Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་ལྔ་པ།


  collapse section
   
  collapse section
   
   
   
   
   
སྐབས་ལྔ་པ། རྩེ་མོ་མངོན་པར་རྟོགས་པ་བརྗོད་པ།
   
   
   


 
previousསྐབས་ལྔ་པ། རྩེ་མོ་མངོན་པར་རྟོགས་པ་བརྗོད་པ། next

སྐབས་ལྔ་པ། རྩེ་མོ་མངོན་པར་རྟོགས་པ་བརྗོད་པ།


DTG085_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ནི་རྟོགས་པ་རབ་ཀྱི་མཐར་འགྲོ་བ་ཡིན་པ་དེས་ན་དེ་ནི་རྩེ་མོའི་མངོན་པར་རྟོགས་པ་བརྗོད་པར་བྱའོ། །དེ་ལ་རེ་ཞིག་གང་གིས་འདི་མཚོན་པར་འགྱུར་བ་འདིའི་རྟགས་བརྗོད་པར་བྱ་བ་ཡིན་ཏེ། དེ་བས་ན་ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ལ་སོགས་པར་བལྟ་བའི་རྟགས་དང་པོ་བསྟན་པའི་དོན་དུ། ཡང་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་གྱི་ནང་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་བྱང་ཆུབ་སེམས་དཔའི་རྣལ་འབྱོར་གྱི་ཆོས་དེ་ལྟ་བུའི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་བསྒོམ་པ་རྩེ་མོར་གྱུར་པ་གང་ཡིན་པ་རྨི་ལམ་གྱི་ནང་དུ་ཡང་འདིའི་རྣལ་འབྱོར་དང་ལྷག་མཐོང་ཡིད་ལ་བྱེད་པ་ནི། དེ་ལྟ་བུར་གྱུར་པ་མངོན་སུམ་དུ་མི་བྱེད་པ་སེམས་ཅན་གྱི་ཁམས་ལ་ལྟོས་ནས་འཇུག་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་ཉན་ཐོས་ལ་སོགས་པའི་ས་ལ་འདོད་པའི་སེམས་མི་བསྐྱེད་པའི་རྟགས་ཀྱི་དོན་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་སྔོན་མེད་པ་ཐོབ་པར་མངོན་པར་འདོད་པ་ནི་འདོད་པའོ། །ཐོབ་པ་དང་མ་བྲལ་བ་འདོད་པ་ནི་ཕན་ཡོན་གྱི་སེམས་བསྐྱེད་པའོ། །གསུམ་པ་དེ་བཞིན་གཤེགས་པ་མཐོང་བ་ལ་སོགས་པའི་རྟགས་ཀྱི་དོན་ནི། འཁོར་བརྒྱ་སྟོང་ཕྲག་དུ་མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཞི་པ་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་དམིགས་པའི་རྟགས་ཀྱི་དོན་ནི་བདག་ཉིད་ནམ་མཁའ་ལ་མངོན་པར་འཕགས་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ལྔ་པ་རྨི་ལམ་ལྟ་བུའི་རྟགས་ཀྱི་དོན་ནི་རྨི་ལམ་ན་ཡང་མི་སྐྲག་མིད་ངང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དྲུག་པ་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤོང་བ་རྗེས་སུ་དྲན་པའི་རྟགས་ཀྱི་དོན་ནི་རྨི་ལམ་ནང་ན་དམྱལ་བའི་སེམས་ཅན་རྣམས་མཐོང་བན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངན་སོང་རྣམ་པར་དག་པའི་མཚན་ཉིད་ཅེས་བྱ་བ་འདི་ཅི་ཞིག་ཡིན་ཞེས་འདྲི་བ་ནི། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལན་བཏབ་པ་ནི། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བདུན་པ་གྲོང་ཁྱེར་ལ་སོགས་པ་ཚིག་པ་རབ་ཏུ་ཞི་བར་བྱེད་པའི་བྱིན་གྱི་རླབས་གྲུབ་པའི་རྟགས་ཀྱི་དོན་རྗེས་སུ་འགྲོ་བའི་སྒོ་ནས་སྟོན་པ་ནི། རྨི་ལམ་


DTG085_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ན་གྲོང་ཁྱེར་ཚིག་པར་གྱུར་པ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བས་བསལ་བར་བྱ་བའི་ཕྱིར་གོ་རིམས་བཞིན་དུ་ཞི་བར་གྱུར་ཅིག་མེད་པར་གྱུར་ཅིག་བསིལ་བར་གྱུར་ཅིག་ཅེས་བྱ་བར་སྦྱར་རོ། །ལྡོག་པའི་སྒོ་ནས་ཀྱང་བསྟན་པ་ནི་གལ་ཏེ་ཉེ་བར་མ་ཞི་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཉི་ག་ལྟར་ངེས་པར་བསྟན་པ་ནི་རབ་འབྱོར་གལ་ཏེ་མེས་ཚིག་བདེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ལས་རྣམ་པར་སྨིན་པར་འགྱུར་ཏེ་ཞེས་བྱ་བ་ནི་དམ་པའི་ཆོས་སྤོང་བ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང་རྗེས་སུ་མཐུན་པའི་ལས་ཉིད་ཀྱི་བདེན་པའི་བྱིན་གྱི་རླབས་མ་གྲུབ་པས་ཡིད་མི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་ནོ། །དེ་ཉིད་ལས་ཞེས་བྱ་བ་ནི་སྐྱེ་བ་གཞན་གྱིས་བསྡུས་པ་ལས་སོ། །བརྒྱད་པ་གནོད་སྦྱིན་ལ་སོགས་པ་མི་མ་ཡིན་པ་མེད་པར་བྱེད་པའི་བདེན་པའི་ཚིག་གྲུབ་པར་བྱེད་པའི་རྟགས་ཀྱི་དོན་ལྡོག་པའི་སྒོ་ནས་བསྟན་པ་ནི་རབ་འབྱོར་གཞན་ཡང་རྣམ་པ་གང་དག་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཟིན་པར་གྱུར་པ་ནི་རང་ཉིད་ཞུགས་པ་ཡིན་པའི་ཕྱིར་རོ། །བབས་པར་གྱུར་ན་ཞེས་བྱ་བ་ནི་ནུས་པའི་ཤུགས་ཀྱིས་ལུས་ལ་སོགས་པའི་འགྱུར་བ་བསྐྱེད་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་ལྔས། དངོས་པོའི་དོན་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་མ་མཁྱེན་པ་འམ་ཞེས་བྱ་བ་ལ་སོགས་པ་ཚིག་ལྔ་པོ་མེད་དོ་ཞེས་བྱ་བ་དང་སྦྱར་བ་རྣམས་ཡིན་ནོ། །རྗེས་སུ་འགྲོ་བའི་སྒོ་ནས་ཀྱང་སྟོན་པ་ནི་རབ་འབྱོར་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པ་རྒྱན་གྱི་སྣང་བ་ལས། ཐབས་མཁས་པ་ལ་སྤྱད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པའོ།། །།བདུད་ཀྱི་བྱིན་གྱི་རླབས་ཀྱིས་སོང་བ་ཡིན་ན་ནི་འདི་རྟགས་བརྒྱད་པ་མ་ཡིན་ནོ་ཞེས་གསུངས་པ་ནི་རབ་འབྱོར་གཞན་ཡང་དེ་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ཁོ་ན་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་དེར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐེག་པ་ལ་ཞུགས་ནས་རིང་པོ་མ་ལོན་པ་དེའི་གམ་ན་ཤིན་ཏུ་སྟོབས་དང་ལྡན་


DTG085_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤིན་ཏུ་གཟི་བརྗིད་དང་ལྡན་པའི་བདུད་སྡིག་ཅན་ཞེས་བྱ་བ་ལ། རིང་པོ་མ་ལོན་པ་ནི་རྩེ་མོའི་མངོན་པར་རྟོགས་པ་ལ་འཕྲལ་དུ་ཞུགས་པའོ། །ཤིན་ཏུ་མཐུ་དང་ལྡན་པ་དང་ཞེས་བྱ་བ་ནི་རང་གི་ངོ་བོ་ཆེ་བ་ཉིད་ཡིན་པའི་ཕྱིར་རོ། །ཤིན་ཏུ་གཟི་བརྗིད་དང་ལྡན་པ་ཞེས་བྱ་བ་ནི་འབྲས་བུ་རྫོགས་པར་བྱེད་པའི་ཕྱིར་རོ།། བརྙས་པར་བྱེད་དེ་ཞེས་བྱ་བ་ནི་གུས་པར་མི་བྱེད་པའི་ཕྱིར་རོ། །རྔན་ཅན་བྱེད་ཅེས་བྱ་བ་ནི་བཞད་གད་ཀྱི་གནས་སུ་བྱེད་པའི་ཕྱིར་རོ། །བསྟིང་བར་བྱེད་པ་ཞེས་བྱ་བ་ནི་ལྷག་པར་སྨྲ་ཞིང་བརྗོད་པའི་ཕྱིར་རོ། །འཕྱ་བར་བྱེད་ཅེས་བྱ་བ་ནི་སྨོད་པའི་ཕྱིར་རོ། །སྨོད་པར་བྱེད་ཅེས་བྱ་བ་ནི་ཚུལ་དང་མི་མཐུན་པ་བརྗོད་པའི་ཕྱིར་རོ། །ང་རྒྱལ་སྐྱེད་པར་འགྱུར་ང་རྒྱལ་ཡང་དག་པར་སྐྱེད་པར་འགྱུར་ཞེས་བྱ་བ་ནི། ང་རྒྱལ་སྐྱེད་པ་དང༌། ཁྱད་པར་དུ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཆེ་བའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། མངོན་པའི་ང་རྒྱལ་ལ་དེ་ཁོ་ན་བཞིན་གཉིས་སུ་ཕྱེ་བས་ང་རྒྱལ་འཕེལ་བར་བྱེད་པར་འགྱུར་ང་རྒྱལ་ཡང་དག་པར་འཕེལ་བར་བྱེད་པར་འགྱུར། ང་རྒྱལ་སྟོན་པར་བྱེད་པར་འགྱུར། ང་རྒྱལ་ཉེ་བར་སྟོན་པར་བྱེད་པར་འགྱུར། ང་རྒྱལ་རྒྱས་པར་བྱེད་པར་འགྱུར། ང་རྒྱལ་ཉེ་བར་རྒྱས་པར་བྱེད་པར་འགྱུར་ཞེས་བྱ་བའི་ཚིག་དྲུག་དང་རིམ་པ་བཞིན་སྦྱར་བར་བྱའོ། །ང་རྒྱལ་འབྱུང་བར་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ལོག་པའི་ང་རྒྱལ་བྱེད་པའི་ཕྱིར་རོ། །དེ་ལ་ང་རྒྱལ་དང་ཞེས་བྱ་བ་ལ་སོགས་པ་ཆུང་དུ་བས་བདག་ཆེ་བའམ། མཚུངས་པ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་ནི་ང་རྒྱལ་ལོ། །མཚུངས་པ་བས་ཀྱང་བདག་ཆེ་བའམ་ཆེ་བ་དང་མཚུངས་སོ་སྙམ་པ་མི་ཆེ་བའི་ང་རྒྱལ་ལོ། །ཆེ་བ་བས་བདག་ཆེའོ་སྙམ་པའི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །རྟོགས་པ་མ་ཐོབ་པ་ལ་ཐོབ་པར་མངོན་པར་སེམས་པ་ནི་མངོན་པའི་ང་རྒྱལ་ལོ། །ཡོན་ཏན་དང་ལྡན་པ་མ་ཡིན་ན་ཡང་ང་ནི་ཡོན་ཏན་དང་ལྡན་ནོ་སྙམ་པ་ནི་ལོག་པའི་ང་རྒྱལ་ལོ། །ཐམས་ཅད་མཁྱེན་པ་ཉིད་རྒྱང་རིང་དུ་བྱེད་པར་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ། ང་རྒྱལ་གྱིས་ནི་ཀུན་མཁྱེན་གསུམ་གྱི་བདག་ཉིད་ཅན་ཐམས་ཅད་མཁྱེན་པ་ཉིད་རྒྱང་རིང་དུ་བྱེད་པར་འགྱུར། ལྷག་པའི་ང་རྒྱལ་དང་ང་རྒྱལ་ལས་ཀྱང་ང་རྒྱལ་དང་མངོན་པའི་ང་རྒྱལ་གྱིས་ནི་རིམ་པ་བཞིན་དུ་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང༌། རང་འབྱུང་གི་


DTG085_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྩེ་མོའི་མངོན་པར་རྟོགས་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་མཐར་གྱིས་པའི་མངོན་པར་རྟོགས་པ་རྒྱང་རིང་པོར་བྱེད་པར་འགྱུར་ལ། ལོག་པའི་ང་རྒྱལ་གྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱེད་པའི་བྱང་ཆུབ་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་སྔོན་དུ་འགྲོ་བ་ཅན་ཆོས་སྐུའི་མངོན་པར་རྟོགས་པ་རྒྱང་རིང་དུ་བྱེད་པར་འགྱུར་ཞེས་བརྗོད་པ་ཡིན་ནོ། །མི་བསྙེན་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་ནི་ཐོས་པ་ལ་སོགས་པའི་ཤེས་པ་བསྐྱེད་པའི་ཕྱིར་རམ། ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པའི་རང་གི་ངོ་བོ་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །ཞར་ལ་བདུད་ཀྱི་ལས་ཀྱི་དབྱེ་བ་སྟོན་པ་ལས་བདུད་ཀྱི་ལས་ཆུང་ངུའི་དོན་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མིང་སྟོན་པ་དང་ཞེས་བྱ་བ་ནི་དེའི་མིང་བརྗོད་པས་སོ། །མིང་བྱིན་གྱིས་བརླབས་པས་ཀྱང་ཞེས་བྱ་བ་ནི་མ་ལ་སོགས་པའི་མིང་སྟོན་པས་སོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། ཁྱོད་ཀྱི་མིང་ནི་འདི་ཞེས་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གྲོང་ལས་རྒྱང་གྲགས་ཙམ་གྱིས་ཡོངས་སུ་བཅད་པར་གནས་པས་ན་དགོན་པའོ། །བསོད་སྙོམས་ལེན་པར་དམ་བཅས་པ་ཉིད་ཀྱིས་ན་བསོད་སྙོམས་པའོ། །སྲང་བར་གྱི་རས་ཀྱི་དུམ་བུ་ལས་གོས་སུ་བྱེད་བ་ཉིད་ཀྱིས་ན་ཕྱག་དར་ཁྲོད་པའོ། །འབྲས་ཆན་ལ་སོགས་པའི་ཟས་མ་ལུས་པར་བླངས་ནས་ཟས་ལ་ལོངས་སྤྱོད་པས་ན་ཟས་ཕྱིས་མི་ལེན་པའོ། །སྟན་གཅིག་ལ་འདུག་ནས་ཇི་ལྟར་དགའ་བར་ཡོངས་སུ་ལོངས་སྤྱོད་པས་ན་སྟན་གཅིག་པའོ། །ཇི་ལྟར་བཏིང་བའི་སྟན་ལ་སོགས་པ་ལ་ཉལ་བས་ན་གཞི་ཇི་བཞིན་པའོ། །སྣམ་སྦྱར་ལ་སོགས་པ་ཆོས་གོས་གསུམ་ཙམ་ཞིག་འཆང་བ་ཉིད་ཀྱིས་ན་ཆོས་གོས་གསུམ་པའོ། །དུར་ཁྲོད་དུ་གནས་པ་ཉིད་ཀྱིས་ན་དུར་ཁྲོད་པའོ། །ཤིང་དྲུང་པ་ཡང་དེ་བཞིན་ནོ། །མཚན་མོ་འདུག་པས་གནས་པས་ན་ཅོག་པུ་པའོ། །སྟེང་གཡོགས་མེད་པར་གནས་པས་ན་བླག་བ་མེད་པའོ། །བལ་གྱི་གོས་ལ་སོགས་པ་འཆང་བས་ན་ཕྱིང་པ་པའོ། །ལྷག་པར་མངོན་པར་འདོད་པ་མེད་པས་ན་འདོད་པ་ཆུང་བའོ། །ཉུང་ཟད་ཙམ་གྱིས་མགུ་བས་ན་ཆོག་ཤེས་པའོ། །ལྟུང་བ་མེད་པ་ཉིད་ཀྱིས་ན་རབ་ཏུ་དབེན་པའོ། །འདོད་


DTG085_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆུང་བ་ཉིད་ཀྱིས་ན་རྐང་པ་དང་བྲལ་བའོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེན་ཞེས་དོགས་པ་བསུ་ནས། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདུད་ཀྱི་ལས་འབྲིང་གི་དོན་ནི་དེ་ལ་བདུད་སྡིག་ཅན་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། འདི་ལྟར་ཁྱོད་ལ་ཡོན་ཏན་འདི་ལྟ་བུ་དག་ཡོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདུད་ཀྱི་ལས་ཆེན་པོའི་དོན་ནི་རབ་འབྱོར་དེ་ཡང་བདུད་སྡིག་ཅན་རེས་འགའ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། །འདི་ལྟར་ཁྱོད་ལ་ཕྱིར་མི་ལྡོག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་དག་པ་ཉིད་ཡིན་ན་ནི་ལྟར་ཡང་འདིར་བདུད་ཀྱི་ལས་ཡིན་ཞེ་ན་ཞེས་རྟོགས་པ་ལ། རབ་འབྱོར་ཡང་ངས་ཕྱིར་མི་ལྡོག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། ཕྱིར་མི་ལྡོག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཙོ་བོ་སངས་རྒྱས་ཉིད་ཀྱི་གནས་སྐབས་ཀྱི་མིང་ལུང་བསྟན་པས་བདུད་ཀྱི་ལས་སུ་འགྱུར་བའི་དོན་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་སྦྱོར་བ་ལ་སོགས་པའི་གནས་སྐབས་སུ་གོ་རིམས་བཞིན་དུ་རྗེས་སུ་འབྲངས་ལ། རྗེས་སུ་བརྟགས་ཤིང་རྗེས་སུ་དཔྱད་པ་ཞེས་བྱ་བ་དང་སྦྱར་རོ། །ཁ་ཅིག་ནི་ཐོས་པ་ལ་སོགས་པའི་ཤེས་རབ་ཉིད་ཀྱིས་སོ་ཞེས་ཟེར་རོ། །དེ་གཉི་ག་ལ་བརྟགས་ནས་ཞེས་བྱ་བ་ནི་དེས་བསམས་པ་གང་ཡིན་པ་དང༌། བདུད་ཀྱིས་བསྟན་པ་གང་ཡིན་པ་གཉིས་མི་མཚུངས་ཤིང་མི་མཉམ་མོ་ཞེས་བརྟགས་ནས། ངེས་པར་སེམས་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་བདེན་པ་ཉིད་ཡིན་ན་ཇི་ལྟར་བདུད་ཀྱི་ལས་ཡིན་ཞེས་རྟོག་པ་དང༌། རབ་འབྱོར་ངས་ཕྱིར་མི་ལྡོག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་མིང་བསྟན་པས་བྱང་ཆུབ་སེམས་དཔའ་རྣམས་ལ་བརྙས་པར་བྱེད་པས་བྱང་ཆུབ་རྙེད་པར་དཀའ་བ་ནི། ཡང་གལ་ཏེ་དེ་ཡུན་རིང་ཞིང་ཤིན་ཏུ་ཡུན་རིང་བར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱངས་ཤིང་དུལ་བར་གྱུར་ནས་ཞེས་བྱ་བ་ནི། སྡིག་པ་བཤགས་པས་བདག་ཉིད་དྲི་མ་མེད་པར་བྱས་ཤིང་ང་རྒྱལ་མེད་པར་གྱུར་ནས་ཞེས་བྱ་བའི་ཐ་ཚིག་གོ །


DTG085_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་གསལ་བར་བྱེད་པ་ནི་གལ་ཏེ་དེ་དགེ་བའི་བཤེས་གཉེན་དག་ལ་བརྟེན་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་རྣམ་པར་སུན་འབྱིན་པའི་གཉེན་པོས་རྣམ་པར་སྨོད་པར་འགྱུར་བའོ། །ཀུན་ཏུ་སྤྱོད་པའི་གཉེན་པོས་བྱང་བར་བྱེད་པར་འགྱུར་བའོ། །རང་དང་གཞན་ལ་ལྟོས་པའི་ངོ་ཚ་བས་གནོད་པར་འགྱུར་བའོ། །སོར་ཆུད་པར་བྱེད་པའི་སྟོབས་ཀྱིས་ནི་སོ་སོར་འཆགས་པར་འགྱུར་བའོ། །དུས་ཡུན་རིང་པོས་ཐོབ་པར་བྱ་བ་ཉིད་ཀྱིས་ནི་རྙེད་པར་དཀའ་བར་འགྱུར་བའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་རློམ་སེམས་ཀྱི་ལྟུང་བའི་གནས་ནི་གཞན་ལ་བརྙས་པས་ཀུན་ནས་བསླང་བ་ཡིན་པས་ན། གང་གིས་བྱང་ཆུབ་རྙེད་དཀའ་བར་གྱུར་པ་དེ་ཙམ་དུ་ལྕི་བ་ཡིན་གྱི་གཏན་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གང་དག་གཉེན་པོའི་ཕྱོགས་ཉེ་བ་ན་འགྲིབ་པའི་ཆོས་ཅན་ཡིན་ཞེས་པ་ནི་སྟོབས་དང་ལྡན་པའི་གཉེན་པོས་གཏན་ཟད་པར་སྲིད་པ་ཟིན་ཏེ། དཔེར་ན་གསེར་གྱི་གཡའ་ལ་སོགས་པ་བཞིན་ནོ། །དམ་པའི་ཆོས་ཀྱི་སྒྲིབ་པ་ལ་སོགས་པ་ཐམས་ཅད་ཀྱང་ཇི་སྐད་དུ་བཤད་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བའི་རིགས་པས་རློམ་སེམས་ཀྱི་ལྟུང་བའི་གནས་ནི་མ་ལུས་པས་ཟད་པར་འགྱུར་བ་ཡིན་ནོ། །གང་ཡང༌། ལས་རྣམས་བསྐལ་པ་བ་རྒྱར་ཡང་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ནི། གཉེན་པོའི་ཕྱོགས་བསྒོམ་པ་མེད་ན་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་ལྟ་མ་ཡིན་ན་རིགས་པ་དང་འགལ་བ་དང༌། མདོ་སྡེ་མང་པོ་དང་འགལ་བར་འགྱུར་རོ། །ངེས་པར་མྱོང་བར་གསུངས་པ་ཡང་འདི་ཉིད་ཀྱིས་བཤད་པ་ཡིན་ནོ། །མ་ངེས་པར་གསུངས་པ་ནི་གཉེན་པོའི་ཕྱོགས་མ་བསྒོམས་སུ་ཟིན་ཀྱང་འབྲས་བུ་རེས་འགའ་བ་ཉིད་ལས་ཡིན་པར་ངེས་པར་བྱའོ། །རློམ་སེམས་ཀྱི་ལྟུང་བའི་གནས་ནི་ལྕི་བ་ཉིད་ཡིན་པར་དཔེས་གསལ་བར་བྱེད་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྩ་བའི་ལྟུང་བ་བཞི་ནི་ཞེས་བྱ་བ་གསེད་པ་དང༌། རྐུ་བ་དང༌། འཁྲིག་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བའི་མིང་ཅན་ལྟུང་བའི་གཙོ་བོ་དག་ཡིན་ནོ། །དགེ་


DTG085_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གི་སྡོམ་པ་ལས་ཉམས་པས་ན་དགེ་སློང་མ་ཡིན་པའོ། །དགེ་སྦྱོང་ཉིད་མེད་པར་གྱུར་པ་ཉིད་ཀྱིས་ན་དགེ་སྦྱོང་མ་ཡིན་པའོ། །དགེ་བསྙེན་གྱི་དངོས་པོ་དང་བྲལ་བས་ན་ཤཱཀྱའི་སྲས་པོ་མ་ཡིན་ནོ། །སྐྱེ་བ་གཞན་དག་ཏུ་ཡང་རྟོགས་པའི་སྐལ་པ་ཅན་མ་ཡིན་པ་ཉིད་ཀྱིས་ན་ང་རྒྱལ་གྱིས་སེམས་བསྐྱེད་པའི་ལྟུང་བ་འདི་ནི་ཆོས་ལྕི་བ་ཡིན་ནོ། །ཤིན་ཏུ་ལྕི་བ་ཉིད་ཀྱི་ཕྱིར་གསུངས་པ་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །ལྔ་པོ་དེ་དག་པས་ཀྱང་ཞེས་བྱ་བ་ནི་དེ་བཞིན་གཤགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ལ་སོགས་པ་ལས་སོ། །ཆེས་ལྕི་སྟེ་ཞེས་བྱ་བ་ནི་ང་རྒྱལ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པའི་གྲངས་སྙེད་དུ་དམྱལ་བར་གནས་པ་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་ལྟར་མིང་སྟོན་པའི་བདུད་ཀྱི་ལས་བསྟན་ནས་དབེན་པའི་ཡོན་ཏན་གྱིས་ཀྱང་བདུད་ཀྱི་ལས་ཆུང་ངུར་གྱུར་པའི་དོན་ནི། རབ་འབྱོར་གཞན་ཡང་བདུད་སྡིག་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། །། དེ་ལ་ནགས་འདབས་ནི་ནགས་ཀྱི་ཁྱད་པར་རོ། །ཕྱིས་འགྱོད་པ་ཉིད་ཀྱིས་ན། ཇི་ཙམ་ན་ཏིང་ངེ་འཛིན་མ་གཏོགས་པས་ལུས་དང་ངག་དང་ཡིད་ཀྱི་ལས་འབྲིང་གི་དོན་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དབེན་པ་འདི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ནི་བདག་ཉིད་ཅན་ནོ། །རྟེན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་འཛིན་པ་ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བས་དབེན་པ་དང་དགོན་པ་ལ་སོགས་པ་དེར་གོ་རིམས་བཞིན་དུ་བསྟེན་པ་དང་ཞེན་པ་དང་ཆགས་པ་སྟེ། དེ་ཉིད་ཀྱིས་བདག་ལ་བསྟོད་པས་ང་རྒྱལ་དུ་འགྱུར་བ་ཡིན་ནོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབེན་པ་འདིས་ཞེས་བྱ་བ་ནི་དགོན་པར་འདུག་པ་ལ་སོགས་པའི་དབེན་པ་དེས་གནས་པ་ནི་བྱང་ཆུབ་སེམས་དཔའི་དབེན་པ་ཐབས་ལ་མཁས་པ་ཆེན་པོ་ལ་སོགས་པ་དེ་ལ་མི་སྣང་ངོ༌། །བདུད་ཀྱི་ལས་ཆེན་པོའི་དོན་ནི་དེ་ལྟར་བདུད་སྡིག་ཅན་དེ་འོངས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདྲེས་པར་གནས་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ། །ཀུན་ཏུ་འདྲེས་པར་གནས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལས་ཕྱི་རོལ་དུ་གནས་ཉིད་ཡིན་པའི་


DTG085_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །བྱང་ཆུབ་སེམས་དཔའ་གཞན་དག་གིས་རེག་པར་བྱ་བ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་གདོལ་བའོ། །རང་དང་གཞན་གྱི་བྱང་ཆུབ་ཀྱི་སེམས་སུན་འབྱིན་པ་ཡིན་པས་ན་བྱང་ཆུབ་སེམས་དཔའ་སུན་འབྱིན་པའོ། །ཚིག་ཙམ་གྱིས་བྱང་ཆུབ་སེམས་དཔའ་ཉིད་དུ་ཁས་འཆེ་བར་བྱེད་པས་ན་བྱང་ཆུབ་སེམས་དཔའི་གཟུགས་བརྙན་ནོ། །བྱང་ཆུབ་སེམས་དཔའི་ཆོས་དང་བྲལ་བས་ན་བྱང་ཆུབ་སེམས་དཔའ་བཅོས་བུའོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བར་འཇོམས་པས་ན་བྱང་ཆུབ་སེམས་དཔའི་སྲེད་པའོ། །རུང་བ་མ་ཡིན་པ་ལ་ཉེ་བར་ལོངས་སྤྱོད་བས་ན་བྱང་ཆུབ་སེམས་དཔའ་རྐུན་པའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། གང་ཟག་དེ་ལྟ་བུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡིག་པའི་ཆོས་དང་ལྡན་པས་ན་རྣམ་པར་མ་དག་པའི་ཆོས་ཅན་ནོ། །དགེ་བའི་བཤེས་གཉེན་དང་བྲལ་བས་ན་སློབ་དཔོན་མེད་པའོ། །གཞན་དུ་སྨྲ་བ་ཉིད་ཡིན་པའི་ཕྱིར་འཕགས་པའི་ཆོས་དང་མི་ལྡན་པའོ། །དགུ་པ་རང་གི་མངོན་པར་ཤེས་པས་ཕ་རོལ་གནོན་པ་དགེ་བའི་བཤེས་གཉེན་བསྟེན་པའི་རྟགས་ཀྱི་དོན་ནི། ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། བདུད་ཀྱི་ལས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།རྟགས་དགུ་པ་ཉིད་སྟོན་པ་ནི་དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྟོན་པའོ་ཞེས་བྱ་བ་ནི་འབྲས་བུའི་གནས་སྐབས་སུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པ་གོ་པའོ། རྟོགས་པའི་ལམ་དང་དང་པོ་ཡང་དག་པར་སྟོན་པ་ཡིན་པའི་ཕྱིར་སྣང་བ་ཐོབ་པའི་གནས་སྐབས་སུ་ནི་ལམ་མོ། །སྣང་བ་ལྷག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྣང་བ་མཆེད་པའི་གནས་སྐབས་སུ་ནི་སྣང་བའོ། །གཟུང་བ་དང་འཛིན་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཁྱབ་པའི་གནས་སྐབས་སུ་ནི་སྒྲོན་མའོ། །བར་ཆད་མེད་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་པས་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་གནས་གནས་སྐབས་ནི་འོད་དོ། །ཉེ་བར་འཚེ་བ་ཐམས་ཅད་བཟློག་པ་ཡིན་པའི་ཕྱིར་ས་དང་པོ་ལ་ནི་སྐྱོབ་པའོ། །དེའི་ཚེ་བསམ་པ་


