Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་དྲུག་པ།


   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
སྐབས་བརྒྱད་པའི་འགྲེལ་པ།
   
   
  collapse section
   
  collapse section
   
   
   
   
   
   
   
   


 
previousསྐབས་བརྒྱད་པའི་འགྲེལ་པ།next

སྐབས་བརྒྱད་པའི་འགྲེལ་པ།


DTG086_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་རྟོགས་པ་བརྗོད་ནས། ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ནི་སྐད་ཅིག་མ་གཅིག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཆོས་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །དེའི་བདག་ཉིད་ཅན་གྱི་སྐུ་གང་ཡིན་པ་ནི་ཡེ་ཤེས་ཀྱི་ཕྲ་རབ་བསགས་པའོ། །དེ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཡེ་ཤེས་སོ། །དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས་ཞེས་བྱ་བ་ཡང་དག་པར་ན་གཅིག་ཡིན་དུ་ཟིན་ཀྱང་


DTG086_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་བྱེ་བྲག་གི་རྒྱུ་ཡོད་པས་རྣམ་པ་བཞི་ཡིན་ནོ། །ཐུབ་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི། ཐུབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤང་བ་ལ་སོགས་པ་ལའོ། །ཡེ་ཤེས་ཀྱི་བདག་ཉིད་འཇིག་རྟེན་ལས་འདས་པ་ནི་ཕྱིའི་འཇིག་རྟེན་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཟག་པ་མེད་པ་ནི་ཉོན་མོངས་པ་མེད་པའོ། །ཇི་ལྟ་བུ་ཞེ་ན། དྲི་མ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲི་མ་རྣམས་གློ་བུར་བ་ཡིན་པ་ཉིད་ཀྱིས་ཞེས་བྱ་བ་ཉོན་མོངས་པ་རྣམས་བཅོས་མ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་ནི་ཕྱི་དང་ནང་དྲི་མ་མེད་པའོ། །རང་བཞིན་གྱིས་དབེན་པའི་མཚན་ཉིད་དུ་གྱུར་པ་ནི་ངོ་བོ་ཉིད་ཀྱིས་གཟུང་བ་ལ་སོགས་པ་མེད་པའི་བདག་ཉིད་ཅན་ཐོབ་པ་སྟེ། སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་གི་རང་བཞིན་ངོ་བོ་ཉིད་གང་ཞིག་ཡིན་ཞེ་ན། སྐྱེ་བ་མེད་པའི་ངོ་བོ་ཉིད་དེ། སྒྱུ་མ་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་འདི་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཡིན་ནོ་ཞེས་བྱ་བ་གོང་མ་དང་སྦྱར་རོ། །ངོ་བོ་ཉིད་དུ་གྱུར་པའི་རྒྱུ་ནི་བཅོས་མ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱི་ཞེས་བྱ་བ་རྫོགས་པའི་སངས་རྒྱས་ལ་སོགས་པའི་སྤྱོད་ཡུལ་མངོན་པར་རྟོགས་པ་བརྒྱད་ཀྱི་ཐབས་ཀྱིས་ཐོབ་པ་སྟེ། འདིར་ཐོས་པ་མེད་པས་ཀུན་རྫོབ་ཀྱི་ཡུལ་དུ་བྱས་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །བྱས་པ་ནི་མ་ཡིན་པས་ཞེས་བྱ་བ་ནི་ནང་གི་མུ་སྟེགས་པ་རྣམས་ཀྱིས་མྱ་ངན་ལས་འདས་པ་དང་འདྲ་བར་ལམ་གྱིས་བསྐྱེད་ནས་ཐོབ་པར་བྱ་བ་ཐོབ་པ་མ་ཡིན་པའོ། །རྒྱུ་དེས་ན་བཅོས་མ་མ་ཡིན་པའི་དོན་གྱིས་ན་སྐྱེ་བ་མེད་པ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །དེ་ལྟ་ཡིན་ན་ཁྱེད་ཅག་གི་ཕྱོགས་ལ་


DTG086_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྐུ་དང་ལམ་དག་ཡུལ་དང་ཡུལ་ཅན་ཉིད་དུ་ཡོད་པ་དེ་གཉི་ག་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མེད་པ་ནི་མ་ཡིན་ནོ། །དེ་བས་ན་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ཇི་ལྟར་འགྲུབ་ཅེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་དམིགས་པར་བྱ་བ་ལ་སོགས་པ་རང་བཞིན་གྱིས་སྟོང་པའི་སེམས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྟོགས་ཤིང་མཐོང་བ་གང་ཡིན་པ་དེས་ཐོབ་པ་ནི་ཤེས་པ་ཡིན་ནོ། །ཕྱི་རོལ་ལྟ་བ་རྣམས་ཀྱིས་ནི་གཉི་ག་ཡོད་པས་ཡུལ་དང་ཡུལ་ཅན་ཉིད་དང༌། རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་དུ་འཐད་པ་ཡིན་གྱི། འདིར་ནི་སྒྱུ་མའི་སྐྱེས་བུ་ལྟར་སྤྱད་པར་བྱའོ། །ཞེས་སྨོས་པས་ཡང་དག་པར་ན་ཡུལ་དང་ཡུལ་ཅན་མེད་པའི་ཕྱིར་ལམ་གྱི་ཡུལ་ཉིད་མ་ཡིན་ནོ། །དེ་བས་ན་ཀུན་རྫོབ་ཏུ་དེའི་ཡུལ་ཡིན་ན་ཡང་ངོ་བོ་ཉིད་ཀྱི་སྐུ་འབྲས་བུ་ཉིད་མ་ཡིན་པས་བཅོས་མ་མ་ཡིན་པར་ཇི་ལྟར་འགྱུར་ཞེས་བྱ་བར་དགོངས་སོ། །ཅི་སྐུ་གསུམ་པོ་ངོ་བོ་ཉིད་ཀྱི་སྐུ་ལས་གཞན་ཡིན་ནམ་ཞེ་ན། སྐུ་ལྷག་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་ལྷག་མ་ནི་ངོ་བོ་ཉིད་ཀྱི་སྐུ་ལས་གཞན་པའོ། །སྐུ་གསུམ་པོ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ཞེས་བྱའོ། །ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ནི་ཏིང་ངེ་འཛིན་གྱི་ཤེས་པའི་ཡུལ་ལོ། །དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ནི་ཡང་དག་པར་ན་ཡུལ་དང་ཡུལ་ཅན་ཉིད་མེད་པས་གཟུང་བ་ལ་སོགས་པ་མེད་པའི་ཕྱིར་གཉིས་སུ་མེད་པའི་བདག་ཉིད་ཅན་ནོ། །ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་ཉམས་སུ་ལེན་པའི་མངོན་པར་ཞེན་པ་ལས་མ་འདས་པར་འབྱུང་བ་དེ་ནི་ངོ་བོ་ཉིད་ཀྱི་སྐུའི་ཡུལ་དུ་རྣམ་པར་གཞག་པའམ། དེའི་འབྲས་བུའི་ཐ་སྙད་ཡིན་གྱི་ཡང་དག་པར་ནི་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཡེ་ཤེས་གཅིག་གི་བདག་ཉིད་ངོ་བོ་ཉིད་ཀྱི་སྐུ་ལ་འབྲས་བུ་འམ། དེའི་ངོ་བོ་ཉིད་རྣམ་པ་གསུམ་ཡིན་པ་འདི་ག་ལས་ཤེས་ཞེས་བརྟགས་པ་ལ། ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ནི་ཞེས་བྱ་བའོ། །འདི་ཉིད་ཀྱི་དོན་ལ་རབ་ཏུ་གསལ་བར་བྱ་བ་ནི། །སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་


