པ་མ་མཆིས་པ་ཞེས་བྱ་བ་ནི་དེ་དང་དེར་རྟོགས་པ་ན་ནམ་མཁའ་དང་འདྲ་བར་ཆོས་ཐམས་ཅད་ལ་ཆགས་པ་མ་མཆིས་པའི་སླད་དུ་ངེས་པར་འབྱུང་བའི་རྣམ་པ་ནི་ཆགས་པ་མེད་པའོ། །དེ་ལྟར་ན་ཚད་མེད་པ་དང་མཐའ་གཉིས་མི་རྟོག་པ་དང༌། ཐ་མི་དད་པ་དང༌། མཆོག་ཏུ་འཛིན་པ་མེད་པ་དང༌། རྣམ་པར་མི་རྟོག་པ་དང༌། གཞལ་དུ་མེད་པ་དང༌། ཆགས་པ་མེད་པའི་རྣམ་པ་དག་ལས་གོ་རིམས་བཞིན་དུ་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ལམ་གང་ཡིན་པ་དང༌། ཇི་ལྟར་སེམས་ཅན་ཐམས་ཅད་གོ་སྐབས་འབྱེད་པ་དང༌། རིགས་པ་གང་ཡིན་པ་དང༌། ཇི་ལྟར་རིགས་པ་དང་སྒྲུབ་པ་གང་ཡིན་པ་དང༌། ཇི་ལྟར་སྒྲུབ་པ་དང་ངེས་པར་འབྱུང་བ་གང་ཡིན་པ་དེ་རྣམས་ཀྱི་ངོ་བོ་ཉིད་ནི་གཉིས་དང༌། གཉིས་དང༌། གཉིས་དང་གཅིག་སྟེ། དེ་ལྟར་ན་ལམ་གྱི་བདེན་པ་ལ་རྣམ་པ་བདུན་དུ་འགྱུར་རོ། །མི་རྟག་པའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་མེད་པ་ཉིད་ཀྱིས་རྒྱུ་དང་རྐྱེན་གྱིས་འདུས་མ་བགྱིས་པའི་སླད་དུ་རྟག་པ་ནི་ཡོད་པ་ཡིན་པས་མེད་པའི་དོན་ནི་རྟག་པའི་དོན་ནོ། །སྡུག་བསྔལ་བའི་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སླད་དུ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །སྟོང་པ་ཉིད་ཀྱི་ཞེས་བྱ་བ་ནི་གནས་པར་བྱེད་པའི་བདག་དང་འབྲེལ་པའི་དྲི་དང་རྗེས་སུ་འབྲེལ་པ་ཙམ་དུ་ཡང་ཆོས་ཐམས་ཅད་མི་དམིགས་པའི་སླད་དུ་གཞན་གྱིས་ཡོངས་སུ་བརྟགས་པའི་བདག་ལ་སོགས་པ་དང་བྲལ་བ་ཉིད་ཀྱིས་ན་སྟོང་པའོ། །བདག་མ་མཆིས་པའི་ཞེས་བྱ་


DTG085_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་རང་ཉིད་བདག་མ་ཡིན་པ་ཉིད་ཀྱིས་ཐམས་ཅད་ལ་མངོན་པར་མ་ཆགས་པའི་སླད་དུ་གང་ཟག་ལ་སོགས་པའི་རང་བཞིན་མ་ཡིན་པས་བདག་མེད་པའོ། །མཚན་ཉིད་མ་མཆིས་པའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་མངོན་པར་མ་གྲུབ་པའི་སླད་དུ་དངོས་པོ་མེད་པ་ནི་མཚན་ཉིད་མེད་པའོ། །དེ་ལྟར་ན་དེ་དག་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པའི་རྣམ་པ་དང༌། ལྔ་པ་ནི་མཚན་ཉིད་མེད་པའི་རམ་པའི་ངོ་བོ་ཉིད་ཅེས་བྱ་བ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་རྣམ་པ་ལྡར་འགྱུར་རོ། །སྟོང་པ་ཉིད་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སྔོན་དང༌། ཕྱི་མར་གྱུར་པའི་མཚན་ཉིད་ཅན་གྱི་མཐའ་དང་ཀུན་ནས་མཐའ་གཉིས་དང་ལྡན་པའི་ཕྱིར་པ་རི་ཨན་ཏ་ཞེས་བྱ་བའི་དབུས་མེད་པ་ཉིད་ཀྱིས་མཐའ་ཡས་མུ་མ་མཆིས་པའི་སླད་དུ་འགོག་པའི་བདེན་པའི་རྣམ་པ་སྟོང་པ་ཉིད་བཅུ་དྲུག་ནི་སྟོང་པ་ཉིད་ཐམས་ཅད་དོ། །དེ་ལ་ཕྱི་དང་ནང་གཉི་གའི་དངོས་པོ་རྣམས་འགོག་པས། ནང་དང་ཕྱི་རོལ་དང་གཉི་གའི་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་ནི་འགོག་པའི་རྣམ་པ་གཉིད་ཀྱི་ངོ་བོ་ཉིད་ཡིན་ནོ། །སྟོང་པ་ཉིད་དང༌། སྣོད་ཀྱི་འཇིག་རྟེན་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། རྟག་པ་དང༌། ཆད་པའི་མཐའ་དང༌། འཁོར་བ་ཐོག་མ་དང་ཐ་མ་མེད་པ་དང༌། རྟོགས་པའི་ཆོས་དོར་བ་མེད་པ་ལ་བཏགས་པའི་བདག་ཉིད་ཅན་གྱི་མངོན་པར་ཞེན་པ་རྣམ་པ་བརྒྱད་འགོག་པས་གོ་རིམས་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དེ། སྟོང་པ་ཉིད་ཀྱི་རྣམ་པ་བརྒྱད་ནི་ཞི་བའི་རྣམ་པའི་ངོ་བོ་ཉིད་ཡིན་ནོ། །གྱ་ནོམ་པའི་རྣམ་པ་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་བྱེད་པ་པོ་འགོག་པས་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པའོ། །ཡུལ་དུ་འཁྲུལ་པའི་བདག་ཉིད་ཅན་བཏགས་པ་དང་མཚན་ཉིད་དང་དུས་སུ་འཁྲུལ་པ་རྣམས་འགོག་པས་ཆོས་ཐམས་ཅད་དང་རང་གི་མཚན་ཉིད་དང་མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་ནི་ངེས་པར་འབྱུང་བའི་རྣམ་པའི་ངོ་བོ་ཉིད་དོ། །ངོ་བོ་ཉིད་འགོག་པས་དངོས་པོ་མེད་པའི་


DTG085_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ཁོ་ན་ངེས་པར་འབྱུང་བའི་བདག་ཉིད་ཅན་ཡིན་ཏེ། དེ་ལྟར་འགོག་པའི་རྣམ་པ་དང༌། ཞི་བའི་རྣམ་པ་དང༌། བྱ་ནོམ་པའི་རྣམ་པ་དང༌། ངེས་པར་འབྱུང་བའི་རྣམ་པའི་དབང་དུ་བྱས་ནས་ནང་གི་བདག་ཉིད་ཅན་ལ་སོགས་པའི་དངོས་པོ་འགོག་པ་གང་ཡིན་པ་དང༌། མངོན་པར་ཞེན་པ་རྣམ་པ་བརྒྱད་དང་བྲལ་བས་ཇི་ལྟར་ཞི་བ་ཡིན་པ་དང༌། རང་བཞིན་གྱིས་ཇི་ལྟར་གྱ་ནོམ་པ་དང༌། འཁྲུལ་པ་རྣམ་པ་གསུམ་བསལ་བས་ཇི་ལྟར་ངེས་པར་འབྱུང་བ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བས་ངེས་པར་འབྱུང་བ་གང་ཡིན་པ་ནི་གོ་རིམས་བཞིན་དུ་གསུམ་དང༌། བརྒྱད་དང༌། གཅིག་དང༌། གསུམ་དང༌། གཅིག་སྟེ། དེ་ལྟར་འགོག་པའི་བདེན་པ་ལ་རྣམ་པ་བཅུ་དྲུག་ཏུ་འགྱུར་རོ། །སྤྱིར་ནི་ལམ་ཤེས་པ་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་ཡིན་ཏེ། དེ་སྐད་དུ་ཡང༌། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་ལ་ནི་གོ་རིམས་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་བརྗོད་པར་བྱའོ། །དེ་ལ་ཡང་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་བྱས་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་བསྡུས་པར་གྱུར་པ་ཡིན་པ་དེ་བས་ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་གྱི་དབྱེ་བས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་རྣམས་ཉིད་དམིགས་སུ་མ་མཆིས་པའི་སླད་དུ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་དུ་ཐམས་ཅད་ཤེས་པ་ཉིད་དེ་ལ་དང་པོར་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་ཤེས་བྱ་དང༌། ཤེས་བ་རང་དང་སྤྱིའི་མཚན་ཉིད་དུ་ཡོངས་སུ་བརྟགས་པ་ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་རྣམས་དྲན་བ་ཉེ་བར་གཞག་པའི་རྣམ་པ་བཞི་ནི་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ཡིན་ཏེ། དེས་ལུས་ལ་སོགས་པའི་དངོས་པོ་རྣམ་པ་བཞི་ལ་ཡོངས་སུ་རྟོག་པའི་ཕྱིར་རོ། །དེའི་འོག་ཏུ་ཞུགས་པ་ལ་བརྩོན་འགྲུས་འབྱུང་བས་མི་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམས་བཞིན་དུ་རྣམ་པ་


DTG085_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་སྤང་བ་དང་མི་བསྐྱེད་པའི་དོན་དང་ཕྱིར་ཞིང་འབྱུང་བ་དང་སྐྱེད་པའི་དོན་གྱི་རྒྱུར་གྱུར་པའི་བརྩོན་འགྲུས་ཀྱི་བདག་ཉིད་ཅན་ཡང་དག་པར་སྤོང་བ་རྣམ་པ་བཞི་ནི་རྩོལ་བའི་ལམ་ཡིན་ཏེ། དེ་བཞིན་དུ་སྒྲིབ་པ་སྤང་བ་ལ་སོགས་པའི་སྒོ་ནས་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །བརྩོན་འགྲུས་དང་ལྡན་པ་ནི་སེམས་ལས་སུ་རུང་བ་ཉིད་དུ་བྱེད་པས་འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་རྣམ་པ་བཞི་ནི་ཏིང་ངེ་འཛིན་ཡོངས་སུ་སྦྱང་བའི་ལམ་ཡིན་ཏེ། དེ་བཞིན་དུ་འདུན་པ་ལ་སོགས་པའི་སྒོ་ནས་སེམས་ལས་སུ་རུང་བ་ཉིད་བསྐྱེད་པའི་ཕྱིར་རོ། །སེམས་ཡོངས་སུ་སྦྱང་བ་བྱས་པའི་རྗེས་ཐོགས་ལ་དྲོ་བ་དང་རྩེ་མོའི་སྦྱོར་བ་འབྱུང་བས་དེའི་ངོ་བོ་ཉིད་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་རྣམ་པ་ལྔ་ནི་མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་ཡིན་ཏེ། དད་བའི་དབང་པོ་ལ་སོགས་པས་འཕགས་པའི་ལམ་ཡང་དག་པར་འགྲུབ་པའི་བདག་པོར་གྱུར་པ། དྲོ་བ་དང་རྩེ་མོ་ལ་སྦྱོར་བའི་ཕྱིར་རོ། །དྲོ་བ་ལ་སོགས་པ་ཐོབ་པ་ལ། བཟོད་པ་དང༌། ཆོས་ཀྱི་མཆོག་འབྱུང་བས་དེ་དག་གི་ངོ་བོ་ཉིད་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་སྟོབས་རྣམ་པ་ལྔ་ནི། རྣམ་པ་ཐམས་ཅད་དུ་མངོན་པར་རྟོགས་པ་དང་འབྲེལ་པའི་ལམ་ཡིན་ཏེ། དད་པའི་སྟོབས་ལ་སོགས་པས་དེ་མ་ཐག་ཏུ་བདེན་པ་རྟོགས་པའི་དོན་དུ་མ་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་བཟོད་པ་དང་ཆོས་ཀྱི་མཆོག་ལ་སྦྱོར་བའི་ཕྱིར་རོ། །དྲོ་བ་ལ་སོགས་པ་བཞི་པོ་རྟོགས་པ་ལ་བདེན་པ་མཐོང་བའི་ལམ་འབྱུང་བས་དྲན་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཀྱི་རྣམ་པ་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མངོན་པར་རྟོགས་པའི་ལམ་ཡིན་ཏེ། ངེས་ཐོག་མར་སོ་སོར་རང་གིས་དེ་ཁོ་ན་མངོན་པར་རྟོགས་པའི་ཕྱིར་རོ། །མཐོང་བའི་ལམ་ཡོངས་སུ་ཤེས་པ་ལ་བསྒོམ་པའི་ལམ་འབྱུང་བས་ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌།


DTG085_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་རྣམ་པ་ནི་རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ཡིན་ཏེ། མཐོང་བའི་ལམ་གྱི་སྟེང་དུ་འདིས་བསྒོམ་པས་སྤོང་བར་བྱ་བའི་ཉོན་མོངས་རྣམ་པར་དག་པའི་དོན་དུ་ངེས་པར་འབྱིན་པའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱིས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་གོ་རིམས་ནི་འདི་ཡིན་ནོ། །དེས་ན་དེ་ལྟར་དངོས་པོར་ཡོངས་སུ་རྟོགས་པའི་ལམ་ལ་སོགས་པ་ལམ་བདུན་གྱི་དབང་དུ་བྱས་ནས་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་སུམ་ཅུ་རྩ་བདུན་དུ་འགྱུར་བ་ཡིན་ནོ། །དེའི་འོག་ཏུ་ལམ་ཤེས་པ་ཉིད་ཀྱི་ལམ་གྱི་དབྱེ་བ་ནི་སྟོང་བ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སྨོས་ཏེ། སྟོང་པ་ཉིད་དང་བདག་མེད་པའི་རྣམ་པའི་ངོ་བོ་ཉིད་ནི་རྣམ་པར་ཐར་པའི་སྒོ་དང་པོ་སྟོང་པ་ཉིད་དེ། ལྟ་བས་བྱས་པའི་གཉེན་པོའོ། །མཚན་མ་མེད་པ་གང་ཡིན་པ་འགོག་པ་དང་མཚན་མའི་རྣམ་པར་རྟོག་པ་དང་བྲལ་བའི་ལམ་གང་གིས་ཞེས་བྱ་བས་འགོག་པ་དང་ལམ་གྱི་བདེན་པའི་རྣམ་པའི་རང་བཞིན་རྣམ་པར་ཐར་པའི་སྒོ་གཉིས་པ་མཚན་མ་མེད་པ་ནི་ལྟ་བའི་རྒྱུ་ཅན་གྱི་རྣམ་པར་རྟོག་པའི་གཉེན་པོ་ཡིན་ནོ། །ཞི་བའི་རྣམ་པས་མཚན་མ་མེད་པ་ཡིན་པར་གང་གསུངས་པ་དེ་ནི་དངོས་པོའི་མཚན་མ་དང་འབྲེལ་པ་ཉན་ཐོས་ཀྱི་ལམ་གྱི་དབང་དུ་བྱས་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ། །མི་རྟག་པ་དང༌། སྡུག་བསྔལ་བ་དང༌། ཀུན་འབྱུང་གི་བདེན་པའི་རྣམ་པའི་ངོ་བོ་ཉིད་ནི་རྣམ་པར་ཐར་པའི་སྒོ་གསུམ་པ་སྨོན་པ་མེད་པ་ཡིན་ཏེ། ཁམས་གསུམ་ལ་སྨོན་པའི་གཉེན་པོ་ཡིན་ནོ། །དེ་ལྟར་ན་རྣམ་པར་ཐར་པའི་སྒོ་རྣམ་པ་གསུམ་པོ་རྣམ་ནི་གཉེན་པོའི་ལམ་ཡིན་ནོ། །འདི་རྣམ་པར་ཐར་པ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཞེས་བྱ་བ་ནི་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པ་དང་རྣམ་པར་བཤིག་པ་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་ནང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་བདག་ཉིད་བསམ་གཏན་ནམ་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ཏེ། ཕྱི་རོལ་གྱི་གཟུགས་ཁ་དོག་བཟང་ང་དང་ཁ་དོག་ངན་པ་རྣམས་ལ་ལྟ་བ་ཞེས་བྱ་བ་འདི་དག་ནི་སྤྲུལ་པའི་སྒྲིབ་པའི་གཉེན་པོར་རྣམ་པར་ཐར་པ་གཉིས་སོ། །གཟུགས་སྡུག་པ་དང་མི་སྡུག་པ་སྤྲུལ་པ་ལ་


DTG085_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམས་བཞིན་དུ་དགའ་བ་དང་མི་དགའ་བའི་ཀུན་ནས་ཉོན་མོངས་པ་དེ་དག་གི་གཉེན་པོར་སྡུག་པའི་རྣམ་པར་ཐར་པའི་སྒོ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱ་བ་ནི་བདག་ཉིད་སོ་སོར་གཟུགས་སྡུག་པ་དང་མི་སྡུག་པ་རྣམས་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང་ཕན་ཚུན་རྗེས་སུ་ཞུགས་པའི་འདུ་ཤེས་ལ་བརྟེན་ནས་ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་པ་ཇི་ལྟར་འདོད་པ་བཞིན་དུ་གཟུགས་སུ་མོས་པ་དབང་དུ་གྱུར་པ་ཉིད་ཐོབ་པའི་ཕྱིར་རྣམ་པར་ཐར་པ་གཅིག་ཡིན་ཏེ། དེ་ལྟར་ན་རྣམ་པར་ཐར་པ་རྣམ་པ་གསུམ་ནི་སྤྲུལ་པའི་ལམ་ཡིན་ནོ། །ཐར་པ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་བཞི་དང༌། ཞི་བར་གནས་པའི་ལམ་གྱི་རང་བཞིན་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པ་གཅིག་སྟེ། དེ་ལྟར་ན་རྣམ་པ་ལྔ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ཡིན་ནོ། །འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་རྣམ་པ་དགུ་ནི་འཇིག་རྟེན་ལས་འདས་པའི་ལམ་མོ། །འདི་ནི་བདེན་པ་བཞིའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བདེན་པ་བཞིས་བསྡུས་པ་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་བར་ཆད་མེད་པའི་ལམ་བཞི་ནི་སྤོང་བའི་ལམ་ཡིན་ནོ། །འདི་ནི་ས་བཅུའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་ནི་སངས་རྒྱས་ཉིད་ཀྱི་ལམ་ཡིན་ནོ། །དེ་བས་ན་དེ་ལྟར་གཉེན་པོའི་ལམ་ལ་སོགས་པ་ལམ་དྲུག་གི་དབང་དུ་བྱས་ནས་ལམ་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་སུམ་ཅུ་རྩ་བཞིར་འགྱུར་རོ། །དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་ནི་ལམ་ཤིན་ཏུ་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར་གཅིག་བུ་ཁོ་ན་ཡིན་མོད་ཀྱི་ཁྱད་པར་གྱི་ལམ་འདིའི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་དབྱེ་བས་ཐུན་མོང་མ་ཡིན་པའི་ཁྱད་པར་འབའ་ཞིག་བརྗོད་པར་བྱ་བ་ཡིན་པས་འདི་ནི་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་གསུངས་ཏེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པའི་སྟོབས་དང༌། དབང་པོ་


DTG085_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལ་བ་ཉིད་ཀྱིས་ན་མི་བརྫི་བའི་སླད་དུ་སྟོབས་ཀྱི་རྣམ་པ་བཅུའོ། །འདི་ནི་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ང་ནི་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེས་པ་དང་འདོད་ཆགས་ལ་སོགས་པ་བར་ཆད་བྱེད་པ་ཉིད་དུ་བརྗོད་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ལམ་ལ་ངེས་པར་འབྱིན་པ་ཉིད་རབ་ཏུ་བསྟན་པ་དང༌། བདག་ཉིད་ཀྱི་ཟག་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་ལ་རྒོལ་བ་པོ་མེད་པས་ཤིན་ཏུ་མ་ཞུམ་པའི་སླད་དུ་མི་འཇིགས་པའི་རྣམ་པ་བཞི་འདི་ནི་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་རྣམ་གྲངས་དང་ཆོས་ཀྱི་མཚན་ཉིད་དང་ཡུལ་གྱི་སྐད་དང་ཆོས་རབ་ཏུ་འབྱེད་པའི་ཡུལ་ལ་གོ་རིམས་བཞིན་དུ་ཐུགས་སུ་ཆུད་པའི་རོ་མྱང་བ་དང༌། ཤེས་བྱའི་སྒྲིབ་པའི་ཐོགས་པ་མི་མངའ་བས་ཡེ་ཤེས་ཐམས་ཅད་ཆགས་པ་མེད་པ་དང་ཐོགས་པ་མ་མཆིས་པའི་སླད་དུ་ཆོས་དུང༌། དོན་དང༌། ངེས་པའི་ཚིག་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་རྣམ་པ་བཞིའོ། །འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་འཁྲུལ་པ་མི་མངའ་བ་དང༌། ཅ་ཅོ་མི་མངའ་བ་དང༌། དྲན་པ་ཉམ་པ་མི་མངའ་བ་དང༌། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང༌། ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ་དང། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ། དེ་ལྟར་ན་རྣམ་པ་དྲུག་དང༌། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ལས་བརྩམས་ཏེ། འདུན་བ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་སྟེ། དེ་ལྟར་རྣམ་པ་དྲུག་དང༌། སྐུ་དང༌། གསུང་དང་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། རྣམ་པ་གསུམ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཡེ་ཤེས་གསུམ་ནི་ཉན་ཐོས་ལ་སོགས་པ་དང༌། ཐུན་མོང་མ་ཡིན་པ་ཉིད་ཀྱིས་ན་བགྲང་བའི་ཚུལ་ལས་ཤིན་ཏུ་


DTG085_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་སླད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རྣམ་པ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་དོན་ལས་མི་འགྱུར་བ་ཉིད་ཀྱིས་ན་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་ཀྱི་སླད་དུ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་དེ་བཞིན་ཉིད་ཀྱི་རྣམ་པ་ནི་གཅིག་གོ །འདི་ནི་རང་འབྱུང་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཐམས་ཅད་ངོ་བོ་ཉིད་མ་མཆིས་པའི་སླད་དུ་དེའི་ཐུགས་སུ་ཆུད་པ་ནི་གཞན་ལ་རག་མ་ལས་པའི་ཕྱིར་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་རང་བྱུང་གི་རྣམ་པ་ནི་གཅིག་གོ ། འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་མཁྱེན་པའི་སླད་དུ་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཉིད་ཀྱི་རྣམ་པ་ནི་གཅིག་གོ །དེ་ལྟར་བྱས་ན་རྣམ་པ་རྣམས་ཇི་ལྟར་དབྱེ་བ་སྟོབས་ལ་སོགས་པ་རྣམས་ཀྱི་དང༌། འདི་དག་གི་རང་གི་ངོ་བོ་གང་ཡིན་པ་དེ་བཞིན་ཉིད་དང༌། དེ་དག་གང་གི་ཡིན་པ་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་རང་བྱུང་དང༌། གང་གི་དོན་དུ་ཡིན་པ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་དུ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་བཅུ་དང༌། བཞི་དང༌། བཞི་དང་བཅོ་བརྒྱད་དང༌། གཅིག་དང༌། གཅིག་དང༌། གཅིག་སྟེ། དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ནི་སུམ་ཅུ་རྩ་དགུར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཉན་ཐོས་ལ་སོགས་པའི་དབྱེ་བས་ལམ་ཐ་དད་པའི་ཕྱིར་རྣམ་པ་འདི་སྐད་དུ་བརྗོད་པ་དག་ཁོ་ནར་རྟོགས་པར་བྱའོ། །དེ་སྐད་དུ་ཡང༌། དྲན་པ་ཉེར་གཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་གསུངས་པ་ཡིན་ནོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གི་གོ་རིམས་བཞིན་དུ་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་དག་ཀྱང་ཡིན་ནོ། །ལམ་ཤེས་པ་ཉིད་ཀྱི་རྣམ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར་ཟག་པ་དང་བཅས་པ་ཁོ་ན་ཡིན་ནོ། །


DTG085_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པར་རྣམ་པ་ཐམས་ཅད་དུ་སྤངས་པས་ཆོས་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་ཟག་པ་མེད་པ་ཁོ་ན་དག་ཡིན་ཏེ། རྣམ་པ་རྣམས་གཅིག་ཏུ་བསྡམས་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཡིན་ནོ། །བཅུ་དྲུག་ལས་གཞན་དྲི་མེད་ཀྱི། །རྣམ་པ་ཡོད་མིན་ཞེས་གང་བཤད་པ་དེ་ནི་ཉོན་མོངས་པའི་སྒྲིབ་པ་ཙམ་གྱི་གཉེན་པོའི་རྣམ་པས་ཕྱེ་བ་ལས་དགོངས་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་བསྟོད་པའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །།སྦྱོར་བ་ཁྱད་པར་ཅན་དག་གིས་རྣམ་པ་རྣམས་བསྒོམ་དགོས་ལ། དེ་དག་ཀྱང་སྦྱོར་བ་པོ་མེད་པར་བརྗོད་པར་མི་ནུས་པས་མཉན་པ་ལ་སོགས་པའི་སྣོད་སྦྱོར་བ་པོ་བསྟན་པར་བྱ་བའི་ཕྱིར་དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྔོན་གྱི་རྒྱལ་བལ་ལྷག་པར་བྱ་བ་བྱས་བ་ནི་དེ་བཞིན་གཤེགས་པ་ལ་དམིགས་ཏེ་གཙུག་ལག་ཁང་ལ་སོགས་པ་བྱེད་པས་སོ། །སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་ནི་བསོད་སྙོམས་ལ་སོགས་པ་ཕུལ་བས་སོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་གྱུར་པ་ནི་དགེ་བའི་བཤེས་གཉེན་གྱིས་ལྷག་པར་བརྟེན་པ་ཉིད་ཀྱིས་སོ། །ཇི་སྐད་དུ་བཤད་པའི་ཁྱད་པར་གསུམ་དང་ལྡན་པ་ཁོ་ན་རྣམ་པའི་མཚན་ཉིད་ཅན་གྱི་ཡུམ་འདི་གཙོ་བོ་ཆེར་མཉན་པ་ལ་སོགས་པའི་སྣོད་དུ་གྱུར་པ་ཡིན་ནོ། །དེ་སྐད་དུ་ཡང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ངན་ངོན་ཙམ་དང་ཞེས་བྱ་བ་ཉུང་ཟད་ཙམ་དང་ངོ༌། །སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་ཞེས་བྱ་བ་ནི་ལུས་ཀྱི་བསྙེན་བཀུར་བྱ་པ་ལ་སོགས་པས་མཉེས་པར་བྱས་པའོ། །ཡོངས་སུ་ཞུས་ཤིང་ཞེས་བྱ་བ་ནི་ཐེ་ཚོམ་སྐྱེས་པའི་དོན་གཏན་ལ་དབབ་པར་བྱ་བའི་ཕྱིར་རང་གི་ངོ་བོ་ཡོངས་སུ་ཞུས་པས་སོ། །ཡོངས་སུ་དྲི་བ་བྱས་པ་ཞེས་བྱ་བ་ནི་གཏན་ཚིགས་ཡོངས་སུ་ཞུས་པའོ། །སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་སྒྲུབ་པ་ཉམས་སུ་ལེན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་པ་ལ་སོགས་པ་ཉིད་ཀྱིས་འཛིན་པ་ལ་སོགས་པའི་སྣོད་དུ་གྱུར་པ་


DTG085_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་པར་བྱ་སྟེ། དེ་སྐད་དུ་ཡང༌། སངས་རྒྱས་བསྟན་དང་ཀུན་འདྲི་དང༌། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་གསུངས་པ་ཡིན་ནོ། །བརྒྱ་བྱིན་གྱི་རྟོག་བ་འདི་ནི་རིགས་པ་ཁོ་ན་ཡིན་ཏེ། གང་ལ་ཇི་སྐད་དུ་བཤད་པའི་རྒྱུ་ཡོད་པ་དེ་ཉིད་ལྷག་པར་མོས་པར་བྱེད་དོ་ཞེས་གསོལ་བ་ནི་བཅོམ་ལྡན་འདས་རིགས་ཀྱི་བུའམ་ཞེས་གསོལ་པའོ། །དེ་བཞིན་ཉིད་དུ་སློབ་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་སྦྱིན་པ་དང་དངོས་གཞི་དང་མཇུག་གི་གནས་སྐབས་སུ་འམ་མཐོང་བ་དང་བསྒོམ་པ་དང་ཁྱད་པར་གྱི་ལམ་གྱི་དབྱེ་བས་གཟུང་བར་བྱའོ། །ཁྱད་པར་དུ་འཕགས་པའི་དོན་རྟོགས་པ་མེད་ན་འཛིན་པ་ལ་སོགས་པ་ཙམ་གྱིས་ཕྱིར་མི་ལྡོག་པ་དང་འདྲ་བར་ཇི་ལྟར་གཟུང་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། ཇི་སྐད་བཤད་པའི་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་པ་དང་ཡོངས་སུ་འདིར་བ་དང༌། སྦྱིན་པ་ལ་སོགས་པ་ལ་སྤྱོད་པ་རྒྱུ་གསུམ་ལས་གོ་བཟློག་པ་ནི། དགེ་བའི་རྩ་བ་ཆུང་བ་དང༌། ཡོངས་སུ་མི་འདྲི་པའི་རང་བཞིན་ཅན་དང་སྔོན་སྤྱད་པ་དང་མི་ལྡན་པ་རྣམས་ཀྱིས་ཞེས་བྱ་བའི་ཚིག་གསུམ་དང་སྦྱར་རོ། །འདི་སྐད་དུ་གང་གི་ཕྱིར་ཇི་སྐད་བསྟན་པའི་སངས་རྒྱས་ལ་བརྟེན་པ་ལ་སོགས་པའི་རྒྱུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པའི་བསམ་པ་ཁྱད་པར་ཅན་གྱིས་ལྷག་པར་མོས་པ་དེ་བས་ན་ཕྱིར་མི་ལྡོག་པ་ཇི་ལྟ་བར་གཟུང་བར་བྱའོ་ཞེས་བཟློག་པའི་སྒོ་ནས་བརྗོད་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་རྒྱུ་དང་བྲལ་བས་ཀྱང་སྤོང་བར་འགྱུར་བ་ནི། བཅོམ་ལྡན་འདས་གང་དག་འདི་ལ་མི་མོས་ཤིང་མ་རྟོགས་པས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཇི་ལྟར་ན་དེ་ལྟར་སྤོང་བའི་བསམ་པས་སྔོན་སྤངས་པ་ཡིན་པར་རྟོགས་སྙམ་པའི་དོགས་པ་དེ་ཅིའི་སཱད་དུ་ཞེ་ན་ཞེས་བྱ་བས་བསུ་ནས་བཅོམ་ལྡན་འདས་གང་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། གང་གི་ཕྱིར་ད་ལྟར་དགེ་བའི་རྩ་བ་ཆུང་བའི་ཕྱིར་ན་ཡུམ་སྤོང་བར་སེམས་པ་དེའི་ཕྱིར་ཡང་སྤོང་བ་ཡིན་པར་ཤེས་ཏེ། གཞན་དུ་ན་དགེ་བའི་རྩ་བ་ཆུང་བ་ཉིད་དུ་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་ནི་སྔོན་གྱི་མཐའ་མ་སྤྱད་པས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཤཱ་རིའི་བུས་རིགས་པ་ཉིད་དུ་བཤད་དོ་ཞེས་སྨྲས་པ་ནི་འཕགས་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་


DTG085_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པའོ། །འདི་ལ་ངོ་མཚར་ཅི་ཞིག་ཡོད། ཅུང་ཟད་ཀྱང་མེད་པ་ཉིད་དེ་འབྲས་བུ་ནི་རྒྱུ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་རོ། །དད་པ་ཕུལ་དུ་བྱུང་བ་ཡང་དག་པར་སྐྱེས་པ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཇི་ལྟར་ཡུམ་ལ་ཕྱག་འཚལ་བས་གཞན་ལ་ཕྱག་འཚལ་བ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་པས་བསུ་ནས་ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལས་སྐྱེས་ཏེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་ཡུམ་ལ་གོམས་པར་བྱས་པས་སངས་རྒྱས་ཉིད་ཐོབ་པའི་ཕྱིར་འདི་ལས་ནི་ཐམས་ཅད་མཁྱེན་པ་ཉིད་སྐྱེས་པ་ཡིན་ལ་སངས་རྒྱས་ཀྱི་གནས་སྐབས་སུ་གདུལ་བྱ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པས་དེ་ལྟར་རྒྱུ་དང་འབྲས་བུར་འབྲེལ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ཉིད་དང་འབྲས་བུ་ཉིད་ཡིན་པས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་བྱ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་ཤེས་པ་དང་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །སྦྱོར་བ་པོ་བསྟན་པའི་འོག་ཏུ་སྦྱོར་བའི་དོན་ཞུས་པ་ནི་བཅོམ་ལྡན་འདས་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཞུས་པ་སྐབས་ལ་བབ་པ་ཉིད་ཡིན་པའི་ཕྱིར་ལེགས་སོ་ལེགས་སོ་ཞེས་བྱ་བ་ཕྱིན་ནོ། །དོན་འདི་ཞེས་བྱ་བ་ལ་སོགས་པ་ལ་འཆད་པར་འགྱུར་བའི་སྦྱོར་བ་ཉི་ཤུ་པོ་འདི་ལས་བརྩམས་ཏེ་དེ་བཞིན་གཤེགས་པ་ལ་རང་གིས་རྟོགས་པར་བྱ་བའི་དོན་དུ་ཡོངས་སུ་འདྲི་བར་བྱ་ཞིང་གཞན་གྱིས་རྟོགས་པར་བྱ་བའི་དོན་དུ་ཡོངས་སུ་འདྲི་བར་སེམས་ཤིང་རྟོགས་པར་བྱེད་ལ། ཤེས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཟུགས་ལ་སོགས་པ་ལ་མི་གནས་པའི་སྦྱོར་བ་ནི་ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞི་དང་རང་གི་ངོ་བོའི་དབྱེ་བས་གཟུགས་ལ་ཞེས་བྱ་བ་དང་གཟུགས་སོ་ཞེས་བྱ་བའི་ཚིག་གཉིས་སྨོས་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན་ཀཽ་ཤི་ཀ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་


DTG085_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །འདི་སྐད་དུ་གང་གི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུགས་ལ་སོག་པ་ལ་གནས་པ་བཀག་པ་དེའི་ཕྱིར་དེ་ལ་མི་གནས་པ་ནི་སྦྱོར་བ་ཞེས་བརྗོད་པ་ཡིན་ནོ། །མི་སྦྱོར་བའི་སྦྱོར་བའི་དོན་དུ་གསུངས་པ་ནི། ཀཽ་ཤི་ཀ་གཟུགས་སོ་ཞེས་མི་སྨོས་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ་རྣལ་འབྱོར་དུ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལས་ཅིར་འགྱུར་ཞེ་ན་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་དེ་ཁོ་ནར་སྦྱོར་བ་མེད་པས་རྣལ་འབྱོར་དུ་བྱེད་པར་འགྱུར་ཏེ། མི་སྦྱོར་བ་ཉིད་དེ་ཉིད་ལ་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཟབ་པའི་སྤྱོར་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གནས་པ་མི་དམིགས་པའི་དོན་གྱིས་ན་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཟབ་པས་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་ཟབ་བོ་ཞེས་རྟོགས་པའི་ཕྱིར་རོ། །གཏིང་དཔག་དཀའ་བའི་སྦྱོར་བ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རང་བཞིན་གྱིས་རྙོག་པ་མེད་པའི་དོན་གྱིས་གཟུགས་ལ་སོགས་པ་རྟོགས་པར་དཀའ་བས་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་རྟོགས་པར་དཀའོ་ཞེས་སྨོས་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གཟུང་བར་དཀའོ་ཞེས་གསུངས་ཏེ། རྣ་བའི་རྣམ་པར་ཤེས་པ་དང་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་གཟུང་བར་དཀའ་བའི་ཕྱིར་རོ། །ཚད་མེད་པའི་སྦྱོར་བ་ནི། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མཐའ་མི་དམིགས་པའི་དོན་གྱིས་ན་གཟུགས་ལ་སོགས་པ་ཚད་མེད་པས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ་ཚད་མེད་པའོ་ཞེས་དམིགས་པའི་ཕྱིར་རོ། །ཡང་ན་ཟབ་པར་མངོན་པར་བྱང་ཆུབ་པ་དང་ཐུན་མོང་མ་ཡིན་པར་མངོན་པར་བྱང་ཆུབ་པའི་དབང་དུ་བྱས་ནས་གོ་རིམས་བཞིན་དུ་ཟབ་པའི་སྦྱོར་བ་ལ་སོགས་པ་རྣམ་པ་གསུམ་གསུངས་པ་ཡིན་ནོ། །ལེགས་སོ་ཞེས་བྱ་བ་གསུངས་པ་ཉིད་ཀྱིས་ཟབ་པའི་སྦྱོར་བ་གསལ་བར་བྱ་བ་ནི་ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་གི་ཚེ་གཟུགས་ལ་སོགས་པ་ཟབ་བོ་སྙམ་དུ་མངོན་པར་མ་ཞེན་པའི་ཚུལ་གྱིས་དེ་ཁོ་ན་ཉིད་དུ་མི་གནས་པ་དེའི་ཚེ་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་དེ་ལ་ཟབ་པའི་སྦྱོར་བ་འཐོབ་པར་འགྱུར་རོ། །ཡང་གང་གི་ཚེ་ཟབ་པའོ་ཞེས་བྱ་བར་ཡང་རྣལ་འབྱོར་


DTG085_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་བྱེད་པ་དེའི་ཚེ་གཟུགས་ལ་སོགས་པ་ཟབ་པ་ཞེས་བྱ་བར་བྱང་མི་གནས་ཏེ། དེ་ལྟར་གནས་བ་དང་རྣལ་འབྱོར་བཀག་པས་དང་གནས་པ་ཟབ་མོའི་སྦྱོར་བའི་དོན་ཕྱིན་ཅི་ལོག་པར་བསྟན་པ་ཡིན་ནོ་ཞེས་བྱའོ། །དེ་བཞིན་དུ་གཏིང་དཔག་དཀའ་བ་དང་ཚད་མེད་པའི་སྦྱོར་བའི་དོན་དག་ཀྱང་འདིའི་རྗེས་སུ་འབྲངས་ནས་བརྗོད་པར་བྱའོ། །འཕགས་པ་རྣམ་པར་གྲོལ་བའི་སྡེས་ཟབ་པ་ལ་སོགས་སྦྱོར་བ་གསུམ་པོ་འདི་དག་ནི་རེ་རེ་ཞིང་ཆུང་དུ་དང་འབྲིང་དང་ཆེན་པོའི་ཡིན་ནོ་ཞེས་བཤད་དོ། །ཚེགས་ཆེན་པོས་ཡུན་རིང་པོ་ནས་རྟོགས་པའི་སྦྱོར་བའི་དོན་དུ་གསོལ་པ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་སྟེ་ཞེས་བྱ་བ་ལ་སོགས་པའོ། །ལ་ལ་ནི་རིགས་ངེས་པ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཡིན་ན་ཡང་མ་བསྟན་པ་ཡོད་པས་དེ་ལས་དགར་བར་བྱ་བའི་ཕྱིར་ལུས་བསྟན་པ་ཞེས་སྨོས་སོ། །ཡུམ་རྣམ་པ་ཐམས་ཅད་དུ་ཤེས་པ་མེད་པས་ཡུམ་ལ་ཐེ་ཚོམ་ལ་སོགས་པར་འགྱུར་བ་སྲིད་པའི་ཕྱིར་དེ་ཉིད་ཀྱི་མདུན་དུ་བརྗོད་པའི་རྒྱུ་གང་ཞིག་ཡིན་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གང་གི་ཕྱིར་དེ་ཆོས་ཀྱི་དབྱིངས་རྟོགས་པ་རྒྱུ་མཐུན་པ་བསྟན་པའི་ཆོས་མཆོག་གིས་ལོག་པའི་ཤེས་པ་མེད་པས་ནེམ་ནུར་མི་བགྱིད། ཡིད་གཉིས་ཀྱི་ཤེས་པ་དང་བྲལ་བས་ཐེ་ཚོམ་འཚལ་བར་མི་འགྱུར་ཞིང་མི་ཤེས་པ་དང་བྲལ་བས་རྨོངས་པར་མི་འགྱུར་ལ། ཡང་དག་པའི་ཤེས་པ་དང་ལྡན་པ་ཉིད་ཀྱིས་ན་རྩོད་པར་མི་འགྱུར་བ་དེ་བས་ན་དེ་ཉིད་ཀྱི་མདུན་དུ་བཤད་པར་བྱའོ་།ཞེས་འདོད་དོ། །སྐྲག་པ་ལ་སོགས་པར་འགྱུར་བ་སྲིད་པས་དོན་གྱི་ཤུགས་ཀྱིས་གཞན་ལ་ནི་ཚེགས་ཆེན་པོ་ཡུན་རིང་པོས་རྟོགས་པའི་སྦྱོར་བ་ཡིན་པར་བསྟན་པ་ཡིན་ནོ། །ལུང་བསྟན་པ་ཐོབ་པའི་སྦྱོར་བ་ནི། འཕགས་པ་ཤཱ་རིའི་བུ་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉེས་པ་ཅིར་འགྱུར་ཞེས་བྱ་བ་ནི་ནེམ་ནུར་ལ་སོགས་པའི་ཉེས་པ་ཅིར་འགྱུར་ཞེས་བྱའོ། །རིགས་ཀྱི་སྟོབས་ཀྱིས་འདི་ལས་རྗེས་སུ་སྐྲག་པ་ལ་སོགས་པ་འགར་ཡང་མི་འགྱུར་རོ་ཞེས་སྨྲས་པ་ནི། ཀཽ་ཤི་ཀ་གང་ལུང་མ་བསྟན་པ་གང་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱང་རིང་པོ་རྣམས་ཞེས་བྱ་བ་ནི་ཡུན་རིང་པོ་ནས་ཏེ་དུས་རིང་པོ་ནས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བརྗོད་པ་ནི། ཡུན་རིང་ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བའོ། །ཡང་ན་ཡུན་རིང་པོ་


DTG085_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཏེ་ཟབ་མོའི་དོན་ལ་ལྷག་པར་མོས་པས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་ལ་ཇེ་དང་པོ་ཁོ་ནར་རེ་ཞིག་ཐག་རིང་པོ་ནས་མཐོང་ངོ༌། །དེ་ནས་མཐོང་བས་དགའ་སྟེ་ལུས་ཀྱིས་ཕྱག་འཚལ་ལོ། །དེ་ནས་རབ་ཏུ་དང་བའི་ཤུགས་འཕེལ་བས་བསྐོར་བ་ལ་སོགས་པས་བསྙེན་བསྐུར་བྱེད་དོ། །དེ་ནས་རིམ་པ་བཞིན་དུ་བྱས་ལ་འདུག་སྟེ། ཉན་པར་བྱེད་དེ་དེ་ལྟར་ལྟ་བ་ལ་སོགས་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་པ་ཡིན་ནོ། །འདིས་ནི་རིང་པོ་མི་ཐོགས་པར་ཞེས་བྱ་བ་ལ་ནི་ལྟ་བ་ལ་སོགས་པའི་དུས་ད་ལྟ་ཉིད་ནས་རིང་པོ་མི་ཐོགས་པར་རོ། །དེ་ཉིད་བརྗོད་པ་ནི་ལུང་བསྟན་པ་ལ་བསྙེན་པ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་གཅིག་གམ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་གཅིག་གམ་གཉིས་སམ་གསུམ་ལས་མི་འདའ་སྟེ་ཞེས་བྱ་བ་ནི་དེ་ནས་བྱང་ཆུབ་སེམས་དཔའ་དེ་ཕྱིས་ལུང་བསྟན་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་དེ་ལྟར་ནི་མ་ཡིན་གྱི་འོན་ཀྱང་དེ་རྣམས་ལས་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་སྟོན་པས་སྨྲས་པ་ནི་འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་མཉེས་པར་བྱེད་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ཡང་དེ་བཞིན་གཤེགས་པ་གཅིག་གམ། གཉིས་སམ། གསུམ་པོ་དེས་ཡང་དག་པར་བཅས་པའི་བསླབ་པ་བསྒྲུབས་པས་མཉེས་པར་བྱེད་པར་འགྱུར་བའོ། །དེ་བཞིན་གཤེགས་པ་མཐོང་ན་ཡང་ལུང་བསྟན་པས་འབྲས་བུ་ཡོད་པར་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་གཅིག་གམ་གཉིས་ལ་སོགས་པ་མཐོང་བ་ནི་ལུང་བསྟན་པས་མི་སྟོང་པར་བྱེད་པར་འགྱུར་ཏེ་ངེས་པར་ལུང་སྟོན་པ་ཐོབ་པའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི་དེ་བཞིན་གཤེགས་པ་མཐོང་བ་དེ་ལུས་ཀྱང་ཞེས་བྱ་བ་ལ་སོགས་པའོ། །ཇི་སྲིད་དུ་ལུང་བསྟན་པ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བ་ཡིན་ཏེ་གོ་སླའོ། །ཕྱིར་མི་ལྡོག་པའི་སྦྱོར་བའི་དོན་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྨོས་ཀྱང་ཅི་འཚལ་ཞེས་བྱ་བ་ནི་འདིར་གང་ཐོས་ནས་ཀྱང་ཡང་དག་པར་འཛིན་པ་ལ་སོགས་པར་བྱེད་པ་གང་ཡིན་པ་དེ་ཕྱིར་མི་ལྡོག་པའི་སྦྱོར་བ་དང་ལྡན་ཞིང་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ཡིན་ནོ་ཞེས་བྱ་བ་འདི་ལས་བརྩད་དུ་ཅི་ཞིག་ཡོད་དེ་ཐེ་ཚོམ་


DTG085_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ལེགས་པར་སྨྲས་པ་ཉིད་ཀྱིས་ན་བློ་མཐུན་པས་གནས་པ་ནི་ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་སྦྱོར་པ་ཉིད་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་དཔེར་གསོལ་བར་བདག་སྤོབས་སོ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། དཔེར་གསོལ་བ་ཞེས་བྱ་བ་ནི་མཐུན་པའི་དཔེའོ། །རྙེད་པར་འགྱུར་པ་ནི་འཕྲད་པར་འགྱུར་བའོ། །གཞན་དག་ཀྱང་དེ་འཛིན་པ་ལ་སོགས་པ་སྲིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡོངས་སུ་སྨོན་པ་ཡིན་པར་ཇི་ལྟར་ཤེས་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེན་ཞེས་བྱ་བས་བསུ་ནས་བཅོམ་ལྡན་འདས་སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། གང་གི་ཕྱིར་ཆོས་ཀྱིས་ཕོངས་པར་འགྱུར་བ་དང་མཐུན་པའི་ལས་དང་ཕལ་ཆེར་མ་བྲལ་བ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡང་དག་པར་འཛིན་པ་ལ་སོགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཉིད་ཀྱིས་ན་སེམས་མི་མཐུན་པར་འགྱུར་ཞིང་ཡོངས་སུ་སྤོང་བ་ལ་བརྩོན་པ་ཉིད་ཀྱིས་ན་སེམས་ལྡོག་པར་འགྱུར་བ་དང༌། གང་གི་ཕྱིར་དགེ་བའི་རྩ་བ་མ་བསགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མ་རྟོགས་པས་ཡང་དག་པའི་མཐའ་འདི་ལ་རབ་ཏུ་མི་འཇུག་ཅིང་དད་པ་ཐོབ་པས་དགའ་བར་ཡང་མི་འགྱུར་བ་དེ་བས་ན་གང་དག་ཇི་ལྟ་བ་བཞིན་དུ་འཛིན་པ་ལ་སོགས་པ་བྱེད་པ་དེ་དག་ནི་དགེ་བའི་རྩ་བ་བསགས་པ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །ཡང་དག་པའི་མཐའ་ནི་ཆོས་ཀྱི་དབྱིངས་ཡིན་ལ། དེ་སྟོན་པར་བྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་སྐྱེད་ཅེས་བྱའོ། །ངེས་པར་འབྱུང་བའི་སྦྱོར་བ་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ་དཔག་ཚད་བརྒྱ་ཕྲག་མང་པོའི་འབྲོག་དགོན་པ་ན་གནས་པའི་སྐྱེས་བུ་དང་འདྲ་བར་བར་དུ་གཅོད་པའི་ཆོས་སྤོང་བ་ལ་སོགས་སྒྲུབ་པ་དང་ལྡན་པ་གང་ཞིག་མཉན་པ་ལ་སོགས་པའི་དོན་དུ་རྒྱལ་བའི་ཡུམ་དང་ཕྲད་པ་ནི་གདོན་མི་ཟ་བར་ངེས་པར་འབྱུང་བས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྙེན་པ་ཡིན་ནོ་ཞེས་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་ནི་དེ་ཡང་ཉན་ཐོས་ཀྱིས་འམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་དང་མི་མཐུན་པའི་ཆོས་ལ་ཉེ་བར་མ་གནས་


DTG085_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཇི་ལྟར་ན་ཉན་ཐོས་ལ་སོགས་པའི་སར་ལྷུང་བའི་འཇིགས་པ་མེད་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་འདི་ལྟར་དེས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འདི་སྐད་དུ་གང་གི་ཕྱིར་གང་ཟག་ལ་བདག་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཉིད་ཀྱིས་ན་ཉན་ཐོས་ལ་སོགས་པའི་ས་དང་མི་མཐུན་པའི་ཆོས་མ་ལུས་པ་ཐམས་ཅད་དངོས་པོ་མེད་པ་ཉིད་དུ་སྟོན་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བལྟ་བ་ལ་སོགས་པའི་དོན་དུ་བཟོད་པ་ཐོབ་པ་ཡིན་པ་དེ་བས་ན་དེ་དང་མི་མཐུན་པའི་ཡུམ་ལ་དམིགས་པས་ཉན་ཐོས་ལ་སོགས་པའི་སར་ལྟུང་བའི་དོགས་པ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ན་ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་རྗེས་སུ་མཐུན་པ་གནང་ནས་ཡང་ནུས་པ་བསྐྱེད་པར་བྱ་བའི་ཕྱིར་ཤཱ་རིའི་བུ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བར་ཆད་མེད་པའི་སྦྱོར་བའི་དོན་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་འདི་ན་སྐྱེས་བུ་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། སྡོང་པོའམ་སྡོང་པོའི་མཚན་མ་ཞེས་བྱ་བ་ནི་ཤིང་ངམ་ཤིང་གི་མཚན་མ་ཞེས་བྱ་བའི་ཐ་ཚིག་གོ །སྡོང་པོ་ལ་སོགས་པ་མ་མཐོང་བས་ཇི་ལྟར་རྒྱ་མཚོ་ཆེན་པོ་དང་ཉེ་བ་ཡིན་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། རྒྱ་མཚོ་ཆེན་པོ་ནི་རིམ་གྱིས་དམའ་བ་ལགས་པས་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འདི་སྐད་དུ་གང་གི་ཕྱིར་རྒྱ་མཚོ་ཆེན་པོའི་རང་བཞིན་ཤིང་ལ་སོགས་པ་དང་འགལ་བ་རིམ་གྱིས་དམའ་བར་རང་གི་རྒྱུས་བསྐྱེད་པ་དེའི་ཕྱིར་དེ་དམིགས་པའི་རང་བཞིན་ཁོ་ནས་ཤིང་ལ་སོགས་པ་མི་དམིགས་པ་ཡིན་པའི་ཕྱིར་དེ་དང་ཉེ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ཉན་པ་ན་འདི་སྙམ་དུ་རིག་པར་བགྱི་སྟེ་ཞེས་བྱ་བ་ནི་རྟག་ཏུ་བསྒོམ་པ་ལ་སོགས་པ་བསྒྲུབ་པས་བར་ཆད་མེད་པར་སྦྱོར་བའི་སྟོབས་ཀྱིས་དེ་ལྟར་ཤེས་པར་བྱའོ། །ཇི་ལྟར་ཡུམ་མཉན་པའི་རྒྱུས་འབྲས་བུ་ལུང་བསྟན་པ་དང་ཉེ་བར་རྗེས་སུ་དཔག་པར་བྱ་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་སྐད་དུ་རྒྱུ་དོན་གཞན་ལ་ལྟོས་པ་མེད་པས་འབྲས་བུ་སྐྱེ་བར་རང་བར་རྗེས་སུ་དཔོག་པའི་རང་བཞིན་གྱི་གཏན་ཚིགས་ཀྱིས་ལུང་བསྟན་པ་དང་ཉེ་བར་གྱུར་པ་ཡིན་པར་རྗེས་སུ་དཔག་པས་ཉེས་པ་མེད་དོ་ཞེས་


DTG085_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཡིན་ནོ། །ཡང་མངོན་པར་རྫོགས་པའི་བྱང་ཆུབ་དང་ཉེ་བའི་སྦྱོར་བ་ནི། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་དཔྱིད་ཀའི་དུས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལོ་མ་རྙིང་པ་རྣམས་ལྷགས་པ་ལས་ཞེས་བྱ་བ་ནི་ལོ་མ་རྒན་པོ་རྣམས་ལྷུང་བ་ནའོ། །སྔ་མ་བཞིན་དུ་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་བསུ་ནས་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྡོང་པོ་ལས་མཚན་མ་འདི་ལྟ་བུ་དག་ཅེས་བྱ་བ་ལ་སོགས་པ་ལ། རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པ། དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱ་བའི་རིགས་པས་འདིའི་དོན་ནི་གོ་བར་ཟད་དོ། །ཉེ་བར་བསྟབས་པ་ལགས་སོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཆོས་གསར་གྱི་རྟེན་ཉིད་ལ་སོགས་པ་བསྒྲུབས་པས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཉེ་བའི་སྦྱོར་བའི་མ་ཐུས་བསྟབས་པའོ། །མྱུར་དུ་མངོན་པར་རྫོགས་པ་བྱང་ཆུབ་པའི་སྦྱོར་བའི་དོན་ནི་བཅོམ་ལྡན་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །མངལ་ཆགས་པ་ཡིན་པའི་ཕྱིར་བུད་མེད་སྦྲུམ་མའོ། །སྐྱེ་བའི་དུས་དང་ཉེ་བ་ཉིད་ཀྱི་ཕྱིར་མངལ་ལྕི་བའོ། །ཡན་ལག་རྐྱོང་བ་ལ་སོགས་པས་ན་ལུས་བསྐྱོད་ནའོ། །སྔོན་གྱི་ཚུལ་བཞིན་མ་ལགས་པའི་ཡིད་ལ་བགྱིད་པ་ནི་འཁྲིག་པའི་ཆོས་དང་རབ་ཏུ་ལྡན་པའོ། །རྟེན་ཅིང་ངེས་པར་རྟེན་ལ་བསྒོམས་ཏེ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་སྦྱོར་བ་དང་དངོས་གཞི་དང་མཇུག་གི་གནས་སྐབས་སུའོ། །ཐམས་ཅད་དུ་ཡང་དང་ཡང་དུ་མངོན་དུ་བྱེད་པས་ན་མང་དུ་བྱས་པས་སོ། །དེ་ལྟར་བསྲན་དཀའ་བ་འདི་ལྟ་བུའི་ཚུལ་གྱི་སྡུག་བསྔལ་གྱི་ཚོར་བ་ད་ལྟར་བ་འདི་ལུས་ཀྱིས་ཉམས་སུ་མྱོང་ངོ་སྙམ་དུ་སེམས་པར་བྱེད་པ་ཞེས་བྱ་བ་ནི་ལྷག་མའོ། །ཉན་པ་ན་དེ་ལ་དཔའ་ཞིང་ཞེས་བྱ་བ་ནི་བརྟེན་པར་གྱུར་པའི་སྒྲུབ་པའི་ཆོས་དང་ལྡན་པ་འབྲས་བུ་ཆོས་ཀྱི་སྐུ་མངོན་པར་བསྒྲུབས་པ་ལགས་པའི་སྒྲུབ་པ་དང་ལྡན་པ་ནི། ཇི་སྐད་བཤད་པའི་སྦྱོར་བའི་མཐུ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉན་པ་སྔོན་དུ་འགྲོ་བས་དགའ་ཞིང་གུས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དོན་གྱི་སྦྱོར་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །བར་ཞེས་སྨོས་བ་ནི་མགོན་དང་བཅས་པ་ལ་སོགས་པ་ཡོངས་སུ་བསྡུའོ། །གང་གི་ཕྱིར་ལུང་བསྟན་པ་ལ་སོགས་པས་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ངེས་པར་བཀོད་པས་ན་ལེགས་པར་


DTG085_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཟུང་བ་ལེགས་པར་སྦྱངས་པ་དང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་རབ་ཏུ་གཏད་པ་དེའི་ཕྱིར་ངོ་མཚར་ཏེ་ཐུགས་རྗེའི་ཡུལ་ཐམས་ཅད་ཡིན་དུ་ཟིན་ཀྱང༌། བས་མ་པ་ཁྱད་པར་ཅན་ཕུན་སུམ་ཚོགས་པས་སྐལ་བ་དང་ལྡན་པ་ཉིད་ཀྱི་སྟོབས་ཀྱིས་སོ་སོར་ངེས་པའི་འགྲོ་བ་ལ་ཕན་འདོགས་པར་མཛད་པ་ནི་ཡ་མཚན་ཆེའོ། །བསམ་པ་ཁྱད་པར་ཅན་ཕུན་སུམ་ཚོགས་པ་ཉིད་ནི་རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པ་ནི་མ་འོངས་པ་དང་འབྲེལ་པའི་དོན་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་བོ་མང་པོ་ལ་བདེ་བ་ནི་ད་ལྟར་གྱི་དུས་སུ་ཚེ་འདིའི་དོན་བྱེད་པའི་ཕྱིར་རོ། །འཇིག་རྟེན་ལ་སྙིང་བརྩེ་བཞེས་བྱ་བ་ནི་འདས་པའི་དུས་དང་འབྲེལ་པའི་དགེ་བ་དང་མི་དགེ་བ་བྱས་པའི་བག་ཆགས་རྣམས་གོ་རིམས་བཞིན་དུ་འཕེལ་བ་དང་ཡོངས་སུ་ཟད་པར་བྱ་བའི་ཕྱིར་འབད་པར་བྱེད་པ་ནི་འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ཕྱི་མ་དང་སྦྱར་རོ། །གཞན་ཡང་འདས་པ་དང་མ་འོངས་བ་དང་ད་ལྟར་བྱུང་བའི་དུས་དང་འབྲེལ་པ་ཉིད་ཀྱིས་སྤྱིར་གསུངས་པ་ནི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཞེས་བྱ་བའོ། །བླ་ན་མེད་པའི་ཆོས་སྟོན་པར་འདོད་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་སྒྲུབ་པ་དང་ལྡན་པ་རྣམས་གཞན་གྱི་དོན་བྱེད་པའི་ཕྱིར་ཆོས་སྨྲ་བར་འདོད་པའོ། །འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བའི་དོན་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུགས་ལ་སོགས་པའི་འཕེལ་བ་དང༌། འགྲིབ་པ་མ་མཐོང་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྗེས་སུ་གནང་བ་ཡིན་པའི་ཕྱིར་དེའི་སྦྱོར་བ་ཡིན་པར་བཤད་དོ། །ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་མི་དམིགས་པར་སྦྱོར་བའི་དོན་དུ་གསུངས་པ་ནི། ཆོས་ཡང་དག་པར་རྗེས་སུ་མི་མཐོང་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་མི་དམིགས་པར་སྒྲུབ་པས་དེ་ལ་སྦྱོར་བའི་ཕྱིར། དེ་ལྟར་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གྱིས་མི་ཁྱབ་པའི་རྣམ་པའི་འདུ་ཤེས་འགོག་པའི་སྦྱོར་བའི་དོན་དུ་བརྗོད་པ་ནི། བཅོམ་ལྡན་འདས་བསྟན་པ་འདི་ནི་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀྱི་


DTG085_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རང་བཞིན་ཉིད་ཀྱིས་བསམ་པར་མི་ནུས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ངེར་འཛིན་པའི་འདྲུ་ཤེས་བཀག་པས་གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བར་མི་སེམས་ན། དེའི་ཚེ་ཇི་སྐད་དུ་བཤད་པའི་སྦྱོར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་མི་རྟོག་པའི་སྦྱོར་བའི་དོན་ཞུས་པ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ལན་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱད་པར་འགྱུར་བ་ལགས་ཞེས་བྱ་བ་ནི་རང་གི་ངོ་བོ་ཐོབ་པ་ལ་ཞུས་པའོ། །ཇི་ལྟར་སྤྱད་པར་གྱུར་པ་ཞེས་བ་གྱི་བའི་མིང་ཐོབ་པར་འགྱུར་ཞེས་བྱ་བ་ནི་དོན་དང་ལྡན་པའི་མིང་ཐོབ་པ་ལས་ཞུས་པའོ། །ལན་ནི་ཤཱ་རིའི་བུ་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་ལ་སེམས་ཀྱི་ཡུལ་ཡོད་པ་ཡིན་ན་ཇི་ལྟར་མི་རྟོག་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཤཱ་རིའི་བུ་སྟོབས་རྣམས་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཁོ་ན་ཉིད་དུ་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་དང་དེའི་མཚན་མ་དང་དེའི་རང་གི་ངོ་བོར་མི་རྟོག་པ་ལ་སོགས་པར་བསྒྲུབ་པའི་མཐུས་རྣམ་པར་མི་རྟོག་པའི་སྦྱོར་བས་ཐོབ་པ་ཡིན་པའི་ཕྱིར་བསམ་པ་ལས་འདས་པ་ཡིན་པ་ཉིད་ཀྱིས་ན་སྟོབས་ལ་སོགས་པ་བསམ་དུ་ཡོད་པར་མི་རྟོག་གོ་ཞེས་བྱ་བའི་ཐ་ཚིག་གོ །འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བའི་དོན་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པོ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོའོ་ཞེས་གསོལ་ཏེ། །ཆོས་དང་གང་ཟག་ལ་བདག་མེད་པ་གཉེན་པོ་ཡིན་པས་ཟབ་པར་གྱུར་པ་ན། འབྲས་བུ་དང་པོ་མཐོང་བ་ལ་སོགས་པའི་སྒྲུབ་པས་འབྲས་བུ་རིན་པོ་ཆེ་སྤྱིན་པའི་སྦྱོར་བ་དང་ལྡན་ལ། རྒྱུན་དུ་ཞུགས་པ་ལ་སོགས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་རིན་པོ་ཆེ་སྦྱིན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རིན་པོ་ཆེའི་ཕུང་པོའོ། །རྣམ་པར་དག་པའི་སྦྱོར་པའི་དོན་ནི།


DTG085_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ནམ་མཁའ་དག་པའི་སླད་དུ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། ནམ་མཁའ་ལྟར་རྣམ་པར་དག་པ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་རྣམ་པར་དག་པར་བསྒོམ་པས་སྐྱོར་བ་དེ་དང་ལྡན་པ་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སློང་པའི་རྒྱུར་གྱུར་པ་ཉིད་ཀྱིས་ན་དག་པའི་ཕུང་པོའོ། །མུ་མཚམས་ཀྱི་སྦྱོར་བའི་དོན་ནི་བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། མཐུ་ཆེན་པོ་ཉིད་ཡིན་ཡང་བར་ཆད་བྱེད་པ་མང་པོ་འབྱུང་བ་འདི་ནི་ངོ་མཚར་ཆེའོ། །ལེགས་པར་སྨྲས་པ་ཡིན་པ་ནི། རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ཉིད་ནི་རིགས་པ་དང་མི་ལྡན་ནོ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེན་ཞེས་བྱ་བས་བསུ་ནས། རབ་འབྱོར་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་གི་ཕྱིར་བདུད་སྡིག་ཅན་པར་ཆད་བྱ་བར་ཏེ་བྱ་བའི་རྒྱུ་མཚན་དུ་བརྩོན་པར་བྱེད་ཅིང་སྤྲོ་བར་བྱེད་པ་དེ་དེ་བས་ན་བར་ཆད་མང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་དེ་ལྟར་ཡིན་ན་ཇི་ལྟར་མྱུར་དུ་བྲི་བར་བྱ་ཞེ་ན། དེར་མྱུར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལོ་གཅིག་གིས་ཞེས་སྨོས་པ་ནི་འཕགས་པ་རྣམ་པར་གྲོལ་བའི་སྡེས་དེ་ཙམ་གྱིས་དུས་ཚིགས་ལ་སོགས་པའི་རྐྱེན་ཚོགས་པ་ཡིན་པས་དེ་ལས་ཕྱི་རོལ་ན་དུས་མེད་དོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བཤད་དོ། །དེ་ལྟ་ན་ཡང་རབ་འབྱོར་ཞེས་བྱ་བ་ནི་ལོར་མངོན་པར་བརྩོན་པའི་སྦྱོར་བ་ནི། གཏོང་བ་ལ་སོགས་པའི་སྒྲུབ་པ་དང་ལྡན་པ་རྣམས་མུ་མཚམས་ཀྱི་སྦྱོར་བ་ཐོབ་པ་ཡིན་པས་བགེགས་མེད་པར་བྲི་བར་བྱ་སྟེ། མྱུར་དུ་ཞེས་བྱ་བ་ནི་ལྷག་མའོ། །གལ་ཏེ་ལོར་དྲིས་ན་ཇི་ལྟར་མྱུར་བ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེན་ཞེས་བྱ་བས་བསུ་ནས། རབ་འབྱོར་ད་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཕྱིར་རིན་པོ་ཆེ་ཆེན་པོ་རྣམས་ལ་བར་ཆད་བྱེད་པ་མང་དུ་འབྱུང་བའི་ད་ནི་ཆོས་ཉིད་ཡིན་པ་དེའི་ཕྱིར་རིན་པོ་ཆེ་དམ་པའི་རང་བཞིན་གྱི་ཡུམ་བར་ཆད་མང་ཡང་ལོ་སྐོར་གྱིས་བྲིས་ན་མྱུར་བ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །སྦྱོར་བ་ནི་ཇི་སྐད་དུ་བཤད་པ་ཁོ་ནར་གཟུང་བར་བྱ་སྟེ། དེ་སྐད་དུ་ཡང༌། གཟུགས་ལ་


DTG085_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་མི་གནས་ཕྱིར། །དེ་ལ་སྦྱོར་བ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང༌། །ཚེགས་ཆེན་ཡུན་རིངས་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང༌། །ངེས་འབྱུང་བར་ཆད་མེད་བཅས་བཅས་དང༌། །བྱང་ཆུབ་ཉེ་དང་མྱུར་བ་དང༌། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང༌། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །དེ་ནི་དག་པ་མཚམས་དང་བཅས། །ཞེས་གསུངས་པ་ཡིན་ནོ། །སྦྱོར་བ་ཉི་ཤུ་པོ་དེ་དག་གི་གོ་རིམས་འདི་ནི་རིམས་ཁོ་ན་ཡིན་ཏེ། འདི་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་མངོན་པར་ཞེས་པ་མེད་པས་གནས་པ། མི་སྤྱོར་བའི་སྦྱོར་བ་ལ་མངོན་པར་བརྩོན་པ་ནི། གཟུགས་ལ་སོགས་པ་དེ་དག་གི་ཟབ་པ་ཉིད་དང༌། གཏིང་དཔག་དཀའ་བ་ཉིད་དང༌། ཚད་མེད་པ་ཉིད་རྟོགས་པར་འགྱུར་རོ། །དེ་ནས་ཡང་དག་པ་མ་ཡིན་པའི་སྦྱོར་བ་བྱེད་པ་ཉིད་ཀྱིས་ན་ལས་དང་པོ་པས་ནི་ཚེགས་ཆེན་པོས་འཐོབ་བོ། །དེ་ལས་གཞན་པ་ནི་ལུང་བསྟན་པ་དང༌། ཕྱིར་མི་ལྡོག་པའི་ས་བདེ་བླག་ཏུ་ཐོབ་ནས་ངེས་པར་འབྱུང་བ་དང༌། མི་འབྲལ་བར་འགྱུར་ཞིང་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཉེ་བར་འགྱུར་བ་དང༌། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བའོ། །དེ་ནས་གཞན་གྱི་དོན་བྱེད་ཅིང་འཕེལ་བ་མེད་པ་དང་འགྲིབ་པ་མེད་པར་འགྱུར་རོ། །དེ་ནས་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་སྤྱི་དང༌། གཟུགས་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་ལ་འདུ་ཤེས་ཐམས་ཅད་སྤངས་པའི་ཕྱིར་རྣམ་པར་མི་རྟོག་པ་ནི། འབྲས་བུ་རིན་པོ་ཆེ་སྦྱིན་པས་མཆོག་ཏུ་རྣམ་པར་དག་པའི་མཐར་ཐུག་པ་ཐོབ་པར་འགྱུར་བ་ནི། སྔ་མ་ཁོ་ནར་ལོ་སྐོར་གྱི་སྦྱོར་བས་སེམས་ཀྱི་རྒྱུད་ཡོངས་སུ་སྦྱངས་པ་ཡིན་པས་སྦྱོར་བའི་གོ་རིམས་ནི་མངོན་པར་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཡོན་ཏན་མཐོང་བ་སྔོན་དུ་བཏང་ན་སྦྱོར་བ་རྣམས་ལ་ཤིན་ཏུ་གོམས་པར་བྱེད་པ་སྦྱོར་བའི་འོག་ཏུ་དེ་ངག་གི་ཡོན་ཏན་བརྗོད་པར་བྱའོ། །དེ་ལས་དང་པོར་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་བརྗོད་པ་ནི། བཅོམ་ལྡན་འདས་


DTG085_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འདྲི་བ་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡི་དམ་མ་ཉམས་པའི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པ་ལ་སོགས་པར་ཡི་དམ་བཅས་པ་ལས་མ་ཉམས་པའོ། །བར་ཆད་བྱེད་མི་ནུས་སོ་ཞེས་བྱ་བ་ནི་མཐུ་མེད་པར་འགྱུར་བའོ།། །། དེ་སྲིད་ཙམ་དུ་བགེགས་མི་ནུས་པས་ན་བཅོམ་ལྡན་འདས་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཇི་ལྟར་ན་དེང་སང་ཞེས་བྱ་བ་ནི་དེ་ཉིད་རྣམ་པ་གང་གིས་ཞེས་བྱ་བའོ། །དེ་ནི་གང་གི་མཐུས་ཞེས་བྱ་བ་ནི་གང་གི་ནུས་པས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི་རྣམ་པར་རྟོག་པས་ཞུས་པ་གཉིས་བྱས་པའི་ཕྱིར་ཕྱིས་དེ་ཉིད་ཀྱི་ལན་བཏབ་པ་ཡིན་ནོ། །འདི་སྐད་དུ་སྦྱོར་བ་བསྒོམ་པའི་སྐབས་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཐོབ་པས་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་འབྱུང་བའི་ཕྱིར་འཛིན་པར་བྱེད་པ་ལ་སོགས་པར་འགྱུར་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་རྣམས་ལ་དེ་བཞིན་གཤེགས་པའི་མཐུ་ཇི་ལྟར་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཤཱ་རིའི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་ཞེས་བྱ་བ་གསུངས་པ་ནི་གོ་སླའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་གང་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཉིས་པ་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་བརྗོད་པ་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དགོངས་པར་འགྱུར་ཞེས་བྱ་བ་ནི་ནུས་པ་བསྐྱེད་པས་གཟིགས་པའི་ཕྱིར་རོ། །ཡོངས་སུ་གཟུང་བར་འགྱུར་ཏེ་ཞེས་བྱ་བ་ནི་མཐུ་བསྐྱེད་པའི་ཕྱིར་རོ། །དེ་ཉིད་རྒྱ་ཆེར་བསྟན་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྦྱོར་བ་དང་དངོས་གཞི་དང་མཇུག་གི་གནས་སྐབས་སུ་དེ་བཞིན་གཤེགས་པས་དགོངས་པའི་སྟོབས་ཀྱིས་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པ་ཉིད་ཀྱི་ཡོན་ཏན་འབྱུང་བས་མཉན་པ་ལ་སོགས་པ་བྱེད་པར་འགྱུར་བ་ནི། བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་སྨོས་པ་ཡིན་ནོ། །ལེགས་པར་སྨྲས་པ་ཉིད་ཀྱིས་


DTG085_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུམ་པ་སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པའི་ཡོན་ཏན་བསྟན་པ་ནི། ཤཱ་རིའི་བུ་དེ་དག་ནི་དེ་བཞིན་གཤེགས་པས་མཁྱེན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཁྱད་པར་ཅན་གྱི་དོན་བསྐྱེད་པའི་དགོངས་པས་ལྷའི་སྤྱན་གྱིས་མཁྱེན་ནོ། །ཤེས་རབ་ཀྱི་སྤྱན་གྱིས་བྱིན་གྱིས་བརླབས་སོ། །ཆོས་ཀྱི་སྤྱན་གྱིས་གཟིགས་སོ། །སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་སོ་ཞེས་བྱ་བ་ནི་གསལ་བ་ཁོ་ནར་ཟད་དོ། །དེ་གང་ཞིག་ཡིན་ཞེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ནི་འདི་སྐད་དུ་དེ་བཞིན་གཤེགས་པས་མཁྱེན་ཅིང་གཟིགས་པ་ཐོབ་པས་སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པའི་ཡོན་ཏན་དང་ལྡན་བ་མཉན་པ་ལ་སོགས་པ་བྱེད་པ་གང་ཡིན་པ་དེ་ནི་མཁྱེན་ཏོ་ཞེས་བརྗོད་པ་ཡིན་ནོ། །བཞི་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པའི་ཡོན་ཏན་བསྟན་པ་ནི་ཐོས་ནས་ཀྱང་བཟུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཉེ་བར་འགྱུར་ཏེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་ཉེ་བར་གྱུར་པ་ཐོབ་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པའི་ཡོན་ཏན་འབྱུང་བའི་ཕྱིར་ཐག་ཉེ་བར་གནས་པར་འགྱུར་བའོ། །ལྔ་པ་དོན་ཆེན་པོ་ཉིད་ལ་སོགས་པའི་ཡོན་ཏན་བསྟན་པ་ནི། ཤཱ་རིའི་བུ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པར་མི་འགྱུར་མོད་ཀྱི་ཞེས་བྱ་བ་ནི་གཞན་དུ་མི་འགྱུར་བའི་དོན་གྱིས་ན་དེ་བཞིན་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྒྲུབ་པ་དང་བྲལ་བས་དེ་ཉིད་ཀྱི་ཚེ་གནས་པར་མི་འགྱུར་མོད་ཀྱིའོ། །དེ་དག་ཀྱང་ཞེས་བྱ་བ་ནི་ཕན་ཡོན་ཆེན་པོ་ཐོབ་པས་དོན་ཆེན་པོ་ལ་སོགས་པའི་ཡོན་ཏན་འབྱུང་བའི་ཕྱིར་གླེགས་བམ་དུ་བྲིས་པ་དང༌། འཆང་བ་དང་ཀློག་པར་བྱེད་པ་ནི་སངས་རྒྱས་དང་མི་འབྲལ་བ་ཉིད་དང༌། བདེ་འགྲོར་གཞོལ་བ་ཉིད་དང༌། ཡང་དག་པར་རྫོགས་པར་སངས་རྒྱས་བ་ཉིད་དང༌། མྱ་ངན་ལས་འདས་པའི་འོག་ཏུ་ཡང་གཞན་གྱི་དོན་ལ་འཇུག་པའི་དབང་དུ་མཛད་ནས་གོ་རིམས་བཞིན་དུ་དོན་ཆེ་བ་དང༌། ཕན་ཡོན་ཆེ་བ་དང༌། འབྲས་བུ་ཆེ་བ་དང༌། རྣམ་པར་སྨིན་པ་ཆེ་བ་ཞེས་བྱ་བའི་ཚིག་བཞི་གསུངས་པ་ཡིན་པར་ཤེས་པར་བྱ་སྟེ། འདིར་ནི་ཁྱད་པར་


DTG085_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་སྨིན་པ་རྣམ་པར་སྨིན་པ་ཡིན་པར་བལྟའོ། །དེ་དག་གི་འབད་པ་དང་ཞེས་བྱ་བ་ནི་བྲི་བ་ལའོ། །ཡོངས་སུ་གཡོ་བ་ཞེས་བྱ་བ་ནི་འཛིན་པ་དང་ཀློག་པ་ལའོ། །ཐེག་པ་ཆེན་པོ་ཇི་ལྟ་བར། །ཆོས་རྣམས་བཏགས་པ་མཛད་པ་དང༌། །བྱང་ཆུབ་སེམས་དཔའ་རྟག་པར་ཡང༌། །ཤེས་རབ་གསུམ་གྱིས་ཡིད་བྱང་ལ། །ཁམས་བརྟས་བྱེད་དང་འཇུག་བྱེད་དང༌། །དེ་ནི་དོན་རྣམས་འབྱུང་བར་འགྱུར། །ཞེས་བྱ་བས་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་ཕན་ཡོན་ཡིན་པས་ན་རྒྱལ་བའི་ཡུམ་ཁོ་ནའི་ཕན་ཡོན་ཇི་ལྟར་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེན་ཞེས་བྱ་བས་བསུ་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཐམས་ཅད་ངོ་བོ་ཉིད་མེད་པའི་སྒོ་ནས་ཐོས་ཕལ་སོགས་པའི་རིམ་གྱིས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་ཉེ་བར་གནས་པ་དེ་བས་ན་གཙོར་དེ་ཉིད་ཀྱི་ཕན་ཡོན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དྲུག་པ་ཡུལ་སྤྱོད་པའི་ཡོན་ཏན་ནི་ཤཱ་རིའི་བུ་ཕ་རོལ་ཏུ་ཕྱིན་བ་དྲུག་དང་ལྡན་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་སྨོས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲོགས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །འདི་ལྟར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་བ་གསུམ་གྱིས་ཕན་བཏགས་པའི་སེམས་ཅན་རྣམས་ལ་བསྡུ་བའི་དངོས་པོ་བཞིས་བསྡུས་པའི་ཐབས་ལ་མཁས་པས་དགེ་བ་ལ་རབ་ཏུ་འཇོག་པའི་ཕྱིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་གྱི་གྲོགས་སུ་གྱུར་པ་ཡིན་ནོ། །མཐོང་པའི་ཆོས་ལ་ཉོན་མོངས་པ་ཡང་བས་དགེ་བའི་ལས་ལ་སྦྱོར་མི་བཟོད་པ་ཉིད་ཀྱིས་ན་མ་འོངས་པ་ན་ཉོན་མོངས་པ་ཆུང་བ་ཉིད་དུ་ཡིད་ཀྱིས་སྨོན་པར་བྱེད་པ་ཡིན་པའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་ནོ། །སྐྱེས་བུ་དམ་པ་ལ་བརྟན་པ་དང༌། དམ་པའི་ཆོས་མཉན་པ་ལ་བརྟེན་ནས་ལྷག་པའི་བསམ་པ་སྟོབས་ཆུང་བ་ཉིད་བཟློག་ནས་གྱ་ནོམ་པའི་ཁམས་སུ་བསམ་པའི་སྟོབས་ཐོབ་ནས་ནང་དུ་སེམས་འཇོག་པའི་མཐུ་ཐོབ་པའི་ཕྱིར་ན། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་ནོ། །བྱང་ཆུབ་སེམས་


DTG085_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སྡེ་སྣོད་ཐོས་པ་ལ་དམིགས་པ་སྔོན་དུ་འགྲོ་བས་འཇིག་རྟེན་ལས་འདས་པའི་ཤེས་རབ་སྒྲུབ་པར་ནུས་པ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་གྲོགས་སུ་གྱུར་པ་ཡིན་ནོ། །སྙིང་པོ་གསར་བ་ཐོབ་པ་ན་ཞེས་བྱ་བ་ནི་སྙིང་པོ་གསར་པ་དང་འདྲ་ཞིང་མངོན་པར་གསར་པའི་བཅུད་ལྟ་བུའི་བརྗོད་པར་བྱ་བའི་དོན་ཆོས་སྨྲ་བ་དེ་དང་དེ་དག་གིས་ཐོས་པར་གྱུར་པ་ན་མདོ་སྡེ་འདི་དག་དར་བར་འགྱུར་རོ་ཞེས་ཕྱི་མ་དང་འབྲེལ་ཏོ། །བར་ཏ་ནིར་ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་ཡུལ་དུའོ། །གཞུང་འདིས་དེ་བཞིན་གཤེགས་པའི་མཛད་པ་བྱེད་པའི་ཡུལ་སྤྱོད་པའི་ཡོན་ཏན་ཐོབ་པ་ཆོས་འཛིན་པ་རྣམས་ལ་སངས་རྒྱས་ཀྱིས་དགོངས་པ་ལ་དགོས་པ་ལ་སོགས་པ་དགག་པའི་དོན་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ནི་ཤཱ་རིའི་བུ་དེའི་དུས་ན་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྙིགས་མ་ལྔ་བདོ་བ་ཉིད་ཀྱི་སེམས་ཅན་གྱི་ཁམས་རྣམས་ཤིན་ཏུ་སྐལ་བ་མེད་པ་ཡིན་པའི་ཕྱིར། ཆོས་རིན་པོ་ཆེ་མི་དར་བར་དོགས་པས་ཤཱ་རིའི་བུས་གསོལ་བ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཕྱི་མའི་དུས་ཞེས་བྱ་བ་དེ་ཉིད་སྨྲས་པ་ནི་ཕྱི་མའི་ཚེ་ན་ཞེས་བྱ་བ་ཡིན་ནོ། །གཟེག་ཟན་ལ་སོགས་པས་ཡོངས་སུ་བརྟགས་པའི་དུས་རྟག་པ་ནི་ཡོད་པ་མ་ཡིན་ཏེ། རིམ་དང་ཅིག་ཤོས་ཀྱིས་དོན་བྱ་བ་བྱེད་པ་དང་བྲལ་བ་ཉིད་ཀྱིས་ན་མེད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དངོས་པོའི་གནས་སྐབས་སུ་འགའ་ཞིག་ལ་ཕྱི་མའི་དུས་ཞེས་བྱ་བར་བརྡར་བཏགས་པ་ཉིད་ཕྱི་མའི་དུས་ཡིན་ནོ། །བྱང་ཕྱོགས་ཀྱི་ཡུལ་ཐམས་ཅད་དུ་ནི་མ་ཡིན་གྱི། འོན་ཀྱང་ཕྱོགས་ཀྱི་ཆར་ཏེ་རྒྱལ་པའི་ཡུམ་ལ་སོགས་པར་རོ། །དེ་ལྟར་ན་གང་དུ་ཞེ་ན་བྱང་ཕྱོགས་ཀྱི་རྣམ་པ་དེ་ལྟ་བུའི་དུས་སུ་ཡང་དགེ་བའི་རྩ་བ་བསགས་པ་འགའ་ཞིག་འབྱུང་བར་འགྱུར་བ་ནི་དེ་ལ་ཤཱ་རིའི་བུ་བྱང་གི་ཡུལ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་ན་ཡང་མང་པོ་ཉིད་མ་མཐོང་བ་ནི་བཅོམ་ལྡན་འདས་བྱང་གི་ཡུལ་དང་བྱང་གི་ཕྱོགས་ཀྱི་ཆར་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་སོགས་བའི་སྟོབས་ཀྱིས་མང་པོ་ཡང་འབྱུང་སྲིད་པ་ནི་ཤཱ་རིའི་བུ་བྱང་གི་ཡུལ་དང་ཞེས་བྱ་བ་ལ་སོགས་པ་


DTG085_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡིན་ནོ། །མང་ཞིང་ཞེས་བྱ་བ་ནི་རང་གི་ངོ་བོ་མང་བ་ཉིད་ཡིན་པའི་ཕྱིར་རོ། །ཤིན་ཏུ་མང་དུ་ཞེས་བྱ་བ་ནི་རིགས་མང་བའི་ཕྱིར་རོ། །བདུན་པ་ཟག་པ་མང་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཡོན་ཏན་སྟོན་པ་ནི་ཤཱ་རིའི་བུ་དེ་དག་མང་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། མང་པོ་དེ་དག་ལས་ཞེས་བྱ་བ་ནི་ཉན་པ་ལ་སོགས་པ་མང་བའི་ནང་ནས་ཀྱང་གཉེན་པོའི་ཆོས་ཡོངས་སུ་རྫོགས་པ་ཐོབ་པས་ཟག་པ་མེད་པའི་ཆོས་ཡོངས་སུ་རྫོགས་པའི་ཡོན་ཏན་མཐར་ཕྱིན་པས་ཞུམ་པ་ལ་སོགས་པར་མི་བྱེད་པ་ནི་ཉུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །བརྒྱད་པ་སྨྲ་བའི་སྐྱེས་བུ་ཉིད་ཀྱི་ཡོན་ཏན་སྟོན་པ་ནི་དེ་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། །རྗེས་སུ་འབྲང་ཞིང་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཚུལ་གྱིས་རྟེན་བཅས་པའི་ཕྱིར་རོ། །ཀུན་བརྟགས་པ་ལ་སོགས་པ་རང་བཞིན་གསུམ་ཡོངས་སུ་ཤེས་པའི་དོན་དུ་འམ། སྒྲུབ་པ་དང་དམིགས་པ་དང་ཡང་དག་པར་གྲུབ་པ་གསུམ་རྟོགས་པར་བྱ་བའི་ཕྱིར་གོ་རིམས་བཞིན་དུ་ཡོངས་སུ་དྲིས་པ་དང་ཡོངས་སུ་ཞུས་པ་དང་ཡོངས་སུ་དྲི་བ་བྱས་པའོ་ཞེས་བྱ་བའི་ཚིག་གསུམ་སྨོས་པ་ཡིན་ནོ། །ཡོངས་སུ་རྫོགས་པར་བྱེད་བ་ཞེས་བྱ་བ་ནི་ཉེས་བྱས་ཕྲ་མོ་ཙམ་མཐོང་བས་སོ། །སངས་རྒྱས་ཀྱི་ས་ཐོབ་པར་བྱེད་པའི་ཆོས་ཐོས་པ་བརྗེད་པ་ན་ཇི་ལྟར་ན་བླ་ན་མེད་པའི་བྱང་ཆུབ་ཉིད་ལས་བརྩམས་ཏེ། དོན་བྱེད་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་ལ་ཡང་དག་པར་སྤྱོད་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨྲ་བའི་གཏམ་རྙེད་པས་སྨྲ་བའི་སྐྱེས་བུ་ཉིད་ཀྱི་ཡོན་ཏན་འབྱུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་རྣམ་པར་རྟོག་པ་ལས་འཇུག་པར་འགྱུར་རོ། །དགུ་པ་མི་ཕྱེད་པ་ཉིད་ཀྱི་ཡོན་ཏན་སྟོན་པ་ནི་དེ་དག་ལ་ལེགས་པར་གནས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡང་དག་པར་སྤྱོད་པ་དེ་དག་ལ་རབ་ཏུ་གནས་པའོ། །དབྱེ་བར་མི་ནུས་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་མགོན་དང་བཅས་པར་མཛད་པ་ཐོབ་པས་ན་མི་ཕྱེད་པ་ཉིད་ཀྱི་ཡོན་ཏན་སྐྱེས་པས་དབྱེ་ཞིང་བྱང་ཆུབ་ལས་བཟློག་པར་བྱ་བར་མི་ནུས་སོ། །འདུན་པ་འམ་ཞེས་


DTG085_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་མངོན་པར་འདོད་པ་ལས་སོ། །སྔགས་ཀྱི་སྒོ་ནས་ཞེས་བྱ་བ་ནི་ཁ་ཅིག་ན་རེ། ལྷ་ཡི་སྔགས་ཀྱིས་སྲུང་བྱེད་ཅིང༌། །དགེ་བ་ལ་ཡང་འཇུག་པར་བྱེད། །ནད་དང་དུས་མིན་འཆི་བ་དང༌། །སྐལ་ངན་དག་ནི་འཇིག་པར་འགྱུར། །ཞེས་བྱ་པའི་ཕན་ཡོན་མང་པོ་དང་ལྡན་པའི་སྔགས་ཀྱི་སྤྱོད་པ་ལས་ཀྱང་དབྱེ་བར་མི་ནུས་སོ་ཞེས་འདོད་དོ། །གཞན་དག་ན་རེ་བདུད་སྡིག་ཅན་གྱི་སྨན་གྱི་མཐུ་དང་སྔགས་ཀྱི་མཐུས་རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བཟློག་པར་མི་ནུས་པ་ཡིན་ནོ་ཞེས་འཆད་དོ། །དུས་སུ་ཅུང་ཟད་ཀྱིས་བྱང་ཆུབ་ཐོབ་པར་མི་ནུས་པ་མ་ཡིན་ནམ། ཇི་ལྟར་ན་དབྱེ་བར་མི་ནུས་སྙམ་པའི་དགོས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེས་བསྐལ་པ་གྲངས་མེད་པ་མང་པོར་བརྩོན་འགྲུས་བརྩམས་པ་ཡིན་པའི་ཕྱིར། བྱང་ཆུབ་མོད་ལ་ཐོབ་པ་མ་ཡིན་པས་ཕྱིར་མི་ལྡོག་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །བཅུ་པ་དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་སྐྱེ་བའི་ཡོན་ཏན་བསྟན་པ་ནི། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དགའ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བ་གང་ཡིན་པའོ།། དང་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བརྟེན་པའོ། །རབ་ཏུ་དང་བ་ནི་དགའ་བའི་སེམས་གང་ཡིན་པའོ་ཞེས་བྱ་བ་ནི་ལུང་ཡིན་ནོ། །ཡང་ན་སྔར་སྨྲས་པ་བཞིན་དུ་བཤད་པར་བྱའོ། །འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་ཡོངས་སུ་བཟུང་བས་ཐོབ་པའོ། །བཅུ་གཅིག་པ་དམ་བཅས་པའི་དོན་ཅི་ལྟ་བ་བཞིན་དུ་བསྒྲུབས་པའི་ཡོན་ཏན་བསྟན་པ་ནི། དེ་དག་གིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔོན་གྱི་འཕེན་པའི་ཤུགས་མེད་པར་ཇི་ལྟར་སེམས་ཅན་གྱི་དོན་བྱེད་པ་ཡིན་སྙམ་པའི་དགོས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རིགས་ཀྱི་བུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡང་དག་པར་གཞག་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ལ་སོགས་པ་ལ་ངེས་པར་སྦྱོར་བས་སོ། །ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །ཡང་དག་པར་རབ་ཏུ་དབྱེ་བར་བྱའོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་