DTG085_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱོར་བ་དོན་ཡོད་པ་ཉིད་ཀྱིས་གཞི་ལ་གནས་པས་ན་གཉིས་པ་ལ་ནི་སྐྱབས་སོ། །ཁ་ན་མ་ཐོ་བ་མེད་པའི་དགའ་བའི་གཞི་ཉིད་ཡིན་པའི་ཕྱིར་གསུམ་པ་ལ་ནི་གནས་སོ། །འཕགས་པའི་མཆོག་ཉིད་དུ་འགྲོ་བའི་གཞི་ལ་གནས་པ་ཡིན་པས་ན་བཞི་པ་ལ་ནི་དཔུང་གཉེན་ནོ། །ཁམས་གསུམ་ལས་ཡོངས་སུ་ཆད་པ་ཉིད་ཡིན་པའི་ཕྱིར་ལྔ་པ་ལ་ནི་གླིང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཅན་ཡིན་པའི་ཕྱིར་དགུ་པ་ལ་ནི་རྟོགས་པའི་ཕྱིར་གནས་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཉིད་ཀྱིས་ན་བཅུ་པ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་གནས་པར་འགྱུར་བའོ་ཞེས་བྱ་བ་ནི་དོན་གྱི་དབྱེ་བ་ཡིན་ནོ། །མི་འདའ་བའི་རྒྱུ་ལོངས་སྤྱོད་དང་ཁྱིམ་ལ་ཆགས་པའི་གཉེན་པོར་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །འཁོར་བ་པའི་སེམས་ཅན་རྣམས་ཀྱི་ལོག་པར་བསྒྲུབ་པ་ལས་སྐྱེས་པའི་སྡུག་བསྔལ་དང་དགེ་བའི་ཕྱོགས་ལ་ཡུན་རིང་པོར་སྦྱོར་བ་དག་གིས་ཡོངས་སུ་སྐྱོ་བའི་གཉེན་པོར་ནི་གྲངས་ཇི་ལྟ་བ་བཞིན་དུ་བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གོ །ཆུད་ཟ་བའི་རྒྱུ་རྣམ་པར་མི་གཡེང་བ་དང་ཤེས་རབ་འཆལ་བའི་གཉེན་པོ་ནི་གོ་རིམས་བཞིན་དུ་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་ལྟར་ན་མི་མཐུན་པའི་ཕྱོགས་དང་གཉེན་པོ་རྣམ་པར་གཞག་པས་གྲངས་དྲུག་ཏུ་གཞག་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་གཡེང་བའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་གཅིག་གྲུབ་ལ་མི་གཡེང་བ་གང་ཡིན་པ་ལ་བརྟེན་ནས་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་འགྲུབ་སྟེ། དེ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་གཞིའི་གནས་ཀྱི་གྲངས་སུ་རྣམ་པར་གཞག་པ་ཡིན་ནོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ལ་ཕན་འདོགས་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་གནོད་པ་མི་བྱེད་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་གནོད་པ་བྱེད་པ་ལ་བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱ་བ་བྱེད་དེ་འགོ་བའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་རུང་བར་བྱས་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ནི་སེམས་གཡེང་བ་རྣམས་མཉམ་པར་གཞག་པའི་ཕྱིར་དང༌།


DTG085_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མཉམ་པར་གཞག་པས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་གདམས་པ་ལས་ཡོངས་སུ་སྨིན་པར་འགྱུར་བ་ཡིན་ཏེ། དེ་ལྟར་ན་སེམས་ཅན་ཡོངས་སུ་སྨིན་པ་དང་རྗེས་སུ་མཐུན་པ་ལས་ཀྱང་གྲངས་འདི་ལྟར་རྣམ་པར་གཞག་པར་བལྟ་བར་བྱའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགེ་བའི་བཤེས་གཉེན་གྱི་དོན་ཉིད་གསལ་བར་བྱེད་པར་རབ་འབྱོར་འདས་པའི་དུས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཀྱི་ཆོས་ཇི་སྙེད་ཡོད་པ་སྟེ་ཞེས་བྱ་བ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པས་རྣམ་པར་དབྱེ་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་དང་ཞེས་བྱ་བ་ལ་སོགས་པ་ཚིག་བརྒྱད་སྨོས་པ་ཡིན་ནོ། །ཉེ་བར་བསྡུ་བ་ནི་རབ་འབྱོར་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཅུ་པ་རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་རྟགས་ཀྱི་དོན་ནི་རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲག་པོ་འདི་དག་ལ་སློབ་པར་འདོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དགོས་པ་བསུ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མཐོང་བ་དང་བསྒོམ་པ་དང་ཁྱད་པར་དང་མི་སློབ་པའི་ལམ་ཐོབ་པར་བྱེད་པ་ཡིན་པས་གོ་རིམས་བཞིན་དུ་འདྲེན་པའོ་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་སྨོས་པ་ཡིན་ནོ། །དང་པོར་བསྐྱེད་པའོ། །ཕྱིས་ཡང་དག་པར་འཕེལ་བར་བྱེད་པ་ཡིན་པས་ན་མ་མའོ། །སྔ་མ་བཞིན་དུ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅུ་གཅིག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་རྟགས་ཀྱི་དོན་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཆགས་པ་མེད་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པའི་ངོ་བོ་ཉིད་དོ། །ཚིག་ལྷུར་ལེན་པ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཆགས་པ་མ་མཆིས་པའི་མཚན་ཉིད་གང་


DTG085_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །རིགས་པ་མཚུངས་པ་ཉིད་ཡིན་པའི་ཕྱིར་རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྒྱུ་དང་འབྲས་བུའི་ངོ་བོ་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་དབེན་པ་དང་སྟོང་པའོ་ཞེས་ཁ་ཅིག་གིས་བཤད་དོ། །སྟོང་པ་ཉིད་ཡིན་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པར་འགྱུར་རོ་ཞེས་གསོལ་པ་ནི་བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཆོས་དེ་དམིགས་སུ་མཆིས་ན་ཞེས་བྱ་བ་ནི་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསམས་པའོ། །བཤད་པ་འདིའི་དོན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ལ་སོགས་པ་ཡོད་པར་མི་འཐད་པའི་ཕྱིར་ན་དབེན་པ་དང་སྟོང་པར་བཤད་པའི་དོན་ཏོ། །སླར་དྲིས་པས་ལན་བཏབ་པའི་དོན་དུ་རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་འདི་སྐད་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་དུ་ཟིན་ཀྱང་ཀུན་རྫོབ་ཏུ་ལས་དང་འབྲས་བུ་འབྲེལ་པར་ཡོད་པ་ཉིད་ཡིན་པའི་ཕྱིར་ཇི་ལྟར་མངོན་པར་ཞེན་པ་དེ་ལྟར་ཀུན་ནས་ཉོན་མོངས་པར་འགྱུར་ཞིང་ཇི་ལྟར་མངོན་པར་ཞེན་པ་མེད་པ་དེ་ལྟར་རྣམ་པར་བྱར་བ་ཡང་སྣང་ཞིང་ཤེས་སོ་ཞེས་བརྗོད་པ་ཡིན་ནོ། །བཅུ་གཉིས་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཞེས་བྱ་བའི་རྟགས་ཀྱི་དོན་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་བསུ་ནས་བཅོམ་ལྡན་འདས་སངས་རྒྱས་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུང་ཏེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞིའི་དབྱེ་བས་སངས་རྒྱས་ཉིད་དང་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་སྨོས་པ་ཡིན་ནོ། །དེ་ཁོ་ན་བཞིན་དུ་རྗེས་སུ་བརྗོད་ཞེས་པ་ནི། རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའོ། །རྩེ་མོ་མངོན་པར་རྟོགས་པའི་རྟགས་མི་འདི་དག་ཙམ་ཁོ་ནར་ཤེས་པར་བྱའོ། །དེ་སྐད་དུ་ཡང༌། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པར་སྦྱོར་བའི་


DTG085_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་རྟགས་ཀྱིས་མཚོན་པའི་རྣམ་པར་འཕེལ་བ་རྣམ་པ་དུ་ཞིག་ཡོད་ཅེ་ན། དང་པོར་འཛམ་བུའི་གླིང་པ་ལ་སོགས་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་སོགས་པའི་བསོད་ནམས་པས་ལྷག་པའི་རྣམ་པར་འཕེལ་བ་སྟོན་པ་ནི་རབ་འབྱོར་ཡང་གལ་ཏེ་འཛམ་བུའི་གླིང་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འཛམ་བུའི་གླིང་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱང་འདིར་གཟུང་སྟེ། སྟོང་ཕྲག་ཉི་ཤུ་ལྔ་པ་ལས་དེ་སྐད་དུ་སྨོས་པའི་ཕྱིར། དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱིན་པའི་གནས་སུ་འགྱུར་རོ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཞིང་ཉིད་དུ་འགྱུར་བའོ། །འདི་དག་ཉིད་ག་ལས་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བསུ་ནས་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། མ་གཏོགས་པར་ཞེས་བྱ་བ་ནི་ཡོངས་སུ་དོར་བའོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་དེ་བཞིན་གཤེགས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཟག་ཟླ་མེད་པའོ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་དོན་ཐུགས་སུ་ཆུད་པ་ཡིན་པའི་ཕྱིར་རོ། །གཞན་དག་ནི་ཚད་མ་གསུམ་གྱིས་སྟོན་པར་མཛད་པའི་ཕྱིར་རོ་ཞེས་ཟེར་རོ། །རྣམ་པ་གཞན་དག་གིས་ཀྱང་བསོད་ནམས་ཀྱི་ཕུང་པོ་ཟིལ་གྱིས་གནོན་པ་སྟོན་པ་ནི་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསད་པར་བྱ་བ་ལྟ་བུར་ཞེས་བྱ་བ་ནི་གསད་པར་འོས་པ་ལྟ་བུར་རོ། །དལ་བ་ཆུད་གཟོན་པ་ཞེས་བྱ་བ་ནི་སྡིག་པ་ལ་སྤྱོད་པས་མི་ཉིད་ལ་སོགས་པའི་དངོས་པོ་ལས་ཉམས་པར་བྱེད་པའོ། །སྦྱིན་པ་པོ་ཞེས་བྱ་བ་ནི་མངོན་སུམ་དུ་སྟེར་བར་བྱེད་པའོ། །སྦྱིན་པའི་བདག་པོ་རྣམས་ཞེས་བྱ་བ་ནི་ཡང་དག་པར་སྦྱིན་པ་ལ་འཛུད་པར་བྱེད་པའོ། །རྣམ་པར་སྦྱོང་ཞིང་ཞེས་བྱ་བ་ནི་ཡང་དག་པའི་འབྲས་བུ་དང་ལྡན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཡིད་ལ་བྱེད་པ་འདིས་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་ལམ་སྟོན་པར་འདོད་པ་


DTG085_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ངོ་བོ་ཉིད་ཀྱིས་སོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་གང་ཞིག་འདི་དག་ཤེས་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ཉིད་ཅེས་བྱ་བ་ནི་ཐབས་ལ་མཁས་པ་ཆེན་པོས་ཡུམ་ལ་དམིགས་པ་དེ་ཉིད་སེམས་ཅན་ལ་ཕན་པའི་ཡིད་ལ་བྱེད་པ་ཡིན་ནོ། །ཇི་ལྟར་འདི་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པའི་རང་བཞིན་ཅན་གྱི་ཡིད་ལ་བྱེད་པས་སོ། །ཟད་པར་འགྱུར་བ་ནི་འདའ་བར་འགྱུར་བའོ། །གཉིས་པ་ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པའི་རང་བཞིན་གྱི་རྣམ་པར་འཕེལ་པའི་དོན་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་ཤེས་པ་ལ་གནས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེ་ཡོངས་སུ་བརྟག་པའི་བསྟན་བཅོས་ལ་མཁས་པའི་ཕྱིར་དེ་ཤེས་པ་ལ་གནས་པ་ཡིན་ནོ། །ནོར་བུ་རིན་པོ་ཆེའི་རིགས་ཤེས་པས་ཞེས་བྱ་བ་ནི་མཚོན་ཆལ་ཡོངས་སུ་བྱང་བའོ། །དེ་འམ་དེ་མ་ཡིན་པ་གཞན་རྙེད་པར་འགྱུར་གྱི་བར་དུ་ཞེས་བྱ་བ་ལ་དེ་འམ་དེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་མ་ཡིན་པ་གཞན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལ་སོགས་པའི་ཆོས་ཉིད་ཐོབ་པར་གྱུར་བའོ། །ལ་ལ་ནི་གླེགས་བམ་ལ་ལྟོས་ཏེ་དེ་འམ་གཞན་ཞེས་བྱ་བ་ལ་ཡིན་ནོ་ཞེས་ཟེར་རོ། །སྟོང་པ་ཉིད་ཡིན་པའི་ཕྱིར་མ་བྲལ་བ་ཉིད་དུ་མི་འཐད་དོ་ཞེས་གསོལ་པ་ནི་བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ལན་ནི་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོང་པ་ཉིད་ཡིན་ཏེ་དེ་ཁོ་ན་ཉིད་དུ་རྣམ་པར་འཕེལ་བ་དང་འགྲིབ་པ་དང་བྲལ་བ་ཡིན་པ་དེ་བས་ན་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་དམིགས་པའི་ཡིད་ལ་བྱེད་པ་ཡང་སྟོང་པ་ཉིད་དུ་ལྷག་པར་མོས་པར་གྱུར་པ་ན་ཕྱིན་ཅི་མ་ལོག་པ་ཉིད་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་མ་བྲལ་བ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །གསུམ་པ་ཁྱད་པར་དུ་འཕགས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་རང་བཞིན་གྱི་རྣམ་པར་འཕེལ་བའི་དོན་དུ་ཞུ་བར་བྱེད་པས་བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ལན་ནི་རབ་འབྱོར་གཞན་ཡང་བྱང་


DTG085_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱིར་ཡང་དག་པར་སྒྲུབ་ཅིང་ཞེས་བྱ་བ་ནི་འདི་སྐད་དུ། གང་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བ་དང་འགྲིབ་པ་བཀག་པ་སྟེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་པ་ལ་དོན་དམ་པར་འཕེལ་བ་དང་འགྲིབ་པ་བཀག་པ་དེ་བས་ན་སྒྱུ་མ་ལྟ་བུར་བསྒོམས་པས་ཀུན་རྫོབ་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་སོགས་པར་བྱེད་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ཏེ་འཕེལ་བ་དང་འགྲིབ་པ་ཡོད་ན་ནི་ཕྱིན་ཅི་ལོག་ཁོ་ན་ཡིན་པས་དེ་ལྟར་མི་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །འདི་ཉིད་ཁོ་ནར་དེ་ཁོ་ན་ཉིད་ཡིན་ནོ་ཞེས་གསུངས་པ་ནི་རབ་འབྱོར་གལ་ཏེ་དེ་སྐད་དུ་བཤད་པ་ལ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་རིག་པར་བྱའོ་ཞེས་བྱ་བ་འདིས་ནི་དེ་ཁོ་ན་ཉིད་ཀྱི་ཆོས་འགའ་ཞིག་འཕངས་པ་ཡིན་ནོ་ཞེས་བྱ་བའི་བསམ་པས་གསོལ་པ་ནི་བཅོམ་ལྡན་འདས་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་འོ་ན་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་འདི་སྐད་དུ་བརྗོད་པའི་རྣམ་པ་བཀག་པའི་སྒོ་ནས་ཐམས་ཅད་དུ་དེ་ནི་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ན་གང་གིས་ན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་རིག་པར་བྱའོ་ཞེས་སྔར་གསུངས་པ་རྣམ་པ་གཞན་གྱིས་ཇི་ལྟར་སྤྱོད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཀུན་རྫོབ་ཏུ་དེ་ལྟར་གསུངས་པ་ཡིན་ནོ་ཞེས་བྱ་བ་ནི་རབ་འབྱོར་ཡང་ཅི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྗེས་སུ་མཐོང་ངམ་ཞེས་བྱ་བ་ནི་ཡང་དག་པ་ཉིད་དུ་ན་ཞེས་བྱ་བར་དགོངས་སོ། །ཉེ་བར་བསྡུ་བ་ནི་རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་པ་ཡིན་པའི་ཕྱིར་དེ་ལྟར་དོན་དམ་པར་སྤྱོད་པ་ཡོད་པར་མི་འཐད་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ལྟ་བུ་བསྒོམས་པས་སྤྱོད་པའི་ཕྱིར་མ་སྐྱེས་པའི་ཆོས་ལ་ཁྱད་པར་ཅན་གྱི་ལྷག་པར་མོས་པར་འགྱུར་བ་ཡིན་ནོ། །མི་འཇིགས་པའི་ལམ་འདི་བསྒྲུབས་ནས་ཞེས་བྱ་བ་ནི་ཉེ་བར་དམིགས་པའི་འཇིགས་པ་ཐམས་ཅད་མེད་པས་འཇིགས་པ་དང་བྲལ་བའི་


DTG085_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མོ། །དེ་ལྟར་སྤྱོད་ཅིང་ཞེས་བྱ་བའི་ཚིག་གསུམ་ནི་ཐོས་པའི་རང་བཞིན་ལ་སོགས་པའི་ཤེས་པ་སྐྱེད་པ་ཡིན་པའི་ཕྱིར་དེ་ཤེས་པ་སྐྱེད་པའི་ཕྱིར་སྨོས་པ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་དང་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དབྱེ་བས་བརྗོད་པ་ཡིན་ནོ། །བཞི་པ་བྱང་ཆུབ་པར་བྱ་བ་དང་བྱང་ཆུབ་པར་བྱེད་པའི་ཆོས་མི་དམིགས་པའི་མཚན་ཉིད་ཀྱི་རྣམ་པར་འཕེལ་བའི་དོན་ནི་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །སླར་དྲི་བར་མཛད་པས་ཀུན་རྫོབ་ཏུ་ལུང་བསྟན་པ་ཡིན་ནོ་ཞེས་གསུངས་པ་ནི་རབ་འབྱོར་ཁྱོན་གྱིས་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་བསུ་ནས་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མེ་སེམས་པའི་སླད་དུའོ་ཞེས་བྱ་བ་འདིས་ནི་རྩེ་མོའི་མངོན་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་འདི་ལྟ་བུའི་རྣམ་པར་རྟོག་པ་མེད་དོ་ཞེས་རང་ལ་ཐད་སྙད་བཏགས་ནས་བརྗོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་དགེ་བའི་བཤེས་གཉེན་གྱི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ལྔ་པ་ཁྱད་པར་ཅན་གྱི་དགེ་བའི་རྩ་བ་དང་ལྡན་པའི་བདག་ཉིད་ཀྱི་རྣམ་པར་འཕེལ་བའི་དོན་ནི་ཡང་དེའི་ཚེ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བྱིས་པའི་སྐྱེ་བོ་རྣམས་སྐྲག་པར་བྱེད་པ་ཉིད་ཀྱིས་ན་ནམ་མཁའ་ལྟར་ཟབ་པ་ཉིད་ཡིན་པས་ཟབ་པོ། །རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དང་བྲལ་བ་ཉིད་ཀྱིས་ན་གོ་རིམས་བཞིན་དུ་རྣམ་པར་དབེན་པ་ཉིད་ཡིན་པའི་ཕྱིར་བལྟ་དཀའ་བ་དང་སྟོང་པ་ཉིད་ཡིན་པས་རྟོགས་པར་དཀའ་བའོ། །མཐོང་བ་དང་བསྒོམ་པ་དང་ཁྱད་པར་གྱི་ལམ་སྐྱེད་པའི་དོན་དུ་གོ་རིམས་ཇི་ལྟ་བར་སློབ་པ་དང་སྒྲུབ་པ་དང་རྣལ་འབྱོར་དུ་བྱེད་པ་ཞེས་བྱ་བར་སྦྱོར་རོ། །ཁ་ཅིག་ན་རེ་སྔོམ་པ་དང་སེམས་ཅན་གྱི་དོན་བྱ་བ་དང་དགེ་བའི་ཆོས་སྡུད་པ་དེ་ཚུལ་ཁྲིམས་ཀྱི་ཕུང་པོ་གསུམ་གྱི་མི་མཐུན་པའི་ཕྱོགས་ཀྱི་ཆོས་དང་བྲལ་བའི་ཕྱིར་མ་ཉམས་པ་ལ་སོགས་པའི་ཚིག་གསུམ་སྨོས་པ་ཡིན། དེ་རྣམས་ཉིད་ཀྱི་རྗེས་སུ་མཐུན་པའི་ཆོས་དང་ལྡན་པའི་ཕྱིར་ཡོངས་སུ་རྫོགས་པ་ལ་སོགས་པའི་ཚིག་


DTG085_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གསུམ་སྨོས་པ་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་ལུས་དང་དག་དང་ཡིད་ཀྱི་ཁ་ན་མ་ཐོབ་མེད་པས་ཚུལ་ཁྲིམས་ཀྱི་ཕུང་པོ་མ་ཉམས་པ་དང་སྐྱོན་མེད་པ་དང་འདྲེན་མར་མ་གྱུར་པ་ཡིན་ལ། ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་པ་ཕུན་སུམ་ཚོགས་པ་ཉིད་ཡིན་པའི་ཕྱིར་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་ལྷད་མ་ཞུགས་པ་ཡིན་ནོ་ཞེས་འཐད་དོ། །བཟོད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་སྡུག་བསྔལ་དང་དུ་ལེན་པ་ལ་སོགས་པའི་བཟོད་པ་གསུམ་གྱི་དབྱེ་བས་གསུངས་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ནི་རྩོམ་པ་དང་ཡོངས་སུ་སྦྱོང་བ་དང་སོ་སོར་རྟོག་པ་དང་སྒྲུབ་པའི་བརྩོན་འགྲུས་ཀྱི་དབྱེ་བས་གསུངས་པ་ཡིན་ནོ། །བསམ་གཏན་ལ་དགའ་ཞིང་ཞེས་བྱ་བ་ལ་སོགས་པའི་ཚིག་དྲུག་ནི་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་རྟོགས་པ་དང་ལྡན་པའི་ཕྱིར་རོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དྲུག་པ་ལྷའི་རིགས་ཐམས་ཅད་དུ་ཉེ་བར་འགྲོ་བའི་རང་བཞིན་གྱི་རྣམ་པར་འཕེལ་བའི་དོན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བདག་ཀྱང་ཞེས་བྱ་བ་ནི་བརྒྱ་བྱིན་ནོ། །འབྱུང་བར་མི་འགྱུར་ཏེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བར་དགོངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་བརྒྱ་བྱིན་གྱི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།བདུན་པ་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་རང་གི་ངོ་བོ་རྣམ་པར་འཕེལ་བའི་དོན་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། བསླང་པ་དང་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་ནི་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་དབྱེ་བས་གསུངས་པ་ཡིན་ནོ། །མྱ་ངན་གྱི་ཟུག་རྡུས་ཟུག་པར་འགྱུར་རོ་ཞེས་བྱ་བ་ནི་རང་གི་སྤྱོད་ཡུལ་ལས་འདས་པས་ཡིད་མི་བདེ་བ་ཐོབ་པའོ། །སྤྱོད་ཅིང་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་སེམས་ཀྱིས་


DTG085_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རྣལ་འབྱོར་དུ་བྱེད་པས་ཞེས་བྱ་བ་ནི་མཉམ་པར་བཞག་པའི་སེམས་ཀྱིས་སོ། །འདིར་བརྩོན་པར་བྱས་པ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ཇི་ལྟར་མདོ་སྡེ་གཞན་ལས་གསུངས་པ་དེ་ལྟར་འདིར་སྦྱར་བ་ན་ནི་དངོས་པོ་མ་བསྟན་ཏེ། དེ་བས་ན་བཤད་པ་འདི་ནི་ཐོས་པ་དང་བསམ་པའི་རང་བཞིན་གྱི་ཤེས་པས་རྟོགས་པར་མི་ནུས་པའི་ཕྱིར་གོ་རིམས་བཞིན་དུ་འདིའི་གཏིང་མི་རྙེད་རོ་མི་མྱོང་ངོ་ཞེས་བྱ་བའི་ཐ་ཚིག་གོ །བདེ་བ་ཆུང་དུ་དང་འབྲིང་དང་ཆེན་པོ་སྐྱེས་པས་ན་དགའ་མགུ་ཡིད་རངས་པར་གྱུར་ཅིང་ཞེས་བྱ་བའོ། །དེ་བཞིན་དུ་ཡིད་བདེ་བ་རྣམ་པ་གསུམ་སྐྱེས་པས་རབ་ཏུ་དགའ་བ་དང་རངས་པ་དང་ཡིད་བདེ་བ་སྐྱེས་ཏེ་ཞེས་བྱ་བའོ། །སྦྱོར་བ་ལ་སོགས་པ་རྣམས་ལ་བགེགས་བྱ་བར་ནུས་པས་ཀུན་ཏུ་ཚིམ་པ་སྐྱེས་ཤིང་སེམས་ཚིམ་པར་འགྱུར་བ་རབ་ཏུ་དགའ་བ་སྐྱེ་བར་འགྱུར་རོ་ཞེས་བྱའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་འདི་ནི་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞིག་པར་མི་འགྱུར་བ་ལ་སོགས་པ་ནི་དེ་ལ་རང་གི་གནས་སུ་ངག་རྩུབ་པའོ། །རྩོམ་པ་བྱེད་པ་ནི་འཐད་པར་བྱེད་པའོ། །རྒྱལ་པོའི་ཕོ་བྲང་ལ་སོགས་པར་རྩོད་པས་རྣམ་པར་བྱེད་པའོ། །དབྱུག་པ་ལ་སོགས་པ་ཐོགས་པས་འགྱེད་པར་བྱེད་པའོ། །འཐབ་པར་བྱ་བའི་ཕྱིར་འབོད་པས་ན་གཤེ་ཞིང་ངོ༌། །ངན་དུ་བརྗོད་པ་ལ་སོགས་པས་ངེས་པར་མཚང་འདྲུ་བས་ན་སྤྱོ་བར་བྱེད་པའོ། །རྣམ་པར་སྡང་བས་ཉེ་བར་འཇོམས་པས་ན་གནོད་པར་སེམས་ཤིང་ངོ༌། །ཁྲོ་བ་སྐྱེད་པར་བྱེད་པས་ན་ཞེ་སྡང་བསྐྱེད་ན་ཞེས་བྱའོ། །གོ་ཆ་བགོ་དགོས་སོ་ཞེས་བྱ་བ་ནི་གལ་ཏེ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཏང་ན་དེའི་ཚེ་འཐབ་པར་བྱེད་པ་ལ་སོགས་པས་ཀུན་ནས་བསླང་བའི་སྡིག་པ་བསལ་བར་བྱ་བའི་ཕྱིར་སེམས་བསྐྱེད་པའི་གྲངས་ཀྱི་ཆོད་པ་རྙེད་ཀྱིས་བསྐལ་པའི་ཚད་དུ་བརྩོན་འགྲུས་བརྩམ་པར་བྱ་ཞིང་བྱ་བའི་ཐ་ཚིག་གོ །སྡིག་པ་ནི་ཤིན་ཏུ་ལྕི་བ་ཡིན་པས་ངེས་པར་འབྱུང་བ་མེད་པར་ཞུས་པའི་དོན་ནི་བཅོམ་ལྡན་འདས་སེམས་བསྐྱེད་པ་དེ་དག་ལ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །གཉེན་པོ་ཡོད་པ་ཉིད་ཀྱིས་ན་ལས་ཐམས་ཅད་ངེས་པར་འབྱུང་བ་དང་བཅས་པ་ཉིད་ཡིན་ནོ་ཞེས་ཁྱབ་པ་བསྟན་པར་བྱ་བའི་ཕྱིར་ཀུན་དགའ་བོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་སྐད་དུ་ཉན་ཐོས་ཀྱི་ཐེག་


DTG085_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ལ་རང་གི་ཐེག་པར་དགེ་འདུན་ལྷག་མ་ལ་སོགས་པའི་ལྟུང་བ་རྣམས་སླར་གསོ་བར་བསྟན་པས་ངེས་པར་འབྱུང་བ་དང་བཅས་པར་ཆོས་བསྟན་པ་དེ་བཞིན་དུ་ཐེག་པ་ཆེན་པོ་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་བསྟན་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གཙོར་བྱང་ཆུབ་སེམས་དཔའ་ལས་བརྩམས་ཏེ་གསལ་བར་བྱེད་པ་ནི་དེ་ལ་ཀུན་དགའ་བོ་གང་ཟག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་སོ་སོར་བཤགས་པ་མི་བྱེད་ཅེས་བྱ་བ་ནི་སྡིག་པ་བྱས་པ་ལ་བཤགས་པས་འཆགས་པར་མི་བྱེད་པའོ། །ཕྱིས་སྡོམ་པ་མི་འཛིན་ཞེས་བྱ་བ་ནི་མི་བྱེད་པའི་སྡོམ་པ་འཛིན་པར་མི་བྱེད་པའོ། །རྩོད་པ་གཅད་པར་བྱ་བ་ཡིན་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་རྩོད་པ་ཆུང་དུ་དང་འབྲིང་དང་ཆེན་པོ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །ངན་པ་རྙེད་དེ་ཞེས་བྱ་བ་ནི་གཞན་སྨྲ་བ་ལ་ཡང་བདག་སླར་སྨྲ་ཞིང་འཐབ་པ་ལ་སོགས་པ་བྱེད་པ་འདི་ནི་བསྔགས་པ་མ་ཡིན་པ་ཉིད་ཀྱིས་ན་རྙེད་པ་ངན་པ་རྙེད་པ་ཡིན་གྱི་རྙེད་པ་ལེགས་པ་མ་རྙེད་དོ་ཞེས་དེ་ལྟར་སེམས་བསྐྱེད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཚིག་དྲག་ཏུ་སྨྲ་བའམ་ཚིག་རྩུབ་པོས་ཞེས་བྱ་བ་ནི་མཉན་ན་མི་བདེ་བ་བསྐྱེད་པས་ཚིག་དྲག་ཏུ་སྨྲ་བའོ། །ཡིད་མི་བདེ་བར་བྱེད་པས་ན་རྩུབ་པའོ། །ངན་དུ་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ཕྲ་མ་དང་ཚིག་རྩུབ་པོ་དང་ངག་ཀྱལ་པའི་དབྱེ་བས་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་བདག་གིས་ལྷག་པའི་བསམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁྲུགས་པ་ནི་ཀུན་ཏུ་རྣམ་པར་འཁྲུགས་པའོ། །ཁྲོ་གཉེར་ནི་དཔྲལ་བར་བསྡུས་པའོ། །སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་གནས་པར་བྱའོ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རིམ་གྱིས་བདུད་ཀྱི་ལས་རྣམས་ཟིལ་གྱིས་གནོན་པས་སེམས་ཀྱི་ཡུལ་ལ་གནས་པར་བྱའོ། །བརྒྱད་པ་སྟོན་པ་དང་འདྲ་བར་སྐྱེ་པོ་ལ་མཚུངས་པར་གནས་པའི་མཚན་ཉིད་ཀྱི་རྣམ་པར་འཕེལ་བའི་དོན་ནི་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཐེག་པ་གཅིག་ལ་ཞུགས་པ་ཞེས་བྱ་བ་ནི་གོ་ཆའི་སྒྲུབ་པ་མཚུངས་པའོ། །ལམ་གཅིག་ཏུ་ཞུགས་པ་ཞེས་བྱ་བ་ནི་འཇུག་པའི་སྒྲུབ་པ་མཚུངས་པའོ། །བསམ་པ་མཐུན་པ་ཞེས་བྱ་བ་ནི་ཚོགས་ཀྱི་སྒྲུབ་པ་གཅིག་པ་ཉིད་ཀྱིས་སོ། །


