Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་དྲུག་པ།


   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
   
  collapse section
   
སྐབས་དང་པོ།
   
   
   
   
   
   
   


 
previousསྐབས་དང་པོ།next

སྐབས་དང་པོ།


DTG086_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་མངོན་པར་རྟོགས་པ་སྤྱིར་བཤད་ཀྱང་དེ་ཁོ་ན་བཞིན་དུ་རྟོགས་པར་མི་ནུས་པས་ན་ཁྱད་པར་དུ་བཤད་པའི་ཕྱིར་གསུངས་པ་ནི། དེ་ལྟར་བསྡུས་པའི་དོན་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་མངོན་པར་རྟོགས་པ་བརྒྱད་པ་ཐོབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ལ། དེ་ཡང་ལམ་ཤེས་པ་ཉིད་ལ་སོགས་པ་མེད་པར་མི་འགྱུར་བ་དེས་ན་ཀུན་མཁྱེན་པ་གསུམ་པོ་རྣམས་ཀྱི་ནང་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་ཡིན་པ་དེས་ན་དེ་དང་པོར་བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་རྟོགས་པ་ཡིན་ལ། དེའི་ཡང་རྟེན་དང༌། རྣམ་པར་དག་པ་དང༌། སྦྱོར་བ་དང༌། རྒྱུ་དང༌། ཡུལ་དང༌། འབྲས་བུ་དང༌། རང་གི་ངོ་བོའི་རང་བཞིན་ཅན། བྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པ་རྣམས་ཀྱི་རྣམ་པ་ལས་དང་པོ་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་རྣམས་ན་ཡོད་པ་གང་ཡིན་པ་དེ་དག་གི་ཐ་དད་པ་རྣམ་པར་གཞག་པ་ནི་མངོན་པར་རྫོགས་པ་པོའི་ཁྱད་པར་བསྟན་པའོ། །དེ་ལ་རྟེན་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དང༌། དམིགས་པ་དང༌། རབ་ཏུ་དབྱེ་བ་རྣམས་ལས་མཚན་ཉིད་བརྗོད་པ་ནི་སེམས་བསྐྱེད་པ་ནི་ཞེས་བྱ་བ་ལ་སོགས་པའོ། །སྨོན་པ་དང་འཇུག་པའི་མཚན་ཉིད་ཅན། བྱང་ཆུབ་ཀྱི་སེམས་རྣམ་པ་གཉི་ག་ཡང་གཞན་གྱི་