DTG085_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བསྒོམ་པ་ལ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་རོ། །རྫོགས་པའི་བྱང་ཆུབ་ལ་གནས་པར་བྱའོ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བདུན་ལ་འཇོག་པའི་ཕྱིར་རོ། །སྨྲས་སོ་ཞེས་བྱ་བ་ནི་སྨོན་ལམ་གྱི་ཚིག་ཏུ་བརྗོད་པའོ། །སླར་མི་ལྡོག་པར་བགྱིའོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་ས་གསུམ་ལ་འཇོག་པའི་ཕྱིར་རོ། །སྨྲས་སོ་ཞེས་བྱ་བ་ནི་སྨོན་ལམ་གྱི་ཚིག་ཏུ་བརྗོད་དོ། །ཚིག་ཏུ་སྨྲས་ཀྱང་དོན་དེ་རྫོགས་པར་མི་འགྱུར་ན་ཇི་ལྟར་དོན་བྱ་བ་བྱེད་པ་ཉིད་ཡིན་སྙམ་པའི་དགོས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ངས་གང་དག་གིས་ཚིག་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་དེ་རྣམས་ཀྱི་བསམ་པ་རྣམ་པར་དག་པ་ཐུགས་ཀྱིས་མཁྱེན་ནས། དེ་བཞིན་གཤེགས་པས་གསུང་གི་རྗེས་སུ་ཡི་རང་བར་མཛད་པ་དེ་བས་ན་དམ་བཅས་པ་ལ་ཡི་རང་བ་ཐོབ་པའི་ཕྱིར་རིམ་གྱིས་སྦྱོར་བ་ལ་བསླབ་པ་ལས། དམ་བཅའི་དོན་ཇི་ལྟ་བ་བཞིན་དུ་བསྒྲུབས་པའི་ཡོན་ཏན་འབྱུང་བས་སེམས་ཅན་མ་ལུས་པའི་དོན་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བཅུ་གཉིས་པ་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་བའི་ཡོན་ཏན་སྟོན་པ་ནི། དེ་ལྟར་རིགས་ཀྱི་བུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མོས་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ཟབ་པ་དང་རྒྱ་ཆེན་པོའི་དོན་ལ་ལྷག་པར་མོས་པས་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པར་བྱེད་པའོ། །སེམས་ཅན་གྱི་དོན་བྱེད་པའི་ནུས་པ་ཐོབ་པས་བཅུ་གསུམ་པ་སེམས་ཅན་གྱི་དོན་སྒྲུབ་པའི་ཡོན་ཏན་བསྟན་པ་ནི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་ཡང་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རང་གི་ཤེས་པའི་ཡུལ་ལས་འདས་པ་སྟོན་པ་ངོ་མཚར་སྐྱེས་པའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། བཅོམ་ལྡན་འདས་ནི་འདས་པ་ལ་སོགས་པའི་ཆོས་རྣམས་ལ་ཕྱིན་ཅི་ལོག་གི་བག་ཆགས་མ་ལུས་པར་སྤངས་པ་ཡིན་དུ་ཟིན་ཀྱང་ཀུན་རྫོབ་ཏུ་རིམ་པ་ཇི་ལྟར་བར་ཡེ་ཤེས་འཇུག་པར་མཛད་པ་ནི་ངོ་མཚར་ཆེའོ། །བར་ཞེས་བྱ་བས་མཐར་ཐུག་པ་བསྟན་པའི་ཕྱིར་ན་ཆོས་མ་ཡིན་པ་ལ་སོགས་པ་ཡོངས་སུ་བཟུང་ངོ༌། །མ་གཟིགས་པ་ནི་མིག་གི་རྣམ་པར་ཤེས་པས་སོ། །མ་གསན་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །མངོན་པར་མི་མཁྱེན་པ་ནི་སྣ་ལ་སོགས་པའི་རྣམ་པར་ཤེས་པས་སོ། །རྣམ་པར་


DTG085_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཁྱེན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་ཏེ། གང་ཡང་མ་མཆིས་སོ་ཞེས་པར་སྦྱར་རོ། །དབང་པོ་རྣམས་ནི་གནས་ངན་ལེན་གྱི་བག་ཆགས་ཀྱི་རང་བཞིན་ཡིན་ནོ་ཞེས་གསུངས་པས་སངས་རྒྱས་ཉིད་ཀྱི་གནས་སྐབས་སུ་མི་ཤེས་པའི་རང་བཞིན་གྱི་དབང་པོ་སྤངས་པ་ཡིན་པས་ཡིད་ཀྱི་བློ་དང་འདྲ་བར་དབང་པོའི་བློས་ཡུལ་ཡོངས་སུ་གཅོད་པས་གང་གི་ཕྱིར་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ཡུལ་ཐམས་ཅད་པ་ཡིན་པར་འདོད་དེ། དེ་བས་ན་དྲི་མ་མེད་པའི་སྤྱན་ལ་སོགས་པའི་ཡེ་ཤེས་ཀྱིས་མ་གཟིགས་པ་ལ་སོགས་པ་གང་ཡང་མ་མཆིས་སོ་ཞེས་བྱ་བ་ལ་ཉེས་པ་མེད་དོ། །དེ་ལྟ་ན་ཡང་དབང་པོ་དང་བློ་ནི་སྔོན་གྱི་རྗེས་སུ་འབྲངས་ནས་རྣམ་པར་བཞག་པ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཡུམ་མོ་རྙེད་པ་དང་མཚང་བ་རྙེད་པ་ལས་བཟློག་བས་བཅུ་བཞི་པ་ངེས་པར་རྙེད་པའི་ཡོན་ཏན་བསྟན་པ་ནི་གང་དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཚོལ་བ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་སྦྱོར་བ་ལ་སོགས་པའི་གནས་སྐབས་སུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་ལེགས་པར་སྨྲས་པ་ཡིན་པ་ནི་ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་སྒྱུ་མ་ལྟ་བུར་ཐུགས་སུ་ཆུད་པ་ཞེས་བྱ་བ་འདི་ནི་ཆོས་ཉིད་ཡིན་ན་འདིའི་རྒྱུ་གང་ལགས་ཞེས་སྨྲས་པ་དེའི་ལན་ནི། ཤཱ་རིའི་བུ་ཡང་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མ་བཙལ་བར་ཡང་རྙེད་པར་འགྱུར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཚང་བ་མེད་པ་རྙེད་པར་བྱེད་བའི་སྔོན་གྱི་དགེ་བའི་རྩ་བ་དང་ལྡན་ན་སྦྱོར་བ་ལ་བསླབས་པས་ཚང་བ་རྙེད་པའི་ཡོན་ཏན་བསྐྱེད་པས་ངེས་པར་ཐོབ་པ་ཡིན་ནོ། །དེ་ལས་གཞན་པའི་མདོ་སྡེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལས་གཞན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སོགས་པའི་མདོའོ། །རང་ཉིད་ཅེས་བྱ་བ་ནི་རྗེས་སུ་མཐུན་པ་ཉིད་ལ་བརྟེན་ནས་ལས་དང་


DTG085_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་པོར་བརྗོད་པར་འདོད་པའི་དབང་གིས་དེ་སྐད་བརྗོད་པ་ཡིན་ནོ། །ཉེ་བར་འོང་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེ་བའི་དབྱེ་བས་སམ། བརྟགས་པ་ལ་སོགས་པའི་རང་བཞིན་གསུམ་རྟོག་པས་ཡིན་པར་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེན་ཞེས་བྱ་བས་དགོས་པ་བསུ་ནས། ཤཱ་རིའི་བུ་དེ་ནི་འདི་ལྟར་ཡིན་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ད་ལྟར་གྱི་སྐྱེ་བ་ལ་བརྩོན་པ་མངོན་པར་གཞུང་ཚོལ་ཞིང་དོན་ཡོངས་སུ་ཚོལ་བ་སྤྱོད་པ་དེ་རང་བཞིན་ཡོངས་སུ་སྤངས་པས་སྐྱེ་བ་འཕོས་ཤིང་སྔོན་གྱི་ལུས་དང་བྲལ་བས་ཚེ་གཞན་དུ་ཚེ་རབས་བརྗེས་ཀྱང་དེ་ལས་གཞན་པའི་སྐྱེ་བ་གཞན་ཡོངས་སུ་བཟུང་ཡང་ངེས་པའི་ཡོན་ཏན་ཐོབ་པས་འདི་རྙེད་པར་འགྱུར་བ་འདི་ནི་ཆོས་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཚིག་ལྷུར་ལེན་པས་ཞུས་པ་ནི། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ནི་མ་ལགས་སམ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྲལ་བ་སྟེ་མ་ལགས་སམ། ཅི་ཞེས་ཟུར་གྱིས་འདྲི་བའོ། །ཐུན་མོང་གི་དགེ་བའི་རྩ་བ་ལ་རག་ལས་པ་ཡིན་པའི་ཕྱིར་ཐམས་ཅད་ཉེ་བར་གནས་པར་འགྱུར་རོ་ཞེས་གསུངས་པ་ནི་ཤཱ་རིའི་བུ་མདོ་སྡེ་ཟབ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གང་དག་ཡིན་པ་དེ་དག་ཀྱང་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་ལྡན་པའོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་དམིགས་པ་དང་ལྡན་པ་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པ་དང་རབ་ཏུ་ལྡན་པའོ། །སྟོང་པ་ཉིད་དང་ལྡན་པ་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པ་སྟོན་པར་བྱེད་པའོ། །ཇི་སྐད་དུ་བཤད་པའི་ཡོན་ཏན་ཉིད་དུ་གཟུང་བར་བྱ་སྟེ། དེ་སྐད་དུ་ཡང༌། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱིས་སྣང་བ་ལས་འཛིན་པའི་ཕན་ཡོན་ཡོངས་སུ་བརྗོད་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་པའོ།། །།


DTG085_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་འོག་ཏུ་ཡང་གང་ཞིག་ཡོངས་སུ་སྤངས་པས། སྦྱོར་བ་རྣམས་བསྒོམ་པར་བྱ་བའི་སྦྱོར་བའི་བར་ཆད་བྱེད་པའི་སྐྱོན་ཡང་གང་དག་ཡིན་ཞེས་དེ་དག་གི་བར་ཆད་དུ་འགྱུར་བའི་སྐྱོན་བསྟན་པའི་ཕྱིར། བཅོམ་ལྡན་འདས་རིགས་ཀྱི་བུ་དང་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཅི་ཙམ་དག་ཅེས་བྱ་བ་ནི་ཇི་སྙེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ །ལན་བཏབ་པ་ནི་རབ་འབྱོར་བར་ཆད་བྱེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་ན་ཡང་བདུད་ཀྱི་ལས་ཅི་ཙམ་མང་པོ་ཡིན་པ་མི་ཤེས་པས། བཅོམ་ལྡན་འདས་བར་དུ་གཅོད་པ་བགྱིད་པའི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། ཚུལ་ཇི་ལྟ་བུ་དག་ཅེས་བྱ་བ་ནི་གྲངས་ཇི་ཙམ་དུ་ངེས་པར་ཆང་པའི་རང་བཞིན་གྱིས་མང་པོ་འབྱུང་བར་འགྱུར་ཞེས་བྱའོ། །ཉེས་པ་བཞི་བཅུ་རྩ་དྲུག་ཡིན་ནོ་ཞེས་བསྟན་པ་ལས་རེ་ཞིག་ཚེགས་ཆེན་པོས་ཐོབ་པ་ནི། རབ་འབྱོར་རིགས་ཀྱི་བུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤོབས་པ་རིང་མོ་ཞིག་ན་ཞེས་བྱ་བ་ནི། དུས་རིང་མོ་ཞིག་ན་ཡུམ་ལ་ཤེས་པ་སྐྱེ་བའོ། །སྤོབས་པ་ཧ་ཅང་མྱུར་བ་བསྟན་པ་ནི་རབ་འབྱོར་སྤོབས་པ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཤིན་ཏུ་མུར་དུ་སྐྱེས་པས་སྔོན་དང་ཕྱི་མའི་མཐའ་ངེས་པར་མ་བརྟགས་པའི་ཕྱིར། ཤེས་པ་བརྟན་པོ་མ་ཡིན་པ་བསྐྱེད་པར་འགྱུར་བས་ན་ཡེངས་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་རོ། །ལུས་ཀྱི་གནས་ངན་ལེན་བསྟན་པའི་ཕྱིར། རབ་འབྱོར་དེ་དག་གླལ་བ་དང༌། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ལུས་རྣམ་པར་འགྱུར་བར་གླལ་བར་བྱེད་པའོ། །ཧ་ཧ་ཞེས་དགོད་པ་ལ་སོགས་པས་དགོད་པའོ། །རང་གི་ལུས་ཀྱིས་སམ་དེ་དང་འབྲེལ་བས་གཞན་ལ་བཞད་གད་བྱེད་པས་སྟེག་ཅིང་ཞེས་བྱའོ། །སེམས་ཀྱི་གནས་ངན་ལེན་བསྟན་པར་བྱ་བའི་ཕྱིར་རབ་འབྱོར་སེམས་རྣམ་པར་གཡེངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་ཤེས་པ་ཕན་ཚུན་དང་ལྡན་པས་ཞེས་བྱ་བ་ནི། ཆགས་པར་གྱུར་པའི་དངོས་པོའི་རྣམ་པར་ཤེས་པ་ཕན་ཚུན་དམིགས་པ་དང་ལྡན་པས་སོ། །རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་དོན་བྱེད་པ་ལ་སོགས་པ་སྟོན་པ་ནི། རབ་འབྱོར་ཕན་ཚུན་བཞད་གང་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡི་གེར་འདྲིན་ཞེས་བྱ་བ་ནི། ཉེ་


DTG085_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཚོན་པ་ཙམ་དུ་ཟད་དེ། ཁ་དོན་བྱེད་པ་ལ་སོགས་པ་ཡང་གཟུང་ངོ༌། །ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཉིད་བསྟན་པ་ནི། རབ་འབྱོར་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐོས་པ་དང་བསམ་པའི་ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་གོ་རིམས་བཞིན་དུ་གཏིང་མི་རྙེད་རོ་མི་མྱང་ངོ་ཞེས་བྱ་བར་སྦྱར་རོ། །རབ་འབྱོར་བདག་གོང་དུ་སྐྱེས་པའི་ཞེས་བྱ་བ་ལ་བདག་ནི་ཁོ་བོའི་མ་དད་པའི་སེམས་བསྐྱེད་པ་མང་པོ་ཇི་སྙེད་ཀྱིས་འགྲོ་བར་འགྱུར་བ་དེ་སྙེད་ཀྱི་བསྐལ་པར་རྣལ་འབྱོར་དུ་བྱ་བའི་ཕྱིར་འཁོར་བ་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བྱ་བའོ། །འདིར་རྒྱུ་ཅི་ཞིག་ཡིན་སྙམ་པའི་དགོས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་བསྟན་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའོ། །སྤངས་ཤིང་བོར་ནས་ཞེས་བྱ་བ་ནི་སྦྱོར་བ་དང་བསམ་པ་དག་གིས་ཞེས་བརྗོད་པར་བྱའོ། །བློ་ཆུང་བ་ཞེས་བྱ་བ་ནི་བློ་གོས་ཆུང་བའོ། །ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་རྩ་བ་ཞེས་བྱ་བ་ནི། ཡང་དག་པའི་ཆོས་རྟོགས་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །ཡལ་ག་ལ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པའོ། །གྱ་ནོམ་པའི་རོ་མྱང་བ་ལས་ཉམས་པ་བསྟན་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ལ་ནི་རིགས་པ་མེད་དོ་སྙམ་པའི་དགོས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་བློ་ཆུང་བ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཀྱི་བཀའ་ཡིན་དུ་ཟིན་ཀྱང་ཇི་ལྟར་ན་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་སྒྲུབ་པ་སྨད་པ་ཡིན་སྙམ་པའི་དགོས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཀག་པ་ལ་སྤྱོད་པའི་ཕྱིར་སྨད་དོ་ཞེས་བྱ་བའི་ཐ་ཚིག་གོ །དུལ་བར་བྱའོ། །ཞི་བར་བྱའོ། །མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བའི་ཚིག་གསུམ་ནི་སྦྱོར་བ་དང་མཐོང་བ་དང་བསྒོམ་པའི་ལམ་ལ་གོ་རིམས་བཞིན་དུ་ཤེས་པར་བྱའོ། །ཉན་ཐོས་ཀྱི་སྒྲུབ་པ་བཀག་ནས་བྱང་ཆུབ་སེམས་དཔའི་སྒྲུབ་པའི་དོན་དུ་གསུངས་པ་ནི། རབ་འབྱོར་འོན་ཀྱང་ཞེས་བྱ་བ་ལ་སོགས་པའོ། །


DTG085_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རློམ་སེམས་སུ་ཡང་མི་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དང་དགེ་བའི་རྩ་བ་ཐམས་ཅད་མངོན་པར་འདུས་བྱས་པ་རྣམས་ཀྱིས་དྲེགས་པར་མི་བྱའོ། །ཐེག་པ་མཆོག་ལས་ཉམས་པ་སྟོན་པས་གསུངས་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །གླང་པོ་ཆེ་རྙེད་ནས་ཞེས་བྱ་བ་ནི་རེག་པ་ལ་སོགས་པས་རྙེད་པའོ། །སྣང་བ་ག་ལ་བར་ཞེས་བྱ་བ་ནི་གསལ་བའི་གནས་སུའོ། །བརྟགས་ཏེ་ཞེས་བྱ་བ་ནི་ངེས་པར་དཔྱད་པའོ། །དེ་མ་ལགས་སོ་ཞེས་བྱ་བ་ནི་གླང་པོ་ཆེའི་རྗེས་ལས་གླང་པོ་ཆེའི་ཁ་དོག་དང་དབྱིབས་གཟུང་བར་མི་ནུས་པའི་ཕྱིར་དེ་ལྟ་མ་ལགས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཆེད་དུ་བྱ་བ་ལས་ཉམས་པ་བསྟན་པའི་དོན་དུ་རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་རིན་པོ་ཆེ་དོན་དུ་གཉེར་བ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མི་དཔྱོད་ཅིང་ཞེས་བྱ་བ་ནི་ཚད་མ་རྟོགས་པའི་ཕྱིར་རོ། །དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་རིན་པོ་ཆེའི་ཆེད་དུ་བྱ་བ་རྒྱ་མཚོ་ཆེན་པོ་ལས་ཉམས་པའི་ཕྱིར་མཁས་པ་མ་ཡིན་པའོ། །ནང་དུ་ཡང་དག་པར་གཞག་ཅེས་བྱ་བ་ནི་ལུས་ལ་སོགས་པ་དཔེན་པའོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ལ་ད་ལྟར་གྱི་སྐྱེ་བ་ལ་ཕྱིས་སྐྱེ་བར་འགྱུར་བའི་རྒྱུ་མ་བྱས་པར་སེམས་ཉོན་མོངས་པ་དག་ལས་བསལ་ཏེ། མར་མེ་ལྟར་མྱ་ངན་ལས་འདའ་བར་བྱའོ་སྙམ་པའོ། །ཉེ་བར་འཚེ་བ་ཐམས་ཅད་ཀྱི་གནས་སྐྱེ་བ་བཀག་པ་ལ་འཇུག་པ་ཇི་ལྟར་བཟློག་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེན་ཞེས་བྱ་བས་བསུ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཤིང་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་ཉིད་ཀྱིས་ན། འགྲོ་བའི་དོན་བྱ་བའི་ཕྱིར་གོ་ཆ་བགོས་པ་རྣམས་ནི་ཐབས་ལ་མཁས་པའི་སྟོབས་ཀྱིས་སྐྱེ་བར་འགྱུར་བ་ཡོད་དུ་ཟིན་ཀྱང༌། ཉེ་བར་འཚེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །སྤྲོ་བ་ཆུང་དུ་ལ་ཞེས་བྱ་བ་ནི་དེ་ཙམ་གྱི་ཚོད་ཀྱིས་མགུ་བའོ། །རྙེད་པ་དང་བཀུར་སྟི་ནི་འཆིང་བ་ཉིད་ཡིན་པས་དེ་ལྟ་བུ་ཇི་སྙེད་པ་དག་གི་སྙམ་པའི་དགོས་པ་དེ་ཅིའི་ཕྱིར་ཞེས་བྱ་བས་བསུ་ནས། སྐྱེས་བུ་དམ་པ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་ཡང༌། བདག་ཏུ་མངོན་པར་ཞེན་པས་འཛིན་ན། ཉོན་མོངས་པ་འཕེལ་བས་


DTG085_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྙེད་པ་དང་བཀུར་སྟི་འཆིང་བ་ཡིན་གྱི། ཡང་གང་གི་ཚེ་སྦྱིན་པ་ལ་སོགས་པས་གཞན་མགུ་བར་བྱས་ནས། པདྨ་དང་འདྲ་བར་དེ་ལ་མ་ཆགས་པར་ཁ་ལོ་སྒྱུར་བར་གྱུར་པས་འཇིག་རྟེན་གྱི་དོན་བྱེད་པ་དེའི་ཚེ། ཉེས་པ་ཅི་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །བཅུ་ཚན་དང་པའི། །རྒྱུ་དང་འབྲས་བུ་འབྲེལ་པ་ཉམས་པ་བསྟན་པ་ནི། རབ་འབྱོར་ཡང་གང་ཟག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ཉིད་ཁོ་ན་གསལ་བར་སྟོན་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་ཤིང་མཁན་ཞེས་བྱ་བ་ནི་ཤིང་བཟོ་མཁན་ནོ། །ཤིང་མཁན་གྱི་སློབ་མ་ཞེས་བྱ་པ་ནི། དེའི་གན་ན་གནས་པའི་སློབ་མའོ། །རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་ཚད་དུ་ཞེས་བྱ་བ་ནི་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི་དབུས་ན་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་གསེར་ལས་བྱས་པ། ངོས་རེ་རེ་ལ་ཆུར་དཔག་ཚད་ཉིས་སྟོང་ལྔ་བརྒྱའི་ཚད་ལ་དཔངས་སུ་དཔག་ཚད་ཕྱེད་དང་གསུམ་ཡོད་པའི་གྲོང་ཁྱེར་དེའི་དབུས་ན། བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ངོས་རེ་རེ་ཞིང་ཆུར་དཔག་ཚད་གཉིས་བརྒྱ་ལྔ་བཅུ་པ་ཚད་ལས་དཔངས་སུ་ཇི་ལྟར་མཛེས་པར་བྱས་པ་ནི་ཁང་བཟངས་རྣམ་པར་རྒྱལ་བའོ། །བྱེད་པར་འདོད། སྒྲུབ་པར་འདོད་ཅེས་བྱ་བའི་ཚིག་གཉིས་ནི་རིང་ཞིག་ན་དང་མྱུར་བར་བྱ་བའི་དབྱེ་བས་སྨོས་པ་ཡིན་ནོ། །དེ་ནི་མ་ལགས་སོ་ཞེས་བྱ་བ་ནི། ཟླ་བ་དང་ཉི་མའི་གཞལ་མེད་ཁང་ནི་ཅི་རིགས་པར་དཔག་ཚད་ལྔ་བཅུ་དང་ལྔ་བཅུ་རྩ་གཅིག་གི་ཚད་ཉིད་ཡིན་ལ། རྣམ་པར་རྒྱལ་བ་ནི་ཚད་དེ་ལས་ལྷག་པ་ཉིད་ཀྱིས་ན་རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པ་ལས་བཟློག་པ་སྟོན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གང་ན་མེད་པ་ཉམས་པ་བསྟན་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཁ་དོག་ནི་སེར་པོ་ཉིད་ལ་སོགས་པའོ། །དབྱིབས་ནི་རིང་པོ་ཉིད་ལ་སོགས་པའོ། །གཟི་བརྗིད་ནི་མཚན་ལ་སོགས་པ་ཕུན་སུམ་ཚོགས་པའོ། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །མཚན་མ་ནི་ཐུན་མོང་མ་ཡིན་པའི་དངོས་པོའི་མཚན་མའོ། །བྱེ་བྲག་ཤེས་པར་མ་ནུས་པས་ཞེས་བྱ་བ་ནི་ཁ་དོག་ལ་སོགས་པ་འདྲ་བ་ཙམ་དུ་དམིགས་པས་བློ་འཁྲུལ་པ་ཉིད་ཡིན་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ཡང་དེ་


DTG085_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ཉིད་ཐོབ་པར་བྱེད་པའི་སྙིང་རྗེ་ལ་སོགས་པ་བསྟན་པའི་ཕྱིར། ཇི་ལྟར་ན་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་མི་བྱའི་སྙམ་པའི་དོགས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་མདོ་སྡེ་གཞན་དག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ཐམས་ཅད་མ་བསྟན་པའི་ཕྱིར་ན་བསྟན་ཀྱང་མི་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་དང་ལོངས་སྤྱོད་རྫོགས་པར་སྤྲུལ་པའི་སྐུ་གསུམ་ལས་ཉམས་པ་ནི་གོ་རིམས་བཞིན་དུ་འཁོར་ལོས་སྒྱུར་བ་དང་ཁ་ཟས་རོ་བརྒྱ་པ་དང༌། ནོར་བུ་རིན་པོ་ཆེ་རིན་ཐང་མེད་པའི་དཔེས་བསྟན་པ་ཡིན་ནོ། །ཡུལ་རྣམས་མང་པོ་ལ་རྣམ་པར་རྟོག་པའི་སྤོབས་པ་འབྱུང་བ་བསྟན་པ་ནི། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཉེས་པ་རྣམ་པ་བཞི་བསྟན་པའི་དོན་དུ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་ཡེ་ཤེས་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །བྲིས་པར་སེམས་བ་ཞེས་བྱ་བ་ནི། ཡི་གེར་མངོན་པར་ཞེན་པའོ། །མེད་པའོ་ཞེ་འམ་ཞེས་བྱ་བ་ནི། དངོས་པོ་མེད་པ་ལ་མངོན་པར་ཞེན་པའོ། །ཡི་གེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པར་ཆགས་པ་འམ་ཞེས་བྱ་བ་ནི་ཡི་གེ་ལ་མངོན་པར་ཞེན་པའོ། །ཡི་གེ་མེད་པའོ་སྙམ་ན་ཞེས་བྱ་བས་ནི། ཡི་གེ་མེད་པ་ལ་མངོན་པར་ཞེན་པ་བཤད་པ་ཡིན་ནོ། །ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་བསྟན་པ་ནི་རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། དེ་ལ་ཡུལ་ནི་ཉམས་དགའ་བ་ལ་སོགས་པའོ། །གྲོང་ནི་ཁྱིམ་གཅིག་ལ་སོགས་པ་ཡོད་པའོ། །གྲོང་ཁྱེར་ནི་བཟོའི་བྱེ་བྲག་བཅོ་བརྒྱད་ཡོད་པའི་གནས་སོ། །གྲོང་རྡལ་ནི་ཚོང་པ་མང་པོ་ཡོད་པའི་གནས་ཀྱི་ཁྱད་པར་རོ། །ལྗོངས་ནི་རིགས་བཞི་གནས་པའི་ས་ཕྱོགས་སོ། །ཡུལ་འཁོར་ནི་ཙམ་ལ་སོགས་པའི་ཡུལ་ཆེན་པོ་རྣམས་སོ། །རྒྱལ་པོའི་ཕོ་བྲང་འཁོར་ནི་རྒྱལ་པོའི་ཕོ་བྲང་དང་བཅས་པའི་ཡུལ་ལོ། །ཀུན་དུ་སྟོན་པ་ནི་སྐྱེས་པའི་རབས་ལ་སོགས་པའོ། །ལ་གཅན་ནི་འཕྲང་བཙས་ཀྱི་གནས་སོ། །བི་ཤི་ཁ་ནི་ཡོ་བྱད་ཀྱི་ཁྱད་པར་རོ། །ཤི་བི་ཀ་ནི་ཁྱོགས་


DTG085_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའོ། །མཛའ་བ་དང་མི་མཛའ་བ་དང་ལྡན་པ་ནི་སྡུག་པ་དང་མི་སྡུག་པ་དང་བྲལ་བའོ། །འཕྲལ་གྱི་བྱ་བ་ཡིད་ལ་བྱེད་པ་ནི་རྟག་ཏུ་བྱ་བའོ། །ལ་གཅན་གྱི་ཆོ་ལོ་ལ་ལྟ་བ་ནི་ལ་གཅན་གྱི་གནས་སུ་ཤུགས་ལ་སོགས་པ་རྩེ་བ་ལ་བལྟ་བའོ། །ལྷག་མ་ནི་གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེ་བའོ། རྙེད་པ་དང་བཀུར་སྟི་དང༌། ཚིགས་སུ་བཅད་པའི་རོ་མྱང་བ་བསྟན་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་གི་རོ་མྱང་བ་ཞེས་བྱ་བ་ལ་རྙེད་པ་ནི་རིན་པོ་ཆེ་ལ་སོགས་པ་ཐོབ་པའོ། །བཀུར་སྟི་ནི་དཔལ་གྱི་དར་དཔྱངས་བཅིང་བ་ལ་སོགས་པའོ། །ཚིགས་སུ་བཅད་པ་ནི་སྙན་པའོ། །དེ་རྣམས་ཉམས་སུ་མྱོང་བར་བྱེད་པ་ནི་རོ་མྱང་བའོ། །ལམ་མ་ཡིན་པས་ཐབས་ལ་མཁས་པ་ཚོལ་བ་བསྟན་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྟོང་པ་ཉིད་ལ་སོགས་པ་དང་རབ་ཏུ་ལྡན་པ་དག་ལ་ཇི་ལྟར་འདོད་པ་མི་བསྐྱེད་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་འདི་ལྟར་མདོ་སྡེ་དེ་དག་ལས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཅུ་ཚན་གཉིས་པའོ། །འདིས་ནི་རེ་ཞིག་འདི་ལ་འཇུག་པའི་བར་ཆད་རྣམས་བཤད་པ་ཡིན་ནོ། །ད་ནི་འཇུག་པའི་དང་པོ་ཁོ་ནར་ཚོགས་དང་བྲལ་བར་བརྗོད་པར་བྱ་བ་ཡིན་ནོ། །དེས་ན་འདུན་པ་དང་སྙོམ་ལས་ཀྱིས་བྲལ་བའི་དོན་དུ་རབ་འབྱོར་གཞན་ཡང་ཆོས་ཉན་པ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདུན་པ་དང་ལྡན་པ་ཞེས་བྱ་བ་མངོན་པར་འདོད་པ་ཕུན་སུམ་ཚོགས་པའོ། །སྙོམ་ལས་བྱེད་པར་འགྱུར་ཏེ། ཞེས་བྱ་བ་ནི་ལེ་ལོ་དང་ལྡན་པ་སྟེ། བརྩོན་འགྲུས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །འདུན་པའི་ཡུལ་ཐ་དད་པས་བྲལ་བའི་དོན་དུ་རབ་འབྱོར་གཞན་ཡང་ཆོས་ཉན་པ་དག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་རྟོགས་པ་དང་ལྡན་པ་ནི་དོན་ལྷག་པར་རྟོགས་པ་དང་ལྡན་པས་སོ། །བློ་དང་ལྡན་པ་ནི་དོན་དེ་ཙམ་ཞིག་རྟོགས་པས་སོ། །དྲན་པ་དང་ལྡན་པ་ནི་ཡིད་གཞུངས་པ་དང་ལྡན་པས་སོ། །ཡུལ་གཞན་དུ་འགྲོ་བར་འགྱུར་ཞེས་པ་འདིས་ནི། ཉན་པ་པོ་འདུན་པའི་ཡུལ་ལས་སྟོན་པ་པོའི་འདུན་པའི་ཡུལ་གཞན་ཡིན་


DTG085_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྟོན་པ་ཡིན་ནོ། །མགོ་སྨོས་པས་གོ་བ་ཡིན་ཞེས་བྱ་བ་ནི། གཟུགས་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ན་གཟུགས་ལ་སོགས་པའི་ཕུང་པོར་ཡོངས་སུ་མི་ཤེས་པས་སོ། །རྣམ་པར་སྤྲོས་ཏེ་གོ་བ་མ་ཡིན་པ་ནི་གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ལ། དེའི་དོན་ཁོང་དུ་མ་ཆུད་པའི་ཕྱིར་རོ། །མི་ཤེས་པས་ནི་གཟུགས་རྣམ་པ་ཉི་ཤུའོ་ཞེས་སྨྲས་པ་ན་དེའི་དོན་ཁོང་དུ་མི་ཆུད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་སྨྲ་བ་དང་ཉན་པ་པོ་དག་སྦྱིན་པར་འདོད་པ་དང། ཡུལ་གཞན་དུ་འགྲོ་བར་འདོད་པ་ཉིད་ཀྱིས་འདུན་པའི་ཡུལ་ཐ་དད་པའི་ཕྱིར་རོ། །རྙེད་པ་ལྷུར་ལེན་པ་དང༌། འདོད་པ་ཆུང་བས་བྲལ་བའི་དོན་དུ་རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཟང་ཟིང་ལྷུར་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འགྲེས་འདི་ཉིད་ཀྱིས་ནི་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་མི་ལྡན་པ་དག་བརྗོད་པ་ཡིན་ཏེ། འདི་ལྟར་གོ་རིམས་བཞིན་དུ་རྙེད་པ་ལ་སོགས་པ་ལྷུར་ལེན་པ་ཉིད་ཀྱིས་ན། སྦྱངས་པའི་ཡོན་ཏན་དང་མི་ལྡན་པ་དང་འདོད་ཆེན་ཆུང་བ་ལ་སོགས་པ་ཉིད་ཀྱིས་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར་སྟོན་ཏོ། །དགེ་བ་དང་དགེ་བ་མ་ཡིན་པའི་ཆོས་ཉིད་ཀྱི་དོན་དུ་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དགེ་བའི་ཆོས་དང་ལྡན་པ་ཉིད་ཀྱིས་ན་དད་པའོ། །དེ་ལས་བཟློག་པས་ནི་མ་དད་པའོ། །འགྲེས་སུ་བསྟན་པ་འདི་ཉིད་ཀྱིས་ནི་སྟོང་པ་དང་སེར་སྣ་བྱེད་པ་གསུངས་པ་ཡིན་ཏེ། འདི་ལྟར་ནོར་ཡོངས་སུ་གཏོང་བར་འདོད་ལ་ཞེས་བྱ་བ་ནི་ཉན་པ་པོའི་གཏོང་བ་དང་སྨྲ་བར་མི་འདོད་ན་ཞེས་བྱ་བས་ནི་འཆད་པ་བོའི་སེར་སྣ་བཤད་པ་ཡིན་ནོ། །འདི་ཉིད་ཀྱིས་ནི་སྦྱིན་བ་དང་མི་ལེན་པ་བཤད་པ་ཡིན་ཏེ། འདི་ལྟར་སྔ་མ་བཞིན་དུ་ཉན་པ་པོའི་སྦྱིན་པ་དང་འཆད་བ་པོའི་འདོད་པ་ཆུང་བ་ཉིད་ཀྱིས་མི་ལེན་པ་སྟོན་ཏོ། །མགོ་སྨོས་པ་དང་རྣམ་པར་སྤྲོས་པས་གོ་བ་ཉིད་ཀྱི་དོན་དུ། རབ་འབྱོར་གཞན་ཡང་ཆོས་ཉན་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་ཁོང་དུ་ཆུད་པར་འདོད་པ་ཞེས་བྱ་བ་ནི་མགོ་སྨོས་པས་གོ་བ་ཉིད་ཡིན་པའི་ཕྱིར་དོན་རྟོགས་བར་འདོད་པའོ། །ཆོས་ཀྱི་བར་ཆད་དུ་གྱུར་པས་ཞེས་བྱ་བ་ནི་དམ་པའི་ཆོས་སྤོང་བར་བྱེད་


DTG085_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འཇུག་པས་སོ། །མདོ་སྡེ་དེ་དག་གླེགས་བམ་ལ་སོགས་པའི་ཚུལ་གྱིས་མེད་པའོ། །མི་འཇུག་ན་ཞེས་བྱ་བ་ནི་རྣམ་པར་སྤྲོས་པས་གོ་བ་ཉིད་ཡིན་པས་དེ་ཁོང་དུ་ཆུད་པའི་ལམ་དུ་མི་འགྲོ་བའོ། །ཆོས་སྨྲ་བ་མ་རྙེད་པ་ཞེས་བྱ་བ་ནི་ཆོས་འཆད་བ་དང་མ་ཕྲད་པའོ། །མི་མཐུན་པ་བརྗོད་པར་འགྱུར་རོ་ཞེས་བྱ་བ་ནི་བདག་གིས་མཉན་པར་མི་བྱའོ་ཞེས་མི་མཐུན་པའི་ཚིག་གོ །མདོ་སྡེ་ལ་སོགས་པའི་ཆོས་མངོན་པར་ཤེས་པ་དང་མངོན་པར་མི་ཤེས་པ་ཉིད་ཀྱི་དོན་དུ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཆད་པར་འདོད་པ་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པའི་ཆོས་མངོན་བར་ཤེས་པ་ཉིད་ཀྱིས་སྨྲ་བར་འདོད་པའོ། །ཉན་མི་འདོད་ན་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པའི་ཆོས་དེ་དག་ཉིད་མངོན་པར་མི་ཤེས་པ་ཉིད་ཀྱིས་ཉན་ཐོས་པར་མངོན་པར་འདོད་པ་དང་བྲལ་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བའི་བདུད་ཀྱི་ལས་ནི་འགྲེས་འདི་ཉིད་ཀྱིས་གསུངས་པ་ཡིན་ཏེ་འདི་ལྟར་སྨྲ་བར་འདོད་པ་ཞེས་བྱ་བ་འདིས་ནི་སེམས་ཅན་ལ་ཕན་གདགས་པའི་བསམ་པས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའོ། །ཉན་མི་འདོད་པ་ཞེས་བྱ་བ་འདིས་ནི་མི་མཐུན་བ་ལ་བརྟེན་པས་སྦྱིན་པ་ལ་སོགས་པ་དང་བྲལ་བར་སྟོན་པ་ཡིན་ཏེ། བཅུ་ཚན་གསུམ་པའོ། །ཐབས་ལ་མཁས་པ་དང་ཐབས་ལ་མཁས་པ་མ་ཡིན་པ་དང༌། གཟུངས་ཐོབ་པ་དང་མ་ཐོབ་བ་དག་དང་ཡི་གེ་འདྲི་འདོད་པ་དང༌། ཡི་གེར་འདྲི་མི་འདོད་པ་དག་དང༌། འདོད་པ་ལ་སོགས་པའི་འདུན་པ་དང་བྲལ་བ་དང་མ་བྲལ་བ་ཉིད་ཉན་པ་པོ་ཐོག་མར་བྱས་ཏེ། བསྟན་པ་ནི་རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་ཉན་པ་པོའི་གཉིད་ཆེ་བ་ལ་སོགས་པས་ལྕི་བར་གྱུར་པ་ཉིད་ཀྱིས་ཉན་མི་འདོད་པས་ནི་བཀག་པའི་ཡུལ་དང་ལྡན་པ་ལ་སོགས་པ་དང༌། ཆོས་སྨྲ་བའི་འཆད་འདོད་པ་ཉིད་ཀྱིས་ནི་མ་བཀག་པའི་ཡུལ་དང་ལྡན་པ་ལ་སོགས་པ་བརྗོད་པར་རིག་པར་བྱའོ། །ཇི་སྐད་དུ་བཤད་པའི་དོན་ཉིད་ཆོས་སྨྲ་བ་ཐོག་མར་བྱས་ཏེ་བསྟན་པ་ནི། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་གཉིད་ཆེ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ངན་སོང་གི་འགྲོ་བའི་ལས་ཕྱིར་ཕྱོགས་བའི་དོན་དུ་རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་དང་ཞེས་བྱ་བ་ལ་སོགས་པ་གསུམ་


DTG085_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ཏེ། འདི་ལྟར་སྡུག་བསྔལ་བའོ་ཞེས་བྱ་བ་ལ་དམྱལ་བའི་སྡུག་བསྔལ་ནི་མནར་མེད་པའི་ལུས་འབར་བ་ལ་སོགས་པའོ། །བྱོལ་སོང་གི་སྡུག་བསྔལ་ནི་གཅིག་ལ་གཅིག་ཟ་བ་ལ་སོགས་པའོ། །ཡི་དགས་ཀྱི་སྡུག་བསྔལ་ནི་བཀྲེས་པ་དང་སྐོམ་པ་ལ་སོགས་པའོ། །ལྷ་མ་ཡིན་ཐམས་ཅད་ཀྱི་སྡུག་བསྔལ་ནི་ཁྱབ་འཇུག་གི་འཁོར་ལོ་ལ་སོགས་པའི་འཇིགས་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི་སྐྱེ་བ་ལ་སོགས་པའི་འདུ་ཤེས་ཐམས་ཅད་དོ། །འདི་ཉིད་དུ་སྡུག་བསྔལ་མཐར་དབྱུང་བར་བྱའོ་ཞེས་བྱ་བའི་རྗེས་ཐོགས་ཉིད་ལ་དེ་ལྟར་ཐོས་ནས་སེམས་ཅན་གྱི་དོན་གྱི་ཕྱིར་ངན་སོང་དུ་འགྲོ་བ་ལས་ཀྱི་ཕྱིར་ཕྱོགས་བར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། བདེ་འགྲོར་འགྲོ་བ་ཡིད་བདེ་བའི་དོན་ནི། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མི་བརྟན་པ་ནི་རྒྱུན་ཆད་པས་སོ། །མི་རྟག་པ་ནི་སྐད་ཅིག་མའི་མི་རྟག་བས་སོ། །སྡུག་བསྔལ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པས་སོ། །འགྱུར་བའི་ཆོས་ཅན་ནི་འགྱུར་བའི་སྡུག་བསྔལ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་ཐམས་ཅད་མི་བརྟན་པ་ཞེས་བྱ་བ་ལ་སོགས་པ་ནི་འདུས་བྱས་ཐམས་ཅད་མི་རྟག་བ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་པར་ཤེས་བར་བྱའོ། །སྐྱོ་བར་བྱེད་པར་འགྱུར་ཏེ་ཞེས་བྱ་བ་ནི་འབྲས་བུ་དང་པོ་ལ་སོགས་པ་བདེ་འགྲོ་ལ་མངོན་པར་འདོད་པས་བྱང་ཆུབ་ཀྱི་སྤྱོད་པ་བྱེད་པ་ལས་ཕྱིར་ཕྱོགས་པར་བྱེད་པའོ། །ཕལ་ཆེར་དང་པོར་ཉན་པ་པོ་དང་ཕྱིས་འཆད་པ་པོ་ལ་ངེས་པར་བྱས་པའི་ཚོགས་པ་དང་མི་ལྡན་པ་བསྟན་ནས། ད་ནི་ཡང་དང་པོར་འཆད་པ་པོ་ཕྱིས་ཉན་པ་པོས་ངེས་པར་བྱས་པའི་ཆགས་པ་དང་མི་ལྡན་པ་བརྗོད་པ་ནི། བར་དུ་གཅོད་པའི་གོ་རིམས་མ་ངེས་པར་ཤེས་པར་བྱ་བའི་དོན་ཡིན་ནོ། །དེ་ལ་གཅིག་བུ་དང་འཁོར་ལ་མངོན་པར་དགའ་བ་ཉིད་ཀྱི་དོན་ནི། རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་གང་ཡིན་པ་དེ་ནི་གཅིག་པུ་མངོན་པར་དགའ་བར་འགྱུར་ལ། ཆོས་ཉན་པ་གང་ཡིན་པ་དེ་ཡང་འཁོར་ལྷུར་ལེན་པར་བྱེད་པར་འགྱུར་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འབྲང་བར་འདོད་པ་དང་གོ་སྐབས་མི་འབྱེད་པ་ཉིད་ཀྱི་དོན་ནི། ཆོས་སྨྲ་བ་དེ་ཡང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྙེན་པར་བྱེད་པ་ཞེས་བྱ་བ་ནི་རྗེས་སུ་འབྲང་བར་བྱེད་པའོ། །གོ་སྐབས་


DTG085_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པར་མི་འགྱུར་བ་དང་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་བྱའོ་ཞེས་སྨྲས་པ་དེ་སྦྱིན་པའི་གོ་སྐབས་འབྱེད་པར་མི་བྱེད་པའོ། །ཟང་ཟིང་ཅུང་ཟད་ཙམ་འདོད་པ་དང་དེ་སྦྱིན་པར་མི་འདོད་པ་ཉིད་ཀྱི་དོན་ནི་ཆོས་སྨྲ་བ་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྦྱིན་པར་མི་འདོད་པ་ཞེས་བྱ་བ་ནི་ཆོས་ཉན་པར་བྱེད་པ་ནོར་སྦྱིན་པར་མི་འདོད་པའོ། །སྲོག་གི་བར་ཆད་དུ་འགྱུར་བ་དང་བར་ཆད་དུ་མི་འགྱུར་བའི་ཕྱོགས་སུ་འགྲོ་བའི་དོན་དེ་ནི་གང་དང་གང་ན་མུ་གེ་དང་གྲུབ་པ་དང་བདེ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མུ་གེ་ཞེས་བྱ་བ་ནི་ཁ་ཟས་དཀོན་པ་ཉིད་ཀྱིས་སློང་མོ་རྙེད་པར་དཀའ་བའོ། །གྲུབ་པ་དང་བདེ་བ་མེད་པ་ཞེས་བྱ་བ་ལ་འདོད་པ་ཐོབ་པ་ནི་གྲུབ་པའོ། །འཚེ་བ་མེད་པ་ཉིད་ནི་བདེ་བ་སྟེ། དེ་གཉི་ག་མེད་བས་གྲུབ་པ་དང་བདེ་བ་མེད་པའོ། །སྲོག་གི་བར་ཆད་དུ་འགྱུར་བ་ཞེས་བྱ་བ་ནི་དབང་པོ་འགག་པར་བྱེད་པའོ། །ཕྱོགས་དེར་སྲོག་གི་བར་ཆད་དུ་འགྱུར་རོ་ཞེས་རིག་པ་ཞེས་བྱ་བ་ནི་ཁྱེད་པར་ཆད་མེད་པའི་ཕྱོགས་སུ་འགྲོ་བར་བྱའོ་ཞེས་བྱ་བ་ནི་ལྷག་མ་སྟེ། བཅུ་ཚན་བཞི་པའོ། །མུ་གེ་འབྱུང་བའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བའི་དོན་ནི། ཆོས་སྨྲ་བ་དེ་ཡང་རིགས་ཀྱི་བུ་དེ་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཞེས་བྱ་བ་ནི་བརྒྱ་ལ་ནའོ། །བསྙེན་པར་མི་བྱེད་དོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བར་མི་བྱེད་དོ་ཞེས་བྱའོ། །ཆོམ་རྐུན་ལ་སོགས་པས་དཀྲུགས་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བའི་དོན་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་སྲོག་ཆགས་ནི་སྡིག་པ་ལ་སོགས་པའོ། །གཅན་གཟན་ནི་གདོན་གདུག་པ་ཅན་ནོ། །མི་མ་ཡིན་པ་ནི་ཡི་དྭགས་ལ་སོགས་པའོ། །སྡིག་སྤྲུལ་ནི་སྦྲུལ་གདུག་པའོ། །དགོན་པ་ནི་འཇིགས་པ་ཅན་ནོ། །ཤ་ཟ་ནི་གནོད་སྦྱིན་ལ་སོགས་པ་ཤ་རློན་པ་ཟ་བའོ། །ཕྱིར་ལྡོག་པར་འགྱུར་རོ། །ཞེས་བྱ་བ་ནི་སླར་བཟློག་པར་བྱའོ། །ཁྱིམ་ལྟ་པ་དང་ཡིད་མི་བདེ་བའི་དོན་ནི། རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་དེ་མཛའ་བོའི་ཁྱིམ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཉེ་བར་བསྡུ་བའི་དོན་ནི་རབ་འབྱོར་དེ་ལྟར་བདུད་སྡིག་ཅན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བདུད་ཀྱིས་འབྱེད་པའི་རྒྱུ་ཞུས་པ་ནི་བཅོམ་ལྡན་


DTG085_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རྒྱུ་ཅིའི་སླད་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟ་དེ་ལྟ་བུར་ཐབས་སུ་སྦྱོར་ཞིང་ཞེས་བྱ་བ་ནི་སྔར་བཤད་པའི་རྣམ་པ་ལས་གཞན་པའི་ཐབས་ཀྱིས་བགེགས་བྱ་བའི་དོན་དུ་འབད་པའོ། །འབད་པ་ཆེར་རྩོལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དང་རྣམ་པར་དབྱེ་བ་ལ་འབད་པར་བགྱིད་པའོ། །རྒྱུ་སྟོན་པར་མཛད་པའི་ཕྱིར་རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཅོས་མ་ཉེ་བར་བསྒྲུབ་པའི་དོན་དུ་རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོ་སྡེར་གཏོགས་པ་ཞེས་བྱ་བ་ནི་མདོ་སྡེ་གཞན་དང་རྗེས་སུ་མཐུན་པའི་ཕྱིར་རོ། །མདོ་སྡེའི་ནང་དུ་ཆུད་པའི་དོན་རྣམ་པར་ངེས་པ་ལ་སོགས་པ་རང་གི་མདོ་སྡེ་ལ་སྣང་བའི་ཕྱིར་རོ། །བློ་ཆུང་བ། བློ་ཞན་པ། བློ་དམན་པ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་བརྟགས་པ་ལ་སོགས་པ་རང་བཞིན་གསུམ་ཡོངས་སུ་མ་ཤེས་པ་ཡིན་པར་བརྗོད་པར་བྱའོ། །ཡུམ་དང་འདྲ་བའི་མདོ་སྡེ་བསྒྲུབས་པས་ཐེ་ཚོམ་སྐྱེས་པའི་ཕྱིར་ཐེ་ཚོམ་ཟ་བར་འཇུག་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་འདོངས་པར་གྱུར་པ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་དགའ་བ་སྐྱེད་པ་བསྟན་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡང་དག་པའི་མཐའ་མངོན་དུ་བྱེད་ཅིང་ཞེས་བྱ་བ་ནི། ངེས་པར་འདིས་དེ་ལ་མངོན་པར་དགའ་བ་བསྐྱེད་པས་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བ་ཐོབ་པར་བྱེད་པའོ། །དེ་ལྟར་ན་ཉེས་པ་དྲུག་གོ །བདུད་ཀྱི་ལས་ཀྱི་རྣམ་པ་ཉུང་ཟད་ཅིག་བསྟན་ནས། གཞན་དག་བསྒྲེ་བར་བྱ་བའི་ཕྱིར། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནོར་བུ་རིན་པོ་ཆེ་ལ་དགྲ་མང་བའི་དཔེས་སྔར་གསུངས་པ་ཉིད་ངེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །དེ་ཅིའི་ཕྱིར་དགྲ་མང་བ་ཉིད་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལྟ་སྟེ་རྙེད་པར་དཀའ་ཞིང་རིན་ཆེ་བའི་སླད་དུ་སྟེ། ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ལེགས་པར་སྨྲས་སོ་ཞེས་བྱ་བ་ནི། རབ་འབྱོར་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བར་དུ་གཅོད་པ་མང་བ་ཉིད་ཡིན་ན་ཡང་དེ་བཞིན་


DTG085_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་མཐུ་ཉིད་ཀྱིས་རྙེད་པར་འགྱུར་བ་ནི། རབ་འབྱོར་འདི་ལྟར་བདུད་ཀྱི་ཉེས་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་མཐུར་ཡོངས་སུ་བརྟག་པའི་རྒྱུ་ཅི་ཞིག་ཡིན་སྙམ་པའི་དོགས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལ་བདུད་སྡིག་ཅན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། བདུད་ཀྱི་ལས་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པའོ།། །།དེ་བཞིན་གཤེགས་པ་རྣམས་བརྩོན་པ་ཆེར་མཛད་པ་ཉིད་དཔེས་གསལ་བར་བྱ་བའི་ཕྱིར། འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་བདེ་བར་རེག་པ་ལ་གནས་པ་ཞེས་བྱ་བ་ནི་མི་བདེ་བར་གནས་པའོ། །ཡིད་དུ་མི་འོང་བ་ཞེས་བྱ་བ་ནི་སེམས་ཀྱིས་མངོན་པར་མི་འདོད་པའོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། འདིས་ནི་བདག་ཅག་བསྐྱེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་ཁ་ཅིག་གིས་ཁ་ཟས་ལ་སོགས་པ་ཉེ་བར་སྟོན་པས་ལེགས་པར་བཟུང་བ་ལ། གཞན་རྣམས་ཀྱང་འཛིན་པ་དང༌། རྐུན་པོ་ལ་སོགས་པ་ལས་བསྲུང་བ་བྱས་པ་ཉིད་ཀྱིས་ལེགས་པར་སྦས་པ་ལས་སྦེད་པ་དང་ལུས་ཀྱི་དྲི་མ་ལ་སོགས་པ་བྱི་དོར་བྱས་བས་ལེགས་པར་བཅོས་པ་ལས་འཆོས་པའོ། །ཉམ་ཐག་པ་ནི་ཐོག་འབབ་པ་ལ་སོགས་པའོ། །ཡེ་འདྲོག་གམ་ཞེས་བྱ་བ་ནི་འགོ་བའི་ནད་ཐམས་ཅད་དོ། །མི་འདོད་པ་འབྱུང་བ་ཞེས་བྱ་བ་ནི་ཡིད་དུ་མི་འོང་བའི་དངོས་པོ་འབྱུང་བའོ། །དཔེས་བསྟན་པའི་དོན་ནི་རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་ཁམས་འདི་ན་བཞུགས་པ་ཉིད་ཡིན་པར་བཟུང་སྟེ། གང་གི་ཕྱིར་རྗེས་ཐོགས་སུ་འོག་ནས་འཇིག་རྟེན་གྱི་ཁམས་གཞན་དག་ན་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ཡིན་ན། བར་ཆད་བྱེད་པར་མི་འགྱུར་ཞེས་བྱ་བ་ནི་སྔར་ཇི་སྐད་བཤད་པའི་སྐྱོན་བཞི་བཅུ་རྩ་དྲུག་གི་ཚུལ་གྱིས་བར་ཆད་བྱེད་པར་མི་འགྱུར་བ་དེ་ལྟར་བརྩོན་པ་ཆེར་མཛད་དོ་ཞེས་སྔ་མ་དང་སྤྱར་རོ། །དེ་སྐད་དུ་ཡང༌། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །གོ་རིམས་བཞིན་དུ་ཡོན་ཏན་དང་སྐྱོན་དག་བླང་བ་དང་དོར་བའི་སྒོ་


DTG085_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྦྱོར་བ་བསྒོམ་པར་བྱ་བ་ནི་མཆན་ཉིད་ཤེས་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་སྐྱོན་གྱི་འོག་ཏུ། སྦྱོར་བ་རྣམས་ཀྱི་མཚན་ཉིད་བྱེད་པར་སྒྲུབ་པ་བཟུང་བས་ཤེས་པ་དང༌། ཁྱད་པར་དང༌། བྱེད་པའི་ངོ་བོ་ཉིད་དང༌། ལས་སུ་སྒྲུབ་པ་བཟུང་བས། ངོ་བོ་ཉིད་ཀྱི་བདག་ཅན་བརྗོད་པར་བྱའོ། །དེ་སྐད་དུ་ཡང༌། གང་གིས་མཚོན་ཏེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་དང་ཁྱད་པར་བྱེད་པ་སྟེ། ངོ་བོ་ཉིད་གང་མཚོན་བྱ་ཡང༌། །ཞེས་གསུངས་པ་ཡིན་ནོ། །དེ་ལ་རེ་ཞིག་ཤེས་པའི་མཚན་ཉད་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་བས་ཐ་དད་པ་ལས་ཐམས་ཅད་ཤེས་པ་ཉིད་ཀྱི་སྒོ་ནས། དེ་བཞིན་གཤེགས་པ་འབྱུང་བའི་ཤེས་པ་བསྟན་པ་ནི། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་རིགས་པ་དང་བྲལ་བ་ཡིན་ནོ་སྙམ་པའི་དོགས་པ། དེ་ཅིའི་ཕྱིར་ཞེན་ཞེས་བྱ་བས་བསུ་ནས། འདི་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བསྐྱེད་པར་མཛད་པས་ན་ཡུམ་མོ། །ཡང་དག་བར་གསོ་བ་མཛད་པས་ན་སྐྱེད་པའོ། །ཡང་དག་པར་སྐྱེད་པས་ན་ཐམས་ཅད་མཁྱེན་པ་ཉིད་སྟོན་པའོ། །འཇིག་རྟེན་ཀུན་ཏུ་སྟོན་པའོ་ཞེས་བྱ་བ་ནི། སྟོང་པ་ཉིད་ལ་སོགས་པའི་ཚུལ་གྱིས་ཐུགས་སུ་ཆུད་པར་བྱེད་པའི་ཕྱིར་རོ། །འདིར་རང་གི་སྡེ་པ་ཁ་ཅིག་ན་རེ་གང་གི་ཚེ་ཡེ་ཤེས་གཅིག་གིས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ལ་ཀུན་རྫོབ་ཏུ་ཅིག་ཅར་ཁྱབ་ན། དེའི་ཚེ་དངོས་པོ་རྣམས་ནི་འདི་ཙམ་དུ་ཟད་དོ་ཞེས་ཡོངས་སུ་བཅད་པས་མཐའ་ཡས་པར་ཁས་བླངས་པ་ལས་གནོད་དོ། །འདི་ལྟར་ཤེས་པ་གཅིག་ལ་ཞུགས་པའི་དངོས་པོ་ལས་གཞན་པའི་དངོས་པོ་མེད་དོ་ཞེས་དེ་ལྟར་ཡོངས་སུ་གཅོད་པ་ན་མཐའ་དང་ལྡན་པར་ཅི་ལྟར་མི་འགྱུར་ཞེས་ཟེར་རོ། །འདི་ལ་སྙིང་པོ་མེད་དེ། གལ་ཏེ་རེ་ཞིག་རྣམ་པར་ཤེས་པ་མེད་པ་ལ་བརྟེན་ཏེ། རྒོལ་ན་དེའི་ཚེ་ཐམས་ཅད་འབྲེལ་པ་མེད་དེ། འདི་ལྟར་དངོས་པོའི་རིགས་ཅུང་ཟད་ཡོད་པ་ཉམས་སུ་མྱོང་བ་ཇི་སྙེད་པ་དེ་ཐམས་ཅད་ནི་ཡོད་པ་ཡིན་པ་ཙམ་གྱིས་ཐམས་ཅད་མཁྱེན་པའི་ཐུགས་ཀྱིས་གཅོད་པའི་ཕྱིར་དེས་ཁྱབ་པ་ཡིན་ནོ་ཞེས་བསྙད་པ་ཡིན་གྱི། གཞན་དག་དང་འབྲེལ་བས་ཡུལ་ནོན་པའི་ཕྱིར་ཁྱབ་པ་ནི་མ་ཡིན་ནོ། །གང་གིས་དེ་དག་ཤེས་པ་གཅིག་གིས་


DTG085_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཅད་པའི་དབང་གིས་རང་གི་རང་བཞིན་མཐའ་མེད་པ་ཉིད་ཉམས་པར་འགྱུར་བ་ཤེས་པ་གཅིག་གིས་ཡོངས་སུ་བཅད་ཅེས་ཏེ། དེ་ཙམ་གྱིས་དངོས་པོ་རྣམས་ཀྱི་བདག་གི་རང་བཞིན་སྤང་བ་ཡང་མ་ཡིན་ནོ། །ཁྲ་བོ་ལ་སོགས་པ་བཀྲམ་པ་ན་སྔོན་པོ་དང་སེར་པོ་ལ་སོགས་པའི་དངོས་པོ་མང་པོ་ཅིག་ཅར་ཤེས་པ་གཅིག་གིས་དེས་པར་བྱ་བའི་ལུས་ཅན་རྣམས་དུ་མ་ཉིད་འདོར་བ་མ་ཡིན་ལ་ཕན་ཚུན་རྗེས་སུ་འཇུག་པ་ཡང་མ་ཡིན་གྱི་འོན་ཀྱང་དེ་དག་ཇི་ལྟར་ཡོད་པ་དེ་ཁོ་ན་ལྟར་ཤེས་པས་ཡོངས་སུ་བཅད་ད་རང་བཞིན་གཞན་གྱིས་ནི་མ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཡང་ཇི་ལྟར་ཡོད་པ་ཉིད་ཉམས་སུ་མྱོང་བ་དེ་ཁོ་ན་བཞིན་དུ་ཐམས་ཅད་མཁྱེན་པའི་ཐུགས་ཀྱིས་འཛིན་ཏོ། །ཕྱོགས་དང་མཚམས་རྣམས་སུ་སེམས་ཅན་ལ་སོགས་པའི་འཇིག་རྟེན་དུ་གནས་པ་ཡང་མཐའ་མེད་པ་ཡིན་པས་ན། མཐའ་མེད་པ་ཉིད་དུ་འཛིན་གྱི་མཐའ་དང་ལྡན་པར་གནས་པར་ནི་མ་ཡིན་པས་མཐའ་དང་ལྡན་པར་ཐལ་བར་གལ་འགྱུར། འདི་སྙམ་དུ་མ་ལུས་པར་ཁས་ལེན་པ་མཐའ་ཡོད་པར་ཇི་ལྟར་མི་འགྱུར་སྙམ་ན། དེ་ནི་ཡོད་པ་མ་ཡིན་ཏེ། གང་དུ་མ་ལུས་པ་འཛིན་པ་དེར་ངེས་པར་མཐའ་ཡོད་པར་འཛིན་ཏོ་ཞེས་བྱ་བའི་འབྲེལ་པར་གྱུར་བ་ཅི་ཞིག་ཡོད། །འདི་ལྟར་དངོས་པོ་ཅི་སྙེད་ཡོད་པ་དེ་རྣམས་ཀྱི་ནང་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མ་རིག་པའི་ཡོད་པ་ཉིད་ཉམས་སུ་མྱོང་བ་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། འོན་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རིག་བཞིན་པ་ཉིད་ནམ་སྐྱེས་བ་དང་འཇིག་པ་ཡིན་པས་གཅིག་ཀྱང་ཡོངས་སུ་དོར་བ་མེད་དོ་ཞེས་བྱ་བ་འདི་ནི་མ་ལུས་པར་འཛིན་པའི་དོན་ཡིན་ནོ། །འདི་ནི་དེ་རྣམས་ཀྱི་ཡེ་ཤེས་གཅིག་གིས་ཁྱབ་པ་ཡིན་ཏེ་གཞན་དུ་ན་དེ་རྣམས་ཀྱི་མ་ལུས་པར་སྒྲར་བརྗོད་པ་ཉིད་ཀྱང་ཁས་བླང་བར་མི་བྱ་སྟེ། མཐའ་དང་ལྡན་པར་ཐལ་བར་འགྱུར་བས་སོ། །དེས་ན་འདི་ནི་ཅིར་ཡང་མི་རུང་ངོ༌། །ཤེས་པ་གཅིག་ལ་ཞུགས་པའི་དངོས་པོ་ལས་གཞན་མེད་དོ་ཞེས་དེ་ལྟར་ཡོངས་སུ་བཅད་པའི་ཕྱིར་མཐའ་དང་ལྡན་པར་ཇི་ལྟར་མི་འགྱུར་ཞེས་གང་བརྗོད་པ་དེ་ཡང་ཡང་དག་བ་མ་ཡིན་ནོ། །ཤེས་པ་རྣམ་པ་མེད་པར་སྨྲ་བའི་ཕྱོགས་ལ་ཤེས་པའི་བདག་ཉིད་དངོས་པོ་རྣམས་ཞུགས་པ་ནི་མ་ཡིན་ནོ། །འོན་ཀྱང་ཡོད་པ་ཙམ་གྱིས་


DTG085_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རིག་པ་ཡིན་ནོ། །དངོས་པོ་རྣམས་ཤེས་པས་ཡོངས་སུ་བཅད་པའི་ངོ་བོ་ཉིད་ཀྱིས་མཐའ་མེད་པ་ཉིད་དུ་ཁས་ལེན་པ་ཡང་མ་ཡིན་ན། གང་གིས་ཤེས་པ་ཉིད་ཀྱིས་ད་རྣམས་མཐའ་དད་ལྡན་པར་ཐལ་བར་འགྱུར། འོན་ཀྱང་ཡུལ་གྱི་བཀོད་པ་མཐའ་ཡས་པ་ཉིད་ཀྱིས། སྣོད་ཀྱི་འཇིག་རྟེན་ནི་མཐའ་ཡས་པ་ཡིན་ལ། སེམས་ཅན་གྱི་འཇིག་རྟེན་ནི་གྲངས་མཐའ་ཡས་པ་ཉིད་ཀྱིས་ཀྱང་ཡིན་ནོ། །གང་གིས་གཟུང་བ་མ་ཡིན་པར་འགྱུར་བ། ཡུལ་གནོན་པ་ལ་སོགས་པ་མཐའ་མེད་པར་འགྱུར་པ་ཡིན་ན། གཟུང་བ་ཉིད་དུ་འགལ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་མཐའ་ཡོད་པ་ཉིད་དུ་མི་འཛིན་ན། ཐམས་ཅད་མཁྱེན་པར་ཅི་ལྟར་འགྱུར་ཞེ་ན། དེ་ཉིད་ཀྱི་ཕྱིར་ཏེ་གང་གི་ཕྱིར་འདི་མཐའ་དང་ལྡན་པ་ཉིད་དུ་མི་འཛིན་པ་དེ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པར་འགྱུར་ཏེ། གཞན་དུ་ན་དངོས་པོ་མཐའ་མེད་བ་ལ་མཐའ་ཡོད་བ་ཉིད་དུ་འཛིན་ན་འཁྲུལ་བར་འགྱུར་རོ། །འདི་ལྟར་གང་ཡོད་པ་དེ་ནི་ཡོད་པ་ཉིད་དུ་གང་མེད་པ་དེ་ནི་མེད་པ་ཉིད་དུ་འཛིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་མཐའ་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་གང་ཞིག་མཐའ་ཡོད་པར་རྟོགས་པར་བྱས་པའི་མེད་པ་ནི་མེད་པ་ཉིད་དུ་མཁྱེན་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱས་པའི་མཐའ་མེད་པ་ནི་ཡོད་པ་ཉིད་དུ་གཟིགས་པ་ནི་ཇི་ལྟར་ཐམས་ཅད་མཁྱེན་པ་མ་ཡིན་པ་ཞེས་བྱ། འདི་སྙམ་དུ་ཤེས་པ་རྣམ་བ་མེད་པའི་ཕྱོགས་ལ་ཡུལ་འཛིན་པར་མི་འཐད་དེ། དེ་ནི་ཐམས་ཅད་དུ་བྱེ་བྲག་མེད་པ་ཡིན་པའི་ཕྱིར་དེ་ལས་སོ་སོར་རྣམ་པར་འབྱེད་པ་མི་འཐད་པའི་ཕྱིར་རོ། །དེ་བས་ན་རྣམ་པ་མེད་པའི་ཕྱོགས་ནི་དགོད་པར་བྱ་བ་མ་ཡིན་པ་ཉིད་དེ་དེ་ནི་རྣམ་བ་ཐམས་ཅད་དུ་ཉེས་པ་དང་བཅས་པའི་ཕྱིར་རོ་སྙམ་ན་འདི་ནི་ལེགས་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ལས་སོ་སོར་རྣམ་པར་འབྱེད་པ་མི་འདོད་དེ་དེའི་ཡུལ་དངོས་པོ་ཐམས་ཅད་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་ནི་སྔོན་པོ་ཉེད་ཀྱི་རིག་བའམ་སེར་བོ་ཉིད་ཀྱི་རིག་པ་ཡིན་ནོ་ཞེས་མི་འདོད་དོ། །རྣམ་པ་མེད་པའི་ཕྱོགས་ལ་ཚུ་རོལ་མཐོང་བའི་ཤེས་པ་སོ་སོར་ངེས་པའི་ཡུལ་འཇན་པ་དེ་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་ལས་སོ་སོར་རྣམ་པར་འབྱེད་པ་མེད་པའི་ཉེས་པ་ཡོད་པར་བརྗོད་དེ། འདི་ལྟར་འདི་ནི་སྔོན་པོ་


DTG085_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་མྱོང་བ་ཡིན་གྱི། སེར་པོའི་མ་ཡིན་ནོ་ཞེས་ངེས་པ་མེད་པས། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པར་ཐལ་བར་སྒྲུབ་བར་བྱེད་དོ། །ཐམས་ཅད་མཁྱེན་པ་ལ་ནི་དེ་འདོད་པ་ཉིད་ཡིན་ན། དེ་ལ་མི་འདོད་པ་ཇི་ཞིག་སྒྲུབས། དེ་བས་ན་ཐམས་ཅད་མཁྱེན་པའི་སྐབས་སུ་རྣལ་འབྱོར་གྱི་སྟོབས་ཀྱིས་རྣམ་པ་མེད་པ་སྐྱེ་བ་ན་འགལ་བ་མེད་པ་ཉིད་ཡིན་ནོ། །བླང་བ་དང་དོར་བའི་དངོས་པོ་རྣམ་པར་ཕྱེ་ནས་ཡོངས་སུ་ཤེས་པར་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། གལ་ཏེ་དངོས་པོ་མཐའ་ཡས་པ་ཅིག་ཅར་སྣང་བ་ན་བླང་བ་དང་དོར་བའི་དངོས་པོ་རྣམས་སྣང་བ་འགལ་བར་འགྱུར་བའམ་མི་འགལ་ན་ཡང་དེ་གཞན་དག་དང་ལྷན་ཅིག་སྣང་བར་གྱུར་པ་ན་བླང་བ་དང་དོར་བའི་དངོས་པོའི་ངོ་བོ་ལས་ཉམས་པར་འགྱུར་བའམ་ངོ་བོ་ཉིད་ལས་མ་ཉམས་ན་ཡང་རྣམ་པར་ཕྱེ་ནས་སྣང་བར་མི་འགྱུར་བའམ་རྣམ་པར་ཕྱེ་བར་སྣང་ཡང་གལ་ཏེ་ཡོངས་སུ་གཅོད་པར་བྱེད་པ་དག་པ་འཇིག་རྟེན་པའི་རྣམ་པར་རྟོག་པའི་ཤེས་པ་རྗེས་ལས་ཐོབ་པར་འབྱུང་བར་མ་གྱུར་པ་ཡིན་ན་འདི་དག་ཐམས་ཅད་བརྗོད་དུ་རུང་བར་འགྱུར་ན། གང་གི་ཕྱིར་འགྲོ་བ་སྣ་ཚོགས་པ་སྣང་བ་བླང་བ་དང་དོར་བའི་དངོས་པོ་དེ་ཡང་སྣང་བ་མི་འགལ་ཞིང༌། རང་གི་ངོ་བོ་ཉིད་ལས་མ་ཉམས་པ་དང་རྣམ་པར་ཕྱེ་བ་ཡང་སྣང་བ་དང༌། ཕྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྟོབས་ལས་སྐྱེས་པའི་དག་པ་འཇིག་རྟེན་རྣམ་པར་རྟོག་པའི་ཤེས་པས་རྣམ་པར་གཅོད་པ་ཉིད་ཡིན་པ་དེས་ན་དེ་ཆར་ཕྱེ་བས། ཡོངས་སུ་མི་ཤེས་པ་ཅི་ལྟར་ཡིན། དེ་ལྟར་དེ་ནི་རེ་ཞིག་རྣམ་པ་མེད་པའི་ཤེས་པའི་ཕྱོགས་ལ་བརྩད་དུ་མི་རུང་བར་བསྟན་ཏོ། །འོན་ཏེ་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བའི་ཕྱོགས་ལ་རྒོལ་ན་དེ་ལྟ་ན་ཡང་འགལ་བ་མེད་པ་ཉིད་ཡིན་ཏེ། འདི་ལྟར་ཇི་ལྟར་དངོས་པོ་མཐའ་ཡས་པ་དེ་རྣམ་པ་མཐའ་ཡས་པ་དང་རྗེས་སུ་འབྲེལ་བའི་བདག་ཉིད་དུ་ཡོད་པར་ཉམས་སུ་མྱོང་བ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཐུགས་དེ་དངོས་པོ་དཔག་ཏུ་མེད་བར་རྟོགས་པའི་རྣམ་པ་ཉེ་བར་འཛིན་པར་སྐྱེ་བ་ན་འགལ་བ་མེད་པ་ཉིད་ཡིན་ཏེ། ཤེས་པ་གཅིག་དངོས་བོ་དུ་མ་ཉེ་བར་འཛིན་པར་སྐྱེ་བ་མི་འགལ་བ་ཡིན་པའི་ཕྱིར་རོ། །གཅིག་ལ་རྣམ་བ་དུ་མ་ཉིད་འགལ་བ་ཁོ་ནའོ་ཞེ་ན་མ་ཡིན་ཏེ། རྣམ་བ་རྣམས་ནི་བདེན་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་གཅིག་གི་རྣམ་བ་དོན་དམ་


DTG085_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པར་གྱུར་ན་ནི། དེའི་ཚེ་གཅིག་སྣ་ཚོགས་པ་ཉིད་དུ་འགྱུར་བས་འགལ་བ་ཡིན་ན། གང་གི་ཕྱིར་རྣམ་པ་རྣམས་ནི་བདེན་པ་མ་ཡིན་པ་ཁོ་ནའོ་ཞེས་འདོད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་འཁྲུལ་པའི་ཤེས་པ་དང་ལྡན་པས་ཐམས་ཅད་མཁྱེན་པ་འཁྲུལ་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མཁྱེན་པའི་ཕྱིར། ཉེས་པ་མེད་པ་ཁོ་ནའོ། །གལ་ཏེ་མི་བདེན་པ་ལ་བདེན་པ་ཉིད་དུ་འཛིན་ན་དེའི་ཚེ་འཁྲུལ་པར་འགྱུར་གྱི་གང་གི་ཚེ་མི་བདེན་པར་གྱུར་པའི་རྣམ་པ་ལ་མི་བདེན་པ་ཉིད་དུ་མཁྱེན་བ་དེའི་ཚེ་འཁྲུལ་པར་ཅི་ལྟར་འགྱུར། དོན་ལས་ཐ་དད་པར་ཤེས་པ་ལ་གནས་པའི་རྣམ་པ་འཛིན་པ་ན་དོན་ལ་མཐོང་བ་ལ་སོགས་པའི་ཐ་སྙད་དུ་བྱེད་བ་ཇི་ལྟར་འཁྲུལ་བ་མ་ཡིན་ཞེན་མ་ཡིན་ཏེ་ཡང་དག་པའི་ཐབས་མཁྱེན་པའི་ཕྱིར་རོ། །གལ་ཏེ་འཛིན་པའི་ཐབས་སུ་རིགས་པ་དོར་ནས་གཙོ་བོ་མ་ཡིན་པའི་ཐབས་གཞན་གྱིས་འཛིན་པ་དེའི་ཚེ་འཁྲུལ་བར་འགྱུར་བ་ཞིག་ན། གང་གི་ཕྱིར་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བའི་ཕྱོགས་ལ། རྣམ་པ་ཉམས་སུ་མྱོང་བ་ལས་མ་གཏོགས་པར་ཤེས་པ་ལ་དོན་འཛིན་པའི་བྱེད་པ་གཞན་མེད་པ་དེས་ན་དོན་གྱི་ཁྱད་པར་འཛིན་པའི་བྱེད་པ་རྣམ་པར་རིག་པས་དོན་འཛིན་པ་འཁྲུལ་པར་ཇི་ལྟར་འགྱུར། དེ་བས་ན་ཤེས་པ་དངོས་པོ་མཐའ་ཡས་བའི་རྣམ་པ་འཛིན་པར་སྐྱེ་བའི་ཕྱིར་ན་ཤེས་བྱ་བཞིན་དུ་སེམས་གཅིག་པོ་དེས་ཀྱང་དངོས་པོ་མཐའ་ཡས་པ་ལ་ཁྱབ་པོ་ཞེས་བརྗོད་དོ། །བདག་ཉིད་གང་གིས་ཤེས་པའི་བདག་ཉིད་ལ་དངོས་པོ་འཇོག་པ་དེ་ཉིད་དུ་ནི་དེའི་རྗེས་ལ་འབྱུང་བ་ངེས་པར་འཛིན་པའི་སེམས་ཀྱིས་ཀྱང་ཡོངས་སུ་རྗོད་པར་བྱེད་དོ། །ཐམས་ཅད་མཁྱེན་པའི་སེམས་ལ་ཚད་ཡོད་པ་དང་རྗེས་སུ་འབྲེལ་བའི་དངོས་པོ་གནས་པ་ནི་མ་ཡིན་ཏེ། འོ་ན་ཇི་ཞེ་ན་ཡོད་པ་ཉམས་སུ་མྱོང་བ་གང་ཇི་སྙེད་པ་དེ་མཐའ་དག་གནས་པ་ཁོ་ན་སྟེ། ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པ་ལ་དམིགས་པའི་དངོས་པོས་ནུས་པ་ཐོགས་པ་མེད་པ་ཡིན་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡང་ཐམས་ཅད་ཡིན་པའི་ཕྱིར་རོ། །དེ་བས་ན་ཐམས་ཅད་མཁྱེན་པའི་ཐུགས་ནི་དངོས་པོའི་རྣམ་པ་ཉུང་ཟད་ཉེ་བར་འཛིན་པ་ཡིན་པར་མི་སྐྱེ་བའི་ཕྱིར་དང༌། རྗེས་ལས་ཐོབ་པའི་དག་པ་འཛིན་བ་ངེས་པར་འཛིན་པའི་ཤེས་པས་ཀྱང་ཡུལ་གྱི་མཐར་ཐུག་པར་གནས་པ་


DTG085_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡོངས་སུ་མི་གཅོད་པའི་ཕྱིར། གང་གིས་མཐའ་ཅན་ཉིད་དུ་འགྱུར་བ་འདི་ཙམ་ཞིག་གོ་ཞེས་ཡོངས་སུ་གཅོད་པར་ཇི་ལྟར་འགྱུར། གང་སྣང་བཞིན་པ་ཉིད་ལས་གཞན་དག་མེད་དོ་ཞེས་དེ་ལྟར་ངེས་པར་འཛིན་པར་སྐྱེས་སུ་ཆུག་པ་དེ་ལྟ་ན་ཡང་མཐའ་ཡོད་པ་ཉིད་དུ་ཐལ་བ་མ་ཡིན་ཏེ། འདི་ལྟར་གལ་ཏེ་སྣང་བཞིན་པའི་དངོས་བོ་ནི་མཐའ་དང་ལྡན་པ་ཉིད་ཐམས་ཅད་མཁྱེན་པའི་ཐུགས་རྣམ་པར་རྟོག་པ་མེད་པ་ལ་སྣང་བ་ཡིན་ན་ནི་དེའི་ཚེ་རྗེས་ཐོབ་པ་དེས་པར་འཛིན་པའི་སེམས་ཀྱིས་དངོས་པོ་རྣམས་ལ་མཐའ་མེད་པ་ཉིད་རྣམ་པར་གཅོད་པ་དང༌། དེ་རྣམ་པར་གཅད་པས་ཀྱང་མཐའ་མེད་པ་ཉིད་ཉམས་པར་འགྱུར་བ་ཞིག་ན། གང་གི་ཕྱིར་ཐམས་ཅད་མཁྱེན་པའི་སེམས་ལ་སྣང་བཞིན་པའི་དངོས་པོ་མཐའ་མེད་པ་ཁོ་ནང་སྣང་བ་ཡིན་སྟེ་། ཐམས་ཅད་ནུས་པ་ཐོགས་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་གཞན་མི་སྣང་བ་ནི་མཐའ་དང་ལྡན་པ་ཁོ་ན་ཡིན་ལ་དེ་ཉིད་ཀྱང་ངེས་པར་འཛིན་པའི་སེམས་ཀྱིས་རྣམ་པར་གཅོད་པར་བྱེད་པའི་ཕྱིར་ན་ཤིན་ཏུ་གསལ་བར་ཁྱེད་ཀྱི་དངོས་པོ་རྣམས་མཐའ་མེད་པ་ཉིད་དུ་སྒྲུབ་པའི་ཕྱིར་འདི་ནི་གྱི་ནའོ། །གང་དག་རྣལ་འབྱོར་པའི་ཤེས་པ་ཐམས་ཅད་དམིགས་པ་མེད་པ་ཉིད་ཡིན་ན་ཡང་རྨི་ལམ་བདེན་པ་མཐོང་བ་དང་འདྲ་བར་དངོས་པོ་ལ་མི་སླུ་བ་ཉིད་ཀྱི་ཚད་མ་ཡིན་ནོ་ཞེས་ཁས་ལེན་པ་དེ་དག་ལ་ནི་མཐའ་དང་ལྡན་པར་རྒོལ་བའི་གོ་སྐབས་རྒྱང་བསྲིངས་པ་ཉིད་ཡིན་ནོ། །འདི་སྙམ་དུ་རྣལ་འབྱོར་པའི་ཤེས་པ་གང་ཟག་པ་མེད་བ་ཉིད་ཡིན་ན། བསྟན་བཅོས་ལས་ནི་སྤྱིའི་ཡུལ་ཅན་ཉིད་དུ་བཤད་ཀྱི་རང་གི་རང་གི་རང་ཉིད་ཡུལ་ཅན་དུ་ནི་མ་ཡིན་ན། དེ་ལྟར་སྤྱིའི་ཡུལ་ཅན་གྱི་རྣམ་པར་ཤེས་པས། དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ཉིད་རྟོགས་པར་འགྱུར་སྙམ་ན་རིགས་མི་མཐུན་པ་ལས་ལྡོག་པའི་རང་གི་མཚན་ཉིད་ནི་ཐ་མི་དད་པའི་རྣམ་པ་ཅན་གྱིས་ཤེས་པའི་རྒྱུ་ཡིན་པས། བསྟན་བཅོས་ལས་སྤྱིའི་མཚན་ཉིད་དུ་བཤད་དོ། །དེ་བས་ན་དེ་འཛིན་པར་བྱེད་པའི་རྣལ་འབྱོར་པའི་ཡེ་ཤེས་བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་བ་སྐྱེ་བ་ནི་རང་གི་མཚན་ཉིད་ཀྱི་སྤྱོད་ཡུལ་ཅན་ཡིན་པས་ཇི་ལྟར་ན་སྤྱིའི་ཡུལ་ཅན་དེས་རང་གི་མཚན་ཉིད་འཛིན་པར་འགྱུར་ཞེས་བྱ་བའི་འགལ་བ་མེད་པ་ཡིན་ནོ། །ཇི་ལྟར་ན་ཕན་ཚུན་འགལ་བཤེས་པ་གཅིག་གིས་འཛིན་པ་ཡིན་ཞེ་ན་དེ་བརྗོད་


DTG085_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། གལ་ཏེ་ཡང་དངོས་པོ་འགའ་ཞིག་ཕན་ཚུན་འགལ་པར་ཡོད་པ་དེ་ལྟ་ན་ཡང་དེ་དག་ཤེས་པ་ལ་ལྷན་ཅིག་པར་མི་འགལ་བ་ཉིད་ཡིན་ཏེ། མི་མཐུན་པའི་དོན་དུ་མ་ཤེས་པ་གཅིག་གིས་ཀྱང་ཅིག་ཅར་འཛིན་པ་དམིགས་བའི་ཕྱིར་རོ། །འདི་ལྟར་གང་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་དེ་རྣམས་གཅིག་ཏུ་འགྱུར་པ་འགལ་བ་དང་གང་ཡང་ལྷན་ཅིག་མི་གནས་པ་ན་འགལ་བ་ཡིན་ན། འདི་རྣམས་ཤེས་པ་གཅིག་ལ་སྣང་བས་གཅིག་ཏུ་འགྱུར་བའམ། ཕྱོགས་གཅིག་པ་ཉིད་དུ་ཐལ་བར་ནི་མི་འགྱུར་ཏེ། དེ་བས་ན་འདི་རྣམས་ཤེས་བ་གཅིག་ལ་སྣང་བ་ནི་འགལ་བ་མེད་དོ། །འགལ་བ་ཡིན་ཡང་ཤེས་པ་གཅིག་ལ་སྣང་བ་མཐོང་བ་ཡང་ཡིན་ཏེ། དཔེར་ན་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་གཙང་བ་དག་དང་ལྷན་ཅིག་ཏུ་མི་གནས་པ་སྤྲུལ་དང་རྨ་བྱ་དག་མིག་གི་རྣམ་པར་ཤེས་པས་ཅིག་ཅར་འཛིན་པ་ལྟ་བུའོ། །འདི་སྙམ་དུ་གལ་ཏེ་འགལ་བ་རྣམས་ཀྱང་ཤེས་པ་གཅིག་ལ་སྣང་བར་མི་འགལ་ན་དེ་ལྟར་གྱུར་ན་བདེ་བ་དང་སྡུག་བསྔལ་ལམ་འདོད་ཆགས་དང་ཞེ་སྡང་དག་ཤེས་པ་གཅིག་གིས་ཉམས་སུ་མྱོང་བར་སྲོག་ཆགས་རྣམས་ཀྱི་རྒྱུད་ལ་ཅིའི་ཕྱིར་མི་སྐྱེ་ཞེ་ན། བདེ་བ་ལ་སོགས་པ་དུས་གཅིག་ཏུ་མ་མྱོང་བ་གང་ཡིན་པ་དེ་ནི་རྒྱུ་མེད་པས་མ་སྐྱེས་པས་ན་བདེ་བ་ལ་སོགས་པ་ཉེ་བར་མི་གནས་བ་ཡིན་གྱི་འགལ་བའི་ཕྱིར་ནི་མ་ཡིན་ནོ་ཞེས་ངེས་པར་བྱའོ། །ཡང་ཇི་ལྟར་འདས་པ་དང་མ་འོངས་པའི་དངོས་པོ་འཛིན་པ་དེ་ལྟར་ནི་སྔར་བསྟན་ཟིན་ཏོ། །དངོས་དང་བརྒྱུད་པས་དེས་ཕན་གདགས་པར་བྱ་བ་འམ། དེ་ལ་ཕན་འདོགས་པར་བྱེད་པའི་རང་བཞིན་གྱིང་ལྟར་བ་ཉིད་རྟོགས་པ་ན་འདས་པ་དང་མ་འོངས་པ་དག་ཤེས་པ་ཡིན་ཏེ། ས་གཞི་དབེན་པ་རྟོགས་བ་ཉིད་བུམ་པ་མེད་པ་རྟོགས་པ་ཡིན་པ་བཞིན་ནོ། །དེ་ལྟར་གྱུར་ན་རྗེས་སུ་དཔག་པར་འགྱུར་བ་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་ལ་རྟགས་མེད་པའི་ཕྱིར་དང༌། ཁྱད་པར་ཐམས་ཅད་དང་ལྡན་པའི་ད་ལྟར་བྱུང་བ་ཉིད་མངོན་སུམ་དུ་གྱུར་པ་ཉིད་ཀྱིས་དེ་གཉིས་མངོན་སུམ་ཡིན་པའི་ཕྱིར་རོ། །ཤིན་ཏུ་སྤྲོས་བས་ཆོག་གོ །སྐྱེད་པར་མཛད་པ་ཉིད་གསལ་བར་བྱེད་པ་ནི། རབ་འབྱོར་དེ་བཞིན་གཤེགས་


