Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་དྲུག་པ།


   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
  collapse section
   
   
   
   
སྐབས་བཞི་པའི་འགྲེལ་པ།
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   


 
previousསྐབས་བཞི་པའི་འགྲེལ་པ།next

སྐབས་བཞི་པའི་འགྲེལ་པ།


DTG086_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པས་འགྲེལ་པ་བརྗོད་ནས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དབང་དུ་མཛད་ནས་གཞི་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་སྐད་གསུམ་དུ་གསུངས་པའི་གཉེན་པོ་མ་ལུས་པ་ནི་གཞི་སྟེ། དེ་རྣམས་ཀྱི་ཡེ་ཤེས་ཀྱི་རྣམ་པ་ནི་དེ་ལ་དམིགས་པར་བྱེད་པའི་སེམས་ཀྱི་ཁྱད་པར་རོ། །དེ་རྣམས་ཀྱི་རྣམ་པ་གང་ཡིན་པ་ནི་སྣང་བའོ། །ཀུན་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་དང་ལམ་དང་གཞི་སྐྱེ་བ་མེད་པར་མཁྱེན་པས་ཡེ་ཤེས་ནི་རྣམ་གསུམ་ཕྱིར། ཞེས་བྱ་བ་དབྱེ་ན་རྣམ་པ་གསུམ་ཡོད་པས་དེ་ནི་རྣམ་པ་གསུམ་པོ་ཉིད་ཡིན་ལ། དེ་ལྟར་ཅི་རིགས་པའི་མཚན་ཉིད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྤྱིའི་མཚན་ཉིད་ཡིན་པར་འདོད་པར་ཤེས་པར་བྱའོ། །ཚིག་ལེའུར་བྱས་པའི་དོན་ནི་རྟག་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྟག་པ་ལ་སོགས་པར་འཛིན་པ་ནི་རྟག་པ་དང་སྡུག་བསྔལ་མ་ཡིན་པ་ལ་སོགས་པར་མངོན་པར་ཞེན་པའོ། །དེ་ཉིད་ནི་སྤང་བར་བྱ་བ་ཡིན་པས་ན་མི་མཐུན་པའི་ཕྱོགས་སོ། །དེའི་གཉེན་པོ་ནི་མི་རྟག་པ་ལ་སོགས་པའོ། །དེའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ནི་ཤེས་པར་སྣང་བ་སྟེ་དེ་རྣམས་ཀྱིའོ། །དེ་ནི་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་རྣམ་པ་རྣམས་ཞེས་བྱ་བ་སྨོས་པ་ཡིན་ཏེ། མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་ཁྱད་པར་ལ་རྣམ་པ་ཉིད་དུ་རྣམ་པར་གཞག་པ་ནི་རྣམ་པ་ཡིན་ནོ་ཞེས་ངེས་པར་བྱས་པའོ། མཚན་ཉིད་ནི་སྤྱིར་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པས་དམིགས་པའི་མཚན་མའོ། །དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་འདིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་གཞིའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་ན་སྔར་སྨྲས་པའི་རྣམ་པ་རྣམས་གཞི་མེད་པའི་རྣམ་པ་ཡིན་པར་ངེས་པ་གསལ་བ་ཡིན་ནོ། །སྤྱིར་ཞེས་བྱ་བས་རྣམ་པ་རྣམས་ལ་དབྱེ་བ་མ་བརྗོད་པར་རྣམ་པ་གསུམ་བསྟན་ནས་ད་ནི་ཁྱད་པར་ཏེ། འཕགས་པའི་བདེན་པ་བཞི་ལ་བརྟེན་པའི་དབྱེ་བས་མེད་པའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མེད་པའི་རྣམ་པ་ནས་གཟུང་སྟེ་ཞེས་བྱ་བ་ནི་མེད་པ་དང་མི་སྐྱེ་བའི་རྣམ་པ་ནས་གཟུང་སྟེ། མི་གཡོ་བའི་རྣམ་པའི་མཐར་ཐུག་པའི་བར་གྱིས་སོ། །


DTG086_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བརྩི་བ་ནི་བདེན་པ་སོ་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བདེན་པ་སོ་སོ་ལ་བཞི་དང་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་གསུམ་ལ་བཞི་བཞི་སྟེ་བཅུ་གཉིས་སོ། །ལམ་གྱི་བདེན་པ་ལ་ནི་བཅོ་ལྔར་ཞེས་བྱ་བ་དེ་དག་ནི་རྣམ་པ་ཞེས་བྱ་བ་ཡིན་པར་བཤད་དོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་སྨོས་པ་ཡིན་ཏེ། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱིས་དབང་དུ་བྱས་ནས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ནང་ནས་འདིར་སོ་སོར་བསྒོམ་པར་འདོད་པས་ཐམས་ཅད་ཤེས་པ་ཉིད་ཀྱི་གནས་སྐབས་ཡིན་པའི་ཕྱིར་རོ། །མེད་པ་ནི་ནམ་མཁའ་དང་མཉམ་པའི་རྟག་པའི་ཚུལ་གྱིས་མེད་པའོ། །མི་སྐྱེ་བ་ནི་ཡང་དག་པར་སྐྱེ་བ་མེད་པའོ། །དབེན་པ་ནི་ཡོན་ཏན་སྐྱེད་པར་བྱེད་པ་ཉིད་ཀྱིས་ན་བདག་སྟོང་པ་ཉིད་དོ། །མི་བརྫི་བ་ནི་བདག་མེད་པ་ཉིད་ཀྱིས་མུ་སྟེགས་པ་རྣམས་ཀྱིས་འཁྲུགས་པར་མི་ནུས་པ་སྟེ། སྡུག་བསྔལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པའི་མཚན་ཉིད་དོ། །ཡང་དག་པར་ན་མིང་དང་གཟུགས་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་མེད་པའི་དོན་གྱིས་ན་གནས་མེད་པའོ། །ནམ་མཁའ་ནི་དངོས་པོ་མེད་པའོ། །ཡང་དག་པར་ན་ཚིག་ཏུ་བརྗོད་དུ་མེད་པ་ན་བརྗོད་དུ་མེད་པའོ། །གཟུགས་ཅན་མ་ཡིན་པའི་ཕུང་པོ་མེད་པ་ནི་མིང་མེད་པ་སྟེ། ཀུན་འབྱུང་གི་རྒྱུ་དང༌། ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་གྱི་མཚན་ཉིད་དོ། །འགྲོ་བ་མེད་པ་ནི་ཡང་དག་པ་ཉིད་དུ་ན་འགྲོ་བ་མེད་པའོ། །མི་འཕྲོགས་པ་ནི་གཟོད་མ་ནས་ཞི་བ་ཉིད་ཀྱིས་ན་ཡུལ་མེད་པའོ། །མི་ཟད་པ་ནི་ཟད་པ་མེད་པའོ། །སྐྱེ་བ་མེད་པ་ནི་མ་སྐྱེས་པ་སྟེ་འགོག་པའི་འགོག་པ་དང༌། ཞི་བ་དང་གྱ་ནོམ་པ་དང༌། ངེས་པར་འབྱུང་བའི་མཚན་ཉིད་དོ། །དེ་ལྟར་ན་མེད་པ་ལ་སོགས་པ་རྣམ་པ་བཅུ་གཉིས་པོ་འདི་དག་ནི་གོ་རིམས་བཞིན་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་གསུམ་གྱིས་མི་རྟག་པ་ལ་སོགས་པའི་མཚན་ཉིད་དག་ཡིན་པར་བཤད་པར་བྱའོ། །ད་ནི་ལམ་གྱི་བདེན་པ་རྣམ་པ་གསུམ་ཉོན་མོངས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཉོན་མོངས་པ་ཉིད་ནི་རྩིག་པ་ལ་སོགས་པ་དང་འདྲ་བར་སྒྲིབ་པ་ཡིན་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་


DTG086_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་དང་པོ་ཉན་ཐོས་རྣམས་ཀྱི་ཟག་པ་མེད་པའི་ལམ་ལ་ཡང་དག་པ་ཉིད་དུ་ན་བྱེད་པ་པོ་དམིགས་སུ་མེད་པས་ན་བྱེད་པ་པོ་མེད་པའོ། །བདག་ཉིད་མེད་པས་ན་ཤེས་པ་པོ་མེད་པའོ། །ཡང་དག་པར་ན་འཕོ་བ་མེད་པས་ན་འཕོ་བ་མེད་པའོ། །ཉོན་མོངས་པ་འདུལ་བ་མེད་པས་ན་འདུལ་བ་མེད་པའོ། །དེ་ལྟར་ན་རྣམ་པ་དང་ཞེས་བྱ་བ་ལ་སོགས་པས་ནི་ལམ་ལ་སོགས་པའི་མཚན་ཉིད་ཡིན་ཏེ། ལམ་དང་རིག་པ་དང་སྒྲུབ་པ་དང་ངེས་པར་འབྱིན་པའི་བདག་ཉིད་དོ། །གཉིས་པ་ནི་རང་སངས་རྒྱས་རྣམས་ཀྱི་ལམ་ཟག་པ་དང་བཅས་པ་སྟེ། རབ་ཏུ་གཉིད་ཀྱིས་ལོག་པའི་གནས་སྐབས་ཀྱི་ཤེས་པ་ནི་རྨི་ལམ་མོ། །བྲག་ཆ་ནི་སྒྲ་བརྙན་ནོ། །ཟླ་བ་གཉིས་པ་ལ་སོགས་པའི་སྣང་བ་ནི་མིག་ཡོར་རོ། །སྨིག་རྒྱུ་ནི་མྱ་ངན་གྱི་སྨིག་རྒྱུའོ། །མིག་འཕྲུལ་ནི་སྒྱུ་མའོ། །དེ་ལྟར་ན་རྣམ་པ་དེ་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པ་ཉིད་དུ་ན་སྐྱེ་བར་མི་རིགས་པ་ཉིད་དོ། །ཞེས་བལྟ་བར་བྱའོ། །སྤྱིར་ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ་དག་ཡིན་ནོ། །ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་ཐམས་ཅད་འཇོམས་པར་བྱེད་པའོ། །གསུམ་པ་ནི་རང་སངས་རྒྱས་རྣམས་ནི་ལམ་ལ་འདོད་ཆགས་ལ་སོགས་པ་མེད་པས་ན་ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་མེད་པ་ནི་རྣམ་པར་བྱང་བ་མེད་པའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་མ་གོས་པ་ན་གོས་པ་མེད་པའོ། །གཟུགས་ལ་སོགས་པའི་སྤྲོས་པ་མེད་པ་ནི་སྤྲོས་པ་མེད་པའོ། །མངོན་པར་ཞེན་པ་མེད་པ་ནི་རློམ་པ་མེད་པའོ། །ཆོས་ཀྱི་དབྱིངས་ལྟར་བརྟན་པས་ན་མི་གཡོ་བ་སྟེ། །འདི་དག་རྣམ་པ་རྣམས་ཡིན་ནོ། །ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །རྣམ་པར་བྱང་བ་མ་ཡིན་པ་ནི་མྱ་ངན་ལས་འདས་པ་མ་ཡིན་པའོ། །ཉོན་མོངས་པའི་བག་ཆགས་ནི་འདོད་ཆགས་ལ་སོགས་པའི་རྒྱུན་ནམ་མེད་པའི་རྣམ་པ་ཉེ་བར་མཐོང་བར་ནུས་པའི་ཉོན་མོངས་པའི་བག་ཆགས་རྣམས་སོ། །གཟུགས་ལ་སོགས་པའི་སྤྲོས་པ་ནི་གཟུགས་དང་ཚོར་བ་ལ་སོགས་པའི་བར་དུ་དབྱེ་བའོ། །


DTG086_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རྟོག་པ་ནི་འཛིན་པའི་ཤེས་པ་ལ་ཉེ་བར་དམིགས་པའོ། །ཡོངས་སུ་ཉམས་པ་ནི་ཉོན་མོངས་པ་འཇོམས་པ་སྟ། མི་མཐུན་པའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་འདི་རྣམས་ཀྱི་སོ་སོར་ངེས་པའི་གཉེན་པོར་གྱུར་པ་དག་ཡིན་ནོ་ཞེས་སྨོས་ཏེ། ཀུན་ནས་ཉོན་མོངས་པ་ལ་སོགས་པ་ཤེས་བྱའི་སྒྲིབ་པ་གང་ཡིན་པ་དེ་རྣམས་ཀྱི་དྲུག་པོ་དག་ཉིད་ཡིན་ནོ། །རྒྱུ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་བཤད་པར་འདོད་ནས། གནས་སྐབས་པ་ལ་བདེན་བྱ་བ་ལ་སོགས་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་ཀུན་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་ཅིག་ཤོས་ཀྱི་ཕྱོགས་ལ་བརྟེན་ནས་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཡུལ་གྱི་དབྱེ་བས་སོ། །གྲངས་བཞིན་དུ་རྣམ་པ་བརྒྱད་དང་ཞེས་བྱ་བ་ལ་སོགས་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་ཀུན་འབྱུང་དང་ལམ་དག་ལ་རྣམ་པ་བརྒྱད་དང་བདུན་རྣམས་སོ། །སྡུག་བསྔལ་དང་འགོག་པ་ལ་རྣམ་པ་ལྔ་དང་བཅུ་དྲུག་ཏུ་ཤེས་པར་བྱའོ། །དེ་ལ་ཀུན་འབྱུང་གི་བདེན་པར་རྟོག་པ་རྣམ་པ་བརྒྱད་ནི་འདོད་ཆགས་དང་བྲལ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་ནི་འདོད་ཆགས་དང་བྲལ་བའོ། །མངོན་པར་ཞེན་པ་མེད་པ་ནི་མི་གནས་པའོ། །ཉེས་པ་ཉེ་བར་ཞི་བ་ནི་ཞི་བའོ། །འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་མེད་པའོ། །ཞེ་སྡང་མེད་པ་ནི་ཞེ་སྡང་དང་བྲལ་བའོ། །ཡང་དག་པའི་ཡེ་ཤེས་ནི་གཏི་མུག་མེད་པའོ། །ཉོན་མོངས་པ་དང་བྲལ་བ་ནི་ཉོན་མོངས་པ་མེད་པའོ། །སེམས་ཅན་མེད་པ་ནི་སེམས་ཅན་མེད་པ་སྟེ། རྣམ་པ་འདི་དག་ནི་གོ་རིམས་བཞིན་དུ་འདི་རྣམས་གང་དག་གི་གཉེན་པོ་ཡིན་ཞེ་ན། མི་མཐུན་པའི་ཕྱོགས་ནི་ཀུན་འབྱུང་གི་བདེན་པའི་རྒྱུ་དང༌། ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་ཏེ་རྣམ་པ་བཞི་སྨོས་པ་ཡིན་ལ། དེ་ལ་རྒྱུ་གང་ཡིན་པ་དེ་ནི་སྔོན་དང་ཕྱི་མའི་རྒྱུ་དང་འབྲས་བུ་དང་སྲིད་པའི་དབྱེ་བས་རྣམ་པ་གསུམ་ཡིན་ལ། དེ་ནི་འདུན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདུན་པ་ནི་ཡུལ་ཐམས་ཅད་མངོན་པར་འདོད་པའོ། །དེ་མངོན་དུ་འགྲོ་བའི་མངོན་པར་


DTG086_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་ནི་འདོད་ཆགས་ཏེ། འདོད་ཆགས་ལ་ནི་དགའ་བ་སྟེ། ལྷར་འགྱུར་བའམ་མིར་འགྱུར་བའོ་ཞེས་སྲིད་པ་ལ་མངོན་པར་དགའ་བར་བྱེད་པའོ། །མི་མཐུན་པའི་ཕྱོགས་འདི་རྣམས་ཀྱི་གཉེན་པོ་ནི་འདོད་ཆགས་དང་བྲལ་བ་དང༌། མི་གནས་པ་དང་ཞི་བའི་རྣམ་པ་སྟེ་གསུམ་ཡིན་ནོ། །ཀུན་འབྱུང་བ་གང་ཡིན་པ་དེ་ཡང་གསུམ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གོ །འདོད་ཆགས་ལ་སོགས་པ་མི་མཐུན་པའི་ཕྱོགས་འདི་རྣམས་ཀྱི་གཉེན་པོ་ནི་འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པའོ། །རབ་ཏུ་སྐྱེ་བ་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་སྟེ། མི་མཐུན་པའི་ཕྱོགས་མ་ལུས་པའི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་ནི་ཉོན་མོངས་པ་མེད་པ་སྟེ། ཉོན་མོངས་པ་ལྡོག་པ་ལས་རྣམ་པར་རྟོག་པ་ཐམས་ཅད་ལྡོག་པ་ཡིན་པའི་ཕྱིར་རོ། །རྐྱེན་གང་ཡིན་པ་དེ་ནི་སེམས་ཅན་དུ་མངོན་པར་ཞེན་པ་སྟེ། དེའི་རྣམ་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་ནི་སེམས་ཅན་མེད་པ་སྟེ། སེམས་ཅན་མེད་པར་ཤེས་པ་ལས་དེའི་མངོན་པར་ཞེན་པ་ལྡོག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་རྣམས་ཀྱི་གཉེན་པོར་གྱུར་པ་སྟེ། འདུན་པ་དང་འདོད་ཆགས་ལ་སོགས་པ་མི་མཐུན་པར་གྱུར་པའི་ངོ་བོ་གསུམ་དང་གསུམ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་དང༌། འདོད་ཆགས་མེད་པ་ལ་སོགས་པ་དང་གཅིག་དང་གཅིག་སྟེ་ཞེས་བྱ་བ་ཉོན་མོངས་པ་མེད་པ་དང་སེམས་ཅན་མེད་པ་སྟེ། བརྒྱད་དང་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་རྣམ་པ་བརྒྱད་ཡིན་ནོ་ཞེས་བྱ་བར་བསྒྲགས་སོ། །ལམ་གྱི་རྣམ་པ་བདུན་ནི་ཚད་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྟོག་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ན་ཚད་མེད་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སྤངས་པས་ན་མཐའ་གཉིས་དང་མ་འབྲེལ་བ་སྟེ་མ་དམིགས་སོ། །ཆོས་ཀྱི་དབྱིངས་དང་འདྲ་བ་དབྱེར་མེད་པ་ཉིད་ཡིན་པས་ན་ཐ་མི་དད་པའོ། །ཉན་ཐོས་ལ་སོགས་པའི་རྣམ་པར་རྟོག་པ་དང་མ་འདྲེས་པས་མཆོག་ཏུ་འཛིན་པ་མེད་པའོ། །རྣམ་པར་རྟོག་པ་ཐམས་ཅད་ནི་སྟོང་པ་ཉིད་ཡིན་པར་མཚུངས་པ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་


DTG086_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཤེས་པར་བྱ་བ་མེད་པས་ན་དཔག་ཏུ་མེད་པའོ། །ཆོས་ཐམས་ཅད་ལ་ཞེན་པ་མེད་པའི་ཕྱིར་ཆགས་པ་མེད་པ་སྟེ། རྣམ་པར་རིག་པ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གང་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ་ནི་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ལམ་ནི་ཐར་པའི་གྲོང་ཁྱེར་ཐོབ་པར་བྱེད་པའོ། །ཇི་ལྟར་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ་ཇི་ལྟར་སྨོས་པ་ལ་སོགས་པས་སོ། །རིག་པ་གང་ཡིན་པ་དང་ཇི་ལྟར་རིག་པར་ཡིན་པ་ནི་ཡང་དག་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་དང་ཉོན་མོངས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །སྒྲུབ་པ་གང་ཡིན་པ་དང་ཇི་ལྟར་བསྒྲུབ་པ་ཡིན་པ་ནི་སེམས་བསྐྱེད་པ་ལ་སོགས་པའི་གཉེན་པོ་བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ཉིད་དང༌། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །ངེས་པར་འབྱུང་བ་གང་ཡིན་པ་ནི་མྱ་ངན་ལས་འདས་པའོ། །དེ་དག་ནི་དེ་རྣམས་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །སྡུག་བསྔལ་གྱི་བདེན་པ་རྣམ་པ་ནི་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མེད་པའི་དོན་ནི་མི་རྟག་པའི་དོན་ཡིན་ནོ་ཞེས་གསུངས་པའི་ཕྱིར་མེད་པས་ན་མི་རྟག་པའོ། །འདུ་བྱེད་ཉིད་ཡིན་པས་ན་སྡུག་བསྔལ་བའོ། །གཞན་གྱིས་ཡོངས་སུ་བརྟགས་པའི་བདག་ལ་སོགས་པས་སྟོང་པས་ན་སྟོང་པའོ། །གང་ཟག་ལ་སོགས་པ་མེད་པས་ན་བདག་མེད་པའོ། །མཚན་ཉིད་མེད་པའི་རྣམ་པ་ནི་ལྔ་ཡིན་ཏེ། དེ་ཡང་གང་ཞེ་ན་ངོ་བོ་ཉིད་ཅེས་བྱ་བ་མ་སྐྱེས་པ་སྟེ། ཐམས་ཅད་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །བཏགས་པའི་བདག་ཉིད་ལ་སོགས་པ་ཆོས་བརྒྱད་པོ་དེ་དག་ལ་མངོན་པར་ཞེན་པ་བཀག་པས་ཡང་དག་པ་ཉིད་དུ་མེད་པ་ཉིད་ཀྱིས་ན་གོ་རིམས་བཞིན་དུ་སྟོང་པ་ཞེས་བྱ་བ་སྟོང་པ་ཉིད་དང༌། ཆེན་པོ་ཞེས་བྱ་བ་ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་ཞེས་བྱ་བ་དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་ཞེས་བྱ་བ་འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་ཞེས་བྱ་བ་འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་ཞེས་བྱ་བ་མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་ཞེས་བྱ་བ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་ཞེས་བྱ་བ་དོར་བ་མེད་པ་སྟོང་པ་


DTG086_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྟེ་རྣམ་པ་དེ་དག་ཡིན་ནོ། །གྱ་ནོམ་པའི་རྣམ་པ་གང་ཞིག་ཡིན་ཞེ་ན། གཞན་གྱིས་ཞེས་བྱ་བ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་རྣམས་ཀྱིས་ཀུན་བརྟགས་པའི་བྱེད་པ་པོ་གང་ཡིན་པ་དེ་བཀག་པས་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་སྟེ། ཡང་དག་པར་ན་བྱ་བ་མེད་པས་ན་ལྷ་སྦྱིན་ལ་སོགས་པས་ལས་བྱེད་པ་པོ་ནང་ན་མི་དམིགས་པའི་ཕྱིར་དང༌། མ་མཐོང་བར་བརྟགས་པ་ནི་ཧ་ཅང་ཐལ་ཆེས་པ་ཡིན་པའི་ཕྱིར་རོ། །ངེས་པར་འབྱུང་བའི་རྣམ་པ་བཤད་དོ་ཞེས་བྱ་བ་ནི་ལྷག་མའོ། །ཡུལ་དུ་འཁྲུལ་པ་ཡང་དག་པ་ཉིད་དུ་ཤེས་པའི་རྣམ་པ་ཡིན་ན་ཡང་ཕྱི་རོལ་གྱི་གཟུགས་ལ་སོགས་པ་འཁྲུལ་པ་སྟེ། དེའི་བདག་ཉིད་རྣམས་ནི་བཏགས་པ་སྟེ། གཟུགས་ལ་སོགས་པའི་ཐ་སྙད་དོ། །མཚན་ཉིད་ནི་གཟུགས་སུ་རུང་བ་ལ་སོགས་པའོ། །དུས་ནི་དཔྱིད་ལ་སོགས་པའོ། །འདི་རྣམས་སུ་འཁྲུལ་པ་རྣམས་ནི་གང་དེ་ཁོ་ན་ཉིད་དུ་ནི་ཡང་དག་པ་མ་ཡིན་ན་ཡང་ཡང་དག་པར་རྣམ་པར་འཁྲུལ་པའོ། །དེ་རྣམས་ཀྱི་འགག་པར་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་ཅེས་བྱ་བ་རང་གི་མཚན་ཉིད་སྟོང་པ་ཉིད་དང༌། གཞན་གྱིས་ཡོངས་སུ་བརྟགས་པའི་དུས་ནི་ཀུན་རྫོབ་ཏུ་ཡང་མ་དམིགས་པའི་ཕྱིར་དང༌། ཡང་དག་པར་ན་ཤེས་པའི་སྣང་བ་ལས་གཞན་པའི་དུས་ཀྱང་མི་འཐད་པའི་ཕྱིར་མི་དམིགས་པ་ཞེས་བྱ་བ་མི་དམིགས་པ་སྟོང་པ་ཉིད་དེ། རྣམ་པ་གསུམ་པོ་དེ་དག་གོ །ངེས་པར་འབྱུང་བའི་རྣམ་པ་ཁོ་ན་ཞེས་བྱ་བ་མྱ་ངན་ལས་འདས་པའི་རྣམ་པ་ཉིད་ཡིན་ལ་ངོ་བོ་ཉིད་མེད་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་སྟེ། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ནི་བཅུ་དྲུག་ཏུ་བསྒྲགས་སོ། །ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཚིག་ལེའུར་བྱས་པའི་དོན་ནི་རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཞེས་བྱ་བ་ནི་སྔར་བཤད་པས་སོ། །འཕགས་པའི་གང་ཟག་ཐམས་ཅད་བསྡུས་པའི་ཕྱིར་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་བསྡུས་པའི་ཕྱིར་ཏེ།


