Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་དྲུག་པ།


   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
སྐབས་གཉིས་པ།
   
   
   
   
   
   


 
previousསྐབས་གཉིས་པ།next

སྐབས་གཉིས་པ།


DTG086_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཟིན་པའི་རྣམ་པ་རྣམས་ནི་གཉེན་པོ་བསྒོམ་པ་མེད་པར་མི་


DTG086_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པས་ན། ལམ་ཤེས་པ་ཉིད་ཀྱི་གཉེན་པོ་གསུངས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ཞེས་བྱ་བའོ། །ལམ་གྱི་ཡན་ལག་དང༌། དེའི་རང་གི་ངོ་བོ་དང༌། དེའི་རྒྱུ་དང་དེའི་འབྲས་བུ་རྣམས་སྤྱིར་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་དང་པོ་ལམ་གྱི་ཡན་ལག་གསུངས་པ་ནི། ལམ་ཤེས་པ་ཉིད་སྐྱེ་བར་རུང་བ་ཉིད་དུ་ཞེས་བྱ་བའོ། །རློམ་པ་མེད་པ་ཉིད་དང༌། བྱང་ཆུབ་ཏུ་སེམས་བ་སྐྱེད་པ་ཉིད་དང༌། ཐེག་པ་ཐམས་ཅད་པ་ཉིད་དང༌། །རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་མ་སྤངས་པ་ཉིད་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པའི་མཚན་ཉིད་རྟེན་དང༌། སོ་སོར་ངེས་པ་དང༌། ཁྱབ་པ་དང༌། རང་བཞིན་དང༌། ལས་ཀྱི་མིང་ཅན་རྣམས་མི་གཉེན་པོའི་ཡན་ལག་ཡིན་པའི་ཕྱིར་ན། ལམ་གྱི་ཡན་ལག་ཏུ་བརྗོད་དོ། །དེ་བས་ན་དེ་མེད་པར་ལམ་ཤེས་པ་མི་འབྱུང་བའི་ཕྱིར་རེ་ཞིག་དེ་ཡུལ་དུ་བྱས་