DTG086_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལས་མི་འདའ་ཡང་ལུས་དང་ངག་དང་ཡིད་ཀྱི་ལས་ཡོད་པ་དང༌། མེད་པ་ལས་མཚན་ཉིད་ཐ་དད་པར་རྟོགས་པར་བྱའི་དམིགས་པ་ཐ་དད་པ་ནི་མ་ཡིན་ཏེ། གཞན་གྱི་དོན་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་མོས་པའི་ཡུལ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་རབ་ཏུ་དབྱེ་བ་ཁྱད་པར་མེད་པ་ཤེས་པ་དེ་ལྟར་ན་ཡང་འཇུག་པ་ཁོ་ནའི་ཡིན་གྱི་སྨོན་པ་ནི་མ་ཡིན་ཏེ། དེ་ལ་ནི་སའི་ཁྱད་པར་སྲིད་པའི་ཕྱིར་དང༌། གཞན་ལ་ནི་འདུན་པ་ཙམ་ཉིད་ཀྱི་ས་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་དག་གི་རབ་ཏུ་དབྱེ་བ་ལ་ཡང་མིང་དང༌། དཔེ་དང༌། རང་གི་ངོ་བོ་དང༌། བསྡུ་བའི་སྒོ་ནས་བདག་ཉིད་ཇི་ལྟ་བ་བཞིན་གྱི་བྱེད་པ་ཤེས་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་ཇི་སྙེད་པ་དེ་ཐམས་ཅད་ནི་མཚན་ཉིད་དང༌། དམིགས་པ་དང༌། རབ་ཏུ་དབྱེ་བས་བསྡུས་ལ། དེས་ན་མ་ཚང་བ་དང་ལྟག་པར་སྲིད་པའི་དོགས་པ་མི་བྱའོ། །དེ་ལ་ལས་དང་པོ་པ་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་དང༌། མཐོང་བས་ཐོས་པ་དང་རྣམ་པ་གསུམ་ཡིན་ལ། དེའི་དབྱེ་བས་ས་ཐ་དད་པ་ཡིན་གྱི་དངོས་སུ་ནི་ལས་དང་པོ་པའི་ས་ལ་དབྱེ་བ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདུན་པ་དང༌། བསམ་པ་དང༌། ལྷག་པའི་བསམ་པའི་སྒྲས་སེམས་ལ་བྱུང་བ་གཟུང་བ་ཡིན་ནོ། །འཆད་པར་འགྱུར་བའི་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་ངེས་འབྱེད་ཀྱི་ཆ་ལ་གནས་པ་ནི་འཇུག་པའི་ལམ་ཡིན་ཏེ། ས་དང་པོ་མཐོང་བའི་ལམ་ཡིན་པའི་ཕྱིར་ན་གཉིས་པ་ལ་སོགས་པ་ནི་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་དབྱེ་བས་ཐ་དད་པའི་བསྒོམ་པའི་ལམ་གྱི་རང་བཞིན་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །བཅུ་གཅིག་པ་སངས་རྒྱས་ཀྱི་ས་ལ་འཇུག་པ་ན་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་སྒྲུབ་པའི་བྱེད་པ་རྣམ་པ་ལྔའོ། །གལ་ཏེ་སེམས་བསྐྱེད་པ་གཅིག་པུ་ཉིད་ཀྱིས་སངས་རྒྱས་ཉིད་ཐོབ་པའི་ཕྱིར་ན། གང་གིས་ལམ་ཤེས་པ་ལ་སོགས་པ་ལ་མངོན་པར་རྟོགས་པ་ཐ་དད་པར་འགྱུར་བ་གདམས་ངག་ལ་སོགས་པ་ལ་ལྟོས་པ་ཅི་ཡོད་ཅེ་ན། གལ་ཏེ་གཞི་མེད་པའི་རྣམ་པ་ཙམ་བསྒོམ་པར་ནུས་ན་འདི་བདེན་པ་ཞིག་


DTG086_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ན། དམིགས་པ་དང་གཉེན་པོའི་ཁྱད་པར་དང་བྲལ་བའི་རྣམ་པའི་ཁྱད་པར་ནི་མི་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཀུན་མཁྱེན་གསུམ་ཡུལ་ཡིན་པར་བརྗོད་དེ། སོ་སོར་ཡུལ་དུ་བྱས་པ་རྣམས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པར་སྦྱོར་བའི་ཕྱིར་རོ། །ཡོངས་སུ་ཤེས་པར་བྱས་པའི་ཀུན་མཁྱེན་གསུམ་ཉིད་དབང་དུ་བྱས་པའི་དོན་དུ་ཡང་རྣམ་པ་ཐམས་ཅད་དང༌། ལམ་དང༌། གཞི་ཤེས་པས་བསྡུས་པས་ཀུན་མཁྱེན་གསུམ་ཉིད་སྒོམ་པར་བྱེད་དོ་ཞེས་བྱ་བ་འདིའི་དོན་ནི་འདི་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གདམས་ངག་གིས་བྱང་ཆུབ་ཀྱི་སེམས་སྒྲུབ་པའི་རྣམ་པར་དག་པ་བཤད་པའི་ཕྱིར་དབྱེ་བ་ཞར་ལ་བརྗོད་ནས་ཞེས་གསུངས་སོ། །གང་གི་ཕྱིར་རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡིན་ལ། །དམིགས་པ་དང་བཅས་པའི་སྤྱོད་པས་ཀྱང་རྣམ་པར་རྟོག་པ་མི་ལྡོག་པ་དེས་ན་སྒྲུབ་པ་དང༌། དམིགས་པ་དང་རྟེན་རྣམས་སུ་དམིགས་པ་ལ་ལོག་པར་ཞེན་པ་ཐམས་ཅད་ལྡོག་པའི་ཕྱིར་ན། དངོས་པོ་མཐའ་དག་ལ་རློམ་སེམས་མེད་པའི་ཕྱིར་དུས་ཐམས་ཅད་སེམས་ཞུམ་པ་མེད་པའི་རང་བཞིན་ཉིད་ཀྱིས་ཐེག་པ་ཆེན་པོ་ལ་གནས་པར་འགྱུར་ཞིང༌། སེམས་བརྟེན་པ་ཡང་ཏིང་ངེ་འཛིན་ཐོབ་པའི་ཕྱིར་ན་ཐེ་ཚོམ་དང་ཕྱིན་ཅི་ལོག་དང་བྲལ་བར་འགྱུར་རོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་ནས་ལམ་རྣམ་པར་དག་པ་ན། སངས་རྒྱས་ཉིད་དུ་འགྱུར་རོ། དེ་ལྟར་ན་ལས་དང་པོའི་ས་ནས་བརྩམས་ཏེ། སངས་རྒྱས་ཀྱི་སའི་བར་དུ་གདམས་ངག་གིས་བྱང་ཆུབ་ཀྱི་སེམས་སྒྲུབ་པ་རྣམ་པར་དག་པ་ཡིན་ནོ། །དགེ་འདུན་དཀོན་མཆོག་ལ་ལོག་པར་རྟོགས་པ་ཡོད་པས་ན། དེའི་ཁྱད་པར་སྟོན་པའི་དགེ་འདུན་དཀོན་མཆོག་གི་སྐབས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་ནི་འདི་ཡིན་ཏེ། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅྭ་ལྔ་ལ་དབང་པོ་རྟུལ་པོ་དང་རྣོན་པོ་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་དབྱེ་བས་བདག་ཉིད་ཇི་ལྟ་བ་བཞིན་ཉོན་མོངས་པ་སྤངས་པའི་ཕྱིར་འབྲས་བུ་དང་པོ་ལ་ཞུགས་པ་ཉིད་རྣམ་པ་གཉིས་སོ། །གང་ཞིག་འདོད་པའི་ཁམས་སུ་འཇིག་རྟེན་པའི་བསྒོམ་པའི་ལམ་གྱི་ཉོན་མོངས་པ་མ་སྤངས་པ་དེ་ནི་མ་ཐོང་བའི་