DTG086_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ལ་སོགས་པའི་སྤྱོད་ཡུལ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་རྣམ་པ་གསུམ་བསྟན་པའི་དོན་དུ་དེ་དང་ཐ་མི་དད་ཀྱང་ཞེས་བྱ་བ་ངོ་བོ་ཉིད་ཀྱི་སྐུ་དང་བྱེ་བྲག་མེད་ན་ཡང་ཐ་དད་པར་རྣམ་པར་གཞག་གོ་ཞེས་སྐུ་གསུམ་དུ་དབྱེ་བས་བརྗོད་པ་ནི་སྐུ་གསུམ་གྱི་བྱེ་བྲག་ཡིན་ནོ། །ཅི་དེ་ལས་ཐ་དད་པའམ་ཐ་མི་དད་པ་ཡིན། ཐ་མི་དད་ན་བྱེ་བྲག་ཡོད་པ་མ་ཡིན་ནོ་ཞེ་ན། བྱེ་བྲག་མེད་པ་ནི་ལུགས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལུགས་ལས་ཞེས་བྱ་བ་ནི་རིགས་པར་སྨྲ་བ་རྣམས་ཀྱིས་ཤེས་པ་ཡིན་པས་ན་རིགས་པ་སྟེ། རིགས་པའི་བསྟན་བཅོས་ལས་སོ། །གང་གི་ཕྱིར་ཞེས་བྱ་བ་ནི་གང་གིས་ནའོ། །དབེན་པ་ཅན་ལས་ནི་དབེན་པ་ཐ་དད་པ་ཉིད་དུ་མི་འདོད་ཅེས་བྱ་བ་ཐ་དད་པ་ཅན་ལས་ཐ་དད་པར་མི་འདོད་པ་ནི་དབྱེར་མེད་པ་ཉིད་དོ། །གང་ཞིག་ཅེ་ན་དབེན་པ་སྟེ་ལྡོག་པའོ། །ལྡོག་པ་ནི་དངོས་པོ་མེད་པ་ཉིད་ཡིན་ལ་ཀུན་རྫོབ་ཏུ་ནི་དངོས་པོ་དང་བྱེ་བྲག་ཡོད་པས་བྱེ་བྲག་ཅན་ཞེས་བྱ་བ་དེ་ཉིད་ནི་སངས་རྒྱས་པ་རྣམས་འདོད་ཀྱི་གཞན་དག་ནི་མ་ཡིན་པས་འདིར་ཡང་དེ་ཉིད་ཀྱིས་སྐུ་གསུམ་པོ་བུམ་པ་དང་སྣམ་བུ་དག་བཞིན་དུ་ཐ་དད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ཕྱོགས་མཐུན་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་སྐུའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །ནང་གཟུགས་དང་ཞེས་བྱ་བ་ལ་སོགས་པ་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ནི་ཆུང་ངུ་དང་རྒྱ་ཆེན་པོ་དག་གིས་ལྟ་བ་རྣམ་པ་གཉིས་དང༌། ཟིལ་གྱིས་མནན་པའི་ཤེས་པ་རྣམ་པ་གཉིས་ཏེ་བཞི་དང༌། དེ་བཞིན་བཞི་པ་གཉིས་པ་སྟེ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་སྨོན་གནས་མཁྱེན་པ་ནི་མཚན་མ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡང་དག་པར་ཞེས་བྱ་བ་ཕྱིར་མི་ལྡོག་པར་རོ། །མཚན་མ་ཐམས་ཅད་དང་ཞེས་བྱ་བ་རྒྱུ་དང་བྲལ་ཞིང་སྤངས་པ་དང༌། ཆགས་པ་བཅོམ་པ་སྟེ། མངོན་པར་ཆགས་པ་དང༌། ཉོན་མོངས་པའི་བག་ཆགས་དང་བཅས་པ་ལ་སོགས་པ་དང་བྲལ་བ་གང་ཡིན་པ་དེ་དང༌། ཐེ་


DTG086_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་སེལ་བར་མཛད་པ་སྟེ། འདྲི་བའི་ལན་ལྡོན་པར་བྱེད་པའི་འོག་ནས་བཤད་པའི་སྨོན་ལམ་གང་ཡིན་པ་དེ་གྲུབ་ཅིང་རྫོགས་པས་འཁོར་བ་ཇི་སྲིད་པར་ཞེས་བྱ་བ་སེམས་ཅན་གྱི་སྲིད་པ་ཅི་སྙེད་པ་དང༌། རྣམ་པར་གྲོལ་བ་ཅི་སྲིད་པའི་གནས་སྐབས་སུ་ཞེས་བྱ་བ་འཚང་རྒྱ་བ་ཉིད་ཀྱི་བར་དུ་འཇུག་ཅིང་རྒྱུན་མི་འཆད་པར་རབ་ཏུ་འཇུག་པས་ན་སྨན་གནས་མཁྱེན་པ་སྟེ། དེ་བཞིན་གཤེགས་པ་གཞན་གྱི་དོན་ལ་ངེས་པའི་ཡེ་ཤེས་སོ། །དེ་བཞིན་གཤེགས་པའི་སྟེ། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་ལྡན་པའི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པ་གང་དུ་བྱུང་བ་དེ་ནི་འདིའི་བསྲུང་བ་མེད་པ་རྣམ་པ་གསུམ་ཡིན་ནོ་ཞེས་འོག་མ་དང་སྦྱར་རོ། །སྐུ་ལ་སོགས་པ་གསུམ་རྣམ་པར་དག་པས་ལོག་པར་ཀུན་ཏུ་སྤྱོད་པ་ཉིད་ག་ལ་ཡོད་དེ། གང་ལུས་ལ་སོགས་པ་མ་དག་པར་གྱུར་ན་རྒོལ་བ་པོ་གཞན་གྱིས་ཡོངས་སུ་ཤེས་པ་སྟེ། གཞན་གྱིས་ཡོངས་སུ་ཤེས་ཤིང་ཀུན་ནས་མཁས་པ་དེ་ལས་བསྙེངས་ཤིང་འཇིག་པ་ནི་ཡོངས་སུ་ཤེས་པའི་སྐྲག་པས་བཅབ་པར་བྱའོ་སྙོམ་པའི་ཞེས་བྱ་བ་སོ་སོའི་སྐྱེ་བོ་དང་འདྲ་བར་བདག་ཉིད་ཀྱིས་མི་ཤེས་པ་སྦེད་ཅིང་འཆབ་པ་ཞེས་བྱ་བ་ངེས་པར་འབྱེད་པ་ཡིན་པ་ལས་མི་མངའོ་ཞེས་བྱ་བ་བརྙེས་པ་འདི་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཆོས་ཀྱི་སྐུའི་གནས་སྐབས་སུ་སློབ་དཔོན་རྣམས་ཀྱིས་ལོག་པར་རྟོགས་པ་མང་དུ་ཡོད་དོ་ཞེས་བསྟན་པ་ནི། ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཐམས་ཅད་ཀྱང་གནས་ཡོངས་སུ་གྱུར་པས་ཞེས་བྱ་བ་ཐག་པ་དང་བཅས་པའི་ཕུང་པོའི་རྟེན་དུ་གྱུར་པས་ཞེས་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་སུ་གྲུབ་པའོ། །དེའི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཆོས་ཀྱི་སྐུར་མངོན་པར་བརྗོད་དོ་ཞེས་ཁ་ཅིག་ཟེར་ཞིང་ཁས་ལེན་པ་ནི་གཅིག་ཡིན་ནོ། །གཞན་དག་ནི་གཞན་དུ་འདོད་དེ། །དེ་ནི་ཐུབ་པའི་ཞེས་བྱ་བ་སྨོས་ཏེ། དེའི་ཕྱོགས་ལྟར་ན། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང༌། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་བྱ་བ་