DTG085_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་མཐུན་པ་ལ་ཡང་དག་པར་ཞུགས་སོ་ཞེས་བྱ་བ་ནི་ངེས་པར་འབྱུང་བའི་སྒྲུབ་པ་མཚུངས་པ་ཉིད་ཀྱིས་སོ། །གང་ལ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ལའོ། །ཇི་ལྟར་ཞེས་བྱ་བ་ནི་མི་དམིགས་པའི་སྦྱར་བས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་མངོན་པའི་ང་རྒྱལ་གྱི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དགུ་པ་རྣམ་པ་ཐམས་ཅད་ཐབས་ལ་མཁས་པ་ལ་བསླབ་པ་ཡོངས་སུ་དག་པའི་རང་གི་ངོ་བོ་རྣམ་པར་འཕེལ་བའི་དོན་ཞུས་པ་ནི་བཅོམ་ལྡན་འདས་ཡང་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཟས་ལ་སོགས་པ་སློབ་པ་ན་སངས་རྒྱས་ཉིད་ལ་སློབ་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་ཉིད་ཁོ་ན་ལྡོག་པའི་དབྱེ་བས་ཇི་ལྟར་ཟད་པ་དང་མི་འབྱུང་བ་ལ་སོགས་པ་བསྟན་པས་དེ་ལྟར་བཤད་པ་ཡིན་ནོ། །ཇི་ལྟར་གཞན་ལ་སློབ་པ་ན་གཞན་དག་ལ་སློབ་པར་བྱེད་ཅེས་འདྲི་བ་ནི་བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །རབ་འབྱོར་གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པས་དེའི་ཚིག་བཟླས་ནས་སླར་འདྲི་བའི་སྒོ་ནས་ལན་བཏབ་པ་ནི་རབ་འབྱོར་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དང་སངས་རྒྱས་ཉིད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་བསུ་ནས་བཅོམ་ལྡན་འདས་ཟད་པ་ནི་ཟད་པར་མི་འགྱུར་ཏེ་ཞེས་བྱ་བ་གསོལ་ཏེ། འདིར་རྣམ་པར་རྟོག་པ་ཐམས་ཅད་ཟད་པས་ན་འཚང་རྒྱ་བ་ཉིད་ནི་ཟད་པའོ། །ཆོས་ཀྱི་དབྱིངས་ཟད་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་མི་ཟད་པ་ཞེས་བྱ་སྟེ་དེའི་བདག་ཉིད་དུ་འབྲེལ་པས་ཟད་པ་ལ་སོགས་པའི་རང་བཞིན་ནི་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ །འབྱུང་བར་འགྱུར་རམ་ཞེས་བྱ་བ་ལ་སོགས་པ་ནི་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལས་བཟློག་པ་ལས་ཤེས་པར་བྱའོ། །ཡོངས་སུ་དག་པ་ལ་བསླབས་པ་ཉིད་ཀྱི་ཕན་ཡོན་བསྟན་པ་ནི་རབ་འབྱོར་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་བཞིན་དུ་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་གང་འདི་ལ་སློབ་པ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་བྱ་བའི་


DTG085_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཞེས་བྱ་བ་ནི་འདབ་ཆགས་གསོད་པ་རྣམས་སོ། །རྔོན་པ་ནི་རི་དགས་ལ་སོགས་པ་གསོད་པ་རྣམས་སོ། །ཉ་ཕ་ནི་ཉ་གསོད་པ་རྣམས་སོ། །ཤན་པ་ནི་ཤ་འཚོང་བར་བྱེད་པ་རྣམས་སོ། །ལོང་བ་དང་འོན་པ་ནི་མིག་དང་རྣ་བའི་རྣམ་པར་ཤེས་པ་དང་བྲལ་བའོ། །ནར་བ་ནི་མིག་གཅིག་དང་བྲལ་བའོ། །རྡུམ་པོ་ནི་ལག་པ་ལ་སོགས་པ་བཅད་པའོ། །སྒུར་པོ་ནི་རྒྱབ་ཡོ་བ་ཡིན་པའི་ཕྱིར་རོ། །འཐིང་བོ་ནི་བྱིན་པ་མི་མཉམ་པ་ཡིན་ནོ། །ཞ་བོ་ནི་གྲུ་མོའི་ཚིགས་ཀྱི་གོང་ཐུང་བའོ། །གྲུམ་པོ་ནི་འཁྱོར་ཞིང་འགྲོ་བའོ། །ལྐུགས་པ་ནི་མོད་ལ་སྨྲ་མི་ནུས་པའོ། །གླེགས་བམ་ལ་ལ་ལས་ནི་བླུན་པོ་ཞེས་ཟེར་ཏེ། དེར་ཡང་དོན་ནི་འདི་ཉིད་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །དིག་བ་ཞེས་བྱ་བ་ནི་ཚིག་སྨྲ་བ་ཐོགས་ཤིང་ཡེ་ཤེས་ལ་འཐུག་པོར་སྨྲ་བའི་ཕྱིར་རོ། །རྣ་བ་མི་གསང་བ་ནི་སྒྲ་གསང་ཆེན་པོས་ཐོས་པའོ། །ཡན་ལག་ཉམས་པ་ནི་ལག་པ་དང་རྐང་པ་ལ་སོགས་པ་ཚད་ལས་ཆུང་བ་ཉིད་དོ། །ཡན་ལག་མ་ཚང་བ་ནི་ཡན་ལག་ལྷག་པ་འམ་མ་ཚང་བའོ། །མདོག་མི་སྡུག་པ་ནི་ཡན་ལག་རྣམས་མི་སྡུག་པའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་བཞིན་གྱི་ཡོངས་སུ་དག་པ་ཉིད་ཀྱིས་སྟོབས་ལ་སོགས་པ་ཡོངས་སུ་དག་པར་མི་འཐད་པ་ནི་བཅོམ་ལྡན་འདས་གང་གི་ཚེ་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཀུན་རྫོབ་ཏུ་རྟོགས་པ་ནི་རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཡིན་ཡང་ངོ་བོ་ཉིད་ཀྱི་དག་པའི་ཆོས་ཡོངས་སུ་མི་ཤེས་པ་དང་ལྡན་པའི་སེམས་ཅན་རྣམས་ལ་དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་བའི་ཕྱིར་སྒྱུ་མ་ལྟ་བུའི་ཆོས་བསྒོམ་པ་ལ་མི་ཞུམ་པ་ཉིད་ཀྱིས་ན་ཀུན་རྫོབ་ཏུ་སྟོབས་ལ་སོགས་པ་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །བཅུ་པ་སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་བའི་མཚན་ཉིད་ཀྱི་རྣམ་པར་འཕེལ་བའི་དོན་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་ས་ཆེན་པོའི་ཕྱོགས་གང་ན་ཞེས་བྱ་བ་ལ་སོགས་


DTG085_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུངས་པ་ཡིན་ཏེ་བ་ཚ་ཅན་ནི་ལན་ཚྭ་མང་བའོ། །གྲམ་ས་ནིས་ཕྱོགས་རྩུབ་པ་ཉིད་ཀྱིས་སོ། །བྱང་ཆུབ་སེམས་དཔའ་ནི་ཉུང་ངོ་ཞེས་བྱ་བ་འདིས་ནི་སངས་རྒྱས་ཀྱི་རིགས་རྣམས་ལས་རྩེ་མོ་མངོན་པར་རྟོགས་པ་རྣམ་པ་འཕེལ་བ་ཐོབ་པར་འོས་པ་རྣམས་ནི་ཉུང་བ་ཉིད་དུ་སྟོན་པ་ཡིན་ནོ། །བཅུ་གཅིག་པ་འབྲས་བུ་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་གྱི་བདག་ཉིད་ཅན་གྱི་རྣམ་པར་འཕེལ་བའི་དོན་ཆུང་དུ་དང་འབྲིང་དང་ཆེན་པོའི་དཔེའི་དབྱེ་བས་འགྲེས་གསུམ་བསྟན་པ་ནི་རབ་འབྱོར་གཞན་ཡང་འདི་ལྟ་སྟེ་དཔེར་ན་སེམས་ཅན་གྱི་རིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐོབ་པའི་རྒྱུ་རྣམ་པར་འཕེལ་བ་བཅུ་གཅིག་པ་ཞེས་བྱ་བའི་ཐ་ཚིག་གོ །བཅུ་གཉིས་པ་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཀྱི་སེམས་མི་སྐྱེ་བའི་རང་བཞིན་གྱི་རྣམ་པར་འཕེལ་བའི་དོན་ནི་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཐབ་ཞེས་བྱ་བ་ནི་དགེ་བའི་ལོ་རྟོག་མི་སྐྱ་བའི་དོན་གྱིས་དེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །བཅུ་གསུམ་པ་གཟུགས་ལ་སོགས་པ་དང་ལྡན་པར་རྟོགས་པའི་སེམས་མི་སྐྱེ་བའི་རང་གི་ངོ་བོའི་རྣམ་པར་འཕེལ་བའི་དོན་ནི་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པའི་དངོས་པོ་ལ་མངོན་པར་ཞེན་པས་གོ་རིམས་བཞིན་དུ་ཡང་དག་པར་གཟུང་པ་དང་ཡོངས་སུ་གཟུང་བ་དང་མཆོག་ཏུ་གཟུང་བར་འགྱུར་རོ་ཞེས་སྨོས་པ་ཡིན་ནོ། །ཕྱིན་ཅི་ལོག་དང་བྲལ་བ་ཉིད་ཀྱིས་ན་རྟོགས་པའི་ཕྱིར་རྗེས་སུ་སོང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཅུ་བཞི་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྡུས་པ་ཤེས་པའི་མཚན་ཉིད་ཀྱི་རྣམ་པར་འཕེལ་བའི་དོན་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཇིག་ཚོགས་ལ་ལྟ་བའི་ནང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ལྟ་བ་དྲུག་ཅུ་རྩ་གཉིས་ནི་ཚངས་པའི་དྲ་བས་ཞུས་པ་ལ་སོགས་པར་བལྟ་བར་བྱ་སྟེ། འདིར་གཞུང་མངས་ཀྱི་དོགས་ནས་མ་བྲིས་སོ། །ཇི་སྐད་དུ་བཤད་པའི་རྣམ་པར་འཕེལ་བ་ཉིད་གསལ་བར་བྱེད་པ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུའི་སྲོག་གི་དབང་པོའི་ནང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །


DTG085_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔ་པ་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པའི་རང་བཞིན་གྱི་རྣམ་པར་འཕེལ་བའི་དོན་ནི་རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་བསོད་ནམས་ཀྱི་མཆོག་ཉིད་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །དོན་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དྲི་བར་མཛད་པ་ནི་རབ་འབྱོར་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་མཐོང་བ་ལ་སོགས་པའི་ལམ་བཞི་རྟོགས་པ་ཡིན་པས་ན་བླ་ན་མེད་པར་འགྱུར་བར་འདོད་པ་ལ་སོགས་པའི་ཚིག་བཞི་སྨོས་པ་ཡིན་ནོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་ཐོབ་པར་བྱེད་པ་ཡིན་པས་ན་སངས་རྒྱས་ཀྱི་རྣམ་རོལ་པས་ཞེས་བྱ་བ་ལ་སོགས་ཚིག་གསུམ་སྨོས་པ་ཡིན་ནོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་ན་ཉན་ཐོས་སུ་ཡང་འགྱུར་རོ་ཞེས་དོགས་པ་ལ་བཅོམ་ལྡན་འདས་ཅི་ཉན་ཐོས་ཀྱི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །གཞན་གྱི་དོན་ཉིད་དུ་སློབ་པས་ཉན་ཐོས་མ་ཡིན་ནོ་ཞེས་གསུངས་པ་ནི་རབ་འབྱོར་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་ཞེས་བྱ་བ་ལ་སོགས་པའོ། །བཅུ་དྲུག་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པའི་རང་གི་རྣམ་པར་འཕེལ་བའི་དོན་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་ཡང་མངོན་པར་ཞེན་པ་འཆིང་བ་ཡིན་པ་ནི་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་འདི་ཇི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མི་སྤྱོད་དེ་ཞེས་བྱ་བ་ནི་དངོས་པོ་ལ་ཉེ་བར་དམིགས་པ་ནི་ཕྱིན་ཅི་ལོག་ཡིན་ཞེས་བྱ་བར་དགོངས་སོ། །མངོན་པར་ཞེན་པ་མེད་པ་ཉིད་དེ་ཁོ་ན་ཉིད་ཡིན་པ་ནི་དེ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་ཇི་སྐད་དུ་བཤད་པ་ཉིད་ནི་རྣམ་པར་འཕེལ་བ་ཡིན་པར་གཟུང་ངོ༌། །དེ་སྐད་དུ་ཡང༌། འཛམ་བུ་གླིང་སོགས་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་


DTG085_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་རྒྱན་གྱི་སྣང་བ་ལས་བསླབ་པའི་ལའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ལྟར་རྣམ་པར་འཕེལ་བས་རྣམ་པར་སྤེལ་བའི་རྩེ་མོའི་མངོན་པར་རྟོགས་པ་བདག་ཉིད་དུ་གྱུར་པར་སོན་པ་མཐར་ཕྱིན་པའི་མཚན་ཉིད་ངེས་པར་བསྟན་པའི་དོན་དུ་བསྔགས་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་ཉིད་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་དག་ནི་འདོད་པར་བྱའོ་ཞེས་བྱ་བ་འདིས་ནི་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་རྙེད་པར་དཀའ་བ་ཉིད་དུ་སྟོན་ཏོ། །དད་པ་ཕུལ་དུ་བྱུང་བ་ཡང་དག་པར་སྐྱེས་པ་ཉིད་ཀྱིས་འདོད་པ་ལ་སྨོད་པར་བྱེད་པས་དེ་ངེས་པར་སྟོན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཁྱེར་བར་གྱུར་པ་ཞེས་བྱ་བ་ནི་དེད་པར་གྱུར་པའོ། །མི་མཉམ་པའི་ཉེས་པ་ཐམས་ཅད་མེད་པའི་ཕྱིར་ཕ་རོལ་གྱི་འགྲམ་མཉམ་པ་ནི་མྱ་ངན་ལས་འདས་པ་སྟེ་སངས་རྒྱས་ཉིད་ཅེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་རང་དང་གཞན་དང་གཉི་གའི་དོན་གྱི་ཕུན་སུམ་ཚོགས་པ་རྫོགས་པར་བྱེད་པ་ཉིད་ཀྱིས་ན་གོ་རིམས་བཞིན་དུ་དེ་དག་གི་འཚལ་བ་དང་ཡོངས་སུ་བསམས་པ་དང་ཡོངས་སུ་བཟུང་བའི་ཞེས་བྱའོ་ཞེས་འདོད་དོ། །གཞན་དག་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་རྫོགས་པར་བྱེད་པ་ཉིད་ཀྱིས་ན་དེ་སྐད་ཅེས་བྱའོ་ཞེས་འཆད་དོ། །སངས་རྒྱས་ཀྱི་ཆོས་དེ་དག་ཅེས་བྱ་བ་ནི་བསྟན་པའི་ཚིག་གོ །ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཆོས་དེ་དག་དང་རང་བྱུང་གི་ཆོས་དེ་དག་དང་ཞེས་བྱ་བ་ནི་མི་འཕྲོགས་པའི་ཆོས་དེ་དག་དང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་བས་བཤད་པ་ཡིན་ནོ། །དེས་ན་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་བླ་ན་མེད་པ་ཡོངས་སུ་རྫོགས་པར་བརྗོད་པ་ཡིན་ནོ། །དེ་ཡང་སེམས་ཅན་གྱི་དོན་ཡོངས་སུ་བཏང་བའི་ངེས་པ་ཡིན་ཞེས་གསོལ་པ་ནི་བཅོམ་ལྡན་འདས་པ་དག་ནི་ཞེས་བྱ་བ་ལ་སོགས་པའོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ནི་དེ་ལྟ་བུ་རྟོགས་པའི་གནས་སྐབས་ན་ཡང་མྱ་ངན་ལས་འདས་པར་ལྟུང་བ་སྤང་བའི་དོན་དུ་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ཕྱིར་སེམས་ཅན་གྱི་དོན་ལ་འཇུག་པ་ལ་སོགས་པའི་སེམས་བསྐྱེད་པས་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་བསུ་ནས་གསོལ་


DTG085_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གང་དག་སེམས་བསྐྱེད་པ་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པའོ། །མཐོང་བ་དང་བསྒོམ་པ་དང་ཁྱད་པར་དང་མི་སློབ་པའི་ལམ་རྟོགས་པའི་དབྱེ་བས་གོ་རིམས་བཞིན་དུ་བདག་བརྒལ་བས་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་སྨོས་པ་ཡིན་ནོ། །འདི་སྐད་ཅེས་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་དེ་ལྟར་ན་རྣམ་པར་མི་རྟོག་པའི་གནས་སྐབས་སུ་སྙིང་རྗེ་ཆེན་པོ་ལ་སོགས་པ་མངོན་དུ་བྱེད་པའི་ངོ་བོས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཇི་སྐད་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་སེམས་བསྐྱེད་པ་ལ་སོགས་པ་གོང་དུ་སྨོས་པ་རྣམས་ཡོངས་སུ་རྫོགས་པ་བླ་ན་མེད་པ་ནི་ངེས་པ་ཞེས་བྱ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བསྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་བསྟན་པས་ངེས་པར་གྱུར་པའི་དངོས་པོའི་མཚན་ཉིད་ནི་སེམས་ཀུན་ཏུ་གནས་པ་ཡིན་པས་དེ་བསྟན་པའི་ཕྱིར་ཞུས་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ཏེ། གང་རྗེས་སུ་ཡི་རང་བར་བགྱིད་པ་དེ་དག་བསོད་ནམས་ཇི་ཙམ་ཞིག་སྒྱེ་བར་འགྱུར་ཞེས་བྱ་བར་འབྲེལ་ཏོ། །ཐེག་པ་ལ་དང་པོར་ཞུགས་པ་དང༌། དཔྱོད་པ་ལ་ཞུགས་པ་དང༌། ཕྱིར་མི་ལྡོག་པ་དང་སྐྱེ་བ་གཅིག་གིས་ཐོགས་བ་ཞེས་བྱ་བ་འདིས་ནི་ཁ་ཅིག་ན་རེ་ཅི་རིགས་པར་སྔར་བཤད་པའི་མཐོང་བ་དང་བསྒོམ་པའི་ལམ་དག་གིས་རྣམ་པར་རྟོག་པ་བཞིའི་གཉེན་པོ་རྟོགས་པ་རྣམ་པ་བཞི་བསྟན་པས་རྣམ་པ་བཞིར་བཤད་པ་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་རྟགས་དང༌། རྣམ་པར་འཕེལ་བ་དང༌། བརྟན་པ་དང༌། སེམས་ཀུན་ཏུ་གནས་པའི་རང་གི་ངོ་བོ་རྟོགས་པའི་དབྱེ་བས་བ་ཤད་པ་ཡིན་ནོ་ཞེས་འདོད་དོ། །དེ་ལ་ཐེག་པ་དང་པོ་ལ་ཞུགས་བ་ནི་མོས་པས་སྤྱོད་པའི་སའོ། །སྤྱོད་པ་ལ་ཞུགས་པ་ནི་རབ་ཏུ་དགའ་བ་ལ་སོགས་པས་བདུན་པ་ལ་གནས་པའོ། །ཕྱིར་མི་ལྡོག་པ་ནི་མི་གཡོ་བ་ལ་སོགས་པ་ས་གསུམ་ལ་གནས་པའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་ས་བཅུ་པའོ་ཞེས་གཞན་དག་འཆད་དོ། །སེམས་ཀུན་ཏུ་གནས་པ་སྟོན་པས་ནུས་པའི་ལན་གྱི་དོན་གསུངས་


DTG085_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཀཽ་ཤི་ཀ་ཡང་རི་རབ་རིའི་རྒྱལ་པོ་ཡང་ཞེས་བྱ་བ་ལ་སོགས་པའོ། །སྲང་གྲངས་སུ་ཞེས་བྱ་བ་ནི་སྲང་ག་ཚད་ཀྱིས་སོ། །འདི་སྐད་དུ་ཚད་དང་ལྡན་པའི་དངོས་པོ་ནི་རྣལ་འབྱོར་བ་རྣམས་ཀྱིས་སྲད་ཚད་འདི་ཙམ་ཞིག་གོ་ཞེས་ཚ་དེ་གཞལ་བར་ནུས་སོ་ཞེས་བྱ་བའི་ཚུལ་གྱིས་གླིང་བཞི་པ་ལ་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ནི་གཟུང་དུ་རུང་གི་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཚད་ནི་དེ་ལྟ་མ་ཡིན་ནོ་ཞེས་དོན་གྱི་ཐབས་ཀྱིས་བསོད་ནམས་ཚད་ལས་འདས་པའི་རང་བཞིན་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད་ནི་སེམས་ཀུན་ཏུ་གནས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། གླིང་བཞི་པ་དང་སྟོང་དག་དང༌། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །རྟགས་ལ་སོགས་པ་དེ་དག་ནི་གོ་རིམས་བཞིན་དུ་རྩེ་མོའི་མངོན་པར་རྟོགས་པ་ལ་དྲོ་བ་ལ་སོགས་པ་དེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཉིད་ཡིན་པར་ཁོང་དུ་ཆུང་པར་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་འོག་ཏུ་མཐོང་བའི་ལམ་ཡིན་ཏེ་དེས་དེ་ན་མི་མཐུན་པའི་ཕྱོགས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞིན་པོ་གཉེན་པོ་དང་བཅས་པ་བརྗོད་པར་བྱ་བ་ཡིན་པས་རེ་ཞིག་ཐོག་མར་འཇུག་པའི་ཕྱོགས་མ་ལུས་པ་ལ་བརྟེན་པ་གཟུང་བའི་རྣམ་པར་རྟོག་པ་དང་པོ་སྟོན་པ་ནི་བཅོམ་ལྡན་འདས་སེམས་ཅན་གང་དག་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བདུད་ཀྱིས་བྱིན་གྱིས་བརླབས་པ་བདུད་ཀྱི་ཕྱོགས་སུ་གྱུར་པ་བདུད་ཀྱི་གནས་ནས་ཤི་འཕོས་པ་ཞེས་བྱ་བ་ནི་སྨོད་པར་བརྗོད་པ་ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཚིག་གསུམ་སྨོས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་བསུ་ནས་གསོལ་པ་ནི་བཅོམ་ལྡན་འདས་གང་གིས་སེམས་བསྐྱེད་པ་འདི་དག་མངོན་པར་བསྒྲུབ་པ་དང་ཞེས་བྱ་བ་ལ་སོགས་པའོ། །ལྡོག་པའི་སྒོ་ནས་བསྟན་ནས་རྗེས་སུ་འགྲོ་བའི་སྒོ་ནས་རྣམ་པར་རྟོག་པ་དེ་ཉིད་སྟོན་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། སྒྱུ་མ་ལྟ་བུར་བསྒོམས་པས་གཉིས་དང་གཉིས་སུ་མེད་པའི་འདུ་ཤེས་དང་བྲལ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟ་བུའི་སེམས་བསྐྱེད་པ་དང་རྗེས་སུ་ཡི་རང་བ་ལ་སོགས་པ་ལ་


DTG085_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ལེགས་པར་སྨྲས་པ་ཉིད་ཀྱིས་ན་རྗེས་སུ་གསུང་བར་མཛད་པ་ནི་ཀཽ་ཤི་ཀ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལྡོག་པའི་ཕྱོགས་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་སྟོན་པ་ནི་ཀཽ་ཤི་ཀ་རིགས་ཀྱི་བུ་བུའམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མི་མཉེས་པར་བྱེད་པར་མི་འགྱུར་ཞེས་བྱ་བ་ནི་སྤང་བར་བྱ་བའི་དངོས་པོ་གཟུང་བའི་རྣམ་པར་རྟོག་པ་ལས་ལྡོག་པའི་སྟོབས་ཀྱིས་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་ཕྱིན་ཅི་མ་ལོག་པ་ཡིན་པ་ཉིད་ཀྱིས་ན་བསྔགས་པར་བྱེད་པ་ནི་བཅོམ་ལྡན་འདས་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །འདི་སྐད་དུ་འཇུག་པ་དང་ལྡོག་པ་མི་དམིགས་པ་དང་མི་དམིགས་པའི་ངོ་བོ་ཉིད་ཀྱི་ཕྱོགས་དག་ལ་གོ་རིམས་བཞིན་དུ་ལེན་པ་དང་འདོར་བའི་རྣམ་པས་གཟུང་བར་བྱ་བ་ཡིན་ནོ་སྙམ་པ་ནི་འཇུག་པ་དང་ལྡོག་པའི་ཕྱོགས་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་དག་ནི་དངོས་པོ་དང་མ་འབྲེལ་པར་འཇུག་པ་ཉིད་ཀྱིས་ན་ལོག་པར་སྣང་བ་ཉིད་ཡིན་པའི་ཕྱིར་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་རང་བཞིན་ཅན་འཆད་པར་འགྱུར་བའི་ཡུལ་གྱི་དབྱེ་བས་སོ་སོར་རྣམ་པ་དགུར་གྱུར་པ་རྣམ་པ་ནི་གེགས་སུ་གྱུར་པ་ཡིན་པའི་ཕྱིར་ཉོན་མོངས་པ་དང་འདྲ་བར་དེ་དག་ནི་མི་མཐུན་པའི་ཕྱོགས་ཡིན་པར་ཤེས་པར་བྱའོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་གཟུང་བའི་རྣམ་པར་རྟོག་པ་གཉིས་བསྟན་ནས་འཛིན་པའི་རྣམ་པར་རྟོག་པ་གཉིས་བཤད་པར་བྱ་བ་ཡིན་པས་སོ་སོའི་སྐྱེ་བོའི་སྐྱེས་བུ་རྫས་སུ་ཡོད་པའི་རྟེན་ཅན་གྱི་འཛིན་པའི་རྣམ་པར་རྟོག་པ་དང་པོ་བསྟན་པ་ནི་དེ་ལྟར་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་གསོལ་པ་ནི་འདི་ལྟར་རིགས་ཀྱི་བུ་འམ་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་བདག་རྫས་སུ་ཡོད་པ་ཁོ་ན་ལ་འཛིན་པར་བྱེད་པ་ཡིན་ནོ་སྙམ་པའི་རྣམ་པར་རྟོག་པས་མངོན་པར་ཞེན་ནས་དགེ་པ་ལ་རྗེས་སུ་ཡི་རང་བར་བྱེད་པ་དེའི་ཕྱིར་


DTG085_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་བཀུར་སྟིར་བྱས་པར་འགྱུར་བ་ལ་སོགས་པ་བརྗོད་ཀྱི་གཞན་སངས་རྒྱ་ཉིད་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་བདག་མེད་པའོ་ཞེས་ཤེས་པ་མ་ཡིན་ནམ་འཛིན་པའི་རྣམ་པར་རྟོག་པར་གཞག་པ་དང་པོ་ནི་མ་ཁྱབ་པ་ཡིན་ནོ་ཞེ་ན། དེ་རྣམས་ཀྱི་དེ་ནི་ལྷག་པར་མོས་པ་ཡིད་ལ་བྱེད་པ་ཡིན་ལ་འདིར་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཡིན་པར་བཞེད་པས་མི་མཚུངས་སོ། །འཕགས་པའི་གང་ཟག་གིས་བཏགས་པ་ཙམ་དུ་ཡོད་པའི་རྟེན་ཅན་གྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་བསྟན་པ་ནི་བཅོམ་ལྡན་འདས་གང་གིས་འདུན་པ་བསྐྱེད་དེ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱིད་པར་འགྱུར་རོ་ཞེས་བྱ་བ་ནི་བདག་བཏགས་པར་ཡོད་པ་ཉིད་འཛིན་པ་པོ་ཡིན་ནོ་ཞེས་བྱ་བའི་རྣམ་པར་རྟོག་པའི་མངོན་པར་ཞེན་པས་འཕགས་པ་རྣམས་རྗེས་སུ་ཡི་རང་བར་བྱེད་པའི་སེམས་བསྐྱེད་པ་རྣམ་པར་འཕེལ་བར་བྱེད་པ་ནི་གཙོ་བླ་ན་མེད་པའི་བྱང་ཆུབ་ཡང་དག་པར་བསྐྱེད་པར་བྱེད་པ་ཡིན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཉིད་དང་མི་འགལ་བ་ཉིད་ཡིན་པའི་ཕྱིར་རྗེས་སུ་བརྗོད་པ་གསུངས་པ་ནི་ཀཽ་ཤི་ཀ་དེ་བཞིན་གཤེགས་པའི་མཐུས་ཞེས་བྱ་བ་ལ་སོགས་པའོ། །ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རྗེས་སུ་ཡི་རང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་སྨོས་པ་ཡིན་ནོ། །འཕགས་པ་ལ་ཡང་འདི་ལྟ་བུ་དག་མངའ་སྟེ་དགེ་སློང་དག་ངས་མཚན་མོ་འདས་ན་ནང་པར་གྱི་དུས་སུ་སྲོག་ཆགས་ཅེ་སྤྱང་གི་སྐད་འབྱིན་པའི་སྒྲ་ཐོས་སོ་ཞེས་བྱ་བ་དང༌། དེ་བཞིན་དུ་ད་དེའི་ཚེ་དེའི་དུས་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་ཡན་ལག་མ་སྨད་པ་ཞེས་བྱ་བར་གྱུར་ཏོ་ཞེས་གདུངས་པ་ཡིན་ནམ་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་འདི་ནི་མ་ཁྱབ་པ་ཡིན་ནོ་ཞེ་ན། འཕགས་པ་རྣམས་དེ་སྐད་གསུངས་པ་ནི་ཐ་སྙད་པ་ཡིན་གྱི་དོན་དམ་པ་མ་ཡིན་པས་ཡང་དག་པ་མ་ཡིན་ནོ། །འདི་སྐད་དུ་སོ་སོའི་སྐྱེ་བོ་དང་འཕགས་པའི་གང་ཟག་དག་ལ་གོ་རིམས་བཞིན་དུ་སྐྱེས་བུ་རྫས་དང་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་ཡོད་པས་འཛིན་པའི་རྣམ་པར་རྟོག་པ་གཉིས་པོ་འདི་དག་གང་གི་ཚེ་དེ་དག་གི་ཡུལ་གྱི་དངོས་པོར་གྱུར་པ་གཟུང་བའི་དོན་དག་གཟུང་བའི་ངོ་བོར་དེ་