DTG086_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལ་རྒྱུན་ཏུ་ཞུགས་པ་ཡིན་ནོ། །གང་ཞིག་འཇིག་རྟེན་པའི་བསྒོམ་པའི་ལམ་གྱི་ཉོན་མོངས་པ་རྣམ་པ་བཞི་སྤངས་པ་དེ་ནི་ལྷའམ་མི་རྣམས་སུ་ལན་ཅིག་རིགས་འཛིན་པའི་ཕྱིར་ན། ལྷ་དང་མིའི་རིགས་ནས་རིགས་སུ་སྐྱེ་བའི་རྒྱུན་ཏུ་ཞུགས་པ་དག་གོ །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་ལྔའམ་དྲུག་སྤངས་པ་ན། གོ་རིམས་ཇི་ལྟ་བ་བཞིན་འབྲས་བུ་གཉིས་པ་ལ་ཞུགས་པ་དང༌། འབྲས་བུ་ལ་གནས་པ་དག་གོ །འདིར་ཡང་སྔ་མ་བཞིན་བར་ཆད་གཅིག་པ་འབྲས་བུ་གཉིས་པ་ལ་གནས་པ་ཡིན་ནོ། །དེ་ནས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་བདུན་སྤངས་པ་ན། དབང་པོ་རྟུལ་པོ་དང་རྣོན་པོ་འབྲས་བུ་གསུམ་པ་ལ་ཞུགས་པ་གཉིས་སོ། །གང་ཞིག་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དགུ་སྤངས་པའི་ཕྱིར་དེ་མི་འོང་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་དང༌། གོང་དུ་འཕོ་བའི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལ་དང་པོ་ནི་སྐྱེ་བ་དང་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་དག་སྤངས་པ་དང་མ་སྤངས་པའི་ཕྱིར་ན་བར་མ་དོ་དང༌། གཉི་ག་མ་སྤངས་པའི་ཕྱིར་ན་གཟུགས་ཀྱི་ཁམས་སུ་དང༌། མངོན་པར་འདུ་བྱེད་པ་དང༌། མངོན་པར་འདུ་མི་བྱེད་པའི་ཕྱིར་ན། དེ་ཉིད་དུ་ལམ་མངོན་དུ་བྱས་པས་སྡུག་བསྔལ་མཐར་ཕྱིན་པ་ཐོབ་པ་ན། གོ་རིམས་ཇི་ལྟ་བ་བཞིན་དུ་བར་མ་དོ་དང༌། སྐྱེ་གནས་དང༌། མངོན་པར་འདུ་བྱེད་པ་དང་བཅས་པ་དང༌། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་དབྱེ་བས་རྣམ་པ་བཞིའོ། །གཉིས་པ་ཡང་དད་པ་དང་མཐོང་བས་ཐོབ་པའི་ཁྱད་པར་གྱིས་འོག་མིན་གྱི་མཐར་ཐུག་པ་དང་སྲིད་པའི་རྩེ་མོའི་མཐར་ཐུག་པའི་དབྱེ་བས་ན་རྣམ་པ་གཉིས་སོ། དེ་ལ་དང་པོ་ནི་འཇིག་རྟེན་པའི་བསྒོམ་པའི་ལམ་གྱིས་རང་གི་རིགས་སུ་གཏོགས་པའི་ཉོན་མོངས་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་དབྱེ་བ་སྤངས་པ་ན། འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བ་ཉིད་ཀྱིས་འོག་མིན་དུ་འཇུག་པས་ན་རྣམ་པ་གསུམ་མོ། །གཉིས་པ་ཡང་འཇིག་རྟེན་པའི་བསྒོམ་པའི་ལམ་གྱིས་གཟུགས་ཀྱི་ཁམས་པའི་ཉོན་མོངས་པ་མ་སྤངས་པ་དང༌། སྤངས་པའི་ཕྱིར་ན།