DTG086_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ཚིག་ལེའུར་བྱས་པ་དོན་གཅིག་སྟེ། ངོ་བོ་ཉིད་ཀྱི་སྐུ་ཁོ་ན་ཆོས་ཀྱི་སྐུ་ཉིད་དུ་འཆད་དོ་སྙམ་མོ། །འདིར་ཁ་ཅིག་ཉེས་པ་ཡོད་པར་སྨྲ་སྟེ་དེ་ནི་གཞན་དག་ན་རེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་དག་གི་ལྟར་ན་ངོ་བོ་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུ་དབྱེ་བ་ཉིད་ཡིན་ན། རྣལ་འབྱོར་བའི་ཀུན་རྫོབ་ཏུ་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཐ་སྙད་ཀྱི་དབང་གིས་དོན་ཁྱད་པར་ཅན་སྣང་བ་སྐྱེད་པ་ཞེས་བྱ་བ་གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ངེས་པར་ལེགས་པ་དང༌། མངོན་པར་མཐོ་བའི་ཤེས་པ་འཐོབ་པ་དེའི་སྒོ་ནས་ཏེ། དེའི་དབང་གིས་གནས་ཡོངས་སུ་གྱུར་པ་ཞེས་བྱ་བ་ཟག་པ་དང་བཅས་པའི་ཕུང་པོའི་གནས་ལྡོག་ཅིང་ཡོངས་སུ་གྱུར་པ་ཟག་པ་མེད་པ་ཉིད་ཀྱིས་གཞན་གྱི་དོན་ནུས་པ་ཉིད་དུ་ཡང་འཁྲུངས་ཏེ། ཆོས་སྟོན་པ་ལ་སོགས་པའི་དོན་གྱི་བྱ་བ་མཛད་པ་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་གདོན་མི་ཟ་བར་ཁས་བླང་དགོས་པ་རྣམས་གཞན་གྱི་དོན་འདོད་པ་རྣམས་ཀྱིས་ངེས་པར་འདོད་པར་བྱའོ། །གཞན་དུ་ན་རྟེན་མེད་པ་ཉིད་ཀྱིས་ན་གཞན་གྱི་དོན་མེད་པར་ཐལ་བར་འགྱུར་རོ། །དེས་ན་ཇི་ལྟར་བསྡུ་བར་བྱ་སྟེ། །མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་གཞན་དག་གི་ཡིན་ཏེ། ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་དག་ཡེ་ཤེས་ཀྱི་བདག་ཉིད་ཅན་ཉིད་དང། སངས་རྒྱས་ཀྱི་སྤྱོད་ཡུལ་ཉིད་ཡིན་པར་མཚུངས་ན་ཡང་འགྲོ་བའི་དོན་མཛད་པའི་སེམས་དང་སེམས་ལས་བྱུང་བའི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་ནི་དེ་ལས་ཐ་དད་པ་ཡིན་པས་དེ་གཉིས་བྱེ་བྲག་མེད་ན་འགྲོ་བའི་དོན་མཛད་པའི་སེམས་དང་སེམས་ལས་བྱུང་བ་ཐ་མི་དད་དོ་ཞེས་བྱ་བ་ནི་ཉེས་པ་རྗོད་པར་བྱེད་པའི་བསམ་པ་ཡིན་ནོ། །ཡང་གཞན་དག་ནི་གཞན་དུ་འདོད་དེ། དེ་ནི་ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐུ་བཞི་བཤད་པ་ལས་སྔར་མདོར་བསྡུས་པ་བསྟན་པ་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ལས་ངོ་བོ་ཉིད་ཀྱི་སྒྲའི་རྗེས་ཐོགས་ལ་ཆོས་ཀྱི་སྐུའི་སྒྲ་མི་འབྱུང་ཞིང་མི་སྨོས་པས་སྐུ་གསུམ་པོ་ཁོ་ནའོ་ཞེས་བྱ་བའི་ངོ་བོ་ཉིད་དང༌། ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་སྐུ་སྟེ་གསུམ་ཡིན་གྱི་ཆོས་ཀྱི་སྐུ་ནི་མ་ཡིན་ནོ་ཞེས་ཟེར་ཏེ་སངས་རྒྱས་ཀྱི་ཡུལ་ཡིན་པ་ཉིད་ཀྱིས་ན་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་དེ་དག་ནི་གཅིག་ཏུ་སྨོས་


DTG086_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིགས་ཀྱི་ངོ་བོ་ཉིད་ལ་སོགས་པའི་སྐུ་ལས་ཆོས་ཀྱི་སྐུ་ལོགས་ཤིག་ཏུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གཞན་དག་ནི་འདིར་སྐུ་གསུམ་པོ་ཡང་ཇི་ལྟར་ཡོད། མཛད་པའི་དབང་གིས་ཡིན་ནོ་ཞེ་ན། བཞི་པ་ཡང་བྱང་ཆུབ་ཕྱོགས་མཐུན་ཞེས་བྱ་བ་ལ་སོགས་པ་དེ་ལྟར་རྣམ་པར་གཞག་པ་ལ་གེགས་བྱེད་པ་སུ་ཞིག་ཡོད་རིགས་སུ་ཟིན་ན་ཡང་བསྡུས་པའི་དོན་ལས་གྲང་བཞི་སྨོས་པ་དོན་མེད་པར་ཐལ་བར་འགྱུར་བ་དང༌། སྐུ་བཞི་པ་དགག་པའི་ལུང་ཡང་མེད་དེ། བསྒྲུབ་པ་ཉིད་སྣང་བའི་ཕྱིར་རོ། །གང་ཡང་ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་ཞེས་གང་སྨྲ་བ་དེ་ཡང་རིགས་པ་མ་ཡིན་ཏེ། གང་ཞིག་གང་དང་འབྲེལ་པ་ནི། །རིང་ན་འདུག་ཀྱང་དེ་དང་དེར། །ཞེས་བྱ་བའི་ཚུལ་གྱིས་རིང་པོ་ན་འདུག་པ་ཉིད་ཡིན་ན་ཡང་ངོ་བོ་ཉིད་དང་ཆོས་ཀྱི་སྐུ་ཞེས་འབྲེལ་པར་བྱ་བར་ནུས་པའི་ཕྱིར་རོ། །གཞན་དག་ནི་རྒྱུ་གསུམ་གྱི་སྐུ་རྣམ་པ་བཞི་ཡིན་པར་འདོད་དེ། དེ་ནི་གཞན་དག་ན་རེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་ཞེས་བྱ་བ་ནི་སྔར་བཤད་པའི་སྐུ་བཞི་པོ་དགོས་པ་གཞན་དུ་མི་འཐད་པས་སོ། །ཚིག་ལེའུར་བྱས་པ་སྦྱར་བའི་ངོར་ཞེས་བྱ་བ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །ཞེས་བྱ་བ་ལ་སོགས་པའི་གོ་རིམས་ཀྱིས་ཚིག་ལེའུར་བྱས་པའི་ངོར་ཡེ་ཤེས་ཉིད་ཀྱིས་མཛད་པ་ཡིན་པའི་འབྲེལ་པའི་དོན་གྱིས་ངོ་བོ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུའི་མཛད་པས་སྐུ་གསུམ་དང་འབྲེལ་པར་བྱ་བའི་དོན་དུ་དང་ཞེས་དང་གི་དོན་བལྟ་བར་བྱའོ། །དེ་སྐད་དུ་གསུངས་པ་ཡིན་ཏེ་ཞེས་བྱ་བ་ནི་གང་འབྲེལ་པ་དང༌། གང་དང་འབྲེལ་བ་དེ་ཐམས་ཅད་གཅིག་ཏུ་བྱས་ནས་སྐུ་བཞིར་བཤད་དོ། །དེའི་ཕྱིར་ཏེ་རྒྱུ་དེས་ན་སྔོན་དང་ཕྱི་མ་འགལ་བའི་ཉེས་པ་ཡོད་པ་མ་ཡིན་ཞིང་ཕྱོགས་གཞན་ནས་སྨོས་པའི་ལུང་དང་ལུང་མ་ཡིན་པ་དག་ལས་སྐུ་བཞིར་གསུངས་པ་ཐམས་ཅད་མི་འགལ་བ་ཡིན་ནོ་ཞེས་གཞན་དག་ཁས་ལེན་པ་ཡིན་ཏེ། བཤད་མ་ཐག་པའི་བཤད་པའི་རིགས་འདི་ཉིད་ཀྱི་ཕྱོགས་ལེགས་པ་ཡིན་ནོ་ཞེས་བྱ་བ་ནི་སྨྲ་བ་པོའི་བསམ་པ་ཡིན་ནོ། །ཉན་ཐོས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་ལ། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་དང༌། སངས་རྒྱས་སྨོན་གནས་མཁྱེན་པ་ནི། །ཞེས་བྱ་བ་ལ་སོགས་