DTG086_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་བཞིན་དུ་ཉན་ཐོས་ལ་སོགས་པའི་ཞེས་བྱ་བ་འོག་མ་དང་སྦྱར་བར་བྱའོ། །དྲན་པ་ཉེར་བཞག་ནས་བཟུང་སྟེ་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་དང་པོར་བྱས་ནས་སོ། །ཐ་མ་སངས་རྒྱས་ཉིད་རྣམ་པར་ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་རྣམ་པ་སུམ་ཅུ་རྩ་དགུའི་བར་ནི་རྣམ་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་བསྡུས་པ་ཡིན་ཞེ་ན། ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་གྲགས་པ་དེས་བསྡུས་པའི་ལམ་གང་ལ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ལམ་གྱི་བདེན་པ་རྣམ་པ་གསུམ་པོ་དེའི་སྒོ་ནས་ཞེས་བྱ་བ་དེའི་ཐབས་ཀྱིས་སོ། །འདིས་ནི་ཀུན་མཁྱེན་ཉིད་གསུམ་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །འདིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཡང་དག་པར་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡིན་པར་བཤད་ལ། དེ་ཡང་ཉན་ཐོས་ལ་སོགས་པ་ལམ་གསུམ་གྱི་བྱེ་བྲག་གིས་གསུམ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ནང་ནས་སོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དངོས་པོ་ཡོངས་སུ་རྟོགས་པའི་ལམ་ལ་ཞེས་བྱ་བ་ནི་ལུས་ལ་སོགས་པ་རྣམ་པར་དབྱད་པའི་ཐབས་ལའོ། །བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་བསྒོམ་པའི་ལམ་ལ་འཇུག་པར་བྱ་བའི་ཕྱིར། །རྣམ་པར་དཔྱད་པ་ནི་ལུས་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ལུས་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་དག་གི་དོན་གྱི་བྱ་བ་ནུས་པ་དང་མི་ནུས་པ་དག་གིས་ཡོངས་སུ་བརྟག་ཅིང་སྐྱེ་བ་མེད་པ་ཉིད་དུ་ཤེས་པར་བྱེད་པ་གང་ཡིན་པ་དེ་རྣམ་པ་ཡིན་ནོ། །བརྩོན་འགྲུས་བསྐྱེད་པའི་ཕྱིར་རྩོལ་བའི་ལམ་སྟེ། ཡང་དག་པར་སྤོང་བའི་ཐབས་ལ་མི་དགེ་བ་ངེས་པར་སྐྱེས་པ་དང༌། མ་སྐྱེས་པ་དག་ཡང་དག་པར་སྤོང་བར་བྱ་བའི་ཕྱིར་དང༌། མི་བསྐྱེད་པར་བྱ་བའི་ཕྱིར་དང༌།


DTG086_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ཡང་དག་པར་སྐྱེས་པ་དང་མ་སྐྱེས་པ་དག་ལ་འཕེལ་བར་བྱ་བ་དང་བསྐྱེད་པར་བྱ་བའི་རྒྱུ་ནི་བརྩོན་འགྲུས་སོ། །སེམས་ལས་སུ་རུང་བ་ཉིད་དུ་བྱེད་པ་ནི་སེམས་རྩེ་གཅིག་པར་གྱུར་པ་ཡིན་པས། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་སྟེ། བསམ་གཏན་འདུ་བྱེད་པའི་ཐབས་རྫུ་འཕྲུལ་གྱི་རྐང་པའི་རྣམ་པ་ལའོ། །ཏིང་ངེ་འཛིན་གྱིས་སྤོང་བ་ནི་འདོད་ཆགས་ལ་སོགས་པ་རྩོལ་བའོ། །དེའི་དོན་དུ་འདུ་བྱེད་པ་ནི་འབད་པའོ། །དེ་དང་ལྡན་ཞིང་བཅས་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ། རྫུ་འཕྲུལ་གྱི་རྟེན་ཡིན་པ་ནི་འདི་དག་གི་སྟོབས་ཀྱིས་རྫུ་འཕྲུལ་བྱེད་པ་ཡིན་པའི་ཕྱིར་ཏེ། འདུན་པ་ལ་སོགས་པའི་སྒོ་ནས་ལས་སུ་རུང་བར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །སེམས་ཡོངས་སུ་སྦྱང་བ་བྱས་ཤིང་ཏིང་ངེ་འཛིན་དང་ལྡན་པའི་མངོན་པར་རྟོགས་པའི་སྦྱོར་བའི་ལམ་སྟེ། སྦྱོར་བའི་ནུས་པ་ལས་བྱུང་བའི་དད་པ་ལ་སོགས་པའི་ཐབས་ལའོ། །དད་པ་ལ་སོགས་པའི་དབང་པོས་འཕགས་པའི་ལམ་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་དྲོ་བ་དང་རྩེ་མོའི་སྦྱོར་བ་རྟོགས་པར་གྱུར་པ་ཡིན་པའི་ཕྱིར་རོ། །དྲོ་བ་ལ་སོགས་པ་ཐོབ་ཅིང་དྲོ་བ་དང་རྩེ་མོ་རྟོགས་པ་ནི་བཟོད་པ་ལ་སོགས་པ་མངོན་པར་རྟོགས་པ་དང་འབྲེལ་ཅིང་གཅིག་ཏུ་གྱུར་པའི་ལམ་དད་པའི་སྟོབས་ལ་སོགས་པ་གང་ཡིན་པ་དེ་ལ་འདོད་པ་ལ་སོགས་པའི་སྟོབས་ཀྱི་རྗེས་ཐོགས་ལ་བདེན་པའི་རྟོགས་པའི་དོན་དུ་དད་པ་མེད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའི་བཟོད་པ་དང་ཆོས་ཀྱི་མཆོག་གི་སྦྱོར་བ་ཡིན་པའི་ཕྱིར་རོ། །དྲོ་བ་ལ་སོགས་པ་བཞི་རྟོགས་པ་ལ་ནི། བདེན་པ་བཞི་མཐོང་བའི་ལམ་སྟེ། བདེན་པ་བཞི་ཤེས་པའི་ཐབས་ལ་ནི་མངོན་པར་རྟོགས་པའི་ལམ་ཤེས་བྱ་སྟེ། དྲན་པ་ལ་སོགས་པའི་ཐབས་དེས་ཐོག་མ་ཁོ་ནར་དེ་ཁོ་ན་ཉིད་དུ་མངོན་པར་རྟོགས་པར་རིག་པ་ཡོངས་སུ་ཤེས་པ་ཡིན་པའི་ཕྱིར་རོ། །བདེན་པ་མཐོང་བ་ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་པའི་ལྟ་བ་ལ་སོགས་པ་ནི་ཡང་དག་པར་ངེས་པར་འབྱིན་པའི་ལམ་ཡིན་ཏེ། མཐོང་བའི་ལམ་ཡན་ཆད་འདིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པར་དག་པར་ངེས་པར་འབྱིན་པ་ཡིན་པའི་ཕྱིར་རོ། །དེར་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་རྣམས་གོ་རིམས་བཞིན་དུ་འབྱུང་བས་


DTG086_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམས་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ན་དངོས་པོ་ཡོངས་སུ་རྟོགས་པའི་ལམ་ལ་སོགས་པ་ལམ་རྣམ་པ་བདུན་གྱི་དབང་དུ་བྱས་ནས་སློབ་མ་རྣམས་ལ་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་ཏེ། དེ་ལ་གནས་པ་ཡིན་ནོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་པ་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་བཞི་ནི་ལམ་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལྟ་བ་ནི་གཟུང་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཀྱི་ཤེས་པའོ། །དེ་རྣམས་ཀྱི་གཉེན་པོའི་ལམ་ནི་རྣམ་པར་སེལ་བའི་ཐབས་རྣམ་པ་གསུམ་མོ། །དེ་ནི་ལྟ་བས་བྱས་པ་ཞེས་སྨོས་ཏེ། ལྟ་བ་ལས་གྱུར་པའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའོ། །དེའི་རྒྱུ་མཚན་ནི་ལྟ་བའི་རྒྱུའི་རྣམ་པར་རྟོག་པ་སྟེ། རྟོག་པ་གང་ཡིན་པ་དེ་རྣམས་ཀྱི་གཉེན་པོའོ། །ཁམས་གསུམ་པ་ལ་སྨོན་པ་ནི་སེམས་ཅན་དུ་ལྟ་བ་ལ་ཞུགས་པ་གང་ཡིན་པ་སྟེ། དེ་ནི་གཉེན་པོའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཞི་བའི་རྣམ་པས་མཚན་མ་མེད་ཅེས་བྱ་བ་འདི་དང་འགལ་ལོ་ཞེ་ན། འདི་ནི་དངོས་པོའི་རྒྱུའི་རྒྱུ་མཚན་དང་རྗེས་སུ་འབྲེལ་པའི་ཉན་ཐོས་ཀྱི་ལམ་གྱི་དབང་དུ་བྱས་ནས། དེ་སྐད་བརྗོད་པ་ཡིན་པའི་ཕྱིར་རོ། །སྤྲུལ་པའི་ལམ་ནི་སྤྲུལ་པའི་ཐབས་ཀྱི་བྱ་བ་རྣམ་པ་གསུམ་མོ། །ནང་གི་བདག་ཉིད་ཀྱི་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་ཕྱི་རོལ་གྱི་གཟུགས་རྣམས་ལ་ཞེས་བྱ་བ་ཁ་དོག་བཟང་བ་དང་ཁ་དོག་ངན་པའོ། །བལྟའོ་ཞེས་བྱ་བ་ནི་བདག་ཉིད་བསམ་གཏན་ནམ་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ཏེ་ཞེས་བྱ་བར་ཤེས་པར་བྱའོ། །སྤྲུལ་པའི་སྒྲིབ་པ་ནི་དེའི་མི་མཐུན་པའི་ཕྱོགས་ཏེ། དེའི་གཉེན་པོ་རྣམ་པ་གཉིས་སོ། །རྣམ་པར་ཐར་པ་གསུམ་པ་ནི་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གདུལ་བྱ་རྣམས་ཀྱི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་རྒྱུ་ལས་གྱུར་པས་གཟུགས་སྡུག་པ་དང་མི་སྡུག་པ་སྟེ། འཕགས་པ་དང་ཅིག་ཤོས་ཀྱི་རྣམ་པ་དག་སྟེ། དེ་དག་གི་སྤྲུལ་པའོ། །དགའ་བ་ནི་འབད་པའོ། །མི་དགའ་བ་ནི་རྒྱབ་ཀྱིས་ཕྱོགས་པའོ། །གཉིས་པོ་དེ་དག་ནི་ཀུན་ཏུ་ཆགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་སྟེ། མི་མཐུན་པ་ཡིན་ལ་དེ་དག་གི་གཉེན་པོ་ནི་རྒྱུར་གདུལ་བྱ་རྣམས་ཀྱི་སྡུག་


DTG086_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། བསོད་ནམས་ཀྱི་རྒྱུའི་རྣམ་པར་ཐར་པའི་སྒོ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་ཐབས་སོ། །ལུས་ཀྱིས་མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ཇི་ལྟར་གདུལ་བར་ལུས་ཀྱི་འཕགས་པའི་རྣམ་པར་གྱུར་པའོ། །རྫོགས་པར་བྱས་ཏེ་ཞེས་བྱ་བ་ནི་བསྟན་པར་དམིགས་པའོ། །གནས་སོ་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་ཀུན་ཏུ་སྤྱོད་པའོ། །འདིར་ཡང་བདག་ཉིད་གཟུགས་སྡུག་པ་དང་མི་སྡུག་པ་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང༌། ཕན་ཚུན་རྗེས་སུ་འགྲོ་བའི་འདུ་ཤེས་ལ་བརྟེན་ཏེ། ཕན་ཚུན་གྱི་འདུ་ཤེས་རོ་གཅིག་པ་ཐོབ་པས་གཟུགས་ཇི་ལྟར་འདོད་པའི་རྣམ་པར་ཐར་པ་ལ་དབང་ཐོབ་པ་ཡིན་ནོ་ཞེས་བལྟ་བར་བྱ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་བདག་ཉིད་ཐར་པ་ཁྱད་པར་ཅན་གྱི་རྒྱུར་གྱུར་པས་ན་རྣམ་པར་ཐར་པའོ། །མཐོང་བའི་ཆོས་ནི་བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་མཛད་པའི་ཡེ་ཤེས་སོ། །དེའི་བདག་ཉིད་ཅན་གྱི་བདེ་བར་གནས་པ་གང་ཡིན་པ་ནི་ཇི་ལྟར་བདེ་བར་གནས་པའོ། །དེའི་ལམ་ནི་ཐབས་རྣམ་པ་ལྔའོ། །ཐབས་ཀྱི་རང་བཞིན་ཡང་རྣམ་པ་གཉིས་བཤད་པ་ནི་དེ་མཐོང་བས་གཞན་རྣམས་ཀྱི་ཡང་དེ་བསྟན་པས་ཐར་པ་དང་མཐུན་པར་གནས་པའི་རྒྱུར་གྱུར་པས་ཐར་པ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་རྣམ་པ་བཞིའོ། །ཞི་བར་གནས་པའི་ལམ་གྱི་རང་བཞིན་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་མེད་པའི་ཕྱིར་རོ། །འདུ་ཤེས་ཞེས་བྱ་བ་ལ་སོགས་པས་ནི་འགོག་པའི་སྙོམས་པར་འཇུག་པ་སྟེ། གཅིག་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ཐབས་རྣམ་པ་དགུ་ལའོ། །སྤོང་བའི་ལམ་སྟེ་ཉོན་མོངས་པ་སེལ་བའི་ཐབས་ལའོ། །བར་ཆད་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ལམ་གཅིག་ཡིན་ན་ཡང་བདེན་པ་བཞིའི་བྱེ་བྲག་གིས་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་ཀྱང་གཞི་ཡིན་ནོ། །སངས་རྒྱས་ཉིད་ཀྱི་ལམ་ནི་སྦྱིན་པ་ལ་སོགས་པ་སྟེ། དེ་ནི་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལྟར་ན་ལམ་རྣམ་པ་དྲུག་གི་དབང་དུ་མཛད་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ད་ནི་ཡང་དག་


DTG086_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དགུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཤིན་ཏུ་ཕུལ་དུ་བྱུང་བའི་ཕྱིར་ཞེས་བྱ་བ་ནི་ཐམས་ཅད་ཀྱི་མཆོག་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལམ་གཅིག་པུ་ཁོ་ན་ཡིན་ན་ཡང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་བྱེ་བྲག་གིས་ཕྱེ་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ད་ནི་དེ་ལ་ནི་གནས་དང་གནས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་རྣམ་པ་ནི་སུམ་ཅུ་རྩ་དགུའོ་ཞེས་བྱ་བ་ནི་སྟོབས་ལ་སོགས་པ་རྣམ་པ་སུམ་ཅུ་རྩ་དྲུག་དང་འདི་རྣམས་ཀྱི་ངོ་བོ་ཉིད་དེ་བཞིན་ཉིད་གང་ཡིན་པ་དང་།གང་ཞིག་དེ་ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་རང་བྱུང་དང༌། གང་གི་དོན་དུ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཉིད་ཅེས་བྱ་བ་གསུམ་མོ། །རྣམ་པ་ཐམས་ཅད་བསྡུས་ཏེ་རང་བཞིན་དང་གྲངས་ནི་དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དྲི་མ་མེད་པའི་རྣམ་པ་བཅུ་དྲུག་ལས་གཞན་མེད་དོ་ཞེས་གང་གསུངས་པ་དེ་ནི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ལས་དགོངས་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ། །སྦྱོར་བ་ཁྱད་པར་ཞེས་བྱ་བ་ལ་སོགས་པས་རྣམ་པ་དང་བཅས་པའི་སྦྱོར་བའི་བདག་ཉིད་ཀྱི་ཡུམ་སྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའི་དོན་གྱི་ཤུགས་ཀྱིས་འཕངས་པ་བཤད་པ་ཡིན་ནོ། །དེ་དག་ཀྱང་སྦྱོར་བ་པོ་མེད་པར་བརྗོད་པར་མི་ནུས་པས་ཞེས་བྱ་བ་ནི་དགོས་པ་མེད་པའི་ཕྱིར་སྨྲ་བར་མི་རིགས་སོ། །སངས་རྒྱས་རྣམས་ལ་བཀུར་སྟི་བྱས་པ་ནི་སངས་རྒྱས་ལ་དམིགས་ཏེ་གཙུག་ལག་ཁང་ལ་སོགས་པ་བྱེད་པ་དང༌། སངས་རྒྱས་རྣམས་ལ་བསོད་སྙོམས་ལ་སོགས་ཕུལ་བས་སོ། །དེ་ལ་དགེ་བའི་རྩ་བ་བསྐྲུན་པ་ནི་སངས་རྒྱས་ལ་བསྙེན་བཀུར་བྱས་པ་ལ་སོགས་པས་སོ། །དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་ཤིང་དགེ་བའི་བཤེས་གཉེན་རྣམས་ཀྱི་མགོན་དང་ལྡན་པ་ནི་རྣམ་པ་དང་བཅས་པའི་སྦྱོར་བའི་བདག་ཉིད་ཀྱི་ཡུམ་འདི་མཉན་པའི་སྣོན་ཡིན་ཞིང་འཛིན་པ་དང་འཆང་བ་ལ་སོགས་པ་ནི་སྣོད་ཉིད་ཡིན་པར་དམ་པ་རྣམས་


DTG086_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པ་སྟེ། དེར་བསྔགས་པ་ཡིན་པའི་ཕྱིར་སངས་རྒྱས་ཀྱིས་གནང་བ་ཡིན་ནོ། །ཚིག་ལེའུར་བྱས་པའི་དོན་ནི་འདས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཞན་དང་མཉམ་པ་ལ་སོགས་པ་འཐོབ་པར་མི་འགྱུར་བས་འདས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པ་སྟེ། སངས་རྒྱས་ཐམས་ཅད་ལ་དམིགས་ཏེ་གཙུག་ལག་ཁང་ལ་སོགས་པ་བྱེད་པ་དེ་རྣམས་ལ་བསོད་སྙོམས་ལ་སོགས་པ་ཕུལ་བས་དང་པོ་ཐར་པའི་ཆ་དང་མཐུན་པའི་ས་བོན་ཐོབ་པའོ། །སྤྱིར་ཞེས་བྱ་བ་ནི་གཞན་རྣམས་ལ་མེད་པས་དེ་བཞིན་གཤེགས་པ་རྣམས་ལ་སྤྱིར་སངས་རྒྱས་དེ་དག་ཉིད་ལ་བཀུར་སྟི་བྱས་པ་དང༌། དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པའི་སྦྱོར་བ་པོ་ཐམས་ཅད་ཀྱི་ལྷའི་རིགས། ལུས་ལ་སོགས་པ་ཞེས་བྱ་བ་ལུས་དང་ངག་དང་སེམས་ཀྱིས་བསྐོར་བ་བྱ་བ་དང༌། དོན་ཅི་ལྟ་བ་བཞིན་བསྟོད་པ་དང་ཐོས་པ་དང་བསམ་པ་ལ་སོགས་པས་བསྙེན་བཀུར་བྱས་ཤིང་བསྟེན་པར་བྱས་པ་དང༌། རས་རིས་ལ་སོགས་པར་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་མཉེས་པར་བྱས་ཤིང་མཆོད་པ་ནི་ལུས་ལ་སོགས་པའི་བསྙེན་བཀུར་གྱིས་མཉེས་པར་བྱ་བའོ། །ཐེ་ཚོམ་གྱི་དོན་ཡོངས་སུ་འདྲི་བ་ནི་ཡིད་གཉིས་སུ་གྱུར་པའི་དོན་དགེ་བའི་བཤེས་གཉེན་ལ་ཞུ་བའོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་པ་ནི་ཉམས་སུ་ལེན་པའོ། །དེ་དང་ལྡན་པའི་དགེ་བའི་བཤེས་གཉེན་དག་གིས་བྱིན་གྱིས་བརླབས་པ་འདི་ཉིད་ནི་རྣམ་པའི་མཚན་ཉིད་ཅན་གྱི་ཡུམ་ཞེས་བྱ་བ་རྣམ་པའི་སྦྱོར་བའི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གོ་རིམས་ཇི་ལྟ་བ་བཞིན་ཞེས་བྱ་བ་བཀུར་སྟི་བྱས་ཤིང་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པ་དང་།སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང་།ཐེ་ཚོམ་གྱི་དོན་ཡོངས་སུ་དྲི་བ་དང་།སྦྱིན་པ་ལ་སོགས་པ་བསྒྲུབ་པ་དང་ལྡན་པ་སྟེ་།དགེ་བའི་བཤེས་གཉེན་དང་ལྡན་པ་བཞི་པོ་ནི་མཉན་པ་ལ་སོགས་པ་བཞིའི་སྣོད་ཉིད་དུ་གྱུར་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཚིག་ཅེས་བྱ་བ་ལ་སོགས་པས་ནི་ལེན་པ་དང་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་ལམ་བསྒོམ་པའོ། །གང་གིས་སྔོན་


DTG086_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མངོན་སུམ་དུ་མཐོང་ཞིང་དེ་རྣམས་ལ་དེས་བཀུར་སྟི་བྱས་པའི་བསོད་ནམས་ཉེ་བར་བསགས་ན་དེས་དེ་རྣམས་ཉིད་ལས་ཅིའི་ཕྱིར་ཡུམ་མཉན་པ་ལ་སོགས་པ་མ་བསྒྲུབས་ཞེས་བརྗོད་པར་མི་བྱ་སྟེ། དེ་རྣམས་ནི་དེའི་ཚེ་དེས་མངོན་སུམ་དུ་འདུལ་བར་འགྱུར་བ་མ་ཡིན་ལ་ད་ལྟར་ནི་ཚུལ་དེའམ་རྒྱུད་དེ་ལས་དགེ་བའི་བཤེས་གཉེན་དེས་འདུལ་བ་ཉིད་ཀྱིས་ན་ཡུམ་མཉན་པ་ལ་སོགས་པ་འབྱུང་བར་འགྱུར་བའོ། །ཟ་མ་ཏོག་བཀོད་པ་ལས་དེ་བཞིན་གཤེགས་པའི་བཀས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བཱ་རཱ་ཎ་གནས་པའི་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པ་དང་འདྲ་བ་ཡིན་པས་ན་ཉེས་པ་མེད་དོ། །གཟུགས་ལ་སོགས་པ་ཞེས་བྱ་བས་ནི་སྦྱོར་བའི་རབ་ཏུ་བྱེད་པའི་དོན་བཤད་པ་ཡིན་ཏེ་།ཡང་དག་པར་ན་གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་མི་གནས་པ་ནི་མངོན་པར་མ་ཞེན་པའོ། །གཟུགས་ལ་སོགས་པ་དེ་དག་ལ་མི་སྦྱོར་བ་ཉིད་སྦྱོར་བ་ཡིན་པ་ནི་བསྒོམ་པར་བྱ་བ་ལ་སོགས་པ་གསུམ་པོ་ཉེ་བར་མ་དམིགས་པའོ། །གཟུགས་ལ་སོགས་པ་དེ་དག་ཉིད་དེ་བཞིན་ཉིད་ཀྱིས་སྟོང་པ་ཉིད་ཡིན་པས་ཟབ་པ་དང་གཏིང་དཔག་དཀའ་བ་དང་ཚད་མེད་པ་ཉིད་མི་གནས་པ་དང་མི་དམིགས་པ་དང་རང་བཞིན་དང་རྙོག་པ་མེད་པ་དང༌། མཐའ་མེད་པ་ཉེ་བར་མ་དམིགས་པ་ཉིད་དེ། དེ་ལྟར་རྟོགས་ཤིང་ཤེས་པ་དང་ལྡན་པ་རྣམས་ལ་གྲངས་བཞིན་དུ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལྔ་ནི་གཟུགས་ལ་སོགས་པ་ལ་མི་གནས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་དོན་བཤད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཚེགས་ཆེན་པོ་དང་ཡུན་རིང་པོ་དག་གིས་སྡུག་བསྔལ་བ་དང༌། བསྐལ་པ་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ལ་སྐྲག་པའོ། །སངས་རྒྱས་རྣམས་ལས་འཚང་རྒྱ་བ་ཉིད་ཀྱིས་དུས་དང་མིང་དང་ངེས་པ་ལ་སོགས་པ་ཐོབ་པ་གང་ཡིན་པ་དེ་ནི་ལུང་བསྟན་པ་ཐོབ་པ་སྟེ། དེ་ལ་མི་སྐྲག་པས་ནི་ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར་ལུང་བསྟན་ཅེས་བྱ་བ་བཤད་པ་ཡིན་ནོ། །ཕྱིར་མི་ལྡོག་པ་ཉིད་དུ་ཡང་དག་པར་འཛིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དོན་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་བཟུང་བའོ། །