DTG086_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ཆོས་ལ་ཞི་བ་དང༌། ལུས་ཀྱིས་མངོན་སུམ་དུ་བྱེད་པའི་དབྱེ་བ་རྣམ་པ་གཉིས་སོ། །དེ་ནས་སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་བརྒྱད་སྤངས་པའི་ཕྱིར་ན་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའོ། །ཉོན་མོངས་པ་མ་ལུས་པ་སྤངས་པའི་དགྲ་བཅོམ་པ་ནི་སངས་རྒྱས་དཀོན་མཆོག་གི་ནང་དུ་འདུས་པ་དེས་ན་དེ་ནི་ནང་དུ་མི་བསྡུའོ། །སངས་རྒྱས་མ་བྱུང་བ་ན་རང་ལམ་མངོན་དུ་གྱུར་པའི་ཕྱིར་རང་སངས་རྒྱས་ཀྱང་ཡིན་ནོ། །དེ་ལྟར་བྱས་པ་དེས་ན་འབྲས་བུ་ལ་གནས་པ་དང་ཞུགས་པའི་དབྱེ་བས་འབྲས་བུ་དང་པོ་ནི་རྣམ་པ་ལྔའོ། །གཉིས་པ་ནི་རྣམ་པ་གསུམ་མོ། །གསུམ་པ་ནི་རྣམ་པ་བཅུའོ། །བཞི་པ་ནི་གཅིག་ཉིད་དོ། །རང་སངས་རྒྱས་ཀྱང་ཡིན་ནོ། །རྟོགས་པར་སླ་བ་ཉིད་ཀྱིས་ན་དང་པོ་དང་གཉིས་པའི་འབྲས་བུ་ལ་གནས་པ་དང༌། འབྲས་བུ་བཞི་པ་ལ་ཞུགས་པ་ནི་ཚིགས་སུ་བཅད་པས་མ་བརྗོད་དོ། །ལས་དང་པོ་པའི་བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་ཐར་པའི་ཆ་དང་མཐུན་པ་མ་བརྗོད་པར་གྲུབ་པ་དེས་ན་དེ་མ་བརྗོད་པར་མོས་པའི་སྤྱད་པ་སྤྱོད་པའི་ཡེ་ཤེས་ཀྱི་ཚོགས་ཀྱི་ཡན་ལག་བདེན་པ་རྟོགས་པ་དང༌། རྗེས་སུ་མཐུན་པ་སྒྲུབ་པའི་སྦྱོར་བ་ངེས་འབྱེད་ཀྱི་ཡན་ལག་རྣམ་པ་བཞི་སྟོན་པ་ནི་ལས་དང་པོ་པ་དེ་ལྟར་གདམས་ངག་ཐོབ་པ་ཞེས་བྱ་བ་ལ་སོགས་པའོ། །འདིར་ཡང་ངེས་འབྱེད་ཀྱི་ཆ་དང་མཐུན་པའི་ངོ་བོ་མ་བསྟན་པར་དེའི་ཁྱད་པར་བསྟན་པར་མི་ནུས་པའི་ཕྱིར་ན། ངོ་བོ་དང་དེ་དག་རིམ་པ་བཞིན་དུ་བརྗོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དགོངས་པ་ནི་ཀུན་འབྱུང་ལ་སོགས་པའི་བདེན་པ་བཞི་པོ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཀྱི་རྒྱུ་དང༌། རྟོགས་བཞིན་པའི་རང་བཞིན་འབྲས་བུ་དང༌། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ངོ་བོ་དང༌། ཐ་མི་དད་པའི་བདག་ཉིད་ཆོས་ཉིད་དེ། བཞི་པོ་རྣམས་ཀྱིས་སམ་མངོན་པར་ཞེན་པ་མངོན་པ་མེད་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས། དམིགས་པ་རྣམས་ལ་སྒྲུབ་པ་རྣམ་པ་བཅུ་གཉིས་སྐྱེ་བ་ཞེས་བྱ་བ་ཡིན་ནོ། །བསྟན་ཟིན་པའི་ཁྱད་པར་གྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དམིགས་པ་དང་ཞེས་བྱ་བ་ལ་སོགས་པས་འདྲི་བ་དགོད་པའོ། །