DTG086_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨོན་གནས་མཁྱེན་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །དེ་བཞིན་དུ་ཡང་ལྷུན་གྱིས་གྲུབ་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་མཛད་པ་མི་མངའ་ན་ཡང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་བཅོམ་ལྡན་འདས་ཀྱི་ཐད་ནས་དོན་གྱི་བྱ་བ་ཐམས་ཅད་སྣང་དུ་རུང་བ་ཉིད་ཡིན་པས་ན་ཅིའི་ཕྱིར་གང་གི་ཚེ་གང་དུ་འཇུག་པར་འགྱུར་ཞེས་རྟོགས་པ་ལ་རྟག་ཏུ་ཐམས་ཅད་ལ་ཁྱབ་པ་དང་རྣམ་པར་མི་རྟོག་པའི་ཐུགས་རྗེ་གང་ཡིན་པ་དེ་ནི་ཐུགས་རྗེ་ཆེན་པོའོ། །དེའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་སྐུ་གང་ཡིན་པ་སྟེ། དེ་ལ་བཞུགས་པ་ནི་དེ་ལ་བཅོམ་ལྡན་འདས་བཞུགས་པར་གྱུར་པ་ན་ཇི་ལྟར་ཏེ་རྣམ་པ་གང་གིས། རྟག་ཏུ་ཇི་ལྟར་དོན་མི་མཛད། །དེ་བཞིན་དུ། །རྒྱུ་ནི་མ་ཚང་མེད་པ་ན། །དེ་ལ་འབྲས་བུ་གང་གིས་དགག །ཅེས་བྱ་བ་ནི་ཚུལ་གྱིས་དོན་གྱི་བྱ་བ་མཛད་པའི་བཅོམ་ལྡན་འདས་དང་དོན་དུ་གཉེར་བ་དག་ཡོད་པས་རྟག་ཏུ་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་མཛད་པར་རུང་བ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ལ་ལན་གདབ་པའི་ཕྱིར། བཅོམ་ལྡན་འདས་ཐམས་ཅད་དུ་ཁྱབ་པ་ཡིན་ན་ཡང་ཕྱོགས་གཅིག་པའི་སྐྱེ་བོ་ལྟར་དོན་གྱི་བྱ་བ་མཛད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྒྱུ་ཡོངས་སུ་སྨིན་པ་ནི་སངས་རྒྱས་ལ་དམིགས་པ་ལ་སོགས་པ་འཚང་རྒྱ་བ་ཉིད་ཀྱི་རྒྱུ་གུས་པ་དང་བཅས་པ་ལ་སོགས་པའི་རིམ་གྱིས་གོམས་པ་མཐར་ཐུག་པར་གྱུར་པས་སྦྱིན་པ་ལ་མངོན་པར་ཕྱོགས་པ་བརྙེས་པར་གྱུར་ནས་གདུལ་བྱ་གང་དག་གང་ལ་གང་དང་གང་ཚེ་ཕན་པར་གྱུར་པ་སྟེ། མ་འོངས་པ་ན་ཕན་པའི་ཆོས་སྟོན་པ་ལ་སོགས་པ་དེ་དང་དེ་ལ་སྟེ། གདུལ་བྱ་དེ་དང་དེ་ལ་བཅོམ་ལྡན་འདས་དེ་སྣང་ངོ་ཞེས་བྱ་བ་སྣང་བ་དང་རྗེས་སུ་མཐུན་པའི་ཚུལ་གྱིས་དེ་བཞིན་དུ་ཀུན་ནས་དོན་མཛད་པར་འགྱུར་བ་ཡིན་ནོ། །དོན་འདི་ཉིད་ནི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགེ་བའི་བཤེས་གཉེན་ཞེས་བྱ་བ་བླ་མ་དང་མཁན་པོ་ལ་སོགས་པ་དང་ཕྲད་པས་དེས་བསྟན་པ་ལས་སངས་རྒྱས་ལ་སོགས་པ་ལ་དམིགས་པ་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་ལ་སོགས་པས་མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཡུལ་ཏུ་བྱས་པས་རྒྱུ་སྟེ། ལམ་ལ་སོགས་པ་བསླབས་


DTG086_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡོངས་སུ་བརྟས་པར་གྱུར་ནས་འཚང་རྒྱ་བའི་འབྲས་བུ་སྦྱིན་པ་ལ་མངོན་པར་ཕྱོགས་པའི་རྒྱུ་བརྙེས་པའོ། །ལམ་ལ་སོགས་པ་བརྙེས་པ་ཉིད་ཀྱང་ག་ལས་ཡིན་ཞེ་ན། སྔོན་བསྐྱེད་པའི་དགེ་བའི་རྩ་བའི་ས་བོན་ཡོད་པ་ལས་ཞེས་བྱ་བ་སྨོས་ཏེ། སྔོན་བསྐྱེད་པ་ནི་བྱས་པ་སྟེ་ཅི་ཞིག་ལྟར་སངས་རྒྱས་ལ་སོགས་པ་ལ་མེ་ཏོག་གཅིག་འབུལ་བ་ལ་སོགས་པས་དགེ་བ་སྟེ། ཉོན་མོངས་པ་ངན་པ་ཚར་གཅོད་པའི་རྒྱུའི་བསོད་ནམས་གང་ཡིན་པ་དེ་ཉིད་ནི་རྩ་བའི་ས་བོན་ཏེ། དང་པོར་སངས་རྒྱས་ལ་སོགས་པ་ལ་མངོན་པར་དད་པ་ཉིད་ཀྱི་རྒྱུ་ཡིན་ལ། དེ་མངའ་ཞིང་ཡོད་པས་སེམས་ཅན་གང་ལ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་གདུལ་བྱ་རྣམས་ལ་གང་གི་དུས་སུ་ཞེས་བྱ་བ་སྐལ་བ་དང་རྗེས་སུ་མཐུན་པའི་དུས་ན་ཆོས་བསྟན་པ་ལ་སོགས་པ་མཛད་པས་ན་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་གསུངས་པས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ལ་གཞག་པ་སྐྱེད་པ་ན་ཡུལ་དུ་འཕྲོད་པར་འགྱུར་བ་སྟེ། སྐྱེ་བ་ཐམས་ཅད་དུ་ཕན་པར་འགྱུར་བ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་གདུལ་བྱ་ལ་སོགས་པ་དེའི་དོན་བྱ་བའི་ཕྱིར་ཞེས་བྱ་བ་བཤད་མ་ཐག་པའི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་བསྒྲུབ་པར་བྱ་བའི་ཕྱིར་སྔོན་གྱི་སྨོན་ལམ་གྲུབ་ཅིང་རྫོགས་པས་བཅོམ་ལྡན་འདས་དེ་དང་དེར་སྣང་བ་དང་འཚམ་པར་དོན་གྱི་བྱ་བ་མཛད་པ་ཡིན་ནོ་ཞེས་ཚིག་ལེའུར་བྱས་པ་བཤད་ཅིང་འཕགས་པ་བྱམས་པའི་དགོངས་པ་བརྗོད་པས་བཤད་མ་ཐག་པའི་དོན་ཉིད་གསལ་བར་བྱ་བ་ནི་དུས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དུས་ཐམས་ཅད་དུ་ནི་རྣམ་པ་ཐམས་ཅད་དུའོ། །ཡིད་བཞིན་གྱི་ནོར་བུ་ལྟར་ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་འགའ་ཞིག་མྱ་ངན་ལས་འདས་སུ་ཟིན་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་ཡིད་བཞིན་གྱི་ནོར་བུ་སྤྲུལ་པ་དེས་བཀའ་སྩལ་བའི་དོན་རྫོགས་པར་བྱ་བའི་ཕྱིར་ཇི་ལྟར་ཐམས་ཅད་དུ་ཁྱབ་པ་ཡིན་ན་ཡང་སེམས་ཅན་རྣམས་ཀྱིས་ལོག་པར་སྤྱད་པའི་ཉེས་པས་དེ་ལྟར་དོན་མི་བྱེད་དོ། །དེ་བཞིན་དུ་ཉེ་བར་གནས་ཀྱང་ཞེས་བྱ་བ་བཅོམ་ལྡན་འདས་ཐུགས་རྗེས་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་བྱ་བའི་ཕྱིར་མདུན་ན་བཞུགས་ཀྱང་འབྲས་བུ་སྟེར་བར་མཛད་པར་མི་མངོན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་