DTG085_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཡོད་པ་མ་ཡིན་པ་དེའི་ཚེ་གང་གི་ཡང་འཛིན་པ་མ་ཡིན་ཏེ། དེའི་ཕྱིར་དེ་དག་འཛིན་པའི་ངོ་བོས་དབེན་པའི་རང་བཞིན་ཡིན་པས་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པའི་རང་གི་ངོ་བོ་ཅན་འཆད་པར་འགྱུར་བའི་ཡུལ་གྱི་དབྱེ་བས་རྣམ་པ་དགུར་འགྱུར་བ་ནི་གེགས་སུ་གྱུར་པའི་ཕྱིར་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །སོ་སོར་དེ་དག་དགུ་བདག་ཉིད། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡིན། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཡུལ་གྱི་དབྱེ་བས་གཟུང་བའི་རྣམ་པར་རྟོག་པ་དང་པོ་ཇི་ལྟར་ན་རྣམ་པ་དགུ་ཡིན་ཞེ་ན། འཇུག་པའི་རྣམ་པར་རྟོག་པའི་དོན་སྟོན་པས་བཅོམ་ལྡན་འདས་སེམས་སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཇི་ལྟར་ཞེས་པ་ནི་རྣམ་པ་གང་གིས་སོ། །དེ་ཁོ་ན་ཉིད་དུ་ནི་རྣམ་པ་འགའ་ཞིག་ལྟར་མངོན་པར་རྫོགས་པར་འཚག་ན་རྒྱ་བར་འགྱུར་བ་ནི་སེམས་སྒྱུ་མ་ལྟ་བུ་མ་ཡིན་ལ་སྒྱུ་མ་ཉིད་མ་ཡིན་ཞིང་དེ་ལས་གཞན་བའི་ཆོས་ཀྱང་མ་ཡིན་ནོ་ཞེས་སླར་དྲིས་པའི་སྒོ་ནས་སྟོན་པས་རབ་འབྱོར་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་ཞེས་བྱ་བ་ནི་ཆོས་གང་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ནི་མ་སྐྱེས་པ་ཡིན་པའི་ཕྱིར་ཡོད་པ་ཉིད་དུ་ཤེས་པར་མི་འགྱུར་ལ། ཡུལ་མེད་པ་ལ་དགག་པ་ཡི། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །རྣམ་པར་རྟོག་ལ་བརྟེན་ན་ཡང༌། །ཀུན་རྫོབ་པར་འགྱུར་ཡང་དག་མིན། །ཞེས་བྱ་བའི་རིགས་པས་མེད་པ་ཉིད་དུ་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ །སྔ་མ་བཞིན་དུ་དེ་ཅིའི་སླང་དུ་ཞེ་ན་ཞེས་དོགས་པ་བསུ་ནས་བཅོམ་ལྡན་འདས་ཆོས་མ་མཆིས་པ་ནི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཆོས་ཐམས་ཅད་དབེན་པ་ཉིད་ཀྱིས་ན་རྒྱུ་དང་འབྲས་བུའི་དངོས་པོར་མེད་པ་ནི་ཆོས་གང་ཤིན་ཏུ་དབེན་པའི་ཆོས་དེ་ནི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཐོབ་པར་བགྱིད་པ་འམ་སྤོང་བར་བགྱིད་པ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་འམ་འཇིག་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །


DTG085_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འདི་ཉིད་རྒྱ་ཆེར་སྟོན་པ་ནི་བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །དེ་ཁོ་ན་ཉིད་དུ་རྟོགས་པར་བྱ་བ་དང་རྟོགས་པ་པོ་མེད་པ་ཉིད་དོ་ཞེས་ཉེ་བར་སྡུད་པས་གསོལ་པ་ནི་བཅོམ་ལྡན་འདས་གང་གི་ཚེ་ཞེས་བྱ་བ་ལ་སོགས་པའོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ན་རྗེས་སུ་སྣང་བར་མཛད་པ་ནི་རབ་འབྱོར་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འོན་ཀྱང་ཀུན་རྫོབ་ཏུ་རྒྱུ་ཤིན་ཏུ་རྣམ་པར་དག་པ་ལས་འབྲས་བུ་རྣམ་པར་དག་པར་འགྱུར་རོ་ཞེས་གསུངས་པ་ཡིན་རབ་འབྱོར་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ་རྒྱུ་དང་འབྲས་བུ་དག་སྒྱུ་མ་ལྟ་བུ་ཉིད་ཀྱིས་ཕྱིན་ཅི་མ་ལོག་པའི་ཕྱིར་རོ་ཞེས་དགོངས་པའོ། །དབེན་པ་ཞེས་བྱ་བར་ཡང་མངོན་པར་ཞེན་པར་བྱ་བ་མ་ཡིན་ནོ་ཞེས་གསུངས་པ་ནི་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་བས་སྟོང་ཉིད་ལྟ་ཀུན་ཡང༌། །ངེས་པར་འབྱིན་པ་ཡིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་བྱ་བའི་ཚུལ་གྱིས་དབེན་པ་ལ་མངོན་པར་ཞེན་པ་ཡང་ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དེ་ལ་ཡིན་ན་ནི་དེ་རྟོགས་ནས་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་ཞེ་ན། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་མ་བརྟགས་ན་གཅིག་པུ་ཉམས་དགའ་བ་ཉིད་ཀྱིས་ཀུན་རྫོབ་ཀྱི་རང་བཞིན་དུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་དོན་དམ་པའི་དབང་དུ་མཛད་ནས་གསུངས་པ་ནི་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པའོ། །ཀུན་རྫོབ་ཏུ་ཉེ་བར་བསྡུ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཀའ་སྩལ་བའི་དོན་ཞེས་བྱ་བ་ནི་མངོན་པར་རྫོགས་པར་འཚང་མི་རྒྱ་མོད་ཀྱི་མངོན་པར་རྫོགས་པར་འཚང་རྒྱ་སྟེ་ཞེས་བྱ་བ་འདིའོ། །དེ་བཞིན་དུ་རྗེས་སུ་གསུང་བར་མཛད་པ་ནི་རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དཀའ་བ་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ན་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱིས་ན་དོན་དམ་པའི་བདེན་པའི་དབང་


DTG085_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་པ་ནི་བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། བཀའ་སྩལ་པའི་ཞེས་བྱ་བ་ནི་དཀའ་བ་བྱེད་པ་འདི་ཡིན་ཞེས་བྱ་བ་འདིའོ། །དེ་བཞིན་དུ་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་བསུ་ནས་བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །བྱེད་པ་པོ་དང་ལས་དང་བྱ་བ་མི་དམིགས་པར་བསྟན་པ་ལ་མི་ཞུམ་པ་ལ་སོགས་པས་རང་བཞིན་གྱིས་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་ཡང་དག་པར་ཞུགས་པ་ཉིད་ཀྱིས་ན་རྒྱལ་བའི་ཡུམ་ལ་སྤྱོད་པ་ཡིན་པར་གསོལ་པ་ནི་བཅོམ་ལྡན་འདས་གལ་ཏེ་འདི་སྐད་བཤད་པ་ལ་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་རྟོག་པ་གཉིས་པའི་དོན་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་ཞེས་བྱ་བ་འདིས་ནི་རིགས་ཀྱི་རྣམ་པར་རྟོག་པ་བསལ་བར་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་གསུམ་པའི་དོན་ནི་བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྒྱུ་མའི་སྐྱེས་བུ་ནི་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །འདི་སྙམ་དུ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་ཏེ་ཞེས་བྱ་བ་འདིས་ནི་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པ་སེལ་བར་བྱེད་པ་ཡིན་ནོ། །རྣམ་པར་རྟོག་པ་བཞི་བའི་དོན་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་གཟུགས་བརྙན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཟུགས་བརྙན་གྱི་དཔེས་ནི་དམིགས་པའི་རྣམ་པར་རྟོག་པ་བསལ་བར་སྟོན་ཏོ། །རྣམ་པར་རྟོག་པ་ལྔ་བའི་དོན་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་ནི་སུ་ལ་ཡང་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །དེ་བཞིན་གཤེགས་པས་རྟོགས་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་སོ་ཞེས་བྱ་བ་འདིས་ནི་དེ་བཞིན་གཤེགས་པ་ལ་སྡུག་པ་དང་མི་སྡུག་མི་མངའ་བའི་དཔེས་བྱང་ཆུབ་སེམས་དཔའ་ཡང་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་བསལ་བར་སྟོན་ཏོ། །རྣམ་པར་རྟོག་པ་དྲུག་པའི་དོན་ནི་བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། རྟོགས་པ་དང་རྣམ་པར་རྟོག་པ་རྟོག་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་ནི་རང་གི་རྟོགས་པའི་རྣམ་པར་རྟོག་པ་མི་དམིགས་པར་སྟོན་ཏོ། །རྣམ་པར་རྟོག་པ་བདུན་པའི་དོན་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་


DTG085_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྤྲུལ་པའི་དཔེས་ནི་སྤྲུལ་པ་དང་འབྲེལ་པའི་བྱེད་པ་པོའི་རྣམ་པར་རྟོག་པ་མེད་པར་སྟོན་ཏོ། །རྣམ་པར་རྟོག་པ་བརྒྱད་པའི་དོན་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་སྤྲུལ་པ་དེ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། དཔེ་འདིས་ཀྱང་བྱེད་པའི་རྣམ་པ་ལ་རྟོག་པ་ལས་དབེན་པ་ཉིད་དུ་སྟོན་ཏོ། །རྣམ་པར་རྟོག་པ་དགུ་པའི་དོན་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཤིང་མཁན་མཁས་པ་འམ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཤིང་གི་ཚོགས་དེ་ནི་རྣམ་པར་རྟོག་པ་མ་མཆིས་སོ་ཞེས་བྱ་བ་འབྲས་བུ་དང་བཅས་པའི་རྣམ་པར་རྟོག་པ་བསལ་བ་ཡིན་ནོ། །འདི་སྐད་དུ་དབེན་པས་དབེན་པ་མ་རྟོགས་པའི་ཚུལ་དུ། ས་མི་གཡོ་བ་ལ་སོགས་པ་ལ་འཇུག་པས་སངས་རྒྱས་ཀྱི་རིགས་སུ་ངེས་པ་དང༌། སྒྱུ་མ་ལྟ་བུར་རྟོགས་པས་མཐོང་བ་ལ་སོགས་པའི་ལམ་ཡང་དག་པར་འགྲུབ་པ་དང༌། སྣང་བརྙན་ཙམ་དུ་ཟད་པས་ཤེས་པའི་དམིགས་པ་མ་འཁྲུལ་པ་དང༌། ཡོན་ཏན་དང་སྐྱོན་མཐོང་བ་སྔོན་དུ་འགྲོ་པའི་བླང་བར་བྱ་བ་དང་དོར་བར་བྱ་བ་ཉིད་ཀྱིས་གཉེན་པོ་དང་མི་མཐུན་པའི་ཕྱོགས་དང༌། ཐམས་ཅད་དུ་འགྲོ་བ་ལ་སོགས་པ་ཉིད་ཀྱིས་རང་གི་རྟོགས་པ་དང༌། དམན་ཞིང་གྱ་ནོམ་པ་མ་ཡིན་པ་ཉིད་ཀྱིས་ཉན་ཐོས་ལ་སོགས་པའི་ས་ཐག་སྲིང་བར་བྱེད་པ་ཉིད་དང༌། བསམ་པ་ཇི་ལྟ་བ་དད་མཐུན་པས་སྤྲུལ་པས་སེམས་ཅན་གྱི་དོན་བྱ་བ་དང༌། ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སྐྱེ་བོ་ཐམས་ཅད་མྱ་ངན་ལས་འདས་པ་ལ་དགོད་པའི་འབྲས་བུ་ལ་སྐྱོན་མེད་པ་ཉིད་ཀྱིས་ནི་རྣམ་པ་ཐམས་ཅད་དུ་གཟུང་བར་བྱ་བ་ཉིད་དུ་འཇུག་པར་བྱའོ་ཞེས་བྱ་བ་དེ་ལྟ་བུ་གཟུང་པའི་རྣམ་པར་རྟོག་པ་དང་པོ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་རྣམ་པ་དགུ་ནི་རྩེ་མོ་མངོན་པར་རྟོགས་པ་མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་པས་དེའི་གཉེན་པོའི་གནས་སྐབས་བསྟན་པས་ལྡོག་པའི་སྒོ་ནས་བསྟན་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། ངོ་བོ་ཉིད་དང་རིགས་པ་དང༌། །ལམ་ནི་ཡང་དག་འགྲུབ་པ་དང༌། །ཤེས་པའི་དམིགས་པ་མ་འཁྲུལ་དང༌། །མི་མཐུན་


DTG085_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དང་གཉེན་པོ་དང༌། །རང་གིས་རྟོགས་དང་བྱེད་པ་དང༌། །དེ་ལས་བྱ་བའི་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་སྒྱུ་མ་ལྟ་བུའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ལྡོག་པའི་རྟེན་ཅན་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ཇི་ལྟར་ན་རྣམ་པ་དགུ་ཡིན་ཞེ་ན། དེ་ལ་རྣམ་པར་རྟོག་པ་དང་པོའི་དོན་བརྗོད་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཀྱེ་མ་ཞེས་བྱ་བ་ལ་སོགས་པ་པའོ། །ཤེས་རབ་དང་ནི་ཐབས་དག་ནི། འཁོར་བ་དང་མྱ་ངན་ལས་འདས་པར་མི་ལྟུང་བར་བྱེད་པ་ཉིད་ཀྱིས་ན། རྟོག་པ་མཐའ་དག་གི་བདག་པོ་ཡིན་པའི་ཕྱིར། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་སྙིང་པོ་གཙོ་བོ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བ་སྟེ་འདིས་ནི་རྟོགས་པ་དམན་པ་ཉིད་ཀྱིས་རྣམ་པར་རྟོག་པ་བཀག་པ་ཡིན་ནོ། །འོན་ཀྱང་དེ་ལ་ཡང་སྙིང་པོ་ཉིད་དུ་མངོན་པར་ཞེན་པར་མི་བྱའོ་ཞེས་བྱ་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཀྱེ་མ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། སྙིང་པོ་ནི་སྟོང་པ་དེ་ཉིད་དུ་འཛིན་པ་མེད་པས་ན་སྙིང་པོ་མ་ཡིན་པའོ། །རྣམ་པར་རྟོག་པ་གཉིས་པའི་དོན་བརྗོད་པ་ནི། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཞེས་བྱ་བ་ལ་སོགས་པའོ། །གང་དགེ་བའི་བཤེས་གཉེན་ལ་སོགས་པ་ཡོངས་སུ་འཛིན་པ་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་ཕྱག་བྱ་བ་ཡིན་ནོ་ཞེས་བྱ་བ་སྟེ་འདིས་ནི་ཡོངས་སུ་འཛིན་པ་མེད་པའི་རྣམ་པར་རྟོག་པ་བསལ་བ་ཡིན་ནོ། །རྣམ་པར་རྟོག་པ་གསུམ་པའི་དོན་བརྗོད་པ་ནི་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཉིད་དེ་མངོན་སུམ་དུ་མི་བྱེད་པ་ཞེས་བྱ་བ་འདིས་ནི་བསྒྲུབ་པའི་ཁྱད་པར་ཤེས་པས་བསྒྲུབ་པ་མ་ཚང་བའི་རྣམ་པར་རྟོག་པ་མེད་པར་བསྟན་ཏོ། །རྣམ་པར་རྟོག་པ་བཞི་པའི་དོན་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མངོན་སུམ་དུ་མི་བྱེད་པས་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་གང་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པ་འདི་ནི་དཀའ་བ་བྱེད་པ་མ་ཡིན་ཏེ། རང་དབང་ཐོབ་པའི་ཕྱིར་རོ་


DTG085_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་དགོངས་སོ། །དེ་བས་ན་གཞན་གྱི་རྐྱེན་གྱིས་འགྲོ་བ་ཉིད་ཀྱི་རྣམ་པར་རྟོག་པ་བསལ་བ་ཡིན་ནོ། །རྣམ་པར་རྟོག་པ་ལྔ་པའི་དོན་ནི། ལྷའི་བུ་རྣམས་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །སེམས་ཅན་རྣམས་གདུལ་བར་བྱའོ་སྙམ་དུ་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཉིད་ཡིན་དུ་ཟིན་ཀྱང༌། སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་ཕྱིར་མི་ལྡོག་པར་འགྲོ་བའི་སྦྱོར་བ་དང༌། ཐེག་པ་གཞན་གྱིས་འགྲོ་བ་མེད་པས། བླ་ན་མེད་པའི་བྱང་ཆུབ་རྟོགས་པ་ལ་འཇུག་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པའི་ཆེད་དུ་བྱ་བ་ལས་ཉམས་པས་ན་ཆེད་དུ་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་བསལ་བ་སྟོན་པ་ཡིན་ནོ། །རྣམ་པར་རྟོག་པ་དྲུག་པའི་དོན་བརྗོད་པ་ནི། ལྷའི་བུ་གང་དག་སེམས་ཅན་གདུལ་བར་བྱའོ་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་སྨྲས་པ་ནི་ལྷའི་བུ་དག་ནམ་མཁའ་དབེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་རྣམས་ཀྱི་ཕྱིར་གོ་ཆ་བགོ་བར་བྱའོ་ཞེས་བྱ་བ་ནི། ནམ་མཁའ་དང་འདྲ་བའི་སེམས་ཅན་གྱི་ཁམས་མ་ལུས་པ་གདུལ་བར་བྱ་བའི་དོན་དུ་གོ་ཆ་བགོས་པས་ཉི་ཚེ་བ་མ་ཡིན་པའི་ལམ་གྱི་བྱ་བ་སྟོན་པའི་ཕྱིར་ཉི་ཚེ་བའི་བྱ་བའི་རྣམ་པར་རྟོག་པ་དང་བྲལ་བར་དོན་གྱིས་སྟོན་པ་ཡིན་ནོ། །རྣམ་པར་རྟོག་པ་བདུན་པའི་དོན་ནི་ནམ་མཁའ་དང་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། སེམས་ཅན་རྣམས་ནམ་མཁའ་དང་འདྲ་བར་ཁས་བླངས་པ་ཤེས་པས་སོ། །འདིས་ནི་རྟོགས་པ་ཐ་དད་པ་ཉིད་ཀྱི་རྣམ་པར་རྟོག་པ་མེད་པར་བསྟན་ཏོ། །རྣམ་པར་རྟོག་པ་བརྒྱད་པའི་དོན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གོ་ཆ་བགོས་པས་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་གནས་པ་དང༌། འགྲོ་བ་མི་ཤེས་པའི་རྣམ་པར་རྟོག་པ་དང་བྲལ་བར་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་དགུ་པའི་དོན་ནི། དེ་ཡང་སེམས་ཅན་དེ་དག་ཀྱང་ཤིན་ཏུ་དམིགས་སུ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས། སེམས་ཅན་དབེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་


DTG085_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ་ཡིན་ཏེ། གཟུགས་ལ་སོགས་པ་ནི་དོན་དམ་པར་རྫས་སུ་དམིགས་སུ་མེད་པས་སྒྱུ་མ་ལྟ་བུ་ཉིད་དུ་ཤེས་པར་བྱའོ། །བར་དུ་ཞེས་བྱ་བ་འདིས་ནི་སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་གཟུང་ངོ༌། །དེ་བཞིན་གཤེགས་པ་ལ་སོགས་པས་ཐུགས་སུ་ཆུད་པའི་ཆོས་རྣམས་ཀྱང་སྟོང་པ་ཉིད་ཡིན་ནོ། །ཉེ་བར་བསྡུ་བ་ནི་ལྷའི་བུ་དག་དེ་ལྟར་ན་ཆོས་ཐམས་ཅད་དབེན་པ་ཉིད་དུ་བལྟའོ་ཞེས་སྨྲས་པ་ཡིན་ནོ། །དེ་ལྟར་མི་དམིགས་པར་བསྟན་པ་ལ་ཞུམ་པ་མེད་པར་སྤྱད་པར་བྱའོ་ཞེས་སྨྲས་པ་ནི། ལྷའི་བུ་དག་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་དབེན་པ་ཉིད་དུ་བཤད་པ་ལ་ཞེས་བྱ་བ་ལ་སོགས་པའོ། །སྐྲག་པར་མི་བྱེད་པའི་རྒྱུ་ཅི་ཞིག་ཡིན་ཞེས་གསུངས་པ་ནི། རབ་འབྱོར་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འཇིགས་པ་པོ་དང་འཇིགས་པ་དང་འཇིགས་པར་བྱ་བ་མ་དམིགས་པར་ལེན་ཞུས་བ་ནི། བཅོམ་ལྡན་འདས་དབེན་པའི་སླད་དུ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཉེ་བར་བསྡུ་བ་ནི་བཅོམ་ལྡན་འདས་རྒྱུ་འདིས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །འདི་སྐད་དུ་གང་གི་ཕྱིར་སྟོང་པ་ཉིད་ཡིན་པའི་ཕྱིར་སྐྲག་པར་བྱེད་པ་དང༌། སྐྲག་པ་དང༌། སྐྲག་པར་བྱ་བ་མེད་པས་ཞུམ་པར་འགྱུར་བ་མེད་པ་དང༌། དེ་བས་ན་གཙོར་ངེས་པར་འབྱུང་བའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ཏེ། དེ་ལྟར་ན་རྗེས་ལ་འགྲོ་བའི་རྣམ་པར་རྟོག་པ་བསལ་བ་བསྟན་པ་ཡིན་ནོ། །འདི་སྐད་དུ་འཁོར་བ་དང༌། མྱ་ངན་ལས་འདས་པ་གང་ཡང་རུང་བ་ཞིག་ཏུ་ལྟུང་བ་ཉིད་ཀྱིས་རྟོགས་པ་དམན་པ་ཉིད་དང༌། དགེ་བའི་བཤེས་གཉེན་དང༌། ཐབས་མཁས་བ་དང་བྲལ་བ་ཉིད་ཀྱིས་ཡོངས་སུ་འཛིན་པ་མེད་པ་དང༌། ཤེས་བྱའི་སྒྲིབ་བ་མཐའ་དག་གི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་ལམ་མ་ཚང་བ་དང༌། དེ་བཞིན་གཤེགས་པ་ལ་སོགས་པའི་གདམས་ངག་ལ་ལྟོས་པ་དང་བཅས་པ་ཉིད་ཀྱིས་གཞན་གྱི་རྐྱེན་གྱིས་འགྲོ་བ་ཉིད་དང༌། སེམས་ཅན་ཐམས་ཅད་ཀྱིས་མཆོག་ཉིད་ལ་སོགས་པ་ལ་མི་འཇུག་པ་ཉིད་ཀྱི་ཆེད་དུ་བྱ་བ་ལས་ལྡོག་པ་དང༌། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཡིན་པས། ཉི་ཚེ་བའི་ལམ་གྱི་བྱེད་པ་དང༌། དམིགས་པ་དང་བཅས་པ་ཉིད་


DTG085_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འབྲས་བུ་དང་པོ་ལ་སོགས་པ་མཐོང་བ་སྣ་ཚོགས་པ་ཉིད་དང༌། མ་རིག་པའི་བག་ལ་ཉལ་ཐམས་ཅད་མ་སྤངས་པ་ཉིད་ཀྱིས་གནས་པ་དང་འགྲོ་བ་མི་ཤེས་པ་དང༌། ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མཇུག་ཏུ་འགྲོ་བ་ལ་ཉེས་པ་དང་བཅས་པ་ཉིད་ཀྱིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་ཡིན་པས་ལྡོག་པར་བྱ་བ་བཟུང་བའི་རྣམ་པར་རྟོག་པ་གཉིས་པ་ལྡོག་པར་བྱ་བའི་ཕྱོགས་ཀྱི་རྟེན་ཅན་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུད་ལ་བླང་བར་བྱ་བ་ཉིད་དུ་བྱུང་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱི་སྤང་བར་བྱ་བ་ཡིན་པར་དེའི་གཉེན་པོའི་གནས་སྐབས་བསྟན་པས། ལྡོག་པའི་སྒོ་ནས་བསྟན་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང༌། ལམ་གྱི་རྣམ་པ་མ་ཚང་དང༌། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །ཆེད་དུ་བྱ་པ་ལོག་པ་དང༌། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང༌། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལ་འབྱུང༌། །ཞེས་གསུངས་པ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་དང་པོ་སྐྱེས་བུ་རྫས་སུ་ཡོད་པ་སོ་སོའི་སྐྱེ་བོའི་རྟེན་ཅན་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། རྟོག་པ་དང་པོའི་དོན་ནི། བཅོམ་ལྡན་འདས་ཆོས་གང་ལ་ཡང་ཞུམ་པར་འགྱུར་བ་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ཏེ་འཛིན་པ་དང་གཏང་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །རྣམ་པར་རྟོག་བ་གཉིས་པའི་དོན་ནི། རབ་འབྱོར་འོན་ཀྱང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ནོ། །དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པར་བསྟན་པ་ལ་དེ་ལྟར་ཞུམ་པར་མི་འགྱུར་བ་ལ་སོགས་པ་གང་སྤྱོད་པ་དེ་ནི་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་མེད་པས་རྒྱལ་བའི་


DTG085_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལ་ཡང་དག་པར་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་རྟོག་པ་གསུམ་པའི་དོན་ནི། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་སྤྱོད་པ་ལ་ཕྱག་འཚལ་བར་འགྱུར་རོ་ཞེས་བྱ་བ་ནི་ཁམས་གསུམ་ཆར་དང་འབྲེལ་བའི་རྣམ་པར་རྟོག་པ་དང་བྲལ་བར་མཐུ་ཆེན་པོ་ཉིད་ཐོབ་པའི་ཕྱིར་ཕྱག་འཚལ་བ་ཡིན་ནོ། །རྣམ་པར་རྟོག་པ་བཞི་པའི་དོན་ནི། རབ་འབྱོར་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་པ་དག་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཏེ་ཞེས་བྱ་བ་ནི་གནས་པའི་རྣམ་པར་རྟོག་པ་དང་བྲལ་བས་ཁྱད་པར་ཅན་གྱི་དོན་བསྐྱེད་པར་བྱ་བས་དགོངས་པས་རྟོག་པར་མཛད་པའོ། །ཕན་འདོགས་པ་ནི་བྱ་བ་ཡོངས་སུ་རྫོགས་པར་མཛད་པས་རྗེས་སུ་འཛིན་པར་མཛད་པའོ། །དགོངས་པར་མཛད་པ་ནི་སྐལ་བ་དང་ལྡན་པའི་རང་བཞིན་དུ་ངེས་པར་འཛིན་པར་མཛད་པའི་ཕྱིར་རོ། །དེ་བཞིན་གཤེགས་པས་ཕན་འདོགས་པར་མཛད་པ་ཉིད་ཀྱིས་བསྔགས་པ་ནི་རབ་འབྱོར་གང་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཉིད་རྒྱ་ཆེར་སྟོན་པ་ནི་རབ་འབྱོར་སྟོང་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་རྟོག་པ་ལྔ་པའི་དོན་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་ཡིན་ནོ་ཞེས་བྱ་བ་འདིས་ནི་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་བཀག་པ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པར་བརྟག་པ་ཡིན་ཏེ་ཞེས་བྱ་བ་འདིས་དངོས་པོ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་བསལ་བ་ཡིན་ནོ། །རྣམ་པར་རྟོག་པ་དྲུག་པའི་དོན་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་པོ་གཞན་དང་ལྡན་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཇི་སྐད་སྨྲས་པ་བཞིན་བྱེད་པ་ཡིན་ཞེས་བྱ་བ་ནི་ཆོས་ཀྱི་དངོས་པོར་བརྟགས་པའི་རྣམ་པར་


DTG085_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ངས་རབ་ཏུ་སྤང་བར་བྱའོ་ཞེས་སྨྲས་པའི་དོན་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སངས་རྒྱས་ཀྱིས་དགོངས་པ་ཡིན་ནོ། །རྣམ་པར་རྟོག་པ་བདུན་པའི་དོན་ནི་རབ་འབྱོར་དེ་ལྟར་སྤྱོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདི་ཉིད་ཀྱིས་ཞེས་བྱ་བ་ནི་གནས་པ་འདི་ནི་ཆགས་པའི་རྣམ་པར་རྟོག་པ་སྤོང་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །དེ་ཉིད་གསལ་བར་བྱ་བའི་དོན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱིས་གནས་ཤིང་དེ་ལྟར་སྤྱོད་ན་ཞེས་བྱ་བ་ནི་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པའི་དབྱེ་བས་དེ་སྐད་སྨོས་པ་ཤེས་པར་བྱའོ། །སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་ཞེས་བྱ་བ་ལ་སོགས་པ་ཚིག་བཅུ་གཅིག་ནི་རབ་ཏུ་དགའ་བ་ནས་བརྩམས་ཏེ་སངས་རྒྱས་ཀྱི་ཀུན་ཏུ་འོད་ཀྱི་རབ་ཏུ་རྟོགས་པ་ཐོབ་པ་དང་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །ཉེ་བར་བསྡུ་བ་ནི་ལྷའི་བུ་དག་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཇི་སྐད་བཤད་པའི་གནས་པས་གནས་པ་ལ་སངས་རྒྱས་བཅོམ་ལྡན་འདས་མིང་ལ་སོགས་པ་ཡོངས་སུ་བརྗོད་པར་མཛད་ཅིང་ཆོས་སྟོན་པ་སྔོན་དུ་འགྲོ་བར་ཆེད་དུ་བརྗོད་པ་ཡང་ཆད་དུ་བརྗོད་པར་མཛད་པ་དེ་བས་ན་སྤྲོ་བ་འཕེལ་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ཉིད་དཔེས་གསལ་བར་མཛད་པ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མིང་ནི་མཐའ་ཡས་པ་ཉིད་ཀྱིས་གཟུང་བར་མི་ནུས་པ་ཉིད་ཡིན་པས་བསྒྲེ་བར་མཛད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཤཱ་ཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་ན་བསྔགས་པར་འོས་པའི་བྱང་ཆུབ་སེམས་དཔའ་མེད་དོ་ཞེ་ན། དེ་བཞིན་དུ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་ཇི་ལྟར་རང་རང་གི་སངས་རྒྱས་ཀྱི་ཞིང་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་དེ་བཞིན་གཤེགས་པ་གཞན་གྱི་སངས་རྒྱས་