DTG086_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་བཞི་ལ་གནས་པའི་རྣམ་པ་མི་རྟག་པ་ཉིད་ལ་སོགས་པ་བཅུ་དྲུག་པོ་རྣམས་ཀྱི་ཉན་ཐོས་ལ་སོགས་པས་གཟུགས་ལ་སོགས་པ་ལ་དམིགས་པར་བྱེད་པའི་རྣམ་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་མངོན་པར་ཞེན་པ་དང༌། མངོན་པར་མ་ཞེན་པ་འགོག་པ་ལ་སོགས་པའི་རྣམ་པར་དམིགས་པར་བྱེད་དོ། །ཇི་ལྟར་ཉན་ཐོས་ལ་སོགས་པའི་རྣམ་པ་དེ་ནི་ཆུང་ངུའི་དམིགས་པར་འགྱུར་བ་དེ་བཞིན་དུ་དེའི་རྣམ་པ་མངོན་པར་ཞེན་པ་ལ་སོགས་པ་འགོག་པ་གང་ཡིན་པ་དེ་ནི་འབྲིང་གི་དམིགས་པར་བྱ་བ་ཡིན་ནོ། །འབྲིང་གི་རྣམ་པ་ཆོས་ཀྱི་བརྡ་རྒྱུན་མི་འཆད་པ་དང་འདྲ་བ་དག་ངོ་བོ་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་ཆེན་པོའི་དམིགས་པ་ཡིན་ནོ། །དེ་བཞིན་དུ་རྩེ་མོ་ལ་སོགས་པ་འོག་མ་དག་ལ་ཡང་སྦྱར་བར་བྱའོ། །འདི་སྐད་བརྗོད་པ་ཡིན་ཏེ་བྱང་ཆུབ་སེམས་དཔའ་ནི་གནས་སྐབས་གང་དུ་རྣམ་པ་གང་གིས་གང་ཞིག་དམིགས་པར་བྱེད་པའི་དམིགས་པ་དང་རྣམ་པ་དེ་དག་གི་ཁྱད་པར་ལ་མངོན་པར་ཞེན་པ་མེད་ལ། མངོན་པར་ཞེན་པ་མེད་པ་ཡང་མི་དམིགས་པའི་སྦྱོར་བས་ཆོས་ཀྱི་དབྱིངས་རྟོགས་པར་འགྱུར་བ་ཡིན་ཏེ། ཆོས་ཀྱི་དབྱིངས་ནི་མངོན་པར་ཞེན་པ་མེད་པ་དང༌། དམིགས་པ་མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའི་དམིགས་པ་ཉིད་དུ་བདེན་པ་བཞིར་འདོད་པའི་ཕྱིར་ན་དམིགས་པ་དང་རྣམ་པ་དག་དེ་ལ་རྟེན་པ་ཉིད་དུ་ཤེས་པར་བྱའོ་ཞེས་བསྟན་པའི་དོན་དུ། དམིགས་པ་མི་རྟག་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་ཕྱོགས་ཉེ་བར་བཀོད་དོ། །འོ་ན་ཇི་ལྟར་མི་རྟག་པ་ཉིད་ལ་སོགས་པར་མངོན་པར་ཞེན་པ་བཀག་པ་ལ་སོགས་པའི་རྣམ་པར་དམིགས་པ། ཐེག་པ་གསུམ་ཀ་རྟོགས་པའི་རྒྱུ་ཡིན་ཏེ། དེ་ལྟར་ན་ནི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེ་ན། གལ་ཏེ་ཐེག་པ་གཉིས་ཡོངས་སུ་ཤེས་པ་མེད་པར་སངས་རྒྱས་ཉིད་དུ་འགྱུར་ན་ནི་དེ་བདེན་ནོ། །འདི་ལྟར་ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་དག་གིས་གཞི་དང་ལམ་ཐམས་ཅད་ཤེས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དངོས་པོ་ཐམས་ཅད་ཀྱི་