DTG086_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཉེས་པས་ཞེས་བྱ་བ་སེམས་ཅན་རྣམས་ཀྱིས་ཉེས་པར་སྤྱད་པའི་ལས་ཀྱི་ཉེས་པས་བསྐྱེད་པ་གང་ཡིན་པ་ལ་རྒྱུ་མ་ཚང་བས་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་ཐད་ནས་མངོན་པར་འདོད་པའི་དོན་ལེན་དུ་རུང་བའི་སེམས་དང་བྲལ་ཞིང་མེད་ལ་དེ་བས་ན་བཅོམ་ལྡན་འདས་ཐམས་ཅད་དུ་དོན་གྱི་བྱ་བ་མཛད་པ་ཡིན་ན་ཡང་སེམས་ཅན་རྣམས་ཀྱི་སྐལ་བའི་ཉེས་པས་དོན་གྱི་མཛད་པ་མི་མཛད་པས་ཡིད་བཞིན་གྱི་ནོར་བུ་ལྟར་མེད་པ་མ་ཡིན་ཞིང༌། དོན་གྱི་བྱ་བ་མི་མཛད་པ་ཡང་མ་ཡིན་ལ་མི་སྣང་བ་ཡང་ཚད་མ་མ་ཡིན་ཏེ། སྐལ་བ་དང་འཚམ་པ་ཉིད་ཀྱི་རིམ་གྱིས་དེ་ཡོད་པ་མ་ཡིན་ནོ་ཞེས་འཕགས་པ་བྱམས་པའི་དགོངས་པ་ཉེ་བར་བསྟན་པ་ཡིན་ནོ་ཞེས་བྱ་བར་དགོངས་ཏེ། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །ཞེས་གསུངས་པ་ཡིན་ནོ། །འདི་དག་ཁོ་ན་བརྒྱ་བྱིན་གྱིས་དཔེས་གསལ་བར་བྱ་བ་ནི་ཇི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལྷའི་རྒྱལ་པོས་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །བཅོམ་ལྡན་འདས་འོག་མིན་ལ་སོགས་པར་རྟོགས་པའི་རྒྱུད་ལ་གནས་པ་ནི་གཅིག་ཏུ་རྣམ་པར་གནས་ཤིང་རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་གྱི་བྱ་བ་མཛད་པར་མི་འཐད་པས་མི་རྟག་པ་ཉིད་ཡིན་ན་ཡང་ཁྱབ་པ་དང་རྟག་པར་བརྗོད་པ་མི་འགལ་ལོ་ཞེས་བསྟན་པ་ནི་ཡེ་ཤེས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་མཛད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །གསུམ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ནི་དེ་ལྟར་སྐུ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མཚན་ནི་ཞེས་བྱ་བ་ལ་སོགས་པ་མཚན་རྣམས་ཀྱི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །ལས་གང་ཞིག་བྱས་པས་མཚན་འགྲུབ་པའི་ལས་དེའི་རྒྱུ་མཚན་ཉིད་ནི་རྒྱུ་གྲུབ་པས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ལ་མཚན་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །བཞི་པ་སྤྲུལ་པའི་སྐུ་ནི་དེ་ལྟར་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གིས་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །དེ་ལྟར་ཁྱད་པར་གྱི་བྱ་བ་བརྗོད་ནས་ད་ནི་ངོ་བོ་ཉིད་ལ་སོགས་པའི་སྐུ་བཞིའི་ཐུན་མོང་གི་མཛད་པ་ནི་དེ་ལྟར་ངོ་བོ་ཉིད་


DTG086_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡེ་ཤེས་ལ་སོགས་པ་ལ་ལྟོས་ནས་རབ་ཏུ་བརྟགས་པའི་ཞེས་བྱ་བ་ནི་གདུལ་བྱ་དང་རྗེས་སུ་མཐུན་པའི་སྣང་བའི་དོན་ཐོབ་པའི་དབང་གིས་ངེས་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། དེའི་དབང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གདུལ་བྱའི་སྐྱེ་བོ་སོ་སོའི་སྣོད་ལ་སྣང་བ་ལ་བརྟེན་པའམ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་སྐུར་གཏོགས་པ་ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་ཡིན་པས་མཛད་པ་མི་མངའ་བའི་ཕྱིར་ཕྲིན་ལས་དེ་དང་འཚམ་པའི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སྣང་བ་ལ་གནས་པའི་ཕྲིན་ལས་སྔར་བཤད་པ་དང་འོག་ནས་བཤད་པ་གང་ཡིན་པ་དེའི་དབང་ལ་བརྟེན་ནས་བྱུང་བ་སྟེ། སྨོན་ལམ་གྱི་དབང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་ཡིན་པར་གསུངས་ཏེ་ཞེས་འོག་མ་དང་སྦྱར་རོ། །གལ་ཏེ་ཕྲིན་ལས་འདི་དག་སྐུ་བཞིའི་མ་ཡིན་ནམ་དེ་ལྟ་ན་ཅི་ལྟར་ཆོས་ཀྱི་སྐུ་ཞེས་འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱིས་གསུངས་ཤེ་ན། ཀུན་རྫོབ་ཏུ་ཞེས་བྱ་ལ་སོགས་པ་སྨོས་པ་ཡིན་ཏེ། ཀུན་རྫོབ་ཏུ་སངས་རྒྱས་ལ་སོགས་པའི་ཐ་སྙད་ཀྱི་དབང་གིས་ཡེ་ཤེས་ཁོ་ན་ཞེས་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དོན་གྱི་བྱ་བ་མཛད་པ་ཡིན་ཏེ། ཡང་དག་པར་ན་གཞན་དག་ཡིན་པར་མི་འཐད་པའི་ཕྱིར་རོ། །མི་འཐད་པ་ཉིད་ཡིན་ན་ཡང་ཡེ་ཤེས་ནི་བསྙོན་མི་ནུས་པར་ཡོད་པ་ཉིད་ཀྱི་དེ་ཉིད་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པ་ཡིན་ལ་རྒྱུ་དེས་ན་ཆོས་ཀྱི་སྐུ་ཡིན་ནོ་ཞེས་སྨོས་པ་ཡིན་ཏེ། ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་སྐུའི་ཡིན་ལ་དེ་ནི་ཡང་དག་པར་ན་དོན་གྱི་བྱ་བ་མ་ལུས་པར་མཛད་པ་ཡིན་ནོ་ཞེས་འཕགས་པ་བྱམས་པས་གསུངས་པ་ཡིན་ནོ། །མཛད་པ་མེད་པའི་ཡེ་ཤེས་ཀྱི་དོན་བྱ་བ་མཛད་པ་ཉིད་དུ་ག་ལ་རུང་ཞེ་ན། ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་སྣང་བ་བསྐྱེད་པའི་སྒོ་ནས་ཞེས་སྨོས་པ་ཡིན་ཏེ། སྔོན་གྱི་སྨོན་ལམ་གྱི་འཕེན་པའི་ཤུགས་ཀྱིས་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་ལོངས་སྤྱོད་རྫོགས་པ་དང༌། ཆོས་དང་སྤྲུལ་པའི་སྐུར་སྣང་བ་བསྐྱེད་པར་མཛད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན། དེའི་དབང་ལ་བརྟེན་ནས་བྱུང་བ་ཞེས་སྨོས་པ་ཡིན་ཏེ། གཞན་དུ་ན་ཇི་སྐད་སྨོས་པའི་ཕྲིན་ལས་རྣམས་ཡང་དག་པར་ན་ཆོས་ཀྱི་སྐུའི་འབྲས་བུ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་གཞན་དག །ཚོགས་དང་ཆོས་ཀྱི་སྐུ་དག་དང༌། །འགྲོ་བའི་དོན་ནི་མཛད་པ་ཡིས། །