DTG085_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་སྐྱེད་པར་མཛད་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་སྟོན་པར་བྱེད་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་རྟོགས་པར་བྱེད་པ་ཡང་ཡིན་ནོ། །འཇིག་རྟེན་མཁྱེན་བ་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པའོ། །མི་འཇིག་རབ་ཏུ་མི་འཇིག་པ། །ཞེས་བྱ་བ་ནི་སྐད་ཅིག་མ་དང་རྒྱུན་མི་རྟག་པ་དག་གིས་གོ་རིམས་བཞིན་དུ་མི་འཇིག་ཅིང་རབ་ཏུ་མི་འཇིག་ཅེས་བྱ་བའི་ཐ་ཚིག་གོ །དངོས་པོའི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་ན། དེ་དག་ཏུ་ཇི་ལྟར་མི་འགྱུར་སྙམ་བའི་དོགས་པ་དེ་ཅིའི་ཕྱིར་མི་འཇིག་རབ་ཏུ་མི་འཇིག་ཅེས་བྱ་བས་བསུ་ནས། རབ་འབྱོར་སྟོང་བ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་དུ་ན་ཕུང་བོ་ལ་སོགས་པ་ནི་ངོ་བོ་ཉིད་མེད་པའི་ཕྱིར། སྟོང་པ་ཉིད་ལ་སོགས་པ་ཉིད་ཡིན་པས་དངོས་པོའི་ཆོས་ཀྱི་རང་བཞིན་མེད་པ་ལ་སྐད་ཅིག་མ་དང༌། རྒྱུན་གྱིས་མི་རྟག་པ་ཡོད་པ་མ་ཡིན་གྱི། ཀུན་རྫོབ་ཏུ་ནི་དེ་དག་ཡོད་དོ་ཞེས་བྱ་བར་དགོངས་སོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་བསྟན་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དམ་བཅས་པའི་དོན་ངེས་པར་བྱ་བའི་དོན་དུ་དྲི་བར་མཛད་པ་ནི། རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལན་བཏབ་པ་ནི་སེམས་ཅན་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སེམས་ཅན་རྣམས་ནི་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སེམས་ཅན་གྲངས་མེད་པ་ལ་སོགས་པའི་ཚུལ་གྱིས་རབ་ཏུ་མཁྱེན་པའོ། །ཉེ་བར་བསྡུ་བ་ནི་རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཚུལ་འདི་ཉིད་ཀྱིས་དེ་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ཡོངས་སུ་མཁྱེན་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སེམས་ཅན་མེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་སེམས་ཅན་ཡོད་པ་མ་ཡིན་ཞིང་དེ་ཁོ་ན་ཉིད་དུ་དམིགས་སུ་མེད་པས་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་ཚད་མེད་པ་ལ་སོགས་པ་ཉིད་དུ་སེམས་ཅན་རྣམས་ཀྱི་སྤྱོད་པ་རབ་ཏུ་མཁྱེན་ཏོ། །སེམས་བསྡུས་པ་མཁྱེན་པ་ནི། རབ་


DTG085_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གཞན་ཡང་དེ་བཞིན་གཤེགས་པས་སེམས་བསྡུས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྡུས་པ་དང་བཅས་པ་ཟད་པ་ཉིད་དུ་དང་ཟད་པ་ཡང་མ་ཟད་པ་ཉིད་དུ་ཞེས་བྱ་བ་ནི། དེ་ལ་དམིགས་བས་ཆོས་ཉིད་ལ་ཞུགས་པ་ཡིན་པའི་ཕྱིར་བསྡུས་པའི་སེམས་དེ་ཀུན་རྫོབ་ཏུ་ཟད་པ་སྟེ། རྣམ་པར་འཇིག་པ་ཉིད་དུ་མཁྱེན་ལ། དོན་དམ་པར་ནི་ཟད་ཅིང་རྣམ་པར་འཇིག་པ་ཡང་མེད་པས་ན་མ་ཟད་པ་སྟེ། རྣམ་པར་མི་འཇིག་པ་དག་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་རྣམ་པར་གཡེངས་པ་མཁྱེན་པ་བསྟན་པའི་ཕྱིར་རབ་འཕྱོར་གཞན་ཡང་དེ་བཞིན་གཤེགས་པས་སེམས་རྣམས་པར་གཡེངས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཉིད་ལས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་ཉིད་ལས་ཏེ། དེ་ཡིད་ལ་མི་བྱེད་པས་ཀུན་རྫོབ་ཏུ་ཕྱི་རོལ་དུ་འཇུག་པའི་སེམས་ནི་རྣམ་པར་གཡེངས་པ་ཡིན་ལ་དོན་དམ་པར་ནི་མཚན་ཉིད་མེད་པ་སྟེ། ངོ་བོ་ཉིད་དང་བྲལ་བ་དང་སྐད་ཅིག་མའི་མི་རྟག་བ་ཉིད་ཀྱིས་མི་ཟད་པ་དང་རྒྱུན་གྱིས་མི་རྟག་པ་དང་བྲལ་བས་ན། རྣམ་པར་མི་ཟད་པ་དང༌། ཕྱི་རོལ་དུ་འགྲོ་བར་མི་སྲིད་པས་མ་གཡེངས་པ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་མི་ཟད་པའི་རྣམ་པ་མཁྱེན་པ་བསྟན་པ་ནི། རབ་འབྱོར་གཞན་ཡང་སེམས་ཅན་གཞལ་དུ་མེད་གྲངས་མེད་པ་དག་གི་སེམས་གཞལ་དུ་མེད་པ་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སེམས་གང་གི་ནམ་མཁའ་བཞིན་དུ་གཞལ་དུ་མེད་ཅིང་མི་ཟད་པ་ན། སེམས་ཅན་ཐམས་ཅད་ཀྱི་སེམས་གཞལ་དུ་མེད་ཅིང་མི་ཟད་པར་རང་གི་ཏིང་ངེ་འཛིན་གྱི་མེ་ལོང་གི་ངོས་ལ་སྣང་བས་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་བའོ། །དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོས་སེམས་དེ་འཁོར་བ་ཇི་སྲིད་ཀྱི་བར་དུ་བྱིན་གྱིས་བརླབས་པའོ། །འགག་པ་མེད་པ། སྐྱེ་བ་མེད་པ་གནས་པ་མེད་པ་ཞེས་བྱ་བ་ནི་ཅི་རིགས་པར་བྱས་ཀྱི་མཚན་ཉིད་རྣམ་པ་གསུམ་མེད་པའི་ཕྱིར་རོ། །དེ་བས་ན་ཆོས་ཅན་གྱི་ངོ་བོ་ཉིད་དང་མི་ལྡན་པའི་ཕྱིར་རྟེན་མེད་པའོ། །གཞལ་བར་མི་ནུས་པ་ཉིད་ཀྱིས་ན་གཞལ་དུ་མེད་པའོ། །ཆོས་ཀྱི་དབྱིངས་དང་འདྲ་བར་རྣམ་པར་འཇིག་


DTG085_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་འཐད་པས་ན་མི་ཟད་པའོ། །སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་མཁྱེན་པ་བསྟན་པ་ནི། ཀུན་ནས་ཉོན་མོངས་པར་གྱུར་པའི་སེམས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་གྱུར་པ་མ་ཡིན་ཞིང་ཞེས་བྱ་བ་ནི་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར། དེ་ཁོ་ན་ཉིད་དུ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་མཚན་ཉིད་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་སྙོན་རྨོངས་པར་གྱུར་པ་མ་ཡིན་ཞིང༌། ཉོན་མོངས་པ་མེད་པ་ཡིན་ལ། ཕྱིན་ཅི་ལོག་གི་སྟོབས་ཀྱིས་ནི་ཀུན་ནས་སྙོན་རྨོངས་ཤིང་ཉེ་བར་བཅོམ་པ་ཡིན་པའོ། །བརྡར་བཏགས་པ་མེད་པ་ཞེས་བྱ་བ་ནི་སོ་སོར་ངེས་པ་ལ་འཇུག་པའོ། །སེམས་འདོད་ཆགས་དང་བྲལ་བ་ལ་སོགས་པ་མཁྱེན་པ་བསྟན་པ་ནི། སེམས་ཀུན་ནས་སྙོན་རྨོངས་པར་མ་གྱུར་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་བཞིན་གྱིས་འོད་གསལ་བ་སྟེ། ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་སུ་འཁྲུལ་པའི་རྒྱུ་ལས་བྱུང་བ་ཉིད་ཀྱིས་ན་དེ་ལྟ་བུར་གྱུར་པའི་རྣམ་པར་མ་དག་པའི་སེམས་ཀྱང་རང་གི་ངོ་བོ་ཚད་མས་བརྟགས་ན་སྐྱེ་བ་མེད་པ་ལ་སོགས་པའི་ངོ་བོའི་བདག་ཉིད་དུ་རྟོགས་པ་ལ་གཞོལ་བ་དང་བཅས་པ་ཉིད་ཀྱིས་ན། གཉེན་པོ་སྐྱེས་པ་ལས་སླར་མི་བཟློག་ཅིང་འདོད་ཆགས་ལ་སོགས་གློ་བུར་བ་བསལ་བར་ནུས་པ་ཉིད་ཡིན་པའི་ཕྱིར། རང་བཞིན་གྱིས་འོད་གསལ་ཞིང་ཡོངས་སུ་དག་པའི་རང་གི་ངོ་བོ་ཙམ་ཡིན་ནོ། །དེ་ལྟར་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་དང༌། སེམས་འདོད་ཆགས་དང་བྲལ་བ་ལ་སོགས་པ་སྤྱིར་བསྟན་ནས་དེའི་ཐབས་གོ་རིམས་བཞིན་དུ་བསྟན་པའི་ཕྱིར། སེམས་གནས་པ་ལ་སོགས་པའི་འགྲེས་གཅིག་དང༌། སེམས་རབ་ཏུ་གཟུང་བ་ལ་སོགས་པ་གཉིས་གསུངས་སོ། །གཞི་མེད་པ་ལ་གནས་པ་ཞེས་བྱ་བ་ནི་གནས་པར་མི་འོས་པ་གཞི་མེད་པ་སྙོམས་པར་འཇུག་པའི་རོ་མྱང་བ་ལ་སོགས་པ་ལ། འདོད་ཆགས་ལ་སོགས་པའི་རྒྱུར་གྱུར་པ་ཉིད་ཀྱིས་ན་གནས་ཤིང་མངོན་པར་ཞེན་པའོ། །རབ་འབྱོར་སེམས་དེ་དག་ནི་གཟུང་བ་མེད་ཅིང་རབ་ཏུ་མི་གཟུང་བར་བྱ་བ་ཡིན་ཏེ་ཞེས་བྱ་བ་ནི་དེ་ལ་སེམས་རྒོད་པའམ་རྒོད་པར་དོགས་པ་ལ་སྐྱོ་བར་བྱ་བའི་དངོས་པོ་


DTG085_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱེད་པས། ཞི་གནས་ཀྱི་རྒྱུ་མཚན་དང་སེམས་ཞུམ་པའམ། ཞུམ་དུ་དོགས་པ་ལ་མངོན་པར་དགའ་བར་འགྱུར་བའི་དངོས་པོ་ཡིད་ལ་བྱེད་པ་རབ་ཏུ་འཛིན་པའི་རྒྱུ་མཚན་དང་སེམས་མཉམ་པ་ཐོབ་པ་ལ་ལྷུན་གྱིས་གྲུབ་པའི་ཡིད་ལ་བྱེད་པ། བཏང་སྙོམས་ཀྱི་རྒྱུ་མཚན་གཟུང་བར་བྱའོ། །དེ་ལྟར་ན་འདོད་ཆགས་དང་བྲལ་བ་ལ་སོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར། སེམས་རབ་ཏུ་གཟུང་བའོ། །ཡང་ན་གཟུང་བར་འོས་པ་ཉིད་ཀྱིས་གཟུང་བ་མ་ཡིན་ཞིང་ཡང་དང་ཡང་དུ་རབ་ཏུ་གཟུང་བར་བྱ་བ་མ་ཡིན་ནོ། །སེམས་དང་ཤེས་པ་དེ་དག་ཉིད་སྤྱིར་རྣམ་གྲངས་ཀྱིས་བསྟན་པ་ནི་གོ་རིམས་བཞིན་དུ་ཟག་པ་དང་བཅས་པའི་སེམས་རྣམས་ཞེས་བྱ་བ་ལ་སོགས་པ་གཅིག་དང་ཟག་པ་མེད་པའི་སེམས་རྣམས་ཞེས་བྱ་བ་ལ་སོགས་པ་འགྲེས་གཉིས་གསུངས་པ་ཡིན་ནོ། །རབ་འབྱོར་སེམས་དེ་དག་ནི་ངོ་བོ་ཉིད་མེད་ཅིང་མེད་པ་དང་འདྲ་བ་ཡིན་ཏེ། ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་སེམས་རྣམས་ནི་གཉེན་པོའི་ཕྱོགས་སྐྱེས་པས་བཟློག་བར་བྱ་བ་ཉིད་ཀྱིས་རང་གི་ངོ་བོ་ཉིད་མེད་པ་ཡིན་ལ། དེ་ལས་ཀྱང་མེད་པ་དང་མཚུངས་པ་ཡིན་ནོ། །རབ་འབྱོར་སེམས་དེ་དག་ནི་དངོས་པོ་མེད་པར་གཞོལ་བཞེས་བྱ་བ་ནི་ཟག་པ་མད་པའི་སེམས་རྣམས་ནི་མཐོང་བ་དང་བསྒོམ་པས་སྤངས་པར་བྱ་བའི་ཉོན་མོངས་པ་མེད་པའི་མཐར་ཐུག་པ་ཡིན་ནོ། །དེ་བས་ན་རང་གི་ངང་གིས་རྒྱུད་ཡོངས་སུ་དག་པར་འཇུག་པས་ན་ལྷུན་གྱིས་གྲུབ་པའོ། །ཡང་དེ་དག་ཉིད་ཀྱི་རབ་ཏུ་དབྱེ་བ་དྲུག་ནི་འདོད་ཆགས་དང་བཅས་པའི་ཞེས་བྱ་བ་ལ་སོགས་པའི་འགྲེས་ཀྱིས་གསུངས་སོ། །སེམས་ཀྱི་འདོད་ཆགས་དང་བཅས་པའི་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཀྱི་འདོད་ཆགས་དང་བཅས་པ་འདི་ཉིད་གང་ཡིན་པ་སོ་སོའི་སྐྱེ་བོའི་ཡུལ་ལ་ཆགས་པའི་རང་བཞིན་ཉིད་དེ་ནི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །རང་གསལ་བའི་རང་བཞིན་ནི་རིགས་པས་སྒྱུ་མ་ངང་འདྲ་བར་འགྱུར་བ་ཡིན་ཏེ། བསལ་བར་ནུས་པ་དང་མི་ནུས་པ་ཉིད་ཀྱིས་འདི་དག་གོ་རིམས་བཞིན་གཡོ་བ་དང་མི་གཡོ་བ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འཕགས་པ་རྣམས་ཀྱི་གཉེན་པོ་བསྒོམས་པས་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ཟག་པ་མེད་པའི་རང་བཞིན་གང་ཡིན་པ་དེ་ནི། འདོད་ཆགས་དང་བཅས་


DTG085_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ཏེ། དེ་ནི་གཉེན་པོའི་ཕྱོགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་མ་དག་པའི་གནས་སྐབས་སུ་ཀུན་རྫོབ་ཏུ་འདོད་ཆགས་དང་བཅས་པའི་སེམས་ནི། རབ་འབྱོར་སེམས་ཀྱི་བྲལ་བ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སེམས་ཀྱི་བྲལ་བ་སྟེ། འདོད་ཆགས་དང་བྲལ་བའི་གནས་སྐབས་གང་ཡིན་བ་དེ་ནི་སོ་སོའི་སྐྱེ་བོའི་འདོད་ཆགས་དང་བཅས་པ་སྟེ། ཆགས་པའི་གནས་སྐབས་མ་ཡིན་ཏེ་དེ་གཉིས་ངོ་བོ་ཉིད་ཐ་དད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འདོད་ཆགས་དང་བྲལ་བའི་རྣམ་པར་རྩེ་བཅིལ་བ་ལ་སོགས་པའི་སྤངས་པས། འདོད་ཆགས་དང་བྲལ་བའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་ཉིད་གང་ཡིན་པ་དེ་ནི་དབེན་པའི་བདག་ཉིད་དུ་རྟོགས་པ་ཉིད་ཀྱིས་དེ་སེམས་ཀྱི་འདོད་ཆགས་དང་བཅས་པ་ཉིད་མ་ཡིན་ནོ། །དེ་བས་ན་དབེན་པའི་གནས་སྐབས་སུ་སེམས་འདོད་ཆགས་དང་བྲལ་བ་ཡིན་ནོ། །དེ་བཞིན་དུ་ཞེ་སྡང་དང་བཅས་པ་ལ་སོགས་པའི་འགྲེས་ཀྱིས་གཞུང་ལྷག་མ་རྣམས་ཀྱང་འདི་ཉིད་ཀྱི་རྗེས་སུ་འབྲངས་ནས་བཤད་པར་བྱའོ། །སེམས་རྒྱ་ཆེན་པོ་མཁྱེན་པ་ཉིད་བསྟན་པ་ལྡོག་པ་དང་འཇུག་པའི་སྒོ་ནས་འགྲེས་གཉིས་སུ་འགྱུར་བ་ནི། སེམས་རྒྱ་ཆེན་པོ་མ་ཡིན་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་འབྱོར་སེམས་དེ་དག་ནི་ཀུན་ནས་སློང་བ་དང་མི་ལྡན་པ། ཀུན་ནས་སློང་པ་མེད་པར་རྟོགས་པ་སྟེ། ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་སྐྱེ་བ་མེད་པས་རྒྱུ་དང་འབྲེལ་པ་སྟོང་པ་ཉིད་ཡིན་པའི་ཕྱིར་ཀུན་ནས་སློང་བ་དང་མི་ལྡན་པའོ། །འབྱུང་བ་དང་བྲལ་བ་ཡིན་པས་འདོད་པ་ལ་སོགས་པའི་ཁམས་དང་མ་འབྲེལ་བ་ཉིད་ཡིན་པའི་ཕྱིར། སེམས་དེ་དག་ནི་ཀུན་ནས་སློང་བ་མེད་པར་རྟོགས་པའོ། །དེ་ལྟར་མ་དམིགས་པས་རྒྱ་ཆེན་པོ་མ་ཡིན་པའོ། །རབ་འབྱོར་སེམས་དེ་དག་ནི་མི་འབྲི་མི་འཕེལ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་འཇིག་པ་མེད་པས་མི་འབྲི་ཞིང་སྐྱེ་བ་མེད་པས་མི་འཕེལ་ལོ། །དེ་ཉིད་ཀྱིས་ན་འགའ་ཞིག་ཏུ་འགྲོ་བས་བྲལ་བ་མེད་པའི་ཕྱིར་རྣམ་པར་བྲལ་བ་མེད་པ་སྟེ། དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། སེམས་རྒྱ་ཆེན་པོ་ཞེས་བྱའོ། །སེམས་ཆེན་པོར་གྱུར་བ་མཁྱེན་པ་ལྡོག་པ་དང་འཇུག་པའི་སྒོ་ནས་འགྲེས་གཉིས་ཀྱིས་བསྟན་པ་ནི། སེམས་ཆེན་པོར་གྱུར་པ་མ་


DTG085_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་བ་ཡིན་ཏེ། རབ་འབྱོར་སེམས་དེ་དག་ནི་འོང་བ་མེད་པ། འགྲོ་བ་མེད་པ་མ་གཏོགས་པ་ཞེས་བྱ་བ་ནི་འབྲས་བུ་ཡོད་པ་བཀག་པས་འདས་པའི་དུས་དེ་ནས་འོངས་པ་དང་བྲལ་བ་ཡིན་པའི་ཕྱིར། སེམས་དེ་དག་ནི་འོང་བ་མེད་པའོ། །རྣམ་པ་ཐམས་ཅད་དུ་འཇིག་པ་མ་ཡིན་པས་མ་འོངས་པའི་དུས་སུ་ཡང་འགྲོ་བར་མི་འཐད་པས་འགྲོ་བ་མེད་པའོ། །ད་ལྟར་གྱི་དུས་སུ་ཡང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བསམ་གཏོགས་པ་སྟེ། དེ་ལྟར་ན་ཆེན་པོར་གྱུར་བ་མ་ཡིན་པ་ཡིན་ནོ། །རབ་འབྱོར་སེམས་དེ་དག་ནི་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ་ངོ་བོ་ཉིད་མཉམ་བའོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་མ་སྐྱེས་པའི་ངོ་བོ་ཉིད་ཡིན་བའི་ཕྱིར། བདག་ལ་སོགས་པ་དངོས་པོ་མེད་པ་དང་མཉམ་པ་ཉིད་ཀྱིས་ནས་སེམས་དེ་དག་ནི་མཉམ་པ་ཉིད་ཀྱིས་མཉམ་པ་ཡིན་ལ། ཡང་དག་པའི་ཀུན་རྫོབ་ཏུ་ནི་ཡོན་ཏན་ཐམས་ཅད་ཐོབ་པའི་ཚུལ་གྱིས་རབ་ཏུ་སྣང་བས་སྒྱུ་མའི་ངོ་བོ་ཉིད་ཀྱིས་མཉམ་སྟེ། དེ་ལྟར་ན་ཆེན་པོར་གྱུར་པ་ཡིན་ནོ། །སེམས་ཚད་མ་མེད་པ་མཁྱེན་པ་བསྟན་པ་ནི། སེམས་ཚད་མ་མེད་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟེན་མེད་བས་ཞེས་བྱ་བ་ནི་དེ་རྣམས་ལ་སོ་སོར་ངེས་པའི་རྟེན་ཡོད་པ་མ་ཡིན་པས་ཚད་མེད་པའོ། །སེམས་བསྟན་དུ་ཡོད་བ་མཁྱེན་པས་སྟོན་པས། སྔ་མ་བཞིན་དུ་འགྲེས་གཉིས་གསུངས་པ་ནི། སེམས་བསྟན་དུ་ཡོད་པ་རྣམས་ཞེས་བྱ་བ་ལ་སོགས་པའོ། །རབ་འབྱོར་སེམས་དེ་དག་དང་སེམས་ཀྱི་ངོ་བོ་ཉིད་ནི་མཉམ་བར་བསྟན་པ་ཡིན་ཏེ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་བདག་ཉིད་དུ་ཡང་དག་པར་རིག་པས་ན་མཉམ་པར་བསྟན་པ་སྟེ། ཤེས་པ་ཐམས་ཅད་ཀྱིས་མཚུངས་པར་དམིགས་པའི་ངོ་བོ་ཉིད་ཡིན་ཏེ། དགེ་བ་དང་མི་དགེ་བའི་བག་ཆགས་རྣམས་ཀྱིས་བསགས་པ་ཡིན་པའི་ཕྱིར་ན། སེམས་ཀྱི་ངོ་བོ་ཉིད་ཡིན་ནོ། །དེ་ལྟར་ན་བསྟན་དུ་ཡོད་པ་ཡིན་ནོ། །རབ་འབྱོར་མཚན་ཉིད་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ནི། དེ་ཁོ་ན་ཉིད་དུ་ནད་ལྟར་བྱུང་བའི་རང་གི་ངོ་བོ་དང་བྲལ་བས། མཚན་ཉིད་མེད་བ་ཉིད་ཡིན་པའི་ཕྱིར་དང༌། འདས་པ་དང་མ་འོངས་པའི་རང་བཞིན་དག་དང་ལྷན་ཅིག་གོ་རིམས་བཞིན་དུ་འབྲས་བུ་དང་རྒྱུར་འབྲེལ་བ་མི་འཐད་པས། དོན་གྱིས་དབེན་


DTG085_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཡིན་པའི་ཕྱིར་ཤ་ལ་སོགས་པའི་སྤྱན་གསུམ་པོ་འམ་ཐམས་ཅད་ལ་སྟེ་ལྔ་པོ་རྣམས་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱིས་ན། སྣང་བར་མ་གྱུར་པའི་སེམས་བལྟར་མེད་བ་ཉིད་དོ། །དེ་ལྟར་བསྟན་དུ་མེད་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་ཤེས་པ་ཉིད་ཐོགས་པ་དང་བཅས་པ་ལ་སོགས་པ་ཉིད་ཀྱིས་ན་རྣམ་པ་ཅི་ཞིག་ལྟར་ལྡོག་པར་བརྗོད་དོ་ཞེས་བསྟན་པའི་དོན་དུ་ཐོགས་པ་དང་བཅས་པའི་སེམས་ཞེས་བྱ་བ་ལ་སོགས་པ་འགྲེས་བརྒྱད་གསུངས་པ་ནི་སེམས་དེ་དག་ནི་མེད་བ་ལ་ཀུན་བརྟགས་པ་སྟེ། ཞེས་བྱ་བ་ལ་སོགས་པའོ། །མེད་པ་སྟེ་སྐྱེ་བ་ལ་སོགས་པའི་ཚུལ་དུ་ཡོད་པ་མ་ཡིན་བའི་ཚུལ་གྱིས་ན་ཀུན་ཏུ་བརྟགས་ཤིང་སྒྲོ་བཏགས་པའི་སེམས་ནི་སྟོང་པ་ཡིན་ཞིང༌། ངོ་བོ་ཉིད་མེད་པ་ཡིན་ལ་ཀུན་རྫོབ་ཏུ་ནི་དམིགས་པའི་དབང་དུ་གྱུར་པ་སྟེ། དམིགས་པའི་གཞན་དབང་ཅན་ཡིན་ནོ། །དེ་ལྟར་ཚད་མ་དང་འགལ་བ་ཉིད་ཡིན་པའི་ཕྱིར་ཐོགས་པ་དང་བཅས་པའོ། །རབ་འབྱོར་སེམས་དེ་དག་ནི་གཉིས་སུ་མེད་བ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་དང་མེ་སྐྱེ་བ་དང་བྲལ་བ་ཉིད་ཀྱིས་ན་གཉིས་སུ་མེད་པར་གྱུར་པའོ། །དེ་ཁོ་ན་ཉིད་དུ་མ་བྱུང་བ་ཉིད་ཀུན་རྫོབ་ཏུ་བྱུང་བ་ཡིན་པས་མ་བྱུང་བ་ཀུན་ཏུ་བྱུང་བའོ། །དེ་ལྟར་ཚད་མས་འཐད་པ་ཉིད་ཡིན་པའི་ཕྱིར་ཐོགས་བ་མེད་པའོ། །རབ་འབྱོར་སེམས་བླ་ན་ཡོད་པ་ཡང་དག་བ་ཞེས་བྱ་བ་ལ་སོགས་པ་ལ་བདག་ལ་སོགས་པར་མངོན་པར་ཞེན་པས་བླ་ན་ཡོད་ཅིང་དམན་པའི་གནས་སྐབས་ཐོབ་པའི་སེམས། ཡང་དག་པ་ཇི་ལྟ་བ་ཉིད་དེ་བདག་མེད་པ་ལེགས་པར་རྟོགས་པ་ཉིད་གང་ཡིན་པ་དེ་ལ་རློམ་སེམས་མེད་དེ་འཇིག་ཚོགས་ལ་སོགས་པའི་ལྟ་བ་ལ་ཉེ་བར་དམིགས་པ་ཡོད་པ་མ་ཡིན་ནོ། །དེ་བས་འདི་ལྟར་དེ་ནི་ཀུན་རྫོབ་ཏུ་བླ་ན་ཡོད་བ་དང་བཅས་པ་ཡིན་ནོ། །རབ་འབྱོར་སེམས་དེ་དག་ནི་རྡུལ་ཕྲ་རབ་ཙམ་ཡང་ཞེས་བྱ་བ་ལ་སོགས་པས། གང་གི་ཕྱིར་སེམས་ཀྱི་རང་བཞིན་དག་ནི་དོན་དམ་པར་དངོས་པོ་རྡུལ་ཕྲ་རབ་ཙམ་ཡང་མི་དམིགས་པ་ཡིན་ལ། དེ་བས་ན་སོ་སོའི་སྐྱེ་བོའི་གནས་སྐབས་སུ་འཆང་རྒྱ་བ་ཉིད་ཀྱི་གནས་སྐབས་དང་འདྲ་བར་རང་བཞིན་གྱིས་རྣམ་བར་བྱང་བའི་ངོ་བོ་ཉིད་ཡིན་པས། གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་སྤྲོས་པ་མེད་པ་ཡིན་ཏེ། དེ་ལྟར་དེ་ཁོ་ན་ཉིད་དུ་སེམས་བླ་ན་མེད་པ་ཡིན་ནོ། །རབ་འབྱོར་སེམས་དེ་དག་ནི་


DTG085_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་ལ་སོགས་པའི་ཉེས་པ་དག་ནི་མི་མཉམ་པ་ཡིན་པས། མི་མཉམ་པའི་གཟུང་བ་དང་མཉམ་པ། དེ་འཛིན་པར་བྱེད་པ་ཉིད་ཀྱིས་ཕྱི་རོལ་དུ་འཇུག་པའི་སེམས་ནི་རྣམ་པར་གཡེང་བ་ཡིན་པས་སེམས་མཉམ་པར་གཞག་པར་མ་བྱས་པ་ཉིད་ཀྱིས་ན། རྩེ་གཅིག་ཏུ་མ་བྱས་པ་ཡིན་ཏེ། དེ་ལྟར་སེམས་མཉམ་པར་མ་བཞག་པ་ཡིན་ནོ། །རབ་འབྱོར་སེམས་དེ་དག་ནི་མཉམ་པ་དང་མཉམ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། ཉེས་པའི་མི་མཉམ་པ་ཐམས་ཅད་འཐད་པ་མ་ཡིན་པས་མཉམ་པ་ནི། ཆོས་ཀྱི་དབྱིངས་ཡིན་ལ། དེ་དང་ལྷན་ཅིག་སྐྱེ་བ་མེད་ལ་སོགས་པ་ལས་མཚུངས་པའི་ཕྱིར་མཉམ་པའོ། །རྣམ་པར་གཡེང་བ་ལས་ཕྱིར་བཅོས་པས་ན་མཉམ་པར་བཞག་པ་སྟེ། དེ་ལྟར་མཉམ་པར་བཞག་པའི་སེམས་ནི་དེ་ཁོ་ན་ཉིད་དུ་ན་ཡོད་པ་མ་ཡིན་པའི་ངོ་བོ་ཉིད་ཡིན་པས། ནམ་མཁའ་དང་མཚུངས་སོ། །རབ་འབྱོར་སེམས་དེ་དག་ནི་རང་བཞིན་གྱིས་རྣམ་པར་གྲོལ་བ་སྟེ། ཞེས་བྱ་བ་ལ་སོགས་པ་ལ་རིགས་པའི་རྗེས་སུ་འགྲོ་བའི་སྐྱེ་བ་དང་བྲལ་བ་ཉིད་ཡིན་པའི་ཕྱིར། སེམས་དེ་དག་ནི་རང་བཞིན་གྱིས་རྣམ་པར་གྲོལ་བའོ། །མེད་པར་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར། ངོ་བོ་ཉིད་མེད་པའི་རང་བཞིན་ནོ། །དེ་བས་ན་འཆིང་བ་སྔོན་དུ་འགྲོ་པའི་འགྲོལ་བ་མེད་པས་ན། སེམས་མ་གྲོལ་བ་ཡིན་ནོ། །སེམས་ནི་ཞེས་བྱ་བ་ལ་སོགས་པ་གང་གི་ཕྱིར་སེམས་ནི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བས་དུས་གསུམ་པའི་སེམས་མེད་པའི་ཕྱིར། དེ་བཞིན་གཤེགས་པས་མ་དམིགས་པ་དེ་པས་ན་རང་བཞིན་གྱིས་སྒྲིབ་པ་གཉིས་དང་ཕྲལ་བའི་ཕྱིར་རྣམ་པར་གྲོལ་བ་ཡིན་ནོ། །རབ་ཏུ་དབྱེ་བ་བསྟན་ནས་ད་ནི་སེམས་བལྟར་མེད་བ་བསྟན་པའི་ཕྱིར་སེམས་བལྟར་མེད་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་འབྱོར་མེད་པའི་ཕྱིར་སེམས་དེ་བལྟར་མེད་པ་དང་ཞེས་བྱ་བ་ནི། ཀུན་བརྟགས་པའི་སེམས་ནི་མཚན་ཉིད་སྟོང་པ་ཉིད་ཀྱིས་ན་མེད་པའི་བལྟར་མེད་པའོ། །མ་བྱུང་བ་ནི་རྣམ་པར་མ་རིག་པའོ་ཞེས་བྱ་བ་ནི་གཞན་གྱི་དབང་ནི་རྒྱུ་མེད་པས་མ་བྱུང་བའི་ཕྱིར། རྣམ་པར་རིག་བར་བྱར་མེད་པའོ། །ཡོངས་སུ་མ་གྲུབ་བས་ན་གཟུང་དུ་མེད་བ་ཞེས་བྱ་བ་ནི། ཡོངས་སུ་གྲུབ་


DTG085_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་ནི་ངོ་བོ་ཡོད་པ་མ་ཡིན་པ་ཉིད་ཀྱིས་ཡོངས་སུ་གྲུབ་པ་ཡིན་བའི་ཕྱིར་གཟུང་དུ་མེད་པ་སྟེ། རེ་རེ་ཞིང་ཤེས་རབ་ཀྱི་མིག་ལ་སོགས་པ་གསུམ་གྱིས་ཞེས་བྱ་བར་སྦྱར་བ་འམ་སངས་རྒྱས་དང་ཆོས་ཀྱི་སྤྱན་ལ་སོགས་པ་ལྔ་པོ་ཐམས་ཅད་ལ་མི་སྣང་བའི་ཕྱིར། བལྟར་མེད་པ་ལ་སོགས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་ཉེ་བར་བསྡུ་བའི་ཚིག་ཡིན་ཏེ། སེམས་བསྡུས་པ་མཁྱེན་པ་ལ་སོགས་པའི་འགྲེས་ཀྱི་ཞབས་སུ་ཡང་རེ་རེ་ཞིང་ཡང་ཀུན་ལ་སྦྱར་བར་བྱའོ། །སེམས་གཡོ་བ་ལ་སོགས་པ་མཁྱེན་པ་བསྟན་པ་ནི། ཕྱེ་བ་དང་བཙུམས་པ་རྣམས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལ་སྒྲུབ་པའི་སྒོ་ནས་རང་གི་ཡུལ་ལ་སེམས་འཕྲོ་བ་གང་ཡིན་པ་དེ་ནི་འདིར་ཕྱེ་བ་ཡིན་ནོ། །དགག་པའི་སྒོ་ནས་ཡུལ་གཞན་ལ་སེམས་མི་འཕྲོ་བ་ནི་བཙུམས་པ་ཡིན་ཏེ། དེ་ལྟར་གྱུར་བ་ནི་ཕྱེ་བ་དང་བཙུམས་པའོ། །སེམས་ཅན་གཞན་དང་གང་ཟག་གཞན་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བ་གཉིས་གསུངས་པ་ཡིན་ནོ། །གཟུགས་ལ་གནས་ཤིང་ཞེས་བྱ་བ་ལ་སོགས་པ་སྒྲུབ་དང་དགག་པའི་སྒོ་ནས་སེམས་ཅན་ཐམས་ཅད་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་ལ་བརྟེན་ནས་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་སྟོན་པར་མཛད་པ་ནི། དེ་བཞིན་སོང་བ་ཤི་ཕན་ཆད་ཅེས་བྱ་བ་ལ་སོགས་པར་གསུངས་པ་ཡིན་ཏེ། ཤི་བའི་དུས་ཀྱི་འོག་ཏུ་དེ་བཞིན་འབྱུང་ངོ་ཞེས་བྱ་བ་ནི། འཇིག་རྟེན་རྒྱང་པན་པ་རྣམས་ཀྱི་ཕྱིར་ཡོད་དམ་ཅི་ཞེས་ཟུར་གྱིས་འདྲི་བས་གྲངས་ཅན་ལ་སོགས་པ་གཟུགས་ལ་སོགས་པར་གཏོགས་པའི་ཕྱེ་བ་ལ་རྟོག་པའོ། །དེ་བཞིན་དུ་བདག་ཐམས་ཅད་དུ་རྗེས་སུ་འགྲོ་བས་མེད་པར་འཇིག་པས་མི་འབྱུང་ངོ་ཞེས་བྱ་བ་ནི། འཇིག་རྟེན་རྒྱང་པན་པ་རྣམས་ཀྱི་བཙུམས་པ་ལ་རྟོག་པའོ། །གནས་སྐབས་ཅན་གཅིག་པ་ཉིད་དང་གནས་སྐབས་ཐ་དད་པ་ཉིད་ཀྱིས་གོ་རིམས་བཞིན་དུ་སྔ་མ་ལྟར་དེ་བཞིན་སོང་བ་ཤི་ཕན་ཆད་འབྱུང་ཡང་འབྱུང་ལ་མི་འབྱུང་ཡང་མི་འབྱུང་ངོ་ཞེས་བྱ་བ་ནི། གཅེར་བུ་པ་ལ་སོགས་པའི་གཉི་གར་རྣམ་པར་རྟོག་པའོ། །གཅིག་པ་ཉིད་དང་གཞན་པ་ཉིད་ཀྱི་ཚུལ་གྱིས་བརྗོད་དུ་མེད་པ་ཉིད་ཀྱིས་ན། འབྱུང་བ་ཡང་མ་ཡིན་མི་འབྱུང་བ་ཡང་མ་ཡིན་ནོ་ཞེས་


DTG085_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་གང་ཟག་ཏུ་སྨྲ་བ་རྣམས་ཀྱི་གཉི་ག་གདགས་པ་ལ་བརྟེན་པའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་འདི་དག་ནི་དེ་ཁོ་ན་ཉིད་དུ་ནམ་སྐྱེས་པ་ཉིད་ཡིན་པའི་ཕྱིར། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་ཡོད་པའི་བདག་གི་རང་བཞིན་གྱི་དེ་བཞིན་གཤེགས་པ་ལ་རྣམ་པ་འགའ་ཞིག་ལྟར་གནས་ཐོབ་པ་མ་ཡིན་ནོ། །དེ་བཞིན་དུ་སྟོང་པ་ཉིད་བསྟན་པ་ན། མི་འདུལ་བའི་འགྲོ་བ་ལ་ལྟོས་ནས། ཕྱོགས་གཞན་དག་ཏུ་བཞག་སྟེ་ལུང་བསྟན་པའི་དྲི་མ་ཉིད་དུ་རྣམ་པར་བཞག་པ་ཡིན་ནོ། །དེ་བཞིན་དུ་བདག་རྟག་པ་ལ་སོགས་པ་ལ་ཡང་ཤེས་པར་བྱའོ། །འཁོར་གྱི་དཀྱིལ་འཁོར་དེར་ཇི་སྐད་དུ་བཤད་པའི་བདག་ཏུ་ལྟ་བའི་བྱེ་བྲག་དང་ལྡན་པའི་གདུལ་བྱའི་སྐྱེ་བོ་ཉེ་བ་རྣམས་ཀྱི་བསམ་པའི་དབང་དུ་མཛད་ནས། རབ་ཏུ་དབྱེ་བ་སྟོན་པར་མཛད་པ་ཡིན་ནོ། །དེ་བཞིན་ཉིད་ཀྱི་རྣམ་པ་མཁྱེན་པ་བསྟན་པ་ནི། རབ་འབྱོར་གཞན་ཡང་འདི་ལྟར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་རབ་འབྱོར་དེ་བཞིན་གཤེགས་པས་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གཟུགས་མཁྱེན་ཏོ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་བཤད་པས་གཟུགས་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་པར་ཡོངས་སུ་མཁྱེན་པས་ཕྱེ་བ་ལ་སོགས་པ་ཡང་དེ་བཞིན་ཉིད་དུ་ཡོངས་སུ་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་སུ་ཆུད་པའི་དེ་བཞིན་ཉིད་དེ་གཞན་ལ་སྟོན་ཅིང་འདོགས་པ་མཁྱེན་པ་སྟོན་པ་ནི། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་དེ་བཞིན་ཉིད་ལ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་ཉིད་དུ་འདོགས་པར་མཛད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་དེ་བཞིན་ཉིད་ཚུལ་གཅིག་ཏུ་རྣམ་པར་འཇོག་པར་མཛད་པ་ཡིན་ཏེ། འདིས་ནི་དེ་བཞིན་དུ་འདོགས་པའི་ཡེ་ཤེས་གསུངས་པ་ཡིན་ནོ། །དེ་བཞིན་ཉིད་གསུངས་པ་ནི་རབ་འབྱོར་ཕུང་པོའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆོས་ཐམས་ཅད་ཐ་དད་པ་ཉིད་མ་ཡིན་ནམ། ཇི་ལྟར་དེ་བཞིན་ན་ཉིད་ཐ་མི་དད་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་དེ་བཞིན་གཤེགས་


DTG085_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཕུང་བོ་ལྔ་ནི་འཇིག་རྟེན་ནོ་ཞེས་མིང་དུ་མཛོད་ཅིང་གྲངས་སོ་ཞེས་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔས་ཆོས་ཐམས་ཅད་སྟོན་པའི་སྐབས་སུ་གསུངས་པ་དེ་བས་ན། འཇིག་རྟེན་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱིས་ཐ་དང་པ་གཞན་ནི་ཡོད་པ་མ་ཡིན་གྱི་གདུལ་བྱ་ཉེ་བར་གནས་པའི་ཤེས་པ་ལ་ལྟོས་ནས་ཆོས་ཐ་དད་བ་ཉིད་དུ་གསུངས་པར་ཟད་དོ། །དེ་ཉིད་བསྟན་པའི་ཕྱིར་གསུངས་པ་ནི་རབ་འབྱོར་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་ཉིད་འདི་ནི་གཅིག་པ་དངོས་པོ་དང་དངོས་པོ་མེད་པ་དུ་མ་དང་བྲལ་བ་སྟེ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་དུན་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པས་དངོས་པོའི་ཆོས་ལས་ཡང་དག་པར་འདས་པ་ཡིན་པའི་ཕྱིར། གཅིག་པ་མ་ཡིན་ཞིང་ཐ་དད་པ་ཡང་མ་ཡིན་པའི་ཕྱིར་སྟོང་པ་ཉིད་ཀྱི་ཚུལ་གྱིས་དེ་བཞིན་ཉིད་འདི་ནི་ཆོས་ཐམས་ཅད་ལ་གཅིག་པ་ཡིན་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་དང་སྔ་ན་མེད་པ་ལ་སོགས་པའི་མཚན་ཉིད་ཀྱིས་མེད་པ་དུ་མ་དང་བྲལ་བ་ནི་སྦྱོར་བའི་ལམ་དུའོ། །དེ་བཞིན་དུ་མཐོང་བ་དང་སྒོམ་པ་དང་ཁྱད་པར་དང་མཐར་ཐུག་པའི་ལམ་ལ་གོ་རིམས་བཞིན་དུ་མི་ཟད་པའི་ཕྱིར་དང་འགྱུར་བ་མེད་པའི་ཕྱིར་དང༌། གཉིས་སུ་མེད་པའི་ཕྱིར་དང༌། གཉིས་སུ་བྱར་མེད་པའི་ཕྱིར་དེ་བཞིན་ཉིད་འདི་ནི་གཅིག་པའོ་ཞེས་བྱ་བར་སྦྱར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། དེ་བཞིན་ཉིད་འདི་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་འདིས་ནི་དེ་བཞིན་ཉིད་ཐུགས་སུ་ཆུང་བའི་ཤེས་པ་སྟོན་པ་ཡིན་ནོ། །འཇིག་རྟེན་འདི་ལ་འཇིག་རྟེན་ཡང་དག་པར་སྟོན་པ་ཡིན་ཏེ་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པའི་འཇིག་རྟེན་ལ། འཇིག་རྟེན་སྒྱུ་མ་དང་འདྲ་བར་སྟོན་པའོ། །དེ་བཞིན་ཉིད་མཁྱེན་ཏོ། །མ་ལོག་པའི་དེ་བཞིན་ཉིད་མཁྱེན་ཏོ། །གཞན་མ་ཡིན་པའི་དེ་བཞིན་ཉིད་མཁྱེན་ཏོ། །ཞེས་བྱ་བའི་ཚིག་གསུམ་ནི་གོ་རིམས་བཞིན་དུ་ཀུན་ཏུ་བརྟགས་པ་དང༌། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་སྒྱུ་མ་ལྟ་བུར་གཟིགས་པ་ཡིན་པར་བརྗོད་དོ། །དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་རྒྱས་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་བྱ་བ་འདིས་ནི་དེ་བཞིན་ཉིད་མཆོག་ཏུ་མཁྱེན་བའི་ཡེ་ཤེས་མཁྱེན་


DTG085_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟོན་ཏོ། །སུ་ཞིག་འདི་ལ་མོས་པར་འགྱུར་ཞེས་བྱ་བ་ནི། རིགས་མ་ངེས་པ་ལ་སོགས་པ་གང་ཡང་མོས་པར་མ་འགྱུར་གྱི། འོན་ཀྱང་གང་ཟག་ཁྱད་པར་དུ་འཕགས་པ་ཁོ་ན་མོས་སོ་ཞེས་ཕྱིར་མི་ལྡོག་པའི་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །མངོན་པར་རྫོགས་པར་སངས་རྒྱས་ནས་གསུངས་སོ་ཞེས་བྱ་བ་འདིས་ནི་དེ་བཞིན་ཉིད་ཡང་དག་པར་སྟོན་པའི་ཤེས་པ་བརྗོད་དོ། །མི་ཟད་པ་ལ་མི་ཟད་པ་ཉིད་དུ་བསྟན་ནོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པའོ་ཞེས་གསུངས་པས་མི་ཟད་པའི་དེ་བཞིན་ཉིད་མི་ཟད་པའི་ཉིད་དུ་བསྟན་ཏེ། དེ་བཞིན་ཉིད་ཐུགས་སུ་ཆུད་པ་ལ་སོགས་ཤེས་པ་གཞི་གཅིག་ཏུ་བྱས་ནས། དེ་ལྟར་བསྟན་པ་ཡིན་ནོ། །དེ་བས་ན་ཤེས་པའི་མཚན་ཉིད་ཐམས་ཅད་ཤེས་པ་ཉིད་ཀྱིས་བསྡུས་པ་ནི་རྣམ་པ་བཅུ་དྲུག་ཏུ་གྱུར་པ་ཡིན་ནོ། །དེ་སྐད་དུ་ཡང༌། དེ་བཞིན་གཤེགས་པ་འབྱུང་པ་དང༌། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །དེ་བསྡུས་པ་དང་ཕྱིར་བལྟས་དང༌། །མི་བཟད་པ་ཡི་རྣམ་པ་དང༌། །ཆགས་བཅས་སོགས་དང་རྒྱ་ཆེན་དང། །ཆེན་པོར་གྱུར་དང་ཚད་མེད་དང༌། །རྣམ་ཤེས་བསྟན་དུ་མེད་པ་དང༌། །སེམས་བལྟར་མེད་དང་ཤེས་པ་དེ། །གཡོ་བ་ལ་སོགས་ཞེས་བྱ་དང༌། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ནས། །གཞན་ལ་བསྟན་པ་ཞེས་བྱ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་ལ་མ་ཤེས་པ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བཅོམ་ལྡན་འདས་འདི་ལ་མཚན་ཉིད་ཇི་ལྟར་གཞག་ཅེས་བྱ་བ་ནི། ལམ་ཤེས་བ་ཉིད་ཀྱི་སྐབས་སུ་ཤེས་པའི་མཚན་ཉིད་རྣམ་པ་གང་གིས་བསྟན་པར་བྱ་ཞེས་པའོ། །སྟོང་པའོ་ཞེས་བྱ་བ་ལ་སོགས་པ་ལ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་


DTG085_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྐྱོད་མི་པོ་ནི་རང་གི་སྒྲས་གསུངས་པ་ཡིན་ནོ། །མྱ་ངན་ལས་འདས་པའོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཤེས་པའོ། །ཆོས་ཀྱི་དབྱིངས་སོ་ཞེས་བྱ་བ་ནི་རྟེན་མེད་པའི་ཤེས་པའོ། །དེ་བཞིན་ཉིད་དོ་ཞེས་བྱ་བ་ནི་ནམ་མཁའི་མཚན་ཤེས་པ་སྟེ། དེ་ལྟར་ཤེས་པ་གསུམ་དུ་རྣམ་པར་གཞག་པ་ཡིན་ནོ། །འདི་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཤེས་པའི་མཚན་ཉིད་འདི་དག་ནི་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་པས། གང་དུ་ཡང་ཐོགས་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་ཇི་སྐད་དུ་བཤད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །ཆོས་ཉིད་རྣམ་པར་འཁྲུགས་པ་མེད་པའི་ཤེས་པའི་དོན་ནི། ལྷའི་བུ་དག་མཚན་ཉིད་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྐྱོད་མི་ནུས་སོ་ཞེས་བྱ་བ་ནི་རྣམ་པར་འཁྲུགས་པར་མི་ནུས་པའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེས་རྟོག་པ་ལ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཚན་ཉིད་འདི་དག་ཁོ་ནར་ཟད་དེ་ཞེས་བྱ་བ་ནི་རྣམ་པར་འཁྲུགས་པ་མེད་པ་སྒྱུ་མའི་ཆོས་ཉིད་ཀྱི་ངོ་བོ་ཉིད་དོ། །འདུ་མི་བྱེད་པ་ཤེས་པའི་དོན་ནི་མཚན་ཉིད་འདི་དག་ནི་གང་གིས་ཀྱང་ལག་གིས་བཞག་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་པ་ཡིན་ཞེས་བྱ་བ་ནི་མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བ་འདི་ཞེས་བྱ་བར་དགོངས་སོ། །རྣམ་པར་མི་རྟོག་པའི་ཤེས་པ་བསྟན་པ་ནི། ལྷའི་བུ་དག་གང་ཞིག་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདུས་བྱས་པ་ཉིད་ཡིན་པའི་ཕྱིར་ཇི་ལྟར་གཞག་པ་མ་ཡིན་སྙམ་པའི་དོགས་པ། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། བཅོམ་ལྡན་འདས་ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འདུས་མ་བགྱིས་པ་ལགས་ཏེ་ཞེས་བྱ་བ་ནི། རྒྱུ་དང་རྐྱེན་ལས་མ་བྱུང་བའོ་ཞེས་བྱ་བའི་ཐ་ཚིག་གོ །རབ་ཏུ་དབྱེ་བ་ཤེས་པའི་དོན་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་ཞེས་བྱ་བ་སོགས་པ་གསུངས་པ་ཡིན་ནོ་དེ་བཞིན་གཤེགས་པས་བསྟན་པར་མཛད་པ་ཉིད་ཡིན་པའི་ཕྱིར། སྔར་གནས་


DTG085_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཇི་ལྟར་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཇི་ལྟར་འདི་དག་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ལ་སོགས་པའི་རང་བཞིན་གྱི་རབ་ཏུ་དབྱེ་བས་ཞེས་བྱ་བ་ནི་ལྷག་མའོ། །མཚན་ཉིད་མེད་པ་ཤེས་པ་བསྟན་པ་ནི། བཅོམ་ལྡན་འདས་མཚན་ཉིད་ཟབ་མོ་འདི་དག་ཅེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཆགས་པ་མ་མཆིས་པའི་ཡེ་ཤེས་སོ་ཞེས་བྱ་བ་ནི་མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བ་འདི་ལྟ་སྟེ་དོན་དམ་པར་ན་ཡོངས་སུ་རྫོགས་པའི་གནས་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཉིད་མེད་པའི་ཡེ་ཤེས་ཡིན་ནོ། །དེ་ཉིད་ནི་ཆགས་པ་མ་མཆིས་པའི་ཡེ་ཤེས་ཀྱི་སླད་དུ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། ཤིན་ཏུ་ཡོངས་སུ་རྫོགས་པའི་གནས་སྐབས་ན་ནི་ཆགས་པ་མེད་བའི་ཡེ་ཤེས་ཀྱི་དོན་དུ་བསྒོམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཁོ་ནའི་སྤྱོད་ཡུལ་ཏེ་ཡུལ་དུ་གྱུར་བ་ཡིན་ཏེ། འདི་ནི་འཇིག་རྟེན་ཡང་དག་པར་སྟོན་པ་ཡིན་ནོ། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ལམ་ཤེས་པ་ཉིད་ཀྱི་ཤེས་པ་རྣམ་པ་བཅུ་དྲུག་གིས་འཇིག་རྟེན་གྱི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པས་འཇིག་རྟེན་སྟོན་པའོ། །དེ་སྐད་དུ་ཡང༌། སྟོང་ཉིད་མཚན་མ་མེད་བཅས་དང༌། །སྨོན་པ་རྣམ་པར་སྤངས་པ་དང༌། །སྐྱེ་མེད་འགག་པ་མེད་སོགས་དང༌། །ཆོས་ཉིད་རྣམ་པར་འཁྲུགས་མེད་དང༌། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །ཅེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ནས་ཤེས་པའི་མཚན་ཉིད་བསྟན་པའི་དོན་དུ་རབ་འབྱོར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཆོས་ལ་ཡོངས་སུ་བརྟེན་ནས་གནས་པ་ཤེས་པ་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཅིང་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་གནས་པ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མི་མངའ་པ་ཉིད་ཀྱིས་སོ། །གནས་སོ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་དོན་དུ་ཐུགས་སུ་ཆུད་


DTG085_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་མངོན་སུམ་དུ་མཛད་ནས་བཞུགས་པའོ། །བཀུར་སྟིར་བྱ་བ་དང༌། བླ་མར་བྱ་བ་དང༌། རི་མོར་བྱ་བ་དང༌། མཆོད་པ་ཤེས་པ་བསྟན་པ་ནི་ཆོས་ལ་བཀུར་སྟི་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཆོད་པར་མཛད་དོ་ཞེས་བྱ་བའི་དོན་སྦྱོར་བ་དང་མཇུག་གི་གནས་སྐབས་ཀྱི་དབྱེ་བ་གསུངས་པ་ནི། རི་མོར་མཛད་དོ་བསྙེན་བཀུར་མཛད་དོ་ཞེས་བྱ་བ་ཡིན་ནོ། །སྤྱིར་བསྟན་ནས་ཁྱད་པར་གྱི་དོན་བསྟན་པ་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཁྱད་པར་དུ་འཛིན་པར་མཛད་པའི་རྒྱུ་ཅི་ཞིག་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་བྱས་པ་ཤེས་པ་ཞེས་བྱ་བ་ནི་སླར་ཕན་པ་མཛད་པའི་ཕྱིར་རོ། །བྱས་པ་ཚོར་བ་ཞེས་བྱ་བ་ནི་ཕན་པ་ཆུང་དུ་ཡང་ཆེ་བ་ཉིད་དུ་དགོངས་པར་མཛད་པའི་ཕྱིར་རོ། །ཐེག་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ། །སྒྲུབ་པ་ཞེས་བྱ་བ་ནི་མཐོང་བ་ལ་སོགས་པའི་ལམ་རྣམས་སོ། །རྗེས་སུ་འཛིན་ཅིང་རྗེས་སུ་སྐྱོང་སྟེ་ཞེས་བྱ་བ་ནི། གོ་རིམས་བཞིན་དུ་དེ་དག་ཉིད་ཀྱི་བསྔགས་པ་གསུངས་པའི་ཕྱིར་རོ། །བྱེད་པ་མེད་པ་ཉིད་ཤེས་པ་བསྟན་པ་ནི། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་བྱེད་པ་པོའི་རྒྱུ་མེད་པའི་ཕྱིར་མ་བྱས་པའོ། །རྣམ་པར་འཇིག་པའི་རྒྱུ་མེད་པས་འགྱུར་བ་མེད་པའོ། །འདུས་བྱས་ཀྱི་རང་གི་ངོ་བོ་དང་བྲལ་བས་མངོན་པར་འདུས་མ་བྱས་པའོ། །ཐམས་ཅད་དུ་འགྲོ་བ་ཤེས་པ་སྟོན་པ་ནི་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡེ་ཤེས་འཇུག་སྟེ་ཞེས་བྱ་བ་ནི་བྱེད་པ་མེད་པ་ལ་སོགས་པར་ཐུགས་སུ་ཆུད་པས་ཤེས་པ་སྐྱེས་པའོ། །དེ་ཁོ་ན་ཉིད་དུ་ན་དངོས་པོ་རྣམས་སྐྱེ་པ་མེད་པ་ཉིད་ཡིན་ན། མཐོང་བར་བྱ་བ་དང་མཐོང་བ་པོ་དང་མཐོང་བ་ཇི་ལྟར་ཡིན་ཞེས་གསོལ་པ་ནི། བཅོམ་ལྡན་འདས་གང་གི་ཚེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡིད་ཀྱི་རྣམ་པར་ཤེས་པས་ཡོངས་སུ་བཅད་པ་མེད་པས་ན་ཤེས་པ་པོ་མེད་པའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ཉེ་


DTG085_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བར་དམིགས་པ་དང་བྲལ་བས་མཐོང་བ་པོ་མེད་པའོ། །རྗེས་སུ་བརྗོད་པ་འདི་ནི་རིགས་པ་དང་ལྡན་པ་ཉིད་མ་ཡིན་པར་གསུངས་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་ཆོས་ཐམས་ཅད་ཡོད་པ་ཉིད་དུ་སྐྱེ་བ་མེད་པས་སྟོང་པ་ཉིད་ཡིན་ཞིང་གཟུང་བ་དང་འཛིན་པའི་འབྲེལ་པ་མི་འཐད་པས། མི་གནས་པ་ཡིན་པ་དེ་བས་ན་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་དེ་ལྟ་བུའི་ཡང་དག་པའི་ཆོས་ཐུགས་སུ་ཆུད་ནས། དེ་ཁོ་ན་ཉིད་དུ་ན་འཇིག་རྟེན་མཐོང་བ་མེད་པ་ཉིད་མཐོང་བ་ཡིན་ལ། ཀུན་རྫོབ་ཏུ་ནི་ཇི་ལྟར་གྲགས་པ་ཁོ་ནར་ཟད་དོ་ཞེས་བྱ་བར་དགོངས་སོ། །མ་མཐོང་བའི་དོན་སྟོན་པར་མཛད་པ་ནི་གཟུགས་མི་མཐོང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཟུགས་ལ་སོགས་པ་མི་མཐོང་བ་ཉིད་དེ་ཁོ་ན་ཉིད་དུ་ན་འཇིག་རྟེན་མཐོང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་ནི་བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་སྐྱེ་བ་ཞེས་བྱ་བ་ནི། གཟུགས་ལ་སོགས་པར་ཉམས་སུ་མྱོང་བ་མེད་པ་ཉིད་འཇིག་རྟེན་མཐོང་བ་ཡིན་ཏེ། ཡོད་པ་ཡང་ཡོད་པ་ཉིད་དུ། མེད་པ་ཡང་མེད་པ་ཉིད་དུ་མཁྱེན་ཏོ་ཞེས་གསུངས་པས། འཇིག་རྟེན་མེད་པ་མ་མཐོང་བ་ཉིད་མཐོང་བ་ཡིན་ནོ། །ཤེས་པ་ལྷག་མ་རྣམས་བསྟན་པར་བྱ་བའི་ཕྱིར། རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལྟར་འཇིག་རྟེན་སྟོང་པའོ་ཞེས་བྱ་བ་ནི་འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པར་ཤེས་པ་གསུངས་པ་ཡིན་ནོ། །དེ་ལྟར་འཇིག་རྟེན་བརྗོད་པའོ་ཞེས་བྱ་བ་ནི་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པ་ཤེས་པའོ། །དེ་ལྟར་འཇིག་རྟེན་ཤེས་པར་བྱེད་པའོ་ཞེས་བྱ་བ་ནི་འཇིག་རྟེན་སྟོང་པ་ཉིད་དུ་སྟོན་པར་བྱེད་པ་ཤེས་པའོ། །དེ་ལྟར་འཇིག་རྟེན་མཐོང་བར་མཛད་དོ་ཞེས་བྱ་བ་ནི། འཇིག་རྟེན་སྟོང་པ་ཉིད་དུ་མཐོང་བ་ཉིད་དུ་མཛད་པ་ཤེས་པ་ཡིན་ཏེ། ཤེས་པ་གསུམ་པོ་འདི་དག་ནི་གོ་རིམས་བཞིན་དུ་གདུལ་བྱ་ཡང་དག་པར་སྡུད་པ་དང༌། ཡོངས་སུ་སྨིན་པ་དང༌། རྣམ་པར་གྲོལ་བའི་དོན་ཡིན་པར་ཤེས་པར་བྱ་བ་འམ། ཐམས་ཅད་མཁྱེན་པ་ཉིད་


DTG085_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་དགོངས་ནས། འཕགས་པའི་གང་ཟག་གསུམ་གྱི་དབང་དུ་མཛད་དེ། གོ་རིམས་བཞིན་དུ་ཕྱོགས་གཅིག་ལ་ཞུགས་པ་དང༌། ཆེད་དུ་བྱ་བ་ལ་ཞུགས་པ་དང༌། མངོན་སུམ་ལ་ཞུགས་པའི་དབང་དུ་མཛད་པ་ཡིན་པར་ཤེས་པར་བྱའོ་ཞེས་འཕགས་པ་རྣམ་པར་གྲོལ་བའི་སྡེས་བཤད་དོ། །དེ་ལྟར་འཇིག་རྟེན་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་ཤེས་པའོ། །དེ་ལྟར་འཇིག་རྟེན་ཞི་བ་ཞེས་བྱ་བ་ནི་ཞི་བ་ཉིད་དུ་མཁྱེན་པའོ། །དེ་ལྟར་འཇིག་རྟེན་དབེན་པ་ཞེས་བྱ་བ་ནི་འཇིག་རྟེན་འགོག་པར་མཁྱེན་པའོ། །དེ་ལྟར་འཇིག་རྟེན་རྣམ་པར་དག་པས་ཞེས་བྱ་བ་ལ་སོགས་པས་ནི་འདུ་ཤེས་འགོག་པ་ཡང་གསུངས་པ་ཡིན་པར་ཤེས་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པས་བསྡུས་པ་ནི་ཇི་སྐད་དུ་བཤད་པའི་ཤེས་པའི་རྣམ་པ་བཅུ་དྲུག་ཁོ་ན་ཡིན་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང༌། དེ་ནི་ཉིད་ཀྱི་ཆོས་བསྟེན་ནས། །གནས་དང་གུས་པར་བྱ་བ་དང། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་བྱེད་མེད་དང༌། །ཀུན་ཏུ་འཇུག་མཁྱེན་གང་ཡིན་དང༌། །མ་མཐོང་སྟོན་པར་མཛད་པ་དང༌། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་མཛད། །བསམ་མི་ཁྱབ་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པ་རྒྱན་གྱི་སྣང་བ་ལས་འཇིག་རྟེན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།སྤྱིའི་ངོ་བོ་ཉིད་དུ་ཤེས་པའི་རྣམ་པ་ཡོངས་སུ་བཅད་པ་རྣམས་ཀྱི་ཁྱད་པར་ཤེས་པར་བྱ་དགོས་པས། ཤེས་པའི་མཚན་ཉིད་ཀྱི་འོག་ཏུ་ཁྱད་པར་གྱི་མཚན་ཉིད་སྤྱིར་གླེང་བསླང་བར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཀྱེ་མ་ཞེས་བྱ་བ་ནི་ངེས་པར་གཟུང་པའོ། །བགྱི་བ་ཆེན་པོས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་མ་མཆིས་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡུལ་ཅན་ཆོས་དང་རྗེས་སུ་ཤེས་པ་དང་བཟོད་པའི་ཁྱད་པར་གྱི་མཚན་ཉིད་


DTG085_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོ་ཉིད་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གིས། དེ་བཞིན་གཤེགས་པ་ཉིད་ལ་སོགས་པའི་དོན་དུ་ཉེ་བར་གནས་པའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་སྐད་དུ་ཡང༌། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ཡང་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་གང་ཡིན་ཞེ་ན། བགྱི་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། རེ་ཞིག་བསམ་གྱིས་མི་ཁྱབ་པ་དང༌། མཉམ་པ་མ་མཆིས་པ་དང༌། གཞལ་དུ་མ་མཆིས་པ་དང༌། གྲངས་མ་མཆིས་པ་དང་ཞེས་བྱ་བའི་ཁྱད་པར་གྱིས་ནི། གོ་རིམས་བཞིན་དུ་སྡུག་བསྔལ་གྱི་བདེན་བ་སྐད་ཅིག་མ་བཞིས་བསྡུས་པའི་ཁྱད་པར་གྱི་མཚན་ཉིད་བཤད་པ་ཡིན་ནོ། །བགྱི་བ་མི་མཉམ་པ་དང་མཉམ་པས་ཞེས་བྱ་བས་ནི་འདི་དག་ཐམས་ཅད་ཀྱི་ཁྱད་པར་ཡིན་ནོ། །འདི་རྣམས་ཀྱི་བཤད་པ་ནི་གཞུང་ཉིད་ལས་སྟོན་ཏོ། །རྗེས་སུ་བརྗོད་པ་འདི་རིགས་པ་དང་ལྡན་པ་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་རབ་འབྱོར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་ཉིད་དང་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་དབྱེ་བས་སྦྱར་རོ་ཞེས་སྔོན་གྱི་སློབ་དཔོན་རྣམས་འཆད་དོ། །དེ་བཞིན་གཤེགས་པ་ཉིད་ལ་སོགས་པ་སྐྱེད་པར་བྱེད་པས་ན་བྱ་བ་བསམ་གྱིས་མི་ཁྱབ་པ་ཉིད་དེ། དེ་བཞིན་ཉིད་དུ་འདིའི་འོག་མ་བྱ་བ་མཉམ་པ་མེད་པ་ལ་སོགས་པ་ལ་ཡང་སྦྱར་རོ། །སེམས་དང་སེམས་ལས་བྱུང་བ་ལ་སོགས་པའི་འཇུག་པས་བསམ་པ་དང་གཞལ་བར་ཇི་ལྟར་མི་ནུས་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཉིད་ལ་སོགས་པ་ལའོ། །སེམས་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །སེམས་པ་ནི་ཡིད་ཀྱི་ལས་སམ་དེས་སྐྱེད་པ་ལུས་དང་ངག་གི་ལས་སོ། །སེམས་ལས་བྱུང་བ་ནི་ཤེས་རབ་ལ་སོགས་པའོ། །མི་འཇུག་པ་ནི་དམིགས་པར་བྱེད་པའི་ངོ་བོས་མི་འཇུག་པ་སྟེ། ཕྱིན་ཅི་ལོག་ཐམས་ཅད་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །མཉམ་


DTG085_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞེས་བྱ་བ་ནི་བློས་རང་གི་ངོ་བོ་ངེས་པར་གཟུང་བར་རོ། །གཞལ་དུ་མེད་པར་ཞེས་བྱ་བ་ནི་གང་གི་ཕྱིར་གཞལ་བར་མི་ནུས་པའོ། །གྲངས་མེད་པའོ་ཞེས་བྱ་བ་ནི་གང་གི་ཕྱིར་གཅིག་ཉིད་ལ་སོགས་པས་བགྲང་བར་མི་ནུས་པའོ། །ལྷག་པ་ལྟ་ཅི་སྨོས་ཞེས་བྱ་བ་ནི་མཉམ་པ་མེད་པས་མི་མཉམ་པ་ལ་ཡང་ལྷག་པར་ཆེས་ཁྱད་པར་འཕགས་པ་འགྱུར་བར་ག་ལ་འགྱུར། དེ་བས་ན་བདག་ཉིད་མི་མཉམ་པ་དང་མཉམ་ཞིང་མཚུངས་པ་ཡིན་པས། བཅོམ་ལྡན་འདས་མཁྱེན་པ་ནི་མི་མཉམ་པ་དང་མཉམ་པ་ཡིན་ནོ། །འདི་སྐད་དུ་དེ་བཞིན་གཤེགས་པ་ཉིད་ལ་སོགས་པ་འདི་དག་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ལྡོག་པའི་དབྱེ་བས་གསུངས་སོ་ཞེས་སྟོན་ཏོ། །ཚིག་ལྷུར་ལེན་པ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་ཉིད་ལ་སོགས་པ་ཁོ་ན་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་རྟོགས་ཀྱི་གཟུགས་ལ་སོགས་པ་ལ་སོམ་ཉིར་འགྱུར་བས། འཕགས་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །རིགས་པ་མཚུངས་པ་ཉིད་ཡིན་ནོ་ཞེས་དགོངས་ནས། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་གཟུགས་ཀྱང་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ། རེ་ཞིག་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་མེད་པ་ཉིད་སྔར་བཤད་པའི་དགོངས་པས་བསྟན་པ་ནི། རབ་འབྱོར་གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་འབྱོར་གཟུགས་ཀྱང་གཞལ་དུ་མེད་པའོ་ཞེས་བྱ་བ་ལ་སོགས་པས་ནི་གཞལ་དུ་མེད་པ་ཉིད་བཤད་པ་ཡིན་ནོ། །ཚད་མ་ཡོད་པ་ལ་ཇི་ལྟར་གཞལ་དུ་མེད་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ། རབ་འབྱོར་གཟུགས་ཀྱི་ཚད་མ་མི་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚད་མེད་པ་ཉིད་ལ་སོགས་པ་ནི་དེ་ཁོ་ན་ཉིད་དུ། མ་སྐྱེས་པ་ཉིད་ཀྱིས་ཆོས་ཐམས་ཅད་ཚད་མ་མེད་པའི་ཕྱིར། ཚད་མ་ཡོད་པ་མ་ཡིན་པ་དེ་བས་ན་མི་ཤེས་སོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་གྲངས་མེད་པ་ཉིད་བཤད་པ་ཡིན་ནོ། །བགྲང་བ་ལས་འདས་པའི་


DTG085_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་ཉིད་ཡིན་པས་གཅིག་ཉིད་ལ་སོགས་པའི་གྲངས་ཀྱིས་མ་བསྡུས་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཉིད་གསལ་བར་བྱ་བའི་ཕྱིར་མི་མཉམ་པ་དང་མཉམ་པ་ཉིད་བསྟན་པའི་དོན་དུ། རབ་འབྱོར་གཟུགས་ཀྱང་མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ནམ་མཁའ་དང་མཉམ་པའི་ཕྱིར་རོ་ཞེས་བྱ་བ་ནི་མཉམ་པ་དང་ལྷག་པ་མེད་པས་ནམ་མཁའ་དང་མཚུངས་པའི་ཕྱིར་མི་མཉམ་པ་དང་མཉམ་པའོ། །སླར་ཡང་སྤྱིར་བསྟན་པ་ནི་རབ་འབྱོར་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་དངོས་པོ་མེད་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །དཔེས་བཤད་པའི་དོན་བསྟན་པ་ནི་རབ་འབྱོར་དེ་ཁོ་ན་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣམ་གྲངས་འདིས་ཞེས་བྱ་བ་ནི་ནམ་མཁའ་དཔེར་བསྟན་པས་སོ། །དེ་བཞིན་གཤེགས་པའི་ཆོས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཉིད་དུ་དེ་བཞིན་གཤེགས་པའི་ཆོས་རྣམ་པ་ཐམས་ཅད་དུ་རྟོགས་པའི་ཕྱིར་རོ། །ཉེ་བར་བསྡུ་བའི་དོན་ནི་རྣམ་གྲངས་འདིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཉིད་གསལ་བར་མཛད་པ་ནི་རབ་འབྱོར་དེ་བཞིན་གཤེགས་པའི་ཆོས་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣམ་པར་ཤེས་པར་གྱུར་པ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་སྣང་བའི་དོན་ནི་ཀུན་རྫོབ་ཏུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པར་བསྟན་པ་ཡིན་ནོ། །ཉེ་བར་བསྡུ་པའི་དོན་ནི་རབ་འབྱོར་དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཟག་པ་མེད་པའི་ཆོས་བསྟན་པ་རྒྱུ་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་འབྲས་བུ་མེད་པ་མ་ཡིན་པ་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ཆགས་ཀྱི་ས་བོན་བསྐྱེད་པ་མ་བྱས་པས་ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་གྲོལ་བའོ། །ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་ཞེས་བྱ་བ་ནི་ཤེས་པའི་ཡུལ་ལ་འཆད་པའི་སྐྱོན་དང་


DTG085_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་ཆོས་ཀྱི་མིག་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་རྣམས་ཀྱི་རྡུལ་མེད་ཅིང༌། ཆོས་ཤེས་པ་རྣམས་ཀྱི་དྲི་མ་དང་བྲལ་བ་སྐྱེས་པས་རྣམ་པར་དག་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའོ་ཞེས་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་འམ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པའོ། །དེ་དག་ཀྱང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཉི་ཁྲི་ཙམ་མོ། །ཁ་ཅིག་ན་རེ་གང་འདི་སངས་རྒྱས་ཀྱི་རིགས་ནི་ཐོག་མ་མེད་པ་ཡིན་པ་འམ་སངས་རྒྱས་རེ་རེ་འབྱུང་བ་ན་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདས་མོད་ཀྱི། དེ་ལྟ་ན་ཡང་འཁོར་བ་ལ་ཟད་པ་མེད་པས་མཐའ་ཡས་པའི་ཕྱིར་ནམ་མཁའ་དང་འདྲ་སྟེ། རི་བོ་ལ་སོགས་པའི་སྒྲིབ་གཡོགས་དུ་མ་ཡོད་ན་ཡང་ནམ་མཁའ་ལ་ནི་ཡོངས་སུ་ཟད་པ་མེད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་གང་གཉེན་པོའི་ཆོས་དང་ཉེ་བ་ན་འབྲི་བའི་ཆོས་ཅན་དུ་སྣང་བ་དེ་ནི་གཉེན་པོའི་ཕྱོགས་ཤིན་ཏུ་འཕེལ་པས་ཤིན་ཏུ་འགྲིབ་པར་འགྱུར་བ་སྲིད་པ་ཡིན་སྟེ་། དཔེར་ན་གསེར་གྱི་དྲི་མ་ལ་སོགས་པ་ལྟ་བུའོ། །འཁོར་བ་ཡང་བདག་མེད་པའི་མཚན་ཉིད་གཉེན་པོའི་ཕྱོགས་དོན་དུ་གྱུར་པ་ན་འགྲིབ་པའི་ཆོས་ཡིན་ནོ་ཞེས་བྱ་བའི་རང་བཞིན་གྱི་གཏན་ཚིགས་ཀྱིས་སྟོབས་ཀྱིས་འཁོར་བ་རྒྱུན་འཆད་པ་ཡིན་ནོ་ཞེས་འདོད་དོ། །འཕགས་པའི་གང་ཟག་ཐམས་ཅད་སྡུད་པའི་ཁྱད་པར་ཀུན་འབྱུང་བའི་སྐད་ཅིག་མ་དང་པོས་བསྡུས་པ་བསྟན་པ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡུམ་དང་སངས་རྒྱས་ཉིད་ལ་སོགས་པ་ལ་འབྲེལ་པ་མེད་པ་ཉིད་ཡིན་པའི་ཕྱིར་ཇི་ལྟར་ན་བྱ་བ་ཆེན་པོས་ཉེ་བར་གནས་པ་ཡིན་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐམས་ཅད་མཁྱེན་པ་ཉིད་དང་ཡང་དག་པར་ལྡན་ནོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་འབྲེལ་པའོ། །ཡུམ་འབྲས་བུ་ཐམས་ཅད་དང་འབྲེལ་པར་དཔེས་བསྟན་པ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་ནི་རིགས་ཆེ་བ་བཅོ་བརྒྱད་ཀྱིས་དབང་བསྐུར་བ་འམ། གླང་པོའི་རྒྱལ་པོའི་སྣའི་ཆུས་


DTG085_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བའོ། །ཡུལ་གྱི་མི་ལ་མཐུ་དང་བརྩོན་འགྲུས་ཐོབ་པའི་ཞེས་བྱ་བ་ནི་རང་གི་རྒྱལ་སྲིད་ལས་ཉམས་པའི་འཇིགས་པ་མེད་ཡུལ་གྱི་མི་ལ་མཐུ་ཐོབ་པ་ཡིན་ལ། དེ་རྣམས་ཚར་གཅོད་པ་དང་ཕན་འདོགས་པར་ནུས་པ་དང་ལྡན་པས་བརྩོན་འགྲུས་ཐོབ་པ་ཡིན་ནོ།། བྱ་བ་ཞེས་བྱ་བ་ནི་ལས་སུ་བྱ་བའོ། །འབྲེལ་བ་ཞེས་བྱ་བ་ནི་བློན་པོ་ཆེན་པོ་དང་ཡང་དག་པར་ལྡན་པའོ། །དེ་ལ་ལུས་དང་ངག་གི་བྱ་བ་རྣམས་མེད་པས་གོ་རིམས་བཞིན་དུ་བརྩོན་འགྲུས་ཆུང་ཞིང་ཁུར་བོར་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཡོངས་སུ་འཛིན་པ་དང་མངོན་པར་ཆགས་པ་མེད་པར་རྟོགས་པ་མི་འཐད་དེ་ཞེས་དོགས་པ་ནི་བཅོམ་ལྡན་འདས་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ལན་བསྟན་པའི་ཕྱིར་སླར་འདྲི་བར་མཛད་པ་ནི་རབ་འབྱོར་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡོངས་སུ་འཛིན་པ་འམ་མངོན་པར་ཆགས་པར་འགྱུར་བཞེས་བྱ་བ་ནི་གོ་རིམས་བཞིན་དུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དག་ཏུ་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ་ཞེས་བྱ་བ་ལ་འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་འཕགས་པའི་གང་ཟག་གི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མཐོང་བའི་ལམ་ལ་སོགས་པ་ལ་གནས་པ་ནི། འདི་ནི་གཟུང་བ་ཡིན་ཏེ་འབྲས་བུའོ། །བདག་ནི་འཛིན་པ་པོ་ཡིན་ནོ་ཞེས་བྱ་བ་ལ་དེ་ལྟ་བུའི་ཚུལ་གྱི་རྣམ་པར་རྟོག་པ་ལ་ཀུན་དུ་སྤྱོད་པ་མ་ཡིན་ཏེ། དེ་ལྟ་བུའི་ཡེ་ཤེས་ནི། རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །གཞན་དུ་ན་བརྗོད་པ་དང་བཅས་པའི་ཤེས་པས་ཇི་ལྟར་གནས་པའི་དངོས་པོ་ཉམས་སུ་མྱོང་པར་མི་འཐད་པས། ཤེས་པ་བདེན་པ་དང་བྲལ་བ་ཉིད་ཀྱིས་ལམ་མི་འབྱུང་བའི་ཕྱིར་ཐོས་པ་དང་བསམ་པའི་གནས་སྐབས་དང་འདྲ་བར་ཉོན་མོངས་པ་སྤངས་པ་མེད་པ་ན་དགྲ་བཅོམ་པའི་འབྲས་བུ་མི་འབྱུང་བར་འགྱུར་རོ། །དེ་བས་ན་རྣལ་འབྱོར་པ་ལམ་ལས་འདས་བ་ཉིད་ན་ནགས་ལ་སོགས་པ་ལ་གཅིག་པ་ཉིད་དུ་མངོན་པར་ཞེན་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་དང་འདྲ་བར་གཟུང་བ་དང་འཛིན་པར་སྒྲོ་བཏགས་པའི་རྣམ་པར་རྟོག་པ་དང་བྲལ་བའི་བློ་སྐྱེ་བར་འགྱུར་རོ། །དེས་ཀྱང་དངོས་པོའི་དེ་ཁོ་ན་ཉིད་མ་འཛིན་པས་ཆོས་དེ་


DTG085_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ནི་བདག་གིས་མ་མཐོང་ངོ་ཞེས་བྱ་བ་ཡིན་ནོ། །འདི་ཉིད་ཁོ་ན་རྗེས་སུ་གནས་པ་ནི་རབ་འབྱོར་དེ་དི་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐྱེ་བོ་དམིགས་པ་ཅན་ལ་རྗེས་སུ་བརྩེ་བ་ནི་བཅོམ་ལྡན་འདས་ཐེག་པ་ལ་གསར་དུ་ཞུགས་པའི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། དེ་བས་ན་དེ་རྣམས་ལ་བསྟན་པར་མི་བྱའོ་ཞེས་བྱ་བར་དགོངས་སོ། །སྐྱེས་བུ་ཁྱད་པར་ཅན་གྱིས་རིག་པར་བྱ་བ་ཉིད་ཀྱི་ཁྱད་པར་གྱི་མཚན་ཉིད་སྐད་ཅིག་མ་གཉིས་པས་ཡང་དག་པར་བསྡུས་པ་བསྟན་པ་ནི་བཅོམ་ལྡན་འདས་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །དེ་ལ་རྒྱུ་ཕུན་སུམ་ཚོགས་པ་དང་ཡུན་རིང་པོ་ནས་དགེ་བའི་རྩ་བ་བསྐྲུན་པ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ། རང་བཞིན་གྱིས་གནས་པ་དང་ཡང་དག་པར་བསྒྲུབས་པ་ཟབ་མོའི་ཆོས་ལ་ལྷག་པར་མོས་པའི་རིགས་ཉིད་ཡིན་ལ། རིགས་གཉིས་པོ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཕེལ་བར་བསྟན་པའི་ཕྱིར་ཚིག་གཉིས་པར་ན། སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པ་ཞེས་སྨོས་པ་ཡིན་ནོ། །དེ་ལ་ཟབ་ཅིང་བརྟའ་དཀའ་རྟོགས་པར་དཀའ་བ་ལགས་ཏེ་ཞེས་བྱ་བའི་ཚིག་གསུམ་ནི། ཀུན་བརྟགས་པ་ལ་སོགས་པའི་ངོ་བོ་ཉིད་གསུམ་མི་དམིགས་པ་ཉིད་དུ་ཤེས་པར་བྱའོ། །ཐུན་མོང་མ་ཡིན་པ་ཉིད་ཀྱི་ཁྱད་པར་སྐད་ཅིག་མ་གསུམ་པས་བསྡུས་པ་བསྟན་པ་ནི་བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ཏེ། དད་པའི་རྗེས་སུ་འབྲང་བའི་ས་ལ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་གནས་སྐབས་ལས་སྔར་ཚོགས་ཀྱིས་ལ་སྦྱིན་པ་ལ་སོགས་པས་ཀུན་ནས་བསླང་བ་མི་དམིགས་པའི་ཚུལ་གྱིས་བྱེད་པའོ། །བཟོད་ཅིང་ཞེས་བྱ་བ་ནི་ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ། །སྲེད་དེ་ཚོལ་བ་ཞེས་བྱ་བ་ནི་མཉན་པའི་གནས་སྐབས་སུ་སྦྱོར་བ་དང་དངོས་གཞིའི་དབྱེ་བས་ཕྱེ་བའོ། །སེམས་པ་དང་འཇལ་བ་ཞེས་བྱ་བ་ནི་བསམ་པའི་གནས་སྐབས་སུ་སྦྱོར་བ་དང་དངོས་གཞིས་ཕྱེ་བའོ། །ཉེ་བར་རྟོག་པ་དང་ཉེ་བར་སེམས་པའི་བགྱིད་ན་ཞེས་བྱ་བ་ནི་བསྒོམ་པའི་གནས་སྐབས་སུ་སྟེ་སྔ་མ་བཞིན་དུ་བརྗོད་པར་བྱའོ། །མངོན་པར་ཤེས་པ་ཤིན་ཏུ་མྱུར་བའི་ཁྱད་པར་སྐད་ཅིག་མ་བཞི་པས་བསྡུས་པ་བསྟན་པ་ནི་དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བར་དུ་ཞེས་སྨོས་པས་བྱང་ཆུབ་


DTG085_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ལ་སོགས་པ་ཡོངས་སུ་གཟུང་ངོ༌། །མྱ་ངན་ལས་འདའ་བར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉིད་དོ། །ཉུང་བ་མེད་པ་དང་མང་བ་མེད་པ་ཉིད་ཀྱི་ཁྱད་པར་འགོག་པའི་སྐད་ཅིག་མ་དང་པོས་བསྡུས་པ་བསྟན་པ་ནི་དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་བྱ་བ་ནི་མ་ཚང་བ་དང་ཡོངས་སུ་རྫོགས་པ་ཉིད་མེད་པས་མཐུ་ཆེན་པོ་དང་ལྡན་པའོ། །ཧ་ཅང་མི་རིང་བ་ཞིག་ཏུ་ཕྱིན་ནས་མི་སྣང་བར་གྱུར་ཏེ་ཞེས་བྱ་བ་ནི་ཇི་སྲིད་བཅོམ་ལྡན་འདས་ཀྱིས་ཐ་མལ་པའི་གཟིགས་པའི་སྤྱོད་ཡུལ་དུ་གྱུར་པའི་བར་དུ་རྐང་གིས་སོང་ནས་དེ་ཕན་ཆད་རང་གི་རྫུ་འཕྲུལ་གྱིས་སོང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དྲག་ཏུ་རབ་ཏུ་སྒྲུབ་པའི་ཁྱད་པར་སྐད་ཅིག་མ་གཉིས་པས་བསྡུས་པ་བསྟན་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། ཐོས་པ་དང་ལྷན་ཅིག་ཁོ་ནར་ཞེས་བྱ་བ་ནི་ཐོས་པ་ཙམ་གྱི་རྗེས་ཐོགས་ཉིད་ལའོ། །དེ་ལ་ཐོས་པ་དང་བསམ་པ་དང་བསྒོམ་པའི་བྱ་བ་འགོག་པས་གོ་རིམས་བཞིན་དུ་མི་འགོང་མི་ཞུམ་རྣམ་པར་མི་ཞུམ་རྣམ་པར་མི་གནས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གང་གི་ཕྱིར་མི་ཤེས་པ་དང་ཐེ་ཚོམ་དང་ལོག་པའི་ཤེས་པ་དང་བྲལ་བས་མི་རྨོངས་ཐེ་ཚོམ་མི་ཟ་སོམ་ཉི་མི་ཟ་ཞེས་ཚིག་གི་དོན་བརྗོད་པར་བྱའོ། །མངོན་པར་དགའ་བར་འགྱུར་ཞིང་ཞེས་བྱ་བ་ནི་མངོན་པར་འདོད་པ་དང་ལྡན་པའི་ཕྱིར་རོ། །ཡིད་ཀྱིས་ཕྱིར་ཕྱོགས་པར་མི་བྱེད་ཅེས་བྱ་བ་ནི་འགྱོད་པའི་སེམས་བསྐྱེད་པར་མི་འགྱུར་བའོ། །རྗེས་སུ་འབྲང་ཞིང་ཞེས་བྱ་བ་ནི་ཆོས་སྨྲ་བ་ཡོངས་སུ་མི་སྤོང་བས་སོ། །དེ་ཉིད་ཕྱི་བཞིན་འགྲོ་བར་འགྱུར་ཞེས་གསུངས་པ་ཡིན་ཏེ་ཆོས་སྨྲ་བ་འདོར་བར་མི་བྱེད་པ་ཉིད་ཀྱིས་སོ། །འདི་དག་དཔེས་བསྟན་པ་ནེ་རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ལུས་ལ་ཐོགས་པ་འམ་ཞེས་བྱ་བ་ནི་སྙིང་གར་ཆུད་པར་བྱས་པས་སོ། །གླེགས་བམ་དུ་ཆུད་པས་ཞེས་བྱ་བ་ནི་གླེགས་བམ་ཐོས་པས་སོ། །ཡང་དག་པར་འགྲུབ་པའི་ཁྱད་པར་


DTG085_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མ་གསུམ་པས་བསྡུས་པ་བསྟན་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། ཡོན་ཏན་འདི་དག་དང་ལྡན་པའི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་ཞུམ་པར་མི་འགྱུར་བ་ལ་སོགས་པའོ། །མཆིས་སམ་ཞེས་བྱ་བ་ནི་ཅི་ཞེས་ཟུར་གྱིས་འདྲི་བའོ། །རྗེས་སུ་འགྲོ་བའི་སྒོ་ནས་ལན་བཏབ་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལྡོག་པའི་སྒོ་ནས་ཀྱང་བསྟན་པ་ནི་རབ་འབྱོར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལྟར་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་སྐད་དུ་གང་གི་ཕྱིར་ཡུམ་གྱི་བག་ཆགས་བསྐྱེད་པ་དང་བྲལ་བས་ནེམ་ནུར་དུ་གྱུར་པ་ལ་སོགས་པར་གྱུར་པ་དེ་བས་ན་སྔོན་ཡོངས་སུ་འདྲི་བ་ལ་སོགས་པའི་ངང་ཚུལ་ཅན་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རེ་ཞིག་ཅེས་བྱ་བ་ནི་ཉིན་ཞག་ཉུང་ཟད་གཅིག་དང་རྗེས་སུ་འབྲེལ་བའོ། །སྟོར་བར་འགྱུར་རོ་ཞེས་བྱ་བ་ནི་འགལ་བའི་རྐྱེན་གྱི་སྟོབས་ཀྱིས་མ་ཉམས་པར་འགྱུར་བའོ། །འཕྲོགས་པར་འགྱུར་རོ་ཞེས་བྱ་བ་ནི་འདྲི་བ་པོ་མང་བ་ཉིད་ཀྱིས་ལན་འདེབས་པར་མི་ནུས་པའོ། །དེ་བཞིན་དུ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ་རབ་འབྱོར་དེ་ནི་འདི་ལྟར་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འབྲས་བུ་རྒྱུ་གང་ཡིན་པའི་རྗེས་སུ་འབྲང་བ་འདི་ནི་ཆོས་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གང་གིས་སྔ་མ་བཞིན་དུ་དུས་ཐམས་ཅད་དུ་ཡོངས་སུ་དྲི་བ་བྱས་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པ་ཡིན་ཏེ། འདི་ལྟར་ཉི་མ་གཅིག་གམ་ཞེས་བྱ་བ་ལ་སོགས་པ་དེ་མ་ཐག་ཏུ་གསུངས་པ་ཡིན་ནོ། །འགྲེས་འགའ་ནི་འདུན་པས་རྗེས་སུ་འབྲང་བར་འགྱུར་ཞེས་བྱ་བ་ནི་ཉིན་ཞག་ཉུང་ཟད་གཅིག་བསླབས་པའི་སྟོབས་ཀྱིས་མངན་པར་འདོད་པ་དེ་ཙམ་ཞིག་ཏུ་འགྱུར་ཏེ། འབྲས་བུ་ནི་རྒྱུའི་རྗེས་སུ་མཐུན་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་འདོད་པ་ཡིན་ནོ། །དེ་ཕྱིར་ཞིང་གཡེངས་པ་དང་ཞེས་བྱ་བ་ནི་དད་པ་ལས་ཉམས་པའོ། །ཞུམ་པར་འགྱུར་ཞེས་བྱ་བ་ནི་དད་པ་དང་ལྡན་པ་ཡིན་དུ་ཟིན་ན་ཡང་ངོ༌། །བློ་རྒོད་པར་འགྱུར་ཏེ་ཞེས་བྱ་བ་ནི་སོ་སོར་ངེས་པའི་