DTG085_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞིང་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིང་ལ་སོགས་པ་བརྗོད་པ་ལ་བརྩོན་ཞིང་ཆོས་སྟོན་པར་མཛད་པ་དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱང་ངའི་སངས་རྒྱས་ཀྱི་ཞིང་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིང་ལ་སོགས་པ་བརྗོད་པ་ལ་བརྩོན་པས་ཆོས་སྟོན་ཏོ་ཞེས་བརྗོད་པ་ཡིན་ནོ། །རྣམ་པར་རྟོག་པ་བརྒྱད་པའི་དོན་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཅེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བའི་ལན་གྱི་ཚིག་རྣམ་པར་འབྱེད་པ་ནི་རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རབ་འབྱོར་འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཕྱིར་མི་ལྡོག་བའི་ཞེས་བྱ་བ་ནི་གཉེན་པོའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་ས་བརྒྱད་པ་ལ་སོགས་པ་ལ་གནས་པ་ནི་ངེས་པར་ཕྱིར་མི་ལྡོག་པ་ཐོབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་རྟོག་པ་དགུ་པའི་དོན་ནི་བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཡོད་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་དག་ཉིད་ཀྱང་གང་ཞིག་ཡིན་ཞེས་དོགས་པ་བསུ་ནས་སྟོན་པ་ནི་གང་ད་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མི་བསྐྱོད་པའི་ཞེས་གསུངས་པ་ནི་དེའི་སངས་རྒྱས་ཀྱི་ཞིང་དུ་རྒྱུད་ཡོངས་སུ་དག་པ་མང་དུ་སྐྱེ་བ་ཡིན་པའི་ཕྱིར་རོ། །གཞན་དག་ལ་ཡང་བསྒྲིབ་ནི་རབ་འབྱོར་གང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ཏོག་སྨོས་པ་ནི་དེ་དང་རིགས་མཐུན་པའི་བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་མོ་ཚན་པ་ཡིན་པར་ཤེས་པར་བྱའོ། །ཁྱད་པར་དུ་འཕགས་པའི་དགེ་བའི་བཤེས་གཉེན་ལ་སོགས་པས་ཡོངས་སུ་བཟུང་བའི་སྟོབས་ཀྱིས་ས་མི་གཡོབ་ལས་ཀྱང་སྔར་ཅི་ཞིག་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ཐོགས་པའི་རྣམ་པར་རྟོག་པ་དང་བྲལ་བས་རྫུ་འཕྲུལ་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་གང་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ན་གནས་པ་དེ་ནི་ཕྱིར་མི་ལྡོག་པ་རྣམས་མ་གཏོགས་པར་མིང་ལ་སོགས་པ་བརྗོད་པའི་ཡུལ་དུ་གྱུར་པ་ཡོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་དུ་ཀུན་རྫོབ་ཏུ་ཇི་ལྟ་བ་


DTG085_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འཛིན་པ་དང་འདོར་བར་བྱེད་པ་དང༌། ཡང་དག་པ་ཉིད་དུ་ཡིད་ལ་མི་བྱེད་པར་ཡིད་ལ་མི་བྱེད་པ་དང༌། ཆོས་ཉིད་ཀྱི་ཁམས་གསུམ་ཆར་དང་ཉེ་བར་འབྲེལ་པ་དང༌། སྟོང་པ་ཉིད་དུ་མི་གནས་པས་གནས་པ་དང༌། དངོས་པོ་ལ་མངོན་པར་མ་ཞེན་པ་ས་ཐམས་ཅད་ལ་མངོན་པར་ཞེན་པ་དང། རྫས་སུ་ཡོད་པ་མེད་པས་ཆོས་ཐམས་ཅད་བཏགས་པ་དང༌། དེ་ཁོ་ན་ཉིད་ཤེས་པའི་མ་ཆགས་པས་མངོན་པར་ཞེན་པ་སྔོན་དུ་འགྲོ་བའི་ཆགས་པ་དང༌། མཉམ་པ་ཉིད་བསྒོམ་པའི་གཉེན་པོ་ཉིད་ཀྱིས་གཉེན་པོ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་མ་ཤེས་པ་ཉིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ལ་ཐོགས་པ་ལ་དོན་དམ་པའི་དངོས་པོར་མངོན་པར་ཞེན་པས་འཛིན་པ་འཇུག་པ་ནི་བདག་རྫས་སུ་ཡོད་པ་ཉིད་ཡིན་ནོ་ཞེས་དེ་ལྟར་སོ་སོའི་སྐྱེ་བོ་དང་འབྲེལ་བའི་འཛིན་པའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་གྱི་སྦྱོར་པའི་གནས་སྐབས་སུ་སྤང་བར་བྱ་བ་ཡིན་པར་དེ་དང་དེའི་གཉེན་པོའི་གནས་སྐབས་བསྟན་པས་ལྡོག་པའི་སྒོ་ནས་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང༌། འཛིན་པ་དང་ནི་འདོར་བ་དང༌། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་ཆར་ཉེ་བར་འབྲེལ་པ་དང༌། །གནས་དང་མངོན་པར་ཞེན་པ་དང༌། །ཆོས་ཀྱི་དངོས་པོ་བརྟགས་པ་དང༌། །ཆགས་པ་དང་ནི་གཉེན་པོ་དང༌། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། རྟོག་པ་དང་པོའི་དོན་ནི་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མོས་ལ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ལ་སོགས་པ་ཆེད་དུ་བྱ་བར་འགྲོ་བའི་བསམ་པས་སྐྱེ་བ་མེད་པའོ་ཞེས་བྱ་བ་འམ་ཞི་བའོ་ཞེས་ཆོས་ཐམས་ཅད་ཡིད་ལ་བྱེད་ཅིང་ད་དུང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཕུལ་དུ་བྱུང་བ་དང་ལྡན་པའམ་ཕྱིར་མི་ལྡོག་པའི་དབང་ཐོབ་པ་རྟོགས་པར་ཡང་མི་བྱེད་པ་ཞེས་པ་སྟེ་དེ་ལྟར་ན་ཆེད་དུ་བྱ་བར་ངེས་པར་མི་འབྱུང་བའི་རྣམ་པར་རྟོག་པ་མེད་པར་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་གཉིས་པའི་དོན་ནི་རབ་


DTG085_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་དག་ནི་ཉན་ཐོས་ཀྱི་ས་རང་སངས་རྒྱས་ཀྱི་ས་སྤངས་པ་ཡིན་ཞིང་ཞེས་བྱ་བ་ནི་འདིས་ནི་ལམ་ངེས་པར་འཛིན་པའི་རྣམ་པར་རྟོག་པ་མེད་པར་གསུངས་པ་ཡིན་ནོ། །དེ་དག་གིས་ནི་སངས་རྒྱས་ཉིད་ལ་རེ་བར་བྱ་སྟེ་ཞེས་བྱ་བ་འདིས་ཀྱང་རང་གི་ལམ་ངེས་པར་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བར་སྟོན་ཏེ། གཞན་དུ་ན་ཕྱིན་ཅི་ལོག་ཏུ་འགྱུར་བས་སངས་རྒྱས་ཀྱིས་མི་སྲིད་པར་འགྱུར་བའི་ཕྱིར་རོ། །རྣམ་པར་རྟོག་པ་གསུམ་པའི་དོན་ནི་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱོད་པ་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པའི་རྣམ་པར་རྟོག་པ་ལས་དབེན་པས་རྗེས་སུ་གནས་པ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་རྟོག་པ་བཞི་པའི་དོན་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་དག་རྨོངས་པ་ལ་སོགས་པར་མི་འགྱུར་བ་ཉིད་ཀྱིས་རྒྱ་ཆེར་ཉན་པ་ལ་སོགས་པ་བྱེད་ཅིང༌། དེ་རྣམས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་ལ་སོགས་པ་ཉམས་སུ་ལེན་པ་དེ་དག་ཀྱང་ལྡན་པ་དང་མི་ལྡན་པའི་རྣམ་པར་རྟོག་པ་དང་བྲལ་བས་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་ཞེས་བྱ་བའི་དོན་ནོ། །རྣམ་པར་རྟོག་པ་ལྔ་པའི་དོན་ནི་རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་གནས་པའི་རྣམ་པར་རྟོག་པ་དམིགས་སུ་མེད་པས་མོས་པ་གང་ཡིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་དུ་གནས་པ་གང་ཡིན་པ་དང༌། འཚང་རྒྱ་བ་ཉིད་ཀྱི་རྒྱུར་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་བ་དེ་ནི་ཤིན་ཏུ་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་སྔ་མ་དང་སྦྱར་རོ། །རྣམ་པར་རྟོག་པ་དྲུག་པའི་དོན་ནི་བཅོམ་ལྡན་འདས་གང་གི་ཚེ་དེ་བཞིན་ཉིད་ཅེས་བྱ་བ་ལ་


DTG085_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་པ་ཡིན་ནོ། །རབ་འབྱོར་གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པས་དེའི་ཚིག་བཟླས་ནས་ལན་བཏབ་པ་ནི་རབ་འབྱོར་དེ་བཞིན་ཉིད་མ་གཏོགས་པར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་དེ་བཞིན་ཉིད་ལས་མ་གཏོགས་པའི་ཆོས་གཞན་དམིགས་སུ་མེད་པས་དོན་དམ་པར་གང་ཡང་དེ་བཞིན་ཉིད་ལ་གནས་པར་འགྱུར་པ་མེད་ཀྱི་ཡང་ཀུན་རྫོབ་ཏུ་ནི་རིགས་རྣམ་པར་འཇིག་པའི་རྣམ་པར་རྟོག་པ་དང་བྲལ་བས་གནས་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དོན་དམ་པ་ཉིད་ཀྱི་དབང་དུ་མཛད་ནས་གསལ་བར་བསྟན་པ་ནི་རབ་འབྱོར་རེ་ཞིག་དེ་བཞིན་ཉིད་དེ་ཉིད་དམིགས་སུ་མེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་བདུན་པའི་དོན་ནི་རབ་འབྱོར་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ན་དེ་བཞིན་ཉིད་དམ་དེ་ལས་གཞན་པའི་ཆོས་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའི་འོན་ཀྱང་ཀུན་རྫོབ་ཏུ་དོན་དུ་གཉེར་བ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བས་དོན་དུ་གཉེར་བར་བྱ་བའི་དངོས་པོ་ལ་དམིགས་ནས་མངོན་པར་འཚང་རྒྱའོ་ཞེས་བྱ་བར་འདོད་དོ། །རྣམ་པར་རྟོག་པ་བརྒྱད་པའི་དོན་ནི་རབ་འབྱོར་དེ་བཞིན་ཉིད་ནི་ཆོས་མི་སྟོན་ཏོ་ཞེས་གསུངས་པ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ན་དེ་བཞིན་ཉིད་དུ་ཆོས་མི་སྟོན་གྱི་འོན་ཀྱང་ཀུན་རྫོབ་ཏུ་རྒྱུ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བས་རྒྱུ་ཡོད་པ་ཉིད་ཀྱི་ཆོས་སྟོན་ཏོ་ཞེས་བྱ་བར་དངོས་སོ། །རྣམ་པར་རྟོག་པ་དགུ་པའི་དོན་ནི་རབ་འབྱོར་ཆོས་གང་བསྟན་པར་བྱ་བའི་ཆོས་དེ་ཡང་དམིགས་སུ་མེད་དོ་ཞེས་གསུངས་པ་ཡིན་ཏེ། ཕྱིར་རྒོལ་བའི་ཆོས་ལ་དམིགས་པའི་རྣམ་པར་རྟོག་པ་མེད་པས་བསྟན་བཞིན་པའི་ཆོས་དམིགས་སུ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་དུ་ཉན་ཐོས་ལ་སོགས་པའི་ངེས་པར་འབྱུང་བ་ཉིད་ཇི་སྐད་དུ་བཤད་པའི་ཆེད་དུ་བྱ་བར་ངེས་པར་མི་འབྱུང་བ་དང༌། ཕན་པ་དང་མི་ཕན་པ་འཐོབ་པ་དང་སྤངས་པ་ཉིད་ཀྱིས་ལམ་དང་ལམ་མ་ཡིན་པ་ངེས་པར་འཛིན་པ་དང༌། རྒྱུ་དང་འབྲས་བུ་ཀུན་རྫོབ་ཀྱི་ངོ་བོ་ཉིད་སྐྱེ་བ་དང་འགག་པ་དང༌། བར་ཆད་མེད་པ་དང་ཅིག་ཤོས་སུ་སྣང་བ་ཉིད་ཀྱི་དངོས་པོ་མཐའ་དག་དང་ལྡན་པ་དང་མི་ལྡན་པ་དང༌། ནམ་མཁའ་ལ་གནས་


DTG085_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱ་དང་འདྲ་བ་ཉིད་ཀྱི་གཟུགས་ལ་སོགས་པ་ལ་གནས་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་འཇིག་པ་དང༌། དེ་བཞིན་ཉིད་ལས་ཁྱད་པར་དུ་འཕགས་པའི་ཆོས་མེད་པས་འདོད་པ་མེད་པ་དང༌། དོན་དམ་བའི་བདེན་པ་ལ་བརྟེན་པས་རྒྱུ་མེད་པ་དང༌། སེར་སྣ་ཤིན་ཏུ་གོམས་པར་བྱས་པའི་ཆོས་ཉིད་ཀྱིས་བདུད་ལ་སོགས་པའི་ཕྱིར་རྒོལ་བའི་དངོས་པོ་དམིགས་པ་ལ་དེ་ཁོ་ནའི་དངོས་པོར་མངོན་པར་ཞེན་པས་འཛིན་པར་བྱེད་པ་འཇུག་པ་ནི་བདག་བཏགས་པ་ཉིད་ཡིན་ནོ་ཞེས་དེ་ལྟར་འཕགས་པ་རྣམས་དང་འབྲེལ་པའི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་བྱང་ཆུབ་སེམས་དཔའ་དག་གི་མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱིས་སྤང་བར་བྱ་བ་ཡིན་པར་དེ་དང་དེའི་གཉེན་པོའི་གནས་སྐབས་བསྟན་པས་ལྡོག་པའི་སྒོ་ནས་བརྗོད་པ་ཡིན་ཞེས་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང༌། ཆེད་བཞིན་ངེས་པར་མི་འབྱུང་དང༌། །ལམ་ལ་ལམ་མིན་ངེས་འཛིན་དང༌། །འགག་དང་བཅས་པའི་སྐྱེ་བ་དང༌། །དངོས་པོ་ལྡན་དང་མི་ལྡན་དང༌། །གནས་དང་རིགས་ནི་འཇིག་པ་དང༌། །དོན་དང་གཉེར་དང་རྒྱུ་མེད་དང༌། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །གཟུང་བའི་རྣམ་པར་རྟོག་པ་མ་ཡིན་པ་ཞེས་པའི་མུ་བཞི་སྟེ། དེ་ལ་མུ་དང་པོ་ནི་ཡུལ་དྲུག་ཏུ་སྣང་བའི་གཟུང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པའོ། །གཉིས་པ་ནི་སྐད་ཅིག་མ་གཅིག་པའི་འཛིན་པའི་རྣམ་པ་ཅན་ནོ། གསུམ་པ་ནི་དེ་ཉིད་ཀྱི་སྐད་ཅིག་གཞན་དུའོ། །བཞི་པ་ནི་རྣམ་པ་དེ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིགས་ཉིད་ཡིན་གྱི་རིགས་ཀྱི་རྣམ་པར་རྟོག་པ་མ་ཡིན་པར་འགྱུར་རམ་ཞེས་བྱ་བ་ནི་ཚིག་ཕྱི་མ་དང་ལྡན་པའོ། །རེ་ཞིག་རིགས་ཀྱི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་རིགས་ཀྱང་ཡིན་ཏེ། དཔེར་ན་གཉེན་པོ་ཡང་དག་པར་འགྲུབ་པའི་དུས་ཀྱི་རིགས་བཞིན་ནོ། །རིགས་ཉིད་ཡིན་གྱི་རིགས་ཀྱི་རྣམ་པར་རྟོག་པ་མ་ཡིན་པར་འགྱུར་རམ་ཞེས་བྱ་བ་ནི་ཚིག་སྔ་མ་དང་ལྡན་པའོ། །རེ་ཞིག་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་དམིགས་པའི་རྣམ་པར་རྟོག་པ་ཡང་ཡིན་ཏེ། དཔེར་


DTG085_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་དག་པར་རྟོགས་པའི་ཡང་དག་པའི་དམིགས་པ་ལ་སྦྱོར་བ་བཞིན་ནོ། །དམིགས་པའི་རྣམ་ངར་རྟོག་པ་ཉིད་ཡིན་གྱི་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པ་མ་ཡིན་པ་དེ་ནི་དཔེར་ན་དམིགས་པ་ཡོངས་སུ་མ་རྫོགས་པ་ལྟ་བུའོ། །ཕྱོགས་འདིས་ལྷག་མ་རྣམས་ཀྱང་རྗེས་སུ་དཔག་པར་བྱའོ། །དེ་ལྟར་མཐོང་བའི་ལམ་ལ་མི་མཐུན་པའི་ཕྱོགས་གཉེན་པོ་དང་བཅས་པ་བསྟན་ནས། བྱང་ཆུབ་ཆེན་པོ་འགྲུབ་པར་བྱ་བའི་ཕྱིར་ད་ནི་མཐོང་བའི་ལམ་རྒྱུ་རྣམ་པ་གསུམ་པོ་གང་དང་བཅས་པར་བཞེད་བ་དེ་བརྗོད་པར་བྱ་བ་ཡིན་པས་མཐོང་བ་ལ་སོགས་པའི་ལམ་ཡང་དག་པར་སྟོན་བས་བྱང་ཆུབ་ཆེན་པོ་ལ་གཞན་འགོད་པའི་རྒྱུ་དང་པོ་བསྟན་པའི་དོན་དུ་གསོལ་པ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །སྔ་མ་བཞིན་དུ་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་བསུ་ནས་བཅོམ་ལྡན་འདས་དེ་བཞིན་ཉིད་ལ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་ན་ཡང་ཀུན་ཏུ་ཞུམ་པ་ལ་སོགས་པ་མ་བྱས་པར་བླ་ན་མེད་པའི་བྱང་ཆུབ་ཀུན་རྫོབ་ཏུ་རྟོགས་པར་འདོད་པ་གང་ཡིན་པ་དེ་ནི་དཀའ་བ་བྱེད་པ་ཡིན་ནོ་ཞེས་སྤྲོ་བ་བསྐྱེད་པ་སྟོན་པས་བྱང་ཆུབ་ལ་མཐོང་བའི་ལམ་ལ་སོགས་པ་སྟོན་པས་གཞན་དག་རྟོགས་པར་བྱས་པ་ཡིན་ནོ། །དོན་དམ་པ་ལ་བརྟེན་ནས་ནི་དཀའ་བ་ཅི་ཡང་མེད་དོ་ཞེས་བྱ་བ་ནི་ཀཽ་ཤི་ཀ་གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ན་བསྔགས་པར་བྱེད་པ་ནི་འཕགས་པ་རབ་འབྱོར་གྱིས་གང་དང་གང་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཅི་ལ་ཡང་ཐོགས་པ་མེད་དོ་ཞེས་བྱ་བ་ནི་གང་ལ་ཡང་མངོན་པར་ཞེན་པ་མེད་པའོ། །རང་གིས་སྨྲས་པའི་དོན་བསྟན་པར་བྱེད་བ་ནི་བཅོམ་ལྡན་འདས་བདག་གིས་གནས་བརྟན་རབ་འབྱོར་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཆོས་དང་རྗེས་སུ་མཐུན་པའི་ཆོས་ཞེས་བྱ་བ་ནི་ཇི་ལྟར་སྨོས་པའི་སྟོང་པ་ཉིད་ཀྱི་ཆོས་རྟོགས་པའོ། །ལེགས་པར་སྨྲས་སོ་ཞེས་གསུངས་པ་ནི་ཀཽ་ཤི་ཀ་ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཉིད་ཅིའི་ཕྱིར་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་


DTG085_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསུ་ནས་ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་པ་ལ་སོགས་པ་ཁམས་གསུམ་པ་སོ་སོའི་ཉོན་མོངས་པ་ཆུང་དུ་དང་འབྲིང་དང་ཆེན་པོ་སྤོང་བར་བྱེད་པའི་མཐོང་བའི་ལམ་གྱི་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཐོང་བའི་ཕྱིར་གོ་རིམས་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མི་དམིགས་ན་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཉིད་ཀྱང་མི་དམིགས་ན་ཞེས་བྱ་བའི་བར་གྱི་ཚིག་དགུ་པོ་རྣམས་ཡིན་ནོ། །སྤྱིར་ཆོས་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུ་དག་དམིགས་སུ་མེད་པའི་ཕྱིར་གྲངས་ཇི་ལྟ་བ་བཞིན་ཆོས་ཐམས་ཅད་དབེན་པར་གནས་པ་དང་ཆོས་ཐམས་ཅད་མི་དམིགས་པར་གནས་པར་གཟུང་བར་བྱའོ། །གལ་ཏེ་དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་རྣམས་དང་མཚུངས་པ་ཁོ་ནར་གནས་པར་བྱའོ་ཞེ་ན། ཀཽ་ཤི་ཀ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནས་པ་དེ་དག་ཐམས་ཅད་པས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གནས་པ་མ་གཏོགས་པར་གཞན་རྣམ་པས་སོ། །གནས་པ་འདིས་གནས་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་གནས་པའི་ཕན་ཡོན་བསྟན་པ་ཉིད་ཀྱིས་བྱང་ཆུབ་ཆེན་པོའི་ཕྱིར་མཐོང་པའི་ལམ་ལ་སོགས་པ་གཞན་དག་ལ་ཡང་དག་པར་བསྟན་པར་མཇུག་བསྡུས་པ་ཡིན་ནོ། །ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་སྙིང་པོའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བདུན་པའོ།། །།ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱི་མཐོང་བའི་ལམ་ལ་སོགས་པ་ཡང་དག་པར་བསྟན་པས་མཐོང་བའི་ལམ་རྟོགས་པའི་ཕྱིར་རྒྱུ་ཕུན་སུམ་ཚོགས་པའི་དགེ་སློང་རྣམས་ཀྱི་མཆོད་པ་བྱས་སོ་ཞེས་སྨྲས་པ་ནི་དེ་ནས་དེའི་ཚེ་ལྷའི་བུ་ཞེས་བྱ་བ་ལ་སོགས་པའོ། །ལྷའི་བུ་རྣམས་མན་དཱ་ར་བའི་མེ་ཏོག་ཐོགས་ནས་འཁོར་དེར་འདུས་པ་ནི་དགེ་སློང་རྣམས་ཀྱི་སྨོན་ལམ་གྱི་སྟོངས་ཀྱིས་མེ་ཏོག་རྙེད་པའི་རྒྱུ་ཡིན་པར་ཤེས་པར་བྱའོ། །རྟོགས་པ་ཡིད་ཆེས་པ་བས་གོང་ནས་གོང་དུ་མངོན་པར་འཕེལ་བར་བྱ་བའི་ཕྱིར་སྨོན་ལམ་ཡང་བྱས་པར་འགྱུར་ཞེས་བརྗོད་པ་ནི་ཚིག་འདི་སྐད་ཅེས་ཀྱང་གསོལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་བཅོམ་ལྡན་འདས་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནེ་བཤད་ཟིན་ཏོ། །བསྐལ་པ་སྟོང་ཕྲག་ཉི་ཤུར་ཞེས་བྱ་བ་ནི་མི་རྣམས་


DTG085_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚེ་ལོ་དཔག་ཏུ་མེད་པ་ནས་བརྩམས་ཏེ་ལོ་བཅུའི་བར་དུ་འགྲིབ་པ་འདི་ནི་མཚོན་དང་ནད་དང་མུ་གེ་རྣམས་ཀྱིས་མཐར་ཕྱིན་པར་བྱས་པས་འགྲིབ་པའི་བར་གྱི་བསྐལ་པ་དང་པོའོ། །ཚེ་ལོ་བཅུ་པ་དེ་ལས་ཀྱང་འཕེལ་བར་འགྱུར་ཞིང་ཚེ་ལོ་བརྒྱད་ཁྲི་པར་གྱུར་ཅིང་ཡང་དེ་བཞིན་དུ་འགྲིབ་པར་གྱུར་པ་ན་ཆེ་ལོ་བཅུ་པར་འགྱུར་བ་སྟེ། དེ་ལྟར་འཕེལ་བ་དང་འགྲིབ་པའི་དབྱེ་བས་བར་གྱི་བསྐལ་པ་བཅོ་བརྒྱད་ཡིན་ནོ། །ཚེ་ལོ་བཅུ་པ་དེ་ཉིད་ལས་ཀྱང་འཕེལ་བར་གྱུར་ཅིང་ཚེ་ལོ་བརྒྱད་ཁྲི་པར་གྱུར་པ་འདི་ནི་འཕེལ་བའི་བར་གྱི་བསྐལ་པ་ཉི་ཤུ་ཡིན་ནོ། །དེ་བཞིན་དུ་གཞན་རྣམས་ཀྱི་འཕེལ་པ་དང་འགྲིབ་པའི་དུས་ཇི་སྲིད་ཡིན་པ་བར་གྱི་བསྐལ་པ་དང་པོ་འགྲིབ་པའི་དུས་དང་ཕྱི་མ་འཕེལ་བའི་དུས་ཀྱང་དེ་སྲིད་ཡིན་པས་ཐམས་ཅད་དུས་མཉམ་པ་ཡིན་ནོ། །དེ་ལྟར་ན་བར་གྱི་བསྐལ་པ་གཅིག་གིས་ནི་སྣོད་ཀྱི་འཇིག་རྟེན་འཇིག་པའི་ཕྱིར་དང་བཅུ་དགུས་ནི་སྟོངས་པར་བྱེད་པའི་ཕྱིར་བར་གྱི་བསྐལ་པ་ཉི་ཤུར་ནི་འཇིག་རྟེན་འཇིག་པ་ཡིན་ནོ། །བར་གྱི་བསྐལ་པ་ཉི་ཤུར་ཞིག་ནས་འདུག་གོ །དེ་བཞིན་དུ་བར་གྱི་བསྐལ་པ་གཅིག་གིས་ནི་སྣོད་ཀྱི་འཇིག་རྟེན་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་དང༌། བཅུ་དགུས་ནི་ཆགས་པར་བྱེད་པའི་ཕྱིར་ལ། བར་གྱི་བསྐལ་པ་ཉི་ཤུར་ཆགས་ནས་གནས་པ་ཡིན་ཏེ། དེ་ལྟར་བར་གྱི་བསྐལ་པ་བརྒྱད་ཅུའི་གྲངས་ཀྱིས་ཚད་པ་ནི་བསྐལ་པ་ཆེན་པོ་སྟེ་འདི་ནི་བསྐལ་པ་བཟང་པོ་ལ་སོགས་པ་ཡིན་ནོ། །བསྐལ་པ་སྐར་མ་ལྟ་བུ་ནི་དེ་ལྟ་བུ་མ་ཡིན་ཏེ་སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་ཤིན་ཏུ་རིང་བ་ཡིན་པའི་ཕྱིར་རོ། །དེ་བས་ན་འགྲིབ་པའི་དུས་ན་ཇི་སྐད་དུ་བཤད་པའི་བར་གྱི་བསྐལ་པའི་ཆད་ཀྱི་དུས་ཡོངས་སུ་ཆད་པ་ཡིན་པས་བསྐལ་པ་སྟོང་ཕྲག་ཉི་ཤུར་ཞེས་གསུང་པ་ཡིན་ནོ། །བྱང་ཆུབ་ཀྱི་རྒྱུ་མཚན་གྱི་དོན་ཉིད་དུ་གཞན་དག་ལ་ཚིག་དང་དོན་ཡང་དག་པ་ལ་སོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོ་སོར་གཏོང་པ་སྟེ་རྒྱུ་གཉིས་པ་བཤད་པའི་གླེང་བསླང་བ་ནི་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སུ་དག་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་འདི་ལྟར་མི་རྣམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྨོད་པར་མི་བྱེད་ཅེས་བྱ་བ་ལ་སོགས་པའི་ཚིག་


DTG085_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པའི་མངོན་པར་རྟོགས་པ་བདུན་དང་མི་མཐུན་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །སྨོན་པ་སླུ་བར་མི་འགྱུར་བ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡུལ་ལ་འཇུག་པའི་སྨོན་ལམ་ལ་གལ་ཏེ་གཞན་དུ་སྨོན་པས་སླུ་བར་མི་འགྱུར་བ་དེ་ལྟར་ན་དགེ་བའི་རྩ་བ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་དོན་དུ་རྣམ་པར་སྨིན་པ་སྦྱིན་པར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །གླེང་བསླང་བ་བྱས་ནས་ད་ནི་དེ་བཞིན་གཤེགས་པ་དང་འབྲེལ་བའི་ཡོངས་སུ་གཏད་པ་ཆུང་དུའི་དོན་ནི་ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཏད་དོ་ཞེས་བྱ་བ་ནི་རབ་ཏུ་གཏོད་པའོ། །རྗེས་སུ་གཏད་ངོ་ཞེས་བྱ་བ་ནི་སླར་ཡང་གཏོད་པར་མཛད་པའོ། །ཁ་ཅིག་ནི་འཛིན་པའི་དོན་དུ་གཏད་པ་ཉིད་ཡིན་པས་འཕགས་པ་ཀུན་དགའ་བོ་ནི་རྒྱལ་པའི་ཡུམ་གྱི་སྡུད་པ་པོ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་འཆང་བ་ལ་སོགས་པའི་དོན་ཉིད་དུ་གཏད་པ་ཡིན་པས་སྡུད་པ་པོ་ནི་རྡོ་རྗེ་འཛིན་ཆེད་པོ་ཉིད་ཡིན་ནོ་ཞེས་འདོད་དོ། །དེ་ལ་རྣམ་པར་ཆུད་གསན་པ་ནི་གཞན་དུ་བྱེད་པའོ། །གཏང་བ་ནི་རྣམ་པ་ཐམས་ཅད་དུ་སྤངས་པའོ། །བརྗེད་པ་ནི་ཡིད་ལ་མ་བྱས་པའོ། །ཚིག་གི་ཡན་ལག་ནི་ཚིག་གི་ཕྱོགས་གཅིག་གོ །སྐུ་གསུམ་ཐོབ་པར་བྱེད་པ་ཡིན་པས་ན་གོ་རིམས་བཞིན་དུ་ཡུམ་སྟེ་བསྐྱེད་པ་འབྱིན་པ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་བསྐྱེད་པ་ཡིན་པས་ཐོབ་པར་བྱེད་པའོ། །ཡོངས་སུ་གཏད་པ་འབྲིང་གི་དོན་ནི་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡོངས་སུ་གཏད་པ་ཆེན་པོའི་དོན་ནི་ཀུན་དགའ་བོད་ལྟར་བཞུགས་ཤིང་འཚོ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དང་དེས་ཞེས་བྱ་བ་ནི་བྱེད་པ་དང་ཞེས་བྱ་བ་དང་སྦྱར་རོ། །ཕན་པར་སེམས་པ་དེ་དང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་ཕན་པར་འདོད་པས་སོ། །བྱང་ཆུབ་སེམས་དཔའ་དང་འབྲེལ་བའི་ཡང་ཡོངས་སུ་གཏད་པ་ཆུང་དུའི་དོན་ནི་ཀུན་དགའ་བོ་གང་དག་འདས་པའི་དུས་སུ་བྱུང་བར་གྱུར་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡོངས་སུ་གཏད་པ་འབྲིང་གི་དོན་ནི་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་