DTG086_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །སྐུ་ཚེ་རིགས་དང་ཚད་ཀྱིས་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་པས་སྐུ་བཞི་ཆར་ཚོགས་ལ་སོགས་པ་མཉམ་པ་ཡིན་ན་ཡང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་དག་ནི་རྟོགས་པ་པོའི་དབྱེ་བས་དེའི་ཁྱད་པར་དུ་འགྱུར་ན། ངོ་བོ་ཉིད་ཀྱི་སྐུ་དང་ཆོས་དང་ཆོས་ཀྱི་སྐུ་དག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དང༌། སངས་རྒྱས་ཀྱི་ཡུལ་ཉིད་ཡིན་པ་ཉིད་དུ་མཉམ་པས་རྒྱུ་དང་འབྲས་བུ་ཉིད་དུ་བདག་ཅག་ལ་སོགས་པས་ཤེས་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར། སངས་རྒྱས་རྣམས་ཁོ་ནའི་ཡུལ་ཡིན་ནོ། །ཁ་ཅིག་ན་རེ་ངོ་བོ་ཉིད་ཀྱི་སྐུ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། དེ་མཁྱེན་པ་མེད་པར་དེ་དང་འབྲེལ་པའི་སྐུ་གསུམ་དུ་སངས་རྒྱས་ཀྱི་རྣམ་པར་གཞག་པ་མི་འཐད་པའི་ཕྱིར་དང༌། སངས་རྒྱས་ཀྱིས་མ་གཟིགས་པ་ཉིད་ཀྱིས་ན་ངོ་བོ་ཉིད་ཀྱི་སྐུ་མེད་པས་སྐུ་གང་ཡང་ཡོད་པར་མི་འགྱུར་ཏེ། སྐུ་ཅིག་ཤོས་རྣམས་ནི་དེ་དང་འབྲེལ་བ་ཡིན་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡོད་ཀྱང་མ་མཁྱེན་པར་གྱུར་ན། སངས་རྒྱས་རྣམས་ལ་མི་མཁྱེན་པའམ་མ་གཟིགས་པའམ་ཅི་ཡང་མི་མངའོ་ཞེས་བྱ་བ་དང་ཡང་འགལ་བར་འགྱུར་རོ། །མཚན་ཡང་དག་པར་བརྗོད་པ་ལས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་སྨོས་པ་དེ་ཡང་འཐད་པ་ཁོ་ན་ཡིན་ཏེ། སྤྲུལ་པའི་སྐུའི་དབྱེ་བ་རྣམ་པར་སྨིན་པའི་སྐུ་ཡོད་པ་ཡིན་པའི་ཕྱིར་རོ། །ཡང་ན་རྣལ་འབྱོར་པའི་རྒྱུད་ལ་སོ་སོར་ངེས་པར་ཡོད་པས་རྟག་པ་དང་ཁྱབ་པ་གང་ཡིན་པ་འདི་ནི་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་སྟེ། དངོས་གཞི་ཡིན་ལ་དེའི་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་ཆོས་ཀྱི་སྐུའི་དབྱེ་བས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་བྱ་བ་དང་མི་འགལ་ལོ། །འདིའི་དོན་དང༌། །ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ཉིད་ལས་ཤེས་སོ། །དེ་བཞིན་དུ་མཛད་པ་དང་བཅས་པས་འགྲོ་བ་རྣམས་ཞི་བ་ལ་སོགས་པ་ལ་འཇུག་པར་མཛད་པས་ན་མཛད་པར་བཅས་པས་ཏེ། དངོས་གཞིའི་ཆོས་ཀྱི་སྐུ་གང་ཡིན་པ་འདི་ནི། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་བྱ་བ་འདིར། ཆོས་ཀྱི་སྐུ་ཞེས་བྱ་བ་དེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བ་འདི་ཇི་ལྟ་ཡིན་ཞེ་ན། དེ་ནས། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །གང་དེ་བཞིན་


DTG086_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཞེས་སྨོས་སུ་ཟིན་ཀྱང་དེ་བཞིན་དུ་ཆོས་ཀྱི་སྐུ་ཞེས་དེ་ཡང་སྟོན་པར་འགྱུར་ཏེ། འདིར་དངོས་གཞི་ལས་གཞན་པ་ནི་ཆོས་ཀྱི་སྐུར་བཤད་པ་ཉིད་ཡིན་པའི་ཕྱིར་རོ། །གང་ཡང༌། ཆོས་ཀྱི་སྐུ་ཡི་ཕྲིན་ལས་འདི། །ཞེས་སྨོས་པ་དེ་ཡང་འཐད་པ་ཡིན་ཏེ། དེ་ལ་ཡང་དངོས་གཞི་ཉིད་ཆོས་ཀྱི་སྐུར་བཤད་པ་ཉིད་ཀྱིས་དངོས་གཞི་ནི་གང་དུ་ཡང་འབྲས་བུ་ཉིད་དུ་མི་བགྲང་སྟེ། དེས་དེ་ཉིད་བྱེ་བྲག་ཏུ་བྱས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་ཐ་དད་པ་ཉིད་ཡིན་ལ། དེ་ནས་ངོ་བོ་ཉིད་ལ་སོགས་པའི་སྐུ་བཞི་པོ་འབྲས་བུར་གྱུར་པ་དང་བཅས་པ་ཉིད་ཀྱིས་ན་རྒྱུར་གྱུར་པ་ཆོས་ཀྱི་སྐུ་ཡང་འགྲུབ་པ་ཡིན་ནོ་ཞེས་བྱ་བ་འགལ་བ་ཅི་ཞིག་ཡོད་གང་ཡང་སངས་རྒྱས་ལ་སོགས་པའི་ཡུལ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་ནི་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་ཉིད་ཡིན་པར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་ཞེས་བྱ་བ་ལ་སོགས་པས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་བསྟན་པ་དེ་དང་འགལ་བ་མེད་དོ། །དངོས་གཞིའི་ཆོས་ཀྱི་སྐུ་ལས་ངོ་བོ་ཉིད་ཀྱི་སྐུ་ནི་འགལ་ཞིག་གིས་ཀྱང་དབྱེ་བ་མེད་པར་དེ་བརྗོད་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་ཆོས་ཀྱི་སྐུའི་དོན་གྱི་མཛད་པ་ངོ་བོ་ཉིད་ཀྱི་སྐུའི་དབང་ལས་བྱུང་བར་ཇི་ལྟར་འགྱུར། སྐུ་གསུམ་པོ་ཡང་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་ཡིན་དུ་ཆུག་ན་དངོས་གཞིའི་ཆོས་ཀྱི་སྐུ་ལས་རང་བཞིན་གང་གི་ངོ་བོ་ཉིད་གཞན་ཡིན་ཞིང་གང་ལས་བྱུང་བ་ཉིད་ཀྱིས་ན་ངོ་བོ་ཉིད་ཀྱི་སྐུ་ཞེས་བཤད་པ་ཡིན་པ་ཡང་རྟོགས་པར་གྱིས་ཤིག །ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་དག་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་སྤྱོད་ཡུལ་ཡིན་པར་དབྱེ་བ་ཡོད་དུ་ཆུག་ན་དངོས་གཞིའི་ཆོས་ཀྱི་སྐུ་ལས་ཆོས་ཀྱི་སྐུ་གཞན་གྱི་དབྱེ་བ་ཅི་ལྟར་ཡོད། དེའི་ཡུལ་ཡིན་པའི་ཕྱིར་སངས་རྒྱས་རྣམས་ཁོ་ནའི་ཐུགས་སུ་ཆུད་པར་བྱ་བ་ཡིན་ཏེ། གཞན་དུ་ན་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་དག་གིས་དབྱེ་བ་མི་འགྲུབ་པར་འགྱུར་རོ། །འདིར་ཡང་དོན་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་རྗེས་ཐོགས་ལ་ཆོས་ཀྱི་སྐུའི་མངོན་པར་བྱང་ཆུབ་པ་ཡིན་ལ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་ནོ་ཞེས་བཟང་པོའི་ཞལ་སྔ་ནས་ཀྱིས་བཤད་པས་ལོག་པར་རྟོགས་པར་མི་བྱའོ། །སྐུ་ལྔ་ཡིན་པ་ཁོ་ནར་སྔོན་གྱི་སློབ་དཔོན་གྱིས་བཤད་པས་བླ་མ་ལ་གུས་པར་བྱ་བའི་ཕྱིར་བཟང་པོའི་ཞལ་སྔ་ནས་ཀྱིས་གསལ་པོར་མ་མཛད་མོད་ཀྱི་གཙོ་ཆེར་ཐེག་པ་ཆེན་པོ་ནི་ཚུལ་གཉིས་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར། མཚན་ཡང་