DTG086_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བ་ནི་བླ་ན་མེད་པའི་ཡེ་ཤེས་ཐོབ་པ་ལ་བར་ཆད་ཀྱི་ཆོས་འོག་ནས་སྨོས་པའི་ཉེས་པ་གང་ཡིན་པ་དེ་རྣམས་སྤོང་བ་ནི་དགེ་བའི་བཤེས་གཉེན་ལ་སོགས་པའི་སྟོབས་ཀྱིས་འདོར་བའོ། །བར་ཆད་མེད་ཅིང་རྒྱུན་མི་ཆད་པའི་རྟག་ཏུ་ཆོས་བསྒོམ་པའི་ཡིད་ཉིད་ཀྱིས་གུས་པ་དང་བཅས་པ་ལ་སོགས་པས་བསྒོམ་པའོ། །རང་གི་ཚུལ་ལས་ལྟོས་ནས་ཡང་དག་པར་མངོན་པར་རྫོགས་པར་བྱང་ཆུབ་དང་ཉེ་བ་ཡིན་ཞིང་ཟག་པ་མེད་པའི་ཆོས་གསེར་གྱི་རྟེན་ཉིད་ཡིན་པ་ནི་སངས་རྒྱས་པ་ཁོ་ནར་གྱུར་ན་ཉེ་བར་དམིགས་པའི་གནས་སྐབས་སུ་རྟོགས་པའི་ཆོས་མཐོང་བ་དང་བྲལ་བའི་ཕྱིར་ཉིད་སྔོན་དུ་མ་བྱུང་བ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཀྱི་རང་གི་མཚན་ཉིད་འཛིན་པའི་སྟོབས་བཅུ་ལ་སོགས་པའི་རྟེན་ཉིད་ཡིན་པའོ། །མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་ཅིང་འབྲས་བུ་ཆོས་ཀྱི་སྐུ་མངོན་པར་གྲུབ་པ་ནི་ཕ་རོལ་གྱི་སྟོབས་བཅུ་ལ་སོགས་པའི་རྟེན་གྱི་ཆོས་ཀྱི་སྐུ་རྫོགས་པར་བྱེད་པ་སྟེ། དེ་ལྟར་སྨོན་པ་ཡིན་པའི་ཕྱིར་ཏེ། བྱང་ཆུབ་ཉེ་དང་མྱུར་བ་དང༌། །ཞེས་བྱ་བ་བྱང་ཆུབ་རྣམ་པ་གཉིས་བཤད་པ་ཡིན་ནོ། །གཞན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ནི་ཀུན་ནས་ཆོས་སྟོན་པར་མཛད་པའོ། །འཕེལ་བ་མེད་པ་དང་འགྲིབ་པ་མེད་ཅིང་གཟུགས་ལ་སོགས་པའི་འཕེལ་བ་དང་འགྲིབ་པ་མི་མཐོང་བ་ནི་མ་དམིགས་པའོ། །ཆོས་ནི་གཟུགས་ལ་སོགས་པའོ། །ཆོས་མིན་ནི་ནམ་མཁའ་ལ་སོགས་པའོ། །སོགས་པའི་སྒྲས་ནི་གང་ཟག་ལ་སོགས་པ་སྟེ། དེ་རྣམས་ཡང་དག་པར་མི་མཐོང་བ་ནི་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ཉེ་བར་མི་དམིགས་པ་སྟེ་།དེ་ལ་འདོད་པའི་ཁམས་སུ་མི་དམིགས་པའོ། །གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་པའི་སྟོང་པ་ཉིད་ཀྱིས་འགོག་ཅིང་མི་དམིགས་པ་གང་ཡིན་པ་དེ་ལ་གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་རློམ་པ་མེད་པ་ནི་གཟུགས་ལ་སོགས་པའི་སྟོབས་པ་ཉིད་ལ་མངོན་པར་ཞེན་པ་མེད་པའོ། །གཟུགས་ལ་སོགས་པའི་དངོས་པོ་ལ་མི་རྟོག་པ་ནི་གཟུགས་དང་དེའི་མཚན་མ་དང་།དེའི་ངོ་བོ་ཉིད་དུ་རྣམ་པར་མི་རྟོག་པ་སྟེ་།གཟུགས་ཀྱི་ཕུང་པོ་དང་སྔོན་པོ་ལ་སོགས་པ་འབྱུང་


DTG086_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོ་ལ་སོགས་པར་རྟོག་པ་མེད་པའོ། །འབྲས་བུ་རིན་ཆེན་སྦྱིན་བྱེད་པ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་རིན་པོ་ཆེ་སྦྱིན་པ་ལ་འབྲས་བུ་དང་པོ་མཐོང་བ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཤེས་པའོ། །དག་པ་ནི་དེ་བཞིན་ཉིད་ཀྱི་དྲི་མ་མེད་པ་ནི་གཟུགས་རྣམ་པར་དག་པ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་དྲི་མ་མེད་པའོ། །མཚན་ནི་དྲི་བའི་དུས་ལ་སོགས་པའི་ངེས་པས་ལོ་སྐོར་དུ་མངོན་པར་བརྩོན་པ་མི་འདོར་བ་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པ་དང་ལྡན་པ་རྣམས་གོ་རིམས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྦྱོར་བ་རྣམ་པ་བཅོ་ལྔའོ། །སྦྱོར་བ་རྣམ་པ་ཉི་ཤུ་ཡིན་ནོ་ཞེས་བྱ་བ་ནི་སྔར་བཤད་པའི་སྦྱོར་བ་ལྔ་དང་བཅས་པ་སྟེ། གཞན་དོན་འཕེལ་མེད་ཅེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །སྦྱོར་བ་ཉི་ཤུ་པོ་དེ་དག་གི་གོ་རིམས་འདི་ནི་རིགས་པ་ཁོ་ན་ཡིན་ཏེ་།དེ་ཡང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པས་གནས་པ་དང༌། དེ་ལ་མི་སྦྱོར་བའི་སྦྱོར་བ་ལ་མངོན་པར་བརྩོན་པ་དེ་དག་གིས་གཟུགས་ལ་སོགས་པ་ལ་ཟག་པ་ཉིད་དང༌། གཏིང་དཔག་དཀའ་བ་ཉིད་དང༌། ཚད་མེད་པ་ཉིད་རྟོགས་པར་འགྱུར་རོ། །དེ་ནས་འདི་ཡང་དག་པའི་སྦྱོར་བ་མི་བྱེད་པ་ཉིད་ཀྱིས་ནི་ལས་དང་པོ་པ་ཉིད་ཀྱི་ནི་ཚེགས་ཆེན་པོས་འཐོབ་པོ། །དེ་ལས་གཞན་པ་ནི་ལུང་བསྟན་པ་དང༌། ཕྱིར་མི་ལྡོག་པའི་ས་བདེ་བླག་ཏུ་ཐོབ་ནས་ངེས་པར་འབྱུང་བ་དང་མི་འབྲལ་བར་འགྱུར་ཞིང་བར་ཆད་མེད་པར་འགྱུར་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཉེ་བར་འགྱུར་བ་དང༌། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །དེ་ལས་གཞན་གྱི་དོན་བྱེད་ཅིང་འཕེལ་བ་མེད་པ་དང་འགྲིབ་པ་མེད་པར་འགྱུར་རོ། །དེས་ན་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ལ་མིང་དང་གཟུགས་དང་བསམ་གྱིས་མི་ཁྱབ་པ་ལ་ཁྱད་པར་གྱི་འདུ་ཤེས་ཐམས་ཅད་དང་བྲལ་བས་རྣམ་པར་མི་རྟོག་པ་དང༌། འབྲས་བུ་རིན་པོ་ཆེ་སྦྱིན་པས་མཆོག་ཏུ་རྣམ་པར་དག་པའི་མཐར་ཐུག་པ་ཐོབ་པར་འགྱུར་ཏེ། སྔ་མ་བཞིན་དུ་ལོ་གཅིག་གི་བར་དུ་མངོན་པར་བརྩོན་པས་སེམས་ཀྱི་རྒྱུད་ཡོངས་སུ་སྦྱངས་པ་ཡིན་


DTG086_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདི་ནི་མངོན་པར་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །བདུད་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་བདུད་ཀྱི་མཐུ་བཅོམ་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་།བདུད་ཀྱི་མཐུ་བཅོམ་པ་ནི་དབང་པོ་ལ་སོགས་པའི་བགེགས་ཀྱི་ནུས་པ་བསལ་བའོ། །སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པ་ཉིད་ནི་སྦྱོར་བ་དང་དངོས་གཞི་དང་མཇུག་གི་གནས་སྐབས་སུ་སངས་རྒྱས་ཀྱི་སྤྱན་རས་ཀྱིས་བཙས་པའོ། །སངས་རྒྱས་ཀྱི་མངོན་སུམ་དུ་མཛད་པ་ནི་སངས་རྒྱས་ཀྱི་ཡུལ་དུ་མཛད་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ནི་བྱང་ཆུབ་དང་ཉེ་བར་གྱུར་པ་ཉིད་དོ། །དོན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དོན་ཆེན་པོ་སྟེ་།རང་གི་དོན་གཙོ་བོ་མ་ཡིན་ན་ཡང་གཞན་གྱི་དོན་གཙོ་བོ་ཆེ་བའི་རྒྱུར་གྱུར་པའི་ཕྱིར་རོ། །དེའི་དངོས་པོ་ནི་དོན་ཆེན་པོ་ཉིད་དོ། །གཞུང་གི་བདག་ཉིད་ཀྱི་ཡུམ་འཆང་བ་དང་ཀློག་པ་ཉིད་ཀྱིས་རྫོགས་པའི་སངས་རྒྱས་དང༌། བདེ་འགྲོ་དག་དང་ཡང་དག་པར་འཚང་རྒྱ་བ་ཉིད་དང་མི་འབྲལ་བ་ཉིད་ཡིན་པ་ལ་སོགས་པའི་སྒྲས་ནི་དེ་ཕན་ཆད་ཀྱང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་རྒྱུན་མི་འཆད་པའོ། །ཡུལ་དཔྱད་པ་ནི་ཡུམ་བཤད་པའི་ཕྱིར་འཆད་པ་པོའི་བྱང་ཕྱོགས་ལ་སོགས་པའི་ཡུལ་རྣམ་པར་བསྟན་པའོ། །ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་བསྐྱེད་པའོ། །སྨྲ་བའི་སྐྱེས་བུ་ཉིད་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྟོན་པ་པོ་མི་ཕྱེད་པ་ཉིད་དོ། །མི་ཕྱེད་པ་ཉིད་ནི་བྱང་ཆུབ་ལས་མི་བསྐྱོད་པ་ཉིད་དོ། །དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་སྐྱེ་བ་ནི་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ལ་སོགས་པའི་བསོད་ནམས་བསྐྱེད་པའོ། །དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་བསྒྲུབས་པ་ནི་སྔོན་གྱི་སྨོན་ལམ་རྣམ་པ་ཐམས་ཅད་དུ་རྫོགས་སོ། །འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པ་ནི་འཚང་རྒྱ་བ་ཉིད་འཛིན་པའོ། །སེམས་ཅན་གྱི་དོན་སྒྲུབ་པ་ནི་ཆོས་སྟོན་པ་ལ་སོགས་པ་ལ་གཞན་གྱི་དོན་ལེན་པའོ། །ངེས་པར་འཐོབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཚང་བ་མེད་པར་ཐོབ་པའོ་ཞེས་བྱ་བའི་ཡོན་ཏན་རྣམས་ནི་འབྲས་བུར་འགྱུར་བའོ། །དོན་གྱིས་འཕངས་པའི་


DTG086_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་གྱུར་པའི་ཡོན་ཏན་ནི་གྲངས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བྱིན་གྱིས་བརླབས་པ་ནི་ནུས་པ་བསྐྱེད་པའོ། །དགོངས་པ་ནི་གཟིགས་པའོ། །ཡེ་ཤེས་ཀྱི་གཟིགས་པ་ནི་ལྷ་དང་ཤེས་རབ་དང་ཆོས་དང་སངས་རྒྱས་ཀྱི་སྤྱན་ནི་ཡེ་ཤེས་སོ། །ཉེ་བར་གྱུར་པ་ནི་ཉེ་བ་ཉིད་དོ། །ཕན་ཡོན་ཆེན་པོ་ནི་བསྟོད་དང་བཀུར་དང་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་བྱེད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པའོ། །གཉེན་པོའི་ཆོས་ཡོངས་སུ་རྫོགས་པ་ནི་ལམ་ཤེས་པ་ཡོངས་སུ་རྫོགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏམ་བརྗོད་པ་ནི་ཡུམ་སྟོན་པའོ། །གྲོགས་མཛད་པ་ནི་མགོན་དང་བཅས་པའི་བྱ་བས་མཉམ་པ་ཉིད་དུ་བསྐྱེད་པའོ། །དགའ་བ་རྒྱ་ཆེན་པོ་བསྐྱེད་པ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དགའ་བ་བསྐྱེད་པའོ། །དེའི་དམ་བཅས་པའི་ཚིག་ལ་རྗེས་སུ་རི་རང་བ་ནི་སྦྱོར་བ་དང་ལྡན་པའི་སྨོན་པའི་ཚིག་ལེའུ་ལ་དགའ་བའོ། །ཆོས་ཟབ་མོ་མངོན་པར་འདོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེན་པར་འདོད་པ་ལ་སོགས་པ་མངོན་པར་མོས་པའོ། །སེམས་ཅན་གྱི་དོན་བྱེད་པ་ནི་སྔ་མ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚང་བར་རྙེད་པ་ནི་ཡམ་ཡང་དག་པར་རྫོགས་པར་རྙེད་པའོ། །དེ་ལྟར་ན་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་ལ་སོགས་པ་རྒྱུར་གྱུར་པའི་ཡོན་ཏན་བཅུ་བཞི་པོ་དེ་དག་ཕྱིན་ཅི་མ་ལོག་པའི་སྦྱོར་བ་ལ་མངོན་པར་དགའ་བའི་སྔོན་བཤད་པའི་སྒོམ་པ་པོ་ལ་འབྲས་བུར་གྱུར་པའི་ཡོན་ཏན་འབྱུང་བར་འགྱུར་ཞིང་མངོན་སུམ་དུ་འགྱུར་ལ་རྗེས་སུ་མཐུན་པར་བསླབ་པར་བྱ་བ་ཉིད་ཡིན་པས་ཡོན་ཏན་བཅུ་བཞི་ཡིན་ནོ། །དེའི་འོག་ཏུ་ཡང་གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་ཚིག་ལེའུར་བྱས་པའི་དོན་ཡིན་ལ་སྦྱོར་བ་པོའི་བར་ཆད་ཅེས་བྱ་བ་ལ་སོགས་པས་ནི་ཉེས་པ་བཤད་པ་ཡིན་ནོ། །ཚིགས་ཆེན་པོས་འཐོབ་པ་ནི་ཡུམ་ཤེས་པར་རིང་ཞིག་ན་ཐོབ་པའོ། །སྤོབས་པ་ཧ་ཅང་མྱུར་བ་ནི་སྔོན་དང་ཕྱི་མ་མ་དཔྱད་པར་ཡུམ་ཤིན་ཏུ་མྱུར་བར་ཤེས་པའོ། །ལུས་ཀྱི་གནས་ངན་ལེན་དང་སེམས་ཀྱི་གནས་ངན་ལེན་ནི་ལུས་དང་སེམས་དག་གི་རྣམ་པར་གཡེང་བའོ་།རིག་པ་དང་མ་ཡིན་པ་


DTG086_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པས་ནི་གཅིག་ལ་གཅིག་རྒོད་པ་ལ་སོགས་པས་དྲི་བ་ལ་སོགས་པ་བྱེད་པའི་ཕྱིར་རོ། །ཕྱིར་ཕྱོགས་པའི་རྒྱུ་མཚན་ཞེས་བྱ་བ་ལ་སོགས་པ་ནི་ཡུམ་མཉན་པ་ལ་སོགས་པ་ལ་དད་པ་མེད་པས་སོ། །རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་ལ་སོགས་པ་ནི་ཐེག་པ་ཆེན་པོ་སྤངས་ནས་ཐེག་པ་གཞན་བྱང་ཆུབ་ཀྱི་རྒྱུ་ཉིད་ཡིན་པ་དང༌། གྱ་ནོམ་པ་ཉིད་དང༌། རྣམ་པ་ཐམས་ཅད་དུ་ཐེག་པའི་མཆོག་ཉིད་དང༌། རྟག་ཏུ་ཆེད་དུ་བྱ་བ་ཉིད་དང༌། རྒྱུ་དང་འབྲས་བུ་འབྲེལ་བ་ཉིད་དང༌། གོང་ན་མེད་པ་ཉིད་དུ་མངོན་པར་ཞེན་པས་རྒྱུ་ལ་མངོན་པར་ཞེན་པ་ལ་སོགས་པ་དྲུག་པོ་ལ་ཉམས་པ་ཞེས་སྨོས་པ་ནི་ཐེག་པ་ཆེན་པོ་ལས་ཉམས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཡུལ་རྣམ་པ་མང་པོ་ལ་ཞེས་བྱ་བ་ལ་སོགས་པ་ནི་བུད་མེད་ལ་སོགས་ཡུལ་རྣམ་པ་མང་པོའི་རྣམ་པར་རྟོག་པའི་ཤེས་པ་སྐྱེ་བའི་ཕྱིར་རོ། །ཡི་གེར་འདྲི་བ་ལ་མངོན་པར་ཞེན་པ་ལ་སོགས་པ་ཡང་ཐེག་པ་ཆེན་པོ་ལས་གཡེངས་པའི་རྒྱུ་རྣམས་ཡིན་ནོ་།འདིར་བཅུ་ཚན་སྔ་མ་ནི་ཉན་པ་པོ་ཡིན་ལ་བཅུ་ཚན་ཕྱི་མ་ནི་འཆད་པ་པོ་ཡིན་ཏེ། དེ་ནི་གྲངས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གྲངས་བཞིན་དུ་ཉན་པ་པོ་དང་འཆད་པ་པོ་དག་ཅེས་བྱ་བ་ཉན་པ་དང་འཆད་པར་བྱེད་པ་དེ་དག་གང་ཡང་རུང་བ་ནི་གཅིག་ཅིག་གོ །དེ་ནི་སྔ་མ་དང་ཕྱི་མ་དང་མངོན་པར་འབྲེལ་བས་ཞེས་སྨོས་པ་ཡིན་ནོ། །བཅུ་ཚན་སྔ་མའི་སྦྱོར་བ་ནི་སྔ་མ་ཉན་པ་པོ་ཡིན་ལ་བཅུ་ཚན་ཕྱི་མའི་སྦྱོར་བ་ལ་ནི་ཕྱིས་སྨོས་པ་འཆད་པ་པོ་ཡིན་པར་སྦྱོར་རོ་ཞེས་བྱ་བའི་ཐ་ཚིག་གོ ། འདུན་པ་དང་སྙོམ་ལས་ནི་མངོན་པར་འདོད་ན་ཡང་ལེ་ལོ་བྱེད་པའོ། །འདུན་པའི་ཡུལ་ཐ་དད་པ་ནི་ཉན་པ་པོའི་འདུན་པའི་ཡུལ་ལས་འཆད་པ་པོའི་འདུན་པ་ཐ་དད་པ་ཉིད་དོ། །འདོད་རྩེན་ཆུང་བ་དང་འདོད་རྩེན་ཆུང་བ་མ་ཡིན་པ་ཉིད་ནི་ཉན་པ་པོ་དང་འཆད་པ་པོ་དག་ཡུམ་བསྒོམ་པ་མེད་པའི་རྒྱུ་ཉིད་ཡིན་པས་འདི་དག་ལ་ཉམས་པ་ཞེས་བརྗོད་དོ། །སྦྱངས་པའི་ཡོན་ཏན་དང་ལྡན་པ་དང༌། མི་ལྡན་པ་དག་ནི་ཉན་པ་པོ་དང་འཆད་པ་པོ་དག་འདོད་རྩེན་ཆུང་བ་དང༌། འདོད་རྩེན་ཆུང་བ་མ་ཡིན་པ་དག་གིས་ཞེས་བཤད་པར་བྱའོ། །དགེ་བ་དང་དགེ་བ་མ་ཡིན་པའི་ཆོས་


DTG086_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་གཏོང་བ་དང་སེར་སྣ་བྱེད་པ་ནི་དད་པའི་ཆོས་ཉིད་ཀྱིས་ན་ཉན་པ་པོའི་ནོར་གཏོང་བ་དད་པ་མ་ཡིན་པའི་ཆོས་ཉིད་ཀྱིས་ན་འཆད་པ་པོ་ལ་སེར་སྣ་བྱེད་པའོ། །སྦྱིན་པ་དང་མི་ལེན་པ་ནི་ཉན་པ་པོ་དང་འཆད་པ་པོ་དག་སྟེར་པ་དང་མི་ལེན་པའོ། །མགོ་སྨོས་པས་གོ་བ་དང་རྣམ་པར་སྤྲོས་པ་ཉིད་ནི་ཉན་པ་པོ་དང་འཆད་པ་པོ་དག་གོ །མདོ་སྡེ་ལ་སོགས་པའི་ཆོས་མངོན་པར་ཤེས་པ་དང༌། མངོན་པར་མི་ཤེས་པ་ཉིད་ནི་འཆད་པ་པོ་དང་ཉན་པ་པོ་དག་གོ །དེ་ཉིད་ཀྱིས་ན་འདི་དག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཅི་རིགས་པར་སྦྱར་བར་བྱའོ། །གྲངས་བཞིན་དུ་གཅིག་པུ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་སྔ་མ་སྔ་མ་དག་ནི་འཆད་པ་པོ་ཡིན་ལ་།ཕྱི་མ་ཕྱི་མ་དག་ནི་ཉན་པ་པོ་ཡིན་པར་སྦྱར་བར་བྱའོ། །དེ་ནི་འཆད་པ་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཁོར་ལ་མངོན་པར་དགའ་བ་ཉིད་ནི་བདག་ཉིད་ནི་འཁོར་དང་བཅས་པར་འགྱུར་བར་བྱའོ་ཞེས་མངོན་པར་འདོད་པའོ། །གོ་སྐབས་མི་འབྱེད་པ་ཉིད་དང་འདོད་པ་ཉིད་ཀྱི་རྗེས་སུ་མ་འབྲེལ་པ་ཉིད་ནི་བདག་ཉིད་ཁོ་ན་སྦྱིན་པ་པོ་ཉིད་དུ་འདོད་པའོ། །ཟང་ཟིང་ཅུང་ཟད་ཙམ་འདོད་པ་དང་དེ་སྦྱིན་པར་མི་འདོད་པ་ཉིད་ནི་ནོར་རྣམས་ལ་སྦྱིན་པར་མི་འདོད་པའོ། །སྲོག་གི་བར་ཆད་དུ་ཞེས་བྱ་བ་ལ་སོགས་པ་ལ་བཅུ་ཚན་བཞི་པ་ནི་སྔར་བཤད་པ་བཞིའོ། །འོག་ནས་བཤད་པའི་ཉེས་པ་དྲུག་པོ་དེ་ནི་དེ་བཞིན་དུ་མུ་གེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་ན་ཉེས་པ་བཞི་བཅུ་རྩ་དྲུག་གིས་ནི་ཡུམ་ཤེས་པ་ལ་སོགས་པར་རུང་བའི་སེམས་སུན་འབྱིན་པར་བྱེད་པ་ཡིན་པའི་ཕྱིར་སྐྱོན་ཡིན་ནོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་རྣམ་པ་བཞི་པོ་རེ་རེ་ཞིང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཁྱད་པར་ཡོད་པ་རྣམས་ཀྱི་ནང་ནས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ནི་ཚིག་ལེའུར་བྱས་པའི་དོན་བཤད་པ་ཡིན་ཏེ། དེ་བཞིན་གཤེགས་པ་འབྱུང་བ་ནི་ཡུམ་གྱི་དབང་གིས་སངས་རྒྱས་སུ་འགྲུབ་པའོ། །འཇིག་རྟེན་འཇིགས་པ་མེད་པ་ནི་སྐད་ཅིག་མ་ཉིད་དང་རྒྱུན་མི་འདྲ་བའི་རྒུད་པའི་འཇིགས་པས་ཡང་དག་པར་ན་མི་འཇིགས་པའོ། །སེམས་ཅན་གྱི་སེམས་ཀྱི་


DTG086_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ནི་སེམས་ཅན་གྱི་བསམ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའམ་གྲངས་མེད་པའོ། །སེམས་བསྡུས་པ་ནི་ཡང་དག་པའི་སེམས་སོ། །སེམས་རྣམ་པར་གཡེངས་པ་ནི་དེ་ལས་གོ་བཟློག་པའོ། །སེམས་མི་ཟད་པའི་རྣམ་པ་ནི་གཞལ་བྱ་མི་ཟད་པ་ཉིད་ཀྱིས་ན་སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་སེམས་སོ། །སེམས་འདོད་ཆགས་དང་བཅས་པ་ལ་སོགས་པའི་ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པའི་སེམས་སོ། །སེམས་རྒྱ་ཆེན་པོ་ལ་སོགས་པ་ནི་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་དང་ཁྱབ་པའི་ཕྱིར་དང་གྲངས་དང་ཚད་དག་གིས་གཞལ་པར་མི་ནུས་པ་ཉིད་ཀྱི་ཕྱིར་དང༌། དཔེ་མེད་པའི་ཕྱིར་དང་དབང་པོ་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །སེམས་གཡོ་བ་ལ་སོགས་པ་ཞེས་བྱ་བ་གཡོ་བ་དང་མི་གཡོ་བ་ནི་རང་གི་ཡུལ་ལ་སྒྲུབ་པ་དང་དགག་པའི་སྒོ་ནས་འཇུག་པའོ། །དེ་ལས་སྐྱེས་པའི་སེམས་ནི་གཡོ་བའོ། །སོགས་པའི་སྒྲས་ནི་སེམས་མི་གཡོ་བ་ཞེས་བྱ་བ་བཤད་པ་ཡིན་ནོ། །གཡོ་བ་ལ་སོགས་པའི་དེ་བཞིན་ཉིད་ཀྱི་རྣམ་པ་ཅན་ནི་སྔར་བཤད་པའི་གཡོ་བ་དང་མི་གཡོ་བ་དག་སྟོང་པའི་བདག་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྟོགས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྟོང་པ་ཉིད་ཤེས་པའོ། །དེ་གཞན་ལ་བསྟན་ཅིང་བཏགས་པ་ནི་གདུལ་བྱ་རྣམས་ལ་དེ་ཁོ་ན་ཉིད་སྟོན་པ་དང༌། ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཉིད་ཀྱིས་དེ་རྣམ་པར་འཇིག་པའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་འདི་རྣམས་ཇི་ལྟ་བ་བཞིན་དུ་རྗེས་སུ་མི་དམིགས་པའི་ཤེས་པའི་བར་གྱི་རྣམ་པས་དེ་ལ་མི་དམིགས་པའི་ཤེས་པའི་ཁྱད་པར་རོ། །རྣམ་པ་བཅུ་དྲུག་གི་ཚུལ་བཞིན་དུ་ཞེས་བྱ་བ་ཐ་དད་པ་ཉིད་དུའོ། །ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་ནི་སྔར་བཤད་པ་རྣམས་མཚོན་ཅིང་ཤེས་པས་ན་ཤེས་པའི་བདག་ཉིད་ཅན་གྱི་མཚན་ཉིད་ནི་ཤེས་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །ངོ་བོ་ཉིད་དང་རྟེན་མེད་པ་དང་ནམ་མཁའི་མཚན་ཉིད་དེ་གསུམ་ནི་མྱ་ངན་ལས་འདས་པ་དང༌། ཆོས་ཀྱི་དབྱིངས་དང༌། དེ་བཞིན་ཉིད་ཀྱི་ཡེ་ཤེས་