DTG085_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དམིགས་པ་མ་རྙེད་པའི་ཕྱིར་རོ། །དེ་ཉིད་ནི་རས་བལ་གྱི་འདའ་བ་བཞིན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། རས་བལ་བཀལ་བའི་ཕྱིར་སྨལ་བ་ནི་རས་བལ་གྱི་འདའ་བ་སྟེ། དེ་དང་བསྟན་པར་མི་གནས་པར་ཆོས་མཐུན་ཞིང་འདྲ་བའི་ཕྱིར་དེ་བཞིན་དུ་འགྱུར་བའོ། །གཉན་པ་ལ་སོགས་པའི་གནས་སྐབས་སུ་འམ་སྤྱོར་བ་ལ་སོགས་པའི་གནས་སྐབས་སུ་གོ་རིམས་བཞིན་དུ་རྗེས་སུ་འཛིན་པར་མི་འགྱུར་རྗེས་སུ་འཇུག་པར་མི་འགྱུར་རྗེས་སུ་བསྟན་པར་མི་འགྱུར་རོ་ཞེས་བརྗོད་པར་བྱའོ། །དམིགས་པའི་ཁྱད་པར་སྐད་ཅིག་མ་བཞི་པས་བསྡུས་པ་བསྟན་པ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཕྱི་དང་ནང་གི་གནོད་པ་མེད་པས་བདེ་བར་ཕ་རོལ་གྱི་འགྲམ་དུ་ཞེས་བྱ་བའི་ཚིག་གཉིས་སྨོས་པ་ཡིན་ནོ། །དེ་ཉིད་ནི་མ་རྨས་མ་སྨད་པར་ཞེས་གསུངས་པ་ཡིན་ནོ། །བར་མ་དོར་ཞེས་བྱ་བ་ནི་བར་ཉིད་དུ་རྣམ་པར་འཇིག་ཅིང་ཉམས་པར་འགྱུར་རོ། །དད་པ་ཡོད་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་དད་པ་ཡོད་པ་ནི་ཡོད་པ་ཉིད་དུ་མངོན་པར་ཡིད་ཆེས་པའོ། །བཟོད་པ་ཡོད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའོ། །སྲེད་པ་ནི་འཛིན་པ་ཉིད་དུའོ། །འདུན་པ་ནི་བྱེད་འདོད་པ་ཉིད་དོ། །བརྩོན་འགྲུས་ནི་དགེ་བལ་སྤྲོ་བའོ། །བག་བྱེད་པ་ནི་དགེ་བ་དང་མི་དགེ་བ་དག་གོ་རིམས་བཞིན་དུ་བསྟེན་པ་དང་མི་བསྟེན་པ་ལའོ། །མོས་པ་ནི་ངེས་པ་ཁོ་ནར་འཛིན་པའོ། །ལྷག་པའི་བསམ་པ་ནི་གཞན་གྱི་དོན་བྱེད་པ་ལ་སོགས་པ་ལ་སེམས་གཞོལ་བའོ། །གཏོང་བ་ནི་དངོས་པོ་ཐམས་ཅད་འབྲས་བུ་དང་བཅས་པར་སྦྱིན་པར་བྱེད་པའོ། །གུས་པ་ནི་ཐམས་ཅད་ལ་འདུད་པ་ཉིད་དུའོ། །དགའ་བ་ནི་ཡིད་བདེ་བའོ། །མགུ་བ་ནི་དགའ་བའི་ཁྱད་པར་རོ། །དང་བ་ནི་ཡོན་ཏན་དང་ལྡན་པར་མཐོང་བས་མོས་པའི་ཁྱད་པར་རོ། །རབ་ཏུ་དགའ་བ་ནི་བསྒྲུབ་པར་ནུས་པ་ལ་མངོན་པར་འདོད་པའོ། །བརྩོན་པ་མི་འདོར་བ་ནི་དམ་བཅས་པའི་ཁུར་མི་འདོར་བའོ། །འཇུ་བ་དང་མི་འཇུ་བའི་དཔེས་ནི་བར་ཆད་དང་བཅས་པ་དང་བར་ཆད་མེད་པར་བྱེད་པ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་དང༌། གཉེན་པོའི་དངོས་པོར་གསལ་བར་བསྟན་པར་བྱ་བའི་ཕྱིར་རོ། །རྟེན་གྱི་ཁྱད་པར་གྱི་ལམ་གྱི་སྐད་ཅིག་མ་དང་པོས་བསྡུས་པ་བསྟན་པ་ནི་རབ་འབྱོར་འདི་ལྟ་སྟེ་


DTG085_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ནི་རིགས་པ་མ་ཡིན་ནོ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། དངོས་པོའི་ཆོས་ཉིད་ཀྱིས་ལན་བཏབ་པ་ནི་འདི་ལྟར་བུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆུ་དེ་ཁྱེར་ན་ཞེས་བྱ་བ་ནི་ཆུ་འདེགས་ནའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ་སྔ་མ་བཞིན་དུ་འདི་ལྟར་བུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པས་ཞེས་བྱ་བ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དག་གིས་ཞེས་བྱ་བའི་ཐ་ཚིག་གོ །བུམ་པ་སོ་བཏང་བ་དང་མ་བཏང་བ་དག་ནི་སྒྲུབ་པའི་ཆོས་ཀྱི་རྟེན་དང་རྟེན་མ་ཡིན་པའི་ངོ་བོ་བསྟན་པའི་དོན་དུ་ཡིན་ནོ། །རྒྱུ་ཚོགས་པའི་ཁྱད་པར་སྐད་ཅིག་མ་གཉིས་པས་བསྡུས་པ་བསྟན་པ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེ་ས་བུ་ཤེས་རབ་འཆལ་བའི་རང་བཞིན་ཅན་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མིག་ཚགས་མ་བྱས་ཤིང་ཞེས་བྱ་བ་ནི་ཆུ་འཛག་པའི་གནས་སུ་ཤིང་ཤུན་ལ་སོགས་པས་མ་བཙངས་པས་སོ། །མ་བཅོས་པ་ཞེས་བྱ་བ་ནི་ཤིང་རུལ་པ་མ་བསལ་བའོ། །ཁལ་གྱིས་ནོན་པའི་ཞེས་བྱ་བ་ནི། ཁལ་ལྕི་བས་ནོན་པའི་ནང་དུ་ཞུགས་པར་འདོད་པའོ། །ཕ་རོལ་དུ་མ་རྒལ་བར་དེའི་རྫས་ཀྱང་གཞན་དུ་འགྱུར་ལ་ཞེས་བྱ་བ་ནི་སྐམ་སར་མ་ཕྱིན་པར་རྫས་རྣམས་ཆུད་ཟ་བར་འགྱུར་པའོ། །ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་བ་ནི་མ་ཐོབ་པར་ཡོངས་སུ་ཉམས་པའོ། །བར་མ་དོར་ཆུད་ཟ་བར་ཞེས་བྱ་བ་ནི་བར་དུ་ཉམས་པར་འགྱུར་ཞིང་སངས་རྒྱས་ཀྱི་ས་ལས་ཉམས་པར་འགྱུར་བའོ། །ངེས་པ་མེད་པར་མ་འོངས་པར་གནས་པར་བྱེད་པ་ཇི་ལྟར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རྒྱུ་མ་ཚང་བ་མེད་པ་ཙམ་དང་རྗེས་སུ་འབྲེལ་པ་རུང་བ་ཉིད་རྗེས་སུ་དཔག་པ་ནི་རབ་འབྱོར་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གྲུ་མིག་ཚགས་བྱས་པ་ངང་མ་བྱས་པ་སྨོས་པ་ནི་སྒྲུབ་པ་ཚང་བ་དང་མ་ཚང་བ་ཤེས་བར་བྱ་བའི་དོན་ཡིན་ནོ། །ཡོངས་སུ་གཟུང་བའི་ཁྱད་པར་སྐད་ཅིག་མ་གསུམ་པས་བསྡུས་པ་བསྟན་པ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ལུས་རྙིངས་པ་ཉིད་ཡིན་པས་ན་རྒན་པའོ། །ན་ཚོད་དུ་ཕྱིན་པ་ཉིད་ཀྱིས་ནི་རྒས་ཤིང་ངོ༌། །ལེགས་


DTG085_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨྲས་པ་དང་ཉེས་པར་སྨྲས་པ་ཉིད་དང་བྲལ་བས་ན་འཁོགས་པའོ། །ནད་དེས་བཅོམ་པས་ཞེས་བྱ་བ་ནི་ཉེ་བར་བཅོམ་པའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ། །དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་རྒན་པོ་ཡོངས་སུ་བཟུང་བ་དང་མ་བཟུང་བའི་དཔེ་བསྟན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པས་ཡོངས་སུ་བཟུང་བ་དང་ཡོངས་སུ་མ་ཟིན་པ་དག་གིས་ཅི་རིགས་པར་འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་མཐར་ལྟུང་བ་དང་མི་ལྟུང་བ་གསལ་བར་བསྟན་པའི་དོན་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་དཔེའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པའོ།། །།རོ་མྱང་བ་མེད་པའི་ཁྱད་པར་བསྟན་པ་ནི་ལམ་གྱི་སྐད་ཅིག་མ་བཞི་པས་བསྡུས་པ་བསྟན་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །དེ་ལ་ལུས་དང་ངག་དང་འཁོར་ལ་སོགས་པ་ཕུལ་བས་མཉེས་པར་བྱ་བ་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་བསྙེན་པར་བྱ་བསྟེན་པར་བྱ་བསྙེན་བཀུར་བྱའོ་ཞེས་བྱ་བར་སྤྱར་རོ། །རྣལ་འབྱོར་དུ་གྱིས་ཤིག་ཅེས་བྱ་བ་ནི་སྦྱིན་པར་བྱ་བ་དང་སྦྱིན་པ་དང་ལེན་པ་པོ་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་བསྒྲུབ་པ་ལ་འབད་པར་གྱིས་ཤིག་ཅེས་པའོ། །གཟུགས་སུ་མ་བསྙེམས་ཤིག་ཅེས་བྱ་བ་ནི་གཟུགས་ལ་མངོན་པར་ཞེན་པའི་ཚུལ་གྱིས་མ་འཛིན་ཅིག་ཅེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེན་ཞེས་རྟོག་པ་ལ། རིགས་ཀྱི་བུ་ཐམས་ཅད་མཁྱེན་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཁྱེན་པ་ཉིད་ནི་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྣམ་པ་གང་གིས་ཀྱང་སོ་སོར་བརྟག་པར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ་ཞེས་བྱ་བ་ནི་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག་ཅེས་བྱ་བ་ནས། ཐམས་ཅད་མཁྱེན་པ་ཉིད་ནི་མི་བསྙེམས་པ་སྟེ་ཞེས་བྱ་བའི་བར་གྱི་གཞུང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཞི་ལ་བསྒྲེ་བར་བྱའོ། །མཐར་གྱིས་ཞེས་བྱ་བ་ནི་དང་པོར་བདག་ལ་སོགས་པར་ངེས་པ་གསལ་བས་ཕྱིའི་དོན་ལ་བཞག་པ་དེའི་འོག་ཏུ་ཀུན་བརྟགས་པ་དང་གཞན་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་


DTG085_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས་ཁམས་གསུམ་སེམས་ཙམ་དུ་རྟོགས་པ་སྦྱར་རོ། །དེའི་འོག་ཏུ་ཡང་དག་པའི་དོན་གྱི་བྱ་བ་ལ་ནུས་པ་དང་མི་ནུས་པ་ཡང་དག་པ་དང་ལོག་པའི་དབྱེ་བས་ཀུན་རྫོབ་ཀྱི་བདེན་པ་གཉིས་སུ་རྣམ་པར་དཔྱད་དོ། །མ་བརྟགས་ན་ཉམས་དགའ་བ་ཙམ་དུ་སྔ་མ་སྔ་མའི་རྒྱུ་ལ་ལྟོས་པར་བསྟན་ནས་ཡང་དག་པའི་ཀུན་རྫོབ་ལ་གནས་ཏེ། ཇི་ལྟར་མཐོང་བ་རྣམས་སྒྱུ་མའི་སྐྱེས་བུ་དང་འདྲ་བར་སྦྱིན་པ་ལ་སོགས་པ་ལ་སྤྱད་པར་བྱ་ཞིང༌། དོན་དམ་པར་སྐྱེ་བ་མེད་པར་བསྒོམ་པར་བྱ་སྟེ། དེ་ལྟར་རིམ་པ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞུག་པར་བྱའོ། །དེ་ལྟར་ན་དེ་དག་ནི་ཁྱད་པར་གྱི་མཚན་ཉིད་རྣམ་པ་བཅུ་དྲུག་བསྟན་པ་ཡིན་ཏེ། གང་གིས་ཉན་ཐོས་ལ་སོགས་པའི་ལམ་ལས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལམ་ཤེས་པ་ཉིད་ལ་སོགས་པ་ཉིད་ཁྱད་པར་གྱི་ལམ་ཡིན་པར་ཁྱད་པར་ཞུགས་པ་ཡིན་ནོ། །དེའི་ཕྱིར་དེ་དག་ཇི་སྐད་དུ་བཤད་པའི་ཁྱད་པར་དང་བྲལ་བ་ནི་མངོན་པར་ཞེ་ན་པ་ལ་སོགས་པ་སྐྱེ་བའི་མཚན་ཉིད་ཀྱིས་གོ་སླ་བའི་ཕྱིར་མ་བཤད་དོ། །དེ་སྐད་དུ་ཡང༌། བསམ་མི་ཁྱབ་དང་མི་མཉམ་དང༌། །གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་བསྡུས་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཤེས་ཉིད། །ཤེས་མྱུར་བྲི་དང་གང་མེད་དང༌། །བསྒྲུབ་དང་ཡང་དག་འགྲུབ་པ་དང༌། །དམིགས་པ་རྟེན་དང་བཅས་པ་དང༌། །མཐའ་དག་པ་དང་ཡོངས་འཛིན་དང༌། །རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཅེས་བྱ་སྟེ། །གང་གིས་ལམ་ནི་གཞན་དག་ལས། །ཁྱད་པར་འཕགས་པས་ཁྱད་པར་ལམ། །ཞེས་གསུངས་པ་ཡིན་ནོ། །ཁྱད་པར་གྱི་མཚན་ཉིད་ཀྱིས་རྣམ་པར་བཅད་པ་རྣམས་ཀྱི་བྱེད་པ་གང་ཡིན་ཞེ་ན། བྱེད་པའི་མཚན་ཉིད་བརྗོད་པར་བྱའོ། །དེ་ལས་ཕན་པ་དང་བདེ་བའི་བྱེད་པ་བསྟན་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཅེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། དེ་ལྟ་བུའི་ཞེས་བྱ་བ་ནི་སངས་རྒྱས་ཉིད་སྐྱེད་པར་བྱེད་པའི་རྒྱུ་མ་ཚང་བ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་མ་འོངས་པ་དང་ཚེ་འདིའི་བདེ་བ་ཉེ་བར་བསྒྲུབ་པ་ལ་དགོངས་ནས། ཕན་པའི་ཕྱིར་དང་བདེ་བའི་ཕྱིར་ཞེས་ཚིག་གཉིས་གསུངས་པ་ཡིན་ནོ། །གཉིས་པོ་འདི་དག་ཀྱང་སྙིང་བརྩེ་བ་ལས་འབྱུང་བར་གྱུར་པས། འཇིག་


DTG085_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་པ་ཞེས་གསུངས་པ་ཡིན་ནོ། །སྐྱོབ་པ་ལ་སོགས་པའི་བྱེད་པ་བཤད་པའི་ཕྱིར་མདོར་བསྟན་པ་ནི། འཇིག་རྟེན་གྱི་སྐྱོབ་པར་འགྱུར་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་སྐྱོབ་པའི་བྱེད་པ་བཤད་པ་ནི་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་འབད་པར་བྱེད་ཅིང་བརྩོན་འགྲུས་རྩོམ་ཏེ་ཞེས་བྱ་བ་ནི། སྦྱོར་བ་དང་ཆོག་མི་ཤེས་པའི་བརྩོན་འགྲུས་དག་དང་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །སྐྱོབ་པར་འགྱུར་རོ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་མེད་པའི་ཆོས་ཉིད་ལ་འཇོག་པ་ཡིན་པའི་ཕྱིར་རོ། །སྐྱབས་ཀྱི་བྱེད་པ་བསྟན་པ་ནི་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་སྐྱེ་བ་ནི་མ་བྱུང་བ་ཉིད་བྱུང་བའོ། །རྒ་བ་ནི་རྙིངས་པར་གྱུར་པའོ། །ན་བ་ནི་བདེ་བར་མི་གནས་པའོ། །འཆི་བ་ནི་སྔོན་གྱི་ལས་ཀྱིས་འཕངས་པའི་རིས་མཐུན་པ་ཡོངས་སུ་སྤངས་པའོ། །མྱ་ངན་ནི་ཡིད་ཀྱི་སྡུག་བསྔལ་ལོ། །སྨྲེ་སྔགས་འདོན་པ་ནི་སྡུག་པའི་ཡོན་ཏན་རྗེས་སུ་དྲན་པ་དང་བཅས་པར་སྨྲེ་བའོ། །སྡུག་བསྔལ་བ་ནི་ལུས་ཀྱིས་མི་བདེ་བ་མྱོང་བའོ། །ཡིད་མི་བདེ་བ་ནི་སྔ་མ་བཞིན་དུ་སེམས་ཀྱིས་སོ། །འཁྲུག་པ་ནི་ཁུར་ཁུར་བ་ལ་སོགས་པའོ། །སྐྱབས་ཞེས་བྱ་བ་ནི་གཏན་དུ་ཕན་པ་ཉེ་བར་སྒྲུབ་པའི་དོན་གྱིས་སོ། །གནས་ཀྱི་བྱེད་པ་བསྟན་པ་ནི་རབ་འབྱོར་ཇི་ལྟར་ན་འཇིག་རྟེན་གྱི་གནས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྦྱོར་བ་མེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་སྐྱེ་བ་མེད་པར་བྱ་བའི་ཕྱིར་རོ། །གནས་སུ་འགྱུར་རོ་ཞེས་བྱ་བ་ནི་སྡུག་བསྔལ་ལས་བཟློག་པའི་དོན་གྱིས་སོ། །སྦྱོར་བ་མེད་པའི་དོན་ཉིད་གསལ་བར་བྱ་བ་ནི། བཅོམ་ལྡན་འདས་ཇི་ལྟར་ན་སྦྱོར་བ་མ་མཆིས་ལགས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཤེས་པས་མཐོང་བས་ཞེས་བྱ་བ་ནི་སྐབས་འདིར་ཇི་སྐད་བསྟན་པའི་དོན་མངོན་སུམ་དུ་བྱེད་པས་ནི་ཤེས་པས་མཐོང་བའོ། །དཔུང་གཉེན་གྱི་བྱེད་པ་བསྟན་པ་ནི་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རབ་འབྱོར་གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་གཟུགས་མ་ཡིན་ཞེས་བྱ་བ་ནི། རབ་ཀྱི་མཐར་ཐུག་པར་འགྲོ་བའི་དོན་གྱིས་ན་གཟུགས་ཀྱི་ཕ་རོལ་སྐྱེ་བ་མེད་ཅིང་དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཏུ་གཟུགས་སུ་གྱུར་པ་མ་ཡིན་


DTG085_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དོན་དམ་པར་ནི་ཕ་རོལ་ཏེ་སྟོང་པ་ཉིད་ཇི་ལྟ་བར་གཟུགས་ཀྱང་དེ་བཞིན་ཏེ་གང་གི་ཕྱིར། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་འདི་ལྟར་ཆོས་ཡོད་པ་མ་ཡིན་པས་ཞེས་བྱ་བས། རབ་འབྱོར་ཕ་རོལ་ཇི་ལྟར་གཟུགས་ཀྱང་དེ་བཞིན་ཏེ་ཞེས་བྱ་བ་གསུངས་པ་ཡིན་ནོ། །མངོན་པར་རྫོགས་པར་སངས་རྒྱས་པ་མ་ལགས་སམ་ཞེས་བྱ་བ་ནི་ད་ལྟར་ཡང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་སངས་རྒྱས་པ་ཉིད་ཀྱི་གནས་སྐབས་དང་འདྲ་བར་ཆོས་ཐམས་ཅད་རྟོགས་པ་ཡིན་ནོ། །དེ་བས་ན་མདོ་འདི་ལ་མངོན་པར་བརྩོན་པ་ནི་དོན་མེད་དོ་སྙམ་དུ་བསམས་པའོ། །འཁྲུལ་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་ཡོད་བཞིན་དུ་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། །བཅོམ་ལྡན་འདས་འདི་ལ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། རྣམ་པར་རྟོག་པ་ཡང་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་ལ་སོགས་པའི་ཕ་རོལ་ན་རྣམ་པར་རྟོག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །ཡང་ཀུན་རྫོབ་ཏུ་ནི་ཐོག་མ་མེད་པའི་དུས་ཅན་གྱི་སྒྲོ་བཏགས་པ་སེལ་བ་ཡིན་པའི་ཕྱིར་མདོ་སྡེ་འདི་ལ་མངོན་པར་བརྩོན་པ་འབྲས་བུ་དང་བཅས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཀུན་རྫོབ་ཏུ་རྟོགས་པ་ཡོད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་གང་དེ་ལྟར་ཆོས་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐབས་མང་པོས་ལན་མང་དུ་བསྒོམ་པ་ལ་ངེས་པར་སེམས་ཤིང་མངོན་དུ་ཡང་མི་བྱེད་པ་འདི་ནི་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ཏེ་མོད་ལ་བྱ་བར་ནུས་པ་མ་ཡིན་ནོ། །ཞུམ་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་ཡང་ལེ་ལོས་མི་སྒྲུབ་པར་མི་བྱེད་དོ། །ཆོས་འདི་དག་ཅེས་བྱ་བ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་ཉིད་ལ་སོགས་པའི་མཚན་ཉིད་རྣམས་སོ། །དཔུང་གཉེན་དུ་འགྱུར་ཞེས་བྱ་བ་ནི་ཆོས་བསྟན་པས་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་ཉེ་བར་སྒྲུབ་པའི་དོན་གྱིས་སྐྱོབ་པ་པོར་འགྱུར་བའོ། །གླིང་དུ་འགྱུར་བའི་བྱེད་པ་བསྟན་པ་ནི་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆུས་ཡོངས་སུ་བསྐོར་བ་ཞེས་བྱ་བ་ནི་ཆུའི་དབུས་ན་གནས་


DTG085_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐམ་སའི་ཆའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ་ཞེས་བྱ་བ་ལ་སྔོན་གྱི་མཐའ་ནི་རྒྱུའོ། །ཕྱི་མའི་མཐའ་ནི་འབྲས་བུ་སྟེ་དེ་གཉིས་ཀྱིས་ཡོངས་སུ་བཅད་པར་དབུས་ན་གནས་པ་སྒྱུ་མ་ལྟ་བུའི་ངོ་བོའོ། །རབ་འབྱོར་ཡོངས་སུ་ཆད་པ་འདིས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པས་སོ། །འདི་ནི་ཞི་བའོ་ཞེས་བྱ་བ་ལ་སོགས་པ་ཚིག་ལྔས་ནི་སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པ་དང༌། མི་སློབ་པ་དང༌། ཁྱད་པར་གྱི་ལམ་རྣམས་ལ་གོ་རིམས་བཞིན་དུ་ལམ་གྱི་བདེན་པ་ཡིན་པར་བཤད་དོ། །འཇིག་རྟེན་གྱི་གླིང་དུ་འགྱུར་རོ་ཞེས་བྱ་བ་ནི་ཆུས་ཡོངས་སུ་བཅད་པའི་སྐམ་ས་དང་ཆོས་མཐུན་པར་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པར་ཆོས་ཐམས་ཅད་རྟོགས་པས་སྲེད་པ་ཟད་པ་འདོད་ཆགས་དང་བྲལ་བ་དང༌། འགོག་པ་མྱ་ངན་ལས་འདས་པ་སྟོན་པར་བྱེད་པ་ཉིད་ཀྱིས་ན། རང་དང་གཞན་གྱི་དོན་རྟོགས་པའི་རྟེན་གྱི་ངོ་བོས་ཉེ་བར་བསྒྲུབ་པའི་རྟེན་ཏེ་གནས་སུ་འགྱུར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་ལ་སྣང་བའི་བྱེད་པ་ཡང་སྣང་བ་དང་བཅས་པའི་རིན་པོ་ཆེའི་གླིང་དང་ཆོས་མཐུན་པ་དང་མ་རིག་པའི་མུན་པ་ཟད་པ་ནི་སྲེད་པ་ལ་སོགས་པ་ཟད་པའི་ནང་དུ་འདུ་བས་ན་གླིང་གི་བྱེད་པ་ཉིད་ཡིན་པའི་ལོགས་ཤིག་ཏུ་བྱས་པ་ནི། ཡེ་ཤེས་ཀྱི་སྣང་བ་མི་ཤེས་པ་ཟད་པ་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་བལྟ་བར་བྱའོ། །མ་རིག་པའི་སྒོ་ངའི་སྦུབས་ཞེས་བྱ་བ་ལ་སོགས་པ་ལ་མ་རིག་པ་ཉིད་སྒོ་ངའི་སྦུབས་ཡིན་ཏེ། གཟུང་བ་དང་འཛིན་པའི་རྣམ་པ་ལ་སོགས་པ་རྣམ་པར་སྣང་བ་ཡིན་ལ་དེས་ཡོངས་སུ་ཁེབས་པ་སྟེ་ཕྱི་རོལ་ཀུན་ནས་མི་ཤེས་པ་དང་ལྡན་པ་སེམས་ཅན་མུན་པས་ཟིལ་གྱིས་ནོན་ཅིང༌། ནང་ནས་མ་རིག་པའི་བག་ཆགས་ཀྱི་ས་བོན་གྱིས་ཟིལ་གྱིས་ནོན་པ་རྣམས་ཀྱི་མི་ཤེས་པའི་མུན་ནག་ཐམས་ཅད་སེལ་བར་བྱེད་དོ་ཞེས་བྱ་བ་ཕྱི་རོལ་དང་ནང་གི་མི་ཤེས་པ་སྤོང་བར་བྱེད་དོ་ཞེས་འབྲེལ་ཏོ། །ཅི་ཞིག་བྱེད་པས་ཤེ་ན་ཤེས་རབ་ཀྱིས་སྣང་བར་བྱེད་ཅིང་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཀྱིས་སྣང་བ་བྱེད་པས་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་འདྲེན་པའི་བྱེད་པ་སྟོན་པ་ནི་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡོངས་སུ་འདྲེན་པར་འགྱུར་རོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་


DTG085_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འགག་པ་མེད་པར་ཆོས་སྟོན་པའི་ཕྱིར་ཁ་ལོ་སྒྱུར་བར་གྱུར་པས་གཞན་གྱི་དོན་སྒྲུབ་པས་ཉེ་བར་བསྡུས་པ་ཡིན་པའི་ཕྱིར་འདྲེན་པ་ཡིན་ནོ། །ལྷུན་གྱིས་གྲུབ་པ་ལ་སོགས་པའི་བྱེད་པ་གསུམ་གྱི་དོན་འདྲི་བར་མཛད་ཅིང་གསུངས་པ་ནི་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འཇིག་རྟེན་གྱི་རྟེན་དུ་འགྱུར་ཞེ་ན་ཞེས་བྱ་བ་ནི་བྱེད་པ་གསུམ་ཆར་གྱི་བྱ་བ་ཉེ་བར་སྒྲུབ་པས་རྟེན་དུ་འགྱུར་བ་ཡིན་ནོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་པར་འཇུག་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ན་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་ལྷུན་གྱིས་གྲུབ་པའི་བྱེད་པ་རེ་ཞིག་བསྟན་པར་བྱ་བའི་ཕྱིར། རབ་འབྱོར་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ནམ་མཁའི་རྟེན་ཅན་ནོ་ཞེས་བྱ་བ་ནི། ནམ་མཁའི་མཐར་ཐུག་པའི་ངང་ཚུལ་ཅན་ནོ། །འདི་དག་ཉིད་བསྟན་པར་བྱ་བའི་ཕྱིར་ཇི་ལྟར་ནམ་མཁའ་འོང་བ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་རྗེས་སུ་མེད་བ་ཙམ་ནི་ནམ་མཁའ་སྟེ། འདས་པའི་དུས་ནས་མ་འོངས་པས་ན་འོང་བ་མེད་པའོ། །མ་འོངས་པའི་དུས་སུ་འགྲོ་བ་དང་བྲལ་བས་ན་འགྲོ་བ་མེད་པའོ། །བྱེད་པའི་རྒྱུ་མེད་པས་ན་མ་བྱས་པའོ། །འཇིག་པའི་རྒྱུ་དང་བྲལ་བས་ན་རྣམ་པར་མི་འགྱུར་བའོ། །གནས་པར་བྱེད་པའི་འདུ་བྱེད་མི་འཐད་པས་ན་མངོན་པར་འདུས་མ་བྱས་པའོ། །དུས་གསུམ་དུ་རང་གི་ངོ་བོ་དང་བྲལ་བས་ན་གོ་རིམས་བཞིན་དུ་མི་གནས་པ། ཡང་དག་པར་མི་གནས་པ་རྣམ་པར་མི་འགྱུར་པ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱིས་ནམ་སྐྱེས་པ་མ་འགགས་པའོ། །ཉེ་བར་བསྡུ་བའི་དོན་ནི་ནམ་མཁའ་དང་འདྲའོ། །རྣམ་པར་མི་རྟོག་པའོ་ཞེས་གསུངས་པ་ཡིན་ཏེ། ནམ་མཁའ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པའོ། །འོང་བ་མེད་པ་ལ་སོགས་པ་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྟོང་པ་ཉིད་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་དོ། །གལ་ཏེ་སྟོང་པ་ཉིད་དེ་ལ་འགྲོ་བ་དང་འོད་བ་མེད་མོད། དེ་ལྟ་ན་ཡང་གཟུགས་ལ་སོགས་པ་ལ་ཅི་ལྟར་མེད་སྙམ་པའི་དོགས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། །རབ་


DTG085_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རྟེན་ཅན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་པས་ན་སྟོང་པ་ཉིད་ལ་སོགས་པའི་རང་བཞིན་ནོ། །དེ་ལ་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་སྟོང་པ་ཉིད་དོ། །མཚན་མ་ཐམས་ཅད་དང་བྲལ་བས་ན་མཚན་མ་མེད་པའོ། །དོན་དུ་གཉེར་བའི་ཡུལ་ལས་འདས་པའི་ཕྱིར་སྨོན་པ་མེད་པའོ། །ནམ་མཁའ་དང་འདྲ་བར་རང་བཞིན་གྱིས་འོད་གསལ་བ་ཉིད་ཡིན་པའི་ཕྱིར་མངོན་པར་འདུ་མི་བྱེད་པའོ། །རྟེན་དེ་ལས་མི་འདའ་བའོ་ཞེས་བྱ་བ་ནི་རང་བཞིན་དེ་མི་འདོར་བའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་རྟེན་ཅན་དུ་འགྱུར་རོ་ཞེས་བྱ་བ་འཆད་བཞིན་པའི་འགྲེས་ཀྱི་ཐ་མར་འབྲེལ་བར་བྱའོ། །ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་ཕན་པ་ལ་སོགས་པ་ནས་ལྷུན་གྱིས་གྲུབ་པར་འཇུག་པའི་མཐར་ཐུག་པའི་བྱེད་པ་ཐམས་ཅད་ནི་མྱ་ངན་ལས་འདའ་པ་ཡོངས་སུ་སྟོན་པའི་དོན་ཤེས་པར་བྱའོ། །ལམ་ཤེས་པ་ཉིད་ཀྱི་རྣམ་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ན་ཐེག་པ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བ་དེ་མངོན་དུ་མི་བྱེད་པས་ཉེ་བར་བསྒྲུབ་པའི་ཕྱིར་རྟེན་དུ་འགྱུར་བ་ཡིན་ནོ། །ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་དེའི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་བསྟན་པ་ནི། རབ་འབྱོར་ཆོས་ཐམས་ཅད་ནི་འབྱུང་བ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཀུན་བརྟགས་པའི་སྡུག་བསྔལ་དང་བྲལ་བས་འབྱུང་བ་མེད་པའི་རྟེན་ཅན་ནོ། །རྣམ་པར་བརྟགས་པའི་སྡུག་བསྔལ་དང་བྲལ་བས་སྐྱེ་བ་མེད་པའི་རྟེན་ཅན་ནོ། །ཆོས་ཉིད་ཀྱི་སྡུག་བསྔལ་དང་བྲལ་བས་དངོས་པོ་མེད་པའི་རྟེན་ཅན་ནོ། །ཀུན་བརྟགས་པའི་ཀུན་འབྱུང་བ་མེད་པས་རྨི་ལམ་ལྟ་བུར་སོ་སོར་སྣང་བ་ཙམ་དུ་ཡོད་པ་ཉིད་ཀྱིས་ནི་རྨི་ལམ་གྱི་རྟེན་ཅན་ནོ། །ཚད་མ་དང་འགལ་པ་ཉིད་ཡིན་པའི་ཕྱིར་ཇི་ལྟར་བདག་མེད་པ་དེ་བཞིན་དུ་རྣམ་པར་བརྟགས་པའི་ཀུན་འབྱུང་བ་མེད་པའི་ཕྱིར་བདག་གི་རྟེན་ཅན་ནོ། །ཆོས་ཉིད་ཀྱི་འབྱུང་བ་ནི་སྒྱུ་མ་ལྟ་བུ་ཉིད་ཀྱིས་ན་ཡོངས་སུ་ཆད་པ་མ་ཡིན་པའི་ཕྱིར་མུ་མེད་པའི་རྟེན་ཅན་ནོ། །ཀུན་ཏུ་བརྟགས་པ་ལ་སོགས་པ་དངོས་པོ་རྣམ་པ་གསུམ་འགོག་པས། གོ་རིམས་བཞིན་དུ་ཞི་བའི་


DTG085_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅན་དང་མྱ་ངན་ལས་འདས་པའི་རྟེན་ཅན་དང༌། དབྱུང་དུ་མེད་པའི་རྟེན་ཅན་ནོ་ཞེས་གསུམ་བརྗོད་པར་བྱའོ། །དེ་བཞིན་དུ་ཀུན་བརྟགས་པ་ལ་སོགས་པ་རྣམ་པ་གསུམ་ལམ་གྱི་རང་བཞིན་ཡིན་པས་ན་འོང་བ་མེད་པའི་རྟེན་ཅན་དང༌། འགྲོ་བ་མེད་པའི་རྟེན་ཅན་དང༌། མི་གཡོ་བའི་རྟེན་ཅན་ཏེ་ཞེས་བྱ་བ་ཡིན་ནོ། །འདིར་ཡང་འོག་ནས་གསུངས་པའི་ཚིག་སྔ་མ་བཞིན་དུ་འགྲེས་ཀྱི་མཐར་སྦྱར་རོ། །རྟེན་གྱི་བྱེད་པ་བཤད་པ་ནི། རབ་འབྱོར་ཆོས་ཐམས་ཅད་ནི་ཞེས་བྱ་བ་གསུངས་པ་ཡིན་ཏེ། གཟུགས་ཀྱི་རྟེན་ནི་ཆོས་ཉིད་ཀྱི་བདག་ཉིད་ཅན་གཟུགས་ལ་སོགས་པའི་རང་བཞིན་ནོ། །འཇིག་རྟེན་གྱི་རྟེན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པའི་ཆོས་ཐམས་ཅད་སྟོན་པར་མཛད་པ་ཉིད་ཀྱིས་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་དུ་འོས་པར་འགྱུར་རོ། །དེ་ལྟར་ན་ཇི་སྐད་དུ་བཤད་པའི་བྱེད་པའི་མཚན་ཉིད་ནི་རྣམ་པ་བཅུ་གཅིག་གི་བདག་ཉིད་ཅན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་སྐད་དུ་ཡང༌། ཕན་དང་བདེ་དང་སྐྱོབ་པ་དང༌། །མི་རྣམས་ཀྱི་ནི་སྐྱབས་དག་དང༌། །གནས་དང་དཔུང་གཉེན་གླིང་དང་ནི། །ཡོངས་འདྲེན་པ་ཞེས་བྱ་བ་དང༌། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་སུམ་མི་བྱེད་དག །ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་གསུངས་པ་ཡིན་ནོ། །བྱེད་པའི་མཚན་ཉིད་ཀྱི་རྣམ་པར་བཅད་པ་རྣམས་ཀྱི་ངོ་བོ་ཉིད་སྟོན་པས། སྒྲུབ་པ་པོའི་དོན་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་དག་གིས་འཚལ་བར་འགྱུར་ཞེས་གསོལ་པ་ཡིན་ནོ། །རང་བཞིན་སྟོན་པར་བྱེད་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ངོ་བོ་ཉིད་ཀྱི་མཚན་ཉིད་བརྗོད་པའི་དོན་དུ་ཞུས་པ་ནི། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ཏེ། ལན་བཏབ་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདུལ་བ་ལས་བྱུང་བ་བ་དབེན་པའི་རང་བཞིན་ཅན་ནོ་ཞེས་བྱ་བ་ནི། འདིས་འདུལ་བས་ན་འདུལ་བ་སྟེ། ཆོས་ཀྱི་དབྱིངས་སོ། །དེ་ལས་བྱུང་བ་ནི་མི་མཐུན་པའི་ཕྱོགས་ལས་དབེན་པ་ཡིན་པས་ན། དབེན་པའི་རང་བཞིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་


DTG085_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ལྟར་ན་ཚིག་འདི་ཉིད་ཀྱིས་འདོད་ཆགས་ལ་སོགས་པ་དབེན་པའི་རང་བཞིན་ཉིད་ཀྱིས་ན་ཉོན་མོངས་པ་རྣམས་དབེན་པའི་རང་བཞིན་ཡིན་ནོ། །འདོད་ཆགས་ལ་སོགས་པའི་རྟགས་ལུས་ལ་སོགས་པའི་གནས་ངན་ལེན་དབེན་པའི་རང་བཞིན་ཉིད་ཀྱིས་ན་ཉོན་མོངས་པའི་རྟགས་དབེན་པའི་རང་བཞིན་ནོ། །འདོད་ཆགས་ལ་སོགས་པའི་མཚན་མ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དབེན་པའི་རང་བཞིན་ཉིད་ཀྱིས་ན་ཉོན་མོངས་པའི་མཚན་མ་དབེན་པའི་རང་བཞིན་ནོ། །འདོད་ཆགས་དང་འདོད་ཆགས་མེད་པ་དང་ཞེ་སྡང་དང་ཞེ་སྡང་མེད་པ་དང༌། གཏི་མུག་དང་གཏི་མུག་མེད་པ་བདེན་པའི་རང་བཞིན་ཉིད་ཀྱིས་ན་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་དབེན་པའི་རང་བཞིན་ནོ་ཞེས་བྱ་བ་ངོ་བོ་ཉིད་རྣམ་པ་བཞི་པོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ཅན་ཡིན་པ་ཉིད་དུ་ལྷག་པར་མོས་པར་བྱེད་པ་རྣམས་ཀྱི་བསྒོམ་པའི་ལམ་ཉེ་བར་དགོད་པའི་དོན་དུ་བསྟན་པ་ཡིན་ནོ། །རྟེན་དེ་ཉིད་བསྟན་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟ་བུའི་རྟེན་ཅན་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྟེན་ཅན་ནོ། །ལེགས་བར་སྨྲས་བ་ཉིད་དུ་བསྟན་པ་ནི། །རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བྱ་དཀའ་བའི་ངོ་བོ་ཉིད་བསྟན་པ་ནི། བཅོམ་ལྡན་འདས་སེམས་ཅན་གྲངས་མ་མཆིས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཐའ་ལས་འདས་བས་ཡོད་པ་མ་ཡིན་པ་ཉིད་ཀྱིས་དེ་དང་འབྲེལ་བ་མེད་པ་ཡིན་པའི་ཕྱིར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་འདའ་བའོ་ཞེས་དཀའ་བའི་གོ་ཆ་བ་གོས་པ་ཉིད་ཀྱིས་ན་དཀའ་བ་བྱེད་པའོ། །གོ་ཆའི་རང་གི་ངོ་བོ་གསལ་བྱ་བ་ནི་ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེང་མྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་ད་ལྟར་བྱུང་བའི་གཟུགས་ལ་སོགས་པར་མངོན་པར་ཞེན་པ་དང་བྲལ་བས། གཟུགས་ལ་སོགས་པ་དང་འབྲེལ་པ་མ་ཡིན་ནོ། །མ་འོངས་པའི་དོན་དུ་གཉེར་བ་ལས་ཕྱིར་ཕྱོགས་པ་ཉིད་ཡིན་པའི་ཕྱིར་གཟུགས་ལ་སོགས་པའི་དོན་དུ་འབྲེལ་པ་ཡང་མ་ཡིན་ནོ། །འདི་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ་སྙམ་


DTG085_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། །ཆོས་ཐམས་ཅད་དང་མ་འབྲེལ་བའོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་མ་བརྟགས་ན་ཉམས་དགའ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །མཐའ་གཅིག་ཏུ་ངེས་པའི་ངོ་བོ་ཉིད་བསྟན་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། དེ་ལྟར་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ནི་མཐའ་གཅིག་ཏུ་ངེས་པའི་རང་བཞིན་དང་ལྡན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཡང་དག་པར་ཞུགས་པ་ཡིན་པའི་ཕྱིར། ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱིས་ལ་རེ་བར་མི་བྱ་ལ། སངས་རྒྱས་ཀྱི་ས་ལ་ཡང་མངོན་པར་འདོད་པའི་བར་གྱིས་རེ་བ་མི་བྱའོ། །དོན་འདི་ཇི་ལྟར་རྙེད་ཅེས་གསུངས་པ་ནི། རབ་འབྱོར་ཁྱོད་དོན་གྱི་དབང་ཅི་ཞིག་མཐོང་ན་ཞེས་བྱ་བ་ལ་སོགས་པའོ། །ཡུམ་ནི་དམིགས་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དགོངས་པས་ལན་འདེབས་པར་མཛད་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྒྱུ་མ་ཚང་བས་ན། གནས་མ་ཡིན་ཏེ་མི་སྲིད་པ་ཡིན་ལ་འབྲས་བུ་མི་འབྱུང་བས་གོ་སྐབས་མ་ཡིན་ཞིང་སྐབས་མེད་པའོ། །ཉན་ཐོས་ལ་སོགས་པའི་སར་ལྟུང་བ་གནས་མ་ཡིན་ཞིང་གོ་སྐབས་མ་ཡིན་པ་ཉིད་ཀྱིས་ན་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་མཐའ་གཅིག་ཏུ་བསྒོམ་པ་གསལ་བར་བསྟན་པ་ཡིན་ནོ། །ཆེད་དུ་བྱ་བའི་ངོ་བོ་ཉིད་བཤད་པ་ནི་འོན་ཀྱང་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་བ་ཡིན་ཏེ། སངས་རྒྱས་ཀྱི་ས་ཉིད་ལ་རེ་བར་བྱའོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ལྷག་པར་མོས་པས་ཞེས་བྱ་བར་དགོངས་ཏེ། འདིས་ནི་ཆེད་དུ་བྱ་བ་བསྒོམ་པ་མ་འཁྲུལ་པ་ཉིད་ཡིན་པར་བསྟན་ཏོ། །མི་དམིགས་པའི་ངོ་བོ་བསྟན་བ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །དེ་ནི་སུས་ཀྱང་བསྒོམ་པར་བགྱི་བ་མ་ལགས་ཞེས་བྱ་བ་ནི། བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་སྒོམ་པ་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ནི་དེ་ནི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །སྔ་མ་བཞིན་དུ་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་


DTG085_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བསུ་ནས། བཅོམ་ལྡན་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། ཆོས་གང་ཡང་ཡོངས་སུ་གྲུབ་པ་མ་མཆིས་པའི་སླད་དུའོ་ཞེས་བྱ་བ་ནི། བྱེད་པ་པོ་དང༌། ལས་དང་བྱ་བ་ལ་སོགས་པའི་མཚན་ཉིད་དོ། །དེ་ལྟ་ན་ཇི་ལྟར་བསྒོམ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། ནམ་མཁའ་བསྒོམ་པ་ལགས་སོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་སྒྱུ་མ་དང་འདྲ་བར་བསྒོམ་པའོ། །བསྒོམ་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་དབྱེ་བས་བརྗོད་པ་ནི། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མངོན་པར་རྟོགས་པ་ཐམས་ཅད་སྐྱེ་བ་མེད་པར་སྡུད་པས་ཆོས་ཐམས་ཅད་མི་བསྒོམ་པ་ལགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ལམ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་སློབ་པས། མ་ཆགས་པ་བསྒོམ་པའོ། །ཐམས་ཅད་ཤེས་པ་ཉིད་ཀྱི་དངོས་པོ་མ་ལུས་པར་བསྡུས་པས་མཐའ་ཡས་པ་ཉིད་བསྒོམ་པའོ། །རྣམ་པ་ཐམས་ཅད་མངོན་པར་རྟོགས་པས་ཁྱད་པར་གྱི་ལམ་གྱི་ངོ་བོར་གྱུར་པ་ཡིན་པའི་ཕྱིར་དངོས་པོ་མ་མཆིས་བ་བསྒོམ་པའོ། །རྩེ་མོའི་མངོན་པར་རྟོགས་པས་མཐར་ཐུག་པའི་ལམ་གྱི་མཚན་ཉིད་ཡིན་པའི་ཕྱིར་ཡོངས་སུ་གཟུང་བ་མ་མཆིས་པ་བསྒོམ་པའོ། །མངོན་པར་ཞེན་པ་མེད་པའི་ངོ་བོ་ཉིད་བསྟན་པ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་རྗེས་སུ་སྔོན་དུ་འགྲོ་བས། རབ་འབྱོར་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལྟ་བས་ན་ཞེས་བྱ་བ་ནི་འོག་ནས་བཤད་པའི་རྒྱུས་ཞེས་བྱ་བའི་ཐ་ཚིག་གོ །རྒྱུ་ཉིད་ནི་རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་ལྟར་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ལ་འཇུག་གོ ། མངོན་པར་ཆགས་པར་མི་བྱེད་པ་ཞེས་བྱ་བ་ནི་དངོས་པོར་འཛིན་པར་མི་བྱེད་པའོ། །གཞན་གྱིས་སྨྲས་པ་དང་གཞན་གྱིས་བགྲོས་པ་དག་ལ་མངོན་པར་ཆགས་པར་མི་བྱེད་པ་ཞེས་བྱ་བ་ནི། སྡེ་པའི་དགེ་སློང་རྣམས་ཀྱིས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་གསལ་པོར་སྨྲ་བ་གང་


DTG085_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་གཞན་གྱིས་སྨྲ་པའོ། །གསང་སྟེ་སྨྲས་པ་ནི་གཞན་གྱིས་བགྲོས་པ་སྟེ། དེ་དག་ཉན་པར་མི་བྱེད་པའོ། །ཕ་རོལ་གྱི་དད་པའི་ཕྱིར་མི་འབྲང་བ་ཞེས་བྱ་བ་ནི་བདག་ཉིད་ཡིད་ཆེས་པའི་དད་པ་ཐོབ་བའི་ཕྱིར་གཞན་གྱིས་བཀྲིར་མི་བཏུབ་པའོ། །རྟོགས་བར་བྱེད་ཅེས་བྱ་བ་ནི་གཞུང་ལ་སོགས་པ་ཁོང་དུ་ཆུད་པའི་ཕྱིར་རོ། མོས་པར་བྱེད་ཅེས་བྱ་བ་ནི་དོན་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ་རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་གཞན་དུ་བག་ཆགས་བསྐྱེད་བ་མེད་པར་མི་སྐྲག་པ་ལ་སོགས་པར་མི་འགྱུར་ཞེས་བྱ་བར་དགོངས་སོ། །མི་སྐྲག་པ་ལ་སོགས་པ་ནི། ལམ་ཤེས་པ་ཉིད་ཀྱི་རྣམ་པ་བསྒོམ་པ་བཤད་པར་གྱུར་པ་ཡིན་ནོ། །དམིགས་པའི་ངོ་བོ་ཉིད་བསྟན་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ཏེ། རྣམ་པ་གང་གིས་ཞེས་བྱ་བ་ནི་འཛིན་པའི་རྣམ་པས་སོ། །བྱེ་བྲག་ཏུ་བརྟགས་པ་ཞེས་བྱ་བ་ནི་ངེས་པར་བརྟགས་པའོ། །ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བ་ཞེས་བྱ་བ་ནི། སེམས་ཀྱི་རྒྱུན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཐར་ཐུག་པར་གཞོལ་བའོ། །འདིས་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒོམ་པ་བཤད་པ་ཡིན་ནོ། ངེས་པར་ཤེས་པ་རང་གི་ངོ་བོའི་རྒྱུན་བྱེ་བྲག་ཏུ་བརྟག་པ་ལ་མཁས་པ་ནི། བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །སྦྱོར་བ་དང་དངོས་གཞི་དང་མཇུག་གི་གནས་སྐབས་སུ་ཆོས་ཐམས་ཅད་སྒྱུ་མ་འདྲ་བར་བསྒོམ་པའི་བདག་ཉིད་ཅན་གྱི་སེམས་ཀྱི་རྒྱུན་སྔོན་དུ་འགྲོ་བ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་སེམས་ཀྱི་རྒྱུན་བྱེ་བྲག་ཏུ་བརྟགས་པ་ཡིན་ནོ། །ཞེས་གསུངས་པ་ནི་རབ་འབྱོར་ནམ་མཁའ་ལ་གཞོལ་བའི་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་མོ། །འདི་ནི་བྱེ་བྲག་ཏུ་བརྟགས་པའོ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རྒྱུད་ངེས་པར་ཡང་དག་པར་བྱེ་བྲག་ཏུ་བརྟགས་པ་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཐམས་ཅད་མཁྱེན་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་དུ་ན་ཚད་མ་དང་གཞལ་བྱ་ལས་འདས་པ་ཡིན་པས་ཅི་


DTG085_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པར་ཐམས་ཅད་མཁྱེན་པ་ཉིད་གཞལ་དུ་མེད་པ་དང༌། ཚད་མ་མེད་པ་ཡིན་པ་དེ་བས་ན་སྒྱུ་མ་ལྟ་བུར་བསྒོམས་པས་རྒྱུད་ངེས་པར་བྱ་བ་ནི་བྱེ་བྲག་ཏུ་བརྟགས་པ་ཡང་དག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དུ་ན་གཞལ་བྱ་ལ་སོགས་པ་ཡོད་པས་དངོས་པོར་འཛིན་པར་འགྱུར་རོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །དོན་དེ་ཉིད་གསལ་བར་བྱ་བ་ནི། རབ་འབྱོར་གཞལ་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཐོབ་པ་ནི་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་ལ་སོགས་པའི་རང་བཞིན་ཚོགས་ཀྱི་ལམ་མོ། །མངོན་པར་རྟོགས་པ་ནི་ཚོགས་ཡང་དག་པར་བསགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བདག་ཉིད་ཅན་སྦྱོར་བའི་ལམ་མོ། །ཁོང་དུ་ཆུད་པ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་སོ་སོར་རྟོགས་པའི་མཚན་ཉིད་ཅན་གྱི་མཐོང་བའི་ལམ་མོ། །ལམ་ནི་འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་པ་ལ་དམིགས་པའི་འཇིག་རྟེན་པའི་བསྒོམ་པའི་ལམ་མོ། །ལམ་གྱི་འབྲས་བུ་ནི་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ཤེས་པའི་ངོ་བོ་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་མོ། །ཡེ་ཤེས་ནི་ཉོན་མོངས་པ་ཆེན་པོའི་ཆེན་པོ་ལ་སོགས་པ་སྤོང་བར་བྱེད་པ་ཆུང་དུའི་ཆུང་དུ་ལ་སོགས་པའི་རང་བཞིན་གྱི་ལམ་ཆུང་དུའོ། །རྣམ་པར་ཤེས་པ་ནི་ཉོན་མོངས་པ་འབྲིང་གི་ཆེན་པོ་ལ་སོགས་པ་རྣམ་པར་འཇིག་པར་བྱེད་པ་ཆུང་དུ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལམ་འབྲིང་ངོ༌། །སྐྱེ་བ་ནི་ཉོན་མོངས་པ་ཆུང་དུའི་ཆེན་པོ་ལ་སོགས་པ་འབྱིན་པར་བྱེད་པ་ཆེན་པོའི་ཆུང་དུ་ལ་སོགས་པའི་རང་བཞིན་ཅན་གྱི་ལམ་ཆེན་པོའོ། །འཇིག་པ་ནི་བསྒོམ་པའི་ལམ་དུ་ཉོན་མོངས་པ་སྤོང་བའི་འབྲིང་གི་ཐབས་ཀྱི་སྦྱོར་བའི་ལམ་མོ། །འབྱུང་བ་ནི་ཉོན་མོངས་པ་སྤངས་པ་རྣམ་པར་གྲོལ་བ་ཐོབ་པར་བྱེད་པ་ཡང་དག་པའི་བར་ཆད་མེད་པའི་ལམ་མོ། །འགྲིབ་པ་ནི་ཉོན་མོངས་པ་ལས་དབེན་པའི་ཡེ་ཤེས་མངོན་དུ་བྱེད་པའི་རྣམ་བར་གྲོལ་བའི་ལམ་མོ། །འགོག་པ་ནི་ཁ་ཅིག་ན་རེ་ཉོན་མོངས་པའི་རྣམ་པ་ལྷག་མའི་ཡིན་ཏེ་སྦྱོར་བ་དང་བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་བདག་ཉིད་ཅན་ཁྱད་པར་གྱི་ལམ་ཡིན་ནོ་ཞེས་བཤད་དོ། །གཞན་དག་ནི་ཡོན་ཏན་


DTG085_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་མངོན་པར་སྒྲུབ་པར་བྱེད་པའི་ཁྱད་པར་གྱི་ལམ་ནི་འགོག་པ་ཡིན་ནོ་ཞེས་ཟེར་རོ། །སྒོམ་པ་ནི་མི་ཤིགས་པའི་སྒྲིབ་པ་ཐམས་ཅད་འཇིག་པར་བྱེད་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །རྣམ་པར་བསྒོམ་པ་དང་བྲལ་བ་ནི་མཐར་ཐུག་པའི་ལམ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པའོ། །ཡུལ་ནི་ཡུལ་གྱི་སྤྱིའོ། །ཕྱོགས་ནི་ཡུལ་གྱི་ཁྱད་པར་རོ། །སུས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་རྣམ་པར་རྟོག་པས་མི་ནུས་པའོ། །དེ་ཉིད་ནི་གཟུགས་ཀྱིས་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་རུང་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་གཟུགས་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་གི་ཕྱིར་རྣལ་འབྱོར་པའི་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ཉིད་སྒྱུ་མ་ལྟ་བུ་ཉིད་དུ་རྟོགས་པ་ནི་འཚང་རྒྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་སྐད་དུ་ཡང༌། གྲགས་པ་ཙམ་གང་ཇི་བཞིན་དོན་མིན་ཏེ། །དེའི་དོན་རྟོགས་པ་བརྟེན་པའི་འབྲས་བུ་ཡིན། །ཞེས་བཤད་པ་ལྟ་བུའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་དང༌། བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་གཅིག་ནི་བསོད་ནམས་ཀྱི་ཚོགས་སོ། །ཡེ་ཤེས་ཀྱི་ཚོགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དག་གི་ཕྱོགས་གཅིག་སྟེ། འདི་དག་ཐམས་ཅད་ནི་སྒྱུ་མ་ལྟ་བུ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །བརྒྱ་བྱིན་ལ་སོགས་པས་ཡང་དག་པའི་ཆོས་རྟོགས་པས་དད་པ་ཕུལ་དུ་བྱུང་བ་ཡང་དག་པར་སྐྱེས་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་རྒྱལ་བའི་ཡུམ་གྱི་བདག་ཉིད་ཆེ་བ་གསལ་བར་སྟོན་པ་ནི་དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལ་ཟབ་པ་ནི་གཟུགས་ལ་སོགས་པ་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཐོས་


DTG085_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བསམ་པ་དང་བསྒོམ་པའི་གནས་སྐབས་སུ་སྒྱུ་མ་ལྟ་བུ་ཉིད་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་གཏིང་དཔག་དཀའ་བ་དང༌། བལྟ་དཀའ་བ་དང་རྟོགས་པར་དཀའ་བའོ། །དོན་གྱི་དབང་འདི་གཟིགས་ནས་ཞེས་བྱ་བ་ལས་ཀྱང་ཞེས་བྱ་བའི་སྒྲས་གདུལ་བྱ་གཟུང་དུ་མི་རུང་བ་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་ཆོས་ཟབ་མོ་འདི་ཡང་གཟིགས་ནས་ཞེས་བྱ་བའི་ཐ་ཚིག་གོ །བརྩོན་པ་ཆུང་བ་ལ་ཞེས་བྱ་བ་ནི། བྱ་བ་ཉུང་བ་ཉིད་ལ་ཐུགས་གཞོལ་བར་མཛད་དེ། ཆོས་བསྟན་པ་ལ་གཞོལ་བར་མ་མཛད་ལ། དེ་ལྟ་ན་ཡང་ཚངས་པས་གསོལ་བ་བཏབ་པས་ཐུགས་རྗེ་ཆེན་པོས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་བྱ་བར་བསམས་པའོ། །ལེགས་པར་སྨྲས་པ་ཉིད་ཀྱིས་རྗེས་སུ་གསུང་བ་ནི་ལྷའི་བུ་དག་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཉེ་བར་བསྡུ་བའི་དོན་ནི་ལྷའི་བུ་དག་ཀྱེ་མ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཟབ་པ་འདི་དག་གང་ཡིན་ཞེ་ན། གང་དུ་སུས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ངོ་བོ་ཉིད་བསྟན་པ་ནི། ནམ་མཁའ་ཟབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མ་བརྟགས་ན་གཅིག་པུ་ཉམས་དགའ་བའི་རྒྱུ་ཉིད་ཀྱིས་ན་ནམ་མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །དེ་ཁོ་ན་ཉིད་དུ་ན་སྒྱུ་མ་ལྟ་བུའི་རང་བཞིན་ཡིན་པའི་ཕྱིར། བདག་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ། །སྐྱེ་བ་མེད་པས་ཆོས་ཐམས་ཅད་འོང་བ་མེད་པའི་ཕྱིར་ཆོས་འདི་ཟབ་པོ། །འཇིག་པ་དང་བྲལ་བས་ཆོས་ཐམས་ཅད་འགྲོ་བ་མེད་པའི་ཕྱིར་ཆོས་འདི་ཟབ་པོ། །འདི་སྐད་དུ་རྒྱུ་དང་འབྲས་བུའི་ཆོས་རྣམས་རྨི་ལམ་ལྟ་བུར་ཐུགས་སུ་ཆུད་པ་སྔོན་དུ་འགྲོ་བའི་ཟད་པ་དང་མི་སྐྱེ་བ་མཁྱེན་པའི་ངོ་བོའི་ཆོས་ངས་མངོན་པར་སངས་རྒྱས་ཏེ་བཤད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་ངོ་བོ་ཉིད་གསལ་བར་བྱེད་པ་ནི། བཅོམ་ལྡན་འདས་ངོ་མཚར་ཏོ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། རྒྱུ་ཁྱད་པར་དུ་འཕགས་པས་ངོ་མཚར་ཏོ། །འབྲས་བུ་ཕུལ་དུ་བྱུང་བས་རྨད་དུ་བྱུང་བའོ། །འཇིག་རྟེན་ཐམས་ཅད་ཕྱིན་ཅི་ལོག་ཉིད་ཡིན་པས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའོ། །དེ་ཉིད་བསྟན་པ་ནི་བཅོམ་ལྡན་འདས་ཞེས་


DTG085_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། ཆོས་འདི་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་ལྷའི་ལེའུ་ཞེས་བྱ་སྟེ་བཅོ་ལྔ་པའོ།། །།ཐོགས་པ་མེད་པའི་ངོ་བོ་ཉིད་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཆོས་འདི་ནི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་གསུམ་པོ་ཤིན་ཏུ་རྫོགས་བར་རྟོགས་པ་ཉིད་ཀྱིས་ན། གཟུགས་ལ་སོགས་པ་ཆོས་ཐམས་ཅད་ལ་ཤེས་པའི་རང་བཞིན་ཐོགས་པ་མེད་པའི་ཕྱིར་བསྟན་པ་ནི་ཆོས་འདི་ནི་གང་ལ་ཡང་ཐོགས་པ་མ་མཆིས་སོ། །གཞི་མེད་པའི་ངོ་བོ་ཉིད་བསྟན་པ་ནི། ཀྱེ་མ་བཅོམ་ལྡན་འདས་ནམ་མཁའ་དང་མཚུངས་པ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གནས་ཐམས་ཅད་མི་དམིགས་པའི་སླད་དུ་ཞེས་བྱ་བ་ནི་ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་ཀྱིས་རྟེན་ཐམས་ཅད་མི་དམིགས་པའི་དོན་གྱིས་ཐོགས་བ་མ་མཆིས་པའི་མཚན་ཉིད་དེ་ཟིལ་གྱིས་མི་ནོན་པ་ཉིད་དོ། །གཉིས་སུ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི། གཅིག་བུ་ཉིད་ཡིན་བའི་ཕྱིར་མཚུངས་བམ་མཆིས་པའི་མཚན་ཉིད་དེ། འདྲ་བ་མེད་པའི་མཚན་ཉིད་དོ། །རྒོལ་བ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་འདས་པའི་ཕྱིར་ཟླ་མ་མཆིས་པའི་མཚན་ཉིད་ནི། མི་མཐུན་བའི་ཕྱོགས་མེད་པའི་མཚན་ཉིད་དོ། །མངོན་པར་གྲུབ་བ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི། མ་སྐྱེས་པ་ཡིན་པའི་ཕྱིར་གནས་མ་མཆིས་ཏེ་རྟེན་མེད་པའི་ངོ་བོ་ཉིད་དོ། །སྐྱེ་བ་ཐམས་ཅད་སྐྱེ་བ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་འགྲོ་བ་ཐམས་ཅད་ཡོད་པ་མ་ཡིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་འབྱུང་བ་མ་མཆིས་པ་ནི་སྐྱེ་བ་མེད་པའོ། །ལམ་ཐམས་ཅད་མི་དམིགས་པའི་སླད་དུ་ཞེས་བྱ་བ་ནི། ལམ་ཐམས་ཅད་ཉིད་དམིགས་སུ་མེད་པའི་ཕྱིར་ལམ་མ་མཆིས་པ་ནི་ལམ་མེད་པའོ། །སྦྱོར་བ་དང་མཐོང་བ་དང་སྒོམ་པ་ཁྱད་པར་དང་མི་སློབ་པའི་ལམ་རྣམས་སུ་གནས་མེད་པ་ཞེས་བྱ་བ་འདི་ཁྱད་པར་དུ་བྱེད་པའི་དོན་དུ་ཐོགས་པ་མ་མཆིས་པའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ཚིག་


DTG085_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སྨོས་པ་ཡིན་ནོ། །འགྲོ་བ་མེད་པའི་ངོ་བོ་ཉིད་བཤད་པ་ནི། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། དེ་བཞིན་གཤེགས་པ་དང་རྗེས་སུ་འབྲེལ་པའི་ཉན་ཐོས་འདི་ནི་རྗེས་སུ་མཐུན་པ་ཕྱིས་སྐྱེས་པ་ལགས་པས། དེ་བཞིན་གཤེགས་པ་དང་འདྲ་བར་རྗེས་སུ་སྐྱེས་པའོ། །ཉན་ཐོས་ཡིན་ན་ཡང་ཇི་ལྟར་དེ་བཞིན་གཤེགས་པ་དང་འདྲ་བར་རྗེས་སུ་མཐུན་པར་སྐྱེས་པ་ཡིན་སྙམ་པའི་དོགས་པ། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་རྟོགས་པའི་དོན་གྱི་ཡུལ་མ་ཡིན་དུ་ཟིན་ན་ཡང༌། ཡང་དག་པར་སྟོང་པ་ཉིད་དུ་སྟོན་པ་དེ་བས་ན་དེ་བཞིན་གཤེགས་པ་དང་འདྲ་བར་རྗེས་སུ་མཐུན་པར་སྐྱེས་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །དངོས་པོའི་ཆོས་ཉིད་ཀྱི་རྗེས་སུ་མཐུན་བར་སྐྱེས་པར་མི་རུང་བར་སྟོན་པ་ནི། ལྷའི་བུ་དག་གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མ་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་མ་སྐྱེས་བའི་ཕྱིར་མ་སྐྱེས་བའོ། །དེ་བཞིན་གཤེགས་པའི་ཉན་ཐོས་གནས་བརྟན་རབ་འབྱོར་ནི་དེ་ཉིད་ཀྱི་རྗེས་སུ་སོང་བར་གྱུར་ཅིང་དེའི་བདག་ཉིད་དུ་རྗེས་སུ་སོང་བ་ཡིན་ནོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་གྱིས་དེ་བཞིན་གཤེགས་པའི་ངོ་བོ་ནི་དེ་བཞིན་ཉིད་ཁོ་ན་ཡིན་ནོ་ཞེས་བསྟན་ཏོ། །ཇི་ལྟར་ཞེ་ན་ཇི་ལྟར་དེ་བཞིན་གཤེགས་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་ཞེས་བྱ་བ་ནི། གང་གི་ཕྱིར་འདས་མ་ཐག་པར་སྨྲས་པའི་དེ་བཞིན་གཤེགས་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བ་ཡིན་ཏེ། དེ་བས་ན་མ་སྐྱེས་པའི་ཕྱིར་རྗེས་སུ་མཐུན་པར་སྐྱེས་སོ་ཞེས་སྔ་མ་དང་སྦྱར་བར་བྱའོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །བསྒོམས་པའི་སྟོབས་ཀྱིས་དེ་བཞིན་གཤེགས་པ་ཉིད་འཐོབ་ཀྱི། དངོས་པོའི་ཆོས་ཀྱིས་མ་ཡིན་ན་ཇི་ལྟར་རྗེས་སུ་སྐྱེས་པ་ཡིན་ཞེ་ན། གནས་བརྟན་རབ་འབྱོར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་ཉིད་ནས་ཞེས་བྱ་བ་ནི་ཐོག་མ་ཁོ་ན་ནས་ཞེས་


DTG085_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཐ་ཚིག་གོ །འདི་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་བསུ་ནས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ནི། རྫས་སུ་མངོན་པར་འདོད་པ་གཟུགས་ལ་སོགས་པའི་སྤྱིའི་ཆོས་ཉིད་ནི་སྐྱེ་བ་མེད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དེ་བཞིན་གཤེགས་པ་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཕན་ཚུན་དབྱེར་མི་ཕྱེད་བ་ཉིད་ཀྱིས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པ་ཉིད་དུ་སྟོན་ཏོ། །དེ་བས་ན་དེ་ཉིད་རབ་འབྱོར་གྱི་ཡང་ཡིན་པ་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བ་ནི། དེ་བཞིན་ཉིད་དང་ལྡན་པའི་ཚུལ་གྱིས་རྗེས་སུ་སྐྱེས་པའོ། །དེ་ལྟ་ན་ནི་དེ་བཞིན་ཉིད་རྫས་སུ་ཡོད་པར་འགྱུར་རོ་ཞེན་དེ་བཞིན་ཉིད་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི་ཡུལ་མེད་པ་ལ་དགག་པ་མི་འཐད་པས། དེ་བཞིན་ཉིད་ཀྱང་ཀུན་རྫོབ་ཏུ་ནི་སྒྱུ་མ་དང་མཚུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པའོ་ཞེས་བྱ་བ་ནི། རྗེས་སུ་ཞེས་བྱ་བའི་སྒྲ་ལས་ཀྱི་བྱེད་པའི་ཚིག་ཡིན་པ་ལས། དེ་བཞིན་གཤེགས་པའི་ཞེས་སྨོས་པ་ནི་དེ་དང་འབྲེལ་པ་ཡིན་པར་བརྗོད་པར་འདོད་པ་ཡིན་ནོ། །དེ་ཁོ་ན་ཉིད་དུ་ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་ན་ཇི་ལྟར་རྗེས་སུ་སྐྱེས་པ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་རྒྱུན་གྱི་ཆོས་ཉིད་ཀྱིས་སོ། །གལ་ཏེ་དེ་ལྟ་ཡིན་ན་གནས་བརྟན་རབ་འབྱོར་ནི་འགྱུར་བ་ལ་སོགས་པ་དང་ལྡན་པར་འགྱུར་རོ་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལྷག་པའི་ངང་མ་ཚང་བའི་འགྱུར་བ་མེད་པ་དང༌། རྣམ་པར་འགྱུར་བ་མེད་པ་ཡིན་ནོ། །རང་དང་གཞན་གྱི་རྣམ་པར་རྟོག་པ་དང་བྲལ་བས་རྟོག་པ་མེད་པ་དང༌། རྣམ་པར་རྟོག་པ་མེད་པ་ཡིན་ནོ། །རབ་འབྱོར་གྱི་དེ་བཞིན་ཉིད་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་


DTG085_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་ཡིན་ན། འགྱུར་བ་མེད་པ་ལ་སོགས་པའི་རང་བཞིན་ག་ལས་ཡིན་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་དག་ཉིད་གལ་ཤེས་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་གཅིག་སྟེ། ཞེས་བྱ་བ་ནི་ཐ་མི་དད་པ་སྟེ། གང་གི་ཕྱིར་ཐ་དད་པར་བྱེད་པ་ལས་དང་བྱེད་པ་པོ་དང༌། བྱ་བ་ཉེ་བར་མ་དམིགས་པས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པས་གཉིས་མ་ཡིན་ཞིང༌། གཉིས་སུ་མེད་པའི་དེ་བཞིན་ཉིད་ཡིན་ནོ་ཞེས་དོན་གྱི་དབྱེ་བས་བརྗོད་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་གཞི་ཉིད་དང་བྲལ་བས་གང་དུ་ཡང་དེ་བཞིན་ཉིད་མ་ཡིན། རྒྱུ་མེད་པས་གང་ལས་ཀྱང་མ་ཡིན། འབྲེལ་པ་མེད་པས་གང་གི་ཡང་མ་ཡིན་ནོ། །འབྲེལ་པ་ཡོད་པ་ལ་སོགས་པ་ནི་དངོས་པོ་ཉིད་དུ་འགྱུར་བས་དེ་བཞིན་ཉིད་དུ་མི་འགྱུར་ཏེ། དེ་བས་ན་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དག་དེ་ལྟར་ངོ་བོ་ཉིད་གཅིག་པ་ཉིད་ཡིན་པས་ན། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་བསྡུས་པ་ཉིད་ཡིན་པའི་ཕྱིར། རབ་འབྱོར་གྱི་དེ་བཞིན་ཉིད་ནི་འགྱུར་བ་མེད་པ་ལ་སོགས་པའི་རང་བཞིན་ཡིན་ཏེ། དེ་བས་ན་མ་བྱས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མཐུན་པར་སྐྱེས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཐམས་ཅད་དེ་ལྟ་བུའི་ཚུལ་དུ་རྗེས་སུ་སྐྱེས་པ་ཉིད་ཡིན་པའི་ཕྱིར། རབ་འབྱོར་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད་ཅེ་ན། །དེ་ནི་བདེན་མོད་ཀྱི་འོན་ཀྱང་ཁོ་ན་རྩོད་པའི་གཞིར་གྱུར་པ་དེ་ཁོ་ན་བསྟན་པར་བྱ་བ་ཡིན་གྱི། གཞན་དུ་ན་ཉན་པ་པོ་འབྱང་བ་མེད་པ་སྨྲ་བ་ན་ཇི་ལྟར་སྨྱོན་པར་མི་འགྱུར། འདི་ཉིད་ཁོ་ན་གསལ་བར་བྱེད་པ་ནི་མ་བྱས་པའི་དེ་བཞིན་ཉིད་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནི་ནམ་ཡང་དེ་བཞིན་ཉིད་མ་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་དེ་བཞིན་ཉིད་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་


DTG085_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གོ །ཉེ་བར་བསྡུ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །མངོན་པར་སྤྲུལ་པ་སྟེ་ཞེས་བྱ་བ་ནི། རབ་ཏུ་ཕྱེ་བ་སྟེ་སྐྱེད་པའོ། །བརྗོད་མ་ཐག་པ་གཉིས་པོ་འདི་ནི་རབ་ཏུ་བསྐལ་པ་མ་ཡིན་ཞིང་ཞེས་བྱ་བ་ལ་བསྐལ་པ་ནི་མ་རྟོགས་པ་སྟེ་མ་མཐོང་བའོ། །བསྐལ་པ་མ་ཡིན་པའི་རྟོགས་པ་སྟེ་མཐོང་བ་ཞེས་བྱ་བའི་དོན་ཏོ། །ཐ་དད་པར་བྱེད་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི། རང་བཞིན་གཅིག་ཏུ་ཚད་མས་འཐད་པས་ན་དེ་བཞིན་ཉིད་ལ་ཐ་དད་པར་བྱེད་པའི་ཚད་མི་དམིགས་པས་ཐ་མི་དད་པ་དང༌། རབ་ཏུ་བསྐལ་པ་མ་ཡིན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་ཡིན་ལ། རབ་འབྱོར་གྱི་དེ་བཞིན་ཉིད་ནི་དེ་ལྟ་བུ་ཡང་མ་ཡིན་ན། དེ་བཞིན་ཉིད་གཉིས་པོ་དེ་ཇི་ལྟར་ཐ་མི་དད་པ་ཡིན་ཞེ་ན་ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཞན་མ་ཡིན་ལ་ཞེས་བྱ་བ་ནི་ཚིག་གི་ཕྲད་དེ། བྱེད་པའི་ཚིག་དང་པོ་ལ་འཇུག་གོ །དེ་ནི་འདི་སྐད་དུ་ཇི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གཞན་མ་ཡིན་ཏེ། འོ་ན་ཅི་ཡིན་ཞེ་ན་དེའི་བདག་ཉིད་ཅན་ཡིན་པ་དེ་བཞིན་དུ་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དེའི་བདག་ཉིད་ཅན་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །འདི་ནི་གང་གི་ཡང་དེ་བཞིན་ཉིད་མ་ཡིན་པར་མ་གྱུར་ཏེ་ཞེས་བྱ་བ་ནི་དོན་ཐམས་ཅད་དེ་བཞིན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རབ་འབྱོར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡིན་ནོ་ཞེས་སྦྱར་རོ། །གཞན་མ་ཡིན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་ཞེས་བྱ་བ་ནི། བདག་ཉིད་ཀྱི་རང་བཞིན་གྱི་དེ་བཞིན་ཉིད་དང་རྗེས་སུ་མཐུན་པས་དེ་བཞིན་ཉིད་དེ་ཆོས་ཐམས་ཅད་ལ་རྗེས་སུ་སྦྱོར་བར་གྱུར་པའོ། །དེ་བཞིན་ཉིད་ཀྱི་རང་བཞིན་ཉིད་ཡིན་ན། ཇི་ལྟར་རྗེས་སུ་སོང་བ་ཞེས་བྱ་ཞེ་ན། འདིར་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་ཏུ་དེ་ལྟར་ཐ་སྙད་དུ་བྱས་པ་ཡིན་གྱི། དོན་དམ་པར་ནི་སྒྱུ་མ་ལྟ་བུ་ཉིད་ཡིན་པས་འདི་ལས་དངོས་པོ་གང་ཡང་གང་དུ་ཡང་རྗེས་


DTG085_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ་བས་མཚུངས་པར་གྱུར་པ་མེད་པའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དུས་གསུམ་པ་ཡིན་ལ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་སྐྱེ་བ་དང་བྲལ་བ་ཡིན་པས་དེ་ལྟ་བུ་མ་ཡིན་ན། དེ་ཇི་ལྟར་ན་འདི་དག་གཅིག་པ་ཉིད་ཡིན་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འདས་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་སྐྱེ་བ་སྔོན་དུ་འགྲོ་བ་ཅན་གྱི་འཇིག་པ་མེད་པས་ན་འདས་པ་མ་ཡིན་ནོ། །ཕྱིས་འབྱུང་བའི་སྐྱེ་བ་དང་བྲལ་བས་མ་འོངས་པ་མ་ཡིན་ནོ། །ཡོད་པ་ཉིད་ཐོབ་པར་མི་འཐད་པས་ད་ལྟར་བྱུང་བ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་ཉིད་རབ་ཏུ་སྒྲུབ་པར་བྱེད་པའི་ཚད་མ་ནི་ཐམས་ཅད་དུ་མཚུངས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །ཡང་ན་ཀུན་རྫོབ་ཏུ་དངོས་པོའི་ཁྱད་པར་གྱི་དབྱེ་བས་དེ་ལ་དུས་གསུམ་པར་བརྟགས་པ་ཡིན་དུ་ཆུག་པ། དེ་ལྟ་ན་ཡང་དེ་བཞིན་གཤེགས་པ་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དག་ཐ་དད་པ་མ་ཡིན་པ་ཉིད་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བདག་ཉིད་ཀྱི་དེ་བཞིན་ཉིད་འབའ་ཞིག་ཏུ་མ་ཟད་དེ། འོ་ན་ཇི་ལྟ་བུ་ཡིན་ཞེ་ན། རབ་འབྱོར་དེ་ནི་དེ་བཞིན་གཤེགས་པ་དེ་བཞིན་ཉིད་ཀྱིས་ཀྱང་གང་གི་ཕྱིར་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བར་གྱུར་པ་ཡིན་ཏེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འདས་པ་ལ་སོགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་ཞིང་འདས་པ་ལ་སོགས་པའི་དེ་བཞིན་ཉིད་ཀྱིས་ཀྱང༌། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བ་ཡིན་ཏེ། རྣམ་པར་གྲོལ་བ་ལ་ནི་ཐ་དད་པར་གྱུར་པ་མེད་དོ་ཞེས་བྱ་བར་དགོངས་སོ། །འདས་པ་ལ་སོགས་པ་རེ་རེ་དང་སྤྱིར་བསྡུས་པའི་དབྱེ་བས་འགྲེས་བཞིར་འགྱུར་བ་ཡིན་པར་ཤེས་པར་བྱའོ། །ཉེ་བར་བསྡུ་བ་ནི་དེ་ལྟར་ན་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་གནས་སྐབས་དག་ནི་འདི་ལྟར་རེ་ཞིག་ཐ་དད་པའི་ངོ་བོ་ཉིད་ཡིན་པས་དེ་བཞིན་ཉིད་དང་ཆོས་ཐམས་ཅད་ཐ་མི་དད་པའི་ངོ་བོ་ཉིད་ཡིན་པར་ག་ལ་རུང་ཞེས་


DTG085_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་རྟོག་པ་ལ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་འདི་ཡིན་ནོ་ཞེས་བྱ་བ་ནི། རྟག་ཏུ་ངོ་བོ་ཉིད་གཅིག་ཉིད་ཡིན་པའི་ཕྱིར་དེ་བཞིན་ཉིད་འདི་ཡིན་པར་རིགས་པ་ཡིན་ཏེ་གང་གིས་གློ་བུར་བའི་དྲི་མ་དང་བྲལ་བས་མངོན་པར་བྱང་ཆུབ་པའི་ཕྱིར་རོ། །གང་དག་གཅིག་དང་དུ་མའི་རང་བཞིན་མ་ཡིན་པ་དེ་དག་ནི་དོན་དམ་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུའོ། །བདག་དང་གཞན་གྱིས་སྨྲས་པའི་དངོས་པོ་རྣམས་ཀྱང་གཅིག་དང་དུ་མའི་རང་བཞིན་མ་ཡིན་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པས་དེ་བཞིན་གཤེགས་པའི་སྒྱུ་མ་དང་མཚུངས་སོ་ཞེས་བྱ་བའི་ཐ་ཚིག་གོ །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་རྟོག་པ་དང་ལྡན་པ་རྣམས་ཀྱི་འཇུག་པ་ནི་དགོས་པ་དང་ལྡན་པས་ཁྱབ་པ་ཡིན་པའི་ཕྱིར་དོན་དམ་པར་ནུས་པའི་དངོས་པོའི་ཡུལ་རྣམ་པར་དཔྱད་པར་བྱའི། གཞན་དུ་ན་སྐྱེས་བུ་དོན་གྱི་བྱེད་པ་དོན་དུ་གཉེར་བ་དག་དོན་མེད་པའི་དངོས་པོ་ལ་རྣམ་པར་དཔྱད་པ་ལ་དགོས་བ་ཅི་ཡང་མེད་པས་དོན་གྱི་བྱ་བ་བྱེད་པའི་དངོས་པོ་ཁས་བླང་བར་བྱའོ། །དེ་ཡང་ཕན་ཚུན་དུ་རྣམ་པར་གཅོད་པའི་ངོ་བོ་ཉིད་ཡིན་པས་ཤེས་བྱའི་ངོ་བོ་ཉིད་དམ་ཤེས་པའི་ངོ་བོ་ཉིད་དུ་འགྱུར་གྲང་ཞེས་བརྟག་པར་བྱའོ། །དེ་ལ་གལ་ཏེ་ཕྱོགས་དང་པོ་ལྟར་ན་དེའི་ཚེ་རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྱར་བའི་རང་བཞིན་དུ་འགྱུར་བ་འམ། རིགས་མཐུན་པ་མང་པོ་རྣམས་ཀྱི་ནུས་པས་རྣམ་པར་འཛིན་ཅིང་མ་འབྱར་བའི་ཚུལ་གྱིས་བསྐོར་ཏེ་བར་མཚམས་ཡོད་པའམ། ཡང་ན་བར་མཚམས་མེད་པར་བསྐོར་བ་ཞེས་བྱ་བ་སྟེ་ཕྱོགས་གསུམ་མོ། །དེ་ལ་ཕྱོགས་དང་པོ་ལྟར་ན་གལ་ཏེ་གཅིག་དང་གཞན་ལྷན་ཅིག་ཕྱོགས་གཅིག་གིས་འབྱར་བ་དེའི་ཚེ། ཆ་ཤས་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བས་གཅིག་པ་ཉིད་ལས་ཉམས་པར་འགྱུར་ཏེ། རྡུལ་ཕྲ་རབ་ཀྱི་རང་བཞིན་གཞན་དང་གཞན་གྱིས་གཞན་དག་དང་འབྱར་བ་ཡིན་པའི་ཕྱིར་རོ། །བདག་ཉིད་ཐམས་ཅད་ཀྱིས་འབྱར་བའི་ཕྱོགས་ལྟར་ན་ཡང་གང་གི་ཚེ་ཤར་ཕྱོགས་ཀྱི་རྡུལ་ཕྲ་རབ་རྡུལ་ཕྲ་རབ་གཞན་དང་ལྷན་ཅིག་བདག་ཉིད་ཐམས་ཅད་ཀྱིས་འདྲེས་པ་དེའི་ཚེ་གཞན་ཡང་ཤར་


DTG085_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲེས་པ་ཞེས་བྱ་བ་དེར་འགྱུར་རོ། །དེ་བས་ན་འདྲེས་པ་ནི་དངོས་པོ་གཉི་ག་ལ་རག་ལས་པ་ཉིད་ཀྱིས་ན། གཅིག་ལ་གཅིག་གི་ངོ་བོར་རྗེས་སུ་ཞུགས་པ་ཡིན་པས་རྡུལ་ཕྲ་རབ་གང་ཡང་རང་བཞིན་གཅིག་པ་ཉིད་མ་ཡིན་ནོ། །འདི་ལྟར་ཤར་གྱི་རྡུལ་ཕྲ་རབ་ནུབ་ཀྱི་དང་བདག་ཉིད་ཐམས་ཅད་ཀྱིས་འདྲེས་པའི་ཕྱིར་རང་བཞིན་ཡོངས་སུ་སྤངས་ཏེ་རྣམ་པ་ཐམས་ཅད་དུ་ནུབ་ཀྱི་ངོ་བོ་ཐོབ་པས་ན་འདྲེས་བཞིན་པ་དེ་མེད་པ་ཡིན་ནོ། །དེ་བཞིན་དུ་ནུབ་ཀྱི་ཡང་ཤར་དང་འདྲེས་པས་རང་གི་ངོ་བོ་སྤངས་ཏེ་རྣམ་པ་ཐམས་ཅད་དུ་ཤར་གྱི་དངོས་པོར་གྱུར་པས་དེའི་འདྲེས་པའི་རྟེན་དུ་གྱུར་པ་མེད་པའོ། །དེ་བས་ན་གཅིག་ལ་དུས་གཅིག་ཏུ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་བསྒྲུབ་པ་དང་དགག་པ་མི་རུང་བས་ཇི་ལྟར་ངོ་བོ་ཉིད་གཅིག་པ་ཡིན། གཉིས་པ་ཡོངས་སུ་བསྐོར་བའི་ཕྱོགས་ལྟར་ན་ཡང་གལ་ཏེ་རིགས་མཐུན་པ་རྣམས་དང་རེག་བར་མི་འདོད་དུ་ཆུག་ཀྱང་བུ་ག་ནི་སྣང་བ་དང་མུན་པའི་ངོ་བོ་ཡིན་པས་རིགས་མི་མཐུན་པའི་སྣང་བ་དང་མུན་པའི་རྡུལ་ཕྲ་རབ་རྣམས་དང་ནི་རེག་པར་འདོད་པ་ཉིད་ཡིན་ཏེ། སྣང་བས་གནོན་པའི་མུན་པ་དང་བྲལ་བ་ཉིད་དམ། མུན་པས་གནས་སུ་མ་བྱས་པའི་སྣང་བ་དང་བྲལ་བ་ཉིད་ནི་རིགས་དང་ལྡན་པ་མ་ཡིན་ཏེ། དེ་གཉིས་འབྱུང་བ་ནི་ཡུལ་ལ་སོགས་པ་ཕན་ཚུན་བྲལ་བ་ཙམ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་འདས་མ་ཐག་པའི་བཤད་པའི་ཉེས་པར་འགྱུར་རོ། །འོན་ཏེ་རིགས་མི་མཐུན་པ་རྣམས་ཀྱང་རིག་པར་ཁས་མི་ལེན་ན་དེའི་ཚེ་དབུས་ན་གནས་པའི་རྡུལ་ཕྲ་རབ་གང་ཡིན་པ་དེ་རང་བཞིན་གང་གིས་རྡུལ་ཕྲ་རབ་གཅིག་ལ་བལྟས་ཏེ་གནས་པ་དེ་ཉིད་ཀྱིས་རྡུལ་ཕྲ་རབ་གཞན་ལ་བལྟས་སམ། འོན་ཏེ་གཞན་གྱིས་ཡིན་ཞེས་རྣམ་པ་གཉིས་སུ་བརྟག་གོ །དེ་ལ་གལ་ཏེ་ཕྱོགས་དང་པོ་ལྟར་ན་དེའི་ཚེ་གང་ཞིག་རྡུལ་ཕྲ་རབ་གཅིག་གི་ངོ་བོ་ལ་བལྟས་པ་དེ་ནི་ཕྱོགས་གཅིག་པ་ཉིད་ཡིན་ཏེ། འདི་ལྟར་རྡུལ་ཕྲ་རབ་དེ་ཉིད་ཀྱི་ཤར་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་ལྟ་བུའོ། །ཡོངས་སུ་བསྐོར་བའི་རྡུལ་ཕྲ་རབ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་གཅིག་ལ་བལྟས་པའི་རང་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རང་བཞིན་དེ་ཉིད་ཀྱིས་བལྟས་པར་ཁས་


DTG085_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པས་གྲུབ་པ་ཉིད་ནི་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །ཡུལ་ཐ་དད་པ་ན་གནས་པ་ཡིན་ན་ནི། མངོན་པར་འདོད་པའི་རྡུལ་ཕྲ་རབ་གཅིག་པུ་ལ་བལྟས་པའི་རང་བཞིན་དུ་མི་འགྱུར་ཏེ་རྡུལ་ཕྲ་རབ་ལ་རང་བཞིན་གཞན་དག་མེད་པའི་ཕྱིར་ཏེ། རང་བཞིན་མེད་ན་བལྟས་པ་ཡང་མི་རུང་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །དེའི་ཕྱིར་སྐོར་བར་བྱེད་པའི་རྡུལ་ཕྲ་རབ་རྣམས་ཕྱོགས་གཅིག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་བསྐོར་ནས་གནས་པ་མེད་པས་དེ་ཁོ་ནར་བསགས་པ་མེད་པས་ན་དེས་བསྒྲུབ་པར་བྱ་བའི་དོན་གྱི་བྱ་བ་ཉིད་དང་བྲལ་བ་ཉིད་ཀྱིས་ན་རྡུལ་ཕྲ་རབ་དེ་དང་རང་བཞིན་གཅིག་ཡིན་པ་པར་ཁས་ལེན་པ་ཡང་རིགས་པ་མ་ཡིན་ནོ། །ཕྱོགས་གཉིས་པ་ལྟར་ན་ཡང་རྡུལ་ཕྲ་རབ་བཞིན་གཞན་དང་གཞན་གྱིས་གཞན་དང་གཞན་ལ་བལྟས་པས་ཆ་ཤས་དང་བཅས་པར་ཐལ་བར་འགྱུར་བའི་ཕྱིར་རྡུལ་ཕྲ་རབ་གཅིག་པ་ཉིད་དང་བྲལ་བ་ནི་ཤིན་ཏུ་གསལ་བ་ཁོ་ན་ཡིན་ཏེ། དངོས་པོ་ཐ་དད་པའི་མཚན་ཉིད་ནི་རང་བཞིན་ཐ་དད་པ་ཡིན་པའི་ཕྱིར་རོ། །གསུམ་པ་བར་མཚམས་མེད་པའི་ཕྱོགས་ཀྱང་འབྱར་བའི་ཕྱོགས་ཁོ་ནའི་ཁོངས་སུ་འདུས་ཏེ་དེའི་རྣམ་གྲངས་ཉིད་ཡིན་པའི་ཕྱིར་རོ། །བར་མཚམས་ཉིད་ཀྱི་ཡུལ་དང་བྲལ་བ་རྣམས་ལ་ནི་ཕན་ཚུན་འབྱར་བ་མ་གཏོགས་པར་རྣམ་པ་གཞན་ཡོད་པ་མ་ཡིན་ནོ། །དོན་དེ་ཉིད་སྒྲ་གཞན་གྱིས་བརྗོད་ཀྱང་གཞན་དུ་འགྱུར་པ་མ་ཡིན་ཏེ་ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་རྡུལ་ཕྲ་རབ་མ་འབྱར་བ་ཉིད་ཕྱོགས་ཀྱི་སྒྲར་བརྗོད་པ་ཤིན་ཏུ་ཉེ་བ་ན་གནས་པའི་རྡུལ་ཕྲ་རབ་མང་པོ་རྣམས་ཀྱིས་བསྐོར་བར་འདོད་ཅེ་ན། དེ་མི་རིགས་ཏེ་ཚུ་རོལ་དང་ཕ་རོལ་གྱི་ཆ་དག་མེད་པར་ཚིག་འདི་དོན་དང་ལྡན་པར་གནས་པ་མ་ཡིན་ནོ། །དེ་ལས་གཞན་ལ་ལྟོས་ནས་གཞན་གྱི་རང་བཞིན་གང་ཞིག་ངེས་པར་བཟུང་བདེ་ནི་ཁོ་ནར་དེ་ལ་བདེན་པ་ཉིད་མ་ཡིན་ཏེ། ཚུ་རོལ་དང་ཕ་རོལ་ལ་སོགས་པའི་དབྱེ་བ་བཞིན་ནོ་ཞེས་བྱ་བའི་རིགས་པས་ཡང་དག་པའི་དོན་དུ་ཆ་ཤས་དང་བཅས་པ་ཉིད་མ་ཡིན་ནོ་ཞེན་མ་ཡིན་ཏེ་ཚུ་རོལ་དང་ཕ་རོལ་དག་ཀྱང་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་པས་ལྟོས་པའི་དབྱེ་བས་ཕ་དང་བུ་ལ་སོགས་པ་དང་འདྲ་བར་མ་འཆོལ་བའི་ཕྱིར་ཡང་དག་པ་ཁོ་ནའི་རང་བཞིན་དུ་ཁས་བླང་བར་བྱ་སྟེ། གང་ལ་ལྟོས་