DTG086_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་མཐའ་དག་མངོན་དུ་བྱེད་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འབྲས་བུ་ཉིད་ཀྱིས་ན་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་པ་ཡིན་ནོ། །དེས་ན་ཐེག་པ་གཉིས་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་ཤེས་པར་བྱ་བ་ཡིན་ལ། གཅིག་ནི་ཤེས་ནས་མངོན་དུ་བྱ་བ་ཡིན་པའི་ཕྱིར་ན་འགལ་བ་མེད་དོ། །བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་པའི་ཕྱིར། དེ་ཡོད་ན་ཆོས་ཀྱི་དབྱིངས་མི་རྟོགས་སོ། །དེས་ན་འཆད་པར་འགྱུར་བའི་མཐོང་བའི་ལམ་དང༌། བསྒོམ་པའི་ལམ་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར། སྦྱོར་བའི་ལམ་དུ་དེ་སྤང་བ་མ་ཡིན་ནོ། །དེ་ལྟ་ཡིན་དང་ཉན་ཐོས་ལ་སོགས་པ་ལ་ནི་ཡོད་ཀྱང་མེད་པ་དང༌། ཁྱད་པར་མེད་པའི་ཕྱིར་ན། མེད་དོ་ཞེས་བྱ་བ་དང་དེ་ཡོད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྦྱོར་བ་ཁྱད་པར་དུ་གྱུར་པ་ཡིན་ནོ་ཞེས་ཀྱང་བརྗོད་པ་ཡིན་ནོ། །འདི་སྐད་བརྗོད་དེ་ཀུན་ནས་ཉོན་མོངས་པའི་དངོས་པོ་དང༌། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་དག་གིས་སྲིད་པར་སྐྱེ་བས་ན་རྣམ་པར་བྱང་བའི་དངོས་པོ་དང༌། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དག་གིས་མྱ་ངན་ལས་འདས་པར་འགྱུར་བ་ཡིན་ནོ། །བདེན་པར་འདོད་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་ཕྱིར་རྣམ་པར་རྟོག་པ་ཉིད་ལམ་གྱིས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེས་ན་ཁྱད་པར་བཞི་པོ་འདི་ནི་དགེ་བའི་བཤེས་གཉེན་གྱི་ཁྱད་པར་ཉིད་ལས་འགྱུར་བ་དེས་ན་དེའི་ཁྱད་པར་སྟོན་པ་ནི། ཚིགས་སུ་བཅད་པ་སྦྱར་བ་དང་མཐུན་པ་ཞེས་བྱ་བའོ། །གང་གི་ཚེ་ཐབས་མཁས་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཤེས་པ་དེའི་ཚེ་དམིགས་པ་ལ་སོགས་པའི་ཁྱད་པར་ཅན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྦྱོར་བས་རྟོགས་པའི་ཁྱད་པར་བཤད་ནས་རྟོགས་པ་པོ་བརྗོད་པ་ནི་སྒྲུབ་པ་དང་ལྡན་པ་ཞེས་བྱ་བའོ། །རྟོགས་པ་པོའི་གནས་སྐབས་ཀྱི་དབྱེ་བ་དང༌། རང་བཞིན་དག་གིས་འཆད་བཞིན་པའོ། །རིགས་རྟོགས་པའི་རྒྱུར་འགྱུར་བ་དེས་ན་དང་པོར་གནས་སྐབས་ཀྱི་དབྱེ་བ་བཅུ་གསུམ་བརྗོད་པ་ནི། རེ་ཞིག་དང་པོར་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་