DTG086_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡིན་ནོ། །ཆོས་ཉིད་རྣམ་པར་འཁྲུགས་པ་མེད་པ་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་གཟུགས་ལ་སོགས་པ་ལ་བདག་ལ་སོགས་པར་སྒྲོ་མི་འདོགས་པས་སྟོང་པ་ཉིད་ལས་མ་ཉམས་པའོ། །འདུ་མི་བྱེད་པ་ནི་ཡང་དག་པར་ན་ཕུང་པོ་ལ་སོགས་པ་མེད་པའོ། །རྣམ་པར་མི་རྟོག་པ་ནི་རྣམ་པར་རྟོག་པ་མེད་པའོ། །རབ་ཏུ་དབྱེ་བ་ནི་སྣ་ཚོགས་པ་ཉིད་དོ། །མཚན་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་ཆགས་པ་མེད་པའོ། །དེ་ནི་ཉིད་ཀྱི་ཆོས་བསྟན་ནས་ཞེས་བྱ་བ་ལ་སོགས་པར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་ལེའུར་བྱས་པའི་དོན་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དེ་ཉིད་ཀྱི་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །ཉིད་ཀྱི་ཆོས་ལ་བརྟེན་ནས་གནས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་པའི་སྤྱོད་ལམ་བཞིའི་རྣམ་པའོ། །གུས་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པ་ཞེས་བྱ་བར་དོན་གཅིག་གོ །བྱེད་པ་མེད་པ་ཉིད་ནི་བྱེད་པ་པོ་མེད་པས་འབྲས་བུ་མེད་པ་ཉིད་དོ། །ཐམས་ཅད་དུ་འགྲོ་བ་ནི་གདུལ་བྱའི་དབང་གིས་སོ། །མ་མཐོང་བའི་དོན་སྟོན་པ་ནི་དེ་ཁོ་ན་ཉིད་དུ་གཟུགས་ལ་སོགས་པ་མ་མཐོང་བ་སྟོན་པའོ། །འཇིག་རྟེན་སྟོང་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་སྟོང་པ་ཉིད་ཡིན་པའི་ཕྱིར་དང༌། དེ་བཞིན་དུ་བརྗོད་པའི་ཕྱིར་དང༌། ཤེས་པར་མཛད་པའི་ཕྱིར་དང༌། སྟོན་པར་མཛད་པ་ཡིན་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པ་ཉིད་ཡིན་པའི་ཕྱིར་དང༌། ཞི་བ་ཉིད་ཡིན་པའི་ཕྱིར་དང༌། འགོག་པ་ཉིད་ཡིན་པའི་ཕྱིར་དང༌། འདུ་ཤེས་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་གྱི་མཚན་ཉིད་ཀྱི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །བསམ་གྱིས་མི་ཁྱབ་པ་དང་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་གྱི་ལམ་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པས་ལེགས་པར་ཡོངས་སུ་བཟུང་བའི་ཤེས་རབ་ཀྱི་སྟོབས་


DTG086_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསམ་གྱིས་མི་ཁྱབ་པ་དང་མི་མཉམ་པ་དང་གཞལ་དུ་མེད་པ་དང༌། བགྲང་དུ་མེད་པ་ཉིད་ཡིན་པས་བསམ་གྱིས་མི་ཁྱབ་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འཕགས་པའི་གང་ཟག་ཅེས་བྱ་བ་ལ་སོགས་པས་ཡུམ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པ་དང༌། དེ་འཕགས་པ་རྣམས་དང་རྗེས་སུ་འབྲེལ་བ་ཉིད་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་བཤད་དོ། །སྐྱེས་བུ་མཁས་པ་ཞེས་བྱ་བ་ལ་སོགས་པ་ནི་ཚད་མ་ལ་མཁས་པས་རྟོགས་པར་བྱ་བ་ཡིན་པའམ། རྣལ་འབྱོར་བའི་རང་རིག་པ་ཉིད་ཡིན་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པས་ནི་ཡུལ་དང་དུས་ཀྱིས་ཆོད་པའི་དངོས་པོ་ཕྲ་མོ་ཤེས་པ་ཉིད་ཡིན་པའི་ཕྱིར་རོ། །རང་གི་ལུགས་ལས་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བསྐལ་པ་གྲངས་མེད་པ་གསུམ་མམ། དེའི་ཕྱེད་དམ་དེ་དག་ཀྱང་ཉུང་བས་མྱུར་བར་ཡང་དག་པར་ཡེ་ཤེས་ཐོབ་པར་གསུངས་པ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་ཀུན་རྫོབ་ཏུ་གཟུགས་ལ་སོགས་པའི་བྲི་བ་མེད་པ་ཉིད་དང་གང་བ་མེད་པ་ཉིད་ཡིན་ཏེ། ཀུན་རྫོབ་ཀྱི་དབང་གིས་བསགས་པ་ཉེ་བར་དམིགས་པའི་ཕྱིར་རོ། །དོན་དམ་པར་བྲི་བ་མེད་པ་དང་གང་བ་མེད་པ་ནི་དངོས་པོ་མེད་པ་ཉིད་ཀྱིས་ཐ་སྙད་དུ་བྱས་པའི་གཟུགས་ལ་སོགས་པ་མ་མཐོང་བའི་ཕྱིར་རོ། །འཁོར་གསུམ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་ན་སྦྱིན་པ་ལ་སོགས་པ་ལ་སྦྱིན་པར་བྱ་བ་ལ་སོགས་པར་མི་དམིགས་པ་དག་ཏུ་བསྒྲུབ་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཞེས་བྱ་བ་ལ་སོགས་པ་ནི་འཁོར་གསུམ་ཡོངས་སུ་དག་པས་བསོད་ནམས་དང་ཡེ་ཤེས་བསྐལ་པ་གྲངས་མེད་པ་གསུམ་དུ་བསགས་པ་ཐོབ་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་ལ་ཕྱི་དང་ནང་གི་དངོས་པོ་རྣམས་ལ་དག་པ་ཉིད་དུ་དམིགས་པ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ལས་གཞན་པ་དག་ནི་ཡུམ་ཤེས་པ་ལ་


DTG086_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡིན་པར་མི་འཐད་པའི་ཕྱིར་རོ། སྨོན་ལམ་ཞེས་བྱ་བ་ལ་སོགས་པ་དང༌། དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་མ་ཚང་བ་མེད་པ་ཙམ་དང་རྗེས་སུ་འབྲེལ་པ་དང་འཚམ་པ་ཉིད་དུ་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ། །མངོན་པར་ཞེན་པའི་རོ་མྱང་བ་མེད་པ་ནི་ཆགས་པ་མེད་པ་ལ་ཡང་མ་ཞེན་པ་སྟེ། འཚང་རྒྱ་བ་ཉིད་ཀྱི་གནས་སྐབས་སུ་ནི་དེ་ཡང་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །བཅུ་དྲུག་གི་བདག་ཉིད་ཅེས་བྱ་བ་ནི་ཁྱད་པར་གྱི་བདག་ཉིད་བཅུ་དྲུག་གོ །འདིས་ཅི་ཞིག་ནི་མཚོན་འདིའི་ཁྱད་པར་ནི་ཇི་ལྟ་བུ་ཞིག་ཡིན་པ་དང་ཇི་ལྟར་ན་ཁྱད་པར་གྱི་ལམ་དུ་བསྟན་པ་ལ་བརྟེན་པ་ཡིན་ཞེ་ན། དེའི་ཕྱིར་གོ་རིམས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་བཅུ་དྲུག་པོའི་གོ་རིམས་བཞིན་དུ་སྡུག་བསྔལ་ལ་སོགས་པ་བདེན་པ་སྐད་ཅིག་མ་རྣམས་ཀྱི་རེ་རེ་ཞིང་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ལ་མཚན་ཉིད་བཞི་བཞི་ཡིན་ལ་ལམ་ཤེས་པ་ལ་སོགས་པ་གཉིས་ནི་ཞེས་བྱ་བ་ལམ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་དག་ཉན་ཐོས་ལ་སོགས་པའི་ལམ་སྔར་གསུངས་པ་རྣམས་ལས་ཁྱད་པར་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་གྱི་དབྱེ་བ་བསྟན་པ་གང་ཡིན་པས་ཁྱད་པར་ཞུགས་ཤིང་རྫོགས་པའི་བྱང་ཆུབ་ཀྱི་ཐབས་ཉིད་ཡིན་པའི་ཕྱིར་ཁྱད་པར་གྱི་ལམ་ཡིན་ཏེ། སྔར་བཤད་པའི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་དུ་འཕགས་པའི་བདེན་པ་བཞིའི་མཚན་ཉིད་དོ། །འདིར་ཉན་ཐོས་ལ་སོགས་པའི་ལམ་བརྗོད་པར་ཡང་རིགས་པ་མ་ཡིན་ནམ་གཞན་དུ་ན་ཁྱད་པར་དུ་ཁོང་དུ་ཆུད་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ལམ་སྔར་བཤད་པ་ལས་ཉན་ཐོས་ལ་སོགས་པ་དེ་དག་གི་ནི་ཇི་སྐད་དུ་བཤད་པའི་ཁྱད་པར་དང་བྲལ་བ་སྟེ། བསམ་གྱིས་མི་ཁྱབ་པ་ལ་སོགས་པས་སྟོང་པའི་འཕགས་པའི་བདེན་པ་བཞིའི་ལམ་ཡིན་ནོ། །དེ་ལྟར་ན་ཡང་ཅིའི་ཕྱིར་མ་བཤད་


DTG086_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཅེ་ན། མངོན་པར་ཤེས་པ་ལ་སོགས་པའི་སྐྱེ་བའི་མཚན་ཉིད་ཀྱིས་ཞེས་བྱ་བ་མཉམ་པར་གཞག་པ་ལས་མིག་ལ་སོགས་པའི་མངོན་པར་ཤེས་པའི་ཕྱོགས་གཅིག་པའི་ཤེས་པའི་མཚན་ཉིད་ཡིན་ཞིང་སོགས་པའི་སྒྲས་འདོད་པའི་འདོད་ཆགས་དང་བྲལ་བ་ཉིད་ལ་སོགས་པ་སྐྱེད་པ་ཉིད་ཀྱིས་ན། གོ་སླ་བའི་ཕྱིར་དང་ལུང་དང་བྱང་ཆུབ་སེམས་དཔའི་ཚུལ་ལས་གྲགས་པའི་ཕྱིར་མ་བཤད་དོ། །དེ་ལྟར་ཁྱད་པར་གྱི་མཚན་ཉིད་ཀྱིས་དེ་སྔར་མ་བཤད་པས་སོ། །མཚམས་བཅད་པ་ནི་ཉན་ཐོས་ལ་སོགས་པའི་ལམ་རྣམས་ལས་ཐ་དད་པར་བྱས་པའི་བདེན་པ་བཞིའོ། །བྱེད་པ་ཞེས་བྱ་བ་གང་ཞིག་ཡིན་ཞེ་ན། བྱེད་པ་པོའི་མཚན་ཉིད་ནི་ཕན་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་བ་ནི་མ་འོངས་པའི་ཕན་པ་དང་ཚེ་འདིའི་བདེ་བ་ནི་འཇིག་རྟེན་ཕ་རོལ་པོའི་དང༌། འཇིག་རྟེན་འདི་པའི་ལུས་དང་སེམས་ཀྱི་བདེ་བ་དང་ཡིད་བདེ་བའོ། །སྡུག་བསྔལ་མེད་པའི་རྣམ་པར་སྨིན་པ་ནི་བཏང་སྙོམས་ཏེ་ལུང་དུ་མ་བསྟན་པའི་སེམས་ཡིན་ལ། དེ་ཉིད་ནི་རྣམ་པར་སྨིན་པ་མ་ཡིན་པ་སྟེ། བདེ་འགྲོ་དང་ངན་འགྲོའི་འབྲས་བུ་འབྱིན་པ་མ་ཡིན་པའི་ཕྱིར་རོ། །འདི་རྣམས་ཀྱི་ཆོས་ཉིད་ནི་རྗེས་སུ་མཐུན་པ་ལ་སོགས་པའི་རང་བཞིན་ནོ། །དེའི་ཉེ་བར་བསྒྲུབ་པ་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་ཞུགས་པའི་འཕགས་པའི་བདེན་པ་བཞི་སྒོམ་པ་པོ་ལ་སྟེར་བའོ། །རྒྱུ་དེས་ན་ཕན་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གཏན་དུ་ཞེས་བྱ་བ་ལ་སོགས་པ་ནི་སྡུག་བསྔལ་ལམ། སྡུག་བསྔལ་གྱི་རྒྱུ་ལས་ཟློག་པར་བྱེད་པ་མ་འོངས་པ་ན་ཕན་པའི་མྱ་ངན་ལས་འདས་པའི་བདེ་བའོ། །འཁོར་བ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་བ་དང་ཞི་བ་མཉམ་པ་ཉིད་དུ་ཤེས་པའོ། །རང་དང་ཞེས་བྱ་བ་ལ་སོགས་པ་ནི་བདག་དང་གཞན་གྱི་ངེས་པར་ལེགས་པ་དང་མངོན་པར་མཐོ་བའི་རྒྱུ་ཉིད་དོ། །གཞན་གྱི་ཞེས་བྱ་བ་ལ་སོགས་པ་ནི་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་བསྒྲུབ་པའོ། །སེམས་ཅན་གྱི་དོན་ཞེས་བྱ་བ་


DTG086_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ནི་གཞན་གྱི་དོན་ལ་ཤིན་ཏུ་བསླབས་པས་ཕ་རོལ་གྱི་དོན་ལ་འབད་པ་མེད་པར་འཇུག་པའོ། །ཐེག་པ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་འབྲས་བུ་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ། །དེ་ལྟར་བདུན་པོ་འདི་རྣམས་དུས་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པས་ཁྱད་པར་ཞུགས་པའི་འཕགས་པའི་བདེན་པ་བཞི་བསྒོམ་པ་རབ་ཀྱི་མཐར་ཕྱིན་པའི་དུས་ལས་མི་འདའ་བའི་རིམ་གྱིས་ཐོགས་པ་མེད་པར་གཞན་གྱི་དོན་ཇི་ལྟ་བ་བཞིན་དུ་ཡང་དག་པར་ཉེ་བར་བསྒྲུབ་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གང་གི་ཆོས་ཐམས་ཅད་ནི་སེམས་བསྐྱེད་པ་ལ་སོགས་པའོ། །དེ་སྟོན་པ་ཉེ་བར་སྒྲུབ་པའི་དོན་གྱིས་ན་རྟེན་གྱི་མཛད་པ་སྟེ། གདུལ་བྱ་རྣམས་ཀྱི་རྟེན་ཉིད་ནི་གཅིག་སྟེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དེའི་འབྲས་བུའི་རྟགས་གནས་ངན་ལེན་གྱི་མཚན་མ་ནི་ལུས་ལ་སོགས་པའི་ཉེས་པ་གང་ཡིན་པ་དང༌། དེའི་མཚན་མ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སྟེ། འདོད་ཆགས་ལ་སོགས་པའི་རྒྱུ་མཚན་གྱི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའོ། །སོགས་པའི་སྒྲས་ནི་ངག་འཁྱལ་བ་ལ་སོགས་པ་སྟེ་དེའི་རྣམ་པར་རྟོག་པའིའོ། །འདོད་ཆགས་དང་འདོད་ཆགས་མེད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་སྟེ། ཉོན་མོངས་པ་དང་ལམ་དག་གིས་བསྡུས་པ་དག་ནི་སྟོང་པ་ཉིད་ཀྱིས་ན་འདི་རྣམས་མེད་པ་ཡིན་པའི་ཕྱིར་དབེན་པའི་ངོ་བོ་ཉིད་དེ། ཉོན་མོངས་པ་དང་རྟགས་དང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་ནི་དབེན་པའི་བདག་ཉིད་ཡིན་ནོ། །དོན་དམ་པར་མེད་པའི་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་མེད་པ་ལ་


DTG086_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདའ་བ་མི་རིགས་པའི་ཕྱིར་རོ། །ཐེག་པ་གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི་ས་བརྒྱད་པར་གཏོགས་པའི་ཐེག་པ་ཆེན་པོ་ལ་གནས་པ་ནི་ངེས་པར་ཉན་ཐོས་ལ་སོགས་པའི་ལམ་དུ་མི་ལྟུང་བ་ཡིན་པའི་ཕྱིར་རོ། །ཡུན་རིང་པོ་ནས་ཞེས་བྱ་བ་ལ་སོགས་པ་ནི་བསྐལ་པ་གྲངས་མེད་པ་གསུམ་ལས་ངེས་པར་འབྱུང་བའི་འཚང་རྒྱ་བ་ཉིད་ཀྱི་མཆོག་དང་རབ་དང་ཐུ་བོ་དང༌། རབ་མཆོག་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་སྒོ་ནས་ངོམས་པ་མེད་པ་ཉིད་སློབ་པ་ཡིན་པའི་ཕྱིར་རོ། །བསྒོམ་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་ན་བསྒོམ་པར་བྱ་བ་ལ་སོགས་པ་ཡོད་པ་མི་འཐད་པའི་ཕྱིར་རོ། །དངོས་པོར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་ནི་སྔར་བཤད་པ་སྟེ། དེས་ཡང་དག་པར་བསྡུས་པའི་དངོས་པོའི་ཁྱད་པར་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ལམ་གྱི་བདག་ཉིད་དེ་ལ་དམིགས་པའོ། །འཇིག་རྟེན་ནི་ཕྱི་རོལ་གྱི་བསྟན་བཅོས་ལ་མངོན་པར་དགའ་བའོ། །དེ་རྣམས་ཀྱི་སྒྲུབ་པ་གང་ཡིན་པའི་སྒྲ་མི་ཚངས་པ་རྟག་པ་ལ་སོགས་པར་བརྗོད་པའི་རང་གི་བསྟན་བཅོས་འཛིན་པ་ལ་སོགས་པ་དེ་རྣམས་ལས་འཛིན་པ་ལ་སོགས་པ་ལས་བཟློག་པ་སྟེ། དེའི་བསྟན་བཅོས་དང་འགལ་བའི་ཆོས་དང་གང་ཟག་ལ་བདག་མེད་པ་སྟོན་པའི་ཡུམ་ཉན་པ་དང༌། གཞུང་འཛིན་པ་དང་མི་བརྗེད་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་སྟོན་པ་ཡིན་ལ་དེ་ཉིད་ནི་མི་མཐུན་པ་ཡིན་ཏེ། འཇིག་རྟེན་དང་འགལ་བའི་ཤེས་པ་གཟུགས་ལ་སོགས་པ་བདག་མེད་པའི་ཤེས་པ་ནི་ཚད་མ་དང་འགལ་བར་འཛིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ཐོགས་པ་མེད་པར་ཤེས་པ་ནི་གཟུགས་ལ་སོགས་པ་ཚད་མ་དང་མི་འགལ་བའི་ཀུན་རྫོབ་ཀྱི་ཤེས་པའོ་ཞེས་བྱ་བའི་ཐ་ཚིག་གོ །ཤེས་བྱ་དང་ཤེས་པ་མི་དམིགས་པས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་མེད་པས་གཞི་མེད་པ་སྟེ། རྟེན་མེད་པའོ། དེ་བཞིན་ཉིད་ཀྱིས་འགྲོ་བ་མེད་པ་ནི་དེ་བཞིན་ཉིད་ཀྱིས་འགྲོ་བ་


DTG086_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མི་རིགས་པ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཡིན་པས་གཟུགས་ལ་སོགས་པ་སྐྱེ་བ་མི་འཐད་པ་ཡིན་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་གཅིག་པ་ཉིད་ཀྱིས་ན་ཚུལ་གསུམ་གྱི་ངོ་བོར་མི་འཐད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་ལས་ཐ་དད་པར་བཤད་པའི་མཚན་ཉིད་རྟོགས་པ་མེད་པས་སྦྱོར་བ་ནི་མཚན་ཉིད་ཁོ་ནར་མི་འཐད་པས་སྦྱོར་བ་དག་མཚན་ཉིད་དང་ལྡན་པ་བཞིན་དུ་ཞེས་སྨོས་པ་ཡིན་ནོ། །ཐར་པའི་ཆ་དང་མཐུན་པའི་ཚིག་ལེའུར་བྱས་པ་ནི་མཚན་མ་མེད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། མཚན་མ་མེད་པ་ནི་བདག་མེད་པའོ། །དེས་སྦྱིན་པ་ལ་སོགས་པ་གང་ཡིན་པ་དེ་ལ་ཡང་དག་པར་སྒྲུབ་པ་ནི་ཉམས་སུ་ལེན་པ་ཐོབ་པ་གང་ཡིན་པའོ། །དེ་ལ་མཁས་པ་ནི་དད་པ་ལ་སོགས་པའོ། །མཚན་མ་མེད་པར་ཞེས་བྱ་བ་ལ་སོགས་པས་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ཡིན་ཏེ། མཚན་མ་མེད་པར་དམིགས་པའི་ཤེས་པའི་རྣམ་པས་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་དམིགས་པའི་སེམས་སོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཐར་ཐུག་པ་རྣམས་སོ། །རང་གི་རྒྱུད་ལ་བསྐྱེད་པ་ནི་ཉམས་སུ་ལེན་པ་ཉིད་ཀྱིས་རྣལ་འབྱོར་བའི་སེམས་ལ་ངེས་པར་བསྐྱེད་པ་སྟེ་དེ་ལ་མཁས་པའོ། །དད་པ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པ་རྟོགས་པ་འདི་ལ་སྟེ། དེའི་སྦྱོར་བ་ཤེས་པའི་སྐབས་སུ་ཐར་པའི་ཆ་དང་མཐུན་པ་སྟེ། ཉོན་མོངས་པ་དང་བྲལ་བའི་ཁྱད་པར་དང་རྗེས་སུ་མཐུན་པ་ཡིན་པར་རྒྱལ་བ་རྣམས་འདོད་ཅིང་བཤད་དེ། དགེ་བའི་རྩ་བ་ཉིད་ཡིན་པའི་ཕྱིར་བླང་བར་བྱ་བ་ཉིད་དུ་མངོན་པར་བཞེད་དོ། །གཞན་དུ་ན་འཇིག་རྟེན་པའི་བསྒོམ་པ་རང་བཞིན་གྱི་དད་པ་ལ་སོགས་པ་ཙམ་ནི་གདུལ་བྱའི་རྒྱུ་ལ་ལམ་བསྐྱེད་པར་ངེས་པ་མེད་པ་ཡིན་ལ། འདིར་ངེས་པ་ནི་ཐར་པའི་ཆ་དང་མཐུན་པ་ཡིན་པར་བཤད་དོ་ཞེས་བྱ་བར་དགོངས་སོ། །སངས་རྒྱས་