DTG085_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཕ་རོལ་ཡིན་པ་དེ་ནི་དེ་ལ་ལྟོས་ནས་ནམ་ཡང་ཚུ་རོལ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚུ་རོལ་དང་ཕ་རོལ་དག་དོན་དམ་པ་ཉིད་མ་ཡིན་ན་ཚུ་རོལ་དང་ཕ་རོལ་དུ་མངོན་པར་བརྗོད་པའི་འགྲམ་ན་གནས་པ་དག་ཇི་ལྟར་མ་འཆོལ་བ་ཉིད་དུ་གནས་པར་འགྱུར། འདི་ལྟར་ཕ་རོལ་དུ་མངོན་པར་འདོད་པ་ལས་གཞན་ཉིད་ནི་ཚུ་རོལ་དུ་བརྗོད་པར་འདོད་པའི་ཚུ་རོལ་ཉིད་ཡིན་པར་བརྗོད་དོ། །དེ་ཡང་བརྟགས་པ་ཉིད་ཡིན་ན་ནི་དེ་དག་གཅིག་ཏུ་ཐལ་ལ་དེ་ལྟ་ན་ཡང་དེ་ལ་བརྟེན་པ་རྣམས་མ་འཆོལ་བར་གནས་པར་མི་འགྱུར་ཏེ། རྟོག་པས་ཉེ་བར་བཀོད་པའི་ཐ་དད་པ་ནི་དོན་བྱེད་པའི་ཡན་ལག་ཉིད་ཡིན་ནོ། །ཇི་སྟེ་མྱོང་བའི་སྟོབས་ཀྱིས་ཡུལ་གནས་བའི་ཕྱིར་དང་ཉམས་སུ་མ་མྱོང་བ་ཉིད་ཀྱི་དོན་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་དང༌། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་སྟོབས་ལས་སོ་སོར་ངེས་པའི་འབྲས་བུ་སྐྱེ་བའི་ཕྱིར་ན་དེ་ལས་ཐ་དད་པར་བརྟག་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར་རང་གིས་རབ་ཏུ་གྲུབ་པའི་རང་བཞིན་ཉིད་ནི་གཉིས་སུ་མེད་པའི་ཤེས་པ་གཅིག་གི་ངོ་བོ་དོན་དམ་པར་གཟུང་བ་དང་འཛིན་པ་དང་བྲལ་བ་དང་རྒྱུ་མེད་པ་ཉིད་ཡིན་ན་རྟག་པ་ལ་སོགས་པར་ཐལ་བའི་ཕྱིར་དང༌། རྟག་པ་ཉིད་ན་ཡང་དོན་བྱེད་པ་ལ་སོགས་པ་མི་འཐད་པའི་ཕྱིར་ན་རང་གི་རྒྱུ་དང་འབྲེལ་པར་སྐྱེ་བ་དང་སྐྱེས་མ་ཐག་ཏུ་འཇིག་པ་ཡིན་ཏེ། འོན་ཀྱང་ཐོགས་པ་མེད་པའི་སྲིད་པར་འབྱུང་བ་ཅན་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་བྱུང་བའི་རྣམ་པ་རྣམས་དེ་ལ་སྣང་བ་ཡིན་ནོ་ཞེས་ཤེས་པའི་བདག་ཉིད་ཀྱི་དངོས་པོ་རྣམས་རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ཁས་ལེན་ན། དེ་ལ་ཡང་ཅི་རྣམ་པ་རྣམས་ཡང་དག་པ་ཉིད་ཡིན་ནམ། འོན་ཏེ་གཟུགས་བརྙན་ལ་སོགས་པ་དང་འདྲ་བར་བརྟགས་ན་གཅིག་ཏུ་ཉམས་དགའ་བ་ཡིན་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །གལ་ཏེ་དང་པོ་ལྟར་ན་དེའི་ཚེ་ཡང་དག་པའི་རྣམ་པ་དུ་མ་དང་དེ་མི་འཐད་པས་རྣམ་པའི་ངོ་བོ་དང་འདྲ་བར་རྣམ་པར་ཤེས་པ་དུ་མ་ཉིད་དུ་ཐལ་བར་འགྱུར་བས་གཅིག་པ་ཉིད་ག་ལ་ཡིན། འོན་ཏེ་ཅིག་ཅར་ཉམས་སུ་མྱོང་བ་ཉིད་ཀྱིས་ན་རྣམ་པར་ཤེས་པ་གཅིག་པ་ཉིད་དུ་ངེས་པ་ཡིན་ན། དེའི་ཚེ་ཤེས་པ་གཅིག་དང་ཐ་མི་དད་པས་རྣམ་པར་ཤེས་པའི་རང་གི་ངོ་བོ་དང་འདྲ་


DTG085_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྣམ་པ་རྣམས་གཅིག་པ་ཉིད་དུ་འགྱུར་བ་ནི་བཟློག་པར་དཀའ་བའོ། །དེ་ལྟ་ཡིན་དུ་ཟད་མོད་ཅེ་ན་དེ་ནི་མ་ཡིན་ཏེ། འདི་ལྟར་གལ་ཏེ་རྣམ་པ་གཅིག་གཡོ་བ་ལ་སོགས་པའི་ཁྱད་པར་དུ་སྣང་བ་དེའི་ཚེ་རྣམ་པ་ལྷག་མ་རྣམས་ཀྱང་རྣམ་པ་སྔ་མ་དང་ཐ་མི་དད་པའི་ལུས་ཅན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་དང་འདྲ་བ་ཁོ་ནར་འགྱུར་བས་རྣམ་པ་སྣ་ཚོགས་པར་ཉམས་སུ་མྱོང་བ་དང་འགལ་བར་འགྱུར་རོ། །དེ་བས་ན་རྣམ་པ་རྣམས་ནི་གཅིག་ཏུ་ངེས་པར་སྣ་ཚོགས་པ་ཉིད་ཡིན་པས་ན་གཅིག་དང་དུ་མ་ཕན་ཚུན་འགལ་བའི་ཆོས་གནས་པ་དང་ལྡན་པའི་ཕྱིར་དོན་དམ་པ་ཁོ་ནར་རྣམ་པ་དང་རྣམ་པར་ཤེས་པ་དག་ཐ་དད་པར་གནས་པས་གཉིས་མེད་པའི་ཚུལ་དུ་དམ་བཅས་པ་ཉམས་པར་འགྱུར་རོ། །འོན་ཏེ་བདེ་བ་ལ་སོགས་པ་དང་འདྲ་བར་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་ཉམས་སུ་མྱོང་བའི་བདག་ཉིད་ཅན་ཡིན་བའི་ཕྱིར། གཅིག་ལ་སྣ་ཚོགས་པ་ཉིད་དུ་ཁས་མི་ལེན་པས་ཇི་སྐད་དུ་བཤད་པའི་ཉེས་པར་ཐལ་བར་མི་འགྱུར་རོ་ཞེས་དེ་ལྟར་ཤེས་ནས་རྣམ་པར་ཤེས་པ་རིས་མཐུན་པ་མང་པོ་རྣམས་ཀྱང་རིས་མི་མཐུན་པའི་ཤེས་པ་དང་འདྲ་བར་ལྷན་ཅིག་སྐྱེས་བར་འགྱུར་རོ་ཞེས་ཟེར་ན། དེའི་ཚེ་འདི་ཉེས་པ་གཞན་ཡིན་ཏེ་འདི་ལྟར་དབུས་མར་འདོད་པའི་རྣམ་པར་ཤེས་པ་གང་ཡིན་བ་དེ་རྡུལ་ཕྲ་རབ་དང་འདྲ་བར་ཡོངས་སུ་བསྐོར་བར་འདོད་ན་དེ་རང་བཞིན་གང་གིས་གཅིག་ལ་མངོན་པར་ཕྱོགས་པར་གྱུར་བ་དེ་ཉིད་ཀྱིས་ཅི་གཞན་ལ་ཡང་ཡིན་ནམ་འོན་ཏེ་གཞན་གྱིས་ཡིན་ཞེས་བརྟག་གོ །དེ་ཉིད་ཀྱིས་ཞེས་བའི་ཕྱོགས་ལྟར་ན་ཡོངས་སུ་བསྐོར་ནས་གནས་པ་མེད་པས་ཕྱོགས་གཞན་ན་གནས་པ་ལྷག་མ་རྣམས་དོན་ཇི་ལྟ་བ་བཞིན་དུ་མི་འགྱུར་རོ། །དེ་བས་ན་ཤར་དང་ནུབ་ལ་སོགས་པའི་ཕྱོགས་ཀྱི་ཆར་ཡོད་པ་མི་འཐད་པར་སྔོན་པོ་ལ་སོགས་པའི་དབྱིབས་ཀྱི་བཀོད་པར་སྣང་བར་མི་འགྱུར་རོ། །གཞན་གྱིས་ཞེས་བྱ་བའི་ཕྱོགས་ལྟར་ན་དངོས་པོའི་དབྱེ་བ་ནི་རང་བཞིན་གྱི་དབྱེ་བའི་མཚན་ཉིད་ཡིན་པའི་ཕྱིར་གཅིག་པ་ཉིད་ག་ལ་ཡོད་ཅེས་རྡུལ་ཕྲ་རབ་རྣམ་པར་དཔྱད་པ་ལས་གྱུར་པའི་ཉེས་པ་དང་འདྲ་བར་ལྟུང་བར་འགྱུར་རོ། །ཤེས་པ་ནི་གཟུགས་ཅན་མ་ཡིན་པས་ཕྱོགས་ཀྱིས་བྱས་པའི་ཤར་དང་ནུབ་ཡོད་པ་མ་ཡིན། རྡུལ་ཕྲ་རབ་དང་འདྲ་བར་ཤེས་པ་དབུས་ན་གནས་པར་ཇི་ལྟར་འགྱུར་ཞེ་ན། དེ་ནི་བདེན་མོད་ཀྱི་འདི་ནི་


DTG085_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཉེས་པ་གཞན་ཡིན་ཏེ་གང་ཞིག་ཕྱོགས་རྒྱས་པར་སྣང་བའི་རྣམ་པ་རྣམས་ཡོད་པ་ཉིད་དུ་འདོད་པ་ཡུལ་ན་གནས་པར་གྱུར་པ་མ་ཡིན་ཡང་དེ་དང་འདྲ་བར་ཡུལ་རྒྱས་པར་སྐྱེ་བར་བརྟག་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྣམ་པར་ཤེས་པ་དུ་མ་སྐྱེ་བར་བརྟགས་ཀྱང་དེ་ལྟར་ཡུལ་ཁྱབ་པར་སྐྱ་བར་སྣང་བ་ལོག་པ་ཉིད་དུ་འགྱུར་པས་དེའི་ཚེ་རྣམ་པར་ཤེས་པ་དུ་མ་སྐྱེ་བར་རྟོག་པ་དོན་མེད་པར་འགྱུར་རོ། །ཕྱོགས་རྒྱས་པར་གནས་པའི་སྔོན་པོ་ལ་སོགས་པར་སྣང་བ་ལས་མ་གཏོགས་པར་གང་ཞིག་བདེན་པར་གྱུར་པ་སྔོན་པོ་ལ་སོགས་པ་གཞན་ནི་ཉམས་སུ་མྱོང་ཡོད་པ་མ་ཡིན་ནོ། །དེ་བརྫུན་པ་ཉིད་ཡིན་ན་བདེན་པར་འགྱུར་བ་གཞན་ཅི་ཞིག་ཡོད་དེ་འདི་ནི་གྱི་ནའོ། །དེ་ལྟར་ཡིན་ན་ཡང་རྡུལ་ཕྲ་རབ་ནི་གཟུགས་ཅན་ཡིན་ལ་རྣམ་པར་ཤེས་པ་ནི་གཟུགས་ཅན་མ་ཡིན་པ་མ་ཡིན་ནམ། འདིར་ཉེས་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟར་ཡིན་ཞེ་ན། ཉེས་པ་འདི་ནི་མེད་དེ་འདི་ལྟར་སྔོན་པོ་ལ་སོགས་པའང་མེད་པར་སྣང་བ་དེ་ཉིད་ལ་ཁ་ཅིག་ནི་རྡུལ་ཕྲ་རབ་ཀྱི་བདག་ཉིད་དུ་ཁས་ལེན་ལ། གཞན་ནི་རིགས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་ཟེར་བ་ནི་མིང་ཙམ་ཐ་དད་པ་འབའ་ཞིག་ཏུ་ཟད་ཀྱི་ཡུལ་འདབ་ཆགས་པར་གནས་པའི་མཚན་ཉིད་ཅན་གྱི་དོན་ལ་ནི་ཐ་དད་པ་མེད་དོ། །མིང་ཙམ་འཇུག་པའི་སྒོར་བྱས་པའི་ཉེས་པ་མཚུངས་པར་སྒྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་ཡུལ་འདབ་ཆགས་པས་བྱས་པའི་ཉེས་པ་མཚུངས་པར་བྱེད་ལ་ཡང་མིང་ཙམ་ཐ་དད་པ་ཡོད་ཀྱང་ཇི་ལྟར་ཉེས་པ་མཚུངས་པར་མི་འགྱུར། འོན་ཏེ་དེ་ལྟར་ཡིན་ཡང་ཤེས་པ་དན་ཤེས་བྱ་དག་ཀྱང་ཚུལ་མི་མཐུན་པ་རྣམས་ཤེས་བྱར་གཏོགས་པའི་ཉེས་པ་ཤེས་པ་ལ་ཡོད་པར་ཁས་མི་ལེན་ན་དེའི་ཚེ་ཡང་བརྗོད་པར་བྱ་སྟེ། ཤེས་པ་དུ་མ་ཅིག་ཅར་སྐྱེ་བ་ན་བུམ་པ་དང་སྣམ་བུ་ལ་སོགས་པའི་ཡུལ་ཅན་གྱི་རྣམ་པར་རྟོག་པར་རིམ་གྱིས་སྐྱེ་བར་གཏོགས་པར་མི་འགྱུར་རོ། །དེ་ཉམས་སུ་མྱོང་བ་ངེས་པའི་སྒོ་ནས་རྣམ་པར་རྟོག་པ་རྣམས་སྐྱེ་བའི་ཕྱིར། རྣམ་པར་མི་རྟོག་པའི་ཤེས་པ་ཉིད་ཅིག་ཅར་སྐྱེའོ་ཞེས་དེ་སྐད་དུ་བརྗོད་པར་མི་ནུས་སོ། །དེ་བས་ན་རྣམ་པར་རྟོག་པ་འདི་དག་སྐྱེ་བ་ན་རང་ཉིད་རིག་པ་མ་ཡིན་པ་ཡང་མ་ཡིན་པའི་ཕྱིར་ཅིག་ཅར་ཉམས་སུ་མྱོང་བར་ངེས་པར་ཐལ་བའི་ཕྱིར་ན་རྣམ་


DTG085_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་རིམ་གྱིས་འབྱུང་བར་ཉམས་སུ་མྱོང་བར་མི་འགྱུར་བས་མངོན་སུམ་དང་འགལ་ལོ། །འོན་ཏེ་ནོར་བུ་གཟིར་སྣང་བ་བཞིན་དུ་ཤེས་པ་གཅིག་ཉིད་ཀྱིས་སྣ་ཚོགས་པའི་ངོ་བོ་བླངས་པ་ཡིན་ནོ་ཞེས་འདོད་ན་དེ་ནི་བདེན་པ་མ་ཡིན་ཏེ། འདི་ལྟར་གང་ཞིག་སྣ་ཚོགས་པ་ཡིན་པ་དེ་ནི་གཅིག་པ་མ་ཡིན་ཏེ། དཔེར་ན་རྒྱུད་སྣ་ཚོགས་པ་ལ་ཡོད་པའི་ཤེས་པ་ལྟ་བུའོ། །རྣམ་པར་ཤེས་པ་འདི་ཡང་སྣ་ཚོགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པ་ཡིན་ནོ། །སྣ་ཚོགས་པ་ཉིད་དུ་དམིགས་པས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །ཡང་སྣ་ཚོགས་པ་ཉིད་གང་གིས་གཅིག་པ་ཉིད་གསལ་བར་གྱུར་པ་སྣ་ཚོགས་པ་དང༌། གཅིག་པ་ཉིད་འགལ་བ་ཇི་ལྟར་ཡིན་ཞེ་ན། བརྗོད་པར་བྱ་སྟེ་དུ་མའི་རང་བཞིན་ལས་མ་གཏོགས་པར་སྣ་ཚོགས་པའི་སྒྲས་བརྗོད་པར་བྱ་བ་གཞན་ཡོད་པ་མ་ཡིན་ནོ། །དུ་མ་དང་གཅིག་པ་དག་ཀྱང་རང་གི་ངོ་བོ་ཕན་ཚུན་རྣམ་པར་བཅད་པ་མེད་ན། མེད་པ་ཉིད་ཡིན་པའི་ཕྱིར་ཕན་ཚུན་སྤངས་ཏ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་པ་འགལ་བ་མ་གྲུབ་པ་ཡིན་ནོ། །འགལ་བ་གཉིས་ཀྱི་ངོ་བོ་གཅིག་ཏུ་གྱུར་ན་ནི་འགྲོ་བ་མཐའ་དག་རྫས་གཅིག་ཏུ་འགྱུར་ཏེ། དེ་བས་ན་ལྷན་ཅིག་སྐྱེས་པ་དང་འཇིག་པ་ལ་སོགས་པར་ཐལ་བར་འགྱུར་བ་དེ་བཟློག་དཀའོ། །གཞན་དུ་ན་གཅིག་ཅེས་བྱ་བ་ནི་མིང་ཙམ་དུ་ཟད་དེ་མིང་དེ་ལ་ནི་བརྩད་དུ་མེད་པས་གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ནོ། །དཔེར་ན་ནོར་བུ་གཟིར་སྣང་བ་ནི་རེ་ཞིག་གྲུབ་པ་ཉིད་དོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། དེ་ཡང་རང་བཞིན་གཅིག་ཡིན་ན་དུ་མའི་རང་བཞིན་གྱིས་མ་ཁྱབ་པས་དུ་མའི་རང་བཞིན་ཉིད་ལ་སོགས་པར་སྣང་བར་མི་འཐད་དེ་བརྒལ་ཞིང་བརྟག་པ་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་སྔོན་པོ་ལ་སོགས་པར་སྣང་བའི་ཡུལ་དང་དུས་གཞན་ན་གནས་པའི་དངོས་པོ་ལས་ཐ་དད་པ་ཡིན་པར་མངོན་སུམ་གྱི་ཤེས་པར་འགྱུར་བ་མ་ཡིན་ཏེ། གཉི་ག་སྣང་བ་མ་ཡིན་པའི་ཕྱིར་།དེ་ལས་འདི་ནི་ཐ་དད་པ་ཡིན་ནོ་ཞེས་མི་འཛིན་པའི་ཕྱིར་རོ། །ཡུལ་དང་དུས་མཚུངས་པ་ན་གན་པར་སྣང་བ་ལས་ཀྱང་མ་ཡིན་ཏེ་འདི་ནི་ལས་ཐ་དད་པ་ཡིན་ནོ་ཞེས་རྟོག་པ་མེད་པའི་མངོན་སུམ་གྱིས་མི་འཛིན་པའི་ཕྱིར་རོ། །དེའི་ཕྱིར་


DTG085_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བ་དང་འཛིན་པ་དག་དང་གཟུང་བར་བྱ་བ་རྣམས་ཕན་ཚུན་ཐ་དད་པར་མི་འཛིན་པས་སྣ་ཚོགས་པ་ཉིད་གཉིས་སུ་མེད་པ་གཅིག་གི་ངོ་བོ་ཉིད་མངོན་སུམ་ལ་སྣང་ངོ་ཞེས་ཟེར་བ་དེ་ཡང་འདི་ཉིད་ཀྱིས་ལན་བཏབ་པ་ཡིན་ཏེ། གཅིག་པ་དང་སྣ་ཚོགས་པ་ཉིད་ནི་འགལ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་གྲུབ་པ་དང་བདེ་བ་གཅིག་པ་ཉིད་ཡིན་པའི་ཕྱིར་སྣ་ཚོགས་པ་ཡང་གཅིག་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ་ཕན་ཚུན་བཟློག་པའི་ཚུལ་ཉིད་ཀྱིས་འདི་གཅིག་པ་ཉིད་དུ་འགལ་བའི་ཕྱིར་རོ། །འདི་འདི་དང་གྲུབ་པ་དང་བདེ་བ་ཉིད་གཅིག་པ་ཉིད་ཡིན་པར་མངོན་སུམ་གྱིས་ཤེས་པར་འགྱུར་བ་ཡང་མ་ཡིན་ནོ། །ཅིག་ཅར་དུ་སྣང་བ་གྲུབ་པ་དང་བདེ་བ་ཐ་མི་དང་པ་ཉིད་ཡིན་ན་ནི་རང་གི་ངོ་བོ་ལས་གཞན་ཉིད་ཀྱང་སྣང་བ་ཡིན་པས། ཇི་ལྟར་ཐ་དད་པར་སྣང་བ་མ་ཡིན། གལ་ཏེ་ཡང་ཐ་དད་པར་སྣང་བ་ཡང་མི་འཛིན་པས་གཉིས་སུ་མེད་པར་བརྟགས་ན་འདི་ནི་འདི་ལས་ཐ་མི་དད་པ་ཡིན་ནོ་ཞེས་དེ་ལྟ་བུའི་ཚུལ་དུ་ཐ་དད་མེད་པར་མི་འཛིན་པས་གཉིས་སུ་ཅིའི་ཕྱིར་མི་བརྟག །འོན་ཏེ་ཐ་དད་པ་དང་ཐ་དད་པ་མེད་པ་ལས་རྣམ་པར་གྲོལ་བའི་དངོས་པོ་ཙམ་འཛིན་ན་དེ་ལྟ་ན་ནི་སྔོན་པོ་ལ་སོགས་པ་སྣ་ཚོགས་པ་ཉིད་དུ་ཇི་ལྟར་སྣང༌། གལ་ཏེ་སྣ་ཚོགས་པར་སྣང་བར་འདོད་ན། དེ་ཉིད་ནི་འཇིག་རྟེན་ན་ཡང་ཐ་དད་པར་སྣང་བ་ཞེས་བརྗོད་པ་ཡིན་པས་ཇི་ལྟར་ན་ཐ་དད་པ་ལ་བསྙོན། འོན་ཏེ་གལ་ཏེ་གསལ་བའི་རྣམ་པ་འདི་དག་འདིར་བདེན་པའི་རང་བཞིན་ཁོ་ན་ཡིན་ན་དེའི་ཚེ་འདི་ཐམས་ཅད་འགལ་བ་ཞིག་ན། འོན་ཀྱང་རྣམ་པར་ཤེས་པ་དེ་ནི་ཤེལ་རྡོ་དག་པ་ལྟ་བུ་གཅིག་པུ་སྔོན་པོ་ལ་སོགས་པའི་རྣམ་པའི་ཁྱད་པར་དུ་མ་གྱུར་པ་ཡིན་ལ། རྣམ་པ་དེ་ལྟ་བུ་ལ་ཡང་ཐོག་མ་མེད་པའི་དུས་ཅན་གྱི་ཕྱིན་ཅི་ལོག་གི་བག་ཆགས་ཡོངས་སུ་སྨིན་པའི་མཐུ་ལས། འཇིམ་དུམ་ལ་སོགས་པ་དག་ལ་གླང་པོ་དང་རྟ་ལ་སོགས་པར་སྔགས་ལ་སོགས་པས་མིག་བསླད་པའི་སྐྱེས་བུ་ལ་སྣང་བར་འགྱུར་བ་བཞིན་དུ་རྣམ་པ་རྣམས་སྣང་བ་ཡིན་ཏེ། དེས་ན་དོན་དམ་པར་ཤེས་པ་རང་བཞིན་གཅིག་ཁོ་ན་ཡིན་པར་ཁས་ལེན་པ་ནི་འགལ་བ་ཡོད་པ་མ་ཡིན་ཏེ་བརྫུན་པའི་ཕྱིར་རོ། །འདི་ལྟར་ཁྱེད་ཀྱིས་སྐྱོན་བརྗོད་པས་ནི་རྣམ་པ་རྣམས་མི་བདེན་པར་བསྒྲུབ་པར་བྱ་བ་ཡིན་ན་དེ་ནི་ཁོ་བོ་ཅག་གིས་ཀྱང་ཁས་བླངས་པ་


DTG085_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་འདོད་ན་དེ་ནི་མ་ཡིན་ཏེ། འདི་ལྟར་བྱིས་པའི་བར་གྱིས་ཤིན་ཏུ་གསལ་བར་རྟོགས་པའི་སྔོན་པོ་ལ་སོགས་པའི་རྣམ་པའི་རང་བཞིན་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་བརྫུན་པ་ཡིན་ལ། གསལ་བར་སྣང་བའི་རྣམ་པ་ལས་ཐ་དད་པ་གཉིས་སུ་མེད་པའི་ཤེས་པ་ཉམས་སུ་མྱོང་བར་མ་གྱུར་པ་གང་ཡིན་པ་དེ་ནི་བདེན་པ་ཡིན་ནོ་ཞེས་བྱ་བ་འདི་ལས་འདིར་ལེགས་པར་སྨྲས་པ་གཞན་ཅི་ཞིག་ཡོད། ཤིན་ཏུ་གསལ་བར་སྣང་བ་ལ་མི་འཐད་པ་ཅི་ཞིག་ཡོད། དེ་ཁོ་ན་ཉིད་དུ་མེད་པས་སོ་ཞེ་ན། བརྗོད་པ་གང་ཞིག་གང་ལ་མེད་པའི་རང་བཞིན་དེ་ནི་དེ་རིག་པ་མ་ཡིན་ཏེ། དཔེར་ན་སྡུག་བསྔལ་ལ་བདེ་བ་ལ་སོགས་པའི་རང་བཞིན་ལྟ་བུའོ། །སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་ཀྱང་རྣམ་པར་ཤེས་པ་ལ་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི། ཁྱད་པར་བྱེད་པ་འགལ་བ་དམིགས་བའོ། །རྣམ་པ་རྣམས་བརྫུན་པ་ཉིད་དུ་ངེས་པའི་ཕྱིར་མ་གྲུབ་པ་མ་ཡིན་ལ། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཕྱིར་འགལ་བ་མ་ཡིན་ནོ། །དེ་ལ་གལ་ཏེ་སྤྱིར་དོན་དམ་པར་རིག་པ་མེད་པར་ཐལ་བར་བསྒྲུབས་ན་དེའི་ཚེ། བསྒྲུབ་པར་བྱ་བའི་ཆོས་ལས་བཟློག་པ་ལ་སྒྲུབ་པར་བྱེད་པའི་ཆོས་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་བཟློག་པ་ལ་ཐེ་ཙོམ་ཟ་བར་ཇི་ལྟར་མི་འགྱུར་ཞེས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་འདིར་ནི་སྤྱི་ཁོ་ནར་བསྒྲུབ་པར་བྱ་བ་ཡིན་ལ་འདི་ལ་མ་ངེས་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །འདི་ལྟར་རིག་པ་ནི་གཉིས་ཏེ་གཙོ་བོ་དང་ཕལ་བའོ། །དེ་ལ་གཙོ་བོ་ནི་བེམས་པོ་མ་ཡིན་པའི་རང་བཞིན་གང་ཡིན་པ་སྟེ། དེ་ཡང་ཤེས་པ་ཁོ་ནའི་ཐུན་མོང་མ་ཡིན་པའི་རང་གི་བདག་ཉིད་དུ་གྱུར་པའི་ཆོས་ཡིན་པས་མེད་པ་རྣམ་པ་ཡིན་པར་ཅི་ལྟར་འགྱུར། འདི་ལྟར་གང་ཞིག་ཤེས་པའི་རང་བཞིན་མ་ཡིན་པ་དེ་ལ་གཙོ་བོའི་རིག་པ་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་པདྨ་ལྟ་བུའོ། །མེད་པར་ཁས་བླངས་པའི་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་ཀྱང་ཤེས་པའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །ཕལ་པ་ཡང་མི་སྲིད་དེ་འདི་ལྟར་རང་གི་རྣམ་པར་སྣང་བའི་ཤེས་པ་སྐྱེས་པ་ཉིད་ཕལ་པའི་རིག་པར་བརྗོད་པ་ཡིན་ན། དེ་ཡང་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་རྟའི་རྭ་དང་


DTG085_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་མེད་པ་ལ་ནི་རིགས་པ་མ་ཡིན་ཏེ། མེད་པའི་མཚན་ཉིད་ནི་ནུས་པ་ཐམས་ཅད་ཀྱིས་དབེན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། འདི་ལྟར་གང་ཞིག་ནུས་པ་མེད་པ་དེ་ནི་ཕལ་བའི་རིག་པ་མ་ཡིན་ཏེ་དཔེར་ན་རྟའི་རྭ་ལྟ་བུའོ། །མེད་པར་འདོད་པའི་སྔོན་པོ་ལ་སོགས་བའི་རྣམ་པ་རྣམས་ཀྱང་ནུས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། རྣམ་བ་རྣམས་བརྫུན་པ་ཉིད་ཀྱི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ལ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་མ་ཡིན་ནོ། །དེས་ན་དེ་ལྟར་དངོས་དང་ཉེ་བར་བརྟགས་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དག་གིས་རིག་པ་ལ་ཁྱབ་པ་ཉིད་ཡིན་པའི་ཕྱིར་ཁྱབ་པར་བྱེད་པ་དེ་ལྡོག་པས། དེས་ཁྱབ་པའི་རིག་པ་ཡང་ལྡོག་པ་ཁོ་ན་ཡིན་བས་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་རིག་པ་ལ་འཇུག་པའི་གོ་སྐབས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །སྨིག་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པའི་རྣམ་པ་མེད་ཀྱང་རིག་བའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་གལ་ཏེ་དེ་ལ་ཡང་ཆུ་ལ་སོགས་པའི་རྣམ་པ་ནང་ན་མེད་ལ་ཕྱི་རོལ་ན་ཡང་མེད་ན་དེའི་ཚེ། ཤིན་ཏུ་མེད་པ་དེ་ཇི་ལྟར་རིག་པར་འགྱུར་ཞེས་བརྒལ་ཞིང་བརྟག་པ་མཚུངས་སོ། །འབྲེལ་པའི་སྟོབས་ཀྱིས་ཉམས་སུ་མྱོང་བ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། འདི་ལྟར་ཤེས་པའི་ངོ་བོ་ཉིད་ནི་རྣམ་པ་རྣམས་ཀྱི་མ་ཡིན་ཏེ། ཤེས་པ་དང་འདྲ་བར་ཡོད་པར་ཐལ་པར་འགྱུར་བའི་ཕྱིར་རོ། །འོན་ཏེ་རྣམ་པའི་ངོ་བོ་ཉིད་ནི་ཤེས་པའི་ཡིན་ནོ་སྙམ་དུ་སེམས་ན་དེའི་ཚེ་རྣམ་པ་དང་འདྲ་བར་ཤེས་པ་མེད་པར་ཐལ་བར་འགྱུར་རོ། །ཤེས་པ་ལས་རྣམ་པ་སྐྱེ་བ་ཡང་མ་ཡིན་ཏེ་རང་བཞིན་མེད་པ་ལ་བསྐྱེད་པར་བྱ་བ་ཉིད་མི་སྲིད་པའི་ཕྱིར། རྣམ་པ་རྣམས་ལས་ཤེས་བ་སྐྱེ་བ་ཡང་མ་ཡིན་ཏེ་རྣམ་པ་རྣམས་བརྫུན་པ་ཉིད་ཡིན་པས་དོན་བྱེད་བའི་ནུས་པ་དང་བྲལ་བའི་ཕྱིར་རོ། །དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་ལས་མ་གཏོགས་པའི་འབྲེལ་པ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་གང་ཞིག་གང་དང་ལྷན་ཅིག་འབྲེལ་བ་མེད་པ་དེ་ནི་རིག་ཀྱང་ངེས་པར་རིག་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་ཤེས་པའི་བདག་ཉིད་རིག་པ་ནི་མོ་གཤམ་གྱི་བུ་ལྟ་བུའོ། །མེད་པར་འདོད་པའི་རྣམ་པ་རྣམས་ཀྱང་


DTG085_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང་ལྷན་ཅིག་དེའི་བདག་ཉིད་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་གཉི་ག་ཡང་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །འབྲེལ་པ་མེད་པར་བསྒྲུབས་ཟིན་པའི་ཕྱིར་མ་གྲུབ་པ་མ་ཡིན་ལ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་ན་འགལ་བ་ཉིད་མ་ཡིན་ནོ། །། ཐམས་ཅད་རིག་པར་ཐལ་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱང་མ་ཡིན་ནོ། །དེ་བས་ན་ཁྱེད་ཀྱིས་ཤེས་པ་དང་དུས་མཉམ་པར་འབྱུང་བ་ཉིད་དུ་ཡོངས་སུ་བརྟགས་པའི་རྣམ་པ་གང་ཡིན་པ་དེ་ལ་རྒྱུ་མེད་པ་ཉིད་ཡིན་ན་ལྟོས་པ་མེད་བའི་ཕྱིར་རེས་འགའ་བ་ཉིད་ཇི་ལྟར་ཡིན་ཞེས་འདིར་རྒྱུ་བརྗོད་དགོས་སོ། །ཇི་ལྟར་ཁྱེད་ཀྱི་ལྟར་ན་བརྫུན་བ་ཉིད་ཀྱིས་ཀུན་རྫོབ་ཏུ་ཤེས་པ་དང་ཤེས་བྱ་བ་དག་སྣང་བར་འདོད་པ་དེ་བཞིན་དུ་ངེད་ཀྱི་ལྟར་ན་ཡང་རྣམ་པ་མེད་པའི་དེ་ཁོ་ན་ཉིད་དུ་གྱུར་པའི་ཤེས་པ་ལ་དེ་དང་མ་འབྲེལ་བ་ཁོ་ནར་མ་རིག་པས་མི་བདེན་པ་ཡང་ཀུན་རྫོབ་ཏུ་གཞན་ཉིད་དུ་སྣང་བ་ཡིན་ནོ་སྙམ་དུ་སེམས་པ་གང་དག་ཡིན་པ་དེ་དག་ཀྱང་འདི་ཉིད་ཀྱིས་བསལ་བ་ཡིན་ནོ། །ཁོ་བོ་ཅག་གི་ལྟར་ན་ནི་ཀུན་རྫོབ་ཏུ་ཤེས་པ་ཉིད་ཤེས་བྱའི་རང་བཞིན་ནོ་ཞེས་འབྲེལ་པ་ཁས་བླངས་པས་དེ་དག་སྣང་བ་ལ་འགལ་བ་མེད་དོ། །ཇི་སྟེ་ཉེས་པ་འདིར་མ་གྱུར་ཅིག་སྙམ་པས་རྒྱུ་དང་ལྡན་པར་ཡིན་ན་དེའི་ཚེ། གཟུང་བ་དང་འཛིན་པའི་རྣམ་པ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་བརྟགས་པ་ཉིད་མ་ཡིན་པས་གཞན་གྱི་དབང་གི་ངོ་བོ་ཉིད་དུ་ཐལ་བར་འགྱུར་ཏེ། འདི་ལྟར་གཞན་གྱི་དབང་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་གཞན་མ་ཡིན་པས་སོ། །གལ་ཏེ་དེ་ལྟ་ཡིན་མོད། དེ་ལྟ་ན་ཡང་དོན་དམ་པར་ཡོད་པར་ག་ལ་འགྱུར་སྙམ་ན་བརྗོད་པ་འདི་ལྟར་རྣམ་པར་ཤེས་པའི་ཡོད་པ་ཞེས་བྱ་བ་ཡང་རྐྱེན་ལས་བྱུང་བའི་ངོ་བོ་ལས་གཞན་མ་ཡིན་ནོ། །དེ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་དང་མེད་ན་མི་འབྱུང་བའི་དོན་དམ་པར་ཡོད་པ་ནི་བཟློག་པར་དཀའ་ཞིང༌། དེ་ལས་ཀྱང་སྔ་མ་དང་ཕྱི་མར་ཡོད་པ་ཡིན་པའི་ཕྱིར་ཅིག་ཅར་རིག་པ་མེད་པར་ཐལ་ཞིང་རྣམ་པར་བརྫུན་པར་ཁས་བླངས་པ་ཉམས་པར་ཡང་འགྱུར་རོ། །འོན་ཏེ་ཇི་སྐད་དུ་བརྗོད་པའི་རྣམ་པ་ཡང་ཁས་མི་ལེན་ན་དེའི་ཚེ་དམིགས་བའི་རིག་བྱར་གྱུར་པ་ཉིད་ཀྱིས། རྣམ་པ་མེད་པའི་ཤེས་པ་ཉིད་སྲོག་ཆགས་ཐམས་ཅད་


DTG085_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྟག་ཏུ་རིག་གོ་ཞེས་བྱ་བར་འགྱུར་རོ། །འདི་སྙམ་དུ་རིག་པ་ཁོ་ན་ཡིན་མོད་ཀྱི་འོན་ཀྱང་ཉམས་སུ་མྱོང་བ་ནི་ན་པའི་རྣམ་པས་བསྐྱེད་པའི་འཁྲུལ་པའི་སྟོབས་ཀྱིས་ཚུ་རོལ་མཐོང་བའི་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་པའི་ཕྱིར་ཏེ་དེ་ལས་ཉམས་སུ་མྱོང་བར་ངེས་པའི་དམིགས་པ་ཚང་བའི་ཕྱིར་དེ་ལ་དམིགས་པ་ཡོད་པ་མ་ཡིན་ཏེ། སྐད་ཅིག་མ་ཉིད་བཞིན་ནོ་ཞེས་བྱ་བར་སེམས་ན་དེ་ནི་མ་ཡིན་ཏེ། འདི་ལྟར་གལ་ཏེ་ནང་ངམ་ཕྱི་རོལ་དུ་རྣམ་པ་ཉམས་སུ་མྱོང་བས་བསྐྱེད་པའི་འཁྲུལ་པའི་སྟོབས་ཀྱིས་རིག་བཞིན་པའི་རྣམ་པར་ཤེས་པ་ཡང་མི་ངེས་པ་ཞེས་བྱ་བར་འགྱུར་བ་ཞིག་ན་གང་གི་ཚེ་དག་ནང་ན་མེད་ཅིང་ཕྱི་རོལ་ན་མེད་པ་དེའི་ཚེ། གང་གིས་གཉིས་མེད་པ་ཉམས་སུ་མྱོང་ཡང་མ་ངེས་པ་ཞེས་བྱ་བར་འགྱུར་བ་གང་ཞིག་ཉམས་སུ་མྱོང་བས་བསླུས་པར་འགྱུར། འོན་ཏེ་བརྫུན་པའི་རྣམ་པ་ཀུན་ཏུ་སྟོན་པར་བྱེད་པ་གང་ཡིན་པ་དེ་ལྟ་བུ་དེ་ནི་འཁྲུལ་པའི་ངོ་བོ་ཉིད་ཡིན་ཏེ། དེས་ན་རྣམ་པ་མེད་པ་ཡང་འཁྲུལ་པའི་དབང་གིས་རིག་པར་འགྱུར་བ་ཡིན་ནོ་ཞེས་འདོད་ན། དེ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར་འཁྲུལ་པའི་སྒྲས་འཁྲུལ་པ་བསྐྱེད་པའི་བག་ཆགས་རྒྱུར་གྱུར་པའི་ཤེས་པའི་གནས་སྐབས་སམ་ཡང་ན་རྣམ་པ་དེ་ལྟ་བུའི་བག་ཆགས་ལས་བྱུང་བའི་འཁྲུལ་པ་ཅན་གྱི་ཤེས་པ་འབྲས་བུའི་རང་བཞིན་ཉིད་བརྗོད་པར་འགྱུར་གྲང༌། དེ་ལ་ཕྱོགས་དང་པོ་ལ་ནི་རྒྱུ་དང་རྣམ་པ་རྣམས་མ་འབྲེལ་བའི་ཕྱིར་དེའི་སྟོབས་ཀྱིས་དེ་རྣམས་མྱོང་བ་ནི་རིགས་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་གྱི་འབྲེལ་པ་ཡོད་པ་ཉིད་ཡིན་ནོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ། སྔ་མ་བཞིན་དུ་གཞན་གྱི་དབང་ཉིད་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་ཡང་ཕྱོགས་གཉིས་པ་ཡིན་ན་དེ་ལ་ཡང་རྣམ་པ་རྣམས་འབྲེལ་པ་ཞིག་ཡིན་ན་དེའི་བདག་ཉིད་ཀྱི་མཚན་ཉིད་དུ་འགྱུར་གྱི་དེ་ལས་བྱུང་བའི་མཚན་ཉིད་ནི་མ་ཡིན་ཏེ། དེ་དང་དུས་མཉམ་དུ་ཉམས་སུ་མྱོང་བ་ཉིད་ཡིན་པའི་ཕྱིར་དང༌། དུས་མཉམ་པ་དག་ཀྱང་རྒྱུ་དང་འབྲས་བུའི་མཚན་ཉིད་དུ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་འཁྲུལ་པའི་རང་བཞིན་དུ་དེ་དང་ཐ་མི་དད་པའི་ཕྱིར་གཞན་གྱི་དབང་ཉིད་དུ་ཐལ་བར་འགྱུར་བ་བཟློག་པར་


DTG085_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བས་འདི་ནི་གྱི་ནའོ། །འདི་སྙམ་གཟུང་འཛིན་གྱི་རྣམ་པར་འཁྲུལ་པ་མེད་པའི་ཕྱིར་ན། གཉིད་ཀྱིས་ལོག་པ་ལ་སོགས་པའི་གནས་སྐབས་སུ་རང་རིག་པའི་རང་བཞིན་གཅིག་བདེན་པར་འགྱུར་རོ་ཞེས་སེམས་ཅན། དེ་ནི་མ་ཡིན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཆོས་ཀྱི་ཁམས་ལ་དམིགས་པ་ཉིད་མིན་ཡང་སེམས་ལས་བྱུང་བ་འབའ་ཞིག་མི་འཛིན་པའི་ཕྱིར་ཚོགས་པ་ཡོངས་སུ་གཅོད་པས་སྣ་ཚོགས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །འོན་ཏེ་གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བ་མཚུངས་པར་ལྡན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་ཉིད་ངེས་པ་ཡིན་ན། དེ་ལྟ་ན་ཡང་སྣ་ཚོགས་པ་ཉིད་དུ་མངོན་པར་རྒྱུག་གོ །འདི་ལྟར་དེ་ལ་འཁྲུལ་པའི་བག་ཆགས་ཡོད་དོ་ཞེས་ཁྱེད་ཁས་ལེན་ཏམ་འོན་ཏེ་མ་ཡིན་ཞེས་རྟོག་པ་གཉིས་སོ། །གལ་ཏེ་དང་པོ་ཡིན་ན་དེའི་ཚེ་ནི་ཕྱིན་ཅི་ལོག་གི་རྣམ་པར་མངོན་པར་ཞེན་པའི་བག་ཆགས་ཉིད་ནི་རིག་པ་ཁོ་ན་ཡིན་ལ། བག་ཆགས་དེ་ཡང་ནུས་པ་ཞེས་བརྗོད་དོ། །ནུས་པ་ཡང་རྒྱུའི་ཤེས་པའི་བདག་ཉིད་དུ་འགྱུར་རོ། །དེས་ན་རྒྱུར་གྱུར་པའི་མ་རིག་བདག་ཉིད་ཀྱི་ཤེས་པ་སྔ་མ་ལས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་འབྲས་བུ་ཕྱི་མ་ཕྱི་མ་སྐྱེ་བ་ལས་མ་རིག་པའི་དབང་གིས་དེ་ལྟར་སྣང་བ་འཐད་པར་འགྱུར་བའི་ཕྱིར་ན་སྣ་ཚོགས་ཉིད་ནན་གྱིས་འབྱུང་བ་ཡིན་ནོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་ངེས་པ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་ཇི་སྐད་དུ་བཤད་པའི་ཤེས་པ་ཉིད་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་པས་འདི་ནི་གྱི་ནའོ། །འོན་ཏེ་དེར་བག་ཆགས་ཀྱི་བདག་ཉིད་ཅན་གྱི་ནུས་པ་དག་ནི་ཐ་དད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཡང་དག་པར་ན་ནུས་པ་དུ་མ་ཐ་མི་དད་པས་ནུས་པའི་ངོ་བོ་དང་འདྲ་བར་ཅིག་ཅར་རྣམ་པར་ཤེས་པ་དུ་མ་ཉིད་དུ་ཐལ་བར་འགྱུར་ཞིང་དེ་ལ་ཡང་ཉེས་པ་བརྗོད་ཟིན་ཏོ། །ཡང་ན་དེ་བཞིན་དུ་ཤེས་པ་གཅིག་དང་ཐ་མི་དད་པས་ནུས་པ་རྣམ་པར་ཤེས་པའི་རང་གི་ངོ་བོ་དང་འདྲ་བར་གཅིག་པ་ཉིད་དུ་འགྱུར་བ་ནི་བཟློག་པར་དཀའ་བས་དེ་མ་ཐག་པའི་རྐྱེན་གྱི་དབྱེ་བར་ཇི་ལྟར་འགྱུར། འོན་ཏེ་དེ་མ་ཡིན་ནོ་ཞེས་ཕྱོགས་གཉིས་པ་ལྟར་འདོད་ན་དེའི་ཚེ་འབད་པ་མེད་པར་ལུས་ཅན་ཐམས་ཅད་གྲོལ་བ་ལ་སོགས་པར་ཐལ་བ་བཟློག་དུ་མེད་དོ། །འོན་ཏེ་སོ་སོའི་སྐྱེ་བོའི་ཤེས་


DTG085_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི་སྔོན་པོ་ལ་སོགས་པའི་རྣམ་པས་ཉེ་བར་བསྒྱུར་བ་དང་མི་ལྡན་པར་འཇུག་གོ །དེ་ལ་ནི་གཅིག་ཉིད་ཉམས་བར་ཐལ་བར་འགྱུར་བ་ཡོད་པ་མ་ཡིན་ཏེ། སྣ་ཚོགས་ཀྱི་རང་བཞིན་ཅན་མ་ཡིན་པའི་ཕྱིར་རོ། །དེའི་སྔོན་པོ་ལ་སོགས་པའི་རང་བཞིན་རིག་པ་ཉིད་དུ་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་དེ་མྱོང་བར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར། སྔོན་པོ་ལ་སོགས་པའི་རང་བཞིན་དུ་གྱུར་པས་ནི་མ་ཡིན་ནོ། །འདི་ལྟར་རྣམ་པ་ནི་དམིགས་པ་འཛིན་པའི་བྱེ་བྲག་ཁོ་ན་ཡིན་གྱི་དེའི་རང་བཞིན་ཅན་ནི་མ་ཡིན་ནོ། །གཞན་ཡང་སྔོན་པོ་ལ་སོགས་པར་ཕྱི་རོལ་ལྟ་བུར་སྣང་བ་མཚོན་པ་དེ་ནི་ཤེས་པའི་རྣམ་པ་དེ་ཉིད་ཀྱིས་ནི་མ་ཡིན་ཏེ། འོན་ཀྱང་སྔོན་པོ་ལ་སོགས་པ་རིག་པའི་ཤེས་པ་ཉམས་སུ་མྱོང་བའི་རྟོགས་པ་པོ་རྨོངས་པ་ལས་སྔོན་པོ་ལ་སོགས་པ་དེ་ལྟར་ཕྱི་རོལ་གྱི་རང་བཞིན་ཅན་ནི་མ་ཡིན་ནོ་སྙམ་ན་དེ་ཡང་ལོག་པ་ཡིན་ཏེ། འདི་ལྟར་གལ་ཏེ་སྔོན་པོ་ལ་སོགས་པ་དང་འབྲེལ་བ་གང་ཡང་མེད་ན་དེའི་ཚེ་སྔོན་པོ་ལ་སོགས་པ་རིག་པར་བྱེད་པར་ཇི་ལྟར་འགྱུར། གང་གིས་དེའི་རང་བཞིན་ལས་ཐ་དད་པར་རྣམ་པར་འཇོག་པར་འགྱུར་བ་གཡོ་བ་མེད་པའི་ཤེས་པ་ལ་ནི་དམིགས་པ་འཛིན་པའི་བྱེ་བྲག་གཞན་ནི་ཡོད་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཤེས་པ་དེའི་རང་བཞིན་ཅན་དུ་སྐྱེས་པ་ཉིད་བྱེད་པ་དང་བཅས་པ་ལྟ་བུར་རྟོགས་པས་དེའི་དམིགས་པ་འཛིན་པར་བྱེད་པའི་བྱེ་བྲག་ནི་དེ་ཡིན་པར་བརྗོད་ཅིང་དེ་ལ་ཡང་ཉེས་བ་བརྗོད་ཟིན་ཏོ། །གལ་ཏེ་སྔོན་པོ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ཏེ་འདི་ལྟར་གལ་ཏེ་སྣོད་པོ་ལ་སོགས་པ་ཕྱི་འམ་ནང་ན་ཡང་མེད་ན། ཇི་ལྟར་རྟོག་པ་མེད་པའི་སེམས་ལ་ཤིན་ཏུ་གསལ་བར་ཉམས་སུ་མྱོང་བ་འདི་བརྗོད་དོགས་སོ། །མི་སྣང་བ་ཁོ་ནའོ་ཞེས་དེ་སྐད་དུ་སྨྲ་བར་ནུས་པ་ཡང་མ་ཡིན་ཏེ། སྣང་བ་དེ་ནི་ཐམས་ཅད་ཀྱི་ཉམས་སུ་མྱོང་བར་གྲུབ་པའི་ཕྱིར་རོ། །གང་གིས་རྨོངས་པའི་བདག་ཉིད་ཅན་གྱིས་དེ་ལྟར་ངེས་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་བ་གསལ་བར་སྣང་བ་ནི་རྣམ་པར་རྟོག་པའི་ཡུལ་དུ་འཐད་པ་ཡང་མ་ཡིན་ནོ། །འོན་ཏེ་དེ་ལྟ་ཡིན་ཡང་རྣམ་པར་རྟོག་པས་ངེས་པ་ཡིན་ནོ་ཞེས་བྱ་བར་སེམས་ན། དེ་ནི་མི་ལེགས་ཏེ་གང་


DTG085_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར་ཤེས་པ་ཐམས་ཅད་རྣམ་པ་མེད་པ་ཁོ་ནར་ཉམས་སུ་མྱོང་བ་ཡིན་ན། དེའི་ཚེ་དེའི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པས་ཀྱང་སྔོན་པོ་ལ་སོགས་པའི་རྣམ་པ་སོ་སོར་ངེས་པས་ལྷག་པར་ཞེན་པར་ཡང་རིགས་པ་ཉིད་ཡིན་ཏེ་འབྲེལ་པ་མེད་པ་ཡིན་པའི་ཕྱིར་རོ། །འདི་ལྟ་བུ་འདི་ནི་འཁྲུལ་པའི་རང་བཞིན་ནོ་ཞེ་ན། འདི་ལ་ནི་གཞན་དབང་ཉིད་དུ་ཐལ་བར་འགྱུར་བས་ཇི་ལྟར་འཁྲུལ་པ་དང་འདི་འབྲེལ་པ་ཡིན་ཞེས་བཤད་ཟིན་ཏོ། །དེ་བས་ན་འབྲེལ་པ་མེད་པས་སྔོན་པོ་ལ་སོགས་པ་མེད་པ་ནི་རྣམ་པར་རྟོག་པའི་ཡུལ་ཉིད་དུ་ཡང་ཉམས་སུ་མྱོང་བར་མི་འཐད་པའི་ཕྱིར་འདི་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་མ་ཡིན། འོ་ན་ཡོངས་སུ་མ་དག་པའི་སྐབས་ན་ཡོད་པའི་སྣ་ཚོགས་སུ་སྣང་བའི་ཤེས་པ་ནི་བརྫུན་པ་ཁོ་ན་ཡིན་གྱི། ཡོངས་སུ་དག་པའི་སྐབས་ན་ནི་འཁྲུལ་པ་དང་བྲལ་བས་གཉིས་སུ་མེད་པའི་རང་བཞིན་གཅིག་ཁོ་ནར་འགྱུར་བ་ཡིན་ནོ་ཞེ་ན། བརྗོད་པ་གལ་ཏེ། མ་དག་པའི་སྐབས་ན་ནི་འཁྲུལ་པ་དང་བྲལ་བས་གཉིས་སུ་མེད་པའི་རང་བཞིན་གཅིག་ཁོ་ནར་འགྱུར་བ་ཡིན་ན་ནི། དེའི་ཚེ་དག་པའི་གནས་སྐབས་ཀྱི་བདེན་བའི་རང་བཞིན་གྱི་ངོ་བོ་གང་ལས་སྐྱེ་བར་བརྗོད་པར་བྱ་བ་བརྫུན་པ་ལས་བདེན་པའི་ངོ་བོ་སྐྱེ་བར་ཡང་མི་དམིགས་ཏེ་དེ་ལ་ནུས་པ་མེད་པའི་ཕྱིར་རོ། །ནུས་པ་ཡོད་ན་ཡང་དེ་བརྫུན་པར་ཇི་ལྟར་འགྱུར། རྣམ་པ་དེ་ལྟ་བུ་ཡང་བརྫུན་པ་ཉིད་ཡིན་ན་ནི་གཞན་དག་ཀྱང་བདེན་པ་ཉིད་དུ་ཇི་ལྟར་འགྱུར། དེ་བས་ན་འདི་ནི་རྒྱུ་མེད་པ་ཁོ་ནར་འགྱུར་ན་དེ་ཡང་མི་རིགས་ཏེ་རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འཁྲུལ་པ་དང་བྲལ་བས་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། གལ་ཏེ་དག་པའི་གནས་སྐབས་ན་རྣམ་པ་ཐམས་ཅད་ལྡོག་པ་སྲིད་པར་གྱུར་ན་ནི་དེའི་ཚེ་འདི་ཡང་སྲིད་པ་ཞིག་ན་གང་གི་ཕྱིར་འཁྲུལ་བ་ལྡོག་ཀྱང་རྣམ་པ་རྣམས་བཟློག་པ་ནི་མི་སྲིད་དེ། དེར་དེ་རྣམས་ཅི་སྐད་དུ་བཤད་པའི་ཚུལ་གྱིས་འབྲེལ་བ་མེད་པའི་ཕྱིར་རོ། །པ་ལང་དང་རྟ་བཞིན་དུ་མ་འབྲེལ་པ་གཅིག་ལོག་པས་གཞན་ངེས་པར་ལྡོག་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་ཡང་འགའ་ཞིག་གི་ཤེས་པ་གཉིས་མེད་ཅིང་སྤྲོས་པ་དང་བྲལ་བ་དང༌། རང་བཞིན་གྱིས་གྲུབ་པ་ཉིད་ནི་གཅིག་ཏུ་འགྱུར་རོ་སྙམ་ན་དེ་ཡང་མི་རིགས་


DTG085_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རང་བཞིན་གྱིས་གྲུབ་པ་ཉིད་ཡིན་ན་ནི་སོ་སོར་ངེས་པའི་རྟེན་ཡོངས་སུ་འཛིན་པས་རག་ལས་པ་མ་ཡིན་པའི་ཕྱིར་རྣམ་པ་དེ་ལྟ་བུའི་ཡོད་པ་ནི་འགའ་ཡང་མི་ལྡོག་པར་འགྱུར་ཏེ། དེའི་ཕྱིར་གྲགས་པ་ལ་སོགས་པ་དང་འགལ་བར་གྱུར་ཏོ། །འདི་སྙམ་དུ་གང་གིས་གཉེན་པོའི་སྐད་ཅིག་སྔ་མ་སྔ་མའི་སྟོབས་ལས་སྐྱེས་པའི་ཕྱིར་སོ་སོར་ངེས་པའི་རྒྱུ་ལས་འགའ་ཞིག་དེའི་རང་བཞིན་དུ་འགྱུར་བ་ཞེས་བྱ་བ་དེ་འདབ་དེ་ནི་རྒྱུའི་ཆོས་ཡིན་ནོ་ཞེས་བྱ་བར་སེམས་ན་དེ་ནི་ཤིན་ཏུ་མཛེས་པ་ཉིད་མ་ཡིན་ཏེ། ཇི་སྐད་དུ་བཤད་པའི་སྒྲུབ་པས་ཐམས་ཅད་དངོས་པོ་མེད་པར་བསྒྲུབས་པས་དོན་དམ་རྒྱུ་དང་འབྲས་བུའི་ངོ་བོ་མི་འཐད་པའི་ཕྱིར་འདི་ནི་གྱི་ནའོ། །དེ་བས་ན་གང་གི་ཚེ་དངོས་པོ་རྣམས་ལ་རྣམ་པར་དཔྱད་པ་ན་གཅིག་དང་བྲེལ་བ་ཉིད་ཀྱི་རང་བཞིན་འགའ་ལ་ཡང་ངོ་བོ་ཉིད་གྲུབ་པ་མེད་པ་དེའི་ཚེ་ཇི་ལྟར་དུ་མར་འགྱུར་ཏེ་དུ་མ་ནི་གཅིག་བསགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །གལ་ཏེ་སྣང་བ་ཐམས་ཅད་གཅིག་དང་དུ་མའི་ངོ་བོ་དང་བྲལ་བ་ཉིད་ཀྱི་དངོས་པོ་མེད་པ་ཉིད་ཡིན་ན་ནི་མངོན་སུམ་དུ་སྣང་བ་ཡིན་ཏེ་དེའི་ཡུལ་ནི་དངོས་བོ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་བས་འཛིན་ན་ཐུག་པ་མེད་པའི་ཕྱིར་རྟོགས་པ་མེད་པར་འགྱུར་བ་མ་ཡིན་ནམ། ཇི་ལྟར་གཏན་ཚིགས་གྲུབ་པ་ཡིན་ཞེ་ན་མ་ཡིན་ཏེ། ཇི་སྐད་དུ་བརྗོད་པའི་རྗེས་སུ་དཔག་པའི་བསྒྲུབ་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གཅིག་དང་དུ་མ་དག་གིས་ཁྱབ་པ་ཡིན་ནོ་ཞེས་བསྒྲུབས་ཟིན་ཏོ། །དེ་རྣམས་ཀྱི་ནང་ནས་རྗེས་སུ་དཔག་པ་ཁ་ཅིག་གི་ཁྱབ་པ་ནི་མངོན་སུམ་གྱི་ཁྱབ་པ་བཟུང་བ་ཅན་གྱི་རྗེས་སུ་དཔག་པས་འཛིན་པས་ན། རང་གི་ཚད་མ་ཅི་ལྟ་བས་ན་ངེས་པ་དང་ཕྱོགས་ཀྱི་ཆོས་འཛིན་པས་ཐུག་པ་མེད་པ་ག་ལ་ཡིན། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་གལ་ཏེ་ཇི་སྐད་དུ་བཤད་པའི་གཏན་ཚིགས་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ། ཡང་དག་པའི་དངོས་པོ་ལ་འཇུག་ན་དེའི་ཚེ། དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་དེར་འབྲལ་བ་རྣམ་པར་བརྟག་ཅིང་དཔྱད་པ་མི་བཟོད་པ་ཉིད་ཀྱིས་ན། ཡང་དག་པར་ཡོད་པའི་ངོ་བོ་དང་བྲལ་བ་སྒྱུ་མ་ལ་སོགས་པའི་ངོ་བོ་གཞན་ལ་ཇི་ལྟར་དེ་འཇུག་པར་ནུས་ཏེ།


DTG085_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་ཆོས་ཉིད་ལས་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་རབ་ཏུ་གྲགས་པའི་དཔེ་ལ་ཡོད་པའི་གཏན་ཚིགས་མ་ངེས། ཇི་ལྟར་འགལ་བ་ཉིད་ཡིན། འོན་ཏེ་ཁོ་བོ་ཅག་ལ་ཆོས་གཉི་ག་དང་རྗེས་སུ་འབྲེལ་བའི་དཔེ་ཉིད་མི་འགྲུབ་སྟེ། སྒྱུ་མ་ལ་སོགས་པ་རྣམ་པར་ཤེས་པའི་རང་བཞིན་ཉིད་དུ་དངོས་པོར་ཡོད་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །དེ་བས་ན་གཏན་ཚིགས་མ་དེས་པ་ཡིན་པར་འགྱུར་རོ་ཞེས་འདོད་ན་དེ་ནི་མ་ཡིན་ཏེ། འདི་ལྟར་དངོས་བོའི་ངོ་བོ་ཉིད་དུ་མངོན་པར་འདོད་པའི་རྣམ་པར་ཤེས་པ་ཐམས་ཅད་ནི་ཇི་སྐད་དུ་བཤད་པའི་རྗེས་སུ་དཔག་པའི་སྒྲུབ་པ་རྣམས་ཀྱིས་དངོས་པོ་མེད་པར་བསྟན་པ་ཡིན་ནོ། །དེས་ན་གང་གིས་སྒྱུ་མ་ལ་སོགས་པ་ཚད་མས་གནོད་པ་ཡང་རྣམ་པར་ཤེས་པའི་རང་བཞིན་དུ་གྲུབ་པའི་ཕྱིར་དཔེ་མ་གྲུབ་པར་འགྱུར་བ། དངོས་པོ་རྣམས་རང་གི་འདོད་པའི་སྟོབས་ཀྱིས་དེ་ལྟ་བུའི་ངོ་བོར་འགྱུར་བར་མཚོན་པ་ནི་མེད་དེ་དེས་ན་འདི་ནི་གྱི་ནའོ། །འདི་སྙམ་དུ་ཕྱོགས་དང་མཐུན་པ་དག་ལ་ཡོད་པར་གྲུབ་ཀྱང་གང་གིས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཉེས་པ་ཅན་དུ་མི་འགྱུར་བ་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཇི་ལྟར་ངེས་ཞེས་བྱ་བར་སེམས་ན། བརྗོད་པ་གང་ཞིག་ཡོངས་སུ་གཅོད་པ་གང་གི་རང་བཞིན་རྣམ་པར་གཅོད་པ་མེད་ན་མེད་པ་དེ་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཡིན་ཏེ། དཔེར་ན་དངོས་པོ་ཡོངས་སུ་གཅོད་པས་ནི་དངོས་པོ་མེད་པར་རྣམ་པར་གཅད་པ་མེད་ན་མེད་པ་ལྟ་བུའོ། །གཅིག་བ་ཉིད་དང་དུ་མ་ཉིད་དུ་ཡོངས་སུ་གཅོད་པ་ཡང་ཕན་ཚུན་གྱི་རང་བཞིན་རྣམ་པར་གཅོད་པ་མེད་ན་མེད་པ་ཁོ་ན་ཡིན་པ་དེ་བས་ན་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པ་དེ་དག་ནི་གཅིག་བསྒྲུབ་པ་གཞན་དགག་པ་མེད་ན་མེད་པ་ཉིད་ཀྱི་ཕྱིར་ཕུང་པོ་གཞན་མེད་གོ་བར་བྱེད་པ་ཡིན་ཏེ། དཔེར་ན་དངོས་པོ་དང་དངོས་པོ་མེད་པ་བཞིན་ནོ། །གཅིག་དང་དུ་མ་དག་ཀྱང་ཕན་ཚུན་སྤངས་པར་གནས་པའི་མཚན་ཉིད་ཅན་ཡིན་ཏེ། དེས་ན་ཕུང་པོ་གསུམ་པ་མེད་པའི་ཕྱིར་ན་ངོ་བོ་ཉིད་ནི་གཅིག་དང་དུ་མ་དག་གིས་བསྡུས་པ་ཡིན་པ་དེས་ན་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གཏན་ཚིགས་ཀྱི་ལྡོག་པ་གྲུབ་པས་ཇི་སྐད་དུ་བཤད་པའི་ཉེས་པའི་གོ་


DTG085_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ག་ལ་ཡོད། གལ་ཏེ་འདིར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནམ། གང་གི་ཕྱིར་གཅིག་དང་དུ་མ་དག་ནི་ངོ་བོ་ཉིད་ཀྱི་བྱེ་བྲག་གི་རང་བཞིན་ཡིན་པའི་ཕྱིར་དེ་ལས་བཟློག་པ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གཉིས་ཀྱང་ཐ་མི་དད་པ་ཁོ་ན་ཡིན་ནོ། །དེ་བས་ན་གལ་ཏེ་བསྒྲུབ་པར་བྱ་བ་མ་གྲུབ་ན་དེ་དང་ཐ་མི་དད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་གཏན་ཚིགས་ཀྱང་མ་གྲུབ་པ་ཉིད་ཡིན་ནོ། །འོན་ཏེ་གཏན་ཚིགས་གྲུབ་ན་ནི་དེའི་ཚེ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱང་གྲུབ་པ་ཡིན་ཏེ། གཅིག་དང་དུ་མ་ཉིད་དང་བྲལ་བ་རི་བོང་གི་རྭ་ལ་སོགས་པ་ལ་ནི་དངོས་པོའི་ངོ་བོ་ཉིད་དུ་སུ་ཡང་ཁས་མི་ལེན་པའི་ཕྱིར་རོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ་འདི་ལྟར་རེ་ཞིག་གཏན་ཚིགས་ཇི་ལྟར་གྲུབ་པ་དེ་ལྟར་ནི་རྒྱ་ཆེར་བསྟན་ཟིན་ཏོ། །དེ་གྲུབ་ཀྱང་གལ་ཏེ་ངོ་བོ་ཉིད་མེད་པ་གྲུབ་པའི་ཚུལ་གྱིས་བསྒྲུབ་པར་བྱ་བ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་དངོས་པོ་ལ་མངོན་པར་ཞེན་པ་སྤང་བར་དཀའ་བ་ཉིད་ཀྱིས་དེ་ཁོ་ན་ཉིད་དུ་དངོས་པོ་མ་ལུས་པ་ལ་ཁྱབ་པའི་ངོ་བོ་ཉིད་མེད་པ་ལ་ངེས་པ་ལ་སོགས་པ་མ་སྐྱེས་བས་རྨོངས་བ་རྣམས་ལ་དངོས་པོ་ཐམས་ཅད་ལ་ངོ་བོ་ཉིད་མེད་པའི་ཐ་སྙད་དུ་རུང་པ་ཉིད་རབ་ཏུ་བསྒྲུབ་པའི་ཕྱིར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་མ་ཡིན་ཏེ། དཔེར་ན་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་ལ་མེད་དོ་ཞེས་བྱ་བ་ལྟ་བུ་ཡིན་བས་བརྩད་པར་བྱ་བ་མ་ཡིན་ནོ། །ཇི་སྟེ་རྨོངས་པ་ལ་ནི་ཐ་སྙད་ཀྱི་དོན་དུ་རང་བཞིན་མེད་པ་ཉིད་རེ་ཞིག་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ་ཞེས་མངོན་པར་ཞེན་པར་བྱེད་ན། དེ་ལ་ཡང་བརྗོད་པ་གང་གི་ཚེ་ངོ་བོ་ཉིད་ལ་ཁྱབ་པར་བྱེད་པའི་གཅིག་དང་དུ་མ་ཉིད་དག་ལྡོག་པས་ཤིང་ལོག་པས་ཤ་པ་ལྡོག་པ་དང་འདྲ་བར་དེ་ཁོ་ན་ཉིད་ཀྱི་ངོ་བོ་ལྡོག་བས་བསྒྲུབ་པར་བྱ་བ་དེའི་ཚེ་གཏན་ཚིགས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ལ་ཡིན། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ལྡོག་པའི་ཚིག་རྣམ་པར་གཅོད་པ་ཐ་དད་པའི་རང་བཞིན་ཅན་གཉིས་ནི་རྣམ་གྲངས་ཉིད་མ་ཡིན་ལ། རྣམ་གྲངས་ཀྱི་ངོ་བོ་ཉིད་མ་ཡིན་ན་ཡང་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་ཡིན་པས་འདི་ནི་གྱི་ནའོ། །དོན་དམ་པར་ཞེས་བྱ་བའི་ཁྱད་པར་དོན་མེད་པ་


DTG085_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནམ། འདི་ལྟར་མི་སླུ་བར་བྱེད་པའི་རིགས་པ་ནི་དོན་དམ་པ་ཡིན་ནོ་ཞེས་ཚུལ་གསུམ་པའི་རྟགས་ལས་སྐྱེས་པའི་བློ་དམ་པའི་སྒྲར་བརྗོད་པ་དེའི་ཚེ་ནི་དེ་ཡང་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཅི་ལྟར་དོན་དམ་པ་ཉིད་ཡིན། གལ་ཏེ་དེའི་དབང་གིས་དངོས་པོ་རྣམས་ངོ་བོ་ཉིད་མེད་པར་རྣམ་པར་འཇོག་ན་དེ་ཡང་གང་གིས་གཞག་པར་བྱ། དེ་ཉིད་ཀྱིས་འཇོག་པར་ཡང་རིགས་པ་མ་ཡིན་ཏེ་བདག་ཉིད་ལ་བྱེད་པ་འགལ་བ་ཡིན་པའི་ཕྱིར་རོ། །ཚད་མ་གཞན་གྱིས་ཀྱང་མ་ཡིན་ཏེ་ཐུག་པ་མེད་པར་ཐལ་བར་འགྱུར་པའི་ཕྱིར་རོ། །འོན་ཏེ་བློ་དེ་གཅིག་པུ་མ་གཏོགས་པར་བྱས་ནས་རྣམ་པར་འཇོག་ན། དེ་ལྟ་ནི་ཡུལ་ཐམས་ཅད་བདག་མེད་པར་བསྒྲུབ་པར་མི་འགྱུར་རོ་ཞེ་ན། དེ་ནི་ལེགས་མོད་ཀྱི་འོན་ཀྱང་སྤྲོས་པ་མ་ལུས་པ་དང་བྲལ་བའི་དོན་དམ་པ་དང་རྗེས་སུ་མཐུན་པ་ཉིད་ཡིན་པའི་ཕྱིར་ཇི་སྐད་དུ་བཤད་པའི་བློས་ནི་དོན་དམ་པ་ཉིད་ཡིན་ནོ། །ངོ་བོ་ཉིད་མེད་པ་ཉིད་ཀྱང་དེ་ཉིད་ལས་ཡིན་ཞིང་བདག་ཉིད་ལ་བྱེད་པ་འགལ་བ་ཡང་མ་ཡིན་ཏེ། སྤྱིའི་ཚུལ་གྱི་ཆོས་ཐམས་ཅད་དངོས་པོ་མེད་པར་འཇོག་པའི་ཕྱིར་དང༌། བློ་དེའི་རང་གི་ངོ་བོ་ཡང་སྤྱིའི་མཚན་ཉིད་དེ་ཉིད་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་ཏེ། དཔེར་ན་ཡོད་པ་ལ་སོགས་པའི་གཏན་ཚིགས་དག་ལས་ཆོས་ཐམས་ཅད་ལ་མི་རྟག་པ་ཉིད་ཀྱི་ཤེས་པ་འབྱུང་བ་ན་བདག་ཉིད་མ་གཏོགས་པ་མ་ཡིན་པ་ལྟ་བུ་སྟེ། དེ་ལྟར་ན་བརྩད་དུ་མེད་དོ། །ཡང་དག་པའི་སྐྱེ་བ་ལ་སོགས་པ་སྒྲོ་བཏགས་པ་དང་བྲལ་བ་ཉིད་ཀྱིས་མ་བརྟགས་ན་གཅིག་ཏུ་ཉམས་དགའ་བའི་དངོས་པོའི་ངོ་བོ་ཉིད་ཁོ་ན་མེད་པའི་སྒྲར་བརྗོད་པ་མ་ཡིན་ནམ་དངོས་པོའི་ངོ་བོ་དེ་ནི་མངོན་སུམ་ཉིད་ཡིན་པའི་ཕྱིར་དེའི་ངོ་བོ་ཉིད་དུ་གྱུར་པ་ངོ་བོ་ཉིད་མེད་པ་ཉིད་ཀྱང་མངོན་སུམ་དུ་གྱུར་པ་ཁོ་ན་ཡིན་ཏེ། དཔེར་ན་བུམ་པས་དབེན་པར་གྱུར་པའི་ས་ཕྱོགས་དམིགས་པ་ན་དེའི་བདག་ཉིད་དུ་གྱུར་བ་བུམ་པས་དབེན་པ་རྟོགས་པ་ལྟ་བུའོ། །གཞན་དུ་ན་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཉིད་ལས་ཉམས་པར་འགྱུར་ཞིང་དེ་ལས་ཀྱང་དངོས་པོ་ནི་ངོ་བོ་ཉིད་མེད་པར་མི་འགྱུར་ཏེ། ངོ་བོ་ཉིད་མེད་པ་ཉིད་དང་འབྲེལ་བ་མེད་པའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་བ་ཡང་མ་ཡིན་ཏེ། དེ་ནི་དངོས་པོ་མེད་པ་ཉིད་ཀྱི་འབྲས་བུར་མི་རུང་བ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་


DTG085_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བྱིས་པ་རྣམས་ཀྱིས་མངོན་སུམ་དུ་རྟོགས་པ་མ་ཡིན་པས་མངོན་སུམ་གྱིས་གནོད་དོ། །དེ་བཞིན་དུ་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པས་ན་བུམ་པ་བཞིན་དུ་ངོ་བོ་ཉིད་མེད་པ་ནི་མེད་པའི་ཐ་སྙད་དུ་རུང་བའི་ཕྱིར་མེད་པ་ཁོ་ན་སྟེ་དེས་ན་རྗེས་སུ་དཔག་བས་གནོད་དོ། །རི་བོང་ཅན་ལ་ཟླ་བ་ཉིད་མ་ཡིན་པ་དང་འདྲ་བར་སྐྱེ་བོ་གནག་རྫི་མོ་ཡན་ཆད་ལ་ངོ་བོ་ཉིད་མེད་པ་ཉིད་དུ་རྟོགས་པ་མེད་པས་གྲགས་པས་གནོད་པ་ཡང་བཟློག་པར་དཀའོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ་འདི་ལྟར་དངོས་པོ་རྣམས་ཀྱི་སྒྲོ་བཏགས་པའི་རྣམ་པས་དབེན་པ་ནི་ངོ་བོ་ཉིད་མེད་པར་བརྗོད་ལ་དེ་ཡང་དངོས་པོའི་རང་གི་ངོ་བོ་ཉིད་འཛིན་པས་བཟུང་བ་ཡིན་ན་ཡང༌། སྐད་ཅིག་མ་དང་འདྲ་བར་འཁྲུལ་བས་དེ་ཁོ་ན་ཉིད་ཀྱི་སྐྱེ་བའི་རྣམ་པར་སྒྲོ་བཏགས་པས་བསྒྲིབས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བྱིས་པ་རྣམས་ཀྱིས་ངེས་པར་བྱ་བར་མི་ནུས་ལ་ངེས་པ་མ་སྐྱེས་པ་དེས་ན་མངོན་སུམ་ཉིད་མེད་པའི་ཕྱིར་མངོན་སུམ་གྱིས་གནོད་པ་མ་ཡིན་ནོ། །དེ་བཞིན་དུ་བཟུང་བ་ཉིད་ཡིན་ན་ཡང་ཐ་སྙད་བྱ་བར་མི་རུང་བའི་ཕྱིར་མ་བཟུང་བའི་དང་འདྲ་བ་ཉིད་ཡིན་པས་འདི་ནི་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་ཏེ། དེ་བས་ན་རྗེས་སུ་དཔག་བས་གནོད་བ་མ་ཡིན་ནོ། །དོན་དམ་པ་ཞེས་བྱ་བར་ཁྱད་པར་དུ་བྱས་པས་དངོས་པོར་གྲགས་པ་རྣམས་ལ་བསྙོན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་གྲགས་པས་གནོད་པ་ཡང་མེད་པ་ཉིད་ཡིན་ཏེ། དེ་ལྟར་ན་འདི་ནི་གྱི་ནའོ། །ས་བོན་མེད་པར་འཁྲུལ་བ་མི་རིགས་བས་ན་དེས་སྒྲོ་བཏགས་པའི་རྣམ་པ་ཅི་ལྟར་ཡིན་ཞེས་ཀྱང་བརྗོད་བར་མི་བྱ་སྟེ། གང་གི་ཕྱིར་བདེན་པ་དང་བརྫུན་བའི་འཁྲུལ་པ་ལྷན་ཅིག་འབྲེལ་བ་ཅི་ཞིག་ཡོད། རེ་ཞིག་དེའི་བདག་ཉིད་ནི་མ་ཡིན་ཏེ། བདེན་པ་དང་བརྫུན་པ་དག་ནི་འགལ་བ་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བ་ཡང་མ་ཡིན་ཏེ་བརྫུན་པ་ནི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་འདིའི་ཉེ་བར་ལེན་བ་ནི་ཀུན་རྫོབ་པ་སྔ་མ་ཁོ་ན་ཡིན་པས་འགལ་བ་མེད་ལ། རྒྱུ་དེའི་རྒྱུ་ཡང་ཀུན་རྫོབ་པ་སྔ་མ་ཁོ་ན་ཡིན་ཏེ། རྣམ་པ་དེ་ལྟ་བུའི་རྒྱུ་བརྒྱུད་པ་ནི་ཐོག་མ་མེད་པ་ཅན་ཡིན་པའི་ཕྱིར་ཉེ་བར་ལེན་པ་མེད་པའི་འཁྲུལ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཇི་ལྟར་སོ་སོར་ངེས་པ་ཡིན་ཞེ་ན། བརྗོད་པ་དངོས་པོ་ཡང་དག་པའི་ངོ་བོ་དང་འདྲ་བར་ཀུན་རྫོབ་པའི་རང་བཞིན་ཡང་འདི་ཉིད་དེ། ཀུན་རྫོབ་པའི་རྒྱུ་གཞན་ལ་རག་ལས་ནས་


DTG085_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ངེས་པའི་འབྲས་བུ་ཀུན་རྫོབ་པ་བྱེད་པ་ཞེས་པ་གང་ཡིན་པའོ། །འོ་ན་ཇི་ལྟར་ཀུན་རྫོབ་ཡིན་ཞེ་ན། དོན་གྱི་བྱ་བ་བྱེད་ནུས་པའི་དངོས་པོ་ཉིད་རྣམ་པར་དཔྱད་པའི་སྤུངས་མི་བཟོད་པ་ཉིད་ཡིན་པའི་ཕྱིར་ཀུན་རྫོབ་ཅེས་བྱའོ། །འདི་ལྟར་ཡང་དག་པ་དང་ཡང་དག་བ་མ་ཡིན་པ་དག་གིས་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་ལ། དེ་དག་ཀྱང་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་བདེན་པའི་ངོ་བོ་ཉིད་བཀག་པ་ན་ཤུགས་ཀྱིས་ཅིག་ཤོས་སུ་གནས་པ་འཐོབ་སྟེ། དེ་བས་ན་རང་བཞིན་འདི་ནི་དངོས་པོ་ཐམས་ཅད་ཀྱིས་རང་གི་བདག་གིས་བྱས་པ་ཡིན་པས་ཉེས་པ་མེད་དོ། །གཏན་ཚིགས་མེད་པར་འདོད་པའི་དོན་མི་འགྲུབ་པས་ཆོས་ཐམས་ཅད་དངོས་པོ་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་གཏན་ཚིགས་ཡོངས་སུ་འཛིན་པར་བྱེད་བས་ནི་དེ་ཡོད་པ་ཉིད་དུ་ཁས་བླངས་བ་ཡིན་ལ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་བར་དམ་བཅས་པ་ནི་མེད་དོ་ཞེས་ཁས་བླངས་བས་ཕན་ཚུན་འགལ་བའི་ཕྱིར་རང་གི་མ་མོ་གཤམ་ཡིན་པ་ཉིད་དུ་དམ་འཆའ་བ་དང་འདྲ་བར་རང་གི་ཚིག་དང་འགལ་བ་ཡིན་ནོ། འདི་ལྟར་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་གཏན་ཚིགས་ནི་དེ་ཉིད་ཀྱི་དངོས་པོ་མེད་པ་ཉིད་མ་ཡིན་ལ་གཞན་དག་གིས་ཀྱང་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་ཞེ་ན། མ་ཡིན་ཏེ་ངོ་བོ་ཉིད་མེད་པ་ཉིད་ཀྱང་དེ་ལས་ཡིན་ཞིང་བདག་ཉིད་ལ་བྱེད་པ་འགལ་བ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་སྨྲས་ཟིན་པའི་ཕྱིར་རོ། །དེ་ལྟར་ངོ་བོ་ཉིད་མེད་པ་ཡིན་ཡང་ཀུན་རྫོབ་ཏུ་ལས་དང་འབྲས་བུའི་འབྲེལ་བ་རྣམ་པར་འཇོག་པས་ལུང་དང་འགལ་བ་མེད་པའི་ཕྱིར་དེ་དང་འགལ་བར་འགྱུར་བར་ཡང་མི་བརྟག་གོ །འོན་ཏེ་དངོས་པོ་མེད་པར་སྨྲ་བ་རྣམས་ལ་དོན་ཐམས་ཅད་མེད་བས་གཞི་མ་གྲུབ་པ་ལ་སོགས་པའི་ཉེས་པ་ནི་བཟློག་པར་དཀའ་བ་ཡིན་ནོ་སྙམ་དུ་སེམས་ན་དེ་ནི་བདེན་པ་མ་ཡིན་ཏེ། འདི་ལྟར་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ཐམས་ཅད་ནི་ཕན་ཚུན་འགལ་བའི་གྲུབ་པའི་མཐས་བཞག་པའི་ཆོས་ཀྱི་དབྱེ་བ་སྤངས་ནས། བྱིས་པའི་སྐྱེ་བོའི་བར་ལ་གྲགས་པའི་ཆོས་ཅན་ལ་བརྟེན་ནས་འཇུག་པ་ཡིན་ལ་དེ་དང་འབྲེལ་བའི་གཏན་ཚིགས་དང་དཔེ་ཡང་དེ་བཞིན་དུ་གྲུབ་པ་ཡིན་ནོ། །གཞན་དུ་ན་གལ་ཏེ་གྲུབ་པའི་མཐའ་ལ་བརྟེན་པའི་གཏན་ཚིགས་སམ་ཆོས་ཅན་ནམ་དཔེར་འགྱུར་བ་ཡིན་ན་དེའི་ཚེ་གྲུབ་པའི་མཐའ་


DTG085_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་གྲགས་པའི་ཁྱད་པར་གྱིས་ཁྱད་བར་དུ་བྱས་པའི་ཆོས་ཅན་ནི་རྩོད་པའི་གཞིར་གྱུར་པ་ཡིན་པའི་ཕྱིར་གཞན་ལ་མ་གྲུབ་པ་ཡིན་ནོ། །དེ་ལྟར་ན་ཁྱད་པར་ཅན་གྱི་ཆོས་ཅན་མ་གྲུབ་པས་གཞི་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་ཞིང༌། དེ་བཞིན་དུ་རང་གི་ངོ་བོ་མ་གྲུབ་པ་ལ་དེའི་ཆོས་ཅན་ཡང་མ་གྲུབ་པ་ཡིན་པས། དུ་བ་དང་ཡོད་པ་ལ་སོགས་པ་དག་ལས་མེ་དང་མི་རྟག་པ་ཉིད་ལ་སོགས་པར་ཤེས་པ་མེད་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་བའི་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་བས། རྣམ་པར་ཤེས་པ་མ་ཡིན་པ་ལ་སོགས་པའི་ངོ་བོ་ཉིད་ལས་ལྡོག་པའི་ཤེས་པ་ཙམ་ལ་སོགས་པ་འགའ་ཞིག་གྲུབ་པའི་ཕྱིར་ཏེ་དེ་བས་ན་འདི་ནི་གྱི་ནའོ། །འདི་སྙམ་དུ་གང་ཞིག་ཆོས་ཅན་སྣང་བཞིན་པ་ལ་བརྟེན་ནས་སྒྲོ་བཏགས་པའི་རྣམ་པ་དགག་པའི་ཕྱིར་སྒྲུབ་བྱེད་སྦྱོར་བར་བྱེད་པ་དེ་ལ་ནི་གཞི་མ་གྲུབ་པ་ལ་སོགས་པའི་ཉེས་པའི་གླགས་མི་རྙེད་པ་ཡིན་ན། ཁྱོད་ཀྱིས་ནི་ཆོས་ཅན་སྣང་བཞིན་པ་ཉིད་ལ་འགོག་པར་བྱེད་དེ་དེ་བས་ན་ཁྱོད་ལ་ཇི་ལྟར་གཞི་མ་གྲུབ་པ་ལ་སོགས་པའི་གླགས་མི་ཐོད་དོ་ཞེ་ན། དེ་ལྟ་མ་ཡིན་ཏེ་འདི་ལྟར་དོན་དམ་པ་ཞེས་ཁྱད་པར་དུ་བྱས་པས་ཆོས་ཅན་སྣང་བ་འདི་ལ་སྒྲོ་བཏགས་པ་བདེན་པར་ཡོད་པའི་ངོ་བོ་ཉིད་བཀག་པ་བསྒྲུབ་པར་བྱ་བ་ཡིན་གྱི། ཆོས་ཅན་གྱི་རང་གི་ངོ་བོ་ནི་འགོག་པ་མ་ཡིན་པས་མཚུངས་སོ། །འོན་ཏེ་དོན་དམ་པ་པའི་རང་བཞིན་བཀག་ན་གང་ཞིག་སྣང་བས་ཆོས་ཅན་དེའི་རང་བཞིན་དུ་འགྱུར་བ་ལུས་པ་གཞན་ཅི་ཞིག་ཡོད་ཅེས་བྱ་བར་འདོད་ན་དེ་ཡང་ཡང་དག་པ་ཉིད་མ་ཡིན་ཏེ། གང་གིས་དེ་ལོག་ན་ལྡོག་པར་འགྱུར་བ་དོན་དམ་པ་པའི་རང་བཞིན་གྱི་སྣང་བ་ལ་ཁྱབ་པ་ནི་མ་ཡིན་ཏེ། ཟླ་བ་གཉིས་དང་སྐྲ་ཤད་ལ་སོགས་པ་བརྫུན་པ་ཡང་སྣང་བའི་ཕྱིར་རོ། །འདི་སྐད་དུ་གལ་ཏེ་ཡང་ཟླ་བ་གཉིས་ལ་སོགས་པ་དག་ཕྱིར་རོལ་གྱི་རང་བཞིན་དུ་བརྫུན་པ་ཡིན་མོད། ཤེས་པའི་རང་བཞིན་གྱིས་ནི་དེ་དག་དོན་དམ་པ་པ་ཡིན་པ་དེས་ན་སྣང་བར་འཐད་པ་ཡིན་ནོ་ཞེས་ཀྱང་བརྗོད་བར་མི་ནུས་ཏེ། དེ་དག་ནི་སྣ་ཚོགས་པའི་རང་བཞིན་ཅན་དང་ཡུལ་ནི་གནས་པར་ཉིད་དུ་སྣང་བའི་ཕྱིར་རོ། །ཤེས་པ་གཅིག་ནི་སྣ་ཚོགས་པར་མི་འཐད་དེ་གཅིག་ཉིད་ཉམས་བར་ཐལ་བའི་ཕྱིར་རོ། །ཤེས་བ་དུ་མར་སྐྱེ་བ་ཡང་སྔར་བཀག་པའི་ཕྱིར་