DTG085_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཆེན་པོའི་དོན་ནི་ཀུན་དགའ་བོ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་ཉིད་སྒོམ་པ་ལ་སོགས་པ་ལས་ཆེས་མང་བའི་བསོད་ནམས་ཀྱི་མཚན་ཉིད་ཅན་བྱང་ཆུབ་ཐོབ་པའི་བར་མཆོད་པའི་རྒྱུ་གསུམ་པ་སྟོན་པས་ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ཡང་ཞེས་བྱ་བ་སྐད་ཅིག་ལ་སོགས་པ་སྨོས་པ་ནི་གོ་རིམས་བཞིན་དུ་གང་ཟག་དབང་པོ་རྣོན་པོ་དང་འབྲིང་དང་རྟུལ་པོ་ཤེས་པར་བྱ་བའི་དོན་ཡིན་ནོ། །དེ་ལ་དུས་ཀྱི་མཐའ་ནི་སྐད་ཅིག་མའོ། །ཡང་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མའོ། །དེ་སྐད་ཅིག་མ་དྲུག་ཅུ་ལ་ནི་ཐང་ཅིག་གོ །ཐང་ཅིག་སུམ་ཅུ་ལ་ནི་ཡུད་ཙམ་མོ། །ཡི་གེའི་བདག་ཉིད་ཀུན་མཐར་ཡང༌། །མིག་བཙུམས་ཚད་དུ་གནས་པ་ཅན། །ཞེས་བྱ་བའི་ཚུལ་གྱི་སྐད་ཅིག་མ་གཅིག་གིས་ཆོས་སྟོན་པར་ཇི་ལྟར་རུང་ཞེ་ན་བརྗོད་པ་སྟོན་པ་པོའི་བྱང་ཆུབ་སེམས་དཔའི་དབང་གིས་ཉན་པ་པོ་རྣམས་ལ་སྐད་ཅིག་མ་གཅིག་གིས་བསྟན་པའི་ཆོས་སྣང་བ་དང་ལྡན་པའི་ཤེས་པ་བསྐྱེད་པས་དེས་དེ་ལ་ཆོས་བསྟན་པ་ན་ཡིན་ནོ་ཞེས་ཐ་སྙད་འདོགས་སོ། །དེ་ལྟར་ཇི་སྐད་བཤད་པ་གསུམ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་རྒྱུ་ཡིན་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང༌། བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །དེ་ཐོབ་པར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །རྒྱུ་དང་བཅས་པ་མཐོང་བའི་ལམ་ཇི་སྐད་དུ་བཤད་པ་ནི་རྣམ་པར་རྟོག་པ་མི་སྣང་བ་ལ་མཐུ་ཡོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་མི་བསྐྱོད་པ་མཐོང་བ་དང་མི་སྣང་བར་གྱུར་པའི་དཔེ་སྟོན་པས་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལ་བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་མི་བསྐྱོད་པའོ། །ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་ཕྱིར་རྒྱ་མཚོ་ལྟ་བུའོ། །ཟབ་མོའི་ཆོས་ཁོང་དུ་ཆུད་པའི་ཕྱིར་ཟབ་མོའོ། །དཔེས་བསྟན་པའི་དོན་བཤད་པ་ནི་ཀུན་དགའ་བོ་དེ་ལྟར་ཆོས་


DTG085_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏ་མག་ལམ་དུ་ཡང་སྣང་བར་ཡང་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་མཐོང་བའི་ལམ་ན་མི་སྣང་བར་བསྟན་པའི་དོན་དུ་སྨོས་པ་ཡིན་ནོ། །དོན་འདི་ཉིད་ངེས་པར་བྱ་བའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་ཀུན་དགའ་བོ་ནམ་མཁའ་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་སྐད་དུ་ཀུན་བརྟགས་པའི་ཆོས་ཐམས་ཅད་ནི་ཤེས་པ་པོ་མ་ཡིན་ཏེ་གང་གི་ཕྱིར་ནམ་མཁའ་བྱེད་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་གྱི་དབང་ནི་མཐོང་བ་པོ་མ་ཡིན་ཏེ་གང་གི་ཕྱིར་སྒྱུ་མའི་སྐྱེས་བུ་དང་འདྲ་བ་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་གྲུབ་པ་ཡང་དགོས་པ་བྱེད་ནུས་པ་མ་ཡིན་ཏེ་གང་གི་ཕྱིར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ཕྱིར་ཚོར་བ་པོ་མ་ཡིན་པས་སོ་ཞེས་བརྗོད་པ་ཡིན་ནོ། །ཉེ་བར་བསྡུ་བ་ནི་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་གི་དོན་དུ་ཇི་སྐད་བཤད་པའི་མཐོང་བའི་ལམ་རྒྱུ་དང་བཅས་པར་འདོད་པའི་བྱང་ཆུབ་ཆེན་པོ་དེ་ཡང་གང་ཡིན་ཞེ་ན། བྱང་ཆུབ་ཆེན་པོ་དེ་ཡང་གང་ཡིན་ཞེ་ན། བྱང་ཆུབ་ཆེན་པོ་བཤད་པའི་དོན་དུ་གླེང་སློབ་བ་གསུངས་པ་ནི་བསླབ་པ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་ཀུན་དགའ་བོ་བསླབ་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཐེ་བོང་གཅིག་གིས་བཏེག་སྟེ་སླར་གཞག་ཀྱང་ཞེས་བྱ་བ་ནི་གྱེན་དུ་བཏག་ནས་སླར་ཡང་དབབ་པར་བྱས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །སངས་རྒྱས་བཅོམ་ལྡན་འདས་དེ་དག་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ནི་གདུལ་བྱའི་སྐྱེ་བོ་རྣམས་ལ་སྣང་བ་ལ་ལྟོས་ནས་བརྗོད་པ་ཡིན་གྱི། བཅོམ་ལྡན་འདས་རྣམས་ལ་ནི་རྣམ་པར་རྟོག་པའི་ཀུན་ཏུ་རྒྱུ་བ་ཡོད་པ་མ་ཡིན་པའོ། །དེ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཞལ་དུ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྦྱིན་པ་ལ་སོགས་པའི་བསླབ་པ་གཞན་དག་ཀྱང་ཡོད་པ་མ་ཡིན་ནམ་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DTG085_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སློབ་པར་བྱེད་སྙམ་པ་ལ་ཀུན་དགའ་བོ་འདས་པ་དང་མ་འོངས་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྤྱིར་གླེང་སློང་བར་མཛད་ནས་ད་ནི་བྱང་ཆུབ་ཆེན་པོའི་རང་གི་ངོ་བོ་བསྟན་པའི་ཕྱིར་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མ་མེད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་ཟད་པའོ་ཞེས་བྱ་བ་ནི་ཟད་པ་མེད་པའི་ཕྱིར་མི་ཟད་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་བྱང་ཆུབ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །འདི་ཉིད་བརྗོད་པའི་དོན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ་ཟད་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ཉིད་རྒྱ་ཆེར་སྟོན་པ་ནི་ཀུན་དགའ་བོ་གང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་དེ་ལ་མངོན་སུམ་གྱི་རང་གི་ངོ་བོ་ཡོངས་སུ་གཅོད་པ་ནི་ཚད་མའོ། །རྗེས་སུ་དཔག་བས་དབེན་པ་ཉིད་དུ་རྟོགས་པ་ནི་ཟད་པའོ། །དེ་གཉི་གས་སམ་ལུང་གིས་འདི་ཙམ་ཞིག་གོ་ཞེས་ངེས་པར་གཟུང་བ་ནི་ཐ་མའོ། །དགོངས་པ་ནི་ཇི་ལྟར་ནམ་མཁའ་རྫས་སུ་མེད་པ་ཙམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཚད་མ་ལ་སོགས་པ་གཟུང་བར་མི་ནུས་པ་དེ་བཞིན་དུ་ཡུལ་ཡང་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ཉིད་གསལ་བར་བྱེད་པས་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞུང་གི་ཚད་བཤད་པས་ཚད་མ་ལ་སོགས་པ་བརྗོད་པ་ཡིན་ནོ་ཞེན། ཀུན་དགའ་བོ་ངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ནའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་དགོངས་སོ། །དེ་ལྟ་ན་འོ་ན་ཚད་ལ་སོགས་པ་གང་གི་ཡིན་པར་འགྱུར་ཞེ་ན། མིང་གི་ཚོགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ལ་ཆོས་རྣམས་ཀྱི་ངོ་བོའི་ཚིག་བླ་དགས་ནི་མིང་གི་ཚོགས་སོ། །དེ་རྣམས་ཉིད་ཀྱི་ཁྱད་པར་གྱི་ཚིག་བླ་དགས་ནི་ཚིག་གི་ཚོགས་སོ། །དེ་གཉི་གའི་རྟེན་ཡི་གེའི་ཚོགས་སོ། །ཚད་དང་འབྲེལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ལ་སོགས་པའི་རང་བཞིན་ལ་དེ་ཡང་གཙོ་བོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསལ་བར་སྟོན་པའི་དོན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་སྐད་དུ་དོན་དམ་པར་དེ་བཞིན་གཤེགས་པའི་ཡེ་ཤེས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཡིན་ལ་དེ་སྟོན་པར་བྱེད་པས་ཉེ་བར་གདགས་པའི་


DTG085_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་གཞུང་གི་བདག་ཉིད་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཡང་དག་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་དུ་མཛད་ནས་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཁོ་ན་ཉིད་ཀྱི་ཚུལ་དུ་ཚད་མ་མ་གསུངས་པའི་རྒྱུ་ཞུས་པ་ནི་བཅོམ་ལྡན་འདས་ཅིའི་སླད་དུ་གསོལ་པ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ལན་བཏབ་པའི་ཕྱིར་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དབེན་པའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་མེད་པས་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །དབེན་པའི་ཆོས་ལ་ཞེས་བྱ་བ་ནི་དངོས་པོ་སྐྱེ་བ་མེད་པ་ལ་སྟོང་པ་ཉིད་དམིགས་སུ་མེད་དེ་ཆོས་ཅན་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །གཞལ་དུ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཟད་པ་དང་སྐྱེ་བ་མེད་པས་མ་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་གསུངས་པ་ནི་ཀུན་དགའ་བོ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྐད་ཅིག་མའི་མི་རྟག་པ་ཉིད་ཀྱིས་ན་ཟད་པའོ། །རྒྱུན་གྱི་མི་རྟག་པ་ཉིད་ཀྱིས་ན་ཡོངས་སུ་ཟད་པའོ། །ཉེ་བར་བསྡུ་བ་ནི་ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་སྐད་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དྲི་མ་སྐྱེས་པ་དང་མ་སྐྱེས་པ་ཉིད་དུ་བརྟགས་པ་རྣམས་ནི། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །གང་ཕྱིར་ཆོས་ཡོད་མ་ཡིན་ཏེ། །ཞེས་བྱ་བས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནམ་མཁའ་བཞིན་དུ་འགག་པ་དང་སྐྱེ་བ་མེད་པའི་ཕྱིར་རམ་གཅིག་དང་དུ་མའི་ངོ་བོ་ཉིད་དང་རྒྱུ་དང་འབྲས་བུ་རྣམ་པར་སྤྱོད་པའི་ཚད་མ་ལ་སོགས་པས་འཐད་པའི་དངོས་པོ་མེད་པས་ནམ་མཁའི་པད་མ་བཞིན་དུ་འགག་པ་དང་སྐྱེ་བ་མེད་པའི་ཕྱིར་གོ་རིམས་བཞིན་དུ་དྲི་མ་རྣམས་ཟད་པ་དང་མི་སྐྱེ་བ་མེད་པས་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་ཉིད་ཆོས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟ་བའི་བདག་ཉིད་ནི་བྱང་ཆུབ་ཆེན་པོ་ཡིན་པར་བརྗོད་


DTG085_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང༌། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དེ་ཁོ་ན་ཉིད་བསྟན་པ་ན་དངོས་པོ་ལ་ཤིན་ཏུ་ཤས་ཆེར་མངོན་པར་ཞེན་བསལ་ལ་ཞིག་དངོས་པོ་འཇིག་པའི་བསམ་པས་ཟད་པ་ལ་ཟད་དོ་སྙམ་པའི་ཤེས་པ་དང༌། མ་འོངས་པའི་དངོས་པོ་མི་སྐྱེ་བའི་བསམ་པས་མི་སྐྱེ་བ་ལ་མི་སྐྱེ་བར་ཤེས་པ་ཡིན་པར་བརྗོད་པ་དེས་ན་བྱང་ཆུབ་ཆེན་པོ་རང་གི་ངོ་བོ་ལ་ལོག་པར་བསྒྲུབ་པའི་གནས་ཉིད་ཡིན་པར་དངོས་སུ་བསྟན་པའི་དོན་དུ་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་གསུང་བར་མཛད་པ་ནི་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནམ་མཁའ་མི་ཟད་པའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པའོ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བར་ཟད་པ་མེད་པའི་ཕྱིར་དང་ཆོས་རྣམས་ཀྱི་སྐྱེ་བ་མེད་པས་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདག་ཉིད་ཅན་བྱང་ཆུབ་ཆེན་པོ་ནི་ཟད་པ་མེད་པའོ་ཞེས་བྱ་བའི་ཐ་ཚིག་གོ །ལས་དང་པོ་པའི་གནས་སྐབས་སུ་དམིགས་པ་ལ་མངོན་པར་ཞེན་པས་བསྒོམ་པ་ན་འདི་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་རྟོགས་པར་འགྱུར་ཞེས་གསོལ་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །ཉེས་པ་འདི་ནི་མེད་དེ་གང་གི་ཕྱིར་སྦྱོར་བའི་དུས་ཉིད་ནས་བརྩམས་ཏེ་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་ཞིང་སྐྱེ་བ་དང་འཇིག་པ་དང་བྲལ་བས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྒོམ་པར་བྱེད་དོ་ཞེས་གསུངས་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཟད་པ་མེད་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་གཞན་གྱིས་ཀྱང་གསལ་བར་བྱེད་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་རིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་སྐྱེ་བ་སྔ་མའི་ཉོན་མོངས་པའི་གནས་སྐབས་ནི་འདིར་མ་རིག་པའོ། །དེ་བཞིན་དུ་བསོད་ནམས་ལ་སོགས་པའི་གནས་སྐབས་ནི་འདུ་བྱེད་དོ། །དེ་བཞིན་དུ་སྐྱེ་བ་འདིར་ཉིད་མཚམས་སྦྱོར་བའི་སྐད་ཅིག་མའི་ཕུང་པོ་ལྔ་ནི་རྣམ་པར་ཤེས་པའོ། །ཉིད་མཚམས་སྦྱོར་བ་ཕན་ཆད་ཀྱི་སྐྱེ་མཆེད་དྲུག་མདོང་པའི་བར་དུ་མིང་དང་གཟུགས་སོ། །དེ་


DTG085_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཇི་སྲིད་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས་པར་མ་གྱུར་པ་དེ་སྲིད་ནི་སྐྱེ་མཆེད་དྲུག་གོ །ཇི་སྲིད་དུ་ཚོར་བར་གསུམ་གྱི་རྒྱུ་ཡོངས་སུ་གཅོད་པའི་དོན་དུ་མི་འགྱུར་བ་དེ་སྲིད་ཀྱི་བར་དུ་ནི་རེག་པའོ། །འཁྲིག་པའི་འདོད་ཆགས་ཀྱི་སྔོན་དུ་བདེ་བ་ཉམས་སུ་མྱོང་བའི་གནས་སྐབས་ནི་ཚོར་བའོ། །ཡུལ་ཚོར་བའི་གནས་སྐབས་ཀྱི་སྔོན་དུ་འདོད་པའི་ཡོན་ཏན་དང་འཁྲེག་པའི་འདོད་ཆགས་ལ་ཀུན་ཏུ་སྤྱོད་པའི་གནས་སྐབས་སུ་ནི་སྲེད་པའོ། །ཡུལ་ཚོར་བའི་གནས་སྐབས་ནི་ལེན་པའོ། །ཡུལ་ཐོབ་པའི་རྒྱུར་ཡོངས་སུ་རྒྱུག་པས་ཡང་སྲིད་པའི་ལས་ཉེ་བར་བསགས་པ་ནི་སྲིད་པའོ། །ལས་དེས་མ་འོངས་པ་ན་ཡང་ཉིད་མཚམས་སྦྱོར་བ་ནི་སྐྱེ་བའོ། །དེ་ཕན་ཆད་ནས་ཇི་སྲིད་ཚོར་བའི་གནས་སྐབས་ཀྱི་བར་གྱི་གནས་སྐབས་དེ་ནི་རྒ་ཤིའོ། །དེ་ལྟར་ན་སྔོན་དང་ཕྱི་མའི་མཐར་གཉིས་གཉིས་དང་བར་དུ་བརྒྱད་ནི་རྟེན་ཅིང་འབྲེལ་པར་འབྱུང་པ་ཡན་ལག་བཅུ་གཉིས་དུམ་བུ་གསུམ་ཡིན་ནོ། །མི་ཟད་པར་ཞེས་བྱ་བ་ནི་ཟད་པ་མེད་པ་དེ་སྔ་མ་བཞིན་ནོ། །མཐའ་གཉིས་སྤངས་པའོ་ཞེས་བྱ་བ་ནི་རྟག་པ་དང་ཆད་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་མཐའ་དང་དབུས་མེད་པར་ལྟ་སྟེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་སྒྱུ་མ་ལྟ་བུ་ཡིན་པ་ཉིད་ཀྱིས་ན་སྐྱེ་བ་དང་འཇིག་པ་དང་གནས་པ་དང་བྲལ་བ་ཡིན་ནོ་ཞེས་བལྟའོ། །འདི་ལྟ་བུ་ཉིད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་གཟུང་བར་བྱའོ་ཞེས་གསུངས་པ་ནི་རབ་འབྱོར་དེ་ལྟར་རྣམ་པར་བལྟ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཡིད་ལ་བྱེད་པ་ནི་མི་ཟད་པ་ལ་མངོན་པར་བསྒྲུབ་པའོ། །ཐབས་ལ་མཁས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྤྱོད་པའོ། །དེ་ཉིད་སྟོན་པ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་ན་ཀུན་རྫོབ་ཏུ་ཆད་པར་འགྱུར་རོ་ཞེ་ན། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་བལྟ་བས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུ་མེད་པར་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་རྒྱུ་ཡོད་པ་ཉིད་ཡིན་པའི་ཕྱིར་རོ། །རྟག་པ་ཞེས་བྱ་བ་ལ་སོགས་པ་དེ་ལ་སྐྱེ་བའི་རྒྱུ་མེད་པས་


DTG085_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྟག་པའོ། །སྐྱེས་པ་ལ་འཇིག་པ་མེད་པས་ན་བརྟན་པའོ། །མངོན་པར་གསལ་བ་དང་ཡོངས་སུ་གྱུར་པའི་རང་བཞིན་དུ་མི་འཇུག་པས་ན་ཐེར་ཟུག་པའོ། །གནས་སྐབས་གཞན་ཐོབ་པ་དང་བྲལ་བས་ན་རྣམ་པར་འགྱུར་བ་མེད་པའི་ཆོས་ཅན་ནོ། །གཟུགས་ལ་སོགས་པ་ཉེ་བར་དམིགས་བཞིན་དུ་ཇི་ལྟར་མི་ཟད་པའི་རྣམ་པས་མངོན་དུ་བྱ་ཞེ་ན། རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མི་དམིགས་པས་བདག་དང་ཆོས་སུ་འཛིན་པ་ཐམས་ཅད་སྤངས་པས་མཐོང་བའི་ལམ་གྱི་བྱ་བ་སྟོན་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཆོས་ཐམས་ཅད་མ་མཐོང་བ་ཡིན་པའི་ཕྱིར་གང་དག་དངོས་པོ་འཇིག་པའི་བསམ་པས་ཟད་པ་ལ་ཟད་དོ་སྙམ་པའི་ཤེས་པ་དང་དངོས་པོ་མི་སྐྱེ་བའི་བསམ་པས་མི་སྐྱེ་བ་ལ་མི་སྐྱེའོ་སྙམ་པའི་ཤེས་པ་ནི་ཟད་པ་དང་མི་སྐྱེ་བའི་ཤེས་པ་ཡིན་པར་བརྗོད་པ་དེ་དག་གི་ལྟར་ན་ཟད་པ་དང་མི་སྐྱེ་བ་དང་བྲལ་བས་ཤེས་པ་འདི་མི་རུང་ངོ༌། །འདི་ལྟར་སྐྱེས་པ་དང་མ་སྐྱེས་པ་དག་གི་གོ་རིམས་བཞིན་དུ་ཟད་པ་དང་སྐྱེ་བའི་གགས་བྱེད་པའི་མཚན་ཉིད་ཀྱིས་འགོག་པས་འགོག་པ་མེད་པ་དོན་དམ་པར་དེ་བཞིན་ཉིད་ཀྱི་ངོ་བོ་རང་བཞིན་དུ་གྱུར་པ་ལ་དངོས་པོ་ལ་ལོག་པར་མངོན་པར་ཞེན་པའི་རྒོལ་པ་ཁྱེད་ཀྱི་མཐོང་བའི་ལམ་གྱི་སྟོབས་ཀྱིས་རྣམ་པར་རྟོག་པ་ལ་སོགས་པའི་ངོ་བོ་སྐྱེས་པ་ཟད་པ་ཅི་ཞིག་དང་མ་སྐྱེས་པའི་མི་སྐྱེ་བའི་ཆོས་ཅི་ཞིག་འཐོབ་སྟེ། འོན་ཀྱང་ཅུང་ཟད་ཀྱང་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་ཟད་པ་དང་མི་སྐྱེ་བའི་ཤེས་པ་ནི་ཇི་སྐད་དུ་བཤད་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང༌། འགག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་ཐོབ། །ཅེས་གསུངས་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་ཆོས་ཡང་དག་པར་ཡོད་པར་ཁས་ལེན་ན་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་རྣམ་པར་རྟོག་པ་ཐམས་ཅད་དུ་སྤངས་པར་འཐད་པ་ཤིན་ཏུ་དཀའ་བར་འགྱུར་རོ། །འདི་ལྟར་སྐྱེ་བ་དང་འཇིག་པ་སྟོང་པ་ཡིན་པའི་ཕྱིར་བདག་མེད་དོ་སྙམ་དུ་བསྒོམ་ཞིང་བདག་ཏུ་མངོན་པར་ཞེན་པ་ཡོངས་སུ་དོར་ཏེ་དེས་དབེན་པའི་ངོ་བོ་ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་དང་འཇིག་པའི་ཆོས་ཅན་


DTG085_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དག་པར་དམིགས་ནས། དངོས་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་འདི་དག་ནི་སེམས་ཙམ་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་ནི་མེད་དོ་ཞེས་བྱ་བར་ཡིད་ལ་བྱེད་ཅིང་འཛིན་པའི་རྣམ་པ་ཅན་གྱི་སེམས་ལ་མངོན་པར་ཞེན་པ་ཡོངས་སུ་མ་སྤངས་པས་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་ཏེ། གཟུང་བ་མེད་ན་འཛིན་པ་མེད་དོ་སྙམ་དུ་ངེས་པར་སེམས་པ་ན་འཛིན་པའི་རྣམ་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་དེ་ཡང་རྣམ་པར་བསལ་ཏེ་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་ཡང་དག་པར་ཡོད་པའི་ངོ་བོ་ཉིད་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་པ་ཡིན་ཏེ། ཡང་དག་པར་ན་གཅིག་ཏུ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་བརྟགས་པའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་སྒོམ་པར་བྱེད་པའི་བསྒོམ་པའི་སྟོབས་རྫོགས་པ་ན་འགའ་ཞིག་གི་ནོར་བུ་དང་དངུལ་ལ་སོགས་པའི་ཤེས་པ་བཞིན་དུ་འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་སོ་སོར་རང་གིས་རིག་པར་བྱ་བ་ཅི་ཞིག་ལྟར་ཡང་དག་པར་སྐྱེས་པས་ན་རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ༌། །དེ་ལྟ་མ་ཡིན་ན་དུས་ཐམས་ཅད་དུ་ནམ་མཁའ་རྫས་མེད་པ་ཙམ་གྱི་ངོ་བོ་འཛིན་པ་བཞིན་དུ་བསྐྱེད་དུ་མེད་པ་དང་སྤང་དུ་མེད་པའི་རང་གི་ངོ་བོ་འཛིན་པའི་ཕྱིར་སྐད་ཅིག་མའི་ཆོས་ཤེས་པ་ཙམ་གྱི་ངོ་བོ་ཉིད་དང་ཤེས་བྱའི་མཚན་ཉིད་རྣམས་གལ་ཏེ་དོན་དམ་པར་ཡོད་པ་ཉིད་གཅིག་ཏུ་གྱུར་ན་དེའི་ཚེ་གཉེན་པོ་བསྒོམས་པས་ནམ་མཁའ་བཞིན་དུ་དེ་དག་ལ་ཅུང་ཟད་ཀྱང་མི་བྱེད་དེ། དེའི་ཕྱིར་དངོས་པོ་ལ་མངོན་པར་ཞེན་པའི་ཕྱིན་ཅི་ལོག་མི་ལྡོག་པས་ན་གཞན་དག་གིས་བཅོམ་ལྡན་འདས་ཀྱིས་ཤེས་བྱའི་སྒྲིབ་པ་རྣམ་པ་ཐམས་ཅད་དུ་སྤངས་པ་གང་ཡིན་པ་དང༌། ཆོས་རྣམས་ཀྱང་ཡོད་པར་ཁས་ལེན་པ་གང་ཡིན་པ་དེ་ནི་ཕན་ཚུན་འགལ་བའི་དོན་ཁས་ལེན་པ་ཡིན་པས་ཁོ་བོས་ངོ་མཚར་གྱི་གནས་སུ་གྱུར་པར་བརྩིས་སོ། །དེ་སྐད་དུ་ཡང༌། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང༌། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་གསུངས་པ་ཡིན་ནོ། །གང་


DTG085_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར་དེ་ལྟར་དངོས་པོ་ལ་མངོན་པར་ཞེན་པ་ལས་གྲོལ་བར་མི་འཐད་པ་དེ་ཕྱིར་སྐུར་བ་འདེབས་པ་དང་སྒྲོ་འདོགས་པའི་ངོ་བོ་ཆོས་འགའ་ཡང་བསལ་བ་དང་གཞག་པ་མ་བྱས་པར་གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་རྫོབ་ཏུ་ཡང་དག་པའི་ངོ་བོར་གྱུར་པ་འདི་ཉིད་ལ་རང་བཞིན་མེད་པ་ལ་སོགས་པའི་ངོ་བོར་བརྟག་པར་བྱ་སྟེ། དེ་ལྟར་སྒྱུ་མའི་རྒྱལ་པོས་སྒྱུ་མའི་རྒྱལ་པོ་གཞན་ཞིག་ཕམ་པར་བྱས་པ་དང་འདྲ་བར་ཕྱིན་ཅི་ལོག་ལྡོག་པས་དེ་ཁོ་ན་ཉིད་མཐོང་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་སྐད་དུ་ཡང༌། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པ་ཡིན་ནོ། །ཇི་སྐད་བཤད་པའི་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་བསྒོམས་པས་མི་མཐུན་པའི་ཕྱོགས་ཀྱི་ཆོས་མ་ལུས་པ་ལས་འདས་པའི་ཕྱིར་བདུད་རྣམས་ཡིད་མི་བདེ་བར་གྱུར་པ་བསྟན་པ་ནི་རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་བཞིན་དུ་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཉེ་བར་བསྡུ་བ་ནི་རབ་འབྱོར་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཙོར་མཐོང་བའི་ལམ་བྱང་ཆུབ་ཆེན་པོའི་རྒྱུ་ཉིད་ཡིན་པའི་ཕྱིར་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བར་བརྗོད་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་དཀྱུས་མ་མཐོང་བའི་ལམ་ཉིད་རྒྱ་ཆེར་སྟོན་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་རེ་རེ་ནས་བསྟན་ནས་སྤྱིར་བསྡུས་ཏེ་བརྗོད་པའི་དོན་དུ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཚིག་བླ་དགས་སོ་ཞེས་སྔར་གསུངས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་ནི་གཞུང་མདོར་བསྡུས་ཏེ་བརྗོད་པར་བཞེད་པ་ཡིན་