DTG086_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཞེས་བྱ་བ་ལ་སོགས་པའི་མཁས་པའི་ཚིག་ལེ་འུར་བྱས་པ་རྣམ་པར་འགྲེལ་པ་ནི་དད་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དད་པ་ལ་སོགས་པ་ནི་དཀོན་མཆོག་གསུམ་ལ་མངོན་པར་ཡིད་ཆེས་པ་ལ་སོགས་པའི་རྣམ་པའོ། །ཁྱད་པར་ཅན་དབང་པོའི་ངོ་བོ་ཉིད་མ་ཡིན་པ་ནི་དབང་པོའི་དོན་མེད་པའི་ཕྱིར་གཞན་པ་དད་པ་ལ་སོགས་པའོ། །གྲངས་བཞིན་དུ་སངས་རྒྱས་ནི་རྫོགས་པའི་སངས་རྒྱས་སོ། །སྦྱིན་པ་ནི་གཏོང་བའོ། །བསམ་པ་ཕུན་སུམ་ཚོགས་པ་ནི་དགེ་བ་འདོད་པ་ཉིད་ལ་སོགས་པའོ། །རྣམ་པར་མི་རྟོག་པ་ནི་ལས་དང་བྱེད་པ་པོ་དང་བྱ་བ་མ་དམིགས་པ་ལའོ། །ཆོས་ཐམས་ཅད་ནི་གཟུགས་ལ་སོགས་པའོ། །རྣམ་པ་ཐམས་ཅད་ནི་རང་དང་སྤྱིའི་ཚུལ་གྱིས་སོ། །རྣམ་པ་ཐམས་ཅད་ནི་རང་དང་སྤྱིའི་ཚུལ་གྱིས་ཡོངས་སུ་ཤེས་པ་སྟེ། དེ་ལ་སོགས་པའི་ཡུལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་སྤྱོད་ཡུལ་གྱི་ཐབས་རྣམ་པ་ལྔ་ལ་མཁས་པའོ། །ཅི་ཐབས་མཁས་པ་ཡོད་པ་ཁོ་ནས་བྱང་ཆུབ་འཐོབ་པའམ་འོན་ཏེ་མ་ཡིན་ཞེ་ན་དེ་ལྟ་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡོད་པ་ཙམ་གྱི་ཞེས་བྱ་བ་དད་པ་ལ་སོགས་པ་ཡོད་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་མ་ཡིན་ཞིང་ཀུན་རྫོབ་ཏུ་བསྐྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཉིད་ཡིན་ཏེ། བྱང་ཆུབ་ཀྱི་ལམ་འདི་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་དད་པ་ལ་སོགས་པ་རྣོ་ཞིང་གསལ་བ་ཆེན་པོས་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་གོང་ནས་གོང་དུ་བསླབས་པ་མཆོག་ཏུ་གྱུར་བས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་བར་ཤེས་པར་བྱ་བ་ལ་དེ་དག་ཉིད་དུ་རྟུལ་པོས་ནི་ཞེས་བྱ་བ་དེ་མངོན་སུམ་དུ་བྱེད་པར་མི་ནུས་པའི་དད་པ་ལ་སོགས་པ་ཆུང་དུས་ནི་རྟོགས་པར་དཀའ་ཞིང་ཤེས་པར་དཀའ་བ་ཡིན་ནོ། །འདིར་དད་པ་ལ་སོགས་པ་ཡོད་པ་ཙམ་གྱིས་ཞེས་བྱ་བ་དང་དེ་དག་ཉིད་ལས་སྨོས་པས་ཡང་དག་པར་ན་བྱང་ཆུབ་ཀྱི་ཐབས་རྣམ་པ་གཉིས་ཡོད་པས་དེ་ནི་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་


DTG086_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། འདིར་ཡེ་ཤེས་ཆེན་པོ་དང་འབྲིང་དང་ཆུང་ངུའི་བྱེ་བྲག་གིས་བྱང་ཆུབ་གསུམ་གྱི་དབྱེ་བ་སྟོན་པ་ཡིན་ལ། དེ་བས་ན་ཆེན་པོའི་ཆེན་པོས་ནི་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་བྱ་བར་སྟོན་པས། དེ་ལས་གཞན་པའི་དད་པ་ལ་སོགས་པ་མ་སྨོས་སུ་ཟིན་ཀྱང་དེའི་ཤེས་པའི་དབང་གིས་འབྲིང་དང་ཆུང་ངུ་ཉིད་ཐོབ་པ་རྣམས་ཀྱི་རང་སངས་རྒྱས་དང་ཉན་ཐོས་ཀྱི་བྱང་ཆུབ་ཀྱི་བྱ་བ་ནི་གཞན་དུ་བྱ་བར་མི་ནུས་པས་ཐེག་པ་ཆེན་པོ་ཐམས་ཅད་དུ་བྱང་ཆུབ་གཉིས་པོ་ནི་རྫོགས་པའི་བྱང་ཆུབ་ལས་གོ་བཟློག་པར་བསྟན་པར་ཤེས་པར་བྱའོ། །ཞེས་བྱ་བ་ནི་ཤུགས་ཀྱིས་འཕངས་པ་ཡིན་ནོ། །དྲོ་བ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཚིག་ལེའུར་བྱས་པ་ནི་རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་བ་ཡིན་ཏེ། ཚུལ་ངན་པ་མེད་པ་དང༌། ད་ལྟར་དང་མ་འོངས་པའི་དོན་བསམ་པ་ཉིད་དག་དང༌། ང་རྒྱལ་བཅོམ་པ་ཉིད་དང་མངོན་པར་འཚེ་བ་མེད་པ་ཉིད་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་མཉམ་པ་དང་ཞེས་བྱ་བ་ལ་སོགས་པའི་སེམས་ལྔ་ཡིན་ནོ། །དེ་རྣམས་ཀྱི་ཕ་དང་མའི་སེམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྩེ་མོར་རྟོགས་པ་ནི་མདོར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མདོར་ཞེས་བྱ་བ་ནི་དབྱེ་བ་ལ་ལྟོས་པ་མེད་པའོ། །མི་དགེ་བ་ནི་ཆགས་པ་ལ་སོགས་པའོ། །དགེ་བ་ནི་དེ་ལས་གོ་བཟློག་པ་ལ་ཉམས་པ་དང༌། །ལེན་པའི་སྒོ་ནས་ཞེས་བྱ་བ་ནི་སྤང་བ་དང་བླང་བའི་དབང་གིས་གཞན་རྣམས་སྡིག་པ་ལས་ལྡོག་པ་དང༌། དགེ་བ་ལ་གནས་པ་དག་ལ་སྦྱོར་བ་ནི་ཡང་དག་པར་འཛིན་དུ་འཇུག་པའོ། །དགེ་བ་དང་མི་དགེ་བ་དག་ནི་གཉིས་ཡིན་པའི་ཕྱིར་རྣམ་པ་གཉིས་སོ། །དེ་བཞིན་དུ་ཞུགས་པ་རྣམས་ལ་རང་དང་གཞན་སྡིག་པ་ལས་ལྡོག་པ་དང་དགེ་བ་ལ་སྦྱོར་བ་ནི་གཞན་དག་ལ་བསྔགས་པ་བརྗོད་པ་དང་མཐུན་པར་བྱེད་པའོ། །བསྔགས་པ་སྨྲ་བ་དང་མཐུན་པར་བྱེད་པ་གཉིས་ཡིན་པས་རྣམ་པ་གཉིས་ཡིན་ནོ། །སྦྱར་བར་བྱ་བ་དང་སྦྱོར་བ་པོ་དང༌། དེའི་ཡུལ་མཐའ་ཡས་པའི་ཕྱིར་རྣམ་པ་རྣམས་ནི་ཡང་དག་པར་ན་མཐའ་ཡས་པ་ཡིན་པས་དེའི་


DTG086_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་དེ་རྣམས་ཀྱི་སེམས་ཅན་ལ་དམིགས་ཤིང་ཡུལ་དུ་བྱས་པ་ནི་རྩེ་མོར་གྱུར་པ་ཡིན་ནོ། །བདག་ཉིད་ཀྱི་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྩེ་མོར་གྱུར་པ་ལ་ཞེས་བྱ་བ་ལ་སོགས་པས་ནི་རང་གཞན་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་མཆོག་དེ་བཞིན་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་རྣམས་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རེ་རེ་ཞིང་རྣམ་པ་གསུམ་དུ་འགྱུར་རོ། །དེ་ལ་དྲོ་བར་རྟོགས་པ་ཆུང་ངུའི་ནི་མཉམ་པ་དང་བྱམས་པའི་སེམས་དག་ཡིན་ཏེ། དེ་ཉིད་ཀྱི་ཚེ་གཞན་ལ་འཚེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འབྲིང་གིས་ནི་ཕན་པ་ལ་སོགས་པའི་སེམས་གསུམ་གྱིས་མ་འོངས་པའི་གཞན་ལ་ཕན་པའི་བསམ་པ་ཉིད་ཡིན་པའི་ཕྱིར་རོ། །ཆེན་པོའི་ནི་ཕ་ལ་སོགས་པའི་སེམས་བསྐྱེད་པས་དེའི་ཚེ་འདི་དང་ཕྱི་མ་དག་ཏུ་གཞན་རྣམས་ཀྱི་འདོད་པ་ཉེ་བར་སྒྲུབ་པ་འདོད་པ་ཉིད་ཡིན་པའི་ཕྱིར་བསྟན་པ་ཡིན་ནོ། །རྩེ་མོར་གཏོགས་པ་ཆུང་ངུའི་ནི་བདག་དང་གཞན་སྡིག་པ་ལས་ལྡོག་པ་ལ་སྦྱོར་བ་དང༌། གཞན་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུད་ལས་ལྡོག་པར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །འབྲིང་གིས་ནི་སྦྱིན་པ་ལ་སོགས་པ་ལ་རང་དང་གཞན་གནས་པས་གཞན་རྣམས་ཀྱི་དགེ་བའི་རྒྱུ་ལ་སྦྱོར་བར་མངོན་པར་འདོད་པ་ཡིན་པའི་ཕྱིར་རོ། །ཆེན་པོའི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་གཉིས་བསྒོམས་པ་ལས་བདག་དང་གཞན་ཞུགས་པས་གཞན་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་ལ་ཕྱིན་ཅི་ལོག་པ་སྤང་བའི་བསམ་པ་ཉིད་ཡིན་པའི་ཕྱིར་རོ། །བཟོད་པ་ནི་ཆུང་དུ་དང་འབྲིང་དང་ཆེན་པོར་བཤད་དེ། གོ་རིམས་བཞིན་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པའི་བར་གྱིས་དེ་ལྟར་གཞན་རྣམས་འཕགས་པའི་ལམ་གྱི་འབྲས་བུ་དང་པོ་ལ་སོགས་པ་དང༌། འཚང་རྒྱ་བ་ཉིད་ལ་སྦྱོར་བར་འདོད་པ་ཉིད་ཡིན་པའི་ཕྱིར་བཤད་མོད་ཀྱི། འོན་ཀྱང་བཟོད་པ་ཆེན་པོ་ནི་སྐད་ཅིག་མ་དུ་མར་གཟུང་བར་


DTG086_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཆོས་ཀྱི་མཆོག་ཆུང་ངུ་དང་འབྲིང་དང་ཆེན་པོ་ནི་གོ་རིམས་བཞིན་དུ་གཞན་རྣམས་ཁྱད་པར་མེད་པར་ཐེག་པ་ཆེན་པོ་ལ་སྨིན་པར་བྱ་བའི་ཕྱིར་དང༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ལམ་ལ་སྦྱར་བར་བྱ་བའི་ཕྱིར་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རབ་ཀྱི་མཐར་ཐུག་པར་འདོད་པ་ཉིད་ཡིན་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་སྒྲིབ་པ་མེད་པའི་ངོ་བོ་དམ་བཅས་པའི་ཚིག་གསུངས་པ་ཡིན་ནོ། །ཆོས་མངོན་པ་ལས་ཇི་ལྟར་བཟོད་པ་ཆེན་པོ་སྐད་ཅིག་མ་གཅིག་ཡིན་པ་ལྟར་ཆོས་ཀྱི་མཆོག་ཀྱང་དེ་བཞིན་ནོ་ཞེས་གང་གསུངས་པ་དེ་ནི་རང་གི་དོན་གྱི་དབང་དུ་མཛད་པ་ཡིན་ལ། །འདིར་ནི་རང་གཞན་གྱི་དོན་ལ་བརྟེན་པ་རྣམས་ཀྱི་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་བཤད་པ་ཡིན་ཏེ། གཞན་གྱི་དོན་ལ་བརྩོན་པའི་རབ་དང་མཆོག་གི་གནས་སྐབས་དག་སྲིད་པས་འདི་དང་དེ་ལ་འགལ་བ་མེད་དོ། །མངོན་པར་རྟོགས་པ་དྲུག་ཏུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་ཅིའི་ཕྱིར་བསྟན་ཅེ་ན། རྣམ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་དང་ལམ་དང་གཞི་ཐམས་ཅད་ནི་སྔར་བཤད་པའོ། །དེ་རྣམས་རྣམ་པར་བསྒོམ་པ་ནི་བྱེ་བྲག་གིས་བསམ་གཏན་གྱི་ཁྱད་པར་གྱི་མངོན་པར་རྟོགས་པ་དྲུག་པོ་རྣམས་སུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་བཤད་པ་ཡིན་པར་བལྟ་བར་བྱའོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མངོན་པར་རྟོགས་པ་བཤད་པ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དེ། གསུམ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་བསྟན་པ་ཡིན་ཏེ། སྔར་བཤད་པའི་ངེས་པར་འབྱེད་པའི་ཆ་དང་ཐར་པའི་ཆ་དང་མཐུན་པ་ལ་སོགས་པ་བསྟན་པ་གསུངས་པ་ཡིན་པར་ཤེས་པར་བྱའོ་ཞེས་འོག་མ་དང་སྦྱར་བར་བྱའོ། །འདིར་བརྗོད་པའི་རྒྱུ་ནི་འཇིག་རྟེན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་གི་དྲོ་བ་ལ་སོགས་པའོ། །དེ་རྟོགས་པ་ནི་ཤེས་པའོ། །དེ་སྔོན་དུ་འགྲོ་བ་ནི་དེའི་རྒྱུ་ཅན་ནོ། །གང་གི་ཕྱིར་འཇིག་རྟེན་ལས་


DTG086_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ནི་ཉན་ཐོས་ལ་སོགས་པ་མ་རྟོགས་པའི་མཐོང་བའི་ལམ་དང་བསྒོམ་པའི་ལམ་གང་ཡིན་པ་དེ་དག་རྟོགས་པ་ནི་ཤེས་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བར་ཤེས་པར་བྱའོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་གསུམ་ལ་ནི་ཞེས་བྱ་བ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང༌། རྩེ་མོ་ཐོབ་པ་དང༌། མཐར་གྱིས་པའི་སྦྱོར་བ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་བར་བྱའོ། །འདིར་བརྗོད་པའི་རྒྱུ་ནི་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསྒོམ་པ་ནི་གོམས་པའོ། །དེ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱིས་ཞེས་བྱ་བ་ནི་གོ་རིམས་ལས་གྱུར་པའི་རབ་ཀྱི་མཐའ་སྟེ། རྒྱུ་དེས་ན་རྣམ་པ་ཐམས་ཅད་དེ། རྣམ་པ་ཀུན་དུའོ། །ཁྱད་པར་གྱི་ལམ་ནི་སྔར་བཤད་པའོ། །དེས་བསྡུས་པའི་ཡེ་ཤེས་ཟབ་པ་མེད་པ་ནི་འདོད་ཆགས་ལ་སོགས་པས་སྟོང་པའོ། །ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་གྱིས་སྐྱེ་ཞིང་འབྱུང་བ་ཡིན་པས་དེ་ལྟར་ན་ཅིག་ཅར་སྐྱེ་བ་དགག་པར་བྱ་བའི་ཕྱིར་ཏེ། ཤེས་པ་གཅིག་ལ་སྐྱེ་བ་གསལ་བར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གསུམ་པོར་མཐོང་བ་ལ་སོགས་པའི་ལམ་ཤེས་པར་བྱེད་པའི་རྒྱུ་ཉིད་ཡིན་པས་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་ཡང་ཁྱད་པར་གྱི་ལམ་ཤེས་པའི་རྒྱུ་ཉིད་ཡིན་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་བརྗོད་པ་ཡིན་ལ། མངོན་པར་རྟོགས་པ་གཉིས་ལ་ནི་དེ་མེད་པས་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཕྱིར་མི་ལྡོག་པ་ཞེས་བྱ་བ་ལ་སོགས་པ་དང༌། ངེས་འབྱེད་ཡན་ལག་ཅེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྦྱོར་བའི་ལམ་ལ་གནས་པ་དང༌། དེ་བཞིན་དུ་བཟོད་པ་དང་ཤེས་པས་བསྡུས་པ་མཐོང་བའི་ལམ་ལ་གནས་པ་དང༌། རྒྱུན་དང་ལྡན་པའི་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་བཤད་པ་ཡིན་ནོ། །དེ་རྣམས་ཀྱི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ལ་ངེས་པར་འབྱེད་པའི་ཡན་ལག་ལ་


DTG086_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ནི་གོ་སླའོ། །ཡང་ལྡོག་པ་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ལ་སོགས་པས་ཞེས་བྱ་བ་ལ་སོགས་པས་མཚན་ཉིད་རྣམ་པ་ཉི་ཤུའི་ཚིག་ལེའུར་བྱས་པའི་དོན་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མཐོང་བའི་ལམ་ལ་གནས་པ་ཡི་ནི་ངེས་པར་འབྱེད་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མཐོང་བའི་ལམ་ལ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐད་ཅིག་མའི་རྣམ་པ་ནི་མཚན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྣམ་པའི་ཚིག་ལེའུར་བྱས་པའི་དོན་ནི་རང་གི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡང་དག་པར་ན་དོན་གྱི་བྱ་བ་ནུས་པའི་ངོ་བོ་མེད་པས་ཡུལ་མེད་པ་ཉིད་ཡིན་པའི་ཕྱིར་གཟུགས་ལ་སོགས་པའི་མངོན་སུམ་གྱི་ཤེས་པ་ལྡོག་པ་ཡིན་ནོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་མི་དགེ་བ་ཟད་ཅིང་ཐར་པའི་ཆ་དང་མཐུན་པའི་དགེ་བ་འཕེལ་བས་སངས་རྒྱས་ལ་སོགས་པས་བྱང་ཆུབ་པའི་བར་དུ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་སེམས་བསྐྱེད་པ་ལ་སོགས་པ་གཟུང་བ་ཉམས་སུ་ལེན་པ་ཡིན་པའི་ཕྱིར་རོ། །ཆོས་རབ་ཏུ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཐུས་གཟུགས་ལ་སོགས་པའི་ཆོས་རྣམས་སྐྱེ་བ་མེད་པར་ཤེས་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་འགོག་པའི་སྙོམས་པར་འཇུག་པའོ། །འདི་དག་ཉིད་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་དེ་བསྐྱེད་པའི་ཡན་ལག་ཡང་དག་པ་སྟེ་ཡང་དག་པའི་རྒྱུའོ། །དེ་རྣམས་ཡོངས་སུ་ཟད་པ་འདི་མ་ཆགས་པའོ། །མི་དགེ་བ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ནི་མི་དགེ་བ་དང་ལྡན་པ་ཁོ་ནའི་ལུས་ལ་སོགས་པ་ལས་སུ་མི་རུང་བ་ནི་ལྕི་བ་ཉིད་ཡིན་པའི་ཕྱིར་རོ། །སེམས་ཅན་འདུལ་བ་ཞེས་བྱ་བ་ལ་སོགས་པ་ནི་བསམ་པ་ཇི་ལྟ་བ་གཞན་གྱི་དོན་གྱི་སྨོན་ལམ་མེད་པས་འདུལ་བར་མི་ནུས་པ་ཉིད་ནི་གཟུགས་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པ་ལ་མངོན་པར་


DTG086_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ཡིན་པའི་ཕྱིར་རོ། །ཡུལ་གྱི་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ཏུ་སྦྱོར་བ་ལ་མངོན་པར་ཞེན་པ་ཉིད་ཡུལ་གྱི་ཉེས་དམིགས་མ་མཐོང་བ་ཉིད་ཡིན་པའི་ཕྱིར་རོ། །སྐྱེས་བུ་དམ་པ་ཞེས་བྱ་བ་ལ་སོགས་པ་ནི་སྨེ་ཤ་ཅན་ལ་སོགས་པ་སྐྱེས་བུ་དམ་པ་མ་ཡིན་པ་རྣམས་ནི་སྡིག་པའི་རྒྱུ་ཉ་ལ་སོགས་པ་གསོད་ཅིང་འཆི་བའི་རྒྱུར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་ལ་གནས་པ་ཉིད་ཀྱིས་ན་བདག་མེད་པའི་བསམ་པ་ཡོད་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྔར་བཤད་པ་དེ་རྣམས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་དག་ལ་མངོན་པར་ཞེན་པ་དང་ཤིན་ཏུ་མངོན་པར་ཞེན་པ་དག་ཏུ་མི་བྱ་བར་ཏེ། དེ་ལྟར་སྦྱོར་བ་དང་རྗེས་སུ་སྦྱོར་བ་དག་གི་གནས་པ་སྟེ། སྤྱོད་པའི་ཁྱད་པར་གང་ཡིན་པ་དེ་སོ་སོར་བཀག་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་བསམ་གཏན་དང་ལྡན་པ་ནི་རྟེན་མེད་པ་ཉིད་ཀྱིས་ཐམས་ཅད་དུ་མངོན་པར་ཞེན་པ་དང་བྲལ་བའི་ཕྱིར་མི་མཐུན་པའི་ཕྱོགས་གསལ་བ་ཉིད་ཀྱིས་ན་གཟུང་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སྤངས་པ་ཉིད་ཀྱིས་གང་ཞིག་རྟོགས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ཤེས་པ་ཡིན་ལ། དེ་རྣམས་ཀྱི་བར་ཆད་བྱེད་པའི་ཆོས་ནི་སྔར་བཤད་པའི་ཉེས་པ་རྣམས་ཏེ། དེ་ལ་སྔ་མ་བཞིན་དུ་ཞེས་བྱ་བ་སྟོང་པ་ཉིད་ལ་གནས་པ་ཉིད་ཀྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་གནས་པར་མི་བྱའོ་ཞེས་འདིའི་ཕྱི་མ་རྣམས་ལ་ཡང་སྒྲའི་དོན་ནི་སྔ་མ་བཞིན་ནོ། །རྣམ་པར་རྟོག་པའི་ཞེས་བྱ་བ་ལ་སོགས་པ་ནི་བདུད་ལ་སོགས་པའི་ཉེས་པ་ནི་དེ་ལས་འབྱུང་བ་ཉིད་ཡིན་པའི་ཕྱིར་ཡང་དག་པར་ན་རྣམ་པར་རྟོག་པ་ཉིད་ཉེས་པ་ཡིན་ནོ་ཞེས་ཡོངས་སུ་ཤེས་པ་ཉིད་ཀྱི་བྱང་ཆུབ་ཀྱི་རྒྱུའི་ཚོགས་སྦྱིན་པ་ལ་སོགས་པ་ལ་ཡང་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །གཟུང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་གཉིས་སུ་མངོན་པར་ཞེན་པའི་རྒྱུ་ཉིད་ཀྱིས་ན། བདུད་དང་བདུད་ཀྱི་འཁོར་རྣམས་ཀྱི་རལ་གྲི་དང་མདའ་ལ་སོགས་པ་རྣམས་ལུས་ཀྱི་དབང་པོ་ལ་སོགས་པའི་བྱ་བ་ཡིན་པས་རྣལ་འབྱོར་བ་རྣམས་ལ་གཡུལ་འགྱེད་པ་མེད་པ་ཡིན་པའི་ཕྱིར་ཏེ། བྱམས་པས་སམ་ཆོས་ཐམས་ཅད་ཉེ་བར་མ་དམིགས་པས་བགེགས་ཉེ་བར་ཞི་བ་


DTG086_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བྱ་བར་དགོངས་སོ། །སྦྱིན་པ་ཞེས་བྱ་བ་ལ་སོགས་པ་རང་གི་རྒྱུད་ལ་སྦྱིན་པ་ལ་སོགས་པས་བྱས་པའི་སེར་སྣ་ལ་སོགས་པ་ལས་ལྡོག་པའི་ཁྱད་པར་ཤེས་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་ལ་ཕྲ་རབ་ལ་སོགས་པའི་ངོ་བོ་དང་དབང་ཕྱུག་ལ་སོགས་པའི་རྒྱུ་དང་གྱ་ནོམ་པ་དང་གྱ་ནོམ་པ་མ་ཡིན་པ་དང་བྲལ་བ་ཡིན་པའི་ཕྱིར་རོ། །རྟོགས་པའི་ཆོས་ནི་འདིར་བྱང་ཆུབ་ཡིན་ནོ། །མངོན་པར་ཡིད་ཆེས་པ་ལ་སོགས་པ་ནི་མངོན་པར་ཤེས་པ་དྲུག་གི་སྟོབས་ཀྱིས་མངོན་པར་ཡིད་ཆེས་པ་ཐོབ་པས་ཡང་དག་པའི་ཡེ་ཤེས་ངེས་པར་ཐོབ་པ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱི་རང་གི་ས་གསུམ་ལ་རང་གི་ས་ཡིན་པ་ཉིད་ཀྱིས་ན་ངེས་པ་ཉིད་ཀྱི་སྟེ། ས་བརྒྱད་པ་ལ་སོགས་པ་ལ་ཇི་ལྟ་བ་བཞིན་གནས་པ་ནི་ཐེ་ཚོམ་མེད་པར་དམིགས་སུ་མེད་པའི་ཡེ་ཤེས་སུ་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །གཅིག་ཏུ་གཞོལ་བ་ཞེས་བྱ་བ་ལ་སོགས་པ་ནི་གཅིག་ཏུ་གཞོལ་བ་ཉིད་ཀྱི་ཕུལ་དུ་བྱུང་བ་དང་བཅས་པའི་སེམས་བསྐྱེད་པ་ལ་སོགས་པའི་ཆོས་མངོན་དུ་གྱུར་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཡིན་ཏེ། རྟག་ཏུ་ངུ་བ་ལ་སོགས་པ་དང་འདྲ་བར་སྲོག་གི་བར་ཆད་དུ་འགྱུར་བའི་ཡུལ་གཞན་དུ་འགྲོ་བའམ་ལུས་བཙོང་བ་ལ་སོགས་པའོ། །ཤེས་པའི་མཚན་ཉིད་ཇི་སྐད་དུ་བཤད་པའི་རྣམ་པའི་ཐབས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་སུམ་དུ་བྱས་པ་ཡིན་ལ། དེ་ཉིད་ཀྱིས་ན་གཞན་གྱི་མི་རྟོགས་པ་མ་ཡིན་ནམ། ཇི་ལྟར་ན་གཞན་རྣམས་ཀྱི་རྟོགས་པའི་མཚན་ཉིད་ཡིན་ཞེས་རྟོགས་པ་ལ། ཤེས་པའི་མཚན་ཉིད་རྣམས་ནི་འདུ་ཤེས་ལས་ལྡོག་པ་ལ་སོགས་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་ཏེ། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱ་བའི་རིགས་པས་འཚམ་པ་ཉིད་ཀྱིས་རྗེས་སུ་དཔག་པས་མཚན་ཉིད་ཁོ་ན་ཡིན་པར་བསྟན་པ་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་