DTG085_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཡུལ་ན་གནས་པ་ཡང་མ་ཡིན་ཏེ་ལུས་ཅན་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཟླ་བ་གཉིས་པ་ལ་སོགས་པ་ནི་དོན་དམ་པ་མ་ཡིན་མོད་ཀྱི་དེ་ལྟ་ན་ཡང་སྣང་བ་དེས་དོན་དམ་པ་པའི་རང་བཞིན་ལོག་ཀྱང་སྣང་བ་ཉིད་ནི་འགལ་བ་ཡོད་པ་མ་ཡིན་པས་དེ་ཁོ་ན་ཉིད་ཀྱི་དངོས་པོར་ཁས་བླང་བར་མི་བྱའོ། །དངོས་པོ་མེད་པར་ཡང་ཁས་བླང་བར་མི་བྱ་སྟེ་དེ་ནི་དངོས་པོ་ལྡོག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། དངོས་པོ་མ་གྲུབ་ན་ཡུལ་མེད་པའི་དགག་པ་ནི་ཡོད་པ་མ་ཡིན་པས་དགག་པར་བྱ་བ་མེད་ན་བཀག་པ་མི་འཇུག་པའི་ཕྱིར་དེ་སྔོན་དུ་འགྲོ་བ་ཅན་དེ་ཡང་མ་གྲུབ་པོ། །མཐའ་གཅིག་ཏུ་གྱུར་པ་དངོས་པོ་དང་དངོས་པོ་མེད་པའི་ཕྱོགས་ལས་བྱུང་བའི་ཉེས་པས་ཁོ་བོ་ཅག་ལ་མི་གོས་པ་དེས་ན་ཕན་ཚུན་རྣམ་པར་གཅོད་པའི་རང་བཞིན་ཡིན་པའི་ཕྱིར་གཅིག་བཀག་པ་མེད་ན་མི་འབྱུང་བ་གཞན་ཆོས་ཅན་སྒྲུབ་པ་ཅན་ནན་གྱིས་གྲུབ་པ་ཡིན་ནོ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་མ་འབྲལ་ཏེ། དེ་ཁོ་ན་ཉིད་དུ་ན་དངོས་པོའི་ངོ་བོ་རྣམ་པར་བཅད་དུ་མེད་པའི་ཕྱིར་རོ། །དེ་ལྟར་དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་མེད་པ་ན་ཡང་མངོན་སུམ་མམ་བརྒྱུད་པས་ཀྱང་ཤེས་བ་དང་ཤེས་བྱ་དག་འབྲེལ་བར་འཇུག་པ་ཉིད་ཡིན་པའི་ཕྱིར། དེའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་དག་རྣམ་པ་ཐམས་ཅད་དུ་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་མེད་ན་ཡང་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་དེའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་ནི་རི་བོང་གི་རྭ་ལ་སོགས་པའི་རྣམ་པར་རྟོག་པ་དང་འདྲ་བར་སྐྱེའོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། འདི་ལྟར་གལ་ཏེ་ཕྱི་རོལ་གྱི་དངོས་པོ་རྣམས་དང་འབྲེལ་པ་མེད་མོད། དེ་ལྟ་ན་ཡང་དེ་དང་ཐ་མི་དད་པའི་བག་ཆགས་སད་པ་ལས་སྐྱེས་པ་ཡིན་པའི་ཕྱིར་སྔོན་གྱི་ཤེས་པ་ལ་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་ཉིད་ཡིན་ལ། དེ་བཞིན་དུ་དུས་མཉམ་པར་བྱུང་བའི་ཤེས་པ་དེ་དང་ཐ་མི་དད་པ་ཉིད་ལ་ཡང་དེའི་བདག་ཉིད་ཀྱི་འབྲེལ་པ་ཡོད་པ་ཡིན་ཏེ། དེས་ན་རྣམ་པར་རྟོག་པ་ལ་གནས་པའི་གཟུགས་བརྙན་ལ་རྣམ་པ་འགའ་ཞིག་གི་བསྒྲུབ་པ་དང་དགག་པ་དག་གི་ཐ་སྙད་དུ་བྱེད་པ་ཡིན་ནོ། །དེས་ན་ཇི་སྐད་དུ་བཤད་པའི་ཚུལ་གྱིས་བག་ཆགས་ལས་བྱུང་བའི་ཤེས་པ་མེད་ན་དེའི་གཟུགས་བརྙན་དང་བྲལ་


DTG085_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རྣམ་པར་རྟོག་པ་མ་སྐྱེས་པས་དངོས་པོ་དང་དངོས་པོ་མེད་པའི་རང་གི་ངོ་བོ་མེད་པར་རྣམ་པར་རྟོག་པ་ཞེས་གང་ལས་བརྗོད་པར་བྱ། འདིས་ནི་ཁ་ཅིག་ན་རེ་རྟོག་པ་དང་ལྡན་པའི་ཚད་མས་གྲུབ་པའི་དོན་ལ་བདེན་པ་ཉིད་དང༌། གཞན་དག་ལ་ནི་བརྫུན་པ་ཉིད་དུ་མངོན་པར་ཞེན་པར་རིགས་ཏེ་གཞན་དུ་ན་རྟོག་པ་དང་ལྡན་པ་ཉིད་ཉམས་པར་ཐལ་བར་འགྱུར་རོ། །དེ་བས་ན་བདེན་པ་དང་བརྫུན་པ་ལ་མངོན་པར་ཞེན་པ་ནི་སྤང་བར་དཀའ་བ་ཡིན་པས་ཕྱིན་ཅི་ལོག་ཐམས་ཅད་ཅི་ལྟར་སྤང་བར་འགྱུར་ཞེས་ཟེར་བ་དེའི་ཡང་ལན་བཏབ་པ་ཡིན་ཏེ་མངོན་པར་ཞེན་པ་ནི་ཤེས་པ་དང་ཐ་མི་དད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་མེད་པ་ན། མངོན་པར་ཞེན་པ་ཡོད་པར་འཐད་པར་ཇི་ལྟར་འགྱུར། དེས་ན་དེ་ལྟར་དངོས་པོ་དང་དངོས་བོ་མེད་པའི་རྟོག་པ་དག་གིས་རྣམ་པར་རྟོག་པ་ཐམས་ཅད་ལ་ཁྱབ་པ་ཉིད་ཡིན་པའི་ཕྱིར་ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱ་བ་ཡང་མེད་བས་དེ་ཁོ་ན་ཉིད་དུ་ན་དངོས་པོ་དང་དངོས་པོ་མེད་པར་ཡོངས་སུ་འཛིན་པ་དང་བྲལ་བ། མ་བརྟགས་ན་ཉམས་དགའ་བ་ཆུ་ཤིང་གི་ཕུང་པོ་དང་འདྲ་བར་ཕྱི་དང་ནང་ན་སྙིང་པོ་མེད་པ་ཉིད་ཀྱི་དངོས་པོ་རྣམས་ཐམས་ཅད་ལ། དེ་ལྟ་བུའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་ཚུལ་དུ་ཤེས་རབ་ཀྱི་མིག་གིས་ངེས་པར་རྟོགས་པའི་བསྒོམ་པའི་སྟོབས་རྫོགས་པ་ན་འགའ་ཞིག་གི་ནོར་བུ་དང་དངུལ་ལ་སོགས་པའི་ཤེས་པ་དང་འདྲ་བར་འཁྲུལ་པའི་མཚན་མ་མ་ལུས་བར་སྤངས་པ་ཉིད་ཀྱིས་རང་བཞིན་ཚད་མར་གྱུར་པ་ན་ཡང་དག་པའི་དོན་ཇི་ལྟར་བ་བཞིན་དུ་འཛིན་པའི་ཕྱིར། སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་བདག་ཉིད་ཉམས་སུ་མྱོང་བ་རྣམ་པར་དག་པའི་ཀུན་རྫོབ་པའི་རྒྱུ་ལས་ངེས་པར་སྐྱེས་པ། ཕྱིན་ཅི་ལོག་ཐམས་ཅད་སྤངས་པའི་ཕྱིར་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱི་རང་བཞིན་ཅན་གྱི་ཡེ་ཤེས་ཀྱི་སྣང་བ་ཀུན་རྫོབ་པ་ནི་རྣམ་པར་རྟོག་པའི་ས་བོན་སླར་ཇི་ལྟར་འབྱུང་བར་མི་འགྱུར་བར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་སྐྱེ་བར་འགྱུར་རོ། །དེ་ལྟ་ན་ཡང་ཁ་ཅིག་གིས་མ་རིག་པ་ནི་རིག་པས་ཟད་པར་བྱེད་ལ་རིག་པ་ཡང་དོན་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་ནོ། །གལ་ཏེ་ཁྱེད་ཅག་གི་ལྟར་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཀུན་རྫོབ་པ་ཡིན་


DTG085_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེ་ལས་མ་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རིག་པ་སྐྱེས་པ་མེད་པ་ན་མ་རིག་པ་ཇི་ལྟར་ལྡོག །ཅི་སྲིད་དུ་མ་རིག་པ་མ་སྤངས་པ་དེ་སྲིད་དུ་ཡང་གྲོལ་བར་ཇི་ལྟར་འགྱུར་ཞེས་བརྗོད་པ་གང་ཡིན་པ་དེ་ཡང་མ་འབྲེལ་བ་ཉིད་དོ། །འདི་ལྟར་མ་རིག་པ་ནི་རྟག་པ་ཉིད་ལ་སོགས་པར་སྒྲོ་བཏགས་པའི་ཆོས་རྟོགས་པ་ཡིན་ལ་དེ་ལས་བཟློག་པ་ཚད་མས་མི་གནོད་པའི་ཆོས་རྟོགས་པ་ནི་རིག་པ་ཡིན་ཏེ། དེས་ན་དེ་དག་གི་རྣམ་པར་གཞག་པ་ཕྱིན་ཅི་ལོག་མ་ཡིན་པའི་རྒྱུ་མཚན་ཅན་ནི་ཤིན་ཏུ་གྲགས་པ་ཡིན་ནོ། །དེའི་ཕྱིར་ཀུན་རྫོབ་བ་ཉིད་ཡིན་ཡང་འགལ་བའི་ཆོས་སྐྱེས་པ་ཡིན་པའི་ཕྱིར་མ་དོན་ཡང་དག་པ་ཇི་ལྟ་བ་ཉིད་ཀྱི་རྗེས་སུ་སོང་བས་ཕྱིན་ཅི་ལོག་ལྡོག་པ་ན་གང་གིས་དེ་མ་སྤངས་པ་ཐལ་བར་མི་འཐད་པར་གྱུར་པ། དེའི་རྒྱུ་མཚན་ཅན་གྱི་རིག་པ་ཉིད་ག་ལས་ཡིན་ཏེ་དེས་ན་འདི་ནི་གྱི་ནའོ། །དེས་ན་ད་ལྟར་དོན་དམ་པ་པའི་ངོ་བོ་ཉིད་མཆོག་ཏུ་དེ་ཁོ་ན་མཐོང་བར་འདོད་པ་ཡིན་གྱི། མིག་བཙུམས་པ་དང་དམུས་ལོང་ལ་སོགས་པ་དང་འདྲ་བར་རྐྱེན་མ་ཚང་བའམ་ཡིད་ལ་མི་བྱེད་པས་མ་མཐོང་བ་ནི་མ་ཡིན་ནོ། །དེ་བས་ན་དངོས་པོ་ལ་སོགས་པར་ཕྱིན་ཅི་ལོག་གི་བག་ཆགས་མ་སྤངས་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལྡང་བ་དང་འདྲ་བར་དངོས་པོ་ལ་སོགས་པ་ཕྱིན་ཅི་ལོག་པའི་བག་ཆགས་ལས་བྱུང་བའི་ཉོན་མོངས་བ་དང་ཤེས་བྱའི་སྒྲིབ་པ་སྐྱེ་བའི་ཕྱིར་རྣལ་འབྱོར་པ་མ་གྲོལ་བ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་ཡང་ཇི་སྐད་དུ་བཤད་པའི་དེ་ཁོ་ན་ཉིད་ཤེས་པ་ཁོ་ན་གྲོལ་བ་ཐོབ་པར་བྱེད་པ་ཡིན་གྱི། ཧ་ཅང་ཐལ་བར་འགྱུར་བས་རྣམ་པ་གཞན་གྱིས་ནི་མ་ཡིན་པ་དེའི་ཕྱིར་སྔར་བརྗོད་པ་ཉིད་མཆོག་ཏུ་དེ་ཁོ་ན་ཉིད་མཐོང་བ་ཡིན་བར་བཟུང་སྟེ། དེས་ཉེས་པ་ཐམས་ཅད་དང་འགལ་བ་བདག་མེད་པ་མཐོང་བ་མངོན་སུམ་དུ་བྱས་པར་གྱུར་བ་ན་དེ་དང་འགལ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་སྒྲིབ་པ་རྣམས་སྤོང་བར་བྱེད་དོ། །དེའི་ཕྱིར་གེགས་བྱེད་བས་སྤྲིན་ལ་སོགས་པ་སྒྲིབ་གཡོགས་དང་བྲལ་བའི་ནམ་མཁའ་ལ་ཉི་མའི་འོད་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་དེ་ཁོ་ན་སྐྱེ་བ་ལ་སོགས་པར་རྟོག་པ་དང་བྲལ་བ་ཐམས་ཅད་ལ་རྣལ་འབྱོར་བའི་མངོན་སུམ་གྱི་ཡེ་ཤེས་ཀྱི་སྣང་བ་ཐོགས་པ་མེད་པར་འཇུག་གོ །འདི་ལྟར་རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོའི་རང་གི་ངོ་བོ་གསལ་བར་བྱེད་པ་


DTG085_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་གེགས་བྱེད་པ་ཡོད་པ་ལས་དངོས་པོ་ཉེ་བར་ཡིན་ཡང་གསལ་བར་བྱེད་པར་མི་འགྱུར་གྱི་གེགས་བྱེད་པ་མེད་པར་གྱུར་ན་གོ་ཤེས་བྱ་བསམ་གྱིས་མི་ཁྱབ་པའི་ནུས་པའི་ཁྱད་པར་ཐོབ་པ་ལས་དངོས་པོ་མཐའ་དག་གསལ་བར་བྱེད་པ་ཁོ་ནར་ཇི་ལྟར་མི་འགྱུར། དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱི་དངོས་པོ་མ་ལུས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མཁྱེན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པ་ཡིན་ནོ། །དེའི་ཕྱིར་འདི་ཉིད་ནི་སྒྲིབ་པ་ཐམས་ཅད་སྤངས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པའི་ལམ་གྱི་དམ་པ་ཡིན་ནོ། །སོ་སོའི་སྐྱེ་བོ་རྣམས་ལས་རྣལ་འབྱོར་པ་རྣམས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ་སྒྱུ་མ་ལ་དེ་དག་ནི་སྒྱུ་མ་བྱེད་པ་བཞིན་དུ་གྲགས་པ་ཙམ་ཉིད་དང་བདེན་པ་ཉིད་མ་ཡིན་པར་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་ན་དངོས་པོ་རྣམས་ལ་བདེན་པ་ཉིད་དུ་མངོན་པར་ཞེན་པར་མི་བྱེད་དེ་དེ་བས་ན་དེ་དག་ལ་རྣལ་འབྱོར་པ་ཞེས་བརྗོད་དོ། །གང་དག་བྱིས་པའི་སྐྱེ་བོ་ལྟད་མོ་བ་སྒྱུ་མ་ལ་མངོན་པར་ཞེན་པ་དེ་བཞིན་དུ་དངོས་པོ་ལ་ཡང་ཕྱིན་ཅི་ལོག་ཏུ་མངོན་པར་ཞེས་པས་དེ་དག་ལ་བྱིས་པ་ཞེས་བརྗོད་དེ་དེས་ན་ཐམས་ཅད་མི་འགལ་ལོ། །དེ་བས་ན་ལུང་དང་རིགས་པ་དག་གིས་སྒྱུ་མ་ལྟ་བུར་གཉིས་སུ་མེད་པའི་སེམས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ། དེ་ཁོ་ན་ཉིད་རྟོགས་པ་ལ་མངོན་པར་བརྩོན་པའི་བློ་ཅན་རྣམས་ཀྱིས་གཉིས་སུ་མེད་པ་སྒྱུ་མ་ལྟ་བུའི་སེམས་ཡང་དག་པའི་ཀུན་རྫོབ་ཀྱི་རང་བཞིན་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་པས་རྣམ་པར་གཞག་ནས། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོག་པ་བརྒྱད་ཀྱི་རིམ་པར་གུས་པ་དང་རྒྱུན་མི་འཆད་པ་དང་དུས་ཡུན་རིང་པོའི་ཁྱད་པར་ཅན་གྱི་བསྒོམ་པས་སྒོམ་པར་བྱེད་པའི་རྣལ་འབྱོར་པའི་དབང་ཕྱུག་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱི་རྣམ་པར་རྟོག་པ་མཐའ་དག་དང་བྲལ་ཞིང་སྲིད་པ་ཇི་སྲིད་པར་རྗེས་སུ་འབྲེལ་པ། རྣམ་པར་ཤེས་པ་ཙམ་གྱི་རྒྱུན་སྒྱུ་མ་ལྟ་བུ་ཐོབ་བར་བྱེད་དོ། །དེ་ཉིད་ནི་གཉེན་པོའི་གཙོ་བོ་ཡིན་ནོ། །དང་པོ་སྒྱུ་མ་ལྟ་བུ་ཞེས་རྣམ་པར་འཇོག་པར་བྱེད་པ་མངོན་པར་བརྗོད་པ་དང་བཅས་པ་ནི་དེའི་རྗེས་སུ་མཐུན་པ་ཡིན་གྱི་གཉེན་པོ་ཉིད་དུ་གྱུར་བ་ནི་མ་ཡིན་ནོ།།


DTG085_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཕྱིའི་དོན་གྱི་ཚུལ་ལ་གང་ཟག་ལ་བདག་མེད་པ་ལ་སོགས་པ་བསྒོམས་པས་ཀྱང་དངོས་པོའི་རང་བཞིན་སེམས་ལ་འཇོག་པར་བྱེད་པ་ནི་མ་ཡིན་ཏེ། དངོས་པོ་ནི་རྣམ་པར་རྟོག་པ་མེད་པའི་སེམས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་དང༌། དེ་ཡང་དང་པོ་མེད་པའི་ཕྱིར་ཏེ་ཡོད་ན་བསྒོམ་བ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེར་ཡང་ཕ་རོལ་པོ་འདི་མིང་ཙམ་དང་རྗེས་སུ་འབྲེལ་བའི་རྣམ་པར་རྟོག་པའི་གཟུགས་བརྙན་དེ་ཁོ་ན་ཉིད་ལ་སེམས་གཏོད་པ་དང་རྗེས་སུ་མཐུན་པ་ལ་བརྟེན་པ། དངོས་པོར་ལྷག་པར་ཞེན་པ་ཅན་གྱིས་མགུ་བ་ཡིན་ན་དེར་མིང་གི་རྣམ་པ་གོམས་པ་ལས་བརྗོད་པ་འཕེལ་བར་ཅི་ལྟར་མི་འགྱུར། ནང་གི་བདག་ཉིད་གཡོ་བ་མེད་པ་ནི་རིམ་གྱིས་རྣམ་པར་རྟོག་པ་སྡུད་དོ་ཞེ་ན། དེ་ལྟར་ན་གཞན་ལ་ཡང་འདི་མཚུངས་ཏེ་ཤིན་ཏུ་སྤྲོས་པས་ཆོག་གོ །དེ་ལྟར་ན་རྣམ་པ་ཐམས་ཅད་དུ་ཡིད་དུ་འོང་བའི་དེ་བཞིན་ཉིད་དེ་བསྟན་པའི་ཕྱིར་ཆོས་ཉིད་ཀྱི་སྟོབས་ཀྱིས་མཚན་མ་བྱུང་བར་གྱུར་ཏོ་ཞེས་གསུངས་པ་ནི། ཡང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འདི་བསྟན་པ་དེའི་ཚེ་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་འགྱུར་བ་དྲུག་དང་ལྟས་ཆེན་པོ་བཅོ་བརྒྱད་དུ་ཞེས་བྱ་བ་ནི་བྱེ་བའི་ཁྱད་པར་གྱིས་གཅིག་གི་ཚིག་གོ །དེ་ལ་རྣམ་པར་འགྱུར་བ་དྲུག་ནི་སྣོད་ཀྱི་འཇིག་རྟེན་ལ་ས་ཆེན་པོ་མངོན་པར་འདུས་བྱས་པ་དང་མངོན་པར་འདུས་མ་བྱས་པའི་དབང་དུ་བྱས་ནས་གོ་རིམས་བཞིན་དུ་གཡོ་བ་དང་མཐོ་བ་ཡིན་ནོ། །སེམས་ཅན་གྱི་འཇིག་རྟེན་ལ་ནི་སེམས་ཅན་གྱི་རིས་རྣམ་པ་བཞི་སྟེ། མི་དགེ་བ་ལ་སྤྱོད་པ་དང༌། ལྷ་སྣ་ཚོགས་བ་ལ་མོས་པ་དང། ང་རྒྱལ་ཅན་དང་རིག་པ་དང་ལྡན་པའི་དབང་དུ་བྱས་ནས་གོ་རིམས་བཞིན་དུ་སྨྲ་བ་དང་སྟེང་དུ་འགྲོ་བ་དང་འོག་ཏུ་འགྲོ་བ་དང་སྒྲ་དཔངས་མཐོ་བར་སྒྲོགས་པའོ། །ལྟས་ཆེན་པོ་བཅོ་བརྒྱད་ཀྱང་རྣམ་པར་འགྱུར་བ་དྲུག་པོ་འདི་རྣམས་ཀྱི་བྱ་བ་ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཏེ། འགུལ་བ་ནས་ཀུན་ཏུ་རབ་ཏུ་འུར་འུར་ཞེས་བྱ་པའི་བར་གྱི་དོན་གྱིས་བསྟན་པ་ཡིན་ནོ། །ཡང་ན་དབུས་མཐོན་མཐའ་དམའ་ཞེས་བྱ་བ་ནི་གཅིག་གོ །འདི་ལས་བཟློག་པ་ནི་གཉིས་པའོ། །དེ་བཞིན་དུ་ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ་ཞེས་བྱ་བ་ནི་གསུམ་པའོ། །འདི་ཉིད་བཟློག་པ་ནི་བཞི་པའོ། །དེ་བཞིན་


DTG085_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ་ཞེས་བྱ་བ་ནི་ལྔ་པའོ། །འདི་ཉིད་བཟློག་པ་ནི་དྲུག་པ་སྟེ་དེ་ལྟར་ན་རྣམ་པ་དྲུག་ཏུ་འགྱུར་རོ། །ལྟས་ཆེན་པོ་བཅོ་བརྒྱད་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ཉེ་བར་བསྡུ་བ་ནི་དེ་ལྟར་གནས་བརྟན་རབ་འབྱོར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་རྗེས་སུ་སྐྱེས་པ་ཉིད་ཀྱི་རྗེས་སུ་སྐྱེས་པ་ཡིན་ནོ། །མ་སྐྱེས་པའི་ངོ་བོ་ཉིད་སྟོན་བ་ནི་གཞན་ཡང་གནས་བརྟན་རབ་འབྱོར་ནི་གཟུགས་ཀྱི་རྗེས་སུ་མ་སྐྱེས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཁོ་ན་བཞིན་དུ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དོགས་པ་བསུ་ནས། འདི་ལྟར་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ལྟར་ན་ཞེས་བྱ་བ་ནི་དེ་ལྟར་སྒྱུ་མ་ལྟ་བུ་ཉིད་ཀྱིས་ལམ་ཤེས་པ་ཉིད་ཀྱི་རྣམ་པའི་རྗེས་སུ་སྐྱེས་པས་ན་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་ཉིད་མི་དམིགས་པའི་ངོ་བོ་ཉིད་སྟོན་པ་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་ངོ་བོ་ཉིད་དམིགས་སུ་མེད་པས་དེ་བཞིན་ཉིད་འདི་ནི་སྤྱོད་པ་ཟབ་མོ་ལགས་སོ། །ལེགས་པར་སྨྲས་པ་ཉིད་ཀྱི་རྗེས་སུ་བརྗོད་པ་གསུངས་བ་ནི་ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་འབྲས་བུ་མེད་པ་མ་ཡིན་པ་ནི་དེ་བཞིན་ཉིད་བསྟན་པ་འདི་བཤད་པ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྔོན་ཡོངས་སུ་སྦྱང་བ་བྱས་པ་དག་གིས་ཞེས་བྱ་བ་ལ། ཁ་ཅིག་ན་རེ་ཚོགས་ཀྱིས་ལ་སོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་སྔོན་ཡོངས་སུ་སྦྱང་བ་བྱས་ཤིང་བསྒྲུབས་པ་དེ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་ཆོས་བསྒོམ་པ་ལ་བཟོད་པ་སྟེ། ལྷག་པར་མོས་པ་ཐོབ་པར་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་གཏོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡིན་ནོ་ཞེས་ཟེར་རོ། །རྒྱུ་གང་གིས་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ལ་ཐེག་པ་དམན་པའི་སྐབས་སུ་ཞེས་གསོལ་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་རྣམས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རྒྱུ་ནི་ཉེ་བར་ལེན་པའི་


DTG085_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའོ། །རྐྱེན་ནི་ལྷན་ཅིག་བྱེད་པའི་རྐྱེན་ནོ། །ཤེས་རབ་དང་ཐབས་ལ་མཁས་པ་དང་བྲལ་བ་རྒྱུ་ཡིན་ནོ་ཞེས་གསུངས་པ་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་དག་གིས་ཞེས་བྱ་བ་ལ་སོགས་པའོ། །ཉེ་བར་བསགས་བའི་དོན་དུ་ཤཱ་རིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གསལ་བར་བྱ་བའི་ཕྱིར་དཔེ་བསྟན་པ་ནི་ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདབ་ཆགས་བྱ་ཞིག་ཅེས་བྱ་བ་ནི་འདི་ལ་གཤོག་པ་གཉིས་ཡོད་པས་ན་འདབ་ཆགས་སོ། །མི་ལ་ཡང་མཛའ་བོ་ལ་སོགས་པའི་ཕྱོགས་ཡོད་པས་འདབ་ཆགས་སུ་གྱུར་པ་སྲིད་པས་བྱ་ཞེས་སྨོས་པ་ཡིན་ནོ། །ཤིས་པ་ལ་སོགས་པ་ལ་བྱའི་སྒྲ་ཡོད་བས་འདབ་ཆགས་ཞེས་སྨོས་པ་ཡིན་ནོ། །དེ་ནི་མ་ལགས་སོ་ཞེས་བྱ་བ་ལ་སོགས་བའི་ཚིག་རིགས་བ་དང་མི་ལྡན་པ་ཉིད་ཡིན་ནོ་སྙམ་པའི་དོགས་བ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། རྫས་ལྕི་བ་སྟེང་གི་ཕྱོགས་མཐོན་བོ་ནས་ལྷུང་ན་དངོས་པོའི་ཆོས་ཉིད་ཀྱིས་ངེས་བར་བྱ་བའི་ཕྱིར་རོ་ཞེས་བརྗོད་པ་ནི། བཅོམ་ལྡན་འདས་དེ་ནི་འདི་ལྟར་ལགས་ཏེ་གང་གིས་དེའི་ལུས་ཀྱང་ཞེས་བྱ་བ་ལ་སོགས་པའོ། །དཔེ་ཅན་གྱི་དོན་གསུངས་པ་ནི་ཤཱ་རིའི་བུ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པའོ། །ལྟུང་ངོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་དང་རབ་ཏུ་ལྡན་པ་ཡིན་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པའི་སྦྱོར་བ་དང་བྲལ་བས་ཉན་ཐོས་ཀྱི་སར་ལྟུང་བར་འགྱུར་བ་སྟེ། འདིས་ནི་དེ་གཉིས་ཀ་ནི་མྱ་ངན་ལས་འདས་པ་ལ་གཙོ་བོར་བསྟན་པ་ཡིན་ནོ། །དེ་ལྟར་ན་ཇི་སྐད་དུ་བསྟན་པའི་རྣམ་པ་བཅུ་དྲུག་ཁོ་ན་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་པར་བཟུང་ངོ༌། །དེ་སྐད་དུ་ཡང༌། ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་དཀའ་དང་ངེས་པ་དང༌། །ཆེད་དུ་བྱ་དང་མི་དམིགས་དང༌། །མངོན་བར་ཞེན་པ་བཀག་པ་དང༌། །དམིགས་པ་ཞེས་བྱ་གང་ཡིན་དང༌། །མི་མཐུན་ཐོགས་པ་མེད་དང་དེ། །གཞི་མེད་འགྲོ་མེད་སྐྱེ་མེད་དང༌། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་ཆ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ཐར་པའི་


DTG085_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་ཁོ་ན་ལ་ཇི་སྐད་དུ་བཤད་པའི་སྦྱོར་བ་ཡོངས་སུ་ཤེས་པ་འབྱུང་བས་ཐར་པའི་ཆ་དང་མཐུན་པ་བསྟན་པ་ནི། གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་མཚན་མའི་ཚུལ་གྱིས་ཞེས་བྱ་བ་ནི་མཐའ་གཅིག་ཏུ་མངོན་པར་ཞེན་པའི་སྦྱོར་བས་སོ། །སེམས་ཤིང་ཞེས་བྱ་བ་ནི་མངོན་དུ་བྱེད་པས་སོ། །ཀུན་ཏུ་འཛིན་པས་ཞེས་བྱ་བ་ནི་ངེས་པར་གྱུར་པས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པ་དག་གིས་མ་རྟོགས་པས་མི་ཤེས་མི་མཐོང་ཞེས་བྱ་བར་སྦྱར་རོ། །ཡོངས་སུ་བསྔོ་བར་འདོད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཁོ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ་སྙམ་པས་ཡོངས་སུ་བསྔོ་བའི་ཕྱིར་རོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དོགས་པ་བསུ་ནས། ཤཱ་རིའི་བུ་གང་ཞེས་བྱ་བ་ལ་སོགས་གསུངས་སོ། །ཐར་པའི་ཆ་དང་མཐུན་པ་བསྟན་པའི་སྐབས་ཡིན་པས་ལྡོག་པ་བསྟན་པས་ན་འདི་སྐད་དུ། མཚན་མ་མེད་པར་དམིགས་པའི་ཤེས་པའི་རྣམ་པས་སྦྱིན་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་རང་གི་རྒྱུད་ལ་སྐྱེ་བས་ཡང་དག་པར་བསྒྲུབ་པར་བྱ་བ་ལ་མཁས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་རྣམ་པ་ཀུན་མངོན་པར་རྟོགས་པ་འདི་ལ་ཐར་པའི་ཆ་དང་མཐུན་པ་ཡིན་པར་འདོད་དོ། །འདིར་ཐར་པ་ནི་བྲལ་བའི་ཁྱད་པར་ཡིན་ལ་དེའི་ཆལ་ཕན་པ་ཉིད་ཡིན་པས་ན་ཐར་པའི་ཆ་དང་མཐུན་པ་སྟེ། བསྟན་པ་ལ་འཇུག་པའི་རྒྱུར་གྱུར་པ་ཐོས་པ་དང་བསམ་པའི་རང་བཞིན་ནོ། །དེ་བས་ན་ཤེས་རབ་དང་ཐབས་ལ་མཁས་པ་དང་བྲལ་བས་གཉིས་སུ་ལྷུང་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་གསུངས་པ་ཡིན་ནོ། །མཁས་པ་ཉིད་གསལ་བར་བྱེད་པ་ནི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཤད་པའི་དོན་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །བཤད་པ་ཞེས་བྱ་བ་འདི་ནི་ཉན་ཐོས་ཀྱིས་འམ་རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བར་


DTG085_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་བྱའོ་ཞེས་བྱ་བ་འདིའི་དོན་ཇི་ལྟར་བདག་གིས་འཚལ་བ་དེ་ལྟར་ཡིན་ན། བསོད་ནམས་ཀྱི་ཚོགས་ཤིན་ཏུ་མང་པོ་དང་ལྡན་པ་ལ་སོགས་པ་ཡང་བྱང་ཆུབ་ཆེན་པོ་རྟོགས་ཤིང་ཐོབ་པ་ལ་ཐེ་ཚོམ་དུ་འགྱུར་རོ། །འོ་ན་ཇི་ལྟར་འཐོབ་པར་འགྱུར་ཞེ་ན། བཅོམ་ལྡན་འདས་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི། ཐབས་ལ་མཁས་པ་ལ་ཡང་བརྩོན་པར་བགྱི་ཞེས་བྱ་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཤེས་པའོ། །ཐབས་ལ་མཁས་པ་ནི་སངས་རྒྱས་ལ་སོགས་པའི་ཡུལ་ལ་དད་པ་དང་སྦྱིན་པ་ལ་སོགས་པ་དང༌། དགེ་བ་འདོད་པ་ཉིད་ལ་སོགས་པ་དྲན་པ་དང༌། ལས་དང་བྱེད་པ་པོ་བྱ་བ་མི་དམིགས་པའི་ཏིང་ངེ་འཛིན་ཏོ། །དེས་ན་དེ་ལྟར་དབང་པོའི་དོན་མེད་པས་ན་དབང་པོ་མ་ཡིན་པའི་ངོ་བོ་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམ་པ་ལྔ་ཉེ་བར་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེ་སྐད་དུ་ཡང༌། སངས་རྒྱས་སོགས་དམིགས་དད་པ་དང༌། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །བསམ་པ་ཕུན་ཚོགས་དྲན་པ་དང༌། །རྣམ་པར་མི་རྟོག་ཏིང་འཛིན་དང༌། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་རྣམ་པ་ལྔ། །ཞེས་གསུངས་པ་ཡིན་ནོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ནི་རྗེས་སུ་བརྗོད་པ་གསུངས་པ་ནི་ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་ཡིན་ན་ཡང་དད་པ་ལ་སོགས་པ་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་མི་འགྱུར་བ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པོ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །དད་པ་ལ་སོགས་འབྲིང་གིས་ཐོབ་པར་མི་ནུས་པ་ཉིད་ཀྱིས་ན་འབྱུང་བར་དཀའ་བའོ། །དེ་དག་ཉིད་ཆུང་ངུས་རྟོགས་པར་མི་ནུས་པས་ན་ཤིན་ཏུ་འབྱུང་བར་དཀའ་བའོ། །དེ་བཞིན་དུ་རྗེས་སུ་བརྗོད་པ་གསུངས་པ་ནི་ལྷའི་བུ་དག་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་འཆལ་བ་དང་ཞེས་བྱ་བ་ལ་སོགས་པ་ལ་ཆོས་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་དང་བྲལ་བས་ན་ཤེས་རབ་འཆལ་པའོ། །སྦྱིན་པ་ལ་སོགས་པའི་ཡུལ་ལ་བརྩོན་པ་མེད་པས་ན་བརྩོན་འགྲུས་དམན་པའོ། །རྣམ་པར་


DTG085_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་པའི་ཏིང་ངེ་འཛིན་ཐམས་ཅད་དང་བྲལ་བས་ན་མོས་པ་དམན་པའོ། །སངས་རྒྱས་ལ་སོགས་པ་ལ་དམིགས་པའི་དད་བ་མེད་པས་ན་ཐབས་ལ་མི་མཁས་པའོ། །ཕན་པའི་དངོས་པོ་ལ་སོགས་པའི་དྲན་བ་དང་བྲལ་བས་ན་སྡིག་པའི་གྲོགས་པོ་ལ་བརྟེན་པའོ། །འདིས་ནི་འདི་སྐད་དུ་གང་གི་ཕྱིར་དད་པ་ལ་སོགས་པ་ཆེན་པོས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་ལ། དེ་དག་ཉིད་ཆུང་ངུས་རྟོགས་པར་དཀའོ་ཞེས་བྱ་བའི་ཤུགས་ཀྱིས་ན་འབྲིང་བ་རྣམས་ཀྱིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་རྟོགས་པ་ཡིན་ལ། ཆུང་ངུ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་བྱང་ཆུབ་རྟོགས་སོ་ཞེས་བྱ་བ་འདི་དོན་གྱིས་འཕངས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་སྐད་དུ་ཡང༌། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་བླ་རྟུལ་བོས་རྟོགས་དཀར་བཞེད། །ཅེས་གསུངས་པ་ཡིན་ནོ། །དོན་དམ་པའི་བདེན་པ་ལ་བརྟེན་ནས་འབྱུང་བར་དཀའ་བ་ཉིད་རྣམ་པར་བཟློག་པ་ནི་གང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། འདི་ལྟར་ཞེས་བྱ་བ་ནི་སྤོང་བ་སྟེ་མ་ལགས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ན་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བ་ཅུང་ཟད་ཀྱང་མེད་སྙམ་པའི་དོགས་བ་དེ་ཅིའི་སླད་དུ་ཞེན་ཞེས་བྱ་བས་བསུ་ནས། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །སྟོང་པ་ལགས་པའི་སླད་དུ་ཞེས་བྱ་བ་ནི་མ་སྐྱེས་པ་ལགས་པའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཆོས་ནི་མ་མཆིས་སོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །སྤང་བར་བགྱི་བའི་སླད་དུ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་བར་ཆད་མེད་པའི་ལམ་གྱིས་སྤང་བར་བྱ་བའི་དོན་དུའོ། །མངོན་པར་རྫོགས་པར་འཚང་རྒྱབ་དང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་གྱི་གནས་སྐབས་སུའོ། །འཚལ་བ་དང་འཚལ་བར་བགྱི་བ་ཞེས་བྱ་བ་ནི་ཁྱད་པར་གྱི་ལམ་གྱིས་སོ། །རྣམ་གྲངས་འདིས་ཀྱང་ཞེས་བྱ་བ་ནི་བྱེད་པ་པོ་དང་ལས་དང་བྱ་བ་དམིགས་སུ་མེད་པས་ཀྱང་ངོ༌། །སྟོང་པ་ཉིད་ཡིན་པ་ཉིད་ཀྱིས་ཀྱང་སླ་བར་མངོན་བར་བྱང་ཆུབ་པ་ཉིད་ཤིན་ཏུ་མེད་པ་ནི། རབ་འབྱོར་འབྱུང་བ་མེད་པའི་


DTG085_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་རྒྱུ་མེད་པ་ཉིད་ཀྱིས་ན་འབྱུང་བ་མེད་པའི་ཕྱིར་རོ། །འབྲས་བུ་མེད་པས་ན་ཡང་དག་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱིས་ན་གོ་རིམས་བཞིན་དུ་རྣམ་པར་མི་རྟོགས་པའི་ཕྱིར་དང་རྣམ་པར་མ་བསྒྲུབས་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །འདི་སྐད་དུ་ཆོས་རྣམས་མ་སྐྱེས་པ་ཉིད་ཀྱིས་ན་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱུང་སླ་བར་འགྱུར། འོ་ན་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་བ་དེ་ལྟ་བུའི་ཆོས་ལ་ལྷག་པར་མོས་ཀྱང་ཀུན་རྫོབ་ཏུ་སྒྱུ་མའི་སྐྱེས་བུས་བྱེད་པ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབས་ནས་རྟོགས་པར་བྱེད་པའི་ཕྱིར་འབྱུང་བར་དཀའ་བ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེ་ཉིད་བསྟན་པར་བྱེད་པས་བརྗོད་པ་ནི་ཚེ་དང་ལྡན་པ་རབ་འབྱོར་སྟོང་པ་ཞེས་བྱ་བའི་རྣམ་གྲངས་འདིས་ཞེས་བྱ་བ་ལ་སོགས་པའོ། །དེ་ཁོ་ན་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དོགས་པ་བསུ་ནས། ཚེ་དང་ལྡན་པ་རབ་འབྱོར་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མི་སེམས་ཉེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཡིན་པས་ནམ་མཁའི་རང་བཞིན་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་བདག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མི་སེམས་ཏེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཡིན་པས་ནམ་མཁའི་རང་བཞིན་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་བདག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་དེ་ལྟ་བུའི་སྦྱོར་བ་མེད་པ་ཉིད་ཀྱིས་འབྱུང་བར་དཀའོ་ཞེས་བྱ་བའི་ཐ་ཚིག་གོ །ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་ཀུན་རྫོབ་ཏུ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་ཤིན་ཏུ་འབྱུང་བར་སླ་བ་དགག་པར་བྱ་བའི་ཕྱིར། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་བ་སྨྲས་པ་ཡིན་ནོ། །ཕྱིར་མི་ལྡོག་པར་འགྱུར་བ་ཞིག་ན་ཞེས་བྱ་བ་ནི་མངོན་པར་འདོད་བ་ཡོད་པ་ཉིད་ཀྱིས་ལྡོག་པར་མི་འགྱུར་རོ། །ལྡོག་པའི་སྒོ་ནས་བསྟན་ནས་རྗེས་སུ་འགྲོ་བའི་སྒོ་ནས་སྟོན་པ་ནི་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ལྡོག་པ་མི་སྲིད་པ་དེས་ན་དེ་འབྱུང་དཀའ་བར་ཇི་ལྟར་འགྱུར་ཞེས་བརྗོད་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཞིག་བྱ་བ་ལ་


DTG085_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྟེ། ལྡོག་ན་གཟུགས་ལ་སོགས་པ་ཆོས་ཅན་ནམ་དེ་ལས་ཐ་དད་པའམ། དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་སམ། དེ་ལས་གཞན་དུ་གྱུར་པ་ཞིག་ལྡོག་པར་འགྱུར། ཅི་ཞིག་བྱ་བ་ཐམས་ཅད་དུ་འདྲི་བའོ། །ཆོས་ཉིད་ལས་བསམས་ནས་དྲིས་པ་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་དོན་ནོ། །རབ་ཏུ་དགའ་བ་ལ་སོགས་པའི་ས་བདུན་ལ་སྤྱིར་ལྡོག་པ་མི་སྲིད་པར་བསྟན་ནས། མི་གཡོ་བ་ལ་སོགས་བའི་ས་གསུམ་ལ་ཡང་རྟོགས་པར་བྱེད་པ་དང༌། རྟོགས་པར་བྱ་བའི་ཆོས་ཀྱི་དབྱེ་བས་བརྗོད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་གཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་བར་འཚང་རྒྱ་འམ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཀྱི་དབང་དུ་བྱས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཅི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཕྱིར་ལྡོག་པའི་ཆོས་དེ་གང་ཡིན་ཞེས་བྱ་བ་ནི་ལྡོག་པ་མེད་པ་ཉིད་ཀྱི་རྒྱུ་དེས་ན་སྟོང་པ་ཉིད་ཀྱི་ཆོས་དེ་ལ། རྣམ་པ་ཐམས་ཅད་དུ་མངོན་པར་མ་ཞེན་པའི་ཚུལ་གྱིས་གནས་པ་ལས་གང་ལྡོག་པར་འགྱུར་བའི་ཆོས་དེ་གང་ཡིན་ཏེ་གང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་དེ་ཡང་གང་ཡིན་ཞེས་བྱ་བ་ནི་གང་ཡང་མ་ཡིན་པ་ཉིད་དོ། །ཅི་ཞེས་བྱ་བའི་ཚིག་གི་ཕྲད་ནི་སྤོང་བའི་དོན་ལ་འཇུག་གོ །ཉེ་བར་བསྡུ་བ་བརྗོད་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །བདེན་པ་ཉིད་དང་གནས་པ་ཉིད་དུ་ཆོས་ཐམས་ཅད་དམིགས་སུ་མེད་པ་ལ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་དོན་དམ་པར་བདེན་པ་ཉིད་དང་བརྟགས་པར་ཡང་རྣམ་པར་གནས་པར་དམིགས་སུ་མེད་པ་རྣམས་ལ་ཞེའོ། །གཞན་དག་ན་རེ་ནི་ཤེས་པ་དང་ཤེས་བྱའི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཉིད་དང་བྲལ་བས་གོ་རིམས་བཞིན་དུ་བདེན་པ་ཉིད་དང་གནས་པ་ཉིད་དུ་ཡིན་ཞེས་འདོད་དོ། །ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་འབྱུང་བར་སླ་བ་ཉིད་བཀག་པ་ན། གལ་ཏེ་དོན་དམ་བར་སྒྲུབ་པར་བྱེད་པ་དེའི་ཚེ་སྐབས་སུ་བབ་པ་ལ་ཉེ་བར་མཁོ་བ་མེད་དོ་ཞེས་བརྗོད་པ་ནི་ཆོས་ཀྱི་ཚུལ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་ཚུལ་གྱི་རྣམ་པ་གང་ཞིག་སྟེ་ཆོས་རྣམས་མ་སྐྱེས་པའི་རྣམ་པ་གང་གིས་བཤད་པ་དེ་ལྟར་ན་གང་ཡང་ཕྱིར་ལྡོག་པ་མེད་ཀྱི་འོན་ཀྱང་ཀུན་རྫོབ་ཏུ་ནི་ལྡོག་གོ་ཞེས་


DTG085_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོ། །ཀུན་རྫོབ་ཏུ་ཡང་མེད་པ་ཡིན་ནོ་ཞེ་ན། དེ་ལ་མངོན་སུམ་ལ་སོགས་པ་དང་འགལ་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་རང་གི་ཁས་བླངས་བ་དང་ཡང་འགལ་ལོ་ཞེས་བསྟན་པའི་ཕྱིར་གང་ཡང་ཚེ་དང་ལྡན་པ་རབ་འབྱོར་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །རྣམ་པར་གཞག་པ་ཡོད་པར་མི་འགྱུར་གྱི་ཞེས་བྱ་བ་ནི་གང་གི་ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པ་ན། བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་དཔའ་སྟེ་སེམས་གཅིག་བུ་ཉིད་དེ་ཁོ་ན་བགྲོད་པར་བྱ་བ་ཡིན་པའི་ཐེག་པ་ཡིན་པས་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། དེ་བཞིན་གཤེགས་པའི་སས་བསྡུས་པ་སངས་རྒྱས་ཀྱི་ཐེག་པ་ཉིད་ཡིན་པ་དེའི་ཕྱིར། རྒྱུའི་གནས་སྐབས་ན་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་གསུམ་ཡིན་པར་མི་འཐད་པས་ན། དེའི་ཐེག་པ་པའི་བྱང་ཆུབ་སེམས་དཔའ་གསུམ་པོ་རྣམས་ཀྱི་རྣམ་པར་གཞག་པ་མེད་པར་འགྱུར་ལ་གསུམ་པོ་གང་དག་ཡིན་པ་འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་ཡིན་ན་ཇི་ལྟར་ཚེ་དང་ལྡན་པ་རབ་འབྱོར་གྱིས་བསྟན་པ་ལྟར་ན་ནི་རིགས་གསུམ་པོ་རྣམས་ཀྱི་རྣམ་པར་གཞག་པ་ཡོད་པར་མི་འགྱུར་གྱི་ཐེག་པ་གཅིག་ཁོ་ནར་འགྱུར་ཏེ། དེ་ལྟར་ན་ཁས་བླངས་བ་དང་འགལ་བ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་ན་ཡང་བྱང་ཆུབ་ཡོད་པས་བྱང་ཆུབ་སེམས་དཔའ་གང་ཡང་རུང་བ་ཞིག་ཡོད་པར་ཁས་བླངས་པའི་ཕྱིར། ཅི་ལྟར་བྱང་ཆུབ་སེམས་དཔའ་གསུམ་ཀ་རྣམ་པར་གཞག་པ་མེད་པར་འགྱུར་ཞེས་བརྗོད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། གང་གིས་ཐེག་པ་གསུམ་གྱི་གང་ཟག་མེད་པར་རྒོལ་བ་ཚེ་དང་ལྡན་པ་གནས་བརྟན་རབ་འབྱོར་ཅི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ཡོད་པར་ཁས་མི་ལེན་ནམ་ཞེས་བྱ་བའི་ཐ་ཚིག་གོ །ཤེས་སུ་ཟིན་ཀྱང་དེའི་ཚིག་གི་ས་ལན་འདེབས་སུ་གཞུག་པའི་ཕྱིར་འདི་རྣམས་གསུངས་པ་ཡིན་ན་ཇི་ལྟར་ཚེ་དང་ལྡན་པ་རབ་འབྱོར་གྱིས་བསྟན་པ་ལྟར་ན་ནི་གསུམ་པོ་འདི་རྣམས་ཀྱི་རྣམ་པར་གཞག་པ་ཡོད་པར་མི་འགྱུར་གྱི་ཐེག་པ་གཅིག་ཁོ་ནར་འགྱུར་ཏེ། རེ་ཞིག་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ལ་དྲི་བར་བྱ་བ་ཡིན་ནོ་ཞེས་སྨྲས་པ་ཡིན་ནོ། །དེ་ཉིད་འདྲི་བར་བྱེད་པ་ནི་རབ་འབྱོར་ཡང་ཅི་ཁྱོད་ཅེས་བྱ་བ་ལ་སོགས་


DTG085_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྨྲས་པ་ཡིན་ནོ། །སླར་དྲིས་པས་ལན་འདེབས་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་བཞིན་ཉིད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ནི་སྐྱེ་བ་མེད་པ་ཡང་དེ་ཁོ་ན་ཉིད་དུ་ཡོད་བ་མ་ཡིན་པ་ཉིད་དོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བར་རྣམ་པར་འབྱེད་པ་ནི་དེ་བཞིན་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། རྣམ་པ་གསུམ་དུ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་བ་ལ་སོགས་པའི་རྣམ་པར་རོ། །དག་ནི་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་དེ་གཅིག་ཏུ་དམིགས་པར་འགྱུར་རོ་ཞེས་བརྗོད་པ་ནི་ཚེ་དང་ལྡན་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པའོ། །གཅིག་ཏུ་ཡང་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་བདག་ཉིད་ཅན་གྱི་རྣམ་པར་ཡང་ངོ༌། །རིགས་པ་མཚུངས་པ་ཉིད་ཀྱི་ཕྱིར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །རྟེན་བ་ཡང་བསལ་བར་བྱ་བའི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། དེ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །དཀྱུས་མའི་དོན་ཉེ་བར་བསྡུ་བ་བརྗོད་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་འདི་སྙམ་དུ་ཞེས་བྱ་བ་ནི་རྣལ་འབྱོར་བའི་རྐུན་རྫོབ་ཏུ་བླ་ན་མེད་པའི་བྱང་ཆུབ་ཡོད་པའི་ཕྱིར་དེའི་སྟོབས་ཀྱིས་དོན་དམ་པར་བྱང་ཆུབ་སེམས་དཔའ་ཡོད་པ་ཉིད་ནི་མ་ཡིན་ཏེ། དེ་བས་ན་འདི་ནི་ཉན་ཐོས་ཀྱི་ཐེག་པ་ཅན་ནོ་ཞེས་བྱ་བ་ལ་སོགས་བར་ཁྱེད་ཅིའི་ཕྱིར་དེ་སྙམ་དུ་སེམས་ཏེ། འོན་ཀྱང་དེ་ལྟ་བུའི་སེམས་ནི་བསྐྱེད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །རྩོད་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་ཞར་ལ་འོངས་པའི་དོན་ཉིད་ཐར་པའི་ཆ་དང་མཐུན་པའི་རྟོགས་པ་ཉིད་དུ་སྦྱོར་བ་ནི་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །རབ་ཏུ་རྣམ་པར་འབྱེད་པ་རྣམས་ཞེས་བྱ་བ་ནི་ངེས་པར་རྟོགས་པ་ནའོ། །དེ་ལ་ཁྱད་པར་མེད་པར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གསུམ་གྱི་དབྱེ་བ་མི་དམིགས་པའི་ཕྱིར་རོ། །བྱེ་བྲག་མེད་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་གཅིག་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །ཐ་དད་དུ་བྱ་བ་མེད་པ་ནི་ཇི་སྐད་དུ་བཤད་པའི་རྣམ་པ་དང་ཐ་དད་པས་ལོགས་ཤིག་ཏུ་བྱ་བར་མི་ནུས་པའི་ཕྱིར་རོ། །ཐར་པའི་ཆ་དང་མཐུན་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ལྡན་


DTG085_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཕྱོགས་པར་མི་འགྱུར་ཞེས་བྱ་བའི་ཚིག་གསུམ་དང་གོ་རིམས་བཞིན་དུ་སྦྱར་རོ། །ཆོས་ཉིད་དང་མི་འགལ་བའི་དོན་སྟོན་པས་རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱི་དབྱེ་བ་རྣམ་པ་དུ་མ་ཡིན་པས་ན་བཅོམ་ལྡན་འདས་བྱང་ཆུབ་གང་གིས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ་གོ་སླའོ། །ཐར་པའི་ཆ་དང་མཐུན་པ་སྐྱེས་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དོན་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །མཉམ་པར་གནས་པར་བྱ་ཞེས་མདོར་བསྟན་པའི་བཤད་བ་ནི་སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སེམས་མཉམ་པ་ནི་རྗེས་སུ་ཆགས་པ་མེད་བའི་ཕྱིར་རོ། །མི་མཉམ་པ་མེད་པའི་སེམས་ནི་ཞེ་སྡང་མེད་པའི་ཕྱིར་རོ། །བྱམས་པའི་སེམས་ཀྱིས་ཞེས་བྱ་བ་ནི་ད་ལྟར་གྱི་དོན་སྒྲུབ་པའི་སེམས་ཀྱིས་ཞེས་བྱ་སྟེ་ད་ལྟར་གྱི་དོན་སྒྲུབ་པའི་སེམས་ཀྱིས་སོ། །ཕན་པའི་སེམས་ཀྱིས་ཞེས་བྱ་བ་ནི་མ་འོངས་པ་སྟེ་མ་འོངས་པའི་དོན་སྒྲུབ་པའི་སེམས་ཀྱིས་སོ། །བྱམས་པ་དང་ཕན་པའི་སེམས་དག་གི་དོན་ཉིད་ནི་དགེ་བའི་སེམས་དང་ང་རྒྱལ་བཅག་པའི་སེམས་ཀྱིས་ཞེས་གསུངས་པ་ཡིན་ནོ། །ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་ཞེས་བྱ་བ་ནི་ཁོང་ཁྲོ་བ་དང་བྲལ་བའི་སེམས་ཀྱིས་སོ། །དེ་ཉིད་ནི་འཚེ་བ་མེད་པའི་སེམས་ཀྱིས་ཞེས་བྱའོ། །ཐོ་འཚམས་པ་མེད་པའི་སེམས་ཀྱིས་ཞེས་བྱ་བ་ནི་འཇིགས་པ་སྐྱེད་བ་དང་བྲལ་བས་སོ། །སེམས་ཅན་ཐམས་ཅད་ལ་ཕར་འདུ་ཤེས་བ་དང་ཞེས་བྱ་བ་སོགས་པ་ནི་གོ་སླའོ། །འོན་ཀྱང་ཉེ་བར་མཚོན་པ་འདི་ཉིད་ཀྱིས་སྤུན་ཟླ་དང༌། སྲིང་མོ་དང༌། མཛའ་བཤེས་དང༌། གྲོགས་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་ཀྱི་འདུ་ཤེས་སུ་བྱ་བར་ཡང་ཤེས་པར་བྱའོ། །དེ་ལ་ཕ་དང་མ་ལ་སོགས་པ་གཉིས་གཉིས་གཅིག་ཏུ་བརྗོད་བས་རྣམ་པ་ལྔར་བརྗོད་པར་བྱའོ། །བདག་སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པར་གནས་པར་བྱའོ་ཞེས་བྱ་བ་ནི་འདི་སྐད་སྟོན་པ་ཡིན་ཏེ། མཉམ་པ་དང་བྱམས་པ་དང་ཕན་པ་དང་ཁོང་ཁྲོ་བ་མེད་པ་དང་ཐོ་འཚམས་པ་མེད་བའི་སེམས་ཏེ་རྣམ་པ་ལྔ་དང༌། ཕ་དང༌། མ་དང༌། སྤུན་ཟླ་དང༌། སྲིང་མོ་དང༌། བུ་དང༌། བུ་མོ་དང༌། མཛའ་བོ་


DTG085_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དང། གྲོགས་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་ཀྱི་སེམས་ཀྱི་རྣམ་པས་སེམས་ཅན་ཐམས་ཅད་ལ་དམིགས་ན་དྲོད་དུ་ཡང་དག་པར་རྟོགས་པའི་དགེ་བའི་རྩ་བ་འཐོབ་པས་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང༌། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །རྩེ་མོའི་དབང་དུ་མཛད་ནས་བདག་ཉིད་ཀྱང་ཞེས་བྱ་བ་ལ་སོགས་བ་གསུངས་པ་ཡིན་ནོ། །འདི་སྐད་དུ་བདག་ཉིད་སྡིག་པ་ཐམས་ཅད་ལས་ལྡོག་པ་དང་སྦྱིན་བ་ལ་སོགས་པ་སྒྲུབ་པ་ལ་གནས་བས། དེ་བཞིན་དུ་གཞན་རྣམས་སྡིག་པ་ལས་ལྡོག་པ་ལ་ཡང་དག་པར་བསྐུལ་ཞིང་དགེ་བ་ལ་འཇུག་བ་ལ་ཡང་དག་པར་བསྐུལ་བ་དང་བསྔགས་བ་བརྗོད་བ་དང་མཐུན་པ་དང་དགའ་བར་བྱེད་པ་རྣམས་ཀྱིས་དམིགས་པ་ན་རྩེ་མོར་གཏོགས་པ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། བདག་ཉིད་སྡིག་བ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་པ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར་ཞེས་གསུངས་པ་ཡིན་ནོ། །བཟོད་པའི་དབང་དུ་མཛད་ནས་དེ་བཞིན་དུ་བདེན་པ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་བའི་བར་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཇི་ལྟར་རྩེ་མོའི་གནས་སྐབས་སུ་བདག་དང་གཞན་ལ་བརྟེན་པའི་དམིགས་པ་དང་རྣམ་པའི་དབྱེ་བ་བཤད་པ་དེ་བཞིན་དུ། སྡུག་བསྔལ་ལ་སོགས་པའི་བདེན་བ་བཞི་དང། འབྲས་བུ་དང་པོ་ལ་སོགས་བ་དང་རབ་ཏུ་དགའ་བ་ལ་སོགས་པའི་ས་རང་ཉིད་ཀྱིས་ཡོངས་སུ་ཤེས་ཤིང་གཞན་དག་ཀྱང་དེ་ཉིད་ལ་ཡང་དག་པར་བསྐུལ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱི་དམིགས་པས་བཟོད་པ་སྐྱེ་བར་འགྱུར་རོ། །དེ་སྐད་དུ་ཡང་དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། །ཞེས་གསུངས་པ་ཡིན་ནོ། །ཆོས་ཀྱི་མཆོག་གི་དབང་དུ་མཛད་ནས་སེམས་ཅན་ཡོངས་སུ་སྨིན་པ་ལ་གནས་བ་ནས་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱི་དམིགས་པས་ཆོས་ཀྱི་མཆོག་ཏུ་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་


DTG085_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་དག་ཀྱང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རེ་རེ་ཞིང་རྣམ་གསུམ་དུ་འགྱུར་རོ། །དེ་ལ་དྲོད་དུ་གཏོགས་པ་ཆུང་དུ་ནི་མཉམ་པ་དང་བྱམས་པའི་སེམས་དེ་དག་གི་ཚེ་འདི་ཉིད་ལ་གཞན་ལ་ཐོ་འཚམས་པ་མེད་བ་ལས་སོ། །འབྲིང་ནི་ཕན་པ་ལ་སོགས་པའི་སེམས་གསུམ་གྱིས་ཕྱི་མ་ལ་གཞན་ལ་ཕན་པའི་བསམ་པ་ཉིད་ལས་སོ། །འབྲིང་ནི་ཕན་པ་ལ་ཆེན་པོ་ནི་ཕར་འདུ་ཤེས་པ་ལ་སོགས་པའི་སེམས་བསྐྱེད་པས་འདི་དང་ཕྱི་མ་ལ་གཞན་རྣམས་ཀྱི་མངོན་པར་འདོད་པ་ཉེ་བར་སྒྲུབ་པར་འདོད་པ་ཉིད་ལས་ཡིན་པར་བསྟན་པ་ཡིན་ནོ། །རྩེ་མོར་གཏོགས་པ་ཆུང་དུ་ནི་སྡིག་པ་ལས་ལྡོག་པ་ལ་བདག་དང་གཞན་སྦྱོར་བས་གཞན་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་ལས་ལྡོག་པར་འདོད་པ་ཉིད་ལས་སོ། །འབྲིང་ནི་སྦྱིན་པ་ལ་སོགས་པ་ལ་བདག་དང་གཞན་འཇོག་པས་གཞན་རྣམས་ཀྱི་བདེ་བའི་རྒྱུར་ཡང་དག་པར་སྦྱོར་བར་འདོད་བ་ལས་སོ། །ཆེན་པོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་གཉིས་སུ་བསྒོམ་པ་ལ་བདག་དང་གཞན་འཇུག་པར་བྱེད་བས་གཞན་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་ཕྱིན་ཅི་ལོག་བ་སྤོང་བར་མངོན་པར་འདོད་པ་ཉིད་ལ་རྟེན་ནས་གསུངས་སོ། །བཟོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ནི་གོ་རིམས་བཞིན་དུ་དེ་བཞིན་དུ་བདེན་པ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པའི་བར་ཞེས་བྱ་བ་འདིས་གཞན་རྣམས་འཕགས་པའི་ལམ་དང་འབྲས་བུ་དང་པོ་ལ་སོགས་པ་དང་སངས་རྒྱས་ཉིད་ལ་ངེས་པར་སྦྱོར་བར་འདོད་པ་ཉིད་ལ་རྟེན་ནས་གསུངས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་བཟོད་པ་ཆེན་པོ་ནི་སྐད་ཅིག་མ་དུ་མ་ཡིན་པར་བཟུང་ངོ༌། །ཆོས་ཀྱི་མཆོག་གི་ཆུང་ངུ་དང་འབྲིང་དང་ཆེན་པོ་ནི་གོ་རིམས་བཞིན་དུ་གཞན་རྣམས་ཁྱད་པར་མེད་པར་ཐེག་པ་གསུམ་དུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ལམ་ལ་ངེས་པར་སྦྱར་བའི་ཕྱིར་དང༌། ཕུན་སུམ་ཚོགས་བ་ཐམས་ཅད་ཀྱི་རབ་ཀྱི་མཐར་ཐུག་བ་ལ་རྟེན་པར་འདོད་པ་ཉིད་ཡིན་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་བ་དང༌། སྒྲིབ་པ་མེད་པའི་ཚུལ་དང་དམ་པའི་ཆོས་གནས་པ་ཞེས་བྱ་བའི་ཐ་ཚིག་གིས་གསུངས་པ་ཡིན་ནོ། །ཆོས་མངོན་པ་མཛོད་ལས། ཇི་ལྟར་བཟོད་ཆེན་སྐད་ཅིག་མ། །གཅིག་ཡིན་དེ་བཞིན་ཆོས་ཀྱི་


DTG085_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །ཅེས་གང་བཤད་པ་དེ་ནི་རང་གི་དོན་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་ལ། འདིར་ནི་གཞན་གྱི་དོན་ལ་རྟེན་པའི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་བཤད་པ་ཡིན་ཏེ། གཞན་གྱི་དོན་ལ་བརྩོན་པ་ལ་ནི་རབ་དང་རབ་མཆོག་ལ་སོགས་པའི་གནས་སྐབས་སྲིད་པའི་ཕྱིར་རོ། །དེས་ན་དེ་དང་འདི་ལ་འགལ་བ་ཡོད་པ་མ་ཡིན་ནོ། །མངོན་པར་རྟོགས་པ་རེ་རེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་ཅིའི་ཕྱིར་བཤད་ཅེ་ན། བརྗོད་པ་རྣམ་པ་དང་ལམ་དང་གཞི་ཐམས་ཅད་རྣམ་པར་བསྒོམ་པའི་དབྱེ་བས་གོ་རིམས་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་གསུམ་ལ་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་དུ་འགྲོ་བས་འཇིག་རྟེན་ལས་འདས་པའི་མཐོང་བ་དང་བསྒོམ་པའི་ལམ་རྟོགས་པ་ཡིན་ཞིང༌། རྣམ་པ་ཀུན་མངོན་པར་རྟོགས་པ་ལ་སོགས་པ་གསུམ་ལ་ནི་བསྒོམ་པ་གནས་སྐབས་གོང་ནས་གོང་གི་ཁྱད་པར་གྱིས་རྣམ་པ་ཐམས་ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་རིམ་གྱིས་སྐྱེ་བ་ཡིན་ནོ། །དེ་ལ་སྒྲིབ་པ་མེད་པའི་ཚུལ་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཞེན་པ་ལ་སོགས་པའོ། །དམ་པའི་ཆོས་ལ་གནས་བ་ནི་འཚང་རྒྱབ་ཉིད་དོ། །འདི་སྐད་དུ་བདག་ཉིད་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པ་ལ་གནས་ནས། གཞན་རྣམས་ཀྱང་དེ་ལ་ཡང་དག་པར་བསྐུལ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་དམིགས་བས་ཆོས་ཀྱི་སྐྱེ་བ་ཡིན་པ་དེས་ན། ཅིག་ཅར་སྐྱེ་བ་འགག་པར་བྱ་བའི་ཕྱིར་ངེས་པར་འབྱེད་པའི་ཆ་ལ་སོགས་པའི་ཐ་སྙད་ཀྱིས་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་དེ་བཞིན་ཉིད་ཀྱི་ལེའུ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ།། །།ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་ཇི་སྐད་དུ་བཤད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བའི་ལམ་ལ་སོགས་པ་གཞན་ཡང་འབྱུང་བས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་བརྗོད་པར་བྱའོ། །དེ་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ལམ་ལ་གནས་པ་དང༌། དེ་བཞིན་དུ་བཟོད་པ་དང་ཤེས་པས་བསྡུས་པའི་མཐོང་བའི་ལམ་ལ་གནས་པ་དང༌། གཞན་


DTG085_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྒྱུ་དང་ལྡན་པའི་བསྒོམ་པའི་ལམ་ལ་གནས་པ་སྟེ་གནས་སྐབས་གསུམ་དུ་འགྱུར་རོ། །དེ་སྐད་དུ་ཡང༌། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་བསྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་གསུངས་པ་ཡིན་ནོ། །དེ་ལ་གཟུགས་ལ་སོགས་པ་ལས་ལྡོག་པ་དང་ཐེ་ཚོམ་མེད་པ་ལ་སོགས་པའི་རྣམ་པ་ཉི་ཤུས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཤེས་པར་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང༌། གཟུགས་ལ་སོགས་པས་ལྡོག་སོགས་བརྟགས། །རྣམ་པ་ཉི་ཤུ་བརྗོད་པས་འདི། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རེ་ཞིག་གཟུགས་ལ་སོགས་པ་ལས་ལྡོག་པ་བསྟན་པ་ནི་བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །དེ་ལ་རྣམ་བ་ནི་གཉེན་པོའི་ཕྱོགས་ཀྱིས་བསྡུས་པ་རྣམས་སོ། །རྟགས་ནི་རང་ལ་གནས་པའི་མཚན་མ་རྣམས་སོ། །མཚན་མ་དེའི་ལོངས་སྤྱོད་དུ་མཁོ་བར་གཏོགས་པའོ། །ཡང་ན་རྣམ་པ་ནི་ལུས་ཀྱི་དགའ་བའི་ཁྱད་པར་ཏེ་བ་སྤུ་ལྡང་བ་དང་མཆི་མ་འཛག་པ་ལ་སོགས་པའོ། །རྟགས་ནི་ངག་གི་ཁྱད་པར་ཏེ་དགའ་བས་གསོལ་བ་འདེབས་པ་ལ་སོགས་པའོ། །མཚན་མ་ནི་ཉམས་སུ་ལེན་པའི་ཁྱད་པར་ཏེ་ཉན་པ་དང་འཛིན་པ་དང་ཀློག་པ་དང་མཆོད་པ་ལ་སོགས་པའོ། །ཡང་ན་ཚིག་འདི་དག་ནི་སྔ་མ་སྔ་མའི་བཤད་པར་གྱུར་པ་ཡིན་ནོ། །བཅོམ་ལྡན་འདས་ཇི་ལྟར་བདག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལགས་པར་འཚལ་བར་བགྱི་ཞེས་བྱ་བ་འདིས་ནི་མ་འདྲེས་པར་རྟོགས་པའི་མཚན་མ་ཞུས་པ་ཡིན་ནོ། །ལན་བཏབ་པ་ནི་རབ་འབྱོར་སོ་སོའི་སྐྱེ་བོའི་ས་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་ཉིད་ཀྱི་ས་ཞེས་བྱ་བ་སྟེ་ཞེས་བྱ་བ་ནི་ས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་དེ་ཉིད་འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ཏེ། རྟོག་པ་མེད་པ་རྣམ་པར་རྟོག་པ་མེད་པའོ་ཞེས་བྱ་བ་ནི་རིགས་པ་དང་ལུང་དག་གིས་ངེས་པར་བྱ་བ་


DTG085_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་གཞན་དུ་བྱ་བར་མི་སྲིད་པའི་ཕྱིར་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལས་ཀྱང་ཞེས་བྱ་བ་ནི་འཁོར་གྱི་དཀྱིལ་འཁོར་ལས་སོ། །འདི་ནི་དེ་བཞིན་ནོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལས་ལྡོག་པ་ཉིད་ཀྱིས་འདི་ནི་དེ་བཞིན་ཡིན་པའོ། །དེ་ཁོ་ན་ལྟར་བདེན་པ་ཡིན་གྱི་གཞན་ནི་གཏི་མུག་གོ་ཞེས་བསམ་པ་དང་མཉན་པའི་དུས་སུ་མོས་པར་བྱེད་ཅིང་ཁོད་དུ་ཆུད་པར་བྱེད་དེ། དངོས་པོ་འཛིན་པར་མི་སྟོན་པ་ཅི་ཐོད་ཐོད་སྨྲ་བར་མི་འགྱུར་སྒྱུ་མ་ལྟ་བུའི་དོན་རབ་ཏུ་སྟོན་པ་ཉིད་ཀྱིས་ན་དོན་དང་ལྡན་པའི་ཚིག་ཏུ་སྨྲ་སྟེ་དོན་དང་མི་ལྡན་པ་མ་ཡིན་ནོ། །ཆོས་ཉིད་བསྒོམ་པ་ལ་མངོན་པར་བརྩོན་པ་ན། ཕ་རོལ་གྱི་བྱས་པ་དང་མ་བྱས་པའི་བྱ་བ་ལ་མི་ལྟའོ། །གཟུང་བར་བྱའོ་ཞེས་བྱ་བ་ནི། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ཉིད་ལ་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱ་བའི་ལུང་ཉིད་ཀྱིས་རྗེས་སུ་དཔག་པས་ངེས་པར་གཟུང་བར་བྱའོ། །ཤེས་ནས་དད་པ་ཐོབ་པས་ཐེ་ཚོམ་ཟད་པ་སྟོན་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་བ་ཡིན་ནོ། །ངོར་མི་ལྟ་ཞེས་བྱ་བ་ནི་ཤེས་པར་བྱ་བའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ལ་སོགས་པ་སྲིད་པའི་བསམ་པས་མགུ་བར་བྱེད་པས་གདོང་དུ་མི་ལྟ་བའོ། །ལྷ་གཞན་ལ་མི་རྟེན་ནོ་ཞེས་བྱ་བ་ནི་སྐྱབས་པ་ལ་སོགས་པའི་ངོ་བོར་བདག་གིར་མི་བྱེད་པའོ། །སྨོན་ལམ་གྲུབ་པས་མི་ཁོམ་པ་བརྒྱད་ཟད་པ་ནི་རབ་འབྱོར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ངན་སོང་དུ་མི་སྐྱེ་ཞིང་ཞེས་བྱ་བ་ལ་དམྱལ་བ་དང་ཡི་དགས་དང་དུད་འགྲོར་སྐྱེ་བར་མི་འགྱུར་བ་ནི་དངོས་སུ་གསུངས་པ་ཡིན་ནོ། །འདི་ནི་ཉེ་བར་མཚོན་པ་ཡིན་པས་ལོག་པར་ལྟ་བ་དང་སངས་རྒྱས་ཀྱི་བཀའ་མི་ཐོས་པ་དང་ཡུལ་མཐའ་འཁོབ་ཏུ་སྐྱེ་བར་མི་འགྱུར་བ་བཟུང་ངོ༌། །བུད་མེད་ཀྱི་དངོས་པོ་ཡང་ཡོངས་སུ་མི་འཛིན་ཏོ་ཞེས་བྱ་བ་ནི་བུད་མེད་ཀྱི་དངོས་པོ་བཀག་བར་གསུངས་པས་དབང་པོ་མ་ཚང་བ་དང་གླེན་པ་དང་ལྐུགས་པའི་དངོས་པོར་མི་འགྱུར་བ་ཡིན་ནོ་ཞེས་དོན་གྱིས་གོ་བར་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །སྙིང་རྗེ་དང་ལྡན་པ་ཉིད་ཀྱིས་བདག་དང་གཞན་དགེ་བའི་ཆོས་ལ་སྦྱོར་བའི་དོན་ནི་རང་


DTG085_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་སྲོག་གཅོད་བ་ནི་གཞན་གྱི་ཚེ་ཟད་པར་བྱེད་པའོ། །མ་བྱིན་པར་ལེན་པ་ནི་རྐུ་བའི་ཚུལ་གྱིས་གཞན་གྱི་རྫས་གནས་ལས་སྤོ་བའོ། །འདོད་པས་ལོག་པར་གཡེམ་པ་ནི་བུད་མེད་ལ་སོགས་པའི་ཡན་ལག་མ་ཡིན་པ་ལ་སོགས་ལ་མངོན་པར་བགྲོད་པའོ། །འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ནི། ལ་ལ་ཤིང་ཤུན་བུ་རམ་བཅས། །གཞན་དག་སྦྲང་རྩི་ལས་བྱས་པ། །ཕྱིར་བཏགས་ཕབས་ཆུར་སྦྱར་བ་གསུམ། །མཁས་པས་ཆང་དུ་ཤེས་བར་བྱ། །བུ་རམ་སྐྱུ་རུ་ད་ཏ་ཀི། །ཆུར་སྦྱར་བཅོས་ཆང་ཡིན་ཤེས་བྱ། །ཟོས་དང་འཐུངས་པས་མྱོས་གྱུར་གང༌། །དེ་ནི་མྱོས་གྱུར་ཞེས་བརྗོད་དོ། །གསུམ་པོ་འདི་དག་དཀར་པོའི་ཆོས། །ཀུན་གྱི་མི་མཐུན་ཕྱོགས་ཡིན་ཕྱིར། །བག་མེད་གནས་ཞེས་བཤད་པ་སྟེ། །ཞར་ལས་ཀྱང་ནི་འོངས་པ་ཡིན། །བརྫུན་དུ་སྨྲ་བ་ནི་ཡང་དག་བ་མ་ཡིན་པ་སྨྲ་བའི་ཚིག་གོ །ཕྲ་མ་ཟེར་བ་ནི་གཞན་འབྱེད་པའི་ཚིག་གོ །ཚིག་རྩུབ་པོ་ནི་མི་སྙན་པར་བརྗོད་པའོ། །ཚིག་འཁྱལ་པ་ནི་ཀུན་ནས་ཉོན་མོངས་པ་ལས་བསྐྱེད་པའི་ངག་ཐམས་ཅད་དོ། །བརྣབ་སེམས་ནི་གཞན་གྱི་ནོར་རྫས་རྣམས་ལ་ཚུལ་དང་མི་མཐུན་པར་རེ་བ་བསྐྱེད་པའོ། །གནོད་སེམས་ནི་སེམས་ཅན་ལ་རྣམ་པར་སྡང་བའོ། །ལོག་པར་ལྟ་བ་ནི་མེད་པར་ལྟ་བའོ། །ཐམས་ཅད་ཀྱིས་ཞེས་བྱ་བ་ནི་སྔགས་ཀྱི་སྦྱོར་བ་ལ་སོགས་པས་སོ། །ཐམས་ཅད་ལ་ནི་སེམས་ཅན་གྱི་ཡུལ་མ་ལུས་པ་ལའོ། །རྣམ་པ་ཐམས་ཅད་དུ་ནི་ཆུང་ངུ་ལ་སོགས་པའི་དབྱེ་བས་ཀྱང་ངོ༌། །ཐམས་ཅད་ནི་དེའི་སེམས་ཀྱང་མི་འབྱུང་ཞིང་མི་འབྱེད་དོ། །བདག་དང་གཞན་བརྗེ་བར་བྱེད་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་དོན་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་གང་དང་གང་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པའོ། །ཀུན་ཆུབ་པར་བྱེད་པ་ཞེས་བྱ་བ་ནི་བདག་གིར་བྱེད་པའོ། །སྦྱིན་པར་བྱེད་པ་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པ་སྟེར་བར་བྱེད་པའོ། །ཆོས་ཡང་དག་པར་རྟོགས་པས་ཟབ་མོའི་ཆོས་ལ་སོམ་ཉི་མི་བྱེད་པའི་དོན་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ལམ་གཞན་འདོད་ཅིང་


DTG085_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པ་མེད་པ་ཡིན་པའི་ཕྱིར་ནེ་མ་ནུར་རོ། །ལམ་དྲང་པོ་ལས་བཟློག་པ་ནི་ཡིད་གཉིས་སོ། །དགེ་བ་རྣམ་པ་སྣ་ཚོགས་འཕེལ་བར་འགྲོ་བ་མེད་པས་རིགས་ཀྱི་ཆོས་གསོ་བ་མ་ཡིན་པས་ན་ཐེ་ཚོམ་སྟེ་གསོར་མེད་པའོ། །རྣམ་པ་ཐམས་ཅད་དུ་རྟོགས་པ་དང་བྲལ་བས་ན་རྨོངས་པ་ཉིད་དོ། །གཞན་ལ་ཕན་པ་ཉིད་དུ་ཞུགས་པས་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་པའི་དོན་ནི་དེ་ཕན་པའི་ཚིག་དང་ལྡན་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་བྱམས་པའི་ལུས་ཀྱི་ལས་དང་ལྡན་པས་མ་འོངས་པ་ན་ཕན་པར་སྨྲ་བས་ན་ཕན་པའི་ཚིག་དང་ལྡན་པའོ། །དེ་བཞིན་དུ་ངག་གི་ལས་དམ་པ་དང་ལྡན་པས་ཚིག་ཚད་ཡོད་པར་སྨྲ་བའི་ཕྱིར་ཚིག་རན་པར་སྨྲ་བའོ། །བྱམས་པས་ཡོངས་སུ་བསྒོས་པའི་སེམས་ཀྱིས་ཀུན་ནས་བསླང་བ་ཉིད་ཀྱིས་ན་རྣར་སྙན་པ་ལ་སོགས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཚིག་འཇམ་པར་འགྱུར་བའོ། །སྦྱོར་བ་ཕུན་སུམ་ཚོགས་པས་སྒྲིབ་པ་ལྔ་པོ་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། གཉིད་དང༌། རྨུགས་པ་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དག་དང་མི་འགྲོགས་བའི་དོན་ཉེ་བར་མཚོན་བ་ཉིད་དུ་གསུངས་པ་ནི་རྨུགས་པ་དང་གཉིད་ཆུང་བར་འགྱུར་རོ་ཞེས་བྱ་བའོ།། གཉེན་པོ་རྣམ་པར་བསྒོམས་པ་ཉིད་ཀྱིས་མ་རིག་པ་ལ་སོགས་པའི་བག་ལ་ཉལ་ཐམས་ཅད་འཇོམས་པའི་དོན་ནི་བག་ལ་ཉལ་མེད་བར་འགྱུར་ཞེས་གསུངས་པ་ཡིན་ཏེ། དེ་ལམ་རིག་པ་དང་ལྟ་བའི་ཟག་བས་བསྡུས་པའི་བདག་ལ་ཉལ་བ་མེད་པ་ཉིད་ཡིན་གྱི་འདོད་པ་དང་སྲིད་པའི་ཟག་པས་བསྡུས་པ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་བསམས་བཞིན་དུ་སྲིད་པ་ལེན་པ་ཡིན་པའི་ཕྱིར་རོ། །རྟག་ཏུ་མ་ཉམ་པར་གཞག་པ་ཉིད་ཀྱིས་ན་དྲན་པ་དང་ཤེས་བཞིན་དང་ལྡན་པའི་དོན་ནི། དེ་འོང་ངམ་འགྲོ་བ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་འོང་བ་ནི་མངོན་སུམ་དུ་འོང་བའོ། །འགྲོ་བ་ནི་ཕར་འགྲོ་བའོ། །སེམས་འཁྲུལ་པས་འགྲོ་བའམ་འོང་བ་མ་ཡིན་པ་ནི་ཤེས་བཞིན་དང་ལྡན་པའི་ཕྱིར་རོ། །དྲན་བ་ཉེ་བར་གཞག་བ་ནི་ཡང་དག་པའི་དྲན་པ་དང་ལྡན་པའི་ཕྱིར་རོ། །སྤྱོད་ལམ་ཉམས་པ་ཡོངས་སུ་སྤང་བའི་དོན་གྱིས་ན་ཐོགས་པར་མི་བྱེད་པ་སྟེ་ཤིན་ཏུ་དལ་བ་མ་ཡིན་པའོ། །བདེ་


DTG085_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་དུ་ཞེས་བྱ་བ་ནི་ཞི་བའི་རང་བཞིན་དུ་མངོན་པར་རྟོགས་པར་བརྩོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །རྐང་པ་གྱ་ཚོམ་དུ་ས་ལས་མི་འདེགས་ཞེས་བྱ་བ་ནི་རྐང་པ་གཅིག་ལེགས་པར་མ་གཞག་པར་རྐང་པ་གཉིས་པ་མི་འདེགས་པ་ཡིན་པའི་ཕྱིར་རོ། །རྐང་པ་གྱ་ཚོམ་དུས་ལ་མི་འཇོག་ཞེས་བྱ་བ་ནི་སྲོག་ཆགས་དང་བཅས་པའི་ས་ཕྱོགས་སྤང་བའི་དོན་དུའོ། །ཀུན་ཏུ་སྤྱོད་པ་གཟོབ་པ་ཉིད་ཀྱིས་གོས་ལ་སོགས་པ་ཡོངས་སུ་སྤྱོད་པ་གཙང་བ་ཞེས་བྱ་བའི་དོན་ནི་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གནོད་པ་ཉུང་བར་འགྱུར་བ་ནི་ནད་ཉུང་བའོ། །སྐྱོན་ཉུང་བར་འགྱུར་བ་ནི་གཞན་གྱི་འཚེ་བ་ཉུང་བའོ། །དེ་ལྟར་ན་དེ་དག་ནི་དྲོ་བར་གཏོགས་པའི་གནས་སྐབས་ཀྱི་རྣམ་པ་བཅུ་གཅིག་ཏུ་འགྱུར་བ་ཡིན་ནོ། །དགེ་བའི་རྩ་བ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ཉིད་ཀྱིས་ན་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བའི་དོན་ནི་སེམས་ཅན་གཞན་དག་གིས་ལུས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐམས་ཅད་ནས་ཞེས་བྱ་བ་ནི་ཕྲ་རབ་ཙམ་གྱི་ཚུལ་གྱིས་ཀྱང་ངོ༌། །ཐམས་ཅད་ནི་སྲིན་བུའི་རིགས་རྣམས་སོ། །རྣམ་པ་ཐམས་ཅད་དུ་ནི་ཁ་དོག་ལ་སོགས་པའི་རྣམ་པས་སོ། །ཐམས་ཅད་ནི་སྲིན་བུའི་རིགས་བརྒྱད་ཁྲི་གྲངས་སུ་བགྲང་བར་མི་འབྱུང་ངོ༌། །དེ་བཞིན་དུ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དོགས་པ་བསུ་ནས། རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགེ་བའི་རྩ་བ་རྣམ་པར་དག་པས་སེམས་ལ་གྱ་གྱུ་མེད་པའི་དོན་ཅི་ལྟ་ཅི་ལྟ་བུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ལུས་ཡོངས་སུ་དག་པ་ནི་ལུས་ལ་མཚན་ལ་སོགས་པས་ཡོངས་སུ་བརྒྱན་པ་ཉིད་དོ། །དག་ཡོངས་སུ་དག་པ་ནི་ཚངས་པའི་དབྱངས་ལ་སོགས་པའི་རང་བཞིན་ཉིད་དོ། །གཉིས་པོ་འདི་དག་ནི་སེམས་ཡོངས་སུ་དག་པའི་འབྲས་བུ་ཉིད་ཡིན་པར་བཤད་དོ། །དེ་ཉིད་ཀྱི་ཕྱིར་གཙོ་བོ་ཡིན་པས་སེམས་ཡོངས་སུ་དག་པ་རྣམ་པར་འབྱེད་པའི་དོན་དུ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ཏེ། དེ་ལ་རྙེད་པ་ལ་སོགས་པ་ལ་ལྟོས་པ་མེད་པའི་ཕྱིར་སེམས་ལ་བྱ་བ་ཉུང་བའོ། །ཡང་དག་པའི་སྐྱོན་ལ་ཡོངས་སུ་སྦེད་པ་མེད་པས་ན་སེམས་གཡོ་བ་མེད་པའོ། །ཡང་དག་པ་མ་ཡིན་པའི་ཡོན་ཏན་


DTG085_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་དང་བྲལ་བས་སེམས་སྒྱུ་མེད་པའོ། །ཡང་དག་པ་ཅི་ལྟ་བ་བཞིན་དུ་སྨྲ་བ་ཉིད་ཡིན་པས་ན་སེམས་ལ་གྱ་གྱུ་མེད་པའོ། །སེར་སྣ་ལ་སོགས་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་སེམས་ཡོན་པོ་མེད་པའོ། །གང་ཡིན་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་གཞོལ་བས་སོ། །རང་པ་དང་བཀུར་སྟི་ལ་སོགས་པ་ལ་མི་ལྟ་བ་ཉིད་ཀྱིས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་ལེན་པའི་དོན་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་རྙེད་པ་ནི་རྫས་ཐོབ་པའོ། །བཀུར་སྟི་ནི་གཅེས་སྤྲས་བྱེད་པ་ཉིད་དོ། །ཚིགས་སུ་བཅད་པ་ནི་གྲགས་པའོ། །ལྷུར་མི་བྱེད་དོ་ཞེས་བྱ་བ་ནི་དེ་ལ་གཞོལ་བར་མི་འགྱུར་བའོ། །དེ་ལ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ་ཕྱག་དར་ཁྲོད་པ་ཉིད་དང༌། ཆོས་གོས་གསུམ་པ་ཉིད་དང༌། ཐམས་ཅད་འཕྱིང་བ་པ་ཉིད་དང༌། བསོད་ནམས་པ་ཉིད་དང༌། སྟན་གཅིག་པ་ཉིད་དང༌། ཟས་ཕྱིས་མི་ལེན་པ་ཉིད་དང༌། དགོན་པ་ཉིད་དང༌། ཤིང་དྲུང་བ་ཉིད་དང༌། བླ་གབ་མེད་པ་ཉིད་དང༌། གཅོག་པུ་བ་ཉིད་དང༌། གཞི་ཇི་བཞིན་པ་ཉིད་ཅེས་བྱའོ། །སྦྱིན་པ་ལ་སོགས་པའི་ཁྱད་པར་བསྒྲུབས་པས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་བའི་སེམས་མི་བསྐྱེད་པའི་དོན་ནི་ཕྲག་དོག་དང་སེར་སྣ་མང་བ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཉེ་བར་མཚོན་པ་ཉིད་ཡིན་པས་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་བཟུང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཐམས་ཅད་ཡང་དག་པར་བསྡུས་པ་ཡིན་པའི་ཕྱིར་ཆོས་ཉིད་དང་མི་འགལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་རྟོགས་པའི་དོན་ནི་ཆོས་ཟབ་མོ་དག་བཤད་པ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྐྱོད་པར་བྱ་བར་མི་ནུས་པས་ན་བློ་བརྟན་པའོ། །ཕྲ་བའི་དོན་མཐོང་བས་ན་བློ་ཟབ་པའོ། །སྦྱོར་བར་བྱེད་དོ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བར་བྱེད་པའོ། །སེམས་ཅན་གྱི་ཁམས་བདག་གིར་བྱས་པ་ཉིད་ཀྱིས་གཞན་གྱི་དོན་དུ་དམྱལ་བ་འདོད་པའི་དོན་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཕྱིར་བཤགས་པར་གྱིས་ཤིག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བཟུང་བ་ཡོངས་སུ་འདོར་བས་སོ། །སོ་སོར་སྤོངས་ཤིག་ཅེས་བྱ་བ་ནི་ཕྱིས་ཀྱང་མི་བསྐྱེད་