DTG085_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཉེ་བར་མཚོན་པ་ཉིད་ཀྱི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རེ་རེའི་སྤྱད་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ཡང་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་སེམས་ཅན་རྣམས་ལ་བྱམས་པའི་ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཀྱིས་ཉེ་བར་གནས་པར་འགྱུར་བ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་ལེན་པ་པོ་རྣམས་གཤེ་ཞིང་འཁྱལ་བར་སྨྲ་བ་ལ་སོགས་པ་བཟོད་པ་ནི་དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་སློང་མོ་པའི་ཁྲོ་ཞིང་མཚང་འབྲུ་བར་ཡོངས་སུ་སྨྲ་བ་ལ་སོགས་པས་སྦྱིན་པ་ལ་སྤྲོ་བ་མི་འདོར་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་སྦྱིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་རྣམ་པར་གཡེང་བའི་སེམས་མེད་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་སྦྱིན་པ་བྱིན་པ་ན་སྒྱུ་མའི་བློས་ཉེ་བར་གནས་པས་གང་ལ་ཡང་ཕན་པའམ་གནོད་པར་འགྱུར་བ་མ་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་བསྲུང་བ་ནས་ཤེས་རབ་བསྒོམ་པའི་བར་དུ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་བསྡུས་པ་ནི་མདོ་ལས་ཇི་སྐད་གསུངས་པ་བཞིན་དུ་བརྗོད་པར་བྱའོ། །དེ་བས་ན་འདི་སྐད་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་སྦྱིན་པ་ལ་སོགས་པ་སོ་སོར་རེ་རེའོ། །ངོ་བོར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཕན་ཚུན་བསྡུས་པ་གང་ཡིན་པ་སྐད་ཅིག་མ་གཅིག་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་བསྡུས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་རྣམ་པ་སུམ་ཅུ་རྩ་དྲུག་གིས་རྣམ་པར་སྐྱེས་པ་དེ་ནི་རྩེ་མོའི་མངོན་པར་རྟོགས་པ་འདིར་མཐོང་བའི་ལམ་ཡིན་པར་ཤེས་པར་བྱའོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། སྦྱིན་པ་ལ་སོགས་རེ་རེར་ཡང༌། །དེ་དག་ཕན་ཚུན་བསྡུས་པ་གང༌། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་གསུངས་པ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་རྣམ་པར་རྟོག་པ་རྣམས་ནི་སྔོན་ཉིད་སྤངས་པར་གྱུར་པས་ཇི་ལྟར་རབ་ཀྱི་མཐར་ཐུག་པར་རྟོགས་པའི་གནས་སྐབས་


DTG085_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་སྤོང་བར་བསྟན་ཞེ་ན་དེ་ནི་ཉེས་པ་མེད་དེ་གང་གི་ཕྱིར་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོ་ལས་གསང་བ་ཕྲ་མོ་ལ་རྗེས་སུ་འཇུག་པ་དང་མངོན་པར་ཤེས་པ་ཆེན་པོ་ལ་གགས་བྱེད་པའི་ཀུན་དུ་རྨོངས་པ་དག་དང་དེའི་ས་བོན་ནི་ས་བཅུ་པ་ལ་སྤོང་ངོ་ཞེས་གསུངས་པ་དེ་བས་ན་ཇི་སྐད་དུ་བཤད་པའི་ཀུན་དུ་རྨོངས་པའི་བག་ཆགས་ཀྱི་རྒྱུ་ཡང་དག་པར་བཅད་པས་རྒྱུ་ཅན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་རྣམ་པ་དེ་ལྟ་བུ་རྣམས་ནི་རབ་ཀྱི་མཐར་ཐུག་པར་རྟོགས་པའི་ངོ་བོ་ཡིན་པས་ནས་བཅུ་པ་དང་འབྲེལ་པའི་རྩེ་མོའི་མངོན་པར་རྟོགས་པ་ལ་ངེས་པར་སྤོང་བར་བྱེད་པ་ཡིན་ལ་གཞན་དག་ཏུ་ནི་རེས་འགའ་བའི་སྤོང་བ་ཡིན་ནོ་ཞེས་སྔོན་གྱི་སློབ་དཔོན་རྣམས་འཆད་དོ། །སྐྱེ་བོ་བློ་དམན་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་རྗེས་སུ་བརྩེ་བའི་བསམ་པས་ཇི་སྐད་བཤད་པའི་རྣམ་པར་རྟོག་པ་རྣམས་ཡུལ་གྱི་དབྱེ་བས་རེ་རེ་ཞིང་རྣམ་པ་དགུར་དབྱེ་བ་བྱས་པ་ཡིན་ལ་ཤེས་རབ་རྣོ་བ་རྣམས་ཀྱིས་བརྙས་པ་སྤང་བའི་ཕྱིར་ཤིན་ཏུ་ཕྱེ་བ་མ་ཡིན་ཏེ། གཉེན་པོའི་ཕྱོགས་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །འདིར་བསྡུས་པའི་དོན་ནི་ཇི་སྐད་དུ་བཤད་པའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ནི་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བ་ཡིན་ལ་ཕྱིན་ཅི་ལོག་དེ་ཡང་ཐོག་མ་མེད་པ་ནས་དངོས་པོ་ལ་མངོན་པར་ཞེན་པའི་མཚན་ཉིད་དོ། །དེ་བས་ན་དེ་ལས་བཟློག་པའི་དམིགས་པ་དང་རྣམ་པ་ཅན་ཉིད་ཀྱིས་དེ་འགོག་པ་ངོ་བོ་ཉིད་མེད་པའི་ཤེས་པས་དེ་སྤོང་བ་ཉིད་ཡིན་ནོ། །དེ་སྤངས་པ་ན་དེའི་རྩ་བ་ཅན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལ་སོགས་པ་གནས་པ་ཇི་ལྟར་ཐོབ་པར་འགྱུར་ཞེས་བྱ་བ་འདི་ཡིན་ནོ། །མཐོང་བའི་ལམ་འདི་ཡང་དག་པར་སྐྱེས་པ་ན་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་དབྱེ་བས་རྣམ་པར་རྟོག་པ་བཞི་པོ་སོ་སོར་རྣམ་པ་དགུའི་རང་བཞིན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས་དེ་དག་གིས་བསྡུས་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའི་བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་ཐོབ་ནས་དེ་དབང་དུ་བྱ་བའི་ཕྱིར་དེ་ཉིད་ཡང་དང་ཡང་དུ་བསྒོམ་པར་བྱའོ་ཞེས་གསུངས་པ་ནི་ཐབས་ལམ་མཁས་པ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ་


DTG085_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པའོ། །མཐོང་བའི་ལམ་ཐོབ་པའི་རྣལ་འབྱོར་བ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པའི་ཕྱིར་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་དུས་ཕྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལམ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ལ་སོགས་པ་ལུགས་དང་མཐུན་པ་དང་སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་བྱ་བ་ལ་སོགས་པ་ལུགས་དང་མི་མཐུན་པར་ཡང་དག་པར་རྟོག་པ་འདི་ནི་འདིར་ཐབས་མཁས་པ་ཡིན་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང༌། སེངྒེ་རྣམ་བསྒྱིངས་ཏིང་འཛིན་ལ། །སྙོམས་པར་ཞུགས་ནས་དེ་ནས་ནི། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་པ་རྟོག་པར་བྱེད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་མཐོང་བའི་ལམ་བརྗོད་ནས་མི་མཐུན་པའི་ཕྱོགས་སྤོང་བ་ལ་སོགས་པ་རྟེན་རྟོགས་པ་སྔོན་དུ་བཏང་བ་ཡིན་ན་གོ་སླ་བས་རྟེན་བསྒོམ་པའི་ལམ་བསྟན་པའི་དོན་དུ་རབ་འབྱོར་ཐབས་ལ་མཁས་པ་ཐམས་ཅད་ཡོངས་སུ་གཟུང་བར་འདོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐབས་ལ་མཁས་པ་ཐམས་ཅད་ནི་འདིར་བསྒོམ་པའི་ལམ་ཡིན་ནོ། །དེ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་བསྡུས་པ་ཡིན་ལ་དེ་ཡང་དམ་པ་ཐོང་རྒལ་གྱི་སྙོམས་པར་འཇུག་པས་བསྡུས་པ་ཡིན་པར་ཤེས་པར་བྱའོ། །དེ་བས་ན་འདི་སྐད་དུ་བྱང་ཆུབ་སེམས་དཔའ་རྣམས་ནི་བསམ་གཏན་དང་བོ་ནས་བརྩམས་ནས་འགོག་པའི་བར་དུ་སོང་སྟེ་དེའི་འོག་ཏུ་འགོག་པ་ནས་བརྩམས་ཏེ་བསམ་གཏན་དང་པོའི་བར་དུ་འོང་པས་དེ་ལྟར་ལུགས་དང་མཐུན་པ་དང་མི་མཐུན་པའི་རིམ་པ་གཉིས་ཀྱིས་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་འགོག་པའི་མཚན་ཉིད་ཀྱི་སྙོམས་པར་འཇུག་བ་དང་དགུར་སོང་ཞིང་འོངས་ནས་ཡང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་དེ་ལས་ལངས་ནས་འགོག་པ་ལ་ཞེས་བྱ་བ་ནས་དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་ལ་འགོག་པ་ལ་སྙོམས་པར་ཞུགས་ཏེ། དེ་ལས་ལངས་ནས་དེ་མ་ཐག་པའི་སྙོམས་པར་འཇུག་པ་ལ་དམིགས་ཏེ། འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་མཚམས་ཀྱི་ངོ་བོར་བཞག་ནས་ཐབས་མཁས་པའི་སྟོབས་ཀྱིས་ལངས་ཏེ་རྣམ་པར་ཤེས་པ་མཉམ་པར་མ་


DTG085_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་དེ་ལྟ་བུ་དེ་མངོན་སུམ་དུ་བྱས་ནས་དེའི་འོག་ཏུ་འགོག་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེའི་འོག་ཏུ་འགོག་པ་གཅིག་པུ་བོར་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་གཉིས་བོར་ལ་ཅི་ཡང་མེད་པའི་སྐྱེ་མཆེད་དུའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་བཞིན་དུ་ཇི་སྲིད་བརྒྱད་བོར་ནས་བསམ་གཏན་དང་པོའི་བར་ལའོ། །དེ་ནས་མཉམ་པར་མ་བཞག་པའི་བར་ལ་སྟེ་དེ་ལྟར་གཅིག་ལ་སོགས་པ་བོར་བས་འགོག་པའི་སྙོམས་པར་འཇུག་པ་ལ་ཐུག་པའི་བར་དུ་མི་འདྲ་བའི་སྒོ་ནས་འགྲོ་བས་ན་མི་འདྲ་བར་རི་འགྲོ་བས་ཐོད་རྒལ་གྱིས་སྙོམས་པར་འཇུག་པ་ལ་དབང་བ་ཉིད་ཡིས་མཚན་ཉིད་བསྒོམ་པའི་ལམ་གྱི་ངོ་བོའི་ཐབས་ལ་མཁས་པ་ཐམས་ཅད་དུ་ཡོངས་སུ་གཟུང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང༌། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་རྟོག་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་རྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་གསུངས་པ་ཡིན་ནོ། །སྟོང་ཕྲག་ཉི་ཤུ་ལྔ་པ་ལས་དོན་འདི་ཉིད་ཀྱི་དབང་དུ་མཛད་ནས་རྒྱ་ཆེར་བསྟན་པ་ནི་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན་པ་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་དང་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་པས་སོམ་ཉི་མི་བྱའོ། །གང་ཡང༌། ས་བརྒྱད་རྣམ་གཉིས་འབྲེལ་པ་དང༌། །གཅིག་རྒལ་སོང་ཞིང་འོངས་ནས་ནི། །རིགས་མི་མཐུན་པ་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་བྱིན། །ཞེས་བཤད་པས་ན་དེ་ལྟར་ཐོད་རྒལ་གྱི་ཏིང་ངེ་འཛིན་ཇི་ལྟར་ཡིན་ཞེ་ན། ཅི་བྱ་རོག་དང་འོ་ཐུག་མཚན་ཉིད་འདྲ་བ་ཡིན་ནམ། འཇུག་ཚུལ་འདི་ཉིད་གཞན་ཉིད་ཡིན་ཏེ་གང་གི་ཕྱིར་དེ་ལྟ་བུའི་ཐབས་མཁས་པ་ཐོབ་པའི་བྱན་


DTG085_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱ་སྙེད་དུ་འཇུག་ཅིང་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པས་རྒྱུ་ཆེ་བ་ཉིད་ཀྱིས་བསྒོམ་པའི་ལམ་ནི་མཆོག་ཏུ་ཁྱད་པར་འཕགས་པ་ཉིད་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་སྔོན་དུ་འགྲོ་བའི་བསྒོམ་པའི་ལམ་རྣམ་པར་སྤྱད་བར་བྱའོ་ཞེས་གསུངས་པ་ནི་རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །ཉིན་ཞག་འདས་ཀྱི་བར་ལ་ཞེས་བྱ་བ་ནི་ཉིན་ཞག་གཅིག་མཐར་ཐུག་པའི་བར་ལ་ཡང་ཐ་ན་སེ་གོལ་གཏོགས་པ་ཙམ་ཞིག་ཅེས་བྱ་བའི་ཐ་ཚིག་གོ །བསྒོམ་པའི་ལམ་ལ་ཡང་དག་པར་གོམས་པའི་ཕན་ཡོན་མང་པོ་རྣམ་པ་སྣ་ཚོགས་བསྟན་པའི་ཕྱིར་རབ་འབྱོར་གང་ཡང་དམིགས་པ་དང་བཅས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབས་ན་ཞེས་བྱ་བ་ནི་བསྒོམ་པའི་ལམ་བསྐྱེད་པས་སོ། །འགྲོ་བ་དྲིས་པའི་ལན་གྱི་དབྱེ་བས་སླར་ཡང་ཕན་ཡོན་སྟོན་པ་གསུངས་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པས་དགོངས་པས་ཞེས་བྱ་བ་ལ་སོགས་པའོ། །འགྲོ་བ་གང་ཞིག་ལ་ཞེས་བྱ་བ་ནི་ཇི་ལྟ་བུའི་སྐལ་བ་མཉམ་པ་ཉིད་ལའོ། །འགྲོ་བ་གཞན་དུ་དོགས་པར་མི་བྱ་བའོ་ཞེས་བྱ་བ་ནི་འོན་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བའོ། །རབ་འབྱོར་ཡོན་ཏན་འདི་དག་དང་ཕན་ཡོན་འདི་དག་ཡིན་ན་ཞེས་བྱ་བ་ནི་བསོད་ནམས་མང་པོ་སྐྱེ་བ་ལ་སོགས་པའི་ཡོན་ཏན་དང་དེ་བཞིན་གཤེགས་པས་དགོངས་པ་ལ་སོགས་པའི་ཕན་ཡོན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་མེ་ཏོག་བཀྲམ་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ལྟར་བསྒོམ་པའི་ལམ་བརྗོད་ནས་དེས་སྤང་བར་བྱ་བའི་མི་མཐུན་པའི་ཕྱོགས་གཟུང་བ་དང་འཛི་པའི་རྣམ་པར་རྟོག་པ་བཞི་པོའི་གཉེན་པོ་བརྗོད་པའི་སྒོ་ནས་བརྗོད་པར་བྱ་བ་ཡིན་པ་དེས་ན་གླེང་སློང་བས་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དང་པོ་གཟུང་བའི་རྣམ་པར་རྟོག་པ་ཡུལ་གྱི་དབྱེ་བས་རྣམ་པ་དགུ་ཡིན་པ་ལས་རྣམ་པར་རྟོག་པ་དང་


DTG085_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་དོན་ནི་ཆོས་ཐམས་ཅད་ཆགས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་སོ། །ཆོས་བསྡུས་པའི་རྣམ་པར་རྟོག་པ་སྤང་བའི་དོན་དུ་ཆོས་ཐམས་ཅད་ལ་མངོན་པར་མ་ཞེན་པས་བསྒོམ་པའི་ལམ་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་རྣམ་པར་རྟོག་པའི་དབང་དུ་བྱས་པ་ཕྱི་མར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་བསྒོམ་པའི་ལམ་གྱི་དོན་ཡིན་པར་ཤེས་པར་བྱའོ། །རྣམ་པར་རྟོག་པ་གཉིས་པའི་དོན་ནི་ཆོས་ཐམས་ཅད་དབྱེར་མི་ཕྱེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། ཆོས་རྒྱས་པའི་རྣམ་པར་རྟོག་པ་སྤང་བའི་དོན་དུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་དབྱེར་མི་ཕྱེད་ཅིང་ཚུལ་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་གསུམ་པའི་དོན་ནི་ཆོས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་བས་བསྟང་བ་མེད་པའི་རྣམ་པར་རྟོག་པ་སྤངས་པའི་དོན་དུ་ནི་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་མ་སྐྱེས་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་བཞི་པའི་དོན་ནི་ཆོས་ཐམས་ཅད་འགྱུར་བ་མེད་པར་མཉམ་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། སྦྱོར་བའི་ལམ་གྱི་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་སྤང་བའི་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་འགྱུར་བ་མེད་པར་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལྔ་པའི་དོན་ནི་ཆོས་ཐམས་ཅད་བདག་མེད་པ་དང་རྣམ་པར་རིག་པ་མེད་པར་ཤེས་རབ་ཀྱིས་རྟོགས་པས་ཞེས་གསུངས་པ་ཡིན་ཏེ། མཐོང་བའི་ལམ་གྱི་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་སྤང་བར་བྱ་བའི་དོན་དུ་ཆོས་ཐམས་ཅད་བདག་མེད་པའི་ཚུལ་གྱིས་རྣམ་པར་རིག་པ་མེད་པའོ་ཞེས་ཤེས་རབ་ཀྱིས་རྟོགས་པའི་ཕྱིར་རོ། །རྣམ་པར་རྟོག་པ་དྲུག་གི་དོན་ནི་ཆོས་ཐམས་ཅད་མིང་ཙམ་དང་ཐ་སྙད་གདགས་པ་ཙམ་གྱིས་བརྗོད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ་བསྒོམ་པའི་ལམ་གྱི་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་སྤང་བར་བྱ་བའི་དོན་དུ་ཡིད་ཀྱི་བརྗོད་པ་དང་ཕྱི་རོལ་གྱི་བརྗོད་པ་ཙམ་གྱིས་ཆོས་ཐམས་ཅད་ཀུན་རྫོབ་ཏུ་བརྗོད་པ་ཡིན་པའི་ཕྱིར་རོ། །ཕྱི་རོལ་གྱི་བརྗོད་པ་ལ་ནི་འགའ་ཞིག་མངོན་པར་ཞེན་པས་ཐ་སྙད་གདགས་པ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་བདུན་པའི་དོན་ནི་ཆོས་ཐམས་ཅད་ཐ་སྙད་མེད་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྦྱོར་བའི་ལམ་གྱི་རྣམ་པར་རྟོག་པ་


DTG085_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བའི་དོན་དུ་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ན་ཐོས་པ་དང་བསམ་པ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པས་བརྗོད་པར་མི་ནུས་པའི་ཕྱིར་གོ་རིམས་བཞིན་དུ་ཐ་སྙད་མེད་པ་བརྗོད་དུ་མེད་པ་སྨྲར་མེད་པ་ཚིག་མེད་པ་ཞེས་བྱ་བར་སྦྱར་རོ། །རྣམ་པར་རྟོག་པ་བརྒྱད་པའི་དོན་ནི་ཆོས་ཐམས་ཅད་ཚད་མ་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་སྤང་བར་བྱ་བའི་དོན་དུ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་ཆོས་ཐམས་ཅད་ལ་ཚད་མ་མེད་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱེད་པ་ནི་གཟུགས་མཚན་མ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་དགུ་པའི་དོན་ནི་ཆོས་ཐམས་ཅད་མཚན་མ་མེད་པའི་ཕྱིར་གསུངས་པ་ཡིན་ཏེ། བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པ་སྤང་བའི་དོན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་ན་མཚན་མ་མེད་པའི་ཕྱིར་རོ། །འདི་སྐད་དུ་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྣམས་ལ་ཕན་འདོགས་པས་ཆོས་མདོར་བསྡུས་པ་དང་རྒྱས་པ་ལ་དགའ་བའི་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བས་ཆོས་རྒྱས་པ་དང་ཇི་སྐད་བཤད་པའི་དོན་ལ་ནན་ཏན་མི་བྱེད་བས་སངས་རྒྱས་ཀྱི་མགོན་དང་བཅས་པས་ཡོངས་སུ་མ་བཟུང་བ་དང༌། བྱུང་བ་འགགས་པ་ཉིད་ཀྱིས་སྦྱོར་བའི་ལམ་གྱི་ཡོན་ཏན་མེད་པ་དང༌། ཡང་དག་པར་སྐྱེ་བའི་རྒྱུ་དང་བྲལ་བས་མཐོང་བའི་ལམ་གྱི་ཡོན་ཏན་མེད་པ་དང༌། མ་འོངས་པ་མེད་པ་ཉིད་ཀྱིས་བསྒོམ་པའི་ལམ་གྱི་ཡོན་ཏན་མེད་པ་དང༌། ཞིབ་ལ་སོགས་པ་ཉིད་ཀྱིས་མྱ་ངན་ལས་འདས་པར་སྦྱོར་བའི་ལམ་དང༌། སྟོང་པ་ཉིད་མངོན་པར་བསྒྲུབ་པ་ཉིད་ཀྱིས་མཐོང་བའི་ལམ་དང༌། རང་བཞིན་མེད་པའི་ངོ་བོ་ཉིད་དུ་སྒོམ་པར་བྱེད་པ་ཉིད་ཀྱིས་བསྒོམ་པའི་ལམ་ལ་སྒྱུ་མ་ལྟ་བུར་བདག་གིས་འཇུག་པར་བྱའོ་ཞེས་དེ་ལྟར་འཇུག་པའི་ཕྱོགས་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་སུ་སྤང་བར་བྱ་བ་ཉིད་ཡིན་པར་དེ་དང་དེའི་གཉེན་པོའི་ཕྱོགས་བསྟན་པས་ལྡོག་པའི་སྒོ་ནས་གསུངས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས། །བསྟང་བས་ཡོངས་སུ་མ་བཟུང་དང༌། །དུས་གསུམ་


DTG085_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་མེད་པ་དང༌། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དང་བོ་བསྟན་ནས་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དག་བརྗོད་པར་བྱ་བ་ཡིན་པ་ལས་རྣམ་པར་རྟོག་པ་དང་པོའི་དོན་ནི་ཆོས་ཐམས་ཅད་ངེས་པར་འབྱེད་པའི་ཕྱིར་ཞེས་བྱ་བ་གསུངས་པ་ཡིན་ཏེ་བྱང་ཆུབ་ཀྱི་སེམས་མི་སྐྱེ་བའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་རྟོགས་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་གཉིས་པའི་དོན་ནི་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཞེས་བྱ་བ་གསུངས་པ་ཡིན་ཏེ། བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་བ་བསལ་བའི་དོན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡོངས་སུ་ཤེས་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་གསུམ་པའི་དོན་ནི་ཆོས་ཐམས་ཅད་ཚིག་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་ཆོས་ཐམས་ཅད་ཚིག་གི་ལམ་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་བཞི་པའི་དོན་ནི་ཆོས་ཐམས་ཅད་འགོག་པ་མེད་པས་སྤོང་བ་མཉམ་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། རང་སངས་རྒྱས་ཀྱི་ཐེག་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་ཆོས་ཐམས་ཅད་སྐྱེ་བ་མེད་པས་སྤོང་བ་མཚུངས་པས་འགོག་པ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལྔ་བའི་དོན་ནི་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་འཐོབ་ཅིང་དེ་བཞིན་ཉིད་དང་མཉམ་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་ཆོས་ཐམས་ཅད་དེ་བཞིན་ཉིད་དང་མཉམ་པ་རང་བཞིན་གྱིས་མྱ་ངན་ལས་འདས་པར་རྟོགས་པའི་ཕྱིར་རོ། །རྣམ་པར་རྟོག་པ་དྲུག་པའི་དོན་ནི་ཆོས་ཐམས་ཅད་མི་འོང་མི་འགྲོ་མི་ཤེས་མི་སྐྱེ་ཤིན་ཏུ་མི་སྐྱེ་བའི་ཕྱིར་ཞེས་གསུངས་པ་ཡིན་ཏེ་བསྒོམ་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་འདས་པ་དང་མ་འོངས་པའི་དུས་མེད་པའི་ཕྱིར་གོ་རིམས་བཞིན་དུ་མི་འོང་མི་འགྲོའོ། །དེ་བས་ན་ཡོད་པའི་ཆོས་རྣམས་མི་ཤེས་ཤིང་ད་ལྟར་བྱུང་བ་མི་སྐྱེ་ལ་ཆོས་ཀྱི་དབྱིངས་དང་འདྲ་


DTG085_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤིན་ཏུ་མ་སྐྱེས་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་བདུན་པའི་དོན་ནི་བདག་དང་གཞན་དུ་མི་ལྟ་བའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། བསྒོམ་པ་མེད་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་རང་དང་གཞན་ཉེ་བར་མི་དམིགས་པའི་ཕྱིར་རོ། །རྣམ་པར་རྟོག་པ་བརྒྱད་པའི་དོན་ནི་ཆོས་ཐམས་ཅད་འཕགས་པ་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྒོམ་པ་མེད་ཅིང་མི་བསྒོམ་པ་ཡང་མེད་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་སྐྱེ་བ་ལ་སོགས་པའི་ཉེས་པ་མེད་པས་ན་ཆོས་ཐམས་ཅད་འཕགས་པའོ། །བསྒོམ་པར་འོས་པ་ཡིན་བས་ན་དགྲ་བཅོམ་པ་སྟེ། གང་གི་ཕྱིར་སྒྱུ་མ་ལྟ་བུ་ཉིད་ཀྱིས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་དགུ་པའི་དོན་ནི་ཆོས་ཐམས་ཅད་ཁུར་བོར་ཞིང་ཁུར་མི་ཁྱེར་བའི་ཕྱིར་ཞེས་གསུངས་བ་ཡིན་ཏེ། དོན་ཇི་ལྟ་བ་མ་ཡིན་པར་རྣམ་པར་རྟོག་པ་བསལ་བའི་དོན་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ཁུར་མེད་པ་ན་ཁུར་བོར་བ་ཉིད་ཡིན་པའི་ཕྱིར་རོ། །འདི་སྐད་དུ་དགེ་བའི་བཤེས་གཉེན་ལ་སོགས་པ་དང་བྲལ་བས་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་དང༌། སངས་རྒྱས་ལ་དམིགས་པའི་བསོད་ནམས་ཁྱད་པར་དུ་འཕགས་པ་མེད་པས་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ་དང༌། ཉན་ཐོས་ཀྱི་རིགས་ཅན་ཉིད་ཡིན་པའི་ཕྱིར་དེའི་ཐེག་པ་ཡིད་ལ་མི་བྱེད་པ་དང༌། རང་སངས་རྒྱས་ཀྱི་རིགས་ཅན་ཉིད་ཡིན་པའི་ཕྱིར་དེའི་ཐེག་པ་ལ་མངོན་དུ་ཕྱོགས་པར་བྱེད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་དང་བྲལ་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་དང༌། དམིགས་པ་དང་བཅས་པ་ཉིད་ཀྱིས་བསྒོམ་པ་དང༌། དམིགས་པ་མེད་པ་ཉིད་ཀྱིས་བསྒོམ་པ་མེད་པ་དང༌། དམིགས་པ་ཡང་མེད་མི་དམིགས་པ་ཡང་མེད་པས་བསྒོམ་པ་ཡང་མེད་བསྒོམ་པ་མེད་པ་ཡང་མ་ཡིན་པ་དང༌། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ལ་དངོས་པོ་ལ་སོགས་པར་མངོན་པར་ཞེན་པས་མ་རུང་བར་གྱུར་པ་ཉིད་ཀྱི་བདག་གིས་ལྡོག་བར་བྱའོ་ཞེས་དེ་ལྟར་བཟློག་པའི་ཕྱོགས་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་རྣམ་བ་དགུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པའི་


DTG085_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་སུ་སྤང་བར་བྱ་བ་ཉིད་ཡིན་པར་དེ་དང་དེའི་གཉེན་པོའི་གནས་སྐབས་བསྟན་པས་ལྡོག་པའི་སྒོ་ནས་གསུངས་སོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་སྐྱེ་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། །ཐེག་པ་དམན་པ་ཡིད་བྱེད་དང༌། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་སྒོམ་པ་མེད་པ་དང༌། །དེ་དག་ལས་ནི་བཟློག་ཉིད་དང༌། །ཇི་བཞིན་དོན་མིན་རྣམ་རྟོག་པ། །བསྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་གཟུང་བའི་རྣམ་པར་རྟོག་པ་གཉིས་བསྟན་ནས་འཛིན་པའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་བརྗོད་པར་བྱ་བ་ཡིན་ཏེ། དེ་བས་ན་རྣམ་པར་རྟོག་པ་དང་པོའི་དོན་ནི་ཆོས་ཐམས་ཅད་ཡུལ་མེད་ཅིང་ཕྱོགས་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སེམས་ཅན་དུ་གདགས་པའི་རྣམ་པར་རྟོག་པ་སྤང་བར་བྱ་བའི་དོན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པས་སྤྱི་དང་ཁྱད་པར་གྱི་ཡུལ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་བཞིན་གྱི་ངོ་བོ་ཉིད་ཀྱི་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་རང་བཞིན་གྱི་ངོ་བོ་ཉིད་ཀྱི་སྤྱི་དང་ཁྱད་པར་གྱི་ཡུལ་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་གཉིས་པའི་དོན་ནི་ཆོས་ཐམས་ཅད་འགོག་པ་རབ་ཏུ་སིམ་པར་བྱེད་པའི་ཕྱིར་ཞེས་བྱ་བ་གསུངས་པ་ཡིན་ཏེ། ཆོས་སུ་བཏགས་པའི་རྣམ་པར་རྟོག་པ་སྤང་བའི་དོན་དུ་ཆོས་ཐམས་ཅད་འགོག་པའི་སྟོང་པ་ཉིད་དང༌། སྙིང་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་ཚད་མེད་པའི་སྙིང་པོ་དང་ལྡན་པ་ཉིད་ཀྱི་དགའ་བར་བྱེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་གསུམ་པའི་དོན་ནི་དགའ་བ་མེད་ཅིང་དགའ་བ་དང་བྲལ་བ་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། སྟོང་པ་མ་ཡིན་པ་ཉིད་ཀྱི་རྣམ་པར་རྟོག་པ་སྤང་བའི་དོན་དུ་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ན་མངོན་པར་ཞེན་པ་དང་མངོན་པར་མ་ཞེན་བ་དང་བྲལ་བའི་ཕྱིར་རོ། །རྣམ་པར་རྟོག་པ་བཞི་པའི་