DTG086_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་དམིགས་ནས་བསྟན་ཟིན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རྣམ་པ་བཞིའི་སྟོབས་ཀྱིས་ཆོས་ཀྱི་དབྱིངས་བལྟས་ཏེ། བསྒོམ་པའི་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པས་རྣམ་པར་སྦྱངས་ནས། གཉེན་པོས་མི་མཐུན་པའི་ཕྱོགས་དྲུང་འབྱིན་པར་བྱེད་ལ། རློམ་པར་ཡང་མི་བྱེད་དོ། །རློམ་པ་མེད་བཞིན་དུ་ཡང་སྙིང་རྗེ་དང་ཤེས་རབ་དག་གིས་ཐུན་མོང་མ་ཡིན་པའི་ཆོས་ཐོབ་པས། ཐེག་པ་གསུམ་ལ་སེམས་ཅན་འདུལ་བ་ན། སངས་རྒྱས་ཉིད་ཐོབ་པར་འགྱུར་ཏེ། དེ་ལྟར་གོང་ནས་གོང་དུ་མངོན་པར་འཕེལ་བས་ན་རིགས་རྣམ་པ་བཅུ་གསུམ་མོ། །རང་གི་ངོ་བོར་བསྟན་པར་འདོད་པས་ཕྱོགས་སྔ་མ་དགོད་པ་ནི་གལ་ཏེ་ཆོས་ཀྱི་དབྱིངས་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་སོ་སོར་ངེས་པ་ཉིད་དུ་འདི་ལ་གནས་ཏེ། དེ་ན་གལ་ཏེ་རྟེན་གྱི་མཚན་ཉིད་ཀྱི་རིགས་ལ་དབྱེ་བ་མེད་པ་དེ་ལྟར་ན་ཡང་ཐོག་མ་མེད་པ་སྲིད་པ་ནས་ཡོད་པའི་དངོས་པོ་ལ་མངོན་པར་ཞེན་པའི་དྲི་མས་སྦགས་པ་ཉིད་ཀྱིས་སྦྱོར་བ་ལ་སོགས་པ་ལ་ལྟོས་ནས་གང་གིས་ཚོགས་སོགས་པ། རྟོག་པས་བྱས་པའི་དབྱེ་བ་ཡོད་པ་ཉིད་དོ། །དེ་སྐད་དུ་ཡང༌། ཀུན་ནས་ཉོན་མོངས་རྣམ་དག་པ། །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་སོ། །གནས་སྐབས་བཅུ་གསུམ་གྱིས་དམིགས་པར་བྱ་བའི་ཡུལ་རྣམ་པ་བརྒྱད་དང༌། རང་གི་ངོ་བོ་ཉིད་གསུམ་དང་ལྡན་པར་བརྗོད་པ་ནི་སྒྲུབ་པའི་རྟེན་དུ་གྱུར་པ་ཇི་སྐད་བཤད་པ་ཞེས་བྱ་བའོ། །ཕུང་པོ་ལྔ་དང༌། བསམ་གཏན་བཞི་དང༌། ཉེ་བར་ལེན་པའི་ཕུང་པོ་དང༌། དྲན་པ་ཉེ་བར་གཞག་པ་དང༌། འདོད་པ་ལ་སོགས་པའི་ཁམས་དང༌། དེ་བཞིན་ཉིད་དང་འཕགས་པའི་སྐྱེ་བོ་དང་འབྲེལ་པའི་བསམ་གཏན་བཞི་དང༌། སངས་རྒྱས་ཀྱི་ཆོས་ཉིད་ནི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་སྒྲས་པ་རྗོད་པར་བྱ་བའི་ཆོས་ཐམས་ཅད་དེ། འཇིག་རྟེན་པ་ལ་སོགས་པ་རྣམ་པ་གཉིས་པོ་བཞིས་སྦྱོར་བའི་ལམ་ལ་སོགས་པ་རྣམས་ཀྱིས་དམིགས་པར་བྱེད་དོ། །དེས་ན་སྤྱི་དང༌། ཁྱད་བར་གྱི་ངོ་བོས་དམིགས་པ་རྣམ་པ་བཅུ་གཅིག་གོ །སྦྱོར་