DTG085_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །སེམས་མི་འཁྲུགས་པ་ནི་འདྲེན་མ་མེད་པའི་ཕྱིར་རོ། །མི་གཡོ་བ་ནི་ཡོངས་སུ་བླངས་པ་མི་འདོར་བའི་ཕྱིར་རོ། །དེ་ལྟར་ན་དེ་དག་གི་རྩེ་མོར་གཏོགས་པའི་གནས་སྐབས་ཀྱི་རྣམ་པ་དྲུག་ཏུ་འགྱུར་རོ། །རྟོགས་པ་ཡིད་ཆེས་པའི་ཆོས་ཉིད་ཀྱི་གཞན་གྱིས་བཀྲིར་མི་བཏུབ་པའི་དོན་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་ཉིད་ལ་སྟོན་ཏེ་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་སྒྱུ་མ་ལྟ་བུ་ཉིད་དུ་རྟོགས་པའི་ཕྱིར་དེ་སྐད་སྨོས་པ་ཡིན་ནོ། །གཞན་གྱིས་དད་པའི་ཕྱིར་མི་འགྲོ་སྟེ་ཞེས་བྱ་བ་ནི་ཆོས་ཉིད་མངོན་སུམ་དུ་བྱས་པའི་ཕྱིར་གཞན་ལ་ཡིད་ཆེས་པས་རྟོགས་པ་མ་ཡིན་པའོ། །འདི་དག་ཉིད་དཔེས་གསལ་བར་བསྟན་པར་བྱ་བའི་ཕྱིར། རབ་འབྱོར་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བཀྲིར་མི་བཏུབ་པའི་ཕྱིར་མི་འཕྲོགས་པའོ། །སླར་ལྡོག་པ་མེད་པས་ན་ཕྱིར་མི་ལྡོག་པའི་ཆོས་ཅན་ནོ། །མཐའ་གཅིག་ལ་གནས་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འགྱུར་བའོ། །འདི་དག་ཉིད་རྒྱ་ཆེར་བསྟན་པ་ནི་རྫོགས་པའི་བྱང་ཆུབ་ལ་གཞོལ་བར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སངས་རྒྱས་ཉིད་ཀྱི་ཐབས་ཤེས་པ་ལ་མཁས་པ་ཉིད་ཀྱིས་ལམ་ལྟར་བཅོས་པ་ཉེ་བར་སྟོན་པའི་བདུད་ལ་བདུད་ཉིད་དུ་རྟོགས་པའི་དོན་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པའོ། །འདི་ཉིད་དུ་ཞེས་བྱ་བ་ནི་འདི་ཉིད་ལའོ། །སྡུག་བསྔལ་མཐར་ཕྱུང་ཞེས་བྱ་བ་ལ་འཕགས་པའི་བདེན་པ་བཞི་བསྒོམ་པ་ལ་ཞེས་བྱ་བ་ནི་ལྷག་མའོ། །ཀྱེ་མ་མ་ལ་ཞེས་བྱ་བ་ལ་སོགས་པ་ལ་ཀྱེ་མ་མ་ལ་སྡུག་བསྔལ་ཏེ་གང་གི་ཚེ་རེ་ཞིག་འདི་ཉིད་དུ་ཁྱོད་ཀྱི་ཕུང་པོ་ནི་ཆོས་ཉིད་རྟོགས་པ་དང་བྲལ་བས་ན་དུས་ཕྱིས་ཡོངས་སུ་རྫོགས་ཤིང་མངོན་པར་གྲུབ་བར་མི་འགྱུར་ན་དེའི་ཚེ་ཅིའི་ཕྱིར་སྨོན་ལམ་ལ་སོགས་པའི་སྟོབས་ཀྱིས་སེམས་ཅན་གྱི་དོན་དུ་ཕུང་པོ་གཞན་བཟུང་བར་སེམས་ཞེས་བྱ་བའི་དོན་ཏོ། །འདི་ནི་བདུད་ཡིན་ནོ་ཞེས་ལམ་གཞན་ཉེ་བར་སྟོན་པ་རྟོགས་ནས་ཕྱིར་ལྡོག་པ་ཡིན་ཏེ། དེ་ལྟར་ན་འདི་ནི་བཟོད་པར་གཏོགས་པའི་གནས་སྐབས་ཀྱི་རྣམ་པ་


DTG085_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་འགྱུར་རོ། །འཁོར་གསུམ་རྣམ་པར་དག་པས་སྤྱོད་པ་ཐམས་ཅད་དུ་སངས་རྒྱས་ཀྱིས་རྗེས་སུ་ཡི་རང་བའི་སྒྲུབ་པའི་དོན་ནི་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འབྲེལ་བར་བྱེད་པའི་ཚིག། ཅེས་བྱ་བ་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་གོ །གཞན་ལས་ཐོས་ནས་ཞེས་བྱ་བ་ནི་གཞན་བདུད་ལས་ཐོས་པ་ནའོ། །སེམས་ཆོས་ཉིད་ལས་ཡོངས་སུ་ཉམས་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །སྦྱོར་བ་དང་དངོས་གཞི་དང་མཇུག་གི་གནས་སྐབས་སུ་ཡོངས་སུ་ཉམས་པར་མི་འགྱུར་ཕྱིར་ལྡོག་པར་མི་འགྱུར་དེའི་སེམས་གཞན་དུ་མི་འགྱུར་ཞེས་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །དེ་ལྟར་སྤྱོད་ཅིང་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་སྤྱོད་པས་སྤྱོད་ཅེས་བྱ་བའི་ཐ་ཚིག་གོ །ཉེ་བར་བསྡུ་བར་བྱ་བའི་ཕྱིར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་འདི་ནི་ཆོས་ཀྱི་མཆོག་ཏུ་གཏོགས་པའི་གནས་སྐབས་ཀྱི་རྣམ་པ་གཅིག་ཏུ་འགྱུར་རོ། །ཇི་སྐད་དུ་བཤད་པའི་རྣམ་པ་རྣམས་ཀྱི་ནི་ངེས་པར་འབྱེད་པའི་ཆ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་མཚོན་པར་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང༌། གཟུགས་ལ་སོགས་པ་ལས་ལྡོག་པ་དང༌། །ཐེ་ཚོམ་མི་དལ་ཟད་པ་དང༌། །བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང༌། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །ཟབ་མོའི་དོན་ལའང་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །བག་ལ་ཉལ་ཀུན་འཇོམས་པ་དང༌། །དྲན་པ་དང་ནི་ཤེས་བཞིན་དང༌། །གོས་ལ་སོགས་པ་གཙང་བ་དང༌། །ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །གྱ་གྱུ་མེད་སེམས་སྤྱང་པ་ནི། །ལེན་དང་སེར་སྣ་མེད་སོགས་དང༌། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །གཞན་གྱིས་བཀྲི་བར་མི་བཏུབ་དང༌། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས།།


DTG085_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས་གསུངས་པ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་འོག་ཏུ་མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་སྐད་ཅིག་མ་བཅུ་དྲུག་གིས་བཤད་པར་བྱའོ། །དེ་སྐད་དུ་ཡང༌། བཟོད་དང་ཤེས་པའི་སྐད་ཅིག་མ། །བཅུ་དྲུག་རྣམས་ནི་མཐོང་ལམ་གྱི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་གཟུགས་ལ་སོགས་པའི་ཆོས་རྟོགས་པ་ལས་ལྡོག་པས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ་ཞེས་སྟོན་པ་ནི་རྣལ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པར་གནས་པ་ལ་ཁྱད་པར་མི་བསྐྱེད་པས་ན་མངོན་པར་འདུ་མི་བྱེད་དོ། །སྔོན་མ་བྱུང་པ་མི་བྱེད་པས་མི་བསྐྱེད་དོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དོགས་པ་བསུ་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་མཚན་ཉིད་ཀྱིས་སྟོང་པས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་ཉིད་ཀྱིས་སྟོང་པ་ལ་སོགས་པའི་ཆོས་རྟོགས་པ་ཉེ་བར་མི་དམིགས་པས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་རྟོགས་པ་ལ་འཇུག་ཅིང་རྟོགས་ལ། ཆོས་དེ་ཡང་ཉེ་བར་མི་དམིགས་ཏེ་གང་གི་ཕྱིར་དེ་མངོན་པར་འདུ་མི་བྱེད་ཅིང་མི་བསྐྱེད་པས་སོ་ཞེས་བྱ་བའི་ཐ་ཚིག་གོ །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་བ་ནི་ཇི་སྐད་དུ་བསྟན་པའི་བཟོད་པ་ཐོབ་པའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྟན་པ་ཉིད་ཀྱིས་སྡུག་བསྔལ་ལ་ཆོས་ཤེས་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མཐོང་བ་དང་བསྒོམ་པ་དང་ཁྱད་པར་གྱི་ལམ་རྣམས་སུའམ། སྦྱོར་བ་ལ་སོགས་པའི་གནས་སྐབས་སུ་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དེ་ནི་ནམ་མཁའ་དང་མཚུངས་སོ་ཞེས་བྱ་བ་ཚིག་གསུམ་པ་སྨོས་པ་ཡིན་ནོ། །དེ་ལྟར་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་གནས་སྐབས་སུ་སྦྱང་བར་བྱའོ། །དེ་ལ་སེམས་བསྟན་པ་ནི་བར་ཆད་མེད་ཅིང་སྙིང་པོ་དང་བཅས་པས་སོ། །


DTG085_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མི་གཡོ་བ་ནི་ཆོས་ཉིད་མངོན་སུམ་དུ་བྱེད་པ་ཉིད་མངོན་སུམ་དུ་བྱེད་པ་ཉིད་ཀྱིས་སོ། །མི་འཕྲོགས་པ་ནི་གཞན་རྣམས་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱིས་ཏེ། ཡང་དག་པར་བླངས་པ་དང་སྦྱར་བ་དང་ཆེད་དུ་བྱ་བ་ལས་མ་ཉམས་པའི་དོན་གྱིས་ཞེས་སྦྱོར་བར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་སེམས་ལྡོག་པ་ལས་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ་ཞེས་གསུངས་པ་ནི། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་ལས་ལྡོག་ཅིང་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་འཇུག་པར་འགྱུར་བ་ལས་ལྡོག་པ་གང་ཡིན་པའམ། མི་འཇུག་པར་འགྱུར་བ་ལས་འཇུག་པར་གྱུར་པ་དེ་ནི་འདིར་ལྡོག་པ་དང༌། འཇུག་པ་ཙམ་ནི་ཡིན་ནོ། །དེ་དག་ནི་ཡང་དག་པའི་དོན་མི་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་སྐད་ཅིག་མ་གསུམ་པ་ལ་ནི་རྗེས་སུ་ཤེས་པ་དང་འབྲེལ་པས་ཉན་ཐོས་ལ་སོགས་པའི་སར་ལྟུང་བར་འགྱུར་བ་དག་སྲིད་པ་ཡིན་ཏེ། དེ་ནི་ཁམས་གསུམ་པའི་གཉེན་པོ་ཐོབ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་ལས་ལྡོག་པའི་རྣམ་པ་བཤད་པ་ཡིན་ནོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཐུས་བསམ་གཏན་ལ་སོགས་པའི་ཡན་ལག་ཡང་དག་པར་ཡོངས་སུ་ཟད་པས་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་དེ་དག་འདོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདིར་བསམ་གཏན་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སོགས་པ་ཉེ་བར་མཚོན་པ་ཡིན་ནོ། །མཐོང་བའི་ཆོས་ལ་བདེ་བར་གནས་པའི་དོན་དུ་མངོན་སུམ་དུ་བྱེད་པ་ཡིན་པའི་ཕྱིར། བསམ་གཏན་ལ་གནས་ཤིང་དེའི་འབྲས་བུ་མངོན་སུམ་དུ་མི་བྱེད་པས་བསམ་གཏན་ལ་ཡོངས་སུ་འདྲིས་པར་ཡང་བྱེད་དོ། །དེ་དེའི་ཡན་ལག་སྤངས་པས་རྗེས་སུ་ཤེས་པར་རྟོགས་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོར་གྱུར་པ་ཉིད་དུ་ཤེས་པར་བྱ་བའི་དོན་དུ་དམིགས་པར་བྱེད་པའི་ཕྱིར། དེ་བསམ་གཏན་དག་ལ་སྙོམས་པར་འཇུག་ཀྱང་རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་འཛིན་པས་བསམ་གཏན་གྱི་དབང་གིས་ཀྱང་མི་སྐྱེ་བའོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་འདོད་ཆགས་དང་བྲལ་བ་ཐོབ་པར་བྱེད་པ་མི་འཐད་པས། དེ་སླར་འདོད་པ་ན་སྤྱོད་པའི་ཆོས་རྣམས་ལ་གནས་པར་བྱེད་དེ་ཞེས་


DTG085_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་སྦྱར་རོ། །མི་དགེ་བ་དང་བྲལ་བ་ཉིད་ཀྱི་ལུས་དང་སེམས་སྤང་བའི་ཕྱིར་ཀུན་འབྱུང་བ་ཆོས་ཤེས་པའི་བཟོད་པའི་ཡིན་ནོ་ཞེས་གསུངས་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་བསལ་བ་ཉིད་ཀྱིས་ན། ལུས་དང་སེམས་ཡང་བ་བསྐྱེད་པས་མིང་ལ་སོགས་པ་ལ་ཆེད་ཆེ་བར་བྱེད་པ་མ་ཡིན་ནོ། །ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྙན་པའི་དབྱེ་བས་སྒྲ་དང་ཚིགས་སུ་བཅད་པ་ཞེས་གཉིས་གསུངས་པ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཆོས་རྟོགས་པའི་ཕྱིར་མིང་ལ་སོགས་པ་མ་ཐོབ་ན་ཡང་ཡིད་མི་བདེ་བ་མེད་པས་ན་སེམས་མི་འཁྲུགས་པ་ཡིན་ནོ། །སྒྱུ་མ་ལྟ་བུར་བསྒོམ་པའི་ཐབས་ལ་མཁས་པའི་མཐུས་མངོན་པར་ཞེན་པ་མེད་པར་འདོད་པ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་ཀུན་འབྱུང་ལ་ཆོས་ཤེས་པ་ཡིན་པ་ནི་གལ་ཏེ་ཁྱིམ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཁྱིམ་ནི་ཡོངས་སུ་འཛིན་པའི་གནས་པའོ། །འདོད་པ་རྣམས་ཐོབ་པ་ལ་མངོན་པར་ཞེན་པའི་འདོད་པ་ལ་མངོན་བར་ཆགས་པའམ། མ་ཐོབ་པ་རྣམས་ལ་མངོན་པར་འདོད་པ་སྟེ་དོན་དུ་གཉེར་བ་ལྷག་པར་ཆེར་མི་འབྱུང་ངོ༌། །སྒྱུ་མ་ལྟ་བུའི་མྱ་ངན་ལས་འདས་པའི་ཆོས་རྟོགས་པས་སྐྱོ་བར་འདུ་ཤེས་པ་ཡིན་ནོ། །འདི་དག་ཉིད་དཔེས་གསལ་བར་བྱ་བའི་ཕྱིར་རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྲོག་གི་དབང་པོ་ལ་སོགས་པ་འགག་པའི་འཇིགས་པ་མཐོང་བས་སྐྲག་པའི་འདུ་ཤེས་སོ། །འཇིགས་པ་དང་བཅས་པ་ཉིད་ཡིན་པའི་དེ་ལྟར་འདུ་ཤེས་པས་རིངས་ཐབས་སུ་ཞེས་སྨྲས་སོ། །དོན་དུ་མི་གཉེར་བ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ་ཁ་ཅིག་ན་རེ་མ་འོངས་པ་ལ་དོན་དུ་མི་གཉེར་བ་ཉིད་དང༌། ད་ལྟར་གྱི་ལ་མི་བརྐམ་པ་ཉིད་དང༌། འདས་པ་རྣམས་ལ་མ་ཆགས་པ་ཉིད་དུ་ཞེས་འདོད་དོ། །གཞན་དག་ནི་སྦྱོར་བ་ལ་སོགས་པ་ལ་བྱའོ་ཞེས་ཟེར་རོ། །རབ་ཏུ་དགའ་བ་དང་བདེ་བ་བསྐྱེད་པ་ཉིད་ཡིན་པའི་ཕྱིར་དགའ་བའི་རང་བཞིན་ཅན་དང་བདེ་བའི་རང་བཞིན་ཅན་དེ་ལ་དོན་དུ་མི་གཉེར་བར་ཁྱིམ་ན་གནས་པར་འགྱུར་རོ་ཞེས་སྔ་མ་དང་སྦྱར་རོ། །ཡུལ་གྱི་ཉེས་དམིགས་མཐོང་བས་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་ཡིན་པའི་ཕྱིར། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་པ་ནི་དེ་དག་ཁྱིམ་ན་གནས་ན་ཞེས་


DTG085_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མཉམ་པ་དང་མི་མཉམ་པས་ཞེས་བྱ་བ་ནི་སྐྱིན་པོ་དང་སྤེལ་བའི་ཚུལ་གྱིས་སོ། །ཆོས་འབའ་ཞིག་གིས་འཚོ་བར་ཞེས་བྱ་བ་ནི་རིག་པ་ཉེ་བར་བསྒྲུབས་པ་ཡིན་པའི་ཕྱིར་རོ། །གཞན་ལ་གནོད་པ་མི་བྱེད་དོ་ཞེས་བྱ་བ་ནི་རྒྱུད་ཞི་གནས་ཀྱིས་བརླན་པ་ཡིན་པའི་ཕྱིར་ཉེ་བར་འཚེ་བར་མི་བྱེད་པའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེན་ཞེས་བྱ་བས་དོགས་པ་བསུ་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་ཁ་ཅིག་ན་རེ་བསྟོད་པའི་ཚིག་རྣམས་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་སྐྱེས་བུ་དམ་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཅུ་དྲུག་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་ཐོབ་པ་དང་གོ་རིམས་བཞིན་དུ་སྦྱར་རོ་ཞེས་ཟེར་རོ། །སྐྱེས་བུ་དམ་པ་ཆོས་ཉིད་ཀྱིས་འཚོ་བའི་ཡོ་བྱད་ཡང་དག་པར་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར། ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བ་ནི་གནོད་སྦྱིན་མཆོག་ཏུ་ཕལ་དུ་བྱུང་བ་འགའ་ཞིག་ལ་མིང་འདི་སྐད་ཅེས་བྱ་བའོ། །ལུས་དང་ངག་དང་སེམས་ཟིལ་གྱིས་མི་ནོན་པ་ཉིད་ཀྱིས་ན་གོ་རིམས་བཞིན་དུ་ཐུབ་པར་དཀའ་ཞིང་འདའ་བར་བྱ་བར་མི་ནུས་པ་དང་བསྙེན་པར་དཀའ་བར་འགྱུར་རོ་ཞེས་བྱ་བའི་ཚིག་དང་སྦྱར་རོ། །སྐྱེས་བུ་ཁྱུ་མཆོག་གི་དབང་པོ་དང་ལྡན་པར་འགྱུར་ཏེ་ཞེས་བྱ་བ་ནི་མདོམས་ཀྱི་སྦབ་སྦུབས་སུ་ནུབ་པ་ཡིན་པའི་ཕྱིར་རོ། །བུད་མེད་དག་དབང་དུ་བྱ་བའི་སྔགས་ཀྱི་རིགས་དང་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཅིག་ན་རེ་འཕགས་མ་སྒྲོལ་མ་ལ་སོགས་པའི་སྔགས་ཀྱི་རྣམ་པ་ནི་སྔགས་ཀྱི་རིགས་སོ། །ཟླ་བ་དང་ཉི་མ་གཟས་ཟིན་པའི་ཚེ་བཏུས་པའི་བིང་གར་ཛ་ལ་སོགས་པ་ནི་རྩིའོ། །སྔགས་ཀྱི་རིགས་དང་རྩི་ཉིད་ནི་རིག་པའོ། །སྨན་ལ་སོགས་པའི་སྒྲས་ནི་སྔགས་ལ་སོགས་པ་བསྡུའོ་ཞེས་ཟེར་རོ། །གཞན་དག་ནི་སྔགས་ཀྱི་རིགས་ནི་འཇིག་རྟེན་ལས་འདས་པའོ། །རྩི་ནི་རྫས་མང་པོ་བསྡུས་པ་ལས་སྦྱར་བའི་མཚན་ཉིད་དོ། །རིག་པ་ནི་འཇིག་རྟེན་པའིའོ། །སྨན་ནི་ཡན་ལག་གཅིག་པ་ལ་བྱའོ་ཞེས་ཟེར་རོ། །ལ་ལ་ནི་སྔགས་ཀྱི་རིགས་ནི་ལྷ་ཕོ་དང་འབྲེལ་པའོ། །རྩི་ནི་ནད་སྐྱེས་པ་གསོ་བར་བྱེད་པའོ། །རིག་པ་ལྷ་མོ་དང་འབྲེལ་བའོ། །སྨན་ནི་གློ་བུར་དུ་བྱུང་བའི་ནད་སེལ་


DTG085_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ཡིན་ནོ་ཞེས་འདོད་དོ། །རྩོད་པ་དང་རྒོལ་བར་སྨྲ་བའི་ངང་ཚུལ་ཅན་དུ་མི་འགྱུར་ཞེས་བྱ་བ་ནི་ལུས་དང་ངག་གི་འཐབ་རྩོད་མེད་པའི་ཕྱིར་རོ། །སྟོང་པ་ཉིད་ལ་གནས་པ་ཉིད་ཀྱི་ཕུང་པོ་དང་སྐྱེས་མཆེད་དང་ཁམས་རྣམས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པས་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འཕགས་པ་རྣམ་པར་གྲོལ་བའི་སྡེས་ནི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ཞེས་སྨོས་པས། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དག་དང༌། འགོག་པ་དང་ལམ་གྱི་བདེན་པ་དག་ལ་གོ་རིམས་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བ་སྔོན་དང་ཕྱི་མར་ཤེས་པར་བྱ་བའི་དོན་ཡིན་ནོ་ཞེས་བཤད་དོ། །གཞན་དག་ནི་ཕུང་པོ་ལ་སོགས་པ་ལ་དང་པོ་མངོན་པར་ཞེན་པ་ནི་སྦྱོར་བ་ཞེས་བྱ་བ་ལ། ཕྱི་ནས་ཤར་མངོན་པར་ཞེན་པ་ནི་རྗེས་སུ་སྦྱོར་བ་ཞེས་ཟེར་རོ། །མི་མཐུན་པའི་ཕྱོགས་བསལ་པ་ཉིད་ཀྱི་རྟོགས་པའི་བར་ཆད་བྱེད་པའི་ཆོས་རྣམས་ལ་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པས་འགོག་པ་ལ་ཆོས་ཤེས་པ་ཡིན་པ་ནི། དེ་དག་ནི་འདུ་འཛི་ལ་དགའ་བའི་གཏམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཏམ་སྨྲས་པ་ནི་དངོས་པོའི་རྣམ་པར་རྟོག་པ་སྡུག་བསྔལ་དང་ཀུན་འབྱུང་གི་ཤེས་པའི་དུས་ཉིད་དུ་གསལ་ཟིན་པ་ཉིད་ཡིན་པའི་ཕྱིར་འགོག་པ་ཤེས་པ་ནི་གཏམ་ཙམ་གྱི་རྣམ་པར་རྟོག་པའི་གཉེན་པོའི་ཕྱོགས་ཡིན་པར་བསྟན་པ་ཡིན་ནོ། །དེ་ལྟ་བུའི་གནས་སྐབས་ཀྱི་དབང་དུ་བྱས་ནས། འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་དུ་རབ་ཏུ་གནས། །བརྗོད་བྱ་ཡོད་པ་མ་ཡིན་ནོ། །ཞེས་པ་བཤད་པ་ཡིན་ནོ། །རྣམ་པར་རྟོག་པའི་སྐྱོན་ཡོངས་སུ་ཤེས་པ་ཉིད་ཀྱི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་སྦྱིན་པ་དང་རྗེས་སུ་སྦྱོར་བ་ལ་གནས་པ་སོ་སོར་བཀག་པས་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་པ་ནི། དམག་གི་གཏམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་དམག་ནི་བྱང་ཆུབ་ཀྱི་ཆོས་ཀྱི་ཚོགས་ཏེ། འདིས་ནི་འགོག་པ་ཤེས་པའི་གནས་སྐབས་སུ་ཡང་དག་པར་བསྒྲུབས་པ་མང་པོ་དང་ཉེ་བར་ལྡན་པར་སྟོན་པ་ཡིན་ནོ། །དེ་ལྟར་ཡང་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་དེ་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་ཉུང་དུའམ་མང་པོ་


DTG085_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་མི་མཐུན་པ་དང་གཉེན་པོ་ཕྱོགས་གསད་པར་བྱ་བ་དང་གསོད་པ་པོ་གཡུལ་འགྱེད་པའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་གནས་པ་བཀག་པས་འགོག་པ་ལ་རྗེས་སུ་ཤེས་པ་ཡིན་པ་ནི། འཐབ་མོའི་གཏམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ལྟ་བུའི་གནས་སྐབས་སུ་རང་གི་ངང་ཉིད་ཀྱིས་རྣམ་པར་སྨིན་པ་འགོག་པ་རྣམ་པ་བཞིར་འགྱུར་བ་ནི། འདི་ལྟ་སྟེ་དབང་པོའི་གྲོང་འགོག་པ་ནི་དང་པོའོ། །དེ་བཞིན་དུ་དབང་པོའི་རྟེན་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གྲོང་ཁྱེར་འགོག་པ་ནི་གཉིས་པའོ། །དེ་བཞིན་དུ་དབང་པོའི་ཡུལ་གྱི་གྲོང་རྡལ་འགོག་པ་ནི་གསུམ་པ་སྟེ། དེ་ནི་གྲོང་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ལྗོངས་ལ་སོགས་པ་ནི་གྲོང་ཁྱེར་གྱི་དབྱེ་བ་ཡིན་ནོ། །བདག་ཏུ་མངོན་པར་ཞེན་པ་འགོག་པ་སྟེ་བཞི་པ་ནི་བདག་གི་གཏམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བདག་ཁོ་ན་ལ་བདག་གི་དང་འབྲེལ་པས་རབ་ཏུ་ཕྱི་བའི་དོན་ནི་བློན་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྣམ་པར་སྨིན་པ་འགོག་པ་རྣམ་པ་བཞི་པོ་དེ་དག་ཀྱང་རེ་རེ་ཞིག་ཁམས་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་འདོད་པ་དང་གཟུགས་ཀྱི་ཁམས་དག་ན་དབང་པོ་དང་རྟེན་དང་ཡུལ་གྱི་འགོག་པ་ཡོད་པ་ནི་ཤིན་ཏུ་གྲགས་པ་ཡིན་ནོ། །གཟུགས་མེད་པ་ན་ཡང་བཏང་སྙོམས་དང་སྲོག་དང་ཡིད་ཅེས་བྱ་བའི་དབང་པོ་ཡོད་པས་དབང་པོ་འགོག་པ་ཡིན་ནོ། །གཟུགས་མེད་པ་ན་ཡང་བཏང་སྙོམས་དང་སྲེག་དང་ཡིད་ཅེས་བྱ་བའི་དབང་པོ་ཡོད་པས་དབང་པོའི་རྟེན་པས་དབང་པོ་འགོག་པ་ཡིན་ནོ། །རིགས་མཐུན་པ་དང་སྲོག་ལའང་འདིར། །སེམས་ཀྱི་རྒྱུད་ནི་རྟེན་པ་ཡིན། །ཞེས་བྱ་བ་ཡིན་པས་དབང་པོའི་རྟེན་འགོག་པའོ། །ཡིད་ཀྱི་ཡུལ་ཆོས་ཡོད་པས་དབང་པོའི་ཡུལ་འགོག་པ་ཡོད་པ་ཡིན་ནོ། །བདག་ཏུ་མངོན་པར་ཞེན་པ་ནི་ཐམས་ཅད་ན་ཡོད་པ་ཉིད་ཡིན་པས་དེ་འགོག་པ་ཡང་འཐད་པ་ཁོ་ན་ཡིན་ནོ། །སྦྱིན་པ་ལ་སོགས་པའི་ཁྱད་པར་རྟོགས་པས་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པས་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པས་སོར་བཀག་པ་ལ་ཆོས་ཤེས་པའི་བཟོད་པ་ཡིན་པ་


DTG085_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཆོས་དང་འགལ་བའི་གཏམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་དང་འགལ་བའི་གཏམ་བཀག་པས་ནི་བར་ཆད་མེད་པའི་ལམ་ཉིད་ཡིན་པའི་ཕྱིར་བཟོད་པ་ཉོན་མོངས་པ་དང་བྲལ་བའི་རྒྱུ་ཉིད་ཡིན་པར་བསྟན་ཏོ། །འཐབ་མོ་ནི་ལུས་དང་ངག་གི་རྩོམ་པའོ། མཚང་འབྲུ་བ་ནི་ལུས་དང་ངག་དང་ཡིད་ཀྱི་བྱས་པའི་ཚུལ་དང་མི་མཐུན་པའོ། །རྩོད་པ་དང་གྲོལ་བ་ནི་བཤད་ཟིན་ཏོ། །ཆོས་འདོད་པ་ནི་དགེ་བའི་ཆོས་ཀྱི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་རོ། །བསྒྲུབ་པ་དང་འབྲས་བུའི་ཆོས་དག་ནི་འདུས་བྱས་དང་འདུས་མ་བྱས་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་སྤང་བ་དང་བླང་བར་བཤད་པས་མི་འབྱེད་པ་བརྗོད་པ་སྨྲ་བའོ། །ཤིན་ཏུ་ཁྱད་པར་དུ་འཕགས་པའི་གནས་ཐོབ་པར་འདོད་པས་མཛའ་བར་འདོད་པའོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཆོས་སྟོན་པས་ཆོས་སྨྲ་བའོ། །སྐྱེ་བ་ལ་དབང་ཐོབ་པས་དེར་སྐྱེ་བ་ཡིན་ནོ། །ཇི་སྐད་དུ་བཤད་པའི་བཟོད་པ་གསལ་བར་བྱ་བའི་ཕྱིར་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁས་པ་ཞེས་བྱ་བ་ནི་བྱང་བར་གྱུར་པའོ། །ཕལ་ཆེར་ཞེས་བྱ་བ་ནི་མང་དུའོ། །ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་ཡིན་པས་རྟོགས་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་པའི་ཕྱིར་ལམ་ལ་ཆོས་ཤེས་པ་ནི་རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པས་ཆོས་རྡུལ་ཙམ་དུ་ཡང་དམིགས་པ་དང་བྲལ་པ་ཡིན་པས། འདི་སྙམ་དུ་བདག་ཕྱིར་ལྡོག་པ་ཡིན་ནམ་ཕྱིར་མི་ལྡོག་པ་ཡིན་སྙམ་དུ་མི་སེམས་ཏེ། སྦྱོར་བ་ལ་སོགས་པའི་གནས་སྐབས་སུ་ཐེ་ཚོམ་མི་སྐྱེད་སོམ་ཉི་མི་བྱེད་ཡང་དག་པར་ཞུམ་པར་མི་འགྱུར་རོ་ཞེས་བྱ་བའི་ཚིག་དང་སྦྱར་ཏེ། ཐེ་ཚོམ་ལ་སོགས་པ་མེད་པ་ཉིད་ཀྱིས་ནི་རྣམ་པར་གྲོལ་བའི་ལམ་ཉིད་ཡིན་ནམ་ཤེས་པ་བྲལ་བ་ཐོབ་པའི་རྒྱུ་ཉིད་ཡིན་པར་སྟོན་ཏོ། །དེ་ཉིད་དཔེའི་སྔོན་དུ་འགྲོ་བས་གསལ་བར་བྱེད་པ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བདུད་ཀྱི་ལས་ཁོང་དུ་ཆུད་པ་ལ་སོགས་པས་ནི་བྲལ་བ་ཐོབ་པའི་བྱེད་པ་ཉིད་སྟོན་པ་ཡིན་ནོ། །གཞན་ཡང་དཔེས་རྒྱ་ཆེར་སྟོན་པ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་གིས་ཞེས་བྱ་བ་ལ་སོགས་


DTG085_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུངས་པ་ཡིན་ཏེ། བསལ་བ་ནི་རྣམ་པ་ཐམས་ཅད་དུ་མེ་དར་བྱ་བའོ། །གནོན་པ་ནི་དུས་ཅུང་ཞིག་བཟློག་པའོ། །བསྐྱོད་པ་འམ་བསྒྲུབ་བར་ཞེས་བྱ་བ་ནི་རང་གི་ངས་ནས་སྤོ་བའམ་དེ་ཉིད་དུ་མི་བརྟན་པར་བྱ་བར་མི་ནུས་པ་ཞེས་བྱ་བའི་ཐ་ཚིག་གོ །། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཟློག་པར་མི་ནུས་པ་ཉིད་འདིས་ནི་ལྷ་དང་བཅས་པའི་འཇིག་རྟེན་ལས་འདས་ཏེ་སྐྱོན་མེད་པར་ཞུགས་པ་ཡིན་པའི་ཕྱིར་ལམ་ལ་ཆོས་ཤེས་པ་ཁམས་གསུམ་པའི་གཉེན་པོ་ཉིད་ཡིན་པར་སྟོན་པར་འགྱུར་རོ། །ཚེ་འཕོས་ན་ཡང་ཞེས་བྱ་བ་ནི་སྐྱེ་བ་གཞན་དུ་བརྗེས་པར་གྱུར་ཀྱང་ངོ༌། །ཉན་ཐོས་ལ་སོགས་པའི་སེམས་མི་བསྐྱེད་པས་ནི་ཐེག་པ་གཞན་གྱིས་ངེས་པར་འབྱུང་བ་མེད་པས་སྦྱོར་བ་མཐའ་གཅིག་པ་ཉིད་ཡིན་པར་སྟོན་ཏོ། །ཡིད་ཆེས་པ་ཐོབ་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅན་གྱི་རང་གི་གསུམ་ལ་ངེས་པ་ཉིད་དུ་གནས་པའི་ཕྱིར་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་པ་ནི་དེ་ཚེ་འཕོས་ན་ཡང་འདི་སྙམ་དུ་སེམས་ཏེ་བདག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་ས་ལ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་ལའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དོགས་པ་བསུ་ནས། དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་དང་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྔ་རྟོགས་པས་སོ། །ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་བདེན་པ་མངོན་པར་རྫོགས་པར་བྱང་ཆུབ་པས་སོ། །དེ་ནི་དེ་བཞིན་ཏེ་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དགྲ་བཅོམ་པ་ཉིད་མངོན་སུམ་མི་བྱའོ་ཞེས་གསུངས་པ་དེ་ནི། དེ་ཁོ་ན་བཞིན་དུ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་འདི་སྙམ་དུ་སོ་སོར་རྟོག་ཅིང་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནི། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ངེས་པར་འཛིན་པའོ། །སངས་རྒྱས་སུ་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུར་རོ། །ཀྱེ་མ་འདི་ནི་གདོན་མི་ཟ་བར་ཞེས་བྱ་བ་ནི་ཀྱེ་མ་འདི་ནི་ངེས་པར་ཞེས་བྱ་བས་དོགས་པ་བསུ་ནས། དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐའ་གཅིག་ལ་བརྟེན་པ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བའི་ཕྱིར་ལམ་ལ་


DTG085_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཤེས་པ་ཡིན་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་བདག་ཡོངས་སུ་གཏོང་བ་ནི་ལུས་ཡོངས་སུ་གཏོང་བའོ། །སྲོག་ཡོངས་སུ་གཏོང་བ་ནི་སེམས་ཡོངས་སུ་གཏོང་བའོ། །གཞན་དག་ནི་གཉི་ག་སྨོས་པ་ནི་སོ་སོ་དང་བསྡུས་པའི་བདག་ཡོངས་སུ་གཏོང་བར་ཤེས་པའི་དོན་ཡིན་ནོ་ཞེས་འདོད་དོ། །དགའ་བ་ནི་བྱམས་པའོ། །གུས་པ་ནི་གཅེས་པར་བྱེད་པའོ། །འདི་དག་ནི་བདག་གི་ཡང་ཞེས་བྱ་བ་འདིས་ནི་བྲལ་བ་ཐོབ་པ་དམ་པའི་ཆོས་ཡོངས་སུ་བཟུང་བ་དང་སྐལ་བ་མཉམ་པ་ཉིད་དུ་སྟོན་ཏོ། །ཇི་སྐད་དུ་བཤད་པའི་ཤེས་པ་ཉིད་རྒྱ་ཆེར་སྟོན་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་ཡིན་པར་གཟུང་ངོ༌། །དེ་སྐད་དུ་ཡང༌། གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་ལ་སྤྱོད་ལ་ཐབས་མཁས་དང༌། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །འཚོ་བ་རྣམ་པར་དག་ཉིད་དང༌། །ཕུང་སོགས་བར་ཆད་བྱེད་རྣམས་དང༌། །ཚོགས་དང་དབང་སོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང༌། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་པའི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་ན་རྣལ་འབྱོར་པའི་རྒྱུད་ལ་ཡོད་པ་སོ་སོ་རང་གིས་རིག་པའི་སྐད་ཅིག་མ་རྣམས་གཞན་དག་ཡིད་ཆེས་པར་བྱེ་དཔའི་མཚན་ཉིད་དག་ཡིན་ཞེ་ན། བརྗོད་པ་གང་གི་ཕྱིར་བཟོད་པ་དང་ཤེས་པའི་སྐད་ཅིག་མ་ཡང་དག་པར་རྟོགས་པ་རྣམས་ཀྱིས་ནི། གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་དག་ལ་འཇིག་རྟེན་པ་རྗེས་ཀྱི་སེམས་ཀྱིས་བསྡུས་པ་གཟུགས་ལ་


DTG085_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་འདུ་ཤེས་བཟློག་པ་ལ་སོགས་པ་གཞན་གྱིས་རྟོགས་པའི་ཡུལ་རང་དང་རྗེས་སུ་མཐུན་པའི་འབྲས་བུ་བསྐྱེད་པ་ཡིན་ཏེ། རྣལ་འབྱོར་པ་རྣམས་ཀྱི་ཐ་སྙད་ནི་སེམས་ཅན་གདུལ་བའི་དགོས་པའི་དབང་མ་གཏོགས་པར་ཐམས་ཅད་དུ་རྟོགས་པ་དང་རྗེས་སུ་མཐུན་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་བས་ན་མཚན་ཉིད་འདི་དག་ཡིན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ། མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། ཕྱིར་མི་ལྡོག་པའི་རྣམ་པ་དང་རྟགས་དང་མཚན་མའི་ལེའུ་ཞེས་བྱ་བ་སྟེ་བཅུ་བདུན་པའོ།། །།མཐོང་བའི་ལམ་དང་འབྲེལ་པས་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་བསྟན་པའི་དོན་དུ་སྐབས་སྦྱོར་བར་བྱེད་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡོན་ཏན་ཆེན་པོའི་ཚོགས་དང་ལྡན་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་བཟོད་པ་ཐོབ་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །ཡོན་ཏན་ཚད་མ་མཆིས་པ་ལྡན་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཤེས་པ་ཐོབ་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སླར་མི་སྐྱེ་བའི་ཕྱིར་རོ། །ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ་ཞེས་བྱ་བ་ནི། དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབ་པའི་ཡེ་ཤེས་ཐོབ་པ་ཡིན་པའི་ཕྱིར་རོ། །ངོ་མཚར་ཏོ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཆོས་དང་ལྡན་པའི་ཕྱིར་རོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ནི་རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་རྗེས་སུ་བརྗོད་པ་གསུངས་པ་ཡིན་ནོ། །རེགས་པ་དང་མི་ལྡན་པ་ཉིད་ཀྱིས་ན་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་མཐའ་ཡས་པའི་ཕྱིར་མཐའ་ཡས་པའོ། །ཐམས་ཅད་དུ་ཡུལ་དུ་མ་ཡིན་པ་ཉིད་ཀྱིས་ན་མུ་མེད་པའོ། །འཇིག་རྟེན་ཐམས་ཅད་ཀྱིས་བསྐྱེད་པར་མི་ནུས་པ་ཉིད་ཀྱིས་ན་མི་འཕྲོགས་པ་ཡིན་ནོ། །དེ་ལྟར་འབྲེལ་པ་བསྒྲུབས་ནས་དཀྱུས་མའི་དོན་ནི་བཅོམ་ལྡན་འདས་ནི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ནི་རྣམ་པ་ལ་སོགས་པ་སྟོན་པར་སྤྱོད་པ་ཡིན་པ། དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཀྱིས་བསྒོམ་པའི་ལམ་ལ་


DTG085_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་དོན་གནས་ཟབ་མོ་བསྟན་པར་མཛོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ །གནས་ཞེས་བྱ་བ་ནི་གནས་པ་བརྗོད་པ་སྟེ། བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་གང་ལ་གནས་ནས། དྲན་པ་ཉེ་བར་གཞག་པ་བཞི་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་བ་དེ་མངོན་པར་གྲུབ་པ་མ་ལུས་པའི་རྒྱུ་ཡོངས་སུ་རྫོགས་པ་ཉིད་དུ་ཤེས་པར་བྱ་བའི་སྒོ་ནས་རྒྱུན་དང་ལྡན་པ་ཉིད་དུ་བཤད་པའི་དོན་ཡིན་ནོ། །ཟབ་མོ་ཟབ་མོ་ཞེས་བཟླས་ཏེ་བརྗོད་པ་ནི་ཡང་ནས་ཡང་དུ་གོམས་པར་བྱ་བའི་ལམ་ཡིན་པར་ཤེས་པར་བྱ་བའི་དོན་ཡིན་ནོ། །ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་སྐྱེའོ་ཞེས་བྱ་བའི་ཚུལ་གྱིས་བསྒོམ་པའི་ལམ་གྱི་ཁྱད་པར་ནི་རབ་འབྱོར་ཁྱོད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཟབ་མོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ཟབ་མོ་ཞེས་བྱ་བའི་ཐ་ཚིག་གོ །ཤེས་པར་འདོད་པ་ཞེས་བྱ་བ་ནི་རྟོགས་པར་འདོད་པའོ། །ཡང་འདིའི་ཟབ་པ་གང་ཞིག་ཡིན་ཞེ་ན། རབ་འབྱོར་ཟབ་ཅེས་བྱ་བ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་པ་འདི་ནི་དངོས་པོ་གཙོ་བོར་བྱ་བ་ཡིན་ཏེ་ཟབ་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་འཛིན་པ་དང་བྲལ་བས་སྟོང་པ་ཉིད་དང༌། གཟུང་བར་བྱ་བ་མེད་པས་མཚན་མ་མེད་པའོ། །གཟུང་བ་དང་འཛིན་པ་དང་བྲལ་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡང་དོན་དམ་པར་དངོས་པོ་མེད་པས་སྨོན་པ་མེད་པའོ། །སྐྱེ་བོ་ལ་སོགས་པའི་མཚན་ཉིད་གསུམ་དང་བྲལ་བའི་ཕྱིར་རམ་ལྷུན་གྱིས་གྲུབ་པར་འཇུག་པ་ཉིད་ཡིན་པའི་ཕྱིར་མངོན་པར་འདུ་མི་བྱེད་པའོ། །རྒྱུ་མེད་པའི་ཕྱིར་མ་བྱུང་བའོ། །ཉིད་མཚམས་སྦྱོར་བ་དང་བྲལ་བས་མ་སྐྱེས་པའོ། །མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་དང་བྲལ་བས་དངོས་པོ་མེད་པའོ། །བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་དང་བྲལ་བས་འདོད་ཆགས་དང་བྲལ་བའོ། །མ་འོངས་པའི་སྡུག་བསྔལ་མི་སྐྱེད་པའི་ཆོས་ཅན་ཉིད་ཡིན་པས་འགོག་པའོ། །མཚན་མ་མེད་པ་དང་ཞི་བ་དང་བདེ་བར་གནས་པ་ཉིད་ཀྱིས་ན་མྱ་ངན་ལས་འདས་པའོ། །མཐོང་བའི་ཆོས་ལ་སྡུག་བསྔལ་མི་རྒྱུ་བའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་བྲལ་བར་གྱུར་བ་ཞེས་བྱ་སྟེ། དེ་ལྟར་ན་སྟོང་པ་ཉིད་


DTG085_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་དོན་གྱི་དབྱེ་བས་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །ཚིག་འདི་དག་ཐམས་ཅད་ལྡོག་པའི་དབྱེ་བས་ཆོས་ཀྱི་དབྱིངས་ཉིད་ཡིན་པར་བསྟན་ཏོ་ཞེས་གཟུང་བར་བྱའོ། །སྟོང་པ་ཉིད་ལ་སོགས་པའི་ཟབ་མོ་དེ་དག་ཀྱང་སྒྲོ་བཏགས་པ་དང་སྐུར་བའི་མཐའ་གཉིས་དང་བྲལ་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་ཟུར་གྱིས་དྲི་བ་ནི། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བའི་རྗེས་ལ་ཅི་ཞེས་བྱ་བ་ནི་ལྷག་མའོ། །ལན་བསྟན་པར་བྱ་བའི་དོན་དུ་རབ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། རབ་འབྱོར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཉིད་ཅིའི་ཕྱིར་ཞེས་འདྲི་བར་མཛད་པ་ནི། རབ་འབྱོར་གཟུགས་ཇི་ལྟར་ཟབ་ཅེས་བྱ་བ་སོགས་པ་གསུངས་པ་ཡིན་ནོ། །ལན་ནི་རབ་འབྱོར་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གཟུགས་ཟབ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཇི་ལྟར་སྟོང་པ་ཉིད་ཟབ་པ་ཡིན་པ་དེ་བཞིན་དུ་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པ་ཉིད་ཀྱི་གཟུགས་ལ་སོགས་པ་ཡང་ཟབ་པོ་ཞེས་བྱ་བའི་ཐ་ཚིག་གོ །འདིས་ཀྱང་དེ་བཞིན་ཉིད་ལ་ནི་གཟུགས་ལ་སོགས་པ་ཡོད་པ་མ་ཡིན་ནོ་ཞེས་སྒྲོ་འདོགས་པའི་མཐའ་བཀག་པ་ཡིན་ནོ། །གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གཟུགས་ཟབ་པོ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་བཤད་པས། གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཁོ་ན་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་མ་བཏགས་ན་ཉམས་དགའ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ཀྱང་གཟུགས་ལ་སོགས་པ་ལས་དེ་བཞིན་ཉིད་གཞན་མ་ཡིན་ནོ་ཞེས་སྐུར་པ་འདེབས་པའི་སྤོང་བའི་མཐའ་སྤོང་བ་ཡིན་ནོ། །ཉེ་བར་བསྡུ་བ་ནི་རབ་འབྱོར་གང་ལ་གཟུགས་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཇི་སྲིད་ཀྱི་ཚིག་གིས་ནི་མངོན་པར་ཞེན་པ་དགག་པ་དང་མངོན་པར་མ་ཞེན་པ་བསྒྲུབ་པ་གཟུང་ངོ༌། །ཐབས་ཞིབ་མོས་ཞེས་བྱ་བ་ནི་སྐྲག་པ་མེད་པའི་ཚུལ་གྱིས་སོ། །གཟུགས་ལས་ཀྱང་བཟློག་ལ་མྱ་ངན་ལས་འདས་པ་ཡང་བསྟན་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་གཟུགས་ལ་སོགས་པ་བཀག་པས་གཟུགས་ལ་སོགས་


DTG085_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འཇུག་པ་བསལ་བའི་དོན་དུ་བཟློག་པ་ཡིན་ལ། དེ་ཉིད་ལ་སྟོང་པ་ཉིད་དུ་གོམས་པར་བྱེད་པས་མྱ་ངན་ལས་འདས་པ་ཡང་བརྗོད་པར་གྱུར་པ་ཡིན་ནོ། །དེ་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ། སྟོང་པ་ཉིད་ལ་སོགས་པ་ལ་གཟུགས་ལ་སོགས་པ་མེད་ཅིང༌། དེ་ལས་སྟོང་པ་ཉིད་ལ་སོགས་པ་གཞན་མ་ཡིན་ཞེས་བྱ་བ་གོ་རིམས་བཞིན་དུ་སྒྲོ་བཏགས་པ་དང་སྐུར་བའི་མཐའ་ལས་གྲོལ་བ་གང་ཡིན་པ་དེ་ནི། སྟོང་པ་ཉིད་ལ་སོགས་པའི་ཟབ་མོ་ཉིད་ཡིན་ལ། དེ་ལྟར་སྟོང་པ་ཉིད་ལ་སོགས་པ་མེད་ཅིང༌། དེ་ལས་སྟོང་པ་ཉིད་ལ་སོགས་པ་ཟབ་མོ་དང་ལྡན་པའི་ཕྱིར་བསྒོམ་པའི་ལམ་ཟབ་པ་ཡིན་ནོ་ཞེས་པའོ། །ངོ་མཚར་ཏོ་ཞེས་བྱ་བ་ནི་གཅིག་ཁོ་ན་ཅིག་ཅར་དོན་གཉིས་བརྗོད་པའི་ཕྱིར་ཡ་མཚན་པའོ། །དེ་སྐད་དུ་ཡང༌། བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ཁྱད་པར་བསྟན་ནས་ཁྱད་པར་དང་ལྡན་པ་བསྒོམ་པའི་ལམ་ཉིད་གསུངས་པ་ནི་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པའོ། །སེམས་པར་གྱུར་ཞེས་བྱ་བ་ནི་ཐོས་པའི་རང་བཞིན་གྱི་ཤེས་རབ་ཀྱིས་སོ། །འཇལ་བར་འགྱུར་ཞེས་བྱ་བ་ནི་བསམ་པའི་རང་བཞིན་གྱིས་སོ། །ངེས་པར་རྟོག་པར་འགྱུར་ཞེས་བྱ་བ་ནི་བསྒོམ་པའི་རང་བཞིན་གྱིས་སོ། །ཡང་ན་ཏིང་ངེ་འཛིན་གྱི་སྦྱོར་བ་དང་དངོས་གཞི་དང་རྗེས་ལས་བྱུང་བའི་ཤེས་རབ་ཀྱིས་ཞེས་གོ་རིམས་བཞིན་དུ་སྦྱར་རོ། །ཡང་བསྒོམ་པའི་ལམ་ཡུལ་གང་ལས་ཡིན་ཞེ་ན། བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དབང་དུ་མཛད་ནས། ཇི་ལྟར་བསམས་པ་དེ་བཞིན་དུ་གནས་པར་བྱའོ། །དེ་བཞིན་དུ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་མཐོང་བའི་ལམ་གྱི་དབང་དུ་མཛད་ནས་ད་ལྟར་བཤད་པ་དེ་བཞིན་དུ་བསླབ་པར་བྱའོ། །བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བསྒོམ་པའི་ལམ་གྱི་དབང་དུ་མཛད་ནས་ཇི་ལྟར་ཉེ་བར་བསྟན་པ་དེ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བརྗོད་པར་བྱའོ། །དེ་སྐད་དུ་ཡང༌། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་བསྒོམ་


DTG085_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངེས་པར་འབྱེད་པའི་ཆ་བཞི་པོ་རྣམས་དང་མཐོང་བ་དང་བསྒོམ་པའི་ལམ་དག་གི་དབང་དུ་མཛད་ནས། དེ་བཞིན་དུ་སྒྲུབ་པར་བྱེད་པ་དག །དེ་བཞིན་དུ་ཉེ་བར་སེམས་པ་དང༌། དེ་བཞིན་དུ་ཉེ་བར་རྟོགས་པ་དང༌། དེ་བཞིན་དུ་རབ་ཏུ་སྦྱོར་བར་བྱེད་པ་དང༌། དེ་བཞིན་དུ་རྩོལ་བ་དང༌། དེ་བཞིན་དུ་འབད་པར་བྱེད་པ་ཞེས་བྱ་བའི་ཚིག་དྲུག་སྨོས་པ་ཡིན་ནོ། །དེ་ཉིད་བསྒོམ་པའི་ལམ་གྱི་ཡུལ་ཇི་ལྟར་ཡིན་ཞེ་ན། རྒྱུན་ཆགས་པ་ཉིད་ཡིན་པས་སྔ་མ་ནི་ཕྱི་མ་ཕྱི་མའི་ཡུལ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །བསྒོམ་པའི་ལམ་གྱི་ཕན་ཡོན་གྱི་དོན་ཞུས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་སེམས་དཔའ་ལ་སོགས་པ་ལ་སྦྱོར་ཞིང་ཉིན་གཅིག་ཙམ་ཡང་བསྒོམ་པའི་ལམ་འདི་ལ་ཡང་དག་པར་རྣལ་འབྱོར་དུ་བྱེད་ན། དེ་ཉི་མ་གཅིག་པོ་དེ་ལས་བསོད་ནམས་ཅི་ཙམ་ཞིག་བྱེད་པར་འགྱུར་ཞེ་ན་ཞེས་བྱ་བའོ། །ལན་བཏབ་པའི་དོན་ནི་རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདོད་ཆགས་ལ་སྤྱོད་པ་ཞེས་བྱ་བ་ནི་ཡུལ་དམན་པ་ལ་ཡང་ཆགས་པ་ལྷག་པར་སྐྱེད་པར་བྱེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལ་སྤྱོད་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་རྣམ་པར་རྟོག་པ་མང་བའི་ཕྱིར་རོ། །བུད་མེད་གཟུགས་བཟང་ཞིང་མཛེས་པ་ཞེས་བྱ་བ་ནི་ལུས་ཀྱི་སྤྱི་དང་ཆ་ཤས་མཛེས་པའི་ཕྱིར་གོ་རིམས་བཞིན་དུ་སྦྱར་རོ། །བལྟ་ན་སྡུག་པ་ཞེས་བྱ་བ་ནི་མཐོང་ན་རྗེས་སུ་དགའ་བའོ། །དུས་བཏབ་པར་གྱུར་པ་ཞེས་བྱ་བ་ནི་ཁྱེད་གནས་ཆེ་གེ་མོ་ཞིག་ཏུ་ཤོག་ཤིག་ཅེས་དུས་བཏབ་པའོ། །དབང་མེད་ན་ཞེས་བྱ་བ་ལ་ལ་ལ་ནི་མ་ཐོབ་པ་ལ་བྱའོ་ཞེས་འདོད་དོ། །གཞན་དག་ནི་མ་མཐོང་བ་ལ་བྱ་བར་འདོད་དོ། །ཐོག་མ་དང་བར་དང༌། ཐ་མར་བདག་ཉིད་མངོན་པར་འདོད་པའི་རབ་ཏུ་དགའ་བ་དང༌། རྗེས་སུ་མཐུན་བའི་བྱ་བ་རྫོགས་པར་བྱའོ་སྙམ་པས་གོ་རིམས་ཇི་ལྟ་བ་བཞིན་དུ་འདི་ལྟར་དཔྱད་པར་བྱའོ། །འདི་ལྟར་དགའ་བར་བྱའོ། །འདི་ལྟར་རྩེ་བར་བྱ་ཞིང་ཞེས་སྨོས་པ་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་


DTG085_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པས། འདི་ལྟར་རྣམ་པར་དཔྱད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་སྙེད་དུ་ཞེས་བྱ་བ་ནི་འདོད་ཆགས་ལ་སྤྱོད་པའི་སྐྱེས་བུའི་རྣམ་པར་རྟོག་པའི་གྲངས་སྙེད་དུ་ཞེས་བྱ་བའི་ཐ་ཚིག་གོ །རྒྱབ་ཀྱིས་ཕྱོགས་པ་ནི་རྣམ་པར་གནོན་པར་བྱེད་པའི་ཕྱིར་རོ། །མཐར་འབྱིན་པར་བྱེད་དོ་ཞེས་བྱ་བ་ནི་སྔོན་མ་བྱུང་བ་མི་སྐྱེད་པས་འཁོར་བར་སྐྱེ་བའི་རྒྱུན་དང་བྲལ་བར་བྱེད་པའོ། །དེ་ལྟར་དགེ་བའི་རྩ་བ་ཚད་མེད་པ་ཡོངས་སུ་འཛིན་པས་བསྐལ་བ་དཔག་ཏུ་མེད་པར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཤིང༌། འདོར་བ་དང་མཐར་འབྱིན་པར་བྱེད་པའི་བདག་ཉིད་ཅན་ཕན་ཡོན་རྣམ་པ་གསུམ་ནི་བསྒོམ་པའི་ལམ་གྱི་བྱེད་པ་ཤེས་པར་བྱ་བའི་ཕྱིར་བསྟན་པར་མཛད་པ་ཡིན་ནོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཞེས་བྱ་བ་ལ་སོགས་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དབང་དུ་མཛད་ནས་ཇི་ལྟར་གཞག་པ་བཞིན་དུ་གནས་པ་དང༌། མཐོང་བའི་ལམ་གྱི་དབང་དུ་མཛད་ནས་ཇི་ལྟར་བཤད་པ་བཞིན་དུ་སློབ་པ་དང༌། བསྒོམ་པའི་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབང་དུ་མཛད་ནས། ཇི་ལྟར་ཉེ་བར་བསྟན་པ་དང༌། ཇི་ལྟར་བསྟན་པ་དང༌། ཇི་ལྟར་ངེས་པར་བསྟན་པ་བཞིན་དུ་རྟོགས་པར་བྱེད་པ་དང༌། ཉེ་བར་སེམས་པ་དང་རྣལ་འབྱོར་དུ་བྱེད་པ་ནི་ཞེས་བྱ་བར་སྦྱར་རོ། །ཉེ་བར་བསྡུ་བ་ནི་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཉིན་གཅིག་ལ་ལས་དེ་ཙམ་བྱེད་པ་ཞེས་བྱ་བའི་རྗེས་ཐོགས་ལ་བསྐལ་པ་དཔག་ཏུ་མེད་པ་ཇི་སྲིད་དུ་སྐྱེ་བ་རྗེས་སུ་འབྲེལ་པ་འདོར་བ་ཞེས་བྱ་བ་ལྷག་མའོ། །ད་ནི་བསྒོམ་པའི་རྣམ་པའི་དབྱེ་བ་ཡིན་པར་ལྟའོ། །རྩ་བ་ནི་རྣམ་པ་གསུམ་སྟེ་ཆུང་ངུ་དང་འབྲིང་དང་ཆེན་པོའོ། །དེ་རྣམས་ལ་ཡང་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཕྱེ་བར་གྱུར་ན་རྣམ་པ་དགུར་འགྱུར་རོ། །གཉེན་པོ་ལ་ཇི་ལྟ་བ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་ཡང་རྣམ་པ་དགུར་ཤེས་པར་བྱའོ། །དེ་ལ་ཡང་ཆུང་ངུའི་ཆུང་དུས་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་སྤོང་བས་ན། ལམ་ཆེན་པོས་རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུའི་བར་སྤོང་བར་གཟུང་བར་བྱ་སྟེ། ཐོག་མ་ཁོ་ནར་ལམ་ཆེན་པོ་མི་འབྱུང་བའི་ཕྱིར་རམ་ལམ་ཆེན་པོ་སྐྱེས་པ་ལ་ནི་ཉོན་མོངས་པ་ཆེན་པོ་ཡོད་མི་སྲིད་པའི་


DTG085_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དཔེར་ན་གོས་ཀྱི་དྲི་མ་ཆེན་པོ་དང་པོ་བསལ་ནས་ཕྲ་མོ་ཕྱིས་དག་པར་བྱེད་པ་དང༌། དེ་བཞིན་དུ་མུན་པ་ཆེན་པོ་ནི་སྣང་བ་ཆུང་ངུས་འཇོམས་ལ་ཆུང་ངུ་ནི་ཆེན་པོས་འཇོམས་པ་བཞིན་ནོ། །དཀར་པོའི་ཆོས་ནི་སྟོབས་དང་ལྡན་པ་ཡིན་ལ་ནག་པོ་ནི་ཉམ་ཆུང་བ་ཡིན་ཏེ་འཕགས་པའི་ལམ་གྱི་སྐད་ཅིག་མ་ཆུང་ངུས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་བརྟགས་པར་བྱས་པའི་ཉོན་མོངས་པ་ཆེན་པོ་རྣམས་རྩ་བ་ནས་འབྱིན་པ་ཡིན་པའི་ཕྱིར་རོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་དུས་ཡུན་རིང་པོར་བསགས་པའི་ནད་རྣམས་དུར་བྱིད་ཞོ་གཉིས་ཀྱིས་འབྱིན་པར་བྱེད་པ་དང༌། སྐད་ཅིག་མའི་སྒྲོན་མ་ཆུང་ངུས་མུན་པ་ཆེན་པོ་འཇོམས་པ་དང་འདྲའོ་ཞེས་བཤད་དོ། །དེ་ལ་དོན་གཞན་ཉེ་བར་བསྟན་པའི་སྒོ་ནས་གོང་ནས་གོང་དུ་བསོད་ནམས་ལྷག་པར་བསྟན་པས་ན་གཉེན་པོའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་དང་བསོད་ནམས་ཟིལ་གྱིས་གནོན་པར་གསུངས་པས་ནི། མི་མཐུན་པའི་ཕྱོགས་ཀྱི་དབྱེ་བ་སྟོན་པར་བྱེད་པ་ན་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་རྣམ་པར་བརྗོད་པའི་དོན་དུ་གསུངས་པ་ནི་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལམ་ཆུང་ངུའི་ཆུང་ངུའི་དོན་ནི་འདི་ཉིད་ཁྱད་པར་དུ་འཕགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བས་ཞེས་བྱ་བ་ནི་སྦྱིན་པ་བྱིན་པ་ལས་སོ། །ཁྱད་པར་དུ་འཕགས་སོ་ཞེས་བྱ་བ་ནི་བསོད་ནམས་གྲངས་མེད་པ་དང་གཞལ་དུ་མེད་པ་དང་ཆེད་མེད་པ་ཡོངས་སུ་འཛིན་པས་ཤིན་ཏུ་ཁྱད་པར་དུ་འཕགས་སོ། །རྣམ་པར་རྟོག་པ་ཆེན་པོའི་འབྲིང་བསྟན་པ་ནི་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྦྱིན་པར་བྱེད་རབ་ཏུ་འཇོག་པར་བྱེད་ཅེས་བྱ་བ་ནི་སྟོབས་པར་བྱེད་པ་དང་ཡུན་རིང་དུ་གནས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །ལམ་ཆུང་ངུའི་འབྲིང་གི་དོན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆེས་མང་དུ་ཞེས་བྱ་བ་ནི་གྲངས་མེད་པ་ལ་སོགས་པའི་རང་བཞིན་ནོ། །


DTG085_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་པ་ཆེན་པོའི་ཆུང་ངུའི་དོན་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བར་ལ་ཞེས་བྱ་བའི་ཚིག་གིས་ནི་ཕྱིར་མི་ལྡོག་པ་ལ་སོགས་པ་གཟུང་ངོ༌། །ཁ་ན་མ་ཐོབ་ཅུང་ཟད་ཙམ་ལ་ཡང་སྐྲག་པ་ཉིད་ཀྱིས་ན་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་སྤྱོད་པ་ཡིན་ནོ། །ལམ་ཆེན་པོའི་ཆུང་ངུའི་དོན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡིད་ལ་བྱེད་པ་དེ་ལས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་སོ། །རྣམ་པར་རྟོག་པ་འབྲིང་གི་ཆེན་པོ་བཤད་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྩོན་འགྲུས་བརྩམས་པའོ། །ལམ་འབྲིང་གི་དོན་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡོངས་སུ་བསྔོ་ན་ཞེས་བྱ་བ་ནི་དམིགས་པའི་ལ་བས་གཏོད་པར་བྱེད་ནའོ། །དེ་ཉིད་ཀྱིས་ན་འོག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་ཡིན་ནོ། །ཆོས་ཀྱི་སྦྱིན་པ་སྔོན་དུ་འགྲོ་བ་དམིགས་པས་ཡོངས་སུ་བསྔོ་བ་འདི་ཉིད་ནི་འོག་ནས་འཆད་པའི་ཡོངས་སུ་བསྔོ་བ་ལ་ལྟོས་ནས་རྣམ་པར་རྟོག་པ་འབྲིང་གི་ཆུང་ངུར་འགྱུར་རོ། །ལམ་འབྲིང་གི་ཆེན་པོའི་དོན་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་ཞེས་བྱ་བ་ནི་འོག་ནས་འཆད་པའི་ཡོངས་སུ་བསྔོ་བ་ལ་ལྟོས་ནས་རྣམ་པར་རྟོག་པ་འབྲིང་གི་ཆུང་ངུར་འགྱུར་རོ། །ལམ་འབྲིང་གི་ཆེན་པོའི་དོན་ནི་རབ་འབྱོར་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་སོ། །དེ་བས་ན་ཞེས་བྱ་བ་ནི་དམིགས་པའི་སྦྱོར་བས་ཡོངས་སུ་སྔོ་བར་བྱེད་པ་ལས་སོ། །རྣམ་པར་རྟོག་པ་ཆུང་ངུའི་ཆེན་པོ་བསྟན་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ནང་དུ་ཡང་དག་པར་འཇོག་ལ་རྣལ་འབྱོར་དུ་མི་བྱེད་པ་དང་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་དུས་ཀྱི་རྗེས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་མཉམ་པར་འཇོག་པ་ཉིད་དུ་མི་བྱེད་པའོ། །ལམ་ཆེན་པོའི་ཆུང་ངུའི་དོན་ནི་རབ་འབྱོར་གང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ནང་དུ་ཡང་དག་འཇོག་ལ་རྣལ་འབྱོར་དུ་མི་བྱེད་ལ་ཞེས་བྱ་བ་ནི་ཡང་ནས་ཡང་


DTG085_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱེད་པའོ། །དེ་ཉིད་ཁོ་ན་གསལ་བར་བྱེད་པ་ནི་ནང་དུ་ཡང་དག་འཇོག་ལ་རྣལ་འབྱོར་དུ་བྱེད་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་ཆུང་ངུའི་འབྲིང་བསྟན་པ་ནི་བཅོམ་ལྡན་འདས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མངོན་པར་འདུས་བྱས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་གི་ཚེ་མངོན་པར་འདུས་བྱས་པ་ནི། སེམས་ཀྱི་རྩོལ་བ་ཡིན་པས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཡིན་པ་དེའི་ཚེ། རྣམ་པར་རྟོག་པའི་ས་བོན་གྱི་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར་ཡོངས་སུ་བསྔོ་བའི་དུས་ན་བསོད་ནམས་ཆེས་མང་དུ་བསྐྱེད་པར་ཇི་ལྟར་འགྱུར་ཞེ་ན། བརྗོད་པ་རྣམ་པར་རྟོག་པ་ཡང་སྒྱུ་མ་ལྟ་བུར་རྗེས་སུ་རྟོགས་པ་ཡིན་པའི་ཕྱིར་ན་ཕྱིན་ཅི་མ་ལོག་པར་འཇུག་པ་ཉིད་ཡིན་པས། ཀུན་རྫོབ་ཏུ་བསོད་ནམས་ཆེས་མང་དུ་བསྐྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ལན་ནོ། །ལམ་ཆེན་པོའི་འབྲིང་གི་དོན་ནི་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ཡང་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོའོ། །ད་ལྟར་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱི་རྣམ་པ་བརྒྱད་པའི་གནས་སྐབས་ཡིན་གྱི་སྔ་མ་ནི་མ་ཡིན་ནོ། །དེ་ལ་མངོན་པར་འདུས་བྱས་པ་ནི་ཕྱིན་ཅི་ལོག་ལས་བྱུང་བ་ཡིན་པའི་ཕྱིར་ནང་དང་ཕྱི་དང་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་པ་ཁོ་ནར་སྣང་ངོ༌། །སྟོང་པ་ཉིད་དང་ཆེན་པོ་དང་དོན་དམ་པ་སྟོང་པ་ཉིད་ཀྱི་སྟོབས་ཀྱི་གསོག་ཉིད་དོ། །འདུས་བྱས་དང་འདུས་མ་བྱས་དང་མཐའ་ལས་འདས་པ་དང་ཐོག་མ་དང་ཐ་མ་མེད་པ་དང༌། དོར་བ་མེད་པ་སྟོང་པ་ཉིད་ཀྱི་གསོབ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ལ་སོགས་པ་རྣམ་པ་དགུས་སྙིང་པོ་མེད་པ་ཉིད་དོ། །གཞན་དག་ནི་སྟོང་པ་ཁོ་ནར་སྣང་ངོ་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་ནི་གོ་ཆ་དང་འཇུག་པ་དང་ཚོགས་དང་ངེས་པར་འབྱུང་བའི་བསྒྲུབ་པ་དང་གོ་རིམས་བཞིན་དུ་སྦྱར་རོ་ཞེས་ཟེར་རོ། །རྣམ་པར་རྟོག་པ་ཆུང་ངུའི་ཆུང་དུ་སྟོན་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པ་རྣམ་པ་གང་དང་གང་གིས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་རྗེས་ལ་གྲངས་དང་


DTG085_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་དུ་ཡོད་པ་ལ་སོགས་པ་རྟོགས་པས་བསྡུས་བ་ཞེས་བྱ་བ་ནི་ལྷག་མའོ། །འདི་ལྟར་ཆོས་ཐམས་ཅད་ལ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་ལའོ། །ལམ་ཆེན་པོའི་ཆེན་པོའི་དོན་ནི་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པར་རྟོག་པའི་ས་བོན་ཐམས་ཅད་དང་བྲལ་བས་བསོད་ནམས་གཞལ་དུ་མེད་གྲངས་མེད་པ་བསྐྱེད་དོ་གཞལ་དུ་མེད་པ་ཞེས་བྱ་བ་ནི་འདིས་ནི་ཚད་མེད་པ་ཉིད་ཀྱང་འཕངས་པ་ཡིན་ནོ། །དོན་གྱི་དབྱེ་བ་གང་ཞིག་ཡིན་པ་ཞུས་པ་ནི་བཅོམ་ལྡན་འདས་གཞལ་དུ་མ་མཆིས་པ་དང་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཐ་དད་དུ་བགྱི་བ་ཅི་མཆིས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཅི་ཞིག་ལགས་ཏེ་སྤྱིའི་མཚན་ཉིད་ཅི་ལགས་ཞེས་བྱ་བའི་དོན་ཏོ། །བྱེ་བྲག་ཅི་མཆིས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅི་ལགས་ཏེ་རང་གི་མཚན་ཉིད་ཅི་ལགས་ཞེས་བྱ་བའི་དོན་ཏོ། །སྤྱིའི་མཚན་ཉིད་ཀྱི་དོན་ནི་རབ་འབྱོར་གཞལ་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་ལ་ཚད་མ་མི་འཇུག་པའོ་ཞེས་བྱ་བ་ནི་མངོན་སུམ་གྱི་ཡུལ་དུ་བྱ་བ་དང་རྗེས་སུ་དཔག་པས་གཞལ་བར་མི་ནུས་པ་ཉིད་ཡིན་པའི་ཕྱིར་བསོད་ནམས་ཀྱི་ཡུལ་གང་ལ། མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་མི་འཇུག་པ་དེ་ནི་གཞལ་དུ་མེད་པ་ཞེས་ཚད་མ་མེད་པའོ། །ཁ་ཅིག་ན་རེ་འདིས་ནི་འདུས་བྱས་པ་ཉིད་དང་ཁྱད་པ་ཉིད་རྟོགས་པར་ཤེས་པར་བྱས་པ་ཡིན་ནོ་ཞེའོ། །གང་བགྲང་བས་ཟད་པར་མི་ནུས་པ་ནི་ཞེས་བྱ་བ་ནི་བསོད་ནམས་དེ་ལ་གྲངས་ཡོད་པ་མ་ཡིན་པས་གྲངས་ཀྱིས་མཐར་གཏུགས་པར་མི་ནུས་པ་དེ་ནི་གྲངས་མེད་པའོ། །ཁ་ཅིག་ན་རེ་འདིས་ནི་དེའི་མཉམ་པ་ཉིད་རྟོགས་པ་ཤེས་པར་བྱ་བ་ཡིན་ནོ་ཞེའོ། །རང་གི་ངོ་བོའི་མཚན་ཉིད་ཀྱི་དོན་ནི་བཅོམ་ལྡན་འདས་གང་གིས་གཟུགས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་གིས་ཞེས་བྱ་བ་ནི་ཚིག་གི་ཕྲད་ཡིན་པའི་ཕྱིར་གང་ལས་ཞེས་བྱ་བའི་ཐ་ཚིག་གོ །གཞལ་དུ་མ་མཆིས་པ་ཞེས་བྱ་བ་ནི་གྲངས་མེད་པ་ལ་སོགས་པ་ཉེ་བར་མཚོན་པའོ། །རྣམ་གྲངས་ཞེས་བྱ་བ་ནི་རབ་ཏུ་དབྱེ་བའོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ན་དེའི་ཚིག་རྗེས་སུ་བརྗོད་པར་མཛད་པ་ནི་རབ་འབྱོར་ གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པའོ།།


DTG085_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྗེས་སུ་བཟླས་ནས་བསྟན་པ་ནི་རབ་འབྱོར་རྣམ་གྲངས་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་གིས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདག་ཉིད་ཅན་ཉིད་ཀྱིས་སོ། །དོན་དམ་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་དུ་ཟིན་ཀྱང། རྣམ་པར་རྟོག་པ་དང་གཉེན་པོ་དག་གིས་དབྱེ་བས་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་ལ་སོགས་པ་དགུ་ལ་འམ། ཐབས་མཁས་པ་ཆེན་པོ་ལ་སོགས་པའི་སྟོབས་ཀྱིས་གོ་རིམས་བཞིན་དུ་འདོད་པའི་ཁམས་ལ་སོགས་པས་དགུ་དག་ཏུ་ཇི་སྐད་དུ་བཤད་པའི་རྣམ་པ་དགུ་པོ་རྒྱུན་ཆགས་སུ་འབྱུང་བ་ནི་བསྒོམ་པའི་ལམ་ཡིན་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང༌། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་གསུངས་པ་ཡིན་ནོ། །རྣམ་པ་རེ་རེའི་དབང་དུ་མཛད་དེ་འབྲས་བུ་རྗོད་པར་བྱེད་པ་དོན་ཐ་དད་པ་ཅན་བསོད་ནམས་ཀྱི་འབྲས་བུ་གྲངས་མེད་པ་དང་གཞལ་དུ་མེད་པ་དང་ཚད་མེད་པ་སྐྱེ་བར་གསུངས་པའི་ཕྱིར་རྒྱུའི་བྱེ་བྲག་ཀྱང་རྣམ་པ་མང་བ་མ་ཡིན་ནམ་ཇི་ལྟར་ན་བསྒོམ་པའི་ལམ་རྣམ་པ་དགུ་ཡིན་ཞེས་བྱ་བའི་བསམ་པ་དང་ལྡན་པས། བཅོམ་ལྡན་འདས་གཞལ་དུ་མ་མཆིས་པ་ཞེས་བགྱི་བ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ལན་ནི་རབ་འབྱོར་གཞལ་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྒོམ་པའི་ལམ་གྱི་རྣམ་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རབ་ཀྱི་མཐར་ཐུག་པ་ཡིན་པའི་ཕྱིར་རྣམ་པ་དགུ་པ་ཉིད་ཀྱི་ཚིག་བླ་དགས་ཡིན་ནོ་ཞེས་རྟོགས་ནས། བཅོམ་ལྡན་འདས་ཅི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཆོས་གཞན་དག་གིས་ཞེས་བྱ་བ་ནི་རྣམ་པ་དང་པོ་ལ་སོགས་པ་ཆོས་གཞན་ཐམས་ཅད་ཀྱི་ཚིག་བླ་དགས་མ་ལགས་སམ་ཞེས་བྱའོ། །དེའི་ཚིག་གི་ལན་འདེབས་པར་མཛད་པ་ནི་རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་དང་པོ་ལ་སོགས་པའི་རྣམ་པ་རྣམས་སོ། །སྟོང་པ་ཉིད་དོ་ཞེས་བྱ་བ་ནི་ཐམས་ཅད་ལ་


DTG085_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་མཚུངས་པ་ཡིན་པའི་ཕྱིར་རྣམ་པ་འདི་དག་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོར་དེ་བཞིན་གཤེགས་པས་གསུངས་པ་ཡིན་པའོ། །རྣམ་པ་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་ཡིན་ནོ་ཞེས་བསྟན་ནས། རྣམ་གྲངས་ཀྱི་དོན་གསུངས་པ་ནི་རབ་འབྱོར་སྟོང་པ་གང་ཡིན་པ་དེ་ནི་མི་ཟད་པ་ཡང་ཡིན་ལ་ཞེས་བྱ་བ་ལ་སོགས་པའོ། །སྟོང་པ་ཉིད་གང་ཡིན་པ་དེ་ནི་གཞལ་དུ་མེད་པ་ཡང་དེ་ཡིན་ནོ་ཞེས་བྱ་བའི་ཡང་གི་སྒྲས་ནི་གྲངས་མེད་པ་ལ་སོགས་པའོ། །གང་གི་ཕྱིར་གྲངས་མེད་པ་དང་གཞལ་དུ་མེད་པ་ལ་སོགས་པ་སྟོན་པའི་ཚིག་ཏུ་བརྗོད་པའི་ངོ་བོ་རྣམས་ནི་ལྡོག་པ་ལ་ལྟོས་ནས། ཉེ་བར་བསྐྱེད་པའི་སྣ་ཚོགས་ཀྱི་རང་བཞིན་དུ་དོན་གཅིག་ལ་རབ་ཏུ་སྦྱར་བ་ཡིན་པ་དེ་བས་ན་དོན་དམ་པར་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་བསྒོམ་པའི་ལམ་ཐ་དད་དུ་བྱ་བར་བཟོད་པ་མ་ཡིན་ནོ་ཞེས་གསུངས་པ་ནི། རབ་འབྱོར་དེ་བས་ན་ཞེས་བྱ་བ་ལ་སོགས་པའོ། །འདི་དག་ཅེས་བྱ་བ་ནི་གྲངས་མེད་པ་ལ་སོགས་པའོ། །དམིགས་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་དུ་གྱུར་པ་བསྟན་པའི་ཆོས་ཀྱི་ངོ་བོ་ཉིད་དེ་དག་ཀུན་རྫོབ་ཏུ་ཇི་སྐད་དུ་བཤད་པ་བཞིན་དུ་བསྟན་པ་ནི་བྱིས་པའི་སྐྱེ་བོ་རྣམས་ལ་འབྲས་བུ་ཆེན་པོ་འབྱུང་བ་སྟོན་པ་ཡིན་པར་དེ་བཞིན་གཤེགས་པ་བཞེད་དོ་ཞེས་གསུངས་པ་ནི་རབ་འབྱོར་དེ་དག་ནི་མངོན་པར་བརྗོད་པའོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ནི་ཞེས་བྱ་བ་ནི་གྲངས་མེད་བ་ལ་སོགས་པའོ། །བསྟན་པ་མངོན་པར་བསྒྲུབ་པ་བཤད་པར་ཞེས་བྱ་བ་ནི་བསྟན་པ་འདིས་མངོན་པར་སྒྲུབ་ཅིང་སྐྱིད་བས་ན་བསྟན་པ་མངོན་པར་བསྒྲུབ་པ་ནི་ཆོས་ཀྱི་སྐུ་ཡིན་ཏེ། བརྗོད་པའི་ཀུན་རྫོབ་ཏུ་དེ་བཤད་པ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་སྐད་དུ་ཡང༌། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བས། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད།། ཅེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཐུགས་རྗེའི་རྒྱུ་མཐུན་པ་བསྟན་པ་ཡིན་པའི་ཕྱིར་ན། འདི་དག་ཐམས་ཅད་ཀྱི་ཡུལ་ཅན་དུ་འགྱུར་དགོས་སོ་ཞེས་བརྗོད་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཐམས་ཅད་ཀྱི་ཞེས་བྱ་


DTG085_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དང་པོ་ལ་སོགས་པ་རྣམ་པ་དགུའིའོ། །ཆོས་ཉིད་ཅེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཚུལ་ལོ། །བར་ཞེས་སྨོས་བས་ནི་གཞལ་དུ་མེད་པ་ལ་སོགས་པ་གཟུང་ངོ༌། །བརྗོད་དུ་མ་མཆིས་པ་ཞེས་བྱ་བ་ནི་ཡི་གེ་དང་དོན་དག་ལ་དབྱེ་བ་མ་དམིགས་པའི་ཕྱིར་རོ། །གསུངས་པའི་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བསྟན་པའིའོ། །ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ན་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་རྗེས་སུ་བརྗོད་ནས་སྔ་མ་བཞིན་དུ། དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཅེས་བྱ་བ་ནི་ཤེས་བྱ་ཉིད་ལ་སོགས་པའི་ཁྱད་པར་གཞན་སྤངས་ནས་སྟོང་པ་ཉིད་ཅེས་བརྗོད་པ་ཡིན་ཏེ་དེས་ན་ཆོས་ཐམས་ཅད་ནི། སྟོང་པ་ཁོ་ན་ཡིན་པས་བརྗོད་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་མེད་པ་ཉིད་ཀྱིས་ན་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ། དོན་དམ་པར་ཆོས་ཉིད་ཀྱི་རང་བཞིན་ཅན་མངོན་པར་འདོད་པའི་ལམ་གྱི་དངོས་པོ་ལ་རྣམ་པ་ཐམས་ཅད་དུ་ཁྱད་པར་བསྒྲུབ་ཏུ་མེད་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དག་རིམ་པ་ཇི་ལྟ་བ་བཞིན་འབྲལ་བ་དང་སྐྱེ་བར་མི་འཐད་པར་མ་ཡིན་ནམ་ཞེས་གསོལ་བ་ནི་བཅོམ་ལྡན་འདས་ཅི་ཞེས་བྱ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་དུ་གསུངས་པ་ནི་རབ་འབྱོར་དེ་ལྟ་མ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་དེ་ལྟན་བསྒོམ་པ་ཞེས་བྱ་བའི་ལམ་གྱི་ས་ཆེན་པོའི་ཆེན་པོ་ལ་སོགས་པའི་རྣམ་པར་རྟོག་པའི་རིས་རྣམ་པ་དགུ་སྤངས་པ་ཅི་ཡང་མེད་ཅིང༌། ཆུང་ངུའི་ཆུང་ངུ་ལ་སོགས་པ་ལམ་གྱི་རྣམ་པ་དགུ་པོ་ཐོབ་པ་ཡང་ཅི་ཡང་མེད་པ་དེ་བས་ན་དགོས་པར་མི་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་བསམ་པས་མི་འདོད་པ་ཉིད་སྒྲུབ་པར་བྱེད་པས་བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །བརྗོད་དུ་མ་མཆིས་པའི་དོན་ལ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལའོ། །དེའི་བྱེད་པ་ཉིད་ཡིན་པའི་ཕྱིར་སྦྱིན་པ་ལ་སོགས་པ་ལ་ཡང་འཕེལ་བ་དང་འབྲི་བ་མེད་པར་འགྱུར་རོ་ཞེས་གསོལ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་གྱུར་


DTG085_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཉེས་པ་ཅི་ཞིག་ཡོད་སྙམ་ན། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ནི་སྤོང་བ་སྟེ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བསགས་པའི་དོན་དུ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་པར་ནི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །དེ་སྐད་དུ་ཡང༌། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །ཅེས་གསུངས་པ་ཡིན་ནོ། །དོན་དམ་པར་མི་འདོད་པ་བསྒྲུབ་པ་མེད་དོ་ཞེས་གསུངས་པ་ནི། རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཀུན་རྫོབ་ཏུ་ནི་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་ལྟར་བསྒོམ་པའི་ལམ་གྱི་དོན་གྱི་བྱ་བ་བྱེད་པ་ཡིན་ནོ་ཞེས་སྟོན་པས། འོན་ཀྱང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ་ཞེས་བྱ་བར་མི་སེམས་ཀྱི་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་བའམ་ཡོངས་སུ་འདྲི་བ་པོ་ཞེས་དངོས་པོ་ལ་དམིགས་པའི་ཚུལ་གྱིས་དེ་ལྟ་བུའི་སེམས་མི་བསྐྱེད་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ་ཞེས་བྱ་བ་ནི། ཅི་ལྟར་ཁྱད་པར་བསྒྲུབ་ཏུ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དབང་ཙམ་གྱིས་གདུལ་བྱའི་སྐྱེ་བོ་རྣམས་ལ་བསོད་ནམས་དང་ཡེ་ཤེས་དང་རྗེས་སུ་མཐུན་པ་ཁྱད་པར་ཅན་དུ་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་ཡོངས་སུ་བསྔོ་བ་བསོད་ནམས་འཕེལ་བར་བྱེད་པའི་ཕྱིར་ཀུན་རྫོབ་ཏུ་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པ་དེ་བཞིན་དུ་ཡོངས་སུ་སྔོ་བར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་བསྒོམས་པས་གློ་བུར་བའི་དྲི་མ་དང་བྲལ་བའི་སྒོ་ནས། མངོན་སུམ་དུ་བྱས་པའི་ལམ་འདི་སྒྱུ་མ་ལྟ་བུའི་མཚན་ཉིད་ཅན་ཡིན་པས། ཁྱད་པར་བསྒྲུབ་ཏུ་མེད་པ་ཡིན་ཡང་ཇི་ལྟར་ཀུན་རྫོབ་ཏུ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དག་དང་བྲལ་བ་དང༌། སྐྱེ་བའི་རིམ་གྱིས་དོན་གྱི་བྱ་བ་བྱེད་པ་དེ་ལྟར་ཉེ་བར་དགོད་པར་བྱའོ་ཞེས་བྱ་བར་འདོད་དོ། །དེ་སྐད་དུ་ཡང༌། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །ཅེས་གསུངས་པ་ཡིན་ནོ། །དོན་འདི་ཉིད་རྒྱ་ཆེར་སྟོན་པར་བྱ་


DTG085_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་འགྲེས་ལྔ་སྨོས་པ་ཡིན་ནོ། །བྱང་ཆུབ་ཀྱི་མཚན་ཉིད་ཅི་ཞིག་ཡིན་ཞེས་གསོལ་པ་ནི་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་འདི་གང་ལགས་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་དེ་བཞིན་ཉིད་དེ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་གི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་སྐད་དུ་ཡང༌། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་གསུངས་པ་ཡིན་ནོ། །རབ་འབྱོར་དེ་བཞིན་ཉིད་ནི་རྣམ་པར་འཕེལ་བའམ་འགྲིབ་པ་མེད་ལ་བྱང་ཆུབ་དང་ལམ་ཡང་དེ་བཞིན་ཏེ་དེའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟར་རྒྱུ་དང་འབྲས་བུ་དག་གམ་འབྲས་བུ་དང་རྒྱུ་དག་ཕན་ཚུན་རང་བཞིན་རྗེས་སུ་བྱེད་པའི་ཕྱིར་ན་རྒྱུ་འབྲས་ཀྱི་འབྲེལ་པ་ཕྱིན་ཅི་ལོག་པར་བརྗོད་པར་འགྱུར་རོ། །ཡང་ཀུན་རྫོབ་ཏུ་ལམ་གྱི་ནུས་པ་སྟོན་པས་གསུངས་པ་ནི་གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་བུའི་ཡིད་ལ་བྱེད་པ་དང་ལྡན་པས་ཞེས་བྱ་པ་ནི་བསྒོམ་པའི་ལམ་དུ་གྲགས་པ་དང་ངོ༌། །རྒྱུན་མི་ཆད་པར་མང་དུ་གནས་པ་ཞེས་བྱ་བ་ནི་སྦྱོར་བ་དང་མཇུག་གི་གནས་སྐབས་ཀྱི་དབྱེ་བས་རྣམ་པ་གཉིས་སྨོས་པ་ཡིན་ཏེ། དངོས་གཞིའི་གནས་སྐབས་སུ་ནི་དེའི་རང་བཞིན་ཉིད་ཡིན་པས་གནས་པ་ཡིན་པར་མི་འཐད་པའི་ཕྱིར་རོ། །དེ་ལྟ་ན་ཞེས་བྱ་བ་ནི་དེ་ལྟ་བུའི་ཚུལ་གྱིས་སོ། །ཉེ་བར་བསྡུ་བ་ནི་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བརྗོད་དུ་མེད་པའི་དོན་ལ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ། མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། སྟོང་པ་ཉིད་ཀྱི་ལེའུ་ཞེས་བྱ་སྟེ་བཅོ་བརྒྱད་པའོ།། །།ཀུན་རྫོབ་ཏུ་ཡང་ཁྱད་པར་ཅན་གྱི་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་དོན་བྱེད་པར་མི་རུང་ངོ་སྙམ་པར་དོགས་པ་བསུ་བ་ནི་བཅོམ་ལྡན་འདས་ཡང་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། སྔ་ཕྱིར་གྱུར་པའི་སེམས་རེ་རེ་ལ་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་དོན་མཐའ་དག་མི་སྣང་པའི་ཕྱིར་


DTG085_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་པོ་བསྐྱེད་པ་འམ། ཕྱི་མ་རེ་རེ་ཞིག་གིས་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བ་ཡིན་ནོ་ཞེས་བཤད་པས། མི་སྲིད་པའི་ཕྱིར་ན་ཅི་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཆོས་སུ་སྣང་བའི་སེམས་ཀྱི་སྐད་ཅིག་མ་དུ་མས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ་ཞེས་བྱ་བའི་ཕྱོགས་འདི་ཡང་རིགས་པ་ཡིན་པར་བསྟན་པའི་ཕྱིར་གསོལ་པ་ནི། བཅོམ་ལྡན་འདས་སེམས་བསྐྱེད་པ་སྔ་མ་ནི་ཞེས་བྱ་བ་ལ་སོགས་པའོ། །མི་འགྲོགས་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་དག་ནི་རིམ་པ་ཇི་ལྟ་བ་བཞིན་རྗེས་སུ་འགྲོ་བ་མེད་པར་འཇོག་པ་དང་སྐྱེ་བས་ན་ཕན་ཚུན་འགྲེལ་པ་མེད་པས་ན་འཕྲད་པ་མེད་པའོ། །ཇི་ལྟར་ཞེས་བྱ་བ་ནི་འབྲེལ་པ་མེད་པས་ན་ཁྱད་པར་ཅན་གྱི་དོན་དུ་སྣང་བའི་སེམས་མ་སྐྱེས་པའི་ཕྱིར་དགེ་བའི་རྩ་བ་རྣམས་ཉེ་བར་སོགས་པར་མི་འགྱུར་བ་ཉིད་དེ། དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་བྱ་བར་བསམས་པའོ། །སྔར་བཤད་པའི་ཕྱོགས་མངོན་པར་འདོད་པ་མ་ཡིན་པའི་ཕྱིར་ཕྱོགས་ཕྱི་མ་ལ་རབ་ཏུ་གྲགས་པའི་དཔེའི་ཚུལ་གྱིས་ལན་གདབ་པའི་ཕྱིར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲུ་མར་གྱི་མར་མེ་ཞེས་བྱ་བ་ནི་སྒྲོན་མའོ། །དང་པོ་ཕོག་པས་ཞེས་བྱ་བ་ནི་སྐད་ཅིག་མ་དང་པོ་དང་ཕྲད་པས་སོ། །སོ་སོར་ནུས་པ་མེད་པའི་ཕྱིར་དེ་ལྟ་མ་ལགས་སོ་ཞེས་གསོལ་ཏོ། །དེ་ཉིད་གསལ་བར་བྱེད་པས་བཅོམ་ལྡན་འདས་མེ་ལྕེ་དང་པོ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །མེ་ལྕེ་དང་སྙིང་པོ་ཕྲད་པའི་སྐད་ཅིག་མ་དང་པོ་ལ་ནི་རང་གི་རྒྱུ་བརྒྱུད་པའི་རིམ་གྱིས་འོངས་པ་དག་དུས་མཉམ་དུ་ཕྲད་པར་སྐྱེས་པ་ཡིན་པར་ཁྱད་པར་མེད་པའི་ཕྱིར་ན། སྐད་ཅིག་མ་གཉིས་པ་མེད་པར་རྒྱུ་དང་འབྲས་བུའི་མཚན་ཉིད་བསྲེག་པར་བྱ་བ་དང་སྲེག་པར་བྱེད་པའི་ངོ་བོར་མི་འཐད་པས། མེ་ལྕེ་དང་པོ་ཕོག་པས་སྙིང་པོ་དེ་ཚིག་པ་མ་ཡིན་ནོ། །འོ་ན་མར་མེའི་སྐད་ཅིག་མ་ཕྱི་མ་ཁོ་ནས་ཚིག་པ་ཡིན་ནོ་ཞེ་ན། མེ་ལྕེ་དང་པོ་བྱུང་བ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་མི་འཚིག་ཅེས་བྱ་བ་གསོལ་ཏེ། འོན་ཀྱང་མར་མེའི་སྐད་ཅིག་མ་དང་པོ་