DTG086_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨོས་པ་ཡིན་ཏེ། དེ་ལྟར་ན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་རྣམ་པ་བཅུ་དྲུག་གིས་བསྡུས་པ་འདི་རྣམས་ནི་འབྲས་བུ་ཉིད་ཡིན་པས་བདེན་པ་བཞིའི་རྣམ་པ་དང་འབྲེལ་པའི་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་ཡིན་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་བ་ལ་སོགས་པ་རྣམ་པ་བཅུ་དྲུག་ཡང་དག་པར་ཐོབ་པ་རྣམ་པར་མི་རྟོག་པ་ཉིད་ཀྱིས་གོམས་པར་བྱས་པར་གྱུར་པ་ནི་ཉོན་མོངས་པ་མེད་པས་དག་པ་འཇིག་རྟེན་པའི་ཐ་སྙད་ཀྱི་རྒྱུ་ཡིན་པའི་ཕྱིར། འཇིག་རྟེན་པ་ཡིན་པ་གང་གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་ཉིད་ཀྱི་བཟོད་པ་དང༌། ཤེས་པའི་སྐད་ཅིག་མ་རྣམ་པར་མི་རྟོག་པ་རྣམས་ལས་ཕྱིས་འབྱུང་བ་ཡིན་པའི་ཕྱིར་རྗེས་ཀྱི་སེམས་རྣམ་པར་རྟོག་པ་དང་བཅས་པ་དེས་བསྡུས་པ་གང་ཡིན་པའི་རང་དང་མཐུན་པའི་འབྲས་བུ་སྟེ། རྣམ་པར་རྟོག་པ་རྣམ་པར་དག་པའི་བདག་ཉིད་ཅན་གྱི་འབྲས་བུ་གཟུགས་ལ་སོགས་པའི་འདུ་ཤེས་ལས་ལྡོག་པ་ལ་སོགས་པ་སྔར་བཤད་པ་དེ་རྣམས་ཀྱི་རྒྱུ་ཡིན་པས་སོ། །སྐྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པའི་སྐད་ཅིག་མའི་མཚན་ཉིད་ནི་ངོ་བོ་ཉིད་མ་ཡིན་མོད་ཀྱི་འོན་ཀྱང་དེ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཉེ་བར་བཏགས་པའི་དགོངས་པ་ནི་རྣལ་འབྱོར་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཐམས་ཅད་དུ་ཉན་ཐོས་ལ་སོགས་པའི་ལྟ་བ་ལ་ཡང་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་པ་ནི་ཐོས་པའི་ཤེས་པ་དང་རྗེས་སུ་མཐུན་པ་ཉིད་དོ། །རྣལ་འབྱོར་པ་རྣམས་ནི་ལམ་དེའི་བསམ་གཏན་རབ་ཀྱི་མཐར་ཕྱིན་པ་དང་ལྡན་པའོ། །ཐ་སྙད་ནི་རྣལ་འབྱོར་ལ་སོགས་པའི་རང་བཞིན་གྱི་རྫུ་འཕྲུལ་ལ་སོགས་པའི་འཇིག་རྟེན་དང་མཐུན་པར་སྤྱོད་པ་ནི་ངེས་པ་ཡིན་ལ་བཅོས་མ་ནི་ངེས་པ་མེད་པའོ། །དེ་ནི་སེམས་ཅན་འདུལ་བའི་དགོས་པའི་དབང་མ་རྟོགས་པར་ཞེས་བྱ་བ་སྨོས་པ་ཡིན་ཏེ། གདུལ་བྱའི་དོན་དུ་ཡང་རྟོགས་པའི་དོན་དང་མཐུན་པ་མ་ཡིན་ན་ཡང་ཐ་སྙད་དུ་རྣམ་པར་མི་རྟོག་པ་མི་མངའ་བའི་བཅོམ་ལྡན་འདས་དང་འདྲ་བ་ཡིན་པས་ཉེ་བར་བཏགས་ནས་ཤེས་པའི་སྐད་


DTG086_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་མའི་མཚན་ཉིད་ཀྱིས་བཤད་ཅིང་བསྟན་ཏོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་ཉེ་བར་བཏགས་པ་མ་ཡིན་ནོ། །རྣལ་འབྱོར་བའི་རྒྱུད་ལས་སོ་སོ་རང་གི་རིག་པ་ནི་སྒོམ་པ་པོའི་རང་རིག་པའི་སྐད་ཅིག་མ་རྣམས་ཏེ། ཤེས་པའི་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་པར་བྱེད་པ་ཞེས་བྱ་བ་སྒོམ་པ་པོ་ལས་གཞན་པ་དག་གིས་ཤེས་པའི་མཚན་ཉིད་ཡིན་པར་མི་འཐད་དེ། རང་གི་རིག་པ་ནི་གཞན་གྱི་རིག་པ་མ་ཡིན་ཏེ། རང་གི་རིག་པ་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །བསྒོམ་པའི་ལམ་ལ་བརྗོད་པར་བྱ་བ་མང་དུ་ཡོད་ན་ཡང་དང་པོ་ཁྱད་པར་བརྗོད་པའི་རྒྱུ་ནི་དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསྒོམ་པའི་ལམ་ནི་ཟབ་པ་དང་ལྡན་པའི་ཕྱིར་ཟབ་མོ་ཡིན་ནོ། ཟབ་མོ་དེ་གང་ཡིན་ཞེ་ན་སྟོང་པ་ཉིད་ལ་སོགས་པའོ། །སྟོང་པ་ཉིད་ལ་སོགས་པའི་ཟབ་པ་ཉིད་གང་ཡིན་ཞེ་ན། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་ལས་གྲོལ་བ་ཉིད་དོ། །ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཞེས་བྱ་བ་སྨོས་པ་ཡིན་ཏེ། སྟོང་པ་ཉིད་དང་དེ་བཞིན་ཉིད་ལ་སོགས་པའོ། །གཟུགས་མེད་པ་ལ་ཞེས་བྱ་བ་ནི་གཟུགས་སུ་སྒྲོ་འདོགས་པ་བཀག་པའོ། །སྟོང་པ་དང་སྟོང་པ་མ་ཡིན་པ་དག་ལ་སྟོང་པ་ཉིད་ལ་སོགས་པ་དང་གཟུགས་ལ་སོགས་པ་གཅིག་པར་འགལ་བའི་ཕྱིར་རོ། །དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་ལ་ཚོར་བ་ལ་སོགས་པ་མེད་དོ་ཞེས་བལྟ་བར་བྱའོ། །གཟུགས་སྟོང་པ་ཉིད་ལ་སོགས་པ་ཐ་དད་པ་ཉིད་ཀྱིས་ན་གཟུགས་དང་སྟོང་པ་ཉིད་ལ་སོགས་པ་སྐུར་པ་བཏབ་པ་དང་འགལ་བ་ཡིན་ཏེ། གཟུགས་ཀྱི་སྟོང་པ་ཉིད་ལ་སོགས་པ་མེད་པས་རང་གི་ངོ་བོ་དང་བཅས་པར་ཐལ་བར་འགྱུར་བས་སྟོང་པ་ཉིད་ལ་སོགས་པ་གཟུགས་ལ་སོགས་པ་ལས་གཞན་པ་ཡང་མ་ཡིན་པས་ཞེས་བྱ་བས་ནི་སྐུར་པ་འདེབས་པ་དགག་པ་ཡིན་ནོ། །དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་ནི་ཚོར་བ་ལ་སོགས་པ་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་བལྟ་བར་བྱའོ། དེ་བཞིན་དུ་གོ་རིམས་བཞིན་དུ་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་སྒྲོ་འདོགས་


DTG086_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྐུར་པའི་མཐའ་ཅན་ཡིན་ཏེ། འདི་ལྟར་འདི་དག་ནི་འཇིག་པའི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེ་དག་ལས་གྲོལ་ཞིང་བྲལ་བའི་སྟོང་པ་ཉིད་ལ་སོགས་པ་གང་ཡིན་པ་དེ་ནི་ཟབ་མོ་སྟེ་སྟོང་པ་ཉིད་ལ་སོགས་པ་ཡིན་པ་སྟོང་པ་ཉིད་ལ་སོགས་པ་ལ་གཟུགས་ལ་སོགས་པ་མེད་པ་དང་གཟུགས་ལ་སོགས་པ་ལ་ཡང་སྟོང་པ་ཉིད་ལ་སོགས་པ་མེད་པ་གང་ཡིན་པ་དེ་དག་ནི་རྣལ་འབྱོར་པའི་མངོན་སུམ་གྱིས་རྟོགས་པར་བྱ་བ་ཉིད་ཡིན་པས། ཟབ་མོ་ཉིད་དང་ལྡན་པའི་ཕྱིར་འོག་ནས་བཤད་པའི་བསྒོམ་པའི་ལམ་ནི་ཟབ་ཅིང་གཏིང་དཔག་དཀའ་བ་ཡིན་ནོ། །ཐོས་པ་ཞེས་བྱ་བ་ལ་སོགས་པ་ཡིན། ངེས་འབྱེད་ཅེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ཡིན་ཏེ། གང་གི་ཚེ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དང༌། ཚིག་དང་ངག་དང་ཡི་གེ་དང་དབྱངས་ཀྱི་ཡི་གེའི་བདག་ཉིད་ཅན་བསྒོམ་པ་དེའི་ཚེ། ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་གསུམ་ལ་ངེས་པར་མཐོང་བའི་དོན་ཞེས་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་སྐབས་གསུམ་དུ་གསུངས་པའི་དྲོ་བ་ལ་སོགས་པ་དང་མཐོང་བ་དང་བསྒོམ་པའི་དོན་ལ་དམིགས་པའི་རྣམ་པའི་རབ་ཏུ་དབྱེ་བ་རྣམས་གོ་རིམས་བཞིན་དུ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་དག་ཡང་དང་ཡང་དུ་སེམས་པ་དང་འཇལ་བ་དང་ངེས་པར་རྟོགས་པ་ཞེས་ཚིག་གསུམ་བཤད་པར་བྱའོ། །གང་གི་ཚེ་ལམ་གྱི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ་ཏིང་ངེ་འཛིན་གྱི་ཞེས་བྱ་བ་ལམ་བསྒོམ་པ་ལ་སྦྱོར་བ་དང་དངོས་གཞི་དང་མཇུག་རྣམས་སུ་སྔར་བཤད་པ་དེའི་བསྒོམ་པའི་ཤེས་རབ་ཀྱིས་གཟུང་བ་ལ་སོགས་པ་མེད་པ་ལ་དམིགས་པ་རབ་ཏུ་གྱུར་པའི་སེམས་ཀྱི་ངེས་པར་འབྱེད་པའི་ཡན་ལག་དང་མཐོང་བ་དང་བསྒོམ་པའི་ལམ་གྱི་དམིགས་པའི་རྣམ་པ་ལ་ཡང་དང་ཡང་དུ་སེམས་པ་དང༌། འཇལ་བ་དང་ངེས་པར་རྟོགས་པ་ཞེས་བྱ་བ་ནི་ཚིག་གསུམ་ཡིན་ཏེ། དེ་ལྟར་བསྒོམ་པའི་ལམ་རྒྱུན་ཆགས་པ་ཡིན་ནོ། །ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་དམིགས་


DTG086_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པ་གསུམ་གྱི་དབྱེ་བ་ལ་དམིགས་པས་ན་ཡང་དང་ཡང་དུ་དེ་རྣམས་ཉིད་ལ་དམིགས་པས་དམིགས་པར་བྱེད་པའི་སེམས་ནི་གྲངས་མེད་པའི་ཕྱིར་བསྒོམ་པའི་ལམ་ལ་དེའི་རང་བཞིན་ཡིན་པས་མཐའ་ཡས་པར་འགྱུར་རོ་ཞེས་བྱ་བའི་ངེས་པ་ནི་དེ་རྣམ་པ་ཞེས་བྱ་བ་ལ་སོགས་པ་དང༌། དེའི་རྒྱུན་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་བཤད་མ་ཐག་པའི་རིམ་པས་དོན་དམ་པར་ཞེས་བྱ་བ་དེ་ཁོ་ན་ཉིད་མཐོང་བས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྣམ་པའི་སྒོམ་པ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་དམིགས་པའི་སེམས་ཀྱི་ཁྱད་པར་གྱིས་སོ། །རྣམ་པར་རྟོག་པ་དགུའི་གཉེན་པོའི་དབྱེ་བ་ལས་ཞེས་བྱ་བ་ནི་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་དགུའི་གཉེན་པོ་ཉིད་ཡིན་པས་རྣམ་པ་དགུ་ཡིན་པའི་ཕྱིར་རོ། །གྲངས་བཞིན་དུ་འདོད་པའི་ཁམས་ལ་སོགས་པས་དགུ་དག་ཏུ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། དགུ་ལ་བསྒོམ་པའི་ལམ་དགུ་ནི་རྒྱུན་ཆགས་ཡིན་ནོ། །ཅིའི་ཕྱིར་ཞེ་ན་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་ཞེས་བྱ་བ་སྟེ། ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་དོན་མང་པོ་ལ་དམིགས་པ་ལས་བྱུང་བའི་ཕྱིར་རམ་བར་ཆད་མེད་པའི་ལམ་དུ་རྒྱུན་དུ་ཞུགས་པ་ཡིན་པའི་ཕྱིར་རོ། །བསྒོམ་པའི་ལམ་རྣམ་པ་དགུ་ཉིད་ཡིན་པར་དེ་ཁོ་ན་ཉིད་དུ་མི་འཐད་དོ་ཞེས་དོགས་པ་ལ་ཀུན་རྫོབ་ཡིན་པའི་ལན་བཏབ་པ་ནི་རྒྱལ་བའི་ཡུམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྒྱལ་བའི་ཡུམ་དེ་དང་དེ་ལས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ལས་སོ། །རྣམ་པ་རེ་རེའི་དབང་དུ་མཛད་དེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་བསྒོམ་པའི་ལམ་གྱིས་དྲོ་བ་ལ་སོགས་པ་རེ་རེ་ནས་ཉེ་བར་གཟུང་སྟེ། གྲངས་དང་ཚད་དང་མངོན་སུམ་ལ་སོགས་པའི་ཚད་མས་ཀྱང་རྟོགས་པར་མི་རུང་བའི་ཕྱིར་རོ། །མ་ཆགས་པའི་དགེ་བའི་རྩ་བ་ལ་སོགས་པའི་བསོད་ནམས་གྲངས་མེད་པ་དཔག་ཏུ་མེད་པ་ཚད་མེད་པ་གང་ཡིན་པ་དེ་རྣམས་སྐྱེ་བར་གསུངས་པའི་ཕྱིར་ཞེས་བྱ་


DTG086_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐྱེ་བར་བརྗོད་པས་བྱེ་བྲག་མང་བ་སྟེ། བསྒོམ་པའི་ལམ་གྱིས་དྲོ་བ་ལ་སོགས་པའི་གྲངས་མེད་པ་ལ་སོགས་པའི་བསོད་ནམས་ཀྱི་འབྲས་བུ་ཉིད་ཡིན་པས་ན་གྲངས་མེད་པ་ལ་སོགས་པ་ཉིད་དུ་འགྱུར་ན་ཇི་ལྟར་རྣམ་པ་དགུ་ཉིད་ཡིན་ཏེ་མི་འཐད་དོ་ཞེན་གྲངས་མེད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཕྱེད་སྔ་མ་རྣམ་པར་འགྲེལ་ཏེ། གྲངས་མེད་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །སོགས་པའི་སྒྲས་ནི་བརྗོད་དུ་མེད་པ་ལ་སོགས་པའོ། །དེ་རྣམས་བསྟན་པ་རྣམས་ཏེ་དེ་དང་དེར་སྨོས་པ་རྣམས་སོ། །དེ་ཡང་ཡང་དག་པའི་དོན་མ་ཡིན་པ་དེ་ནི་དམ་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཚིག་ཏུ་བརྗོད་པའི་ངོ་བོ་རྣམས་ནི་དོན་དམ་པར་མི་འཐད་པ་ཉིད་ཀྱིས་ཞེས་བྱ་བ་ཡང་དག་པར་ན་ཇི་ལྟར་གྲགས་པའི་དོན་དུ་མི་རུང་བ་ཡིན་པའི་ཕྱིར་ཏེ། སྙན་དང་གས་སྦྱར་བ་དང་འདྲ་བར་སྒྲ་དགོད་པ་ཙམ་དུ་སྦྱར་བའི་ཁྱད་པར་གྱི་བདག་ཉིད་ཅན་གྱི་བརྗོད་པར་བྱ་བའི་སྒྲ་ནི་བརྫུན་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེ་བས་ན་བསྒོམ་པའི་ལམ་བཅོམ་ལྡན་འདས་ཀྱི་བཀའ་ལས་ཇི་སྐད་བཤད་པའི་མཚན་ཉིད་ཅན་ཏེ། ཟབ་མོ་ལ་སོགས་པའི་བདག་ཉིད་ཅན་གྱི་བསྒོམ་པའི་ལམ་ནི་བྱེ་བྲག་ཏུ་དབྱེ་བ་བྱེད་པར་བཟོད་པ་མ་ཡིན་ཏེ། གྲངས་མེད་པ་ལ་སོགས་པ་ཉིད་དུ་བྱ་བར་མི་ནུས་སོ། །ཇི་ལྟར་ཞེ་ན་དོན་གཅིག་ཏུ་སྟེ་དོན་གྱི་དབྱེ་བ་གཞན་ལ་ལྟོས་པ་མེད་པས་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་ཡུལ་གཅིག་པ་ནི་དོན་གཅིག་པ་ཡིན་ལ། དེ་ལ་རབ་ཏུ་སྦྱར་ཞིང་ངེས་པར་ལྡན་པའི་ལྡོག་པའི་དབྱེ་བ་གང་ཡིན་པ་དེ་ལ་ལྟོས་པས་རྒྱུ་དེ་ལས་ཉེ་བར་སྐྱེད་པའི་ཐ་དད་པ་ཉིད་ཀྱི་ངོ་བོ་སྟེ། གྲངས་མེད་པ་ལ་སོགས་པ་གང་ཡིན་པ་དེས་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་ཡུལ་གཅིག་པ་ཉིད་ལ་སོགས་པ་ཡིན་པར་གཅིག་ཏུ་ཞུགས་པ་ཡིན་ནོ། །དེ་བས་ན་བྱེ་བྲག་ཏུ་སྣང་བ་ཉིད་ཡིན་ན་ཡང་དབྱེ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དབྱེ་བ་གཞན་ལ་ལྟོས་ནས་ཡང་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་དོན་སྣ་ཚོགས་པ་དང་རབ་ཏུ་སྦྱར་པའི་ལྡོག་པ་ལ་


DTG086_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པའི་ལས་ཉེ་བར་སྐྱེད་པའི་ཐ་དད་པ་ཉིད་ཀྱི་ངོ་བོ་བྱེ་བྲག་ཏུ་དབྱེ་བ་ཉིད་ཡིན་ནོ། །ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་ཕྱེད་འོག་མ་བཤད་པ་ཀུན་རྫོབ་ཏུ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀུན་རྫོབ་ཏུ་ནི་སངས་རྒྱས་ལ་སོགས་པའི་ཐ་སྙད་ཀྱིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཞེས་བྱ་བ་རྣམ་པར་མི་རྟོག་པས་ཁྱབ་པའི་ཐུགས་རྗེ་དེའི་རང་བཞིན་གྱི་ཆོས་ཀྱི་དབྱིངས་ཏེ། སྟོབས་བཅུ་ལ་སོགས་པའི་རྒྱུ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་རྒྱུ་མཐུན་པར་གྱུར་པ་ཡིན་པ་ནི་ཆ་འདྲ་བའི་ངོ་བོའོ། །དེ་ནི་བཤད་པའི་ཆོས་ཀྱི་ངོ་བོ་ཉིད་དེ། ཡང་དག་པའི་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པའི་ཆོས་ཀྱི་བདག་ཉིད་དེ། རྣམ་པ་ཐམས་ཅད་དུ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་སྟོན་པ་ཡིན་པའི་ཕྱིར་རོ། །ཇི་སྐད་བཤད་ཅིང་བསྟན་པ་ནི་གྲངས་མེད་པ་ལ་སོགས་པའི་སྒྲ་རྣམས་སོ། །བྱིས་པའི་སྐྱེ་བོ་རྣམས་ནི་མ་རིག་པས་ཁྱབ་པ་རྣམས་གཞུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལྷག་མའོ། །འབྲས་བུ་ཆེན་པོ་བསྐྱེད་པར་རབ་ཏུ་སྟོན་པ་ཉིད་ཀྱིས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་འབྲས་བུ་སྐྱེད་པར་བརྗོད་པ་ཡིན་པས་སོ། །དེ་བཞིན་གཤེགས་པས་བཞེད་པས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་སེམས་ཅན་བཞུགས་པའི་ཚུལ་མཁྱེན་པའི་དེ་བཞིན་གཤེགས་པ་རྣམས་དགོངས་སོ། །རྒྱུ་དེ་བས་ན་མང་པོ་ཉིད་དུ་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་བསྒོམ་པའི་ལམ་གྲངས་མེད་པ་ལ་སོགས་པར་ཐལ་བར་མི་འགྱུར་རོ། །ཆོས་ཀྱི་དབྱིངས་གྲངས་མེད་པ་ལ་སོགས་པ་ཡིན་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་བསོད་ནམས་གྲངས་མེད་པ་ལ་སོགས་པ་ཉིད་ཡིན་པ་ནི་ཀུན་རྫོབ་ཏུ་ཡིན་གྱི་ཡང་དག་པར་ནི་མ་ཡིན་ཏེ། བསོད་ནམས་ཀྱི་རྒྱུ་ཉིད་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་དང་སྦྱིན་པ་ལ་སོགས་པ་གྲངས་མེད་ལ་སོགས་པ་ཉིད་ཡོད་ན་ཇི་ལྟར་ན་དེའི་འབྲས་བུ་གྲངས་མེད་པ་ལ་སོགས་པ་ཉིད་ཡིན་ཏེ། དེའི་འབྲས་བུ་མ་ཡིན་པར་ཐལ་བར་འགྱུར་ན་དེ་ལྟར་ན་ཡང་བཅོམ་ལྡན་འདས་ནི་བརྫུན་དུ་གསུངས་པ་ཉིད་མ་ཡིན་ཏེ། སེམས་


DTG086_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་གཞུག་པའི་ཚུལ་ཕྱིན་ཅི་མ་ལོག་པར་མཁྱེན་པ་ཉིད་ཀྱིས་ན་གང་ཟག་ལ་སོགས་པ་དང་འདྲ་བར་ན་དེ་ལྟར་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཡང༌། ཉེ་བར་གནོད་ཕྱིར་ཡང་དག་པར། །གང་ཞིག་སྨྲས་གྱུར་དེ་ཉིད་བརྫུན། །བདེན་དང་བདེན་མིན་དོན་ཅི་ཡིན། །གཞན་དོན་བྱེད་གང་དེ་བདེན་ཡིན། །ཞེས་བཤད་པ་ཡིན་ནོ། །གལ་ཏེ་ཉོན་མོངས་པ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་བདག་ཉིད་ཡིན་ན་དེ་མེད་པ་ཡིན་པའི་ཕྱིར་བསྒོམ་པས་ཅི་ཞིག་བྱ། འོན་ཏེ་ཡང་དག་པར་རང་བཞིན་ཡོད་ན་དེ་ལྟ་ན་ཡང་བསྒོམ་པས་ཅི་ཞིག་བྱ་སྟེ། རང་བཞིན་ལ་ནི་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་གཉི་ག་ལྟར་ན་ཡང་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་བསྒོམ་པའི་ལམ་ནི་སྟོང་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་དོན་མེད་པར་རྟོག་པ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་ཞེས་བྱ་བ་ནི་བཟུང་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་དང༌། ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་ལམ་དང༌། དེ་བསྒོམ་པའི་སེམས་ནི་དངོས་པོ་མེད་པ་ཡིན་པའི་ཕྱིར་ཏེ། གཅིག་དང་དུ་མ་དང་བྲལ་བ་ལ་སོགས་པའི་ཚད་མ་ནི་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བ་པོའི་བསམ་པ་ཡིན་ནོ། །གོམས་པ་ཕུལ་དུ་ཕྱིན་པ་བྱར་མེད་པའི་ཕྱིར་ཞེས་བྱ་བ་ནི། གུས་པ་དང་བཅས་པ་དང་རྒྱུན་མི་འཆད་པ་དང་དུས་རིང་མོར་བསླབས་སུ་ཟིན་ན་ཡང་རབ་ཏུ་སྦྱོར་བར་མི་རིགས་ཏེ། མེད་པ་ལ་མེད་པར་གོམས་པ་ནི་མིའི་རྭ་ནི་རི་བོང་གི་རྭ་ཉིད་དུ་ཕུལ་དུ་བྱུང་བ་བྱར་མི་འཐད་དོ། །དེའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ་ཞེས་བྱ་བ་བསྒོམ་པའི་ལམ་ནི་ཅི་ཡང་བྱེད་མི་ནུས་ཏེ། གང་དུ་ཁྱད་པར་དུ་བྱར་མེད་པ་དང་རྣམ་པ་གང་གིས་ཀྱང་མེད་པ་ནི་བྱེད་པ་པོ་ཉིད་དུ་མི་རིགས་སོ་ཞེས་སྐྱེ་བོ་བློ་དམན་པ་དག་གི་ངོར་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་ལམ་ཀུན་རྫོབ་ཏུ་ཡོད་པ་ཡིན་ཞིང་རྒྱུ་དང་འབྲས་བུའི་དངོས་པོར་འཐད་པའི་རབ་ཀྱི་མཐའ་མི་ཤེས་པའི་སྐྱེ་བོ་རྣམས་ཀྱི་ངོར་དོགས་པ་བསུ་བ་ནི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཚིག་ལེའུར་