DTG086_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བརྗོད་པ་ནི་ཕྱིའི་ཚུལ་ལྟར་འགལ་བར་བཏང་སྙོམས་སུ་བྱ་བར་རིགས་པ་མ་ཡིན་ནོ། །བདག་གི་འབད་པ་ནི་སྐབས་ལ་མ་བབ་པ་མ་ཡིན་ཞིང་དམ་པའི་ཆོས་ནུབ་པའི་དུས་སུ་བདག་ཅག་བཅོམ་ལྡན་འདས་ལ་མཆོད་པར་མངོན་པར་དགའ་བ་རྣམས་བཏང་སྙོམས་སུ་བྱེད་པར་རིགས་པ་མ་ཡིན་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྐྱེས་བུ་ཁྱུ་མཆོག་གིས་ནི་དམ་པའི་ཆོས། །འཇིག་པར་གྱུར་ཚེ་གང་དག་བཏང་སྙོམས་བསྒོམ། །དེ་ཡིས་རྒྱལ་བར་བཀུར་སྟི་བྱས་མ་ཡིན། །འདྲེན་པ་དག་ལ་རི་མོར་དེས་མ་བྱས། །ཞེས་གང་བཤད་པ་ཡིན་ནོ། །ཞར་ལ་འོངས་པས་ཆོག་གོ །དེ་བཞིན་ལས་ཀྱང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །དང་པོར་འགྲོ་བ་བཟང་པོ་དང་བཟང་པོ་མ་ཡིན་པ་ཞེས་བྱ་བ་ནི་བྲམ་ཟེ་དང༌། རྒྱལ་རིགས་ཀྱི་འགྲོ་བ་དང་རྗེ་འུ་རིགས་ལ་སོགས་པའི་འགྲོ་བ་སྟེ། དེ་ལ་མངོན་པར་ཞེན་པ་ནི་བཟང་པོ་དང་བཟང་པོ་མ་ཡིན་པ་ཉིད་དུ་མངོན་པར་ཆགས་པའོ། །དེ་ལ་གནས་པ་མེད་པ་ནི་མི་དམིགས་པ་གང་ཡིན་པ་སྟེ། དེའི་མཚན་ཉིད་དུ་འགྲོ་བ་རབ་ཏུ་ཞི་བའི་ཕྲིན་ལས་མཛད་ནས་ཞེས་བྱ་བ་ནི། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང༌། །སྲིད་པ་ཀུན་ནས་འཆིང་བའི་རྒྱུ། །འགྲོ་བ་གང་ལ་དེ་མེད་ན། །དེ་ནི་སྐྱེ་བར་འགྱུར་མ་ཡིན། །ཞེས་བྱ་བ་ལུང་གང་གི་དོན་གྱི་རྗེས་སུ་འབྲངས་ནས་ཉོན་མོངས་པ་ལ་སོགས་པའི་དབང་གིས་སྐྱེ་བ་གང་ཡིན་པ་དེ་མེད་པར་མཛད་པ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས་གདུལ་བྱའི་ལུས་ནི་ཆོས་ཀྱི་སྐུའི་སྤྱོད་ཡུལ་ལོ་ཞེས་སྨོས་པས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཉིད་ཡིན་ན་ཡང་སྐྱེ་བ་བཟློག་པར་མཛད་དོ་ཞེས་བྱ་བར་དགོངས་སོ། །དེ་ལྟ་ན་ནི་སྨོན་ལམ་དང་འགྲོ་བའི་དོན་ལ་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པ་ཉིད་དང༌། གདུལ་བྱའི་ཁྱད་པར་ལས་ཡིན་གྱི་གཞན་འགའ་ཡང་མེད་དོ། །དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལ་སོགས་པའི་མདོ་ལས། དེ་རྣམས་ཀྱང་སངས་རྒྱས་དང་འདྲ་བར་ལུས་དང་སྤྱོད་ལམ་མཐའ་ཡས་ཤིང་དཔག་ཏུ་མེད་པར་བཤད་པ་ཡིན་ནོ། །རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་རྟོག་པ་དང་བཅས་པ་ཉིད་དུ་མེད་པ་མ་ཡིན་ནམ། ཇི་ལྟར་ན་དེ་དང་ལྷན་ཅིག་དེ་རྣམས་འགྲོ་བའི་དོན་གྱི་ཕྱིར་མཉམ་པ་ཡིན་ཞེ་ན། འདིར་སྨོན་ལམ་ཁོ་ན་ཚད་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་གྱི་སྟོབས་ཅན་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་ན་ནི་རྣམ་པ་ཐམས་


DTG086_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་མཉམ་པ་ཁོ་ནར་འགྱུར་རོ། །སྨོན་ལམ་ནི་གཞན་དུ་མི་འཐད་པས་ཉེས་པ་ཅི་ཞིག་ཡོད། རྫོགས་པའི་སངས་རྒྱས་རྣམས་ནི་རྣམ་པར་མི་རྟོག་པ་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་ཉོན་མོངས་པ་ཉིད་དུ་མི་འགྱུར་བ་མ་ཡིན་ནམ། མེད་པ་ཁོ་ན་སྟེ་གང་གི་ཚེ་དེས་གདུལ་བྱ་དེའི་དོན་དུ་རྫོགས་པའི་སངས་རྒྱས་སུ་འགྱུར་ན་ཕྱིས་རྣམ་པར་རྟོག་པའི་ཉོན་མོངས་པ་ག་ལས་འབྱུང༌། སྨོན་ལམ་ལས་སོ། །དེ་ལྟ་ན་ནི་རྫོགས་པའི་སངས་རྒྱས་ཉིད་བརྫུན་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེས་འདུལ་བ་རྣམས་ཀྱིས་དེ་ལྟར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཉན་ཐོས་ལ་སོགས་པའི་རྣམ་པ་འཛིན་པར་མཛད་པ་ཡང་བརྫུན་པ་མ་ཡིན་ནོ་ཞེས་བལྟ་བར་བྱའོ། །ཇི་ལྟར་ན་གཅིག་པུ་དུ་མ་ཉིད་དུ་འགྱུར་ཞེ་ན། རྫོགས་པའི་སངས་རྒྱས་རྣམས་ཀྱི་སྨོན་ལམ་ཇི་ལྟ་བ་ལས་སོ། །གཞན་ཡང་གཞན་དུ་ན་སངས་རྒྱས་རྣམས་ཀྱི་སྨོན་ལམ་གྱིས་རྣམ་པར་མི་རྟོག་པ་ཉིད་དུ་ཀུན་ནས་དོན་གྱི་བྱ་བ་མཛད་པའི་རྒྱུར་སྣང་བ་ཡིན་ལ། དེ་བཞིན་དུ་གལ་ཏེ་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཡིན་པར་གྱུར་ན་ཡང་འདིར་འགལ་བ་ཅི་ཞིག་ཡོད་དེ། གཉི་ག་སྨོན་ལམ་ཁོ་ནས་དོན་གྱི་བྱ་བ་མཛད་པ་ཡིན་པར་བསྔགས་པའི་ཕྱིར་རོ། །གལ་ཏེ་ཕ་རོལ་འདོད་པ་ལྟར་ལ་ལ་ནི་འཚང་རྒྱ་བ་ཉིད་བསྒྲུབས་ནས་སེམས་ཅན་གྱི་དོན་མཛད་ལ་ཁ་ཅིག་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་བརྩད་པར་རིགས་པ་མ་ཡིན་ཏེ། སེམས་ཅན་རྣམས་མ་ཡིན་པའི་ཕྱིར་རོ། །རྫོགས་པའི་སངས་རྒྱས་ཉིད་ཡིན་པའི་ཕྱིར་འདིར་རྣམ་པར་རྟོག་པ་ཉོན་མོངས་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲོལ་བ་ཅི་ཞིག་ཡིན། འགྲོ་བའི་དོན་ལ་མ་གཏོགས་པ། །གཞན་ཅིའང་ཡོད་པ་མ་ཡིན་ཏེ། །སེམས་ཅན་རྣམས་ཀྱི་གྲོལ་བ་ལས། །དགའ་བའི་རྒྱ་མཚོ་གང་ཡིན་ཏེ། །དེ་ཉིད་མཐར་ཐུག་མ་ཡིན་ནམ། །རོ་བྲལ་གྲོལ་བས་ཅི་ཞིག་བྱ། །ཞེས་གང་བཤད་པ་ཡིན་ནོ། །མཉམ་པར་མ་བཞག་པ་ཉིད་ཀྱང་མ་ཡིན་ཏེ། ལས་དང་པོ་པ་མ་གཏོགས་པར་དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས་རྟག་ཏུ་མཉམ་པར་གཞག་པ་གསུངས་པ་ཡིན་ནོ། །ཡང་ན་བྱང་ཆུབ་སེམས་དཔའི་གནས་སྐབས་མ་གཏོགས་པར་རྫོགས་པའི་སངས་རྒྱས་ཀྱི་གནས་སྐབས་ན་ཡང་རྣམ་པར་རྟོག་པའི་ཉོན་མོངས་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འདྲ་བར་ཡོད་པ་ཉིད་དེའི་འབྲས་བུ་མི་སྐྱེད་པས་དོན་མི་མཛད་པ་ཡིན་ཏེ། ཤཱནྟ་དེ་བའི་ཞལ་སྔ་ནས། །མཁའ་ལྡིང་གྲུབ་པས་ཇི་ལྟ་བུར། །མཆོད་སྡོང་བསྒྲུབས་པས་འདས་གྱུར་