DTG085_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟོས་ནས་མེ་ལྕེ་ཕྱི་མས་སྙིང་པོ་ཚིག་པ་ཡིན་ཏེ། སྐད་ཅིག་མ་སྔ་མ་མེད་པར་སྐད་ཅིག་ཕྱི་མ་མི་སྲིད་པའི་ཕྱིར་རོ། །སྐད་ཅིག་མ་ཕྱི་མའི་ཚུལ་ཡང་ཡིན་ནོ་ཞེས་བརྗོད་པ་ནི་བཅོམ་ལྡན་འདས་མེ་ལྕེ་སླད་མ་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་ཅན་གྱི་མེ་ལྕེ་དང་སྙིང་པོ་དག་སྐྱེ་བའི་སྐད་ཅིག་མ་གཉིས་པ་ལ་ཡང་རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བས་སྐད་ཅིག་མ་སྔ་མ་མེད་ན་ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་པའི་ཕྱིར་རྒྱུ་དང་འབྲས་བུའི་མཚན་ཉིད་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བའི་མཚན་ཉིད་དང་བྲལ་བས་མེ་ལྕེ་ཕྱི་མ་ཕོག་པས་སྙིང་པོ་དེ་ཚིག་པ་མ་ཡིན་ནོ། །འོ་ན་མེ་ལྕེ་དང་པོའི་སྐད་ཅིག་མ་ཉིད་ཀྱིས་ཚིག་པ་ཡིན་ནོ་ཞེ་ན། མེ་ལྕེ་སླད་མ་ཕོག་པ་ལ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འོན་ཀྱང་མར་མེའི་སྐད་ཅིག་མ་ཕྱི་མ་ལ་ལྟོས་ནས་མེ་ལྕེ་དང་པོས་ཚིག་པ་ཡིན་ཏེ། སྐད་ཅིག་མ་ཕྱི་མ་མེད་པར་སྐད་ཅིག་མ་སྔ་མས་སྲེག་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །སོ་སོ་འདུས་པ་མེད་པ་ན་གཉི་གའི་ནུས་པ་དོན་གྱི་ཁས་བླངས་པ། དངོས་སུ་བསྟན་པའི་དོན་དུ་ཡང་འདྲི་བར་མཛད་པས་གསུངས་པ་ནི་རབ་འབྱོར་འདི་ཇི་སྙམ་དུ་སེམས་ཅི་སྙིང་པོ་དེ་ཚིག་གམ་ཞེས་བྱའོ། །ཁས་བླངས་པའི་དོན་གཞན་དུ་བྱ་བར་མི་ནུས་པ་ཉིད་ཀྱིས་ན། བཅོམ་ལྡན་འདས་ཚིག་ལགས་སོ་ཞེས་བྱ་བ་གསོལ་ཏོ། །གལ་ཏེ་སྔ་མ་དང་ཕྱི་མ་ཕྱི་མའི་སྐད་ཅིག་མ་དག་རིམ་པ་བཞིན་དུ་དུས་མཉམ་པར་རྗེས་སུ་འགྲོ་བ་མེད་པར་ཞིག་པ་དང་མ་སྐྱེས་པའི་ཕྱིར་ན་ཕན་ཚུན་ཚོགས་པ་མེད་པ་དེ་ལྟ་ན་ཡང་གང་གི་ཚེ་རྐྱེན་ཉིད་འདི་ཙམ་གྱི་བདག་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས། ཚོགས་པའི་ཁྱད་པར་ཅན་དུ་སྐྱེས་པར་གྱུར་པ་སྒྲོན་མ་དང་སྡོང་བུའི་སྐད་ཅིག་དང་པོ་ལ་ལྟོས་ནས། མ་སྤྱད་ན་གཅིག་པུ་ཉམས་དགའ་བ་ཉིད་ཀྱིས་ན་རྒྱུ་འབྲས་ཀྱི་འབྲེལ་པའི་སྟོབས་ཀྱི་ནུས་པ་ཕུལ་དུ་བྱུང་བར་བསྒྲུབས་པ་ཉིད་ཀྱི་ཁྱད་པར་ཅན་སྐད་ཅིག་གཉིས་པ་ལ་སོགས་པའི་མར་མེ་དང་སྡང་བུའི་སྐད་ཅིག་དུ་གྱུར་པ་དེའི་ཚེ་རྒྱུ་མེད་པར་ཞིག་ཀྱང་རྒྱུ་དང་འབྲས་བུ་དག་གི་མཚན་ཉིད་བསྲེག་པར་བྱ་བ་དང་སྲེག་པར་བྱེད་པའི་དངོས་པོ་ཡོད་པའི་ཕྱིར། དང་པོ་དང་ཕྱི་མའི་སྐད་ཅིག་དག་ལས་སྙིང་པོ་ཚིག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདས་མ་


DTG085_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་པའི་དོན་ནི་དེ་སྐབས་ཀྱི་དོན་ལ་སྦྱོར་བས་གསུངས་པ་ནི། རབ་འབྱོར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ་རྟོགས་པར་སླའོ། །དང་པོ་དང་ཕྱི་མའི་གྱུར་པ་དག་རེ་རེས་མངོན་པར་རྫོགས་པར་འཚང་མི་རྒྱ་ན་འོ་ན་ཅིག་ཅར་བདག་གིས་མངོན་བར་བྱང་ཆུབ་པར་འགྱུར་རོ་ཞེ་ན། སེམས་བསྐྱེད་པ་དེ་དག་གིས་ཀྱང་མ་ཡིན་ཞེས་བྱ་བ་གསུངས་ཏེ། སེམས་ཀྱི་སྐད་ཅིག་མ་མང་པོ་ཅིག་ཅར་སྐྱེས་པ་དེ་དག་གིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན་ཏེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་འབྱུང་བས་མི་སྲིད་པའི་ཕྱིར་ཞེས་བྱ་བར་དགོངས་སོ། །དེ་ལྟ་ན་ནི་གཞན་དག་གིས་འཚང་རྒྱ་བའོ་ཞེ་ན། སེམས་བསྐྱེད་པ་དེ་དག་ལས་གཞན་པས་ཀྱང་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་གསུངས་ཏེ། ཇི་སྐད་དུ་བཤད་པའི་སེམས་ལས་ཐ་དད་པའི་སེམས་གཞན་གྱིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་མ་ཡིན་ཏེ་མི་སྲིད་པའི་ཕྱིར་རོ། །འོ་ན་རྣམ་པ་ཐམས་ཅད་དུ་བྱང་ཆུབ་པ་མི་སྲིད་པར་འགྱུར་རོ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་ཕྱིར་གྱུར་པའི་སྐད་ཅིག་དག་ཡུལ་གཅིག་ལ་ཉེ་བར་མཁོ་བ་སྟོན་པ་ལྷུར་ལེན་པ་མར་མེའི་ཚུལ་གྱིས་ན་སྔ་མ་བཞིན་དུ་བྱང་ཆུབ་སྒྲུབ་པར་བྱེད་པའི་དོན་ཉུང་ཟད་ཅིག་ཏུ་སྣང་བའི་རྣམ་པར་ཤེས་པ་དང་པོ་ལ་བརྟེན་ནས། དེ་ལ་སྣང་བའི་དོན་ལས་ལྷག་པར་ཁྱད་བར་ཅན་གྱི་དོན་དུ་སྣང་བའི་རྣམ་པར་ཤེས་པ་ཕྱི་མ་སྐྱེ་བའི་ཕྱིར་ན་སེམས་བསྐྱེད་པ་གཉིས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་སྐད་དུ་བཤད་པའི་མར་མེའི་དཔེ་ཁོ་ནས་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱང་ཁོང་དུ་ཆུད་པར་བྱའོ། །དེ་སྐད་དུ་ཡང༌། སེམས་ནི་སྔ་མས་བྱང་ཆུབ་བར། །རིགས་མུན་ཕྱི་མས་ཀྱང་མ་ཡིན། །མར་མེའི་དཔེ་ཡི་ཚུལ་གྱིས་ནི། ཟབ་མོའི་ཆོས་ཉིད་རྣམ་བ་བརྒྱད། །ཅེས་གསུངས་པ་ཡིན་ནོ། །ཞར་ལ་འོངས་པ་བཤད་ཟིན་ནས། ད་ནི་བསྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པའི་མཚན་ཉིད་རྣམས་བསྟན་པར་བྱ་བའི་ཕྱིར། ཟབ་མོ་རྣམ་པ་བརྒྱད་


DTG085_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གང་ལ་ཡོད་པ་དེ་བསྟན་པར་བྱ་བ་ཡིན་པས་རེ་ཞིག་སྐྱེ་བ་ཟབ་པ་བསྟན་པ་ནི། རབ་འབྱོར་བཅོམ་ལྡན་འདས་སེམས་བསྐྱེད་པ་དང་པོས་ཀྱང་ཞེས་བྱ་བ་ལ་སོགས་པས་ཀུན་རྫོབ་ཏུ་སྐད་ཅིག་མ་གཉིས་ཀྱིས་བྱང་ཆུབ་རྟོགས་པར་ཁས་བླངས་པ་དེ་ཡང་མི་རིགས་སོ་ཞེས་གསུངས་པ་ནི། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པའོ། །གང་ལས་སྐད་ཅིག་མ་གཉིས་ཀྱིས་བྱང་ཆུབ་པར་རིག་པར་འགྱུར་བ་སེམས་གང་སྐད་ཅིག་མ་སྔ་མར་གནས་ཏེ་འགགས་པ་དེ་ཀུན་རྫོབ་ཏུ་སླར་སྐད་ཅིག་གཉིས་པ་ལ་སྐྱེ་བར་འགྱུར་རམ་རྗེས་སུ་འགྲོ་བ་མེད་པར་ཞིག་པ་ནི་སླར་སྐྱེ་བ་མི་སྲིད་ཡང༌། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་གསོལ་ཏེ། རྒྱུ་མེད་པར་འབྲས་བུ་མི་འབྱུང་བས་སྐད་ཅིག་མ་ཕྱི་མའི་བྱ་བ་ལ་ཡང་བརྒྱུད་པས་སྐད་ཅིག་མ་དང་པོའི་བྱ་བ་ཉེ་བར་གདགས་པ་ཡིན་པའི་ཕྱིར་སྐད་ཅིག་མ་གཉིས་ཀྱིས་བྱང་ཆུབ་པར་རིགས་ཀྱི་ཀུན་རྫོབ་ཏུ་ཡང་སྐད་ཅིག་མ་དང་པོའི་བྱ་བ་ནི་གཙོ་བོ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེས་ཀྱང་འདི་སྐད་དུ་སྔ་མ་དང་ཕྱི་མའི་སྐད་ཅིག་དག་གིས་མ་ཡིན་ཞིང༌། དེ་དག་ལ་མ་བརྟེན་པར་ཡང་ཁྱད་པར་ཅན་གྱི་དོན་མི་སྐྱེ་བ་ཞེས་བྱ་བ་འདི་ནི་སྐྱེ་བ་ཟབ་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །འགག་པ་ཟབ་པའི་དོན་ནི་རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་གང་འབྱུང་བ་དེ་འགགས་པའི་ཆོས་ཅན་ཡིན་ནམ་ཞེས་གསུངས་པ་ཡིན་ཏེ། དེ་ལས་བྱུང་བ་ནི་འདས་པ་སྟེ་ཡོད་པ་རྣམ་པ་ཞིག་པ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་དུ་ན་འགག་པའི་རང་བཞིན་ཡིན་པའི་ཕྱིར་འགག་པའི་ཆོས་ཅན་ཞེས་བྱ་བ་གསོལ་ཏེ། འགོག་པ་ནི་སྟོང་པ་ཉིད་ཡིན་ལ་ཆོས་དེ་ཉིད་འདི་ལ་ཡོད་པས་ན་འགོག་པའི་ཆོས་ཅན་ཏེ། དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་དེ་སྐད་ཅིག་མ་གཉིས་པ་ལ་འགག་གམ་ཞེས་གསུངས་པ་ནི། རབ་འབྱོར་འདི་ཇི་སྙམ་དུ་སེམས་གང་འགོག་པའི་ཆོས་ཅན་དེ་འགག་པར་འགྱུར་རམ་ཞེས་བྱའོ། །དེའི་རང་བཞིན་ཡིན་པའི་ཕྱིར་ན་སྐྱེས་པ་ཙམ་ཉིད་ན་དེ་འགགས་པས་ཟིན་པར་གྱུར་པ་ཡིན་པས་ཡང་ཅི་ཞིག་འགག་ཅེས་བྱ་བའི་བསམས་པས། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་གསོལ་ཏོ། །ཅི་མ་འོངས་པ་འགག་པའི་ཆོས་དང་ལྡན་ནམ་ཞེས་གསུངས་པ་ནི་རབ་འབྱོར་


DTG085_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཇི་སྙམ་དུ་སེམས། སེམས་གང་མ་བྱུང་བ་དེ་འགག་པའི་ཆོས་ཅན་དུ་འགྱུར་རམ་ཞེས་བྱ་བའོ། །མ་ལགས་སོ་ཞེས་བྱ་བ་ནི་འཇིག་པ་ནི་དངོས་པོ་ལྡོག་པའི་རང་བཞིན་ཡིན་པའི་ཕྱིར་མ་སྐྱེས་པ་ནི་འགག་པའི་ཆོས་ཅན་མ་ཡིན་པ་ཉིད་དོ། །ཅི་དེ་ལ་སྐད་ཅིག་མ་གཞན་དུ་འགག་པ་ཡོད་དམ་ཞེས་གསུངས་པ་ནི་རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་གང་ཞིག་འགག་པའི་ཆོས་ཅན་མ་ཡིན་པ་དེ་འགག་པར་འགྱུར་རམ་ཞེས་བྱ་བ་ཡིན་ནོ། །དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་སྐད་ཅིག་མ་དང་པོ་མེད་པས་སྐད་ཅིག་མ་གཉིས་པར་འགགས་པ་དང་བྲལ་བ་ཡིན་པའི་ཕྱིར་སྐད་ཅིག་མ་གཞན་དུ་འགག་པར་འགྱུར་བ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་འོ་ན་ད་ལྟ་བྱུང་བ་འགག་པར་འགྱུར་རོ་ཞེ་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་གང་མི་འབྱུང་མ་འགགས་པའི་ཆོས་ཅན་དེ་འགག་པར་འགྱུར་རམ་ཞེས་བྱ་བ་གསུངས་ཏེ། ད་ལྟར་བྱུང་བ་ལ་ནི་སྐྱེ་བ་གཞན་དོན་མེད་པས་མི་འབྱུང་བའི་ཆོས་ཅན་ཡིན་ལ། ཡོད་པའི་དུས་སུ་འཇིག་པ་མེད་པས་མ་འགགས་པའི་ཆོས་ཅན་ནོ། །དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བར་འདོད་དོ། །གལ་ཏེ་དེ་ལྟ་ན་འོ་ན་མེད་ལ་འགག་པར་འགྱུར་རོ་སྙམ་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཆོས་གང་རང་བཞིན་གྱི་ངོ་བོ་ཉིད་འགག་པ་ཉིད་ཀྱི་ཆོས་དེ་འགག་པར་འགྱུར་རོ་ཞེས་གསུངས་ཏེ། དངོས་པོ་མེད་པའི་མིང་ཅན་གྱི་ཆོས་གང་ཞིག་རང་གི་རང་བཞིན་གྱི་ངོ་བོ་ཉིད་འགགས་པ་སྟེ། གཟུགས་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་བའི་ཆོས་ཉིད་འགག་པར་འགྱུར་རམ་ཅི་ཞེས་བྱ་བའོ། །དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་འདས་མ་ཐག་ཏུ་དུས་གསུམ་པའི་དངོས་པོ་འགག་པ་བསལ་བས་ན་ཡོད་པ་མ་ཡིན་པ་ཉིད་ཀྱིས་ན་དངོས་པོ་མེད་པ་ཉིད་འགག་པར་འགྱུར་བ་མ་ཡིན་པ་ཉིད་དོ། །འོ་ན་སྒྱུ་མ་ལྟ་བུ་ཉིད་འགག་པ་ཡིན་ནོ་ཞེ་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་འགག་པར་འགྱུར་རམ་ཞེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་ཆོས་ཉིད་ནི་མ་བརྟགས་ན་གཅིག་པུ་ཉམས་དགའ་བ་ཉིད་ཀྱིས་བརྫུན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་དུ་འགག་པར་མི་


DTG085_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི། འོན་ཀྱང་སྐྱེ་བའི་དངོས་པོ་རང་བཞིན་གྱིས་སྒྱུ་མའི་རང་བཞིན་ཅན་དུ་གྱུར་པ་ཐམས་ཅད་ཀྱི་ཀུན་རྫོབ་ཏུ་འགག་པ་ལ་འགག་པ་ཟབ་པ་ཞེས་བརྗོད་དོ། །དེ་བཞིན་ཉིད་ཟབ་པའི་དོན་ནི་རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་གནས་པར་འགྱུར་རམ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་ལྷག་མའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་ཉིད་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་གནས་པར་འགྱུར་རོ་ཞེས་གསོལ་པ་ཡིན་ནོ། །དུས་གསུམ་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ཉིད་དང་འདྲ་བར་གནས་པར་འགྱུར་ན་རྟག་ཏུ་དེ་བཞིན་ཉིད་དུ་འགྱུར་རོ་ཞེ་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། གལ་ཏེ་དེ་བཞིན་ཉིད་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་གནས་ན་ནི་ཐེར་ཟུག་མ་ཡིན་པར་མི་འགྱུར་རམ་ཞེས་གསུངས་པ་ཡིན་ཏེ། ཡི་གེ་ཨ་ཁོང་ནས་ཕྱུང་བའི་ཕྱིར་མི་རྟག་པ་ཐེར་ཟུག་མ་ཡིན་པར་འགྱུར་གྱི་འོན་ཀྱང་རྟག་པ་ཐེར་ཟུག་ཏུ་གནས་པའི་དེ་བཞིན་ཉིད་ཡིན་ནོ་ཞེས་བྱ་བར་སེམས་སམ་ཅི་ཞེས་པའོ། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་འབྱུང་བས་ཀུན་རྫོབ་པའི་དངོས་པོའི་དོན་སྐད་ཅིག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ལྟ་མ་ལགས་སོ་ཞེས་གསོལ་ཏོ། །འོ་ན་ནི་དོན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཟབ་མོ་མ་ཡིན་པ་ཁོ་ནའོ་ཞེ་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ཟབ་པ་མ་ཡིན་ནམ་ཞེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཟབ་པོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དངོས་པོའི་དོན་རྟོགས་ཀྱང་དེ་དང་ཐ་མི་དད་པ་མངོན་སུམ་དུ་བྱ་བར་མི་ནུས་པ་ཡིན་པའི་ཕྱིར་དེ་བཞིན་ཉིད་ཟབ་པས་རྟོགས་པར་དཀའོ་ཞེས་བྱ་བའི་དོན་ཏོ། །ཤེས་བྱ་ཟབ་པ་ཉིད་ཀྱི་དོན་ནི་རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ལ་སེམས་ཡོད་དམ་ཞེས་གསུངས་སོ། །དེ་བཞིན་ཉིད་ལ་གཞིའི་ངོ་བོ་ཉིད་ཡོད་བ་མ་ཡིན་པའི་ཕྱིར་ན་དེ་ལྟ་མ་ལགས་སོ་ཞེས་གསོལ་ཏོ། །འོ་ན་དེ་བཞིན་ཉིད་དང་སེམས་ཐ་མི་དད་པར་འགྱུར་རོ་ཞེ་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ལ་སེམས་ཡོད་དམ་ཞེས་གསུངས་སོ། །དེ་བཞིན་ཉིད་ལ་གཞིའི་


DTG085_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་ན་དེ་ལྟ་མ་ལགས་སོ་ཞེས་གསོལ་ཏོ། །འོ་ན་དེ་བཞིན་ཉིད་དང་སེམས་ཐ་མི་དད་པར་འགྱུར་རོ་ཞེ་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་དེ་བཞིན་ཉིད་ཡིན་ནམ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་དག་ཕན་ཚུན་སྤངས་པ་ཡིན་པའི་ཕྱིར་ན། སེམས་ནི་དེ་བཞིན་ཉིད་ཁོ་ནའོ། །དོན་གྱིས་ན་དེ་བཞིན་ཉིད་ལས་སེམས་གཞན་དུ་འགྱུར་རོ་ཞེ་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ལས་གཞན་ན་སེམས་ཡོད་དམ་ཞེས་གསུངས་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །གང་ཕྱིར་ཆོས་ཡོང་མ་ཡིན་ཏེ། །ཞེས་བྱ་བའི་བསམ་པས་དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་དུ་དེ་བཞིན་ཉིད་མ་མཐོང་ཞིང་མ་མཐོང་བ་ཡིན་པ་ནི་ཤེས་པ་ཟབ་པ་ཡིན་པར་འདོད་དོ། །སྤྱོད་པ་ཟབ་པའི་དོན་ནི་རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་དམ་ཞེས་གསུངས་པ་ཡིན་ཏེ། དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་དུའོ། །དེ་ཁོ་ན་ཉིད་དུ་གང་དུ་ཡང་སྤྱོད་པ་མེད་པ་ཁོ་ནའོ་ཞེས་གསོལ་པ་ནི། བཅོམ་ལྡན་འདས་གང་དེ་ལྟར་སྤྱོད་པ་དེ་ཅི་ལ་ཡང་མི་སྤྱོད་དེ་ཞེས་བྱ་བའོ། །འདི་ཉིད་གསལ་བར་བྱེད་པས་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་བསུ་ནས་འདི་ལྟར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །འདི་སྐད་དུ་གང་གི་ཕྱིར་དེ་བཞིན་ཉིད་ལ་གནས་པ་དེ་ལ་ནི་ཉམས་སུ་ལེན་པའི་ཁྱད་པར་གྱི་ཀུན་ཏུ་སྤྱོད་པ། དེ་དག་དེ་ཁོ་ནར་གྱུར་པའི་རྒྱུ་འབྲས་མེད་པས་རིམ་པ་བཞིན་མི་འཇུག་ཅིང་ཀུན་ཏུ་མི་སྤྱོད་པ་ཡིན་པ་དེའི་ཕྱིར་རྒྱུ་བར་འགྱུར་བ་མ་མཆིས་སོ། །དེ་བས་ན་ཆོས་ཉིད་ཀྱིས་ཐམས་ཅད་སྤྱོད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་སྤྱོད་པ་ཟབ་པ་ཞེས་བརྗོད་པར་འགྱུར་རོ། །གཉིས་སུ་མེད་པ་ཟབ་པའི་དོན་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཅི་ལ་སྤྱོད་ཅེས་བྱ་བ་ནི་ཡུལ་གང་ཞིག་རྗེས་སུ་གནས་ཞེས་བྱ་བའོ། །དོན་དམ་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་མཚན་མ་མེད་པའི་སྤྱོད་པ་གཉིས་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་ལ་སྤྱོད་པ་ཉིད་ནི་གཉིས་སུ་མེད་པའི་ཟབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །འདི་ཉིད་གསལ་བར་མཛད་པ་ནི་རབ་འབྱོར་འདི་ཇི་སྙམ་དུ་སེམས།


DTG085_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དོན་དམ་པ་ལ་སྤྱོད་པ་དེ་མཚན་མ་ལ་སྤྱོད་དམ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་མཚན་མ་དང་མཚན་མ་མེད་པའི་འདུ་ཤེས་བཀག་པས་དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཅན་གྱི་མཚན་མ་ལ་མི་སྤྱོད་པ་ཉིད་དོ། །ཐབས་ལ་མཁས་པ་ཟབ་པའི་དོན་ནི། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་དེས་མཚན་མ་དེ་རྣམ་པར་མ་བཤིག་གམ་ཞེས་གསུངས་སོ། །རྣམ་པར་མ་བཤིག་གམ་ཞེས་བྱ་བའི་དོན་ནི་མ་སྤངས་ཤིང་མདོར་རམ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའི་སྟོབས་ཀྱིས་མ་གསལ་བའོ། །མཚན་མ་ནི་ཡོད་པ་མ་ཡིན་པས་སོ། །གལ་ཏེ་དེ་ལྟ་ཡིན་ན་འོ་ན་མཚན་མ་དང་བྲལ་པ་ཡིན་ནོ་ཞེ་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མཚན་མ་རྣམ་པར་བཤིག་པར་འགྱུར་ཞེས་གསུངས་པ་ཡིན་ནོ། །སྤོང་བའི་འབད་པ་མེད་པས་མཚན་མ་སྤངས་པ་མེད་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ནད་ལྟར་གྱི་སྐྱེ་བ་ཚེ་འདི་ཉིད་ལ་བདག་གིས་ཇི་ལྟར་མཚན་མ་སྤོང་བ་འཐོབ་པར་འགྱུར་ཞེས། བྱང་ཆུབ་སེམས་དཔའ་དེ་སྙམ་དུ་མི་སྦྱོར་མི་རྩོལ་ཞེས་བྱ་བའི་དོན་ཏོ། །དེ་སྤངས་ནས་ཉེས་པ་ཅིར་འགྱུར་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཅི་ལྟར་གཅིག་ཅིག་སྤངས་པ་དང་མ་སྤངས་པ་ཡིན་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འདི་སྐད་དུ་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་སྒྱུ་མ་ལྟ་བུའི་མཚན་ཉིད་གང་ཡིན་པ་སྟེ། ངོ་བོ་ཉིད་གང་ཡིན་པ་དང་མཚན་མ་གང་ཡིན་པ་སྟེ་རྒྱུ་གང་ཡིན་པ་དེ་ཡང་ཤེས་ལ། དེ་ཁོ་ན་ཉིད་དུ་ན་མ་སྐྱེས་པ་ཡིན་པའི་ཕྱིར་མཚན་མ་མེད་པའི་ཆོས་ཀྱི་དབྱིངས་ལ་ཡང་ཡོངས་སུ་འདྲིས་བར་བྱེད་པ་དེ་ལྟར་ན། དོན་དམ་པར་སྤང་བ་དང་ཀུན་རྫོབ་ཏུ་མ་སྤངས་པ་འདི་ནི་ཐབས་ལ་མཁས་པའི་ཟབ་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་དེ་ལྟར་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཕྱིར་ན་ཕན་ཚུན་


DTG085_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་དོན་རྗེས་སུ་བསྒྲུབས་པས་སྐྱེ་བ་ལ་སོགས་པ་ཟབ་པ་བརྒྱད་རྟོགས་པ་དང༌། རྗེས་སུ་མཐུན་པའི་ཐ་སྙད་ལ་འཇུག་པའི་ཕྱིར་སྐད་ཅིག་མ་བཅུ་དྲུག་དང་འདྲ་བར་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པར་གཟུང་བར་བྱའོ། །དེ་སྐད་དུ་ཡང༌། སྐྱེ་བ་དང་ནི་འགག་པ་དང༌། །དེ་བཞིན་ཉིད་དང་ཤེས་བྱ་དང༌། །ཤེས་དང་སྤྱོད་དང་གཉིས་མེད་དང༌། །ཐབས་ལ་མཁས་པ་ཟབ་པ་ཉིད། །ཅེས་གསུངས་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་མཚན་ཉིད་བསྟན་པས་སློབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་བཤད་པ་ཡིན་ལ། དེའི་འོག་ཏུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྣམ་བར་རྟོག་པ་སྤངས་པས་དེ་གཉི་ག་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་མི་སློབ་པ་ཉིད་དུ་གྱུར་པ་ཡིན་ཏེ། དེ་ཕན་ཆད་བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །དེ་བས་ན་མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་གསལ་བར་བསྟན་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བཤད་པར་བྱ་བ་ཡིན་པས་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཅི་ཞེས་བྱ་བའི་སྒྲའི་དོན་འདྲི་བ་ལ་འཇུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་ཞིང་ཉེ་བར་འཕེལ་བར་འགྱུར་རམ་ཞེས་བྱ་བའི་ཐ་ཚིག་གོ །མི་འཕེལ་བ་ཁོ་ནའོ་ཞེས་བརྗོད་པ་ནི་གལ་ཏེ་ཉིན་པར་ཞེས་བྱ་བ་ལ་སོགས་པའོ། །འདིར་འཁོར་བ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་གོ་རིམས་བཞིན་དུ་རྨི་ལམ་དང་ཉིན་མོས་བསྟེན་པར་འདོད་ནས་སྨྲས་པ་ཡིན་ནོ། །བསམ་པ་ནི་འདི་ལྟར་ཤེས་པར་བྱ་སྟེ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་རྣམ་པར་རྟོག་པ་སྤང་བའི་དབང་དུ་བྱས་ནས། གང་གི་ཚེ་དེ་གཉི་ག་མཉམ་པ་ཉིད་དུ་རྟོགས་པ་ལས་གལ་ཏེ་ཉིན་མོར་གྱུར་པའི་བསྒོམ་པ་རྣམ་པར་འཕེལ་ན་ནི་དེའི་ཚེ་རྨི་ལམ་རྨིས་པའི་ནང་དུ་གཏོགས་པའི་ཡང་རྣམ་པར་འཕེལ་བ་ཞིག་ན་འོན་ཀྱང་ཇི་ལྟར་ཉིན་པར་མི་འཕེལ་བ་དེ་བཞིན་དུ་རྨི་ལམ་དུ་ཡང་ཡིན་ནོ་ཞེས་བྱ་བར་རོ། །འདི་དག་ཉིད་གསལ་བར་བྱ་བའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དོགས་པ་བསུ་ནས་རྨི་ལམ་དང་ཉིན་པར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ་གལ་ཏེ་ཉིན་པར་སྤྱོད་པས་ཤེས་


DTG085_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕེལ་ན་ནི། དེའི་ཚེ་གོམས་པའི་སྟོབས་ཀྱིས་རྨི་ལམ་དུ་ཡང་རྒྱས་པར་འགྱུར་ན་དེ་ལྟ་ནི་མ་ཡིན་ཏེ། གང་གི་ཕྱིར་འཁོར་བ་དང་རྣམ་པར་བྱང་བའི་ཆོས་རྣམས་ནི་སྣང་བ་ཙམ་གྱི་རང་བཞིན་རྨི་ལམ་དང་འདྲ་བ་ཉིད་དུ་རྟོགས་པའི་ཕྱིར་རྨི་ལམ་དང་ཉིན་པར་གྱི་རང་བཞིན་ཅན། འཁོར་བ་དང་མྱ་ངན་ལས་འདས་པ་དག་མི་མཐུན་པའི་ཕྱོགས་དང་གཉེན་པོའི་རྣམ་པར་རྟོག་པ་དང་གིས་ཐ་དད་པར་རྣམ་པར་བརྟག་པར་མི་ནུས་པའི་ཕྱིར་རྨི་ལམ་དང་ཉིན་པར་ནི་རྣམ་པར་མི་རྟོག་ཅིང་མཉམ་པ་ཉིད་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང༌། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ཞེས་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཉིད་ཡིན་ན་ནི་རྨི་ལམ་གྱི་གནས་སྐབས་དང་འདྲ་བར་སད་པའི་གནས་སྐབས་སུ་ཡང་མི་དགེ་བ་བཅུ་ལ་སོགས་པ་མེད་པར་འགྱུར་རོ་ཞེས་སྨྲས་པ་ནི་ཚེ་དང་ལྡན་པ་རབ་འབྱོར་གང་ཡང་སྐྱེས་པ་འམ་ཞེས་བྱ་བ་ལ་སོགས་པའོ། །ཅི་ཞེས་བྱ་བ་ནི་སྤོང་བ་བརྗོད་པ་ཡིན་པའི་ཕྱིར་མེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །སོགས་པ་ཞེས་བྱ་བའི་དོན་རང་གི་ངོ་བོ་ཉེ་བར་སོགས་པའི་ཕྱིར་རོ། །ཉེ་བར་སོགས་པ་ཞེས་བྱ་བ་ནི་འབྲས་བུ་སྐྱེད་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་རྨི་ལམ་ལྟ་བུ་ཡིན་པ་ཉིད་ཀྱིས་ན་སྦྱོར་བ་ལ་སོགས་པ་མེད་པའི་ཕྱིར་ཉིན་པར་ཡང་དགེ་བ་དང་མི་དགེ་བའི་ལས་མེད་པར་འགྱུར་རོ་ཞེས་བསམས་པའོ། །དོན་དམ་པར་སོགས་པ་འམ་ཉེ་བར་སོགས་པ་མེད་དོ་ཞེས་སྨྲས་པ་ནི་ཅི་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །ཀུན་རྫོབ་ཏུ་ནི་ལས་དང་འབྲས་བུ་འབྲེལ་པ་འདོད་པའི་ཕྱིར། རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །དེས་ན་རྨི་དང་འབྲས་མི་ཚུགས། །ཞེས་བྱ་བས་དཔེ་མ་གྲུབ་པར་འགྱུར་རོ་ཞེས་བརྗོད་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་སྟེ་སྐྱེས་བུ་དེ་ཞེས་བྱ་བ་ལ་སོགས་པ་བྱའོ། །ལས་དེ་ཞེས་བྱ་བ་ནི་རྨི་ལམ་གྱི་གནས་སྐབས་སུ་འབྱུང་བའོ། །འདི་ཉིད་གསལ་བར་བྱེད་པས་སྨྲས་པ་ནི་ཤཱ་རིའི་བུ་ཅི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྦྱོར་བ་ལ་སོགས་པས་རྫོགས་པར་བྱས་པའམ། ལུས་དང་ངག་དང་སེམས་


DTG085_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བཅོམ་པས་ཨ་ལ་ལ་བསད་དོ། །ལེགས་པར་བསད་དོ། །ཤིན་ཏུ་བསད་དོ་ཞེས་བྱ་བ་དང༌། ཐམས་ཅད་དུ་བདག་ཉིད་ཀྱིས་བྱ་བ་ལ་དམིགས་པས་ངས་བསད་དོ་ཞེས་དོན་གྱི་དབྱེ་བས་བརྗོད་པར་བྱའོ། །འདི་སྐད་དུ་ཇི་ལྟར་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་ལུགས་ལ་སྐད་ཅིག་མ་ཉིད་ཀྱིས་རྒྱུ་མེད་པར་འཇིག་པ་ཡིན་པ་དང༌། གྲུབ་པའི་མཐའ་ལས་ཀྱང༌། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་འབྱུང་བའི་ཕྱིར་དོན་དམ་པར་སུས་ཀྱང་སུ་ཡང་བསད་པ་མེད་ལ། སུས་ཀྱང་སུའི་ནོར་བླངས་པ་ཡང་མེད་ཅེས་བྱ་བ་ལ་སོགས་པ་ཁས་བླངས་པ་ན་རྒྱུན་འཇུག་པ་དང་འགལ་བའི་དངོས་པོ་བསྐྱེད་པ་ལས་གསོད་པ་ལ་སོགས་པར་ལྷག་པར་ཞེན་པའི་སྒོ་ནས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་སོགས་པ་དང་ལྡན་པ་ལ། མི་དགེ་བ་ལ་སོགས་པ་བཞིན་དུ་སྲོག་བཅད་པ་ལ་སོགས་པ་རྣམ་པར་འཇོག་པ་དེ་བཞིན། རྨི་ལམ་དུ་ཉེ་བར་བསགས་པ་ཡང་དགེ་བ་དང་མི་དགེ་བ་སད་པའི་གནས་སྐབས་སུ། ཨ་ལ་ལ་བསད་དོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པས་སྦྱོར་བ་ལ་སོགས་པའི་གནས་སྐབས་ཀྱི་མངོན་པར་ཞེན་པ་རྒྱས་པས་ཡོངས་སུ་རྒྱས་པར་གྱུར་པ་ན། ཕྱིའི་དོན་ཡོད་པར་སྨྲ་བའི་ལུགས་ལ་ཡང་རྨི་ལམ་གྱི་གནས་སྐབས་དང་འདྲའོ་ཞེས་བྱ་བའི་དཔེ་མ་གྲུབ་པོ། །དེ་བས་ན་དབུ་མ་པའི་ལུགས་ཀྱིས་གཉིད་མ་ལོག་པའི་གནས་སྐབས་སུ་ཡང་རྨི་ལམ་དང་འདྲ་བའི་དངོས་པོ་རྣམས་ལ་དེ་དང་རྗེས་སུ་མཐུན་པ་ལ་སོགས་པའི་དོན་ཡོད་པ་ལ་སོགས་པར་མངོན་པར་ཞེན་པས་ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་སྤངས་པ་རྣམས་ལ། དགེ་བལ་སོགས་པར་རྣམ་པར་གཞག་གོ །འོན་ཀྱང་གཉིད་ནི་སེམས་འཁྲུལ་པའི་རྒྱུ་བླ་ལྷག་པ་ཡིན་པ་ཉིད་ཀྱིས་ན་མི་གསལ་བ་དང་འཆོལ་བར་རྟོགས་པས་རྨི་ལམ་དུ་ནི་དམན་པ་ཡིན་ལ། གཉིད་ཀྱིས་མ་ལོག་པའི་གནས་སྐབས་སུ་གཉིད་ལ་སོགས་པ་འཁྲུལ་པའི་རྒྱུ་དང་བྲལ་བས་ཞིང་མ་ཕོག་འཆོལ་བར་སྣང་བ་ཉིད་ཀྱིས་ན་འབྲས་བུ་ལྷག་མ་ཡིན་ནོ། །རྨི་ལམ་ལ་སོགས་པའི་གནས་སྐབས་སུ་ཡང་ལས་དང་འབྲས་བུ་ཡོད་པར་འདོད་པ་ཡིན་པའི་ཕྱིར་དགེ་སློང་མ་ཡིན་པ་ལ་སོགས་པ་ཉེས་ཡོད་པར་མི་བརྗོད་དེ། བསླབ་པ་བྱིན་པ་དང་འདྲ་བར་སྡོམ་པ་


DTG085_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡོམ་པ་མ་ཡིན་པ་ནི་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པའི་དབང་ལས་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པའི་སྟོབས་ཀྱིས་ལས་རྣམས་གསོས་བཏབ་པ་ཡིན་ནོ། །དེའི་ཚེ་གཉེན་པོའི་ཕྱོགས་སད་པ་ཡིན་ཡང་རྣམ་པར་རྟོག་པ་རྗེས་སུ་འཇུག་པས་ན་དེ་བཞིན་གཤེགས་པ་ལ་ཡང་འགྱུར་རོ་ཞེས་བརྗོད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་རྟོག་པ་ནི་ཟད་པའི་འདུ་ཤེས་སྐྱེད་པར་མཛད་པས་ཞེས་བྱ་བ་ནི་བདག་གི་འཁོར་བའི་ཕུང་པོ་ཟད་དོ་ཞེས་བྱ་བ་ལ་སོགས་པའི་འདུ་ཤེས་སུ་མཛད་པའོ། །དེའི་ཡང་ལས་ཞེས་བྱ་བ་ནི་ཉོན་མོངས་པ་སྤོང་བར་མཛད་པའི་ཡིད་ལ་བྱེད་པའི་ཕྲིན་ལས་སོ། །རང་གི་ངོ་བོ་ཉེ་བར་བསགས་པས་ན་སོགས་པ་དང༌། འབྲས་བུ་བསྐྱེད་པར་ནུས་པ་ཉིད་ཀྱིས་ན་ཉེ་བར་སོགས་པར་འགྱུར་ལ། དེ་ལས་ཀྱང་ལས་ཉེ་བར་སོགས་པ་ལ་འབྲས་བུའི་ཁྱད་པར་ཡོད་པས་དེ་བཞིན་གཤེགས་པ་ནི་མ་རྫོགས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའོ་སེམས་པའོ། །གདུལ་བྱའི་སྐྱེ་བོའི་དོན་དེ་བཞིན་གཤེགས་པ་ལ་ངའི་སྐྱེ་བ་ཟད་དོ། །ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་གཞག་པ་ཡིན་གྱི་ཡང་དག་པར་ནི་མ་ཡིན་ནོ། །ཞེས་སྨྲས་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བའོ། །འདི་ཉིད་གཞུང་གཟུགས་པའི་དོན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་དེ་བཞིན་གཤེགས་པ་ནི་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྟོག་པ་ནི་གཟུགས་ལ་སོགས་པ་རང་དང་སྤྱིའི་མཚན་ཉིད་ཀྱི་བདག་ཉིད་ཅན་རྣམ་པར་རྟོག་པ་མེད་པ་དང༌། །རྣམ་པར་རྟོག་པ་དང་བཅས་པའི་དམིགས་པའི་གནས་སུ་གྱུར་པ་ཡིན་ལ། དེ་རྣམས་ལ་རྣམ་པར་རྟོག་པ་ནི་དེ་ལ་དམིགས་པའོ། །དེ་དང་བྲལ་བ་ནི་རྣམ་པར་མི་རྟོག་པའི་ཆོས་ཉིད་ཐུགས་སུ་ཆུད་པའི་ཕྱིར་སྤངས་བ་ཞེས་བྱ་བའི་ཐ་ཚིག་གོ །དམིགས་པ་ལ་ཉེ་བར་དམིགས་པ་མེད་པར་གཞན་དག་གི་ཡིད་ཀྱི་ལས་དང་སེམས་པ་ཅིའི་ཕྱིར་མི་འཇུག་ཅེ་ན། ཚེ་དང་ལྡན་བ་ཤཱ་རིའི་བུ་དེ་བཞིན་དུ་དམིགས་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་ཆོས་ཉིད་ནི་འདི་ཡིན་ཏེ། གང་གི་ཕྱིར་དམིགས་


DTG085_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་ལས་དང་སེམས་པ་མི་སྐྱེ་བ་འདི་ནི་ཆོས་ཉིད་ཡིན་པ་དེ་བས་ན་དམིགས་པ་དང་བཅས་པ་ཁོ་ནར་སྐྱེ་བ་ཡིན་ནོ། །འདི་དག་ཉིད་གསལ་བར་བྱེད་པས་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་དམིགས་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ། དེ་དང་དེ་མིན་རང་བཞིན་ཅན། །དེ་དེ་མིན་དངོས་རྒྱུ་ལས་སྐྱེས། །ཞེས་བྱ་བའི་ཚུལ་གྱིས་བློ་ལ་ལ་ནི་ཀུན་ནས་ཉོན་མོངས་པ་ལ་དམིགས་པས་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་ལ། བློ་ལ་ལ་ནི་རྣམ་པར་བྱང་བ་ལ་དམིགས་བས་ན་རྣམ་པར་བྱང་བ་ཡོངས་སུ་འཛིན་ཏོ། །སེམས་པ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་བློ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །ཞེས་བཤད་པའི་ཕྱིར་ལས་ཉིད་ཀྱི་རྣམ་གྲངས་སུ་བརྗོད་པ་ཡིན་ནོ་ཞེས་ཟེར་རོ། །ཉེ་བར་བསྡུ་བ་ནི་ཤཱ་རིའི་བུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འདས་པ་དང་མ་འོངས་པ་ནི་མེད་པ་ཉིད་ཀྱིས་དམིགས་པའི་ངོ་བོར་མི་འཐད་པའི་ཕྱིར་ལ། ད་ལྟར་བྱུང་བའི་དོན་ཡང་རྣམ་པ་དང་བཅས་པ་ལ་སོགས་པའི་ཤེས་པས་གཟུང་བར་མི་ནུས་པ་ཉིད་ཀྱིས་ན་ཐམས་ཅད་ན་དམིགས་པས་སྟོང་པ་ཉིད་ཡིན་ན་དམིགས་པ་དང་བཅས་པའི་སེམས་ཀྱང་ཇི་ལྟར་སྐྱེ་ཞེས་སྨྲས་བ་ནི། ཚེ་དང་ལྡན་བ་རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པའོ། །དབེན་པས་ཞེས་བྱ་བ་ནི་དམིགས་པའི་དངོས་པོ་དང་བྲལ་བ་ཉིད་ཀྱིས་ན་སྟོང་པ་ཉིད་དུའོ། །ཀུན་རྫོབ་ཏུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་དམིགས་ནས་སྐྱེ་བ་ཡིན་ནོ་ཞེས་སྨྲས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ལ་སོགས་པར་གཏོགས་པའི་མཚན་མ་ཐུན་མོང་མ་ཡིན་པས་དེ་ཁོ་ནར་མཚན་མ་མེད་པ་ཡིན་ན་ཡང༌། ཇི་ལྟར་མཐོང་བ་བཞིན་མཚན་མར་བྱས་ཤིང་སྒྲོ་བཏགས་ནས་ཞེས་བྱ་བའི་དོན་ཏོ། །བར་དུ་ཡང་ཞེས་བྱ་བ་འདིས་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ལ་སོགས་པ་བསྡུའོ། །འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་སོ། །སྐྱེ་བོ་ཞེས་བྱ་བའི་རྗེས་ཐོགས་ལ་བརྗོད་དོ་ཞེས་བྱ་བ་ནི་ལྷག་མའོ། །རྨི་ལམ་ན་ཡང་ལས་དང་འབྲས་བུའི་འབྲེལ་པ་ཡོད་དོ་ཞེས་བསྟན་བཞིན་དུ་ཡང་སྐྱེ་བོ་དམིགས་བ་ཅན་གྱི་དབང་དུ་བྱས་ནས་དོགས་པ་བསུ་བ་ནི། ཚེ་དང་ལྡན་


DTG085_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པ་རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ལན་བཏབ་ཟིན་པའི་དོན་ལ་ཡང་དོགས་པར་བྱེད་ན་མཐའ་ཡས་པས་སེམས་རྣལ་དུ་གནས་པ་སུ་ཞིག་ལན་འདེབས་པར་བྱེད་ཅེས་བྱ་བའི་བསམ་པས། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །དོན་འདི་ཞེས་བྱ་བ་ནི་རྨི་ལམ་དུ་ཡོངས་སུ་བསྔོས་པ་ནི་ཅི་སྤྱིན་པ་དེ་ཡོངས་སུ་བསྔོས་བ་ཞེས་བརྗོད་པར་བྱ་བའམ་ཞེས་དྲིས་པའོ། །ལུས་ཀྱི་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་ནི། དགྲ་བཅོམ་པའི་ལ་ཞུགས་པའི་ཕྱིར་མི་འོང་བའི་འགོག་པ་ཐོབ་པ་ནི་མངོན་སུམ་དུ་བྱེད་པ་ཡིན་ལ། དེ་བཞིན་དུ་འཕགས་པ་བྱམས་པ་ནི་འཚང་རྒྱ་བ་ཉིད་ལ་ཞུགས་པ་ཡིན་པའི་ཕྱིར་ལུས་ཀྱི་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །རབ་འབྱོར་གྱི་ཚིག་ཉིད་ཀྱིས་འཕགས་པ་བྱམས་པ་ལ་བོས་ཏེ་སྨྲས་པ་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པའོ། །གདུལ་བྱ་སོ་སོའི་བྱེ་བྲག་གིས་བསྟན་ཟིན་པའི་དོན་ལ་ཡང་དོགས་པ་ཡང་ནས་ཡང་དུ་བྱུང་བ་ལ་ཡང་ནས་ཡང་ལན་བརྗོད་པ་ཡིན་ཡང་སྐལ་བ་དང་ལྡན་པ་རྣམས་ཁོ་ནའི་དོན་བྱེད་པ་ཡིན་པའི་ཕྱིར་སངས་རྒྱས་གཅིག་བྱུང་བའི་དུས་ཁོ་ནར་ཐམས་ཅད་ཀྱིས་ཕྱིན་ཅི་ལོག་སྤང་བར་བྱ་བར་མི་ནུས་སོ་ཞེས་བྱ། དི་བ་འདིའི་ལན་བཏབ་པའི་སྐབས་ཉིད་ཀྱིས་བསྟན་ཏེ། མ་འོངས་པའི་སངས་རྒྱས་གཞན་དང་གཞན་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་ན་དྲི་བ་འདི་ཡོངས་སུ་རྫོགས་པ་མེད་པ་ཡིན་ཏེ། དེ་ཡོངས་སུ་རྫོགས་པ་ཡིན་ན་ནི་བྱ་བ་མེད་པའི་ཕྱིར་མ་འོངས་པའི་སངས་རྒྱས་འབྱུང་བ་དོན་མེད་པར་ཡང་འགྱུར་བའི་ཕྱིར་རོ་སྙམ་པའི་བསམ་པ་དང་ལྡན་པར་ལན་ལྡོན་པར་འདོད་ནས་བརྗོད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པའོ། །སྲིད་པའི་དབང་དུ་བྱས་ནས་རྣམ་པར་རྟོག་པར་བྱེད་པ་ནི་ཚེ་དང་ལྡན་པ་རབ་འབྱོར་ཅི་བྱམས་པ་ཞེས་བྱ་བའི་མིང་ཞེས་བྱ་བ་ལ་སོགས་པ་སྨྲས་པའོ། །དེ་ལ་རེ་ཞིག་སྟོང་པ་ཉིད་ནི་ལན་མི་ལྡོན་ནོ་ཞེས་བརྗོད་པ་ནི་དེ་སྟེ་གཟུགས་ཀྱི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པའོ། །དེ་ནི་ལན་ལྡོན་མི་ནུས་སོ་ཞེས་བྱ་བ་ནི་ཡོད་བཞིན་པ་མ་ཡིན་པའི་ཕྱིར་མཐུ་མེད་པའོ། །གཟུགས་ལ་སོགས་པས་ཀྱང་མི་ནུས་སོ་ཞེས་བརྗོད་


DTG085_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཚེ་དང་ལྡན་པ་རབ་འབྱོར་ཆོས་གང་ཞེས་བྱ་བ་ལ་སོགས་པ་བྱེད་པ་པོ་དང་ལས་དང་བྱ་བ་དམིགས་སུ་མེད་པའི་དབྱེ་བས་ཆོས་གང་ལན་ལྡོན་པ་དང༌། ཆོས་གང་ལ་ལན་བླན་པར་བྱ་བ་དང་ཆོས་གང་གིས་ལན་བླན་པར་བྱ་བ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཆོས་གང་ལུང་བསྟན་པ་ཞེས་བྱ་བ་ནི་བདག་ཉིད་ཡུལ་དུ་བྱས་ནས་བརྗོད་པའོ། །ཆོས་ཐམས་ཅད་དམིགས་པ་ཡིན་པར་མི་འཐད་དོ་ཞེས་བརྗོད་པ་ནི་ཚེ་དང་ལྡན་པ་བྱམས་པ་ཆོས་འདི་དག་གང་ཅི་ལྟར་ཞེས་བྱ་བ་ལ་སོགས་པའོ། །འདི་སྐད་དུ། གལ་ཏེ་ཇི་ལྟར་ཆོས་འདི་དག་གིས་བརྗོད་པ་བཞིན་དུ་ཁྱོད་ཀྱི་གཟུགས་ལ་སོགས་པའི་ཆོས་འདི་དག་དེ་ལྟར་མངོན་སུམ་དུ་བྱས་ན་ནི་དེའི་ཚེ་ལན་འདེབས་པ་པོའི་ངོ་བོས་རྣམ་པར་རྟོག་པའི་དོན་ཉེ་བར་དམིགས་པས་ན། ཆོས་ཐམས་ཅད་མི་དམིགས་པར་ཇི་ལྟར་འགྱུར་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་རྟོགས་པ་མེད་པ་ཉིད་དོ་ཞེས་བརྗོད་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་དག་ཇི་ལྟར་ཚིག་གིས་བསྟན་པ་ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བ་ལ་སོགས་པའི་གནས་སྐབས་སུ་མི་ཤེས་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །འོ་ན་ཇི་ལྟར་ཡིན་ཞེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་སྐད་དུ། ཆོས་ཐམས་ཅད་ཀྱི་སྒྱུ་མ་ལྟ་བུ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་རྟོགས་པའི་གནས་སྐབས་སུ་རྣམ་པར་རྟོག་པ་རྒྱུ་བ་མེད་པའི་ཕྱིར་ཇི་ལྟར་ལུས་ཀྱིས་རེག་ཏུ་མེད་པ་དང༌། ཚིག་གིས་སྨྲར་མེད་པ་དང་སེམས་ཀྱིས་བསམ་དུ་མེད་པ་དེ་ལྟ་བུའི་ངོ་བོ་ཡིན་པར་ཆོས་ཐམས་ཅད་མི་དམིགས་པའི་རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མངོན་སུམ་དུ་བྱས་ཏེ་གང་གི་ཕྱིར་རྣམ་པར་རྟོག་པ་རྗེས་སུ་འཇུག་པ་ཡིན་ན་ནི་ཕྱིན་ཅི་ལོག་ཡོད་པས་རྟོགས་པ་མེད་པར་གྱུར་པས་སོ། །དེ་ལས་ཀྱང་རྟོགས་པ་ལས་དུས་ཕྱིས་བརྗོད་པའི་ཀུན་རྫོབ་ཏུ་ཐ་སྙད་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་ནི་ཉན་ཐོས་ཀྱི་ཡུལ་མ་ཡིན་ནོ་ཞེས་སྨྲས་པ་ནི། ཨེ་མའོ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །ཉན་ཐོས་རྣམས་ལ་འདི་འདྲ་བའི་རྟོགས་པ་ཡོད་པ་ཉིད་དོ་ཞེས་གསུངས་པ་ནི། ཤཱ་རིའི་བུ་ཁྱོད་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་དུ་རྟོགས་པ་མཚུངས་པ་ཉིད་ཡིན་པའི་ཕྱིར་འདི་ནི་ཤེས་རབ་ཟབ་སྟེ་ཞེས་བྱ་བའི་སེམས་བསྐྱེད་


DTG085_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །མཚུངས་པ་ཉིད་བསྟན་པའི་དོན་དུ་གསུངས་པ་ནི་ཤཱ་རིའི་བུ་ཁྱོད་ཆོས་གང་དང་ལྡན་པས་ཞེས་བྱ་བ་ལ་སོགས་པའོ། །དགྲ་བཅོམ་པ་ཉིད་དུ་རྣམ་པར་མི་རྟོག་པའི་ཤེས་པས་རྟོགས་པའི་དུས་སུ་ཟད་པ་མི་སྐྱེ་བ་ཤེས་པའི་མཚན་ཉིད་ཀྱི་ཆོས་དེ་ཅིའི་ཕྱིར་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་སྟེ་ཉེ་བར་དམིགས་སམ་ཞེས་བྱ་བའི་དོན་ཏོ། །ཕྱིན་ཅི་ལོག་ཉིད་ཡིན་པའི་ཕྱིར་རྟོགས་པ་དང་འགལ་བ་ཉིད་ཀྱིས་ན་དེ་ལྟ་མ་ཡིན་ནོ་ཞེས་གསོལ་པ་ནི། དེ་ལྟ་མ་ལགས་སོ་ཞེས་བྱ་བའོ། །རྟོགས་པའི་དུས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཡང་འདི་འདྲ་བ་ཉིད་ཡིན་ནོ་ཞེས་གསུངས་པ་ནི་ཤཱ་རིའི་བུ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་ལས་མེད་པ་ལ་སོགས་པར་དྲིས་པ་རྣམས་ཀྱི་ལན་ནི་ཇི་སྐད་དུ་གསུངས་པ་ཉིད་ཡིན་པར་གཟུང་བར་བྱའོ། །དེ་སྐད་དུ་ཡང༌། ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་གསུངས་པ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཉེ་བར་བསྡུ་བའི་དོན་དུ་ཚེ་འདིའི་དེ་བསྟན་པའི་དགོས་པའི་དབང་དུ་མཛད་ནས། དེ་སྤྱོད་པ་ན་མི་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམིགས་སུ་མེད་པའི་སྤྱོད་པ་ལ་ནུས་པ་ཐོབ་པ་ཉིད་ཡིན་པའི་ཕྱིར་ང་མངོན་པར་རྫོགས་པར་འཚང་མི་རྒྱ་བར་མི་འགྱུར་གྱི་གཞན་དུ་ན་ངེས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་དེ་ལྟར་དེ་རྣལ་འབྱོར་དུ་བྱེད་དོ། །གཉི་ག་མཉམ་པ་ཉིད་དུ་རྣམ་པར་བསྒོམས་པས་ནི་རང་གི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་སུ་འགྱུར་རོ། །དེས་ན་དེའི་འོག་ཏུ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་དབྱེ་བས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་གཉིས་པོ་སྟོན་པ་ནི་གཞན་ཡང་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སེམས་ཅན་གྱི་འཇིག་རྟེན་མ་དག་པ་བཀྲེས་པ་ལ་སོགས་པ་གང་ཡིན་པ་དེའི་གཉེན་པོར་ལྷའི་ལོངས་སྤྱོད་ལ་སོགས་པ་དག་པ་ཉེ་བར་བསྒྲུབ་པ་དང༌། དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་གྱི་མ་དག་པ་སྡོང་དུ་མ་དང་ཚེར་མ་ལ་སོགས་པ་གང་ཡིན་པ་དེའི་གཉེན་པོར་ལག་མཐིལ་ལྟར་མཉམ་པ་ལ་སོགས་པའི་དག་པ་ཉེ་བར་སྒྲུབ་པ་ན་གོ་རིམས་བཞིན་དུ་སངས་རྒྱས་ཀྱི་གཉིས་པོ་རྣམ་པར་དག་པ་ཡིན་ནོ་ཞེས་བྱ་བ་ན་ནི་མདོར་བསྡུས་པ་


DTG085_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་སྐད་དུ་ཡང༌། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པ་སྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་གསུངས་པ་ཡིན་ནོ། །རྒྱ་ཆེར་མདོ་ལས་ཇི་སྐད་བསྟན་པ་ནི་གོ་སླའོ། །དེ་ལས་ཅུང་ཟད་ཙམ་ཅིག་བརྗོད་པར་བྱ་སྟེ། དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དོགས་པ་བསུ་ནས་འདི་ལྟར་དེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་དག་ཉིད་གསལ་པར་བྱེད་པས་དེས་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཐམས་ཅད་ནས་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་དངོས་པོའི་རང་བཞིན་ནས། ཐམས་ཅད་ནི་དེ་རིགས་ཀྱི་དབྱེ་བས་ཕྱེ་བའི་དངོས་པོ་རྣམས་སོ། །རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དེ་རེ་རེའི་རིགས་ཀྱི་རྣམ་པའི་དབྱེ་བས་སོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཇི་ལྟར་སྲིད་པའི་རྣམ་པར་རོ། །མེད་པར་འགྱུར་ཞིང་ཞེས་བྱ་བ་ནི་རང་བཞིན་དང་བྲལ་བས་སོ། །ཤེས་པར་མི་འགྱུར་ཞེས་བྱ་བ་ནི་དེས་བྱས་པའི་མཚན་མ་མེད་པས་སོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་དགེ་བའི་རྩ་བ་ལ་མངོན་པར་དགའ་བ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་དག་ཉིད་རྒྱས་པར་སྟོན་པ་ནི་དེས་སེམས་འདི་ལྟར་བསྐྱེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གནོད་སེམས་དང༌། ཁྲོ་བ་དང་ཞེ་སྡང་ཞེས་བྱ་བ་གནོད་སེམས་ནི་སེམས་ཅན་ལ་སྡང་བའོ། །ཁྲོ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་ཀུན་ནས་མནར་སེམས་པའོ།། ཞེ་སྡང་ནི་དགྲར་རྗེས་སུ་འབྲེལ་པའོ། །དེ་ལྟར་བྱ་ཞིང་ཞེས་བྱ་བ་ནི་སེམས་ཀྱི་ཁྱད་པར་བསྐྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་སྒྲུབ་པོ་ཞེས་བྱ་བ་ནི་སྒྲུབ་པས་རྫོགས་པར་བྱེད་པའི་ཕྱིར་རོ། །འབད་དོ་ཞེས་བྱ་བ་ནི་བརྩོན་འགྲུས་ཕུལ་དུ་བྱུང་བར་བྱེད་པས་སོ། །ཆུས་དགོན་པར་གྱུར་པ་ནི་ཆུ་མེད་པར་གྱུར་པ་སྟེ་དེའི་འཇིག་པ་ཡོད་པའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དྲི་ཞིམ་མངར་དང་བསིལ་བ་དང༌། །འཐུངས་ན་ལྟོ་དང་མགྲིན་པ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་བྱ་བའི་ཆུ་རྙེད་པའི་ཕྱིར་ན་ཡན་


DTG085_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བརྒྱད་དང་ལྡན་པའི་ཆུ་རྙེད་པར་འགྱུར་བའོ། །ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བས་སྐྱིད་པ་དང་བདེ་བ་དང་བདེ་བ་ཐམས་ཅད་དང་ཕྲད་པར་འགྱུར་བ་ཞེས་བྱ་བ་ནི་མཐོང་བའི་ལམ་འཐོབ་པར་འགྱུར་བ་ཉིད་ཀྱིས་ནའོ། །འབྱུང་བར་འགྱུར་པ་ནི་ཉེ་བར་ལོངས་སྤྱད་པར་བྱར་རུང་བས་སོ། །འཚོ་བའི་ཡོ་བྱད་ཅེས་བྱ་བ་ནི་ཟས་ལ་སོགས་པ་སྟེ་གནས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཡུན་རིང་མོ་ཞིག་ན་ཞེས་བྱ་བ་ནི་དུས་རིང་མོ་ཞིག་ནའོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དགོས་པ་བསུ་ནས། སེམས་ཀྱི་སྐད་ཅིག་མ་འདི་ཙམ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སེམས་ཀྱི་སྐད་ཅིག་མ་དེ་ཁོ་ན་ཉིད་དུ་མ་སྐྱེས་པ་ཀུན་རྫོབ་ཏུ་དེ་ཙམ་གྱི་དུས་རིང་པོ་དང་ལྡན་པ་དེ་ནི་དང་པོའི་རྒྱུ་དང་བྲལ་བའི་ཕྱིར་ཐོག་མ་མེད་པས་སྔོན་མེད་པའི་མཐའ་མ་སྟེ་མུར་ཐུག་པའི་འཚང་རྒྱ་བའི་གནས་སྐབས་ཡིན་ཞིང་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་ན། འདི་ལྟ་སྟེ་མཐའ་མེད་པ་ཉིད་ཡིན་པ་དེའི་ཕྱིར་ཡུན་རིང་མོ་ཞིག་ནའོ། །མངོན་པར་རྫོགས་པར་འཚང་རྒྱ་བས་སྐྲག་པ་ལ་སོགས་པར་མི་བྱ་ཞིང༌། དཀའ་བའི་འདུ་ཤེས་ཀྱང་བསྐྱེད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འཇིགས་པ་མི་བཟད་པ་ཞེས་བྱ་བ་ལ་ཕྱི་རོལ་གྱི་གཅན་གཟན་གདུག་པ་ལ་སོགས་པ་ནི་འཇིགས་པའོ། །ནང་གི་བདག་ཉིད་ཅན་གྱི་རིམས་ལ་སོགས་པ་ནི་མི་བཟད་པའོ། །ཉམས་སུ་བླངས་པར་མི་ནུས་པ་ཉིད་ཀྱིས་ན་ཇི་སྐད་དུ་བརྗོད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་ལ་ནི་སུ་ཡང་འཇུག་པར་འགྱུར་པ་མེད་དོ་སྙམ་པ་ལ། དེ་ནས་འཁོར་དེར་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ཡིན་ཏེ། གནས་འདི་ལ་ཞེས་བྱ་བ་ནི་བསྟན་ཟིན་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་སྟེ། གོམས་པའི་སྦྱོར་བས་ནུས་པ་ཡིན་པའི་ཕྱིར་རོ། །དེའི་བསམ་པ་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་ལུང་བསྟན་པའི་ལྟས་འབྱུང་ངོ་ཞེས་བརྗོད་པ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །དབུའི་གཙུག་ཏུ་མི་སྣང་བར་གྱུར་ཏོ་ཞེས་བྱ་བ་ནི་གང་གི་ཚེ་དེ་བཞིན་གཤེགས་པ་ཉིད་དུ་ལུང་བསྟན་པར་བྱ་བ་ཡིན་པ་དེའི་ཚེ་སྤྱི་གཙུག་གི་མཚམས་སུ་འོད་ཟེར་ནུབ་པར་གྱུར་པ་འདི་ནི་ཆོས་ཉིད་ཡིན་ནོ། མཚན་མ་མཐོང་བས་འཕགས་མ་གང་གཱའི་ལྷ་མོ་བསམ་པ་ཕུལ་དུ་བྱུང་བ་ཡང་དག་


DTG085_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐྱེས་པས་མཆོད་པར་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་གསུངས་པ་ཡིན་ནོ། །འབྲེལ་པ་མང་དུ་མཐོང་བས་འོད་ཟེར་འབྱིན་པར་མཛད་པའི་དགོས་པ་ཞུས་པ་ནི། ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རང་གི་ངོ་བོ་ཉིད་སྟོན་པར་མཛད་པ་ནི་ཀུན་དགའ་བོ་སྲིང་མོ་གང་གཱའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་དི་ལྟར་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ། དག་པ་འཐོབ་པ་ཡིན་པར་ཡིད་ཆེས་པའི་དབང་པོར་གྱུར་པ་སྟོན་པ་ཡིན་ནོ་ཞེས་འདོད་དོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་སྐབས་ལས་སྔར་གྱི་ཡང་ལུང་སྟོན་པར་མཛད་པ་ནི། ཀུན་དགའ་བོ་གང་གཱའི་ལྷ་མོ་འདི་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ལུང་བསྟན་པ་རྣམས་ཁོ་ན་དེར་སྐྱེ་བས་ངོ་མཚར་དུ་གྱུར་པ་ཡིན་ངོ་མཚར་གྱུར་པ་ཡིན་ནོ་ཞེས་བརྗོད་པ་ནི་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ལ་སོགས་པའོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ན་ཀུན་དགའ་བོ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བས་ན་འདམ་ལས་རྒལ་བའོ། །རྩེ་མོ་མངོན་པར་རྟོགས་པ་ལ་གནས་པ་ཉིད་ཡིན་པས་ན་བྱང་ཆུབ་ཡོངས་སུ་གྲུབ་པ་ཉེ་བར་སོན་པའོ། །ཉན་ཐོས་ཀྱི་དགེ་འདུན་ཡང་ལུང་སྟོན་པར་མཛད་པ་ནི། ཡང་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་ཀུན་དགའ་བོ་གང་དག་ལ་ཞེས་བྱ་བ་བསོད་ནམས་བསགས་པའི་བསམ་པ་ལས་སྨོན་ལམ་ཡོངས་སུ་རྫོགས་པ་ཉིད་ཀྱིས་ན། ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཉེ་བར་བསྡུ་བ་ནི་ཡང་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་པ་ཡིན་ནོ། །ཤིན་ཏུ་ངོ་མཚར་བ་མ་ཐོས་པས་སྔོན་བྱུང་བའི་སྦྱོར་བ་ཞུས་པ་ནི། སྲིད་མོ་གང་གཱའི་ལྷ་མོ་འདིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རང་གི་ངོ་བོ་སྟོན་པར་མཛད་པ་ནི་ཀུན་དགའ་བོ་སྲིད་མོ་གང་གཱའི་ལྷ་མོ་འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལྕང་བསྟན་པའི་རྣམ་པ་འདི་ཐམས་ཅད་ནི་སྨོན་ལམ་


DTG085_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེས་སུ་མཐུན་པ་ཉིད་ཡིན་ནོ་ཞེས་སྟོན་པ་ནི་བཅོམ་ལྡན་འདས་ཨེ་མ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་ཡོངས་སུ་སྦྱར་བ་བགྱིས་ཤིང་ཞེས་བྱ་བ་ནི་མཐོང་བའི་ལམ་ཐོབ་པ་ཉིད་ཡིན་པའི་ཕྱིར་རོ། །མཐར་ཕྱིན་པར་བགྱིས་པ་ཞེས་བྱ་བ་ནི་བསྒོམ་པའི་ལམ་རྟོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་སྣང་བར་མཛད་པ་ནི་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་སྲིང་མོ་གང་གཱའི་ལྷ་མོའི་ལེའུ་ཞེས་བྱ་བ་སྟེ་བཅུ་དགུ་པའོ།། །། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བསྒྲུབས་པ་ནི་ཐབས་ལ་མཁས་པས་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་ཕྱིས་སྐལ་བ་ཇི་ལྟ་བ་བཞིན་དུ་རང་གི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ཀྱི་མཛད་པ་དག་བྱ་དགོས་པས་ཐབས་ལ་མཁས་པར་བརྗོད་པར་བྱའོ། །དེ་ལ་འདིའི་ཡུལ་བསྟན་པར་བྱ་བའི་ཕྱིར་ཞུས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ལན་བཏབ་པའི་དོན་ནི་རྣལ་འབྱོར་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཉིད་དེ་ལ་ཆོས་ཉིད་ཀྱི་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི། སོ་སོར་རྟོག་པ་ནི་ཇི་ལྟར་ཆོས་ཉིང་སྟོང་པ་ཉིད་དེ་ལ་ཆོས་ཉིད་ཀྱིས་ཏེ། སྟོང་པ་ཉིད་ཀྱི་རང་བཞིན་ཡོད་པ་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་ཏེ། སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡོད་དོ་ཞེས་བྱ་བ་ཇི་ལྟར་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་སོ་སོར་བརྟག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་སྟོང་པ་ཉིད་ལ་སོགས་པ་སྒྱུ་མ་ལྟ་བུ་ཡིན་ན་ནི་ཐབས་མཁས་པའི་ཡུལ་ཡིན་ནོ། །ཡང་ཇི་ལྟར་ན་གོམས་པར་བྱས་ཀྱང་རྟོགས་པ་མ་ཡིན་ཞེས་གསོལ་པ་ནི། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པའོ། །འདིའི་ལན་དུ་ཐབས་མཁས་པའི་སྦྱོར་བ་སྟོན་པ་ནི་རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བ་ནི་སྤྱིན་པ་ལ་སོགས་པ་མ་ཚང་བ་མེད་པའོ། །བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བར་ཡང་འགྱུར་ལ་ཞེས་བྱ་བ་ལ་སོགས་པ་ལ། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་མཁས་པས་ཡོངས་


DTG085_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཟུང་པར་ཡང་འགྱུར་ལ། སྟོང་པ་ཉིད་མངོན་སུམ་དུ་ཡང་མི་བྱའོ་སྙམ་པའི་བསམ་པས་དེའི་མཐར་ཐུག་པ་མ་ཡིན་པ་ཁོ་ནར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སེམས་འཛིན་པར་བྱེད་དེ་བར་སྐབས་ངེར་རྒྱལ་བའི་ཡུལ་གྱི་མཐུས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཉམས་པར་མི་འགྱུར་ལ། ཆེད་དུ་བསམས་ནས་སེམས་ཅན་གྱི་དོན་དུ་སྐྱེ་བ་ཡོངས་སུ་གཟུང་བ་ཡིན་པའི་ཕྱིར་ན། ཟག་པ་ཟད་པར་ཏེ་འདོད་པའི་དང་སྲིད་པའི་ཟག་པ་རབ་ཏུ་སྤོང་བར་བྱེད་ཅིང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་པའི་ཕྱིར། ཟག་པ་ཟད་པ་དེ་ལ་ཡོངས་སུ་འདྲིས་པར་ཡང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་གསལ་བར་བྱེད་པས་གསུངས་པ་ནི་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །གོམས་པར་བྱས་སུ་ཟིན་ཀྱང་ཇི་ལྟར་མངོན་སུམ་དུ་བྱ་བ་མ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། དེ་ལྟར་དགེ་བའི་རྩ་བ་བསྟན་པ་ཞེས་བྱ་བ་ལ་སོགས་ལ་གསུངས་སོ། །ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བ་ནི་འདི་སྐད་དུ་རྣམ་པ་ཐམས་ཅད་དུ་བསྒོམ་པ་ལ་འདྲིས་པར་བྱེད་ཅིང་སོ་སོར་རྟོག་པ་ནི། མངོན་སུམ་དུ་བྱེད་པ་དང་བྱེད་པའི་དུས་མ་ཡིན་པ་ཤེས་པའི་སྦྱོར་བའི་སྟོབས་ཀྱིས་ཏིང་ངེ་འཛིན་དེ་ལ་གནས་ཀྱང་སྟོང་པ་ཉིད་ཐོབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་ཐབས་ཀྱང་རྣམ་པ་བཅུར་འགྱུར་བ་ལས་རེ་ཞིག་གགས་བྱེད་པའི་ཆོས་ལ་ཡང་དག་པར་རྒོལ་བས་བར་ཆད་བྱེད་པའི་ཆོས་ལས་ཡང་དག་པར་འདས་པའི་ཐབས་ཀྱི་དོན་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་དཔའ་བ་དང་གཟུགས་དང་ཡོན་ཏན་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་གོ་རིམས་བཞིན་དུ་ལྡན་པའི་ཕྱིར་རབ་ཏུ་དཔའ་བར་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པའི་ཚིག་དགུ་དང་སྦྱར་བར་བྱའོ། །གཞུང་དང་དོན་འཛིན་པའི་ནུས་པ་ཡོད་པ་ཉིད་ཡིན་པའི་ཕྱིར་ཡིད་གཞུངས་པའོ། །བྱེད་པ་གསལ་བའི་ཕྱིར་སྨྲ་ནུས་པའོ། །དྲིས་པའི་ལན་འདེབས་པ་ལ་མཁས་པས་ན་ལན་ལྡོན་ནུས་པའོ། །རེངས་ཤིང་ཞུམ་པ་ཉིད་མེད་པས་སྤོབས་པ་ཕུན་སུམ་ཚོགས་པའོ། །དམ་བཅས་པའི་དོན་རྫོགས་པར་བྱེད་པས་ན་སྒྲུབ་པ་ཕུན་སུམ་ཚོགས་པའོ། །དུས་ལ་སོགས་པ་སྤང་བར་བྱ་བ་དང་བླང་བར་བྱ་བ་ཉིད་དུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དུས་ཤེས་པ་དང་ཡུལ་


DTG085_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང་གནས་པའོ། །གཙོ་ཆེར་འཕོང་རྩལ་ལ་ཤིན་ཏུ་བྱང་བ་ཉིད་ཀྱིས་ན་འཕོང་སྐྱེན་པའི་མཐར་ཕྱིན་པའོ། །མཚོན་ཆ་མང་བ་དང་སྲ་བ་བཟློག་པའི་ཕྱིར་རིམ་བཞིན་དུ་མཚོན་ཆ་མང་པོ་ཟློག་པར་བྱེད་པ་དང་མཚོན་ཆ་སྲ་བ་ཟློག་པར་བྱེད་པའོ། །ལུས་ལ་སོགས་པའི་རྣམ་པར་འགྱུར་བ་ནི་སྒྱུ་རྩལ་ལོ། །རི་མོའི་ལས་ལ་སོགས་པ་ནི་བཟོའི་གནས་སོ། །དྲན་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཐར་ཕྱིན་པར་བྱེད་ནུས་པའི་ཕྱིར་སྒྲོལ་ནུས་པའོ། །རྒྱུའི་ཚོགས་པ་འགའ་ཞིག་དང་ལྡན་པ་ལས་དགྲ་པོ་ལ་སོགས་པ་ཉེ་བར་ལྷགས་པས་སེམས་དང་ངག་དང་ལུས་ཀྱི་རྣམ་པར་འགྱུར་བ་བསྐྱེད་པ་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་འཇིགས་པ་ཆེན་པོ་སྡིགས་མོར་རུང་བ་སྤུ་ཟིང་ཞེས་བྱེད་ཅེས་སྨོས་སོ། །འཚོ་བ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་ཞི་བའི་ཕྱིར་ཉེ་ཞོ་མེད་པར་བསྒྲལ་བའོ། །ལུས་བདེ་བར་གནས་པས་རྒྱས་པའི་ཕྱིར་བདེ་ལེགས་སུ་བསྒྲལ་བའོ། །རྫས་གཅིག་ལ་མངོན་པར་འདོད་པས་དགྲ་བོར་འབྲེལ་པས་ན་ཕྱིར་རྒོལ་བའོ། །མཛའ་བོ་མ་ཡིན་པའི་ཕྱོགས་སུ་ལྟུང་བས་མི་མཛའ་བའོ། །སྙིང་རྗེ་དང་ལྡན་པས་ན་ཤིན་ཏུ་མཉེས་གཤིན་པའོ། །བཤེས་གཉེན་དང་ལྡན་པས་ན་མཛངས་པའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེན་ཞེས་དོགས་པ་བསུ་ནས། བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ལུས་དང་སེམས་ཀྱི་གནས་ཀྱི་གནོད་པ་དང་བྲལ་བས་མ་སྣད་མ་སྨས་པར་ཞེས་པའོ། །དཔེ་ཉིད་བསྟན་ནས་དཔེས་བསྟན་པའི་དོན་ནི་རབ་འབྱོར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སེམས་ཅན་རྣམས་ལ་བདེ་བ་དང་ཕྲད་པ་དང༌། སྡུག་བསྔལ་དང་བྲལ་བ་དང༌། བདེ་བ་དང་མི་འབྲལ་བ་དང་ཕན་བ་བྱེད་པའི་བསམ་པ་འཁོར་དང་བཅས་པའི་ཏིང་ངེ་འཛིན་འབྱོར་པ་ནི་གོ་རིམས་བཞིན་དུ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་གནས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཉིད་གསལ་བར་བྱེད་པ་ནི་རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདུད་ཀྱི་ཕྱོགས་ལས་ཤིན་ཏུ་འདས་ཤིང་ཞེས་བྱ་བ་འདིས་ནི་བར་ཆད་ཀྱི་ཆོས་ལས་ཡང་དག་པར་འདས་པའི་ཐབས་སྟོན་པ་ཡིན་ནོ། །ཉེ་བར་བསྡུ་བ་ནི་རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་


DTG085_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་བསྒོམས་པས། མི་གནས་པར་གནས་པའི་ཐབས་ལ་མཁས་པ་སྟོན་པས་གསུངས་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་འདབ་ཆགས་བྱ་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡང་མི་རྟེན་མི་གནས་སོ་ཞེས་བྱ་བ་ནི་ནམ་མཁའ་ནི་མེད་པ་ཡིན་པའི་ཕྱིར་དེ་ལ་བློས་མི་རྟེན་ཅིང་ལུས་ཀྱིས་མི་གནས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་འོན་ཀྱང་དེ་ཉིད་དུ་གནས་པ་ཡིན་ནོ་ཞེས་མི་གནས་པར་གནས་པའི་ཐབས་བསྟན་པ་ཡིན་ནོ། །དཔེས་བསྟན་པའི་དོན་ནི་རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གསུངས་པ་ཡིན་ནོ། །སྨོན་ལམ་གྲུབ་པས་སྔོན་གྱི་སྨོན་ལམ་གྱི་རྗེས་སུ་འཇུག་པའི་ཐབས་སྟོན་པས་གསུངས་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་ཞེས་བྱ་བ་ལ་སོགས་པའོ། །འདོད་པ་མ་གྲུབ་པ་དེ་སྲིད་དུ་ཞེས་བྱ་བ་འདིས་ནི་སྨོན་ལམ་གྱིས་འཕངས་པའི་རྗེས་སུ་འཇུག་པའི་ཐབས་བསྟན་པ་ཡིན་ནོ། །དཀྱུས་མའི་དོན་བྱང་ཆུབ་སེམས་དཔའ་དང་སྦྱར་བ་ནི་དེ་བཞིན་དུ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བསྒོམ་པའི་ལམ་དང་ཁྱད་པར་གྱི་ལམ་དག་གིས་གོ་རིམས་བཞིན་དུ་ཡོངས་སུ་སྨིན་པ་དང་ཤིན་ཏུ་ཡོངས་སུ་སྨིན་པ་ཡིན་ནོ། །ཉེ་བར་བསྡུ་བ་ནི་རབ་འབྱོར་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དཀའ་བར་སྤྱོད་པ་ཐམས་ཅད་ཤིན་ཏུ་གོམས་པ་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་ཐབས་སྟོན་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ན་རྗེས་སུ་ཟློས་པར་མཛད་པ་ནི་རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པ་ལ་གོ་རིམས་བཞིན་དུ་སྟོང་པ་ཉིད་ལ་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེན་ཞེས་དོགས་པ་བསུ་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དོན་འདི་ཉིད་གཞུང་འཛུགས་པ་ནི་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དགོས་པ་བསུ་ནས་གསུངས་པ་ནི། འདི་ལྟར་གང་དེ་ནི་ཐབས་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེས་སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནས་མངོན་སུམ་


DTG085_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་བྱེད་པའོ་ཞེས་བྱ་བའི་བར་གྱིས་ནི། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་བསམ་པའི་མཐུས་ཡང་དག་པའི་མཐའ་རྟོགས་པར་མི་བྱེད་པས་ཐུན་མོང་མ་ཡིན་པའི་ཐབས་བསྟན་པ་ཡིན་ནོ། །ཆོས་ཐམས་ཅད་དམིགས་སུ་མེད་བསམ་ཆགས་པའི་ཐབས་སྟོན་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་འདུ་ཤེས་པ་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པས་སོ། །ཉམས་པར་མི་འགྱུར་ཞེས་བྱ་བ་ནི་རོ་མྱང་བ་ལ་ནི་དམིགས་པས་ཉམས་པར་འགྱུར་བ་སྲིད་པའི་ཕྱིར། བྱམས་པ་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ལས་ཉམས་པར་མི་འགྱུར་པའི་ཚིག་གིས་རོ་མྱང་བ་མེད་པའི་ཐབས་མཚོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། ཐབས་མཁས་པས་ཡོངས་སུ་གཟུང་བས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་མི་དམིགས་པའི་ཐབས་ཀྱི་དོན་སྟོན་པས་གསུངས་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོར་ཆོས་སུ་འདུ་ཤེས་པས་དམིགས་པ་ལ་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པའོ། །སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་གྱུར་པས་མི་དམིགས་པའི་ཐབས་གསལ་བར་བསྟན་པ་ཡིན་ནོ། །མཚན་མ་དམིགས་སུ་མེད་པ་ཉིད་ཀྱིས་མཚན་མ་མེད་པའི་ཐབས་ཀྱི་དོན་བསྟན་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ད་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་ཡུན་རིང་པོར་མཚན་མའི་འདུ་ཤེས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནི། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པ་རྟོགས་པས་མཚན་མ་མེད་པའི་ཐབས་བསྟན་པ་ཡིན་ནོ། །སྨོན་ལམ་དམིགས་སུ་མེད་པས་སྨོན་པ་མེད་པའི་ཐབས་ཀྱི་དོན་བསྟན་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ཡུན་རིང་མོར་རྟག་པར་འདུ་ཤེས་པས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །


DTG085_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་གྱུར་པས་སྨོན་པ་མེད་པའི་ཐབས་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ལ་སོགས་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་ཡིན་ཡང་དེ་ཐབས་ཀྱི་ཁྱད་པར་དུ་འཕགས་པའི་དོན་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་ལས་བཟློག་པ་ཉིད་ཀྱིས་ན་དམིགས་པ་ལ་ཉེ་བར་སྤྱད་པར་གྱུར་ཅིང་ཞེས་བྱ་བ་ལ་སོགས་པ་རྣམ་པ་གསུམ་གསུངས་པ་ཡིན་ལ། རིལ་པོར་འདུ་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་འདི་ཉིད་བཤད་པར་མཛད་པ་ཡིན་ནོ། །སྟོང་པ་ཉིད་དམ་ཞེས་བྱ་བ་ལ་སོགས་པ་ནི་བདུན་པའི་མཐའ་ཅན་ཡིན་ནོ། །འདི་སྐད་དུ་སྙིང་རྗེ་ལ་སོགས་པ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཡེ་ཤེས་ཀྱི་ཆོས་དང་ལྡན་པ་སྟོང་བ་ཉིད་ལ་སོགས་པར་ལྷུང་བ་འདི་ནི་གནས་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དྲི་བ་མངོན་དུ་བཏང་བརྩན་ཕྱིར་མི་ལྡོག་པའི་ཆོས་བརྗོད་པས་ཕྱིར་མི་ལྡོག་པའི་རྟགས་ཀྱི་དོན་ལ་དྲི་བ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་བས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྡོག་པའི་སྒོ་ནས་སྟོན་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དོགས་པ་བསུ་ནས་ཕྱིར་མི་ལྡོག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལམ་འདྲེས་པའི་ཆོས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའོ། །ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱིས་ཤེས་པ་བསྐྱེད་པར་བྱ་བའི་ཕྱིར་གོ་རིམས་བཞིན་དུ་ལན་མི་ལྡོན། རབ་ཏུ་མི་འབྱེད་ལུང་མི་འབོགས་པ་ཡིན་ཏེ། གང་གི་ཕྱིར་རབ་ཏུ་མི་ཤེས་དྲིས་ཀྱང་ལུང་མི་སྟོན་ལེན་མི་ལྡོན་ཞིང་ཞེས་བྱ་བ་དང་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །ས་གང་ཡིན་པ་ཞེས་བྱ་བ་ནི་ཐབས་མཁས་པའོ། །རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར་ཟུར་གྱིས་འདྲི་བ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །དེ་བཞིན་དུ་ལན་འདེབས་པར་མཛད་པ་ནི་རབ་འབྱོར་རྣམ་གྲངས་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་


DTG085_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཤིང་ཞེས་བྱ་བ་ནི་ཐབས་མཁས་པ་དང་སེམས་ཅན་ཐམས་ཅད་ཡོངས་སུ་ནི་གཏོང་བ་ལ་བསླབ་པར་བྱའོ་ཞེས་རྟོགས་པའོ། །དེ་ལྟར་ལན་ལྡོན་ནི་ཞེས་བྱ་བ་ནི་གཞན་གྱིས་དྲིས་པ་ལ་ཕྱིར་མི་ལྡོག་པ་རྟོགས་པ་དང་རྗེས་སུ་མཐུན་པར་ལུང་བསྟན་པ་དང༌། ལུང་མ་བསྟན་པ་དག་གིས་ཕྱིར་མི་ལྡོག་པ་ཡིན་པ་དང་ཕྱིར་མི་ལྡོག་པ་མ་ཡིན་པ་ཉིད་དུ་ངེས་པར་གཟུང་བས་ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་བསྟན་པར་འགྱུར་བ་ཡིན་ནོ། །ཡུལ་ཐམས་ཅད་ཤེས་པ་ཉིད་ཀྱི་ཡུལ་ཚད་མེད་པ་ལ་མཁས་པའི་ཐབས་ཀྱི་དོན་སྟོན་པ་ནི་བཅོམ་ལྡན་འདས་དེའི་སླང་དུ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །མི་འཕྲོགས་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་མི་འཕྲོགས་པ་ཉིད་ཀྱིས་ན་ཐབས་ཀྱི་ཡུལ་ཚད་མེད་པ་ཉིད་དུ་བསྟན་པར་གྱུར་པ་ཡིན་ནོ། །དེས་ན་དེ་ལྟར་ཡུལ་དང་སྦྱོར་བདག་དང་ལྡན་པའི་ཐབས་ལ་མཁས་པ་ནི་ཇི་སྐད་དུ་བརྗོད་པ་རྣམ་པ་བཅུ་པོ་ཉིད་ཡིན་པར་གཟུང་ངོ༌། །དེ་སྐད་དུ་ཡང༌། ཡུལ་དང་སྦྱོར་བ་ཅན་འདི་ནི། །དགྲ་རྣམས་ལས་ནི་འདས་པ་དང༌། །མི་ཤེས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང༌། །མ་ཆགས་པ་དང་མི་དམིགས་དང༌། །མཚན་མ་སྨོན་ལམ་ཟད་པ་དང༌། །དེ་ཡི་རྟགས་དང་ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་གསུངས་པ་ཡིན་ནོ། །ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་དང༌། རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པའི་ཁྱད་པར་གང་ཞིག་ཡིན་ཞེ་ན། ཁ་ཅིག་ན་རེ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཇི་སྐད་བཤད་པའི་རྣམ་པས་རྣམ་པའི་ཡུལ་སོ་སོར་ངེས་པ་ཡིན་ལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མཚན་ཉིད་པ་ཉིད་དུ་རྣམ་པར་བཞག་ལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བ་པ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོར་བཞག་པས་རབ་ཏུ་ཕྱེ་བ་ཡིན་ལ། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་རང་བཞིན་གྱིས་ཞི་བའི་རྣམ་པ་ཉིད་ཡིན་པའི་ཕྱིར་དེ་ལྟ་བུ་མ་ཡིན་ནོ་ཞེས་འཆད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པ་རྒྱན་གྱི་སྣང་བ་ལས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་རྫོགས་སོ།། །།


previousསྐབས་བཞི་པ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བརྗོད་པ། next