DTG086_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་དོན་རྣམ་པར་འགྲེལ་པ་ནི་ཆོས་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཡང་དག་པར་ན་དེ་ཉིད་དང༌། གཞན་ཉིད་དང༌། གཉི་ག་དང༌། གཉི་ག་མ་ཡིན་པ་ཉིད་ཀྱིས་བྱེ་བྲག་དང༌། བྱེ་བྲག་མེད་པ་དང༌། གཉི་ག་དང༌། གཉི་ག་མ་ཡིན་པར་བརྗོད་དུ་མེད་པ་ལ་ཐོས་པ་ལ་སོགས་པ་མི་ནུས་པ་ནི་ཅི། ཀུན་རྫོབ་ཏུ་ཡིན་ནམ་འོན་ཏེ་མ་ཡིན་ཞེ་ན། ཆོས་ཉིད་ཀྱི་རང་གི་ངོ་བོར་ཞེས་བྱ་བ་སྨོས་ཏེ། ཡང་དག་པར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །རྒྱུའི་ཁྱད་པར་དེ་དག་གིས་ན་གང་གི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པ་དེའི་ཕྱིར་བརྗོད་དུ་མེད་པ་ནི་མངོན་པར་འདོད་པའི་ལམ་གྱི་ངོ་བོ་ཡིན་ཏེ། སྔར་བཤད་པའི་བསྒོམ་པའི་ལམ་ནི་བརྗོད་དུ་མེད་པ་ཉིད་ཀྱིས་ན་གང་ཟག་ལ་སོགས་པ་དང་འདྲ་བར་དངོས་པོར་ཡོད་པ་མ་ཡིན་ནོ། །དེ་བས་ན་བསྒོམ་པ་ཞེས་བྱ་བའི་ལམ་གྱིས་ཏེ། རྒྱུས་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་སྔར་བཤད་པ་དག་ལས་གོ་རིམས་བཞིན་དུ་འབྲལ་བ་དང་སྐྱེ་བར་མི་རུང་ངོ་ཞེས་བྱ་བར་བསྒོམ་པ་ཕུལ་དུ་ཕྱིན་པ་བྱར་མེད་པའི་ཕྱིར་ཞེས་བྱ་བ་ཡང་དག་པར་ན་བསྒོམ་པའི་ལམ་མེད་པ་ཉིད་ཀྱིས་ན་བསྒོམ་པ་ཕུལ་དུ་གྱུར་པར་བྱར་མེད་པའི་ཕྱིར་དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཀུན་རྫོབ་ཏུ་བསྒོམ་པའི་ལམ་དུ་བཤད་པ་ལ་ནི། ཐོས་པ་ལ་སོགས་པར་ནུས་པ་ཉིད་ཡིན་ཞིང༌། དོན་དམ་པར་ནི་དེ་ལྟར་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྒོམ་པར་བྱ་བ་ལ་སོགས་པ་མེད་པ་ལ་ཡང་ཡང་དག་པར་ན་བསྒོམ་པ་དང༌། དེའི་དོན་གྱི་བྱ་བས་ཀྱང༌། ཉོན་མོངས་པ་བསྩལ་བ་དང༌། བྱང་ཆུབ་སྐྱེད་པའི་མཚན་ཉིད་མེད་པ་ཉིད་ཡིན་པ་བདེན་མོད་ཀྱི། དེ་ལྟ་ན་ཡང་རྣལ་འབྱོར་པའི་ཀུན་རྫོབ་ཏུ་དངོས་པོ་ལ་སོགས་པ་ཡོད་པས་བསྒོམ་པ་ཡོད་པ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་ཇི་ལྟ་བ་བཞིན་དུ་བསྒོམ་པའི་ལམ་ཕུལ་དུ་ཕྱིན་པ་ལས་ཉོན་མོངས་པ་རྣམས་གློ་བུར་པ་ཡིན་པས་ན་སྔར་བཤད་པའི་ཉེས་པ་མེད་པའི་ཕྱིར།


DTG086_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གསལ་བས་གཉེན་པོ་ཞེས་བྱ་བ་སྐྱེ་བ་ལ་ཡང་འགག་པ་མེད་དོ་ཞེས་བྱ་བར་དགོངས་སོ། །རྣམ་འགྲེལ་མཛད་པས་ཀྱང༌། དེ་བས་ཡང་དག་ཡང་དག་མིན། །ཤིན་ཏུ་བསྒོམ་ཞིང་གང་གང་ཡིན། །བསྒོམ་པའི་སྟོབས་ནི་རྫོགས་པ་ན། །དེ་གསལ་མི་རྟོག་བློའི་འབྲས་བུ། །ཞེས་གང་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་དང་བསྒོམ་པ་དག་ནི་དོན་དང་བཅས་པ་ཉིད་ཡིན་ཏེ། མདོ་སྡེའི་རྒྱན་ལས། གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་བསྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟེན་པ་དོན་མེད་འགྱུར། །ཞེས་བཤད་པས་རྟོག་པ་དང་ལྡན་པས་ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམས་ལ་འབད་པར་བྱའོ། །མ་གྲུབ་པས་ཅི་ཡང་སྒྲུབ་པར་མི་བྱེད་དོ་ཞེས་བྱ་བའི་ཚུལ་གྱིས་བསྒོམ་པ་མ་གྲུབ་ན་བྱང་ཆུབ་མི་འགྲུབ་པ་མ་ཡིན་ནམ། ཇི་ལྟར་ན་དེས་དོན་གྱི་བྱ་བ་དེ་སྒྲུབ་པར་བྱེད་ཅེས་བྱ་བའི་བསམ་པ་དང་ལྡན་པས་ཡང་སྔ་མའི་ཕྱེད་ཀྱི་བྱང་ཆུབ་མེད་པར་དོགས་པ་བསུ་བ་ནི་དེ་ལྟ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ལྟར་དཔྱད་པར་བྱ་སྟེ་རེ་ཞིག་བྱང་ཆུབ་ནི་སྔོན་དང་ཕྱི་མར་གྱུར་པའི་སེམས་ལས་བྱུང་བ་ཡིན་ལ། དེ་ལ་སྔ་ཕྱིར་གྱུར་པའི་སེམས་རེ་རེའམ། མང་པོ་ཅིག་ཅར་འདུས་པའམ། རིམ་གྱིས་འབྱུང་བའི་སེམས་བྱང་ཆུབ་ཀྱི་རྒྱུ་ཡིན་ཞེས་བརྟག་པ་རྣམ་པ་གསུམ་ཡིན་ནོ། །ཕྱོགས་དང་པོ་ནི་རེ་རེས་བྱང་ཆུབ་པ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཅིའི་ཕྱིར་ཞེ་ན་སྔ་ཕྱིར་གྱུར་པའི་སེམས་རེ་རེ་ལ་སངས་རྒྱས་ཀྱི་བྱང་ཆུབ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་སྒྲུབ་པར་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་དོན་མཐའ་དག་ཅེས་བྱ་བ་སྔར་བཤད་པ་གང་ཡིན་པ་དེ་མི་སྣང་བའི་ཕྱིར་ཏེ། སེམས་གཅིག་ལ་ཡུལ་དུ་མ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཕྱོགས་གཉིས་པ་གསལ་བ་ནི་མང་པོ་ཉིད་ཀྱིས་ཀྱང་བྱང་ཆུབ་པར་ནི་རིགས་པ་མ་ཡིན་ནོ་ཞེས་སྔ་མ་དང་སྦྱར་རོ། །ཇི་ལྟ་བུ་ཞེ་ན། འདོད་པའི་དོན་སྒྲུབ་པར་བྱེད་པར་སྣང་བའི་སེམས་ཅིག་ཅར་འབྱུང་བ་ཞེས་བྱ་བ་སྟེ། འདོད་


DTG086_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ནི་བྱང་ཆུབ་པོ། །གང་དུ་དེ་སྒྲུབ་པར་བྱེད་པར་སྣང་བ་སེམས་ཅིག་ཅར་འབྱུང་བ་མང་པོ་དེ་རྣམས་ཀྱིས་བྱང་ཆུབ་པར་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་ཞེ་ན་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་དུས་གཅིག་གི་ཚེ་རྟོག་པ་དུ་མ་མི་སྐྱེ་བས་སོ། །ཉམས་སུ་མྱོང་བ་གྲུབ་པ་ཡིན་ན་ཡང་འདི་ནི་རྟོག་པ་ཉེ་བར་བསྒྲུབས་པ་ཡིན་ནོ་ཞེས་འགའ་ཞིག་ཕྱིན་ཅི་མ་ལོག་པ་བསལ་བར་བྱ་བའི་ཕྱིར། ལུང་ནི་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པའི་རྒྱུ་རེ་རེ་བའོ་ཞེས་འབྱུང་བས་སྨོས་པ་ཡིན་ཏེ། རྣམ་པར་རྟོག་པ་མང་པོ་ཅིག་ཅར་འབྱུང་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་འདི་བཤད་པ་ཡིན་ནོ། །དེས་ན་སེམས་ཅན་རྣམས་ཀྱི་སྙིང་ནི་རྣམ་པར་རྟོག་པ་གཅིག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་ཀྱི་ཕྱིར་རྣམ་འགྲེལ་མཛད་པས་ཀྱང་རྣམ་པར་རྟོག་པ་གཉིས་པོ་དུས་གཅིག་མིན། །ཞེས་བཤད་པ་ཡིན་ནོ། །བརྟག་པ་གསུམ་ལ་གསལ་བ་ནི་རིམ་གྱིས་འབྱུང་བ་ཡང་མ་ཡིན་ཏེ་ཞེས་སྨོས་པ་ཡིན་ཏེ། སྔར་བཤད་པའི་སྔ་ཕྱིར་གྱུར་པའི་སེམས་གང་ཡིན་པ་དེ་མང་པོ་ཉིད་ཡིན་ན་ཡང་བྱང་ཆུབ་པར་ནི་རིགས་པ་མ་ཡིན་ཞེས་སྔ་མ་དང་སྦྱར་རོ། །ཇི་ལྟ་བུ་ཞེ་ན་བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རྟོགས་ཤིང་ཤེས་པའི་རང་གི་ངོ་བོ་སྒྱུ་མ་ལྟ་བུར་ཤེས་པའི་ཚུལ་གང་ཡིན་པ་དེས་སོ། །ཅིའི་ཕྱིར་བྱང་ཆུབ་པར་རིགས་པ་མ་ཡིན་ཞེ་ན། དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་བཤད་པའི་སེམས་དེ་རང་གི་ངང་གིས་བྱུང་མ་ཐག་གི་རྗེས་ཐོགས་ལ་འཇིག་ཅིང་ཉམས་པ་གང་ཡིན་པ་དེ་ནི་རྗེས་སུ་འགྲོ་བ་མེད་པ་སྟེ། རྒྱུ་མེད་པ་ཡིན་ལ་དེའི་དངོས་པོ་དེ་ཉིད་ཀྱིས་ཏེ། དེས་ན་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་གཅིག་ལ་གཅིག་འབྲེལ་པ་མེད་པའི་ཕྱིར་རོ། །རྒྱུ་དེ་བས་ན་ཁྱད་པར་ཅན་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེར་སྣང་བའི་སེམས་བསྐྱེད་པའི་སྒོ་ནས། ཇི་ལྟར་དོན་གྱི་བྱ་བ་བྱང་ཆུབ་སྒྲུབ་པའི་མཚན་ཉིད་ཅན་ཡིན་ཏེ། མི་རིགས་སོ་ཞེས་བྱ་བ་ནི་གཞན་གྱི་


DTG086_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡིན་ཏེ། དེ་ལྟར་ན་སྔ་ཕྱིར་གྱུར་པའི་སེམས་འདུས་པ་དག་གིས་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་ན་འདུས་པ་ཡང་མེད་དེ། འདི་ནི་བྱུང་མ་ཐག་ཏུ་འཇིག་པའི་ཕྱིར་རོ་སྙམ་དུ་སེམས་སོ། །དེ་ནི་ཡང་དག་པ་མ་ཡིན་པས་ཞེས་བྱ་བ་ནི་བརྟག་པ་གསུམ་པོ་གང་ཡིན་པ་དེ་དག་ནི་ལེགས་པ་མ་ཡིན་ནོ་ཞེས་གྲུབ་པའི་མཐའ་སྨྲ་བས་སྨྲས་པ་ཡིན་ནོ། །མར་མེ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་ཡང་མེ་ལྕེ་དང་སྙིང་པོ་ཅི་རེ་རེ་ནས་སྐད་ཅིག་མ་སྔ་ཕྱིས་སམ་འོན་ཏེ་ཕྲད་ནས་སྙིང་པོ་ཚིག་པ་ཡིན་ཞེས་བརྟག་པ་གཉིས་ཡིན་ནོ། །དེ་ལ་དང་པོ་བསལ་བར་བྱ་བའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལྕེ་ནི་མར་མེའི་མེ་ལྕེའོ། །སྙིང་པོ་ནི་གྲགས་པར་ཟད་དོ། །འདི་དག་ཕྲད་པའི་སྐད་ཅིག་ནི་འདུས་པའི་མཚན་ཉིད་དེ་དང་པོ་སྲེག་པར་ནུས་པ་ནི་སྐད་ཅིག་མ་གཉིས་པ་མེད་པར་ཞེས་བྱ་བ་ནི་སྲེག་པར་ནུས་པའི་སྐད་ཅིག་མ་གཉིས་པ་མེད་པར་མེ་ལྕེ་ནི་སྲེག་པར་བྱེད་པ་ཡིན་པའི་ཕྱིར་རྒྱུ་ཡིན་ལ་སྙིང་པོ་ནི་བསྲེག་པར་བྱ་བའི་ཕྱིར་འབྲས་བུ་ཡིན་པར་ཅི་རིགས་པ་འདི་ནི་མཚན་ཉིད་ཀྱི་རང་བཞིན་ཡིན་ཏེ། གང་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བ་མེ་ལྕེ་དང་སྙིང་པོ་དག་ནི་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བ་ཉིད་ཡིན་པར་ཇི་ལྟ་བ་བཞིན་དུ་མི་རུང་ངོ་ཞེས་བྱ་བ་ནི་ལྷག་མའོ། །ཅིའི་ཕྱིར་ཞེ་ན། མེ་ལྕེ་དང་སྙིང་པོ་དག་གི་རང་གི་རྒྱུས་ཞེས་བྱ་བ་ཉེ་བར་ལེན་པའི་མཚན་ཉིད་དང་ཕན་ཚུན་ལྷན་ཅིག་བྱེད་པའི་སྐད་ཅིག་མས་དེ་དག་ཕན་ཚུན་གྱི་སྒོ་ནས་རྒྱུན་གྱིས་འཇུག་པའི་དབང་གིས་དུས་མཉམ་དུ་སྟེ། དུས་མཚུངས་པར་གྱུར་པའི་ཕྲད་པའི་བསྐྱེད་པས་ཞེས་བྱ་བ་མེ་ལྕེ་དང་སྙིང་པོ་ཕྲད་པ་བསྐྱེད་པ་ཡོད་པ་གང་ཡིན་པ་དེ་ནི་ཁྱད་པར་ཅན་དུ་མ་བྱས་པའི་ཕྱིར་ཏེ། ཐུན་མོང་ཡིན་པ་ཉིད་ཀྱིས་རང་རང་གི་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུར་བྱས་པ་དུས་མཉམ་པར་གྱུར་པ་ཉིད་ཀྱིས་ན་དུས་མཚུངས་པར་འབྱུང་བའི་བ་ལང་གི་རྭ་དང་འདྲ་བས་ཇི་ལྟར་རྒྱུ་དང་འབྲས་བུའི་མཚན་ཉིད་མེ་ལྕེ་དང་སྙིང་པོ་སྲེག་པར་བྱེད་


DTG086_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བསྲེག་པར་བྱ་བའི་གནས་སྐབས་སུ་གནས་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་ནུས་པ་ཡིན་ཕྱིར་ཏེ་གང་མེ་ལྕེ་དང་སྙིང་པོ་དེ་དག་སྐྱེ་བ་སྐད་ཅིག་མ་གཉིས་པའམ་ཡང་ཞེས་བྱ་བ་སྐད་ཅིག་མ་དང་པོ་མ་ཡིན་པར་སྔ་མ་བཞིན་དུ་རྒྱུ་དང་འབྲས་བུའི་མཚན་ཉིད་མེ་ལྕེ་དང་སྙིང་པོ་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བའི་ངོ་བོར་མི་རུང་ངོ་ཞེས་བྱ་བ་ནི་ལྷག་མའོ། །རྟག་ཏུ་ཡོད་པར་ལ་སོགས་པར་ཐལ་བར་འགྱུར་བས་ཞེས་བྱ་བ་ནི་སྐད་ཅིག་མ་གཉིས་པ་སྐད་ཅིག་མ་དང་པོ་མེད་པར་འབྱུང་བར་ཁས་ལེན་པ་ན་རྒྱུ་མེད་པ་ཉིད་ཡིན་པའི་ཕྱིར་ཏེ། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ། །ཞེས་བྱ་བའི་རིགས་པས་རྟག་ཏུ་ཡོད་པའམ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་དེ་གང་གི་ཕྱིར་སྐད་ཅིག་མ་དང་པོ་མེད་པར་སྐད་ཅིག་མ་གཉིས་པ་འབྱུང་བར་ཁས་ལེན་ན་ཐམས་ཅད་འབྲས་བུ་ཡིན་པར་ཁྱད་པར་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡང་སྐྱེ་བ་མེད་པ་ཡིན་ལ་དེའི་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཡང་ན་སྐད་ཅིག་མ་དང་པོ་ལ་མ་ལྟོས་པར་སྐད་ཅིག་མ་གཉིས་པ་སྐྱེ་ན་རྟག་ཏུ་ཡོད་པས་ན་རྒྱུའི་སྐད་ཅིག་མ་མ་ཞིག་པས་སོ། །མེད་པ་ཡང་ནུས་པ་མེད་པ་ཡིན་པའི་ཕྱིར་སྙིང་པོ་ཚིག་པ་ཀུན་རྫོབ་ཏུ་ཡང་མེད་པར་འགྱུར་རོ། །དེ་བས་ན་མེ་ལྕེ་དང་སྙིང་པོ་ནི་རྒྱུ་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྐད་ཅིག་མ་དང་པོ་དང་སྐད་ཅིག་མ་གཉིས་པ་ཕྲད་པ་ཁོ་ནས་ཀུན་རྫོབ་ཏུ་སྙིང་པོ་ཚིག་པ་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་སྐད་ཅིག་མ་སྔ་མ་དང་ཕྱི་མ་རེ་རེས་ཡིན་པར་མི་རུང་བ་དེའི་ཕྱིར་རྒྱུ་འདི་དང་རྐྱེན་འདི་ལས་སྐྱེ་བས་འདིའི་རྐྱེན་ཉིད་འདི་པ་ཙམ་ཡིན་པ་དེའི་བདག་ཉིད་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་ཞེས་བྱ་བ་རྒྱུ་དང་རྐྱེན་ལ་རག་ལས་པ་ལས་སྐྱེས་པའི་རང་བཞིན་གང་ཡིན་པ་དེས་མེ་ལྕེ་དང་སྙིང་པོ་ནི་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བའི་གནས་སྐབས་སུ་གཞག་གོ་ཞེས་བྱ་བ་ནི་ལྷག་མའོ། །


DTG086_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ཞེ་ན། གང་གི་ཚེ་གཉི་ག་ཕྲད་ཅིང་འདུས་པའི་གཉིས་པ་ལ་སོགས་པ་ཕྲད་པའི་སྐད་ཅིག་མ་སྐྱེད་པར་རུང་བ་མེ་ལྕེ་དང་སྙིང་པོ་གཉིས་ཀ་ཕྲད་དུ་རུང་བའི་སྐད་ཅིག་མ་དེ་ལ་ལྟོས་ཤིང་རྒྱུར་བྱས་ནས་མ་བརྟགས་ན་གཅིག་ཏུ་ཉམས་དགའ་བ་ཞེས་བྱ་བ་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུར་འབྲེལ་པ་གང་ཡིན་པ་དེའི་སྟོབས་ཀྱིས་ཏེ། དེའི་རྒྱུས་སྐད་ཅིག་མ་དང་པོ་དེས་དྲངས་ཤིང་སྒྲོ་བཏགས་པའི་མཐུ་ཁྱད་པར་ཅན་སྲེག་ཏུ་རུང་བ་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དེ་ཉིད་ཡིན་གྱི་རིས་མི་མཐུན་པ་གཞན་དག་ཡང་མ་ཡིན་ཏེ། ཁྱད་པར་དུ་སྙིང་པོ་བསྲེག་པ་བསྐྱེད་པར་རུང་བའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་སྟེ། སྐད་ཅིག་མ་གཉིས་པ་དང་གསུམ་པ་ལ་སོགས་པ་ཡོད་ན་དེའི་ཚེ་རྒྱུ་མེད་པ་ཞིག་ཀྱང་ཞེས་བྱ་བའི་རྒྱུའི་སྐད་ཅིག་མ་རང་གི་ངང་གིས་འཇིག་ན་ཡང་རྒྱུ་དང་འབྲས་བུ་དག་ཅེས་བྱ་བ་མེ་ལྕེ་དང་སྙིང་པོའི་མཚན་ཉིད་དག་གོ་རིམས་བཞིན་དུ་གང་དུས་མཉམ་དུ་སྲང་མདའི་མཐོ་དམན་དང་འདྲ་བ་སྐྱེ་བ་དང་འཇིག་པ་སྟེ། སྐྱེ་བ་དང་འགག་པ་གང་ཡིན་པ་དེ་དག་ཉེ་བར་དམིགས་པ་ཡིན་པའི་ཕྱིར་ཏེ། མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུའི་ཆོས་ཀྱི་རྗེས་འཇུག་ཕྱིར། །དེ་མེད་པར་ཡང་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར། །ཞེས་བྱ་བའི་རིགས་པས་མངོན་སུམ་དང་མི་དམིགས་པ་རྣམ་པ་ལྔ་དག་གིས་མེ་ལྕེ་དང་སྙིང་པོ་དག་འཇུག་པ་དང་ལྡོག་པའི་བདག་ཉིད་ཅན་གྱི་རྒྱུ་དང་འབྲས་བུ་དམིགས་པའི་ཕྱིར་རོ། །ཡང་གང་གི་ཕྱོགས་ལ་ཡང་དག་པར་ན་རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་བ་དེ་ལ་ཡིད་བརྟན་དུ་རུང་བ་མེད་དེ་དེའི་ཕྱོགས་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དེ་རྗེས་སུ་སྦྱར་བར་འདོད་པར་བྱའོ་ཞེས་བྱ་བར་དགོངས་སོ། །གཞན་དུ་ན་དེའི་ཕྱོགས་ལ་སྣ་ཚོགས་རྒྱུ་མེད་པའམ་རྒྱུ་མ་ངེས་པར་འགྱུར་ཏེ་ངེས་པ་མེད་པའི་ཕྱིར་རོ། །རྣམ་འགྲེལ་མཛད་པས། ཐམས་ཅད་ནུས་པ་མེད་ཅེ་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཇི་ལྟ་དེ་ལྟར་ཟད། །ཅེས་གང་བཤད་པ་དང༌། དབུ་མའི་རྒྱན་ལས། དངོས་པོ་ཀུན་གྱི་རང་བཞིན་ནི། །རིག་པའི་ལམ་