DTG086_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་ལ་འདི་སྒྲུབ་པས་ཆེད་དུ་བྱ་བས་ན་བསྒྲུབས་པའི་འབྲས་བུ་ནི་ཆེད་དུ་བྱ་བའོ། །དེའང་རང་གི་དོན་དང་གཞན་གྱི་དོན་གཉིས་ལས། རང་གི་དོན་སྤངས་པ་དང་རྟོགས་པའི་དབྱེ་བས་རྣམ་པ་གསུམ་མོ། །དེས་དེ་ལྟར་རྟེན་ལ་སོགས་པའི་དྲུག་པོ་རྣམས་ཀྱི་རང་གི་ངོ་བོ་དང་རབ་ཏུ་དབྱེ་བ་གཉིས་ཡོངས་སུ་ཤེས་པ་ལས་དེ་རྣམས་ལ་བསྒྲུབ་པར་འགྱུར་བ་ཡིན་ནོ། །དེ་ཡང་སྤྱི་དང་ཁྱད་པར་གྱི་དངོས་པོས་ཡུལ་དང་སྦྱོར་བ་གཉིས་ལ་གྲངས་ཇི་ལྟ་བ་བཞིན་དུ། དཀར་བའི་ཆོས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་རྗེས་སུ་སྒྲུབ་པའི་རང་བཞིན་ལས་ཀྱི་དབྱེ་བས་འབྲས་བུ་ཐ་དད་པའི་ཕྱིར་རྣམ་པ་བཞིར་འགྱུར་རོ། །དེས་ན་དེ་རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་དག་བསྟན་པའི་ཕྱིར། །དེ་ལྟར་སྒྲུབ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉོན་མོངས་པ་དང་བྲལ་བའི་སྦྱོར་བ་རྣམས་སུ་འདིས་གོ་ཆ་བགོས་པས་ན་འདིའི་རང་གི་ངོ་བོ་ནི་བརྩོན་འགྲུས་ཡིན་ལ། སྦྱིན་པ་ལ་སོགས་པ་དྲུག་ཚན་དྲུག་གི་ཡིན་པའི་ཕྱིར་ན་རབ་ཏུ་དབྱེ་བ་ནི་སུམ་ཅུ་རྩ་དྲུག་སྟེ་དེ་བཞིན་དུ་གཞན་ལ་ཡང་ངོ༌། །འདི་ལྟར་བསམ་པ་ཡིན་ཏེ་སྦྱོར་བའི་ལམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་རྟོགས་པ་ན། མཐོང་བའི་ལམ་གྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་གྱིས་སྙིང་རྗེ་ལ་སོགས་པ་རྣམ་པ་མངོན་དུ་བྱེད་པ་ནི་ཚོགས་བསགས་པ་ལས་ཁྱད་པར་གྱི་ལམ་གྱི་ཆེད་དུ་བྱ་བ་རྣམ་པ་གསུམ་ལ་སོགས་པ་ཐོབ་པས་ན་བྱ་བ་བྱས་པར་འགྱུར་རོ། །ཞེས་བྱ་བ་ཡིན་ནོ། མངོན་པར་རྟོགས་པ་དང་པོ་འདིའི་དོན་ནི་འདི་ཡིན་ཏེ། ཚུལ་ཇི་ལྟ་བ་བཞིན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱད་པ་ན་དེ་མཐར་ཐུག་པར་འགྲོ་བར་བྱ་བའི་དོན་དུ་དགེ་བའི་བཤེས་གཉེན་ལས་གདམས་ངག་བཟུང་སྟེ། སྦྱོར་བ་རྩོམ་པའི་དུས་སུ་རང་གི་གནས་སྐབས་དང༌། ཆོས་རྣམས་ཀྱི་རང་བཞིན་ལ་རྣམ་པར་ལྟ་བ་ན་རང་དང་གཞན་གྱི་དོན་གྱི་ཆེད་དུ་བྱས་ནས་གོ་ཆ་ལ་སོགས་པ་སྒྲུབ་པ་སྤྱོད་པའི་རང་བཞིན་རྣམ་པ་བཞིས་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མངོན་དུ་བྱེད་དོ། །དེས་ན་དོན་བཅུ་པོ་འདི་རྣམས་ཀྱིས་རྣམ་པ་ཐམས་ཅད་བསྡུས་པ་ཡིན་ནོ་ཞེས་བྱ་བའོ། །སྐབས་དང་པོའོ།། །།


previousསྐབས་དང་པོ།next