DTG085_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི་འདོད་ཆགས་མེད་ཅིང་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ་ཆགས་པའི་རྣམ་པར་རྟོག་པ་སྤང་བའི་དོན་དུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པས་འདོད་ཆགས་དང་འདོད་ཆགས་མེད་པས་དབེན་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་ནས་རབ་འབྱོར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཁོ་ན་དང་བཅས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་རྣམ་གྲངས་ཉིད་ལ་དེ་ཁོ་ན་དང་བཅས་པའི་སྒྲར་བལྟ་བར་བྱའོ། །རྣམ་པར་རྟོག་པ་ལྔ་བའི་དོན་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། ཆོས་རབ་ཏུ་འབྱེད་པ་རྣམ་པར་རྟོག་པ་སྤང་བའི་དོན་དུ་ཆགས་པ་དང་མ་ཆགས་པ་དང་བྲལ་བས་ཆོས་ཐམས་ཅད་ལ་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པ་ཉིད་ཀྱིས་ན་ཡོངས་སུ་དག་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་དྲུག་པའི་དོན་ནི་ཆོས་ཐམས་ཅད་ཆགས་པ་དང་མ་ཆགས་པའི་ཞེན་པ་དང་བྲལ་བའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། དངོས་པོའི་ཆེད་དུ་བྱེད་པའི་རྣམ་པར་རྟོག་པ་སྤང་བའི་དོན་དུ་སྒྱུ་མ་ལྟ་བུ་ཉིད་ཀྱིས་ཆགས་བ་དང་མ་ཆགས་པ་དང་བྲལ་བས་ཆོས་ཐམས་ཅད་ལ་ཞེན་པ་མེད་བ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་བདུན་པའི་དོན་ནི་སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐེག་བ་གསུམ་གྱི་ངེས་པར་འབྱུང་བའི་རྣམ་པར་རྟོག་པ་སྤང་བའི་དོན་དུ་གང་གི་ཕྱིར། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་སངས་རྒྱས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་བརྒྱད་པའི་དོན་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡོན་མ་དག་པའི་རྣམ་པར་རྟོག་པ་སྤང་བའི་དོན་དུ་ཆོས་ཐམས་ཅད་ནི་རྣམ་པར་ཐར་པ་སྒོ་གསུམ་གྱི་ངོ་བོ་ཉིད་ཡིན་པ་ཉིད་ཀྱིས་སོ། །རྣམ་པར་རྟོག་པ་དགུ་པའི་དོན་ནི་བྱམས་པ་ཆེན་པོ་སྔོན་དུ་འགྲོ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྤྱོད་པ་རྣམ་པར་འཁྲུགས་པའི་རྣམ་པར་རྟོག་པ་སྤང་བའི་དོན་དུ་བྱམས་པའི་རང་བཞིན་གྱི་ཞེ་སྡང་བ་ལ་སོགས་པའི་ཉེས་པ་རབ་ཏུ་ཞི་བར་བྱེད་པས་ཆོས་ཐམས་ཅད་སྨན་ལྟ་བུའི་


DTG085_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདི་སྐད་དུ་རྫས་སུ་ཡོད་པར་མི་འཐད་པས་སེམས་ཅན་དུ་བཏགས་པ་དང༌། སྣང་བ་ཙམ་དུ་ཟད་པའི་ཕྱིར་ཆོས་སུ་བཏགས་པ་དང༌། ཐམས་ཅད་དུ་འགྲོ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་སྟོང་པ་མ་ཡིན་པ་ཉིད་དང༌། རྣམ་པ་ཐམས་ཅད་དུ་མངོན་པར་ཞེན་པ་མ་སྤངས་པས་ཆོས་ལ་ཆགས་པ་དང་ངོ་བོ་ཉིད་མེད་པར་རྟོགས་པས་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། ཆེད་དུ་བྱ་བ་མི་བྱེད་པས་དངོས་པོའི་ཆེད་དུ་བྱ་བ་བྱེད་པ་དང༌། གཟུགས་ལ་སོགས་པ་དམིགས་པའི་ཕྱིར་ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་དང༌། ཡང་དག་པར་རབ་ཏུ་མ་ཞུགས་པ་ཉིད་ཀྱི་ཡོན་མ་དག་པ་དང༌། སྦྱིན་པ་ལ་སོགས་པར་དམིགས་ཏེ་བསྒྲུབ་པས་སྤྱོད་པ་རྣམ་པར་འཁྲུགས་པ་ལ་བདག་རྫས་སུ་ཡོད་པ་ཉིད་འཛིན་པར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་སྐྱེས་བུ་རྫས་སུ་ཡོད་པ་ལ་བརྟེན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཛིན་པའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་ནི་བསྒོམ་པའི་ལམ་གྱི་སྦྱོར་བའི་ལམ་གྱི་གནས་སྐབས་སུ་སྤང་བར་བྱ་བ་ཡིན་པར་དེ་དང་དེའི་གཉེན་པོའི་གནས་སྐབས་བསྟན་པས་ལྡོག་པའི་སྒོ་ནས་གསུངས་སོ་ཞེས་བརྗོད་པ་ཡིན་ནོ་ཞེས། དེ་སྐད་དུ་ཡང༌། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །ཆོས་བཏགས་པ་དང་སྟོང་མིན་ཉིད། །ཆགས་དང་རབ་འབྱེད་བདག་ཉིད་དང༌། །དངོས་པོར་བྱེད་དང་ཐེག་གསུམ་དང༌། །ཡོན་ནི་དག་པ་མ་ཡིན་དང༌། །སྤྱོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོར་ཏེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་འཛིན་པའི་རྣམ་པར་རྟོག་པ་དང་པོ་བསྟན་ནས། འཛིན་པའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་བརྗོད་པར་བྱ་བ་ཡིན་པས་རྣམ་པར་རྟོག་པ་དང་པོའི་དོན་ནི་ཆོས་ཐམས་ཅད་བྱམས་པ་ལ་གནས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ། ཆོས་ཐམས་ཅད་ཚངས་བའི་གནས་བ་བཞིའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་གཉིས་པའི་དོན་ནི་ཆོས་ཐམས་ཅད་ཚངས་པར་གྱུར་པས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ལམ་ཤེས་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པའི་


DTG085_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་པ་བསལ་བའི་དོན་དུ་ཉེས་པ་ཐམས་ཅད་ཀྱི་རྒྱུ་མེད་པ་ཉིད་ཀྱིས་མི་བསྐྱེད་པའི་ཕྱིར་ན་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཡིན་པ་ཉིད་ཀྱིས་སོ། །རྣམ་པར་རྟོག་པ་གསུམ་པའི་དོན་ནི་ཆོས་ཐམས་ཅད་སྨོན་པ་མེད་པའི་ཕྱིར་དང་ཁོང་ཁྲོ་བ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་ཆོས་ཐམས་ཅད་ལ་དོན་དུ་གཉེར་བ་དང་ཁོང་ཁྲོ་བ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་བཞི་པའི་དོན་ནི་རྒྱ་མཚོ་མུ་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ་ཐམས་ཅད་ཞི་བའི་ལམ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་བ་བསལ་བའི་དོན་དུ་ཆོས་ཐམས་ཅད་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེའི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་རྒྱ་མཚོ་དང་མཉམ་པས་རྒྱ་མཚོ་མུ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལྔའི་དོན་ནི་ནམ་མཁའ་མུ་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་པར་ལྡན་བ་དང་མི་ལྡན་པ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ནམ་མཁའ་དང་མཉམ་པས་ནམ་མཁའ་མུ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་དྲུག་པའི་དོན་ནི་རི་རབ་སྣ་ཚོགས་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། མི་མཉམ་པ་ཉིད་ལ་རྨོངས་པའི་རྣམ་པར་རྟོག་བ་བསལ་བའི་དོན་དུ་མི་འདོད་པ་ཐོག་ཏུ་བབ་པ་ཐམས་ཅད་ཀྱིས་བསྒུལ་བར་མི་ནུས་པ་ཉིད་ཀྱིས་ན་རི་རབ་དང་འདྲ་བ་ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་རི་རབ་སྣ་ཚོགས་པ་ཉིད་ཀྱིས་སོ། །རྣམ་པར་རྟོག་པ་བདུན་པའི་དོན་ནི་གཟུགས་མུ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྡུག་བསྔལ་བ་ལ་སོགས་པའི་བདེན་པ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་གཟུགས་ལ་སོགས་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཡིན་པས་མཐར་ཐུག་པ་ཉིད་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་བརྒྱད་པའི་དོན་ནི་ཉི་མའི་འོད་ཟེར་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཉོན་མོངས་པའི་རང་བཞིན་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བ་ཉིད་ཀྱིས་ན་ཉི་མའི་དཀྱིལ་འཁོར་


DTG085_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འོད་ཟེར་འབྱུང་བ་དང་འདྲ་བས་ཉི་མའི་འོད་ཟེར་གྱི་དཀྱིལ་འཁོར་མུ་མེད་པར་སྣང་བའི་ཕྱིར་རོ། །རྣམ་པར་རྟོག་པ་དགུ་པའི་དོན་ནི་སྒྲ་ཐམས་ཅད་མུ་མེད་པའི་ཕྱིར་ཞེས་གསུངས་བ་ཡིན་ཏེ། གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་ཆོས་ཐམས་ཅད་མིང་ཙམ་གྱི་ངོ་བོ་ཉིད་ཡིན་པས་སྒྲ་ཐམས་ཅད་མཐར་ཐུག་པ་མེད་པ་དང་མཉམ་པ་ཉིད་ཀྱིས་ན་སྒྲ་ཐམས་ཅད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །འདི་སྐད་དུ་རྣམ་པ་ཐམས་ཅད་ཡོངས་སུ་མ་ཤེས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྒྲིབ་པའི་ཀུན་ཏུ་རྨོངས་པ་དང༌། ལམ་ཐམས་ཅད་ཡོངས་སུ་མ་ཤེས་པས་ལམ་ཤེས་པ་ཉིད་ལ་སྒྲིབ་པའི་ཀུན་ཏུ་རྨོངས་པ་དང༌། གཞི་ཐམས་ཅད་ཡོངས་སུ་མ་ཤེས་པས་ཐམས་ཅད་ཤེས་པ་ཉིད་ལ་སྒྲིབ་པའི་ཀུན་ཏུ་རྨོངས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཤེས་པས་ཐམས་ཅད་ཞི་བའི་ལམ་ལ་ཀུན་ཏུ་རྨོངས་པ་དང༌། གཟུགས་ལ་སོགས་པ་ཤེས་བྱའི་དེ་བཞིན་ཉིད་དུ་ཡོངས་སུ་མ་ཤེས་པས་དེ་བཞིན་ཉིད་ལ་སོགས་པ་ལ་ལྡན་པ་དང་མི་ལྡན་པའི་ཀུན་ཏུ་རྨོངས་པ་དང༌། བདུད་ལ་སོགས་པའི་རང་གི་ངོ་བོ་ཡོངས་སུ་མ་ཤེས་པས་མི་མཉམ་པ་ཉིད་ལ་ཀུན་ཏུ་རྨོངས་པ་དང་དོན་ལ་སྒྲ་ཇི་བཞིན་དུ་འཛིན་པ་ཉིད་ཀྱི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་ཀུན་ཏུ་རྨོངས་པ་དང༌། འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་མ་ཤེས་པས་ཉོན་མོངས་པའི་རང་བཞིན་ལ་ཀུན་ཏུ་རྨོངས་པ་དང༌། གཟུང་བ་དང་འཛིན་པའི་མཚན་ཉིད་ཡོངས་སུ་མ་ཤེས་པས་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པ་ལ་སེམས་ཅན་དུ་བཏགས་པ་དང༌། དེ་རྣམ་པར་འཇོག་པའི་རྒྱུ་སྣང་བ་ཙམ་གྱི་ཡུལ་ཅན་བདག་བཏགས་བར་ཡོད་པ་ཉིད་དུ་འཛིན་པར་བྱེད་པ་ཡིན་ནོ་ཞེས་སྐྱེས་བུ་བཏགས་པར་ཡོད་པ་ལ་བརྟེན་པའི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་བསྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱི་ཡུལ་ཅན་རྣམ་པ་དགུ་བྱང་ཆུབ་སེམས་དཔའ་སྤང་བར་བྱ་བ་ཡིན་པར་དེ་དང་དེའི་གཉེན་པོའི་གནས་སྐབས་བསྟན་པས་ལྡོག་པའི་སྒོ་ནས་གསུངས་སོ་ཞེས་བསྟན་རྦ་ཡིན་ནོ། །དེ་སྐད་དུ་ཡང༌། སེམས་ཅན་བཏགས་དང་དེའི་རྒྱུ་ཡི། །ཡུལ་ཅན་དེ་ཡིས་


DTG085_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཇོམས་བ། །བསྒོམ་བའི་ལམ་དང་འབྲེལ་པ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང༌། །ཞི་ལམ་དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་ལ། །མི་མཉམ་སྡུག་བསྔལ་ལ་སོགས་དང༌། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ཇི་སྐད་བཤད་པའི་བསྒོམ་པའི་ལམ་ལ་མི་མཐུན་པའི་ཕྱོགས་གཉེན་པོ་དང་བཅས་པར་བསྟན་ནས་དེ་རྟོགས་པ་ཉིད་ཀྱི་རྣམ་པར་རྟོག་བ་བཞི་སྤངས་པས་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པ་མུ་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ནོ། །འདི་སྐད་དུ་བསྒོམ་པའི་ལམ་ལ་གོམས་པས་རྣམ་པར་རྟོག་པའི་རིགས་བཞི་པོ་འཚེ་བར་བྱེད་པ་ཉིད་ཀྱིས་ཡམས་ཀྱི་ནད་དུ་གྱུར་པ་འདི་རྣམས་ཟད་པར་གྱུར་ན་གགས་བྱེད་པ་མེད་བས་དགའ་བས་དབུགས་ཕྱིན་པ་ཐོབ་པ་བཞིན་དུ་སྙིང་རྗེའི་གཞན་གྱི་དབང་དུ་གྱུར་པས་རྣམ་པ་ཐམས་ཅད་དུ་འགྲོ་བའི་བདེ་བ་བསྐྱེད་པར་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱིས་བསྡུས་པ་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་རྣམས་བཞིན་དུ་བྱང་ཆུབ་སེམས་དཔའི་བསྒོམ་པའི་ལམ་ལ་གནས་པ་འབྲས་བུ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་དེ་དག་གིས་མཛེས་པར་འགྱུར་བ་ལ་རྣམ་པ་ཐམས་ཅད་དུ་མངོན་དུ་འོང་བའི་རྣམ་པས་རྟེན་པར་བྱེད་དོ་ཞེས་དེ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་གྲུབ་པ་མུ་མེད་པ་ཉིད་ཀྱི་ཕན་ཡོན་ཆེ་བའི་ངོ་བོས་བསྒོམ་པའི་ལམ་ཡིན་པར་ཤེས་པར་བྱའོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིངས་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་བསྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྤ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་རྟེན་བར་བྱེད། །ཅེས་གསུངས་པ་ཡིན་ནོ། །བསྒོམ་པའི་ལམ་གྱི་རྗེས་ལ་བར་ཆད་མེད་པའི་ལམ་ཡིན་པས་བར་ཆད་མེད་བའི་ཏིང་ངེ་འཛིན་གྱི་དོན་ནི་སེམས་ཅན་


DTG085_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་སྐད་དུ་འགའ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་དང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་བཀོད་པའི་བསོད་ནམས་བསྐྱེད་པ་གང་ཡིན་པ་དེ་དཔེར་མཛད་ནས། དེ་བས་ཁྱད་པར་དུ་འཕགས་པ་བསོད་ནམས་མང་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་སངས་རྒྱས་ཉིད་ཐོབ་བ་ལ་བར་ཆད་མེད་བའི་ཏིང་ངེ་འཛིན་དེ་མ་ཐག་པ་སྟུན་མ་གང་ཡིན་པ་དེ་ནི་འདིར་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ནི་འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རབ་ཏུ་ཁྱད་པར་འཕགས་པ་ཉིད་ཡིན་པའི་ཕྱིར་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དེ་སྐད་དུ་ཡང༌། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོགས་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་གསུངས་པ་ཡིན་ནོ། །བར་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་དམིགས་པ་ཡིན་ནོ། །བདག་པོའི་རྐྱེན་ནི་དྲན་པ་ཡིན་ནོ། །རྣམ་པ་ནི་རང་བཞིན་གྱིས་ཞི་བ་ཉིད་ཡིན་པར་དོན་གྱིས་འཕངས་པར་ཤེས་པར་བྱ་སྟེ། གཞན་དུ་ན་བར་ཆད་པའི་ཏིང་ངེ་འཛིན་རྟོགས་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད་འདི་ལ་ནི། །ཞེས་གསུངས་པ་ཡིན་ནོ། །གཏིང་དཔག་དཀའ་བའི་ཕྱིར་གནས་འདི་ལ་རབ་ཏུ་སྨྲ་བ་ཐབས་ལ་མཁས་པ་མ་རྟོགས་པ་རྣམས་ཀྱི་ཀླན་ཀའི་རྒོལ་བ་རྣམས་སྣ་ཚོགས་བརྒྱུད་མར་འབྱུང་བས། ད་ནི་ལོག་པར་རྟོགས་པ་བསལ་བར་བྱ་བ་ཡིན་པས་ལོག་པར་རྟོགས་པ་དང་པོའི་དོན་ནི་སའི་ཁམས་མུ་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དག་དངོས་པོ་མེད་པ་ཉིད་ཀྱིས་དམིགས་པ་ཆོས་ཅན་འཐད་པ་ལ་


DTG085_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་རྟོགས་པ་བསལ་བའི་ཕྱིར་སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ཡིན་པས་ས་དང་འདྲ་བ་ཉིད་ཡིན་པའི་ཕྱིར་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཀྱི་དམིགས་པར་གྱུར་པས་སའི་ཁམས་མུ་མེད་པ་ཉིད་ཀྱིས་བར་ཆད་མེད་པའི་ཏིང་ངེ་འཛིན་རྗེས་སུ་རྟོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཕྱི་མ་རྣམས་སུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཡིན་པར་རྟོགས་པར་བྱའོ། །ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར་གཉིས་པ་དམིགས་པའི་ངོ་བོ་ཉིད་ངེས་པར་འཛིན་པའི་ཆོས་ཅན་ལོག་པར་རྟོགས་པ་སེལ་བའི་དོན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་ཆུ་དང་འདྲ་བ་ཉིད་ཀྱིས་དེ་ཁོ་ན་བཞིན་དུ་དམིགས་པའི་ངོ་བོར་བཞག་པས་ཆུའི་ཁམས་མུ་མེད་པའི་ཕྱིར་དང༌། དངོས་པོ་དང་དངོས་པོ་མེད་པ་མི་དམིགས་པས་གསུམ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ལོག་པར་རྟོགས་པ་བསལ་བར་འདོད་པས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་མེ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་སྔ་མ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཉིད་ཀྱིས་ན་མེའི་ཁམས་མུ་མེད་པ་ཉིད་ཡིན་པའི་ཕྱིར་དང༌། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་བཞི་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་ལོག་པར་རྟོགས་པ་བསལ་བར་བྱ་བའི་ཕྱིར་ཆོས་ཐམས་ཅད་མི་གནས་པར་འཇུག་པ་ཉིད་ཀྱིས་ན་རླུང་དང་འདྲ་བའི་ཕྱིར་ཀུན་རྫོབ་ཏུ་བདེན་པ་གཉིས་ཀྱི་ངོ་བོར་ངེས་པའི་རང་བཞིན་ཡིན་པས་རླུང་གི་ཁམས་མུ་མེད་པའི་ཕྱིར་དང༌། སྦྱིན་པ་ལ་སོགས་པ་མི་དམིགས་པས་ལྔ་པ་སྦྱོར་བ་ལ་ལོག་པར་རྟོགས་པ་སེལ་བའི་དོན་དུ་ཆོས་ཐམས་ཅད་བཏགས་པར་ཡོད་པ་ཡིན་པས་ནམ་མཁའ་དང་འདྲ་བ་ཉིད་ཀྱིས་སྔ་མ་བཞིན་དུ་སྦྱོར་བའི་རང་བཞིན་ངེས་པར་བྱས་པས་ནམ་མཁའི་ཁམས་མུ་མེད་པའི་ཕྱིར་དང༌། རྟོགས་པར་བྱ་བ་མེད་པས་དྲུག་པ་སངས་རྒྱས་དཀོན་མཆོག་ལ་ལོག་པར་རྟོགས་པ་བསལ་བར་འདོད་པས་རྣམ་པར་ཤེས་པ་ཙམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཆོས་ཐམས་ཅད་རྣམ་པར་ཤེས་པ་དང་མཉམ་པ་ཉིད་ཀྱི་དེ་ཁོ་ན་བཞིན་དུ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པས་


DTG085_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་པ་ནི་དེ་བཞིན་དུ་ཆུའི་ཁམས་དང་མེའི་ཁམས་དང་ཞེས་བྱ་བ་ལ་སོགས་པའོ། །ལོག་པར་རྟོགས་པ་བདུན་པའི་དོན་ནི་དགེ་བ་དང་མི་དགེ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མིང་དུ་བཏགས་པ་ཙམ་དུ་ཟད་པས་ཆོས་དཀོན་མཆོག་ལ་ལོག་པར་རྟོགས་པ་བསལ་བར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་དུ་མ་སྐྱེས་པ་ཉིད་ཡིན་པས་ཆོས་ཐམས་ཅད་ནི་དགེ་བ་དང་མི་དགེ་བའི་ཆོས་བསགས་པ་དང་བྲལ་བ་ཉིད་ཀྱིས་ན་ཀུན་རྫོབ་ཏུ་རྣམ་པར་གཞག་པོའི་ཆོས་ཉིད་ཡིན་པའི་ཕྱིར་དགེ་བ་དང་མི་དགེ་བའི་ཆོས་བསགས་པ་ཚད་མེད་པའི་ཕྱིར་རོ། །ལོག་པར་རྟོགས་པ་བརྒྱད་པའི་དོན་ནི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཟུགས་ལ་སོགས་པར་དམིགས་པ་བཀག་པས་དགེ་འདུན་དཀོན་མཆོག་ལ་ལག་པར་རྟོགས་པ་བསལ་བའི་དོན་དུ་ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་ཡིན་པས་སྔ་མ་བཞིན་དུ་ཆོས་ཐམས་ཅད་དགེ་འདུན་གྱི་ངོ་བོ་ཉིད་ཡིན་པས་ཆོས་ཐམས་ཅད་བསགས་པ་ཚད་མེད་པའི་ཕྱིར་རོ། །ལོག་པར་རྟོགས་པ་དགུ་པའི་དོན་ནི་ཆོས་ཐམས་ཅད་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྦྱིན་པ་ལ་སོགས་པ་མི་དམིགས་པས་ཐབས་ལ་མཁས་པ་ལ་ལོག་པར་རྟོགས་པ་བསལ་བར་འདོད་པས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཏིང་ངེ་འཛིན་མུ་མེད་པ་ཉིད་དང་མཉམ་པ་ཉིད་ཀྱི་དེ་བཞིན་དུ་ཐབས་ལ་མཁས་པ་ཡོད་པས་ཆོས་ཐམས་ཅད་ཀྱི་ཏིང་ངེ་འཛིན་མུ་མེད་པ་ཐོབ་པའི་ཕྱིར་རོ། །ལོག་པར་རྟོགས་པ་བཅུ་པའི་དོན་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་གཉི་གར་རྟོགས་པ་བཀག་པས་དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་ལ་ལོག་པར་རྟོགས་པ་བསལ་བར་བྱ་བའི་ཕྱིར་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་རྣལ་འབྱོར་པའི་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་མངོན་པར་རྟོགས་པ་གཞག་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མུ་མེད་པའི་ཕྱིར་རོ། །ལོག་པར་རྟོགས་པ་བཅུ་གཅིག་པའི་དོན་ནི་ཆོས་ཐམས་


DTG085_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མུ་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། སྤྲོས་པ་རྣམ་པར་གཞག་པའི་མི་རྟག་པ་ཉིད་ལ་སོགས་པ་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་ལ་ལོག་པར་རྟོགས་པ་བསལ་བར་འདོད་པས་ཆོས་ཉིད་ཀྱི་རང་བཞིན་གྱི་ཆོས་ཐམས་ཅད་མུ་མེད་པའི་ཆོས་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཆོས་ཐམས་ཅད་སྔ་མ་བཞིན་དུ་རྣམ་པར་གཞག་པའི་མི་རྟག་པ་ལ་སོགས་པ་མེད་པས་ཆོས་ཐམས་ཅད་མུ་མེད་པའི་ཕྱིར་རོ། །ལོག་པར་རྟོགས་པ་བཅུ་གཉིས་པའི་དོན་ནི་སྟོང་པ་ཉིད་མུ་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། ལམ་རྣམ་པར་བསྒོམས་པའི་འབྲས་བུ་མངོན་སུམ་དུ་མི་བྱེད་པས་ལམ་ལ་ལོག་པར་རྟོགས་པ་བསལ་བའི་ཕྱིར་སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་མུ་མེད་པའི་ཕྱིར་དེ་ཁོ་ན་ཉིད་དུ་རྟོགས་པ་མེད་པས་སྟོང་པ་ཉིད་མུ་མེད་པའི་ཕྱིར་རོ། །ལོག་པར་རྟོགས་པ་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ཀྱི་དོན་ནི་སེམས་དང་སེམས་ལས་བྱུང་བ་མུ་མེད་པའི་ཕྱིར་ཞེས་གསུངས་པ་སྟེ། བླང་བ་དང་དོར་བ་མེད་པས་གཉེན་པོ་དང་མི་མཐུན་པའི་ཕྱོགས་དག་ལ་ལོག་པར་རྟོགས་པ་བསལ་བའི་དོན་དུ་མ་རིག་པ་ལས་བྱུང་བའི་སྣང་བ་སེམས་དང་སེམས་ལས་བྱུང་བ་མུ་མེད་པ་ཉིད་ཀྱིས་ན་ཆོས་ཐམས་ཅད་ལ་ཀུན་རྫོབ་ཏུ་རྣམ་པར་གཞག་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོ་མེད་པས་སེམས་དང་སེམས་ལས་བྱུང་བ་མུ་མེད་པའི་ཕྱིར་རོ། །ལོག་པར་རྟོགས་པ་བཅོ་ལྔ་པའི་དོན་ནི་སེམས་ཀྱི་སྤྱོད་པ་མུ་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། ཆོས་ཅན་མེད་པས་ཆོས་ཀྱི་མཚན་ཉིད་ལ་ལོག་པར་རྟོགས་པ་བསལ་བར་འདོད་པའི་ཕྱིར་སྣང་བའི་རྒྱུ་མཚན་ཅན་དུ་དངོས་པོ་རྣམས་རྣམ་པར་གནས་པ་ཆོས་ཐམས་ཅད་སེམས་ཀྱི་སྤྱོད་པ་ལས་བྱུང་བའི་མཚན་ཉིད་ཡིན་པ་ཉིད་ཀྱིས་དེ་བཞིན་དུ་གནས་པའི་མཚན་ཉིད་མེད་པས་སེམས་ཀྱི་སྤྱོད་པ་མུ་མེད་པའི་ཕྱིར་རོ། །ལོག་པར་རྟོགས་པ་བཅུ་དྲུག་པའི་དོན་ནི་དགེ་བ་དང་མི་དགེ་བའི་ཚད་མེད་པའི་ཕྱིར་ཞེས་གསུངས་པ་ཡིན་ཏེ། རང་དང་སྤྱིའི་མཚན་ཉིད་མི་འཐད་པས་བསྒོམ་པ་ལ་ལོག་པར་རྟོགས་པ་བསལ་བར་བྱ་བའི་ཕྱིར་ཡང་དག་པའི་མཐའི་རང་བཞིན་གྱི་ཆོས་ཐམས་ཅད་དགེ་བ་དང་མི་དགེ་བ་ཉེ་བར་མ་དམིགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང༌།


DTG085_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་བཞིན་དུ་བསྒོམ་པ་མེད་པས་དགེ་བ་དང་མི་དགེ་བའི་ཆོས་གཞལ་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཡུལ་གྱི་དབྱེ་བས་ཐ་དད་པའི་ཕྱིར་ལོག་པར་རྟོགས་པ་མཐའ་ཡས་ན་ཡང་གདུལ་བྱའི་སྐྱེ་བོ་ཉེ་བ་ན་གནས་པའི་ལོག་པར་རྟོགས་པ་བསལ་བར་བཞེད་པས་སྐྱེ་བོ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་མི་ཤེས་པའི་རྒོལ་བ་ཐམས་ཅད་ཀྱི་ལོག་པར་རྟོགས་པ་ཕན་ཚུན་འགལ་བར་སྣང་བའི་དོན་བསྒྲུབས་པས་མི་འཐད་པ་ཉིད་ཀྱིས་ཐེ་ཚོམ་གྱི་ངོ་བོ་ཇི་སྐད་དུ་བཤད་པའི་ཡུལ་ཅན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ཅན་བཅུ་དྲུག་ཡིན་ནོ། །དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་གླན་ཀ་ལ་གོ་རིམས་བཞིན་དུ་དོན་དམ་པ་དང་ཀུན་རྫོབ་ཀྱི་སྒོ་ནས་ལན་གདབ་དགོས་པས་བྱང་ཆུབ་སེམས་དཔའ་དགེ་བ་འདོད་པ་རྣམས་ཀྱིས་བདེན་པ་གཉིས་ལ་བརྟེན་པའི་ཐབས་ལ་མཁས་པ་རྣམ་པ་སྟོང་དུ་བསལ་བ་སྔོན་དུ་འགྲོ་བའི་ངེས་པ་རྣམ་པ་ཐམས་ཅད་དུ་ཡང་དག་པར་སྐྱེད་ནས་བར་ཆད་མེད་པའི་ཏིང་ངེ་འཛིན་རྟོགས་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་སྐད་དུ་ཡང༌། རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །དམིགས་པ་འཐད་དང་དེ་ཡིན་ནོ། །ངོ་བོ་ཉིད་ངེས་གཟུང་བ་དང༌། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །དམ་པའི་དོན་དང་ཀུན་རྫོབ་དང༌། །སྦྱོར་དང་དཀོན་མཆོག་གསུམ་པོ་དང༌། །ཐབས་བཅས་ཐུབ་པའི་རྟོགས་པ་དང༌། །ཕྱིན་ཅི་ལོག་ནི་ལམ་བཅས་དང༌། །གཉེན་པོ་མི་མཐུན་ཕྱོགས་དག་དང༌། །མཚན་ཉིད་དང་ནི་བསྒོམ་པ་ལ། །སྨྲ་བ་རྣམས་ཀྱིས་ལོག་རྟོགས་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་བརྒྱན་གྱི་སྣང་བ་ལས་རྩེ་མོ་མངོན་པར་རྟོགས་པ་སྟེ་སྐབས་ལྔ་པའོ།། །།


previousསྐབས་ལྔ་པ། རྩེ་མོ་མངོན་པར་རྟོགས་པ་བརྗོད་པ། next