DTG086_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྗེས་འབྲང་བར། །གཞན་དག་འདོད་པ་སེལ་བར་བྱེད། །དེའི་ཕྱིར་རྒོལ་ངན་གནས་མེད་དོ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །པས་ཞེས་བྱ་བ་ལ་སོགས་པས་དཔེས་བསྟན་པའི་བྱང་ཆུབ་དང་མར་མེའི་དཔེའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་སྔ་ཕྱིར་གྱུར་པ་གཉིས་ཀྱིས་གང་ཡུལ་གཅིག་ལ་ཞེས་བྱ་བ་མར་མེར་གཏོགས་པ་སྲེག་པ་ལའོ། །དེ་ལ་ཉེ་བར་སྦྱོར་བ་ནི་དེའི་རྒྱུ་ཉིད་དུ་ཤེས་པར་བྱེད་པ་ནི་སྟོན་པའོ། །དེ་ལྷུར་ལེན་པ་ནི་དེ་གཙོ་བོར་གྱུར་པས་མར་མེའི་དཔེའི་ཚུལ་དུ་རིག་པས་སོ། །བྱང་ཆུབ་སྒྲུབ་པར་བྱེད་པ་དངོས་པོ་ཚད་ཡོད་པ་ནི་མངོན་པར་རྟོགས་པ་བརྒྱད་ཀྱི་མཚན་ཉིད་དམ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མཚན་ཉིད་དོ། །དེར་སྣང་བའི་རྣམ་པར་ཤེས་པ་ནི་མངོན་པར་རྟོགས་པ་བརྒྱད་ལ་སོགས་པར་རྣམ་པར་རྟོག་པའི་སེམས་རྒྱུར་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །སྔ་མ་ལ་བརྟེན་ནས་ཞེས་བྱ་བ་ནི་འདི་ནི་རྐྱེན་ཙམ་ཉིད་ཀྱི་བདག་ཉིད་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀུན་རྫོབ་ཏུ་རྒྱུར་བྱས་ནས་སོ། །སྣང་བའི་དོན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཡུལ་གཟུང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་དུ་ངེས་པའི་ཡུལ་ལོ། །དེས་ན་དབེན་པ་ནི་ལྷག་པར་ཁྱད་པར་དུ་འཕགས་པ་སྟེ། ཁམས་གསུམ་པ་ཁྱད་པར་དུ་བྱས་པའི་སྣང་བ་ཉིད་ཀྱིས་ན་ལྷག་པའི་སེམས་ཀྱི་ཁྱད་པར་ཏེ། དེའི་གཉེན་པོའི་མཚན་ཉིད་དེའི་གཉེན་པོར་སྣང་བའི་རྣམ་པར་ཤེས་པ་ཕྱི་མ་ཞེས་བྱ་བ་ཕྱིས་འབྱུང་བའི་བྱང་ཆུབ་ལ་རྟོགས་པའི་སེམས་སྐྱེ་བར་གྱུར་པ་ན་བྱང་ཆུབ་ཐོབ་པར་གྱུར་པ་སྟེ། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པར་རིགས་པ་ཡིན་ཏེ། དབུ་མའི་རྒྱན་ལས། ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པ་གོམས་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང༌། །ཞེས་ཇི་སྐད་བཤད་པ་དང༌། ཡང་དེ་ཉིད་ལས། རྒྱུ་དང་འབྲས་བུའི་དངོས་པོ་ནི། །ཀུན་རྫོབ་ཏུ་ན་མ་བཟློག་པས། །ཀུན་ནས་ཉོན་མོངས་རྣམ་བྱང་སོགས། །རྣམ་པར་གཞག་པ་འཁྲུག་པ་མེད། །


DTG086_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གང་བཤད་པ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང༌། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་སྨོས་པ་ཡིན་ནོ། །དེ་ལྟར་མར་མེའི་དཔེས་ཡང་དག་པར་ན་རྒྱུ་དང་འབྲས་བུ་ཉིད་དུ་མི་རུང་བས་བྱང་ཆུབ་ཀུན་རྫོབ་ཏུ་ཉེ་བར་བསྟན་པ་ཡིན་ལ། གཞན་དག་ཏུ་ཡང་བཅོམ་ལྡན་འདས་ཀྱིས་རྟོགས་པར་དཀའ་བའི་དོན་རྣམ་པ་བརྒྱད་གསུངས་པ་དམ་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །ཞེས་བསྟན་པར་བྱ་བའི་ཕྱིར་ཇི་སྐད་སྨོས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྐྱེ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་སྐད་ཅིག་མ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསྒོམས་པས་རྟོགས་པར་བྱ་བ་ནི་ཐོབ་པར་བྱ་བའོ། །དོན་ཁྱད་པར་དུ་འཕགས་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་གང་ཡིན་པའོ། །དེ་སྐྱེད་པ་ནི་གོམས་པར་བྱེད་པའོ། །སྐད་ཅིག་མ་སྔ་མ་དང་ཕྱི་མ་དག་གིས་ཀྱང་སྔ་མ་བཞིན་དུ་མི་འཐད་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཀྱང་སྔ་མ་བཞིན་དུ་མི་འཐད་དོ་ཞེས་བྱ་བ་ནི་རྒྱུ་གཉིས་པ་ཡིན་ནོ། །དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྔར་ཉེ་བར་བསྟན་པ་དང་བསམ་གྱིས་མི་ཁྱབ་པའི་ཞེས་བྱ་བ་ལ་སོགས་པ་སྒྲུབ་པ་པོའི་ཤེས་པ་ཟབ་པ་ཉིད་ནི་འོག་ནས་བཤད་པའི་དོན་བདུན་ཅར་ལ་ཡང་སྦྱར་བར་བྱའོ། །རང་བཞིན་གྱིས་དངོས་པོ་མེད་པར་བྱུང་བ་ཉིད་ཀྱིས་ན་ཡང་དག་པར་ན་འགག་པར་མི་འཐད་པས་འགག་པ་དེ་ནི་དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་དོན་དག་ལ་གོམས་པས་མངོན་སུམ་དུ་བྱ་བ་དང་ལྡན་པ་ཉིད་ཀྱིས་དེ་བཞིན་ཉིད་མངོན་སུམ་དུ་མི་བྱེད་པ་ཡིན་ཏེ། དེ་ནི་གནས་སྐབས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྦྱིན་པར་བྱ་བ་ལ་སོགས་པ་རང་བཞིན་མེད་པས་སྦྱིན་པར་བྱ་བ་ལ་སོགས་པར་རྟོག་པའི་སྦྱིན་པ་ལ་སོགས་པ་སྒྲུབ་པ་མི་འཐད་


DTG086_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཞེས་བྱ་སྟེ་སྦྱིན་པར་བྱ་བ་ལ་སོགས་པའི་གཟུང་བའོ། །དེ་ནི་དེ་བཞིན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུང་བར་བྱ་བའི་གཟུགས་ལ་སོགས་པའི་ཆོས་རྣམས་མེད་པས་དེའི་ཤེས་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཤེས་པ་སྟེ། དེ་ནི་དེ་བཞིན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྟོང་པ་ཉིད་ཡིན་པས་ན་སེམས་བསྐྱེད་པ་ལ་སོགས་པ་དང་གཞན་དག་ཉམས་སུ་ལེན་པ་མེད་པའི་ཕྱིར་སྤྱོད་པ་ནི་སེམས་བསྐྱེད་པ་ལ་སོགས་པ་ཉམས་སུ་ལེན་པ་ཡིན་ཏེ། དེ་ནི་ཆོས་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཟུགས་ལ་སོགས་པའི་ཚུལ་རྣམ་པ་གཉིས་སུ་སྣང་བས་གཉིས་སུ་མེད་པར་ཤེས་པ་མིན་པར་མི་འཐད་པའི་ཕྱིར་གཟུང་བ་ལ་སོགས་པ་མེད་པ་ནི་གཉིས་སུ་མེད་པ་སྟེ། དེ་ནི་གཉིས་སུ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྙིང་རྗེ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱིས་ན་སངས་རྒྱས་ལ་སོགས་པ་ཉིད། འཐོབ་པ་མི་འཇིགས་པས་ཐབས་ལ་མཁས་པ་སྟེ། སེམས་མ་ཞུམ་པ་ལ་སོགས་པའོ། །དེ་ནི་ཚོགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ཕན་ཚུན་འགལ་བའི་དོན་ནི་ཡང་དག་པར་སྒྲུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའི་ལམ་རྟོགས་པར་དཀའ་བའི་ཤེས་པ་ཉིད་ཡིན་པས་ཤེས་པ་ཟབ་པ་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ནི་ཏིང་ངེ་འཛིན་ཐོབ་པ་ཁོ་ནའི་ཡུལ་ཡིན་གྱི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་བཅོམ་ལྡན་འདས་ཀྱི་དགོངས་པས་ཚུ་རོལ་མཐོང་བས་ནི་འདིར་དད་པ་ཁོ་ན་ལེགས་སོ་ཞེས་བྱ་བར་དགོངས་སོ། །གང་གིས་འདྲེན་པའི་ངེས་འབྱུང་བའི། །དད་པ་གཞོན་པ་མཆོག་ཡིན་ནོ། །དེ་བས་དད་པའི་རྗེས་འབྲང་ཉིད། །བློ་ལྡན་མི་ཡིས་བརྟེན་པར་གྱིས། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །ཆོས་རྣམས་ཞེས་


DTG086_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པའི་ལམ་གྱི་དོན་གྱི་འཁོར་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཁོར་བ་དང་རྣམ་པར་བྱང་བ་ནི་སྲིད་པ་དང་མྱ་ངན་ལས་འདས་པར་གྱུར་པའི་མི་མཐུན་པ་དང་གཉེན་པོ་ནི་གཟུང་བ་ལ་སོགས་པ་དང་ལམ་གྱི་འབྲས་བུར་བརྗོད་པ་གང་ཡིན་པ་དེ་རྣམས་ནི་སྣང་བརྙན་ཙམ་གྱི་ངོ་བོ་ཉིད་དེ་སེམས་ཙམ་ཉིད་གང་ཡིན་པས་རྨི་ལམ་དང་འདྲ་བ་ཉིད་དུ་རྟོགས་ཤིང་ཁོང་དུ་ཆུད་པ་དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པས་ན་མཉམ་པ་ཉིད་དུ་ལྷག་པར་མོས་པ་ནི་མཉམ་པ་ཉིད་ཡིན་ཏེ། སློབ་དཔོན་ནཱ་ག་རྫུ་ནའི་ཞལ་སྔ་ནས་ཀྱིས། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །རྨི་ལམ་དང་འདྲ་བ་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་ནི་ཀླན་ཀ་ཡིན་ལ། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་བྱ་བའི་བཤད་པ་ནི་ཇི་ལྟར་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ལུགས་ལ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེའི་གཞུང་ལུགས་ལའོ། །སྐད་ཅིག་མ་ཉིད་ཀྱིས་རྒྱུ་མེད་པར་འཇིག་པ་ཡིན་ལ་ཞེས་བྱ་བ་ནི་རལ་གྲིས་བསྣུན་པ་ལ་སོགས་པ་མཐོང་དུ་ཟིན་ན་ཡང་དེ་ལ་མ་ལྟོས་པར་སྲོག་ཆགས་ལ་སོགས་པ་རང་གི་ངང་གིས་འཇིག་པ་ཡིན་ལ། གྲུབ་པའི་མཐའ་ལས་ཀྱང༌། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་འབྱུང་བའི་ཕྱིར་རང་གི་ལས་ཀྱི་སྟོབས་ཀྱིས་སྲོག་གཅོད་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་ལུང་ཡིན་པས་དོན་དམ་པར་དེའི་ཐ་སྙད་ཀྱི་དབང་གིས་སྲོག་ཆགས་ལ་སོགས་པ་ནི་སྐད་ཅིག་མ་ཉིད་ཀྱིས་འཇིག་པའི་ཕྱིར་དང༌། དེ་གསོད་པ་པོ་ལ་སོགས་པ་ཡང་རང་གི་ལས་ཀྱིས་སྤྲུལ་བ་ཡིན་པའི་ཕྱིར་སྲོག་བཅད་པ་ལ་སོགས་པ་མི་སྲིད་པས་ན་སུས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མ་བླངས་པ་ཡང་མ་ཡིན་ཞེས་བྱ་བ་ཡུལ་མེད་པས་དེ་དགག་པ་ཡང་རིགས་པ་མ་ཡིན་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་སུའི་ཡང་བུད་མེད་གང་གིས་ཀྱང་བླངས་པ་མེད་


DTG086_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་བྱ་བ་ལ་སོགས་པའི་ཉེས་པའི་ཕྱོགས་ཀྱི་རྒྱུན་ལ་འཇུག་པ་ན་སྲོག་ཆགས་ལ་སོགས་པ་ལ་དགའ་བའི་དངོས་པོ་ལུས་ལ་སོགས་པ་གཡོ་བ་མེད་པའི་མཚན་ཉིད་གང་ཡིན་པ་དེ་རལ་གྲི་ལ་སོགས་པས་སྐྱེད་པ་ལ་གསོད་པ་ལ་སོགས་པར་རྟོགས་པ་ནི་བདག་གིས་བསད་དོ། །འདིའི་རྫས་སམ་བུད་མེད་བདག་གིས་བླངས་སོ་ཞེས་བྱ་བ་ལ་སོགས་པར་མངོན་པར་ཞེན་པ་དེ་རྟོགས་པའི་སྒོ་ནས་ཏེ། དེའི་དབང་གིས་སྲོག་གཅོད་པ་ལ་སོགས་པར་རྣམ་པར་འཇོག་པ་ཡིན་ནོ། །ཇི་ལྟ་བུར་ཞེ་ན་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་སོགས་པ་དང་ལྡན་པ་ལ་མི་དགེ་བ་ལ་སོགས་པ་དང་འདྲ་བར་ཞེས་བྱ་བ་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་ཉིད་དུ་དམ་བཅས་པ་དང་ལྡན་པའི་དགེ་སློང་ལ་ལ་ཞིག་ལ་ལན་འགའ་ཞིག་ཏུ་བུད་མེད་འགའ་ཞིག་མཐོང་བས་ནུ་མ་སྲ་ཞིང་མཁྲང་ལ་རྒྱས་པ་མཉེ་བ་ལ་སོགས་པའི་བསམ་པ་སྔོན་དུ་འགྲོ་བས་ཕྲད་པ་ན་འཁྱུད་པ་ལ་སོགས་པས་ཉམས་པས་རྩ་བའི་ལྟུང་བའི་མཚན་ཉིད་ཅན་གྱི་མི་དགེ་བར་འགྱུར་བ་ཡིན་ལ། སོགས་པའི་སྒྲས་ནི་དེའི་མོད་ལ་དགེ་འདུན་ལ་འཆབ་པ་མེད་པས་དེ་ལ་མཐོལ་བ་སྔོན་དུ་འགྲོ་བས་དགེ་སློང་ཉིད་འཐོབ་པའི་ཕྱིར་དགེ་བ་ཡིན་ལ་དེ་ཉིད་གཉིད་ཀྱིས་ལོག་པ་ནི་ལུང་དུ་མ་བསྟན་པ་རྣམ་པར་གཞག་པ་དང་འདྲའོ། །ཅིའི་ཕྱིར་དོན་དམ་པར་ཡོད་པར་སྨྲ་བའི་གཞུང་གི་ཕྱོགས་ལྟར་ན་ཇི་ལྟར་སྐད་ཅིག་མ་ཉིད་ཀྱིས་ན་མི་དགེ་བ་ལ་སོགས་པའི་སྐད་ཅིག་མ་འཇིག་པའི་ཕྱིར་དང༌། ལས་ལས་སྐྱེས་པ་ཉིད་ཡིན་པའི་ཕྱིར་དེ་བྱེད་པ་མི་དགེ་བ་ལ་སོགས་པ་མེད་དོ། །ཡང་ན་དགེ་བ་ལ་སོགས་པ་དང་འགལ་བ་མི་དགེ་བ་ལ་སོགས་པ་རྟོག་པ་དགེ་སློང་དེའི་གནས་སྐབས་སུ་འཇོག་པ་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་དངོས་པོ་རྨི་ལམ་དང་འདྲ་བ་ལ་ཡང་ཞེས་བྱ་བ་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་དེ་དང་མཐུན་པ་སྟེ། རང་བཞིན་གྱིས་སྟོང་པའི་དོན་གྱི་སྲོག་ཆགས་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་ལ་གང་དངོས་པོར་མངོན་པར་ཞེན་ཅིང་དངོས་པོ་ལ་མངོན་པར་ཆགས་པའོ། །སོགས་པའི་སྒྲས་ནི་བདག་གིས་རལ་གྲི་ལ་སོགས་པས་བསད་དོ་ཞེས་བྱ་བ་ལ་སོགས་


DTG086_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་མངོན་པར་ཞེན་པ་གང་ཡིན་པ་དེའི་དབང་གིས་ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པ་རྣམས་ལ་བདག་མེད་པ་ལ་ལྷག་པར་མ་མོས་པ་རྣམས་ལ་སྲོག་གཅོད་པ་ལ་སོགས་པ་རྣམ་པར་འཇོག་གོ་ཞེས་བྱ་བ་ལ་སོགས་པའི་ལན་ཡིན་ལ་དེ་དང་དེ་ཕྱོགས་གཞན་ལས་གསུངས་པ་ནི་མདོ་སྡེ་ལས་གསུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །འདིར་དངོས་པོ་ལ་སོགས་པ་ལ་མངོན་པར་ཞེན་པས་ཐམས་ཅད་དུ་སྲོག་གཅོད་པ་ལ་སོགས་པ་རྣམ་པར་འཇོག་སྟེ། སོ་སོར་རྟོགས་པ་དང་ལྡན་པ་རྣམས་ཀྱི་ཇི་སྲིད་དེ་ཡོད་པ་དེ་སྲིད་བྱང་ཆུབ་པའི་བར་དུ་མི་དགེ་བ་སྤངས་ལ་ངེས་པར་དགེ་བར་བྱའོ་ཞེས་བྱ་བར་དགོངས་སོ། །སྟོང་ཉིད་དོན་ནི་མི་ཤེས་པར། །ཐོས་པ་རྣམས་ལ་འཇུག་བྱེད་ཅིང༌། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག །ཅེས་བྱ་བ་ལ་སོགས་པ་གང་དག་བཤད་པ་ནི་ལན་ཡིན་ནོ། །སོགས་པའི་སྒྲས་བསྡུས་པའི་ལན་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཞན་ཡང་ཞེས་བྱ་བ་ནི་ལན་གཞན་བསྡུས་པ་ཡིན་ནོ། །རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །ཞེས་བྱ་བ་གང་གི་ཕྱིར་གཉིད་ཅེས་བྱ་བའི་ལེ་ལོའི་ཁྱད་པར་གྱིས་སྒྲིབ་པར་བཤད་པས་ཉམས་ཤིང་མི་གསལ་བར་གྱུར་པའི་སེམས་ནི་རྒྱུ་དེས་རྨི་ལམ་སྟེ་གཉིད་ཀྱིས་ལོག་པའི་གནས་སྐབས་སུ་སྲོག་གཅོད་པ་ལ་སོགས་པའི་ཤེས་པ་དང་འབྲས་བུ་འདྲ་བ་མ་ཡིན་ཏེ། གཉིད་མ་ལོག་པའི་གནས་སྐབས་དང་མཚུངས་པ་མི་དགེ་བ་ལ་སོགས་པའི་འབྲས་བུ་རྣམ་པར་གཞག་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །གལ་ཏེ་རྨི་ལམ་ན་ཡང་སེམས་གསལ་བར་གྱུར་ན་དེའི་ཚེ་གཉིད་མ་ལོག་པའི་གནས་སྐབས་དང་འདྲ་བར་སྲོག་གཅོད་པ་ལ་སོགས་པ་ཁུ་བ་བྱུང་བ་དང་འདྲ་བར་དེ་ཡང་རྣམ་པར་གཞག་པ་ཉིད་ཡིན་ཏེ། དངོས་པོ་ལ་སོགས་པ་ལ་མངོན་པར་ཞེན་པར་མཉམ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་དཔེ་མ་གྲུབ་པོ་ཞེས་བྱ་བ་རྨི་ལམ་གྱི་དཔེ་ནི་གཉིད་མ་ལོག་པའི་གནས་སྐབས་སུ་མི་དགེ་བ་ལ་སོགས་པ་མེད་པར་སྒྲུབ་པ་མ་ཡིན་ནོ། །ལན་གྱི་རྣམ་པ་གཞན་ནི་དེ་བཞིན་དུ་ཞེས་བྱ་བ་ལ་


DTG086_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྨོས་པ་ཡིན་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་གཉིད་མ་ལོག་པའི་གནས་སྐབས་དེ་དང་འདྲ་བར་རྨི་ལམ་ན་དགེ་བ་དང་མི་དགེ་བའི་སྤྱད་པ་ནི་ཞེས་བྱ་བ་རྨི་ལམ་དུ་དགེ་བ་ལ་སོགས་པ་བྱས་པ་སད་པའི་གནས་སྐབས་ན་ལྡང་བའི་གནས་སྐབས་སོ། །ཐོལ་ལེ་བྱས་སོ་ལེགས་པ་བྱས་སོ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བས་དགེ་བ་ལ་སོགས་པ་ལ་དགའ་བ་ཡིན་པའི་ཕྱིར་རོ། །རྗེས་ཀྱི་གནས་སྐབས་ཀྱི་སེམས་ནི་དེའི་ཕྱི་མར་གྱུར་པའི་སེམས་ཀྱིས་མངོན་པར་ཞེན་པའི་གསོས་ནི་འཕེལ་བ་གང་ཡིན་པ་སྟེ། །དེ་ཡོངས་སུ་གསོས་པ་ནི་དགེ་བ་ལ་སོགས་པ་འཕེལ་བར་རྣམ་པར་གཞག་གོ་ཞེས་བྱ་བ་ནི་ལྷག་མའོ། །དེའི་ཕྱིར་ཡང་དཔེ་མ་གྲུབ་པས་ཞེས་བྱ་བ་ནི་རྨི་ལམ་གྱི་དཔེ་གཉིད་མ་ལོག་པའི་གནས་སྐབས་སུ་མི་དགེ་བ་ལ་སོགས་པ་མེད་པ་གྲུབ་པ་མ་ཡིན་ནོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་འགྲེལ་པ་ནི་གོ་སླའོ། །དེའི་ཡུལ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ནི་བར་ཆད་ཀྱི་ཆོས་ལས་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་པ་ཡིན་ཏེ། བར་ཆད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་བཟུང་བའི་ཆོས་རྣམས་ཡོད་པར་ལྟ་བ་ལས་ནི་བདུད་ལ་སོགས་པ་འབྱུང་ལ་དེ་མེད་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པས་བདག་མེད་པར་བསྒོམ་པ་གོམས་པར་བྱས་པ་ནི་ཐམས་ཅད་མཉམ་པ་ཉིད་ཡིན་པས་གང་དུ་ཡང་མངོན་པར་ཞེན་པ་མེད་པ་མ་ཡིན་པའི་ཕྱིར་རོ། །སྨོན་ལམ་ལས་གྲུབ་པས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་ལ་གོ་ཆ་བགོས་པ་ཡིན་པའི་ཕྱིར་རོ། །དཀའ་བ་སྤྱད་པ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ནི་གཏོང་བ་དང་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་ལ་གོམས་པ་ཡིན་པའི་ཕྱིར་རོ། །ཆོས་དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི་བདག་མེད་པས་ཐམས་ཅད་དུ་བསམ་པ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པའི་ཞེས་བྱ་བ་ལ་སོགས་པར་ནི་སྟོང་པ་ཉིད་དང་མཚན་མ་མེད་


DTG086_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྨོན་པ་མེད་པའི་ཐབས་ལ་གོམས་པ་ཡིན་པའི་ཕྱིར་རོ། །འདྲི་བ་སྔོན་དུ་བཏང་བ་ཞེས་བྱ་བ་ལ་སོགས་པ་ནི་དྲིས་པའི་རྗེས་ཐོགས་ལ་ཆོས་སྟོན་པའི་ཕྱིར་རོ། །ཡུལ་ཐམས་ཅད་ཤེས་པ་ཉིད་དང་བྱམས་པ་ལ་སོགས་པ་ཚད་མེད་པ་ལ་མཁས་པའི་ཕྱིར་ཏེ། སྒྲ་རྣམས་ལས་ནི་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེའི་ཡུལ་ཞེས་བྱ་བ་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་མི་རྟོག་པའི་བདག་ཉིད་ཅན་ནི་རྣམ་པ་བཅུ་སྟེ་རྣམ་གྲངས་བཅུ་ཡིན་པ། དེའི་ཡུལ་ནི་སྤྱོད་ཡུལ་མངོན་སུམ་དུ་བྱ་བ་ནི་གང་བདག་ཉིད་ཀྱི་མངོན་སུམ་དུ་བྱ་བ་སྟེ། དེའི་དུས་དང་དུས་མ་ཡིན་པ་ཤེས་པ་ནི་རིགས་པ་དང་མི་རིགས་པའི་དུས་ཤེས་པའི་སྦྱོར་བ་ནི་བསམ་པའི་ཁྱད་པར་རོ། །ཐབས་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ལམ་རྣམ་པ་བཅུ་ལ་བྱང་བའོ། །འདིའི་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་གནས་པའི་དོན་གྱིས་ཤེས་པར་བྱའོ། །ཡང་ཐམས་ཅད་མཁྱེན་པ་གསུམ་དང༌། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་ཁྱད་པར་ཅི་ཞིག་ཡིན་ཞེ་ན། ཁ་ཅིག་ན་རེ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཇི་སྐད་དུ་བཤད་པའི་རྣམ་པས་རྣམ་པའི་ཡུལ་སོ་སོར་ངེས་པ་ཡིན་ལ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་འདི་རྣམ་པ་མ་ལུས་པའི་ཡུལ་ཡིན་ནོ་ཞེས་འདོད་དོ་གཞན་དག་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མཚན་ཉིད་ཅན་དུ་རྣམ་པར་བཞག་ལ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བ་ཅན་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་རྣམ་པར་གཞག་པས་རབ་ཏུ་ཕྱེ་བ་ཡིན་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་རང་བཞིན་གྱིས་ཞི་བའི་རྣམ་པ་ཉིད་ཡིན་པའི་ཕྱིར་དེ་ལྟ་བུ་མ་ཡིན་ནོ་ཞེས་འཆད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་རྟོགས་པར་དཀའ་བའི་སྣང་བ་མདོར་བཤད་པ་ཆོས་ཀྱི་གྲགས་པས་བྱས་པ་ལས་སྐབས་བཞི་པའི་འགྲེལ་པའི་བཤད་པའོ།། །།


previousསྐབས་བཞི་པའི་འགྲེལ་པ།next