DTG086_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དེ་འདས་ཡུན་རིངས་ལོན་ཡང་དེ། །དུག་ལ་སོགས་པ་ཞི་བར་བྱེད། །བྱང་ཆུབ་སྤྱོད་དང་རྗེས་མཐུན་པས། །རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང༌། །བྱང་ཆུབ་སེམས་དཔའ་འདས་གྱུར་ཀྱང༌། །དོན་རྣམས་ཐམས་ཅད་མཛད་པར་འགྱུར། །ཞེས་གང་བཤད་པ་ཡིན་ནོ། །དེ་ལྟར་ན་འགྲོ་བའི་དོན་དུ་སྨོན་ལམ་ཇི་སྙེད་བཏབ་པ་དང༌། འཚང་རྒྱ་བ་ཉིད་ལ་འཇུག་པའི་རྣམ་པར་རྟོག་པ་དེ་རྣམས་ཐམས་ཅད་ཉོན་མོངས་པར་འགྱུར་བ་མ་ཡིན་ནམ་ཉེས་པ་ཅི་ཞིག་ཡོད། རྫོགས་པའི་སངས་རྒྱས་ཀྱི་རིགས་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཉིད་རིམ་གྱིས་སངས་རྒྱས་ཀྱི་རིགས་སུ་འགྱུར་གྱི་གཞན་དག་ནི་མ་ཡིན་ཏེ། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ། ཅེས་བྱ་བ་ལ་སོགས་པར་སྨོན་ལམ་བཏབ་ནས། དེ་རྣམས་ཉིད་དུ་འཇུག་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ཉན་ཐོས་ལ་སོགས་པའི་རིགས་ཀྱང་གཞན་མ་ཡིན་ཏེ། འགྲོ་བའི་དོན་དུ་སྨོན་ལམ་བཏབ་པ་ལས་གཞན་དུ་མི་འཐད་པའི་ཕྱིར་རོ། །འདིར་ཐེག་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ་ཐེག་པ་ཆེན་པོའོ་ཞེས་གང་གསུངས་པ་དང༌། མདོ་སྡེ་རྒྱན་ལས་ཀྱང༌། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་དག་ངེས་པར་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་བཤད་པ་འདི་ཡང་བརྒྱ་ཕྲག་དུ་མར་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་མདོ་ལས་གང་གསུངས་པ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་ཉོན་མོངས་པ་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་ཁོ་ན་དེས་འདུལ་བ་རྣམས་ལ་རྫོགས་པའི་སངས་རྒྱས་དང༌། རང་སངས་རྒྱས་དང་བརྒྱ་བྱིན་ལ་སོགས་པས་འདུལ་བ་རྣམས་ལ་བརྒྱ་བྱིན་ལ་སོགས་པའི་གཟུགས་སུ་གདུལ་བྱ་རྣམས་ཀྱིས་མཐོང་བ་ཡིན་པས། གང་དུ་ཡང་མི་གནས་པ་ཉིད་ཀྱིས་ན། མི་གནས་པའི་མྱ་ངན་ལས་འདས་པ་ལ་ཞུགས་སོ་ཞེས་ཐམས་ཅད་དུ་བཤད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་ནི་ཉོན་མོངས་པ་ཉིད་ཡིན་ནོ་ཞེས་ཞར་ལས་འོངས་པ་བཤད་ནས་སྐབས་ལ་བབ་པ་དང་སྦྱར་བར་བྱ་སྟེ། དེ་ལྟར་ན་ཞེས་བྱ་བ་བཤད་པའི་རིམ་པས་སོ། །ཆོས་ཀྱི་སྐུ་བཞིན་དུ་ཞེས་བྱ་བ་ནི་ཁྱབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །འདི་ནི་ཆོས་ཀྱི་སྐུའི་ཕྲིན་ལས་ཉི་ཤུ་རྩ་བདུན་ཡང་ཞེས་བྱ་བ་ནི་ཕྲིན་ལས་ནི་ཆོས་ཀྱི་སྐུའི་མཛད་པའོ། །འཁོར་བ་ཇི་སྲིད་བར་བཞེད་པས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སྲིད་པ་ཇི་སྲིད་བར་རོ། །འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱི་ཏིང་ངེ་འཛིན་རྣམས་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྟོབས་དང༌། ལུང་ལས་སེམས་བསྐྱེད་པ་ལ་སོགས་པའི་


DTG086_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་དེའི་བྱ་བ་ཉིད་ཀྱིས་འགྲོ་བ་རྣམས་ཞི་བར་མཛད་པ་ལ་སོགས་པའི་ཕྲིན་ལས་བསྟན་པར་མཛད་པས་ཚིག་ལེའུར་བྱས་པར་རིམ་པ་བསྟན་པར་འགྱུར་བ་མ་ཡིན་ནམ། ཁྱེད་ཅག་གིས་གཞན་གྱི་དོན་དང་རང་གི་དོན་ལ་སོགས་པའི་ཚིག་བསྟན་པ་རྣམས་ཀྱི་གོ་རིམས་ཇི་ལྟ་བུ་ཡིན་ཞེ་ན། སེམས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། དང་པོ་དང་ཐ་མར་སེམས་བསྐྱེད་པ་དང༌། རྣམ་པ་ཉི་ཤུ་རྩ་བདུན་གང་ཡིན་པ་དེ་ལས་གང་བསྟན་པའི་གོ་རིམས་རབ་ཏུ་བྱེད་པ་ལས་བསྣན་པའི་འགྲེལ་པ་ལས་བཤད་པའི་རིམ་པ་གང་ཡིན་པ་དེས་དེའི་དབང་གི་ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཏེ། གཞན་གྱི་དོན་དང་རང་གི་དོན་གང་ཡིན་པ་དེ་རྣམས་ཀྱི་གོ་རིམས་ཀྱང་ཁོང་དུ་ཆུད་པར་བྱ་སྟེ་ཞེས་བྱ་བ་བྱམས་པའི་ཞལ་སྔ་ནས་ཀྱི་ཚིག་ལེའུར་བྱས་པ་ལས་མ་བསྟན་ན་ཡང་ཤེས་པར་བྱའོ། །ཁྱེད་ཅག་རྣམས་ནི་འཕགས་པ་བྱམས་པ་དང་འདྲ་བར་ཏིང་ངེ་འཛིན་ཐོབ་པ་ཉིད་ཡིན་ནམ། དེའི་ཕྱིར་ཁྱེད་ཅག་སྔར་བཤད་པའི་ཚིག་གི་དོན་རྣམས་ཀྱི་གོ་རིམས་ཇི་ལྟར་ཤེས་ཤེ་ན། ལུང་ལས་སོ། །བྲིས་ཤིག་ཅེས་ན་ཚིག་མངས་སུ་དོགས་པས་བདག་གིས་མ་བྲིས་སོ་ཞེས་བྱ་བ་སྨོས་ཏེ། ལུང་ཡོད་དུ་ཟིན་ན་ཡང་གཞུང་རྒྱ་ཆེས་པའི་འཇིགས་པས་དེའི་སྒོ་ནས་གཞན་གྱི་དོན་ལ་སོགས་པའི་གོ་རིམས་མ་བསྟན་མོད་ཀྱི་འོན་ཀྱང་དེའི་དོན་གྱི་རྗེས་སུ་འབྲངས་ནས་འཕགས་པ་བྱམས་པ་དང་འདྲ་བར་གཞན་གྱི་དོན་ལ་སོགས་པའི་ཕྲིན་ལས་ཀྱི་རྗེས་སུ་འབྲངས་ནས་རིམ་པ་ཙམ་ཞིག་བསྟན་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་རྟོགས་པར་དཀའ་བའི་སྣང་བ་མདོར་བཤད་པ་ཆོས་ཀྱི་གྲགས་པས་བཤད་པ་ལས་སྐབས་བརྒྱད་པའི་འགྲེལ་པའི་བཤད་པའོ།། །།


previousསྐབས་བརྒྱད་པའི་འགྲེལ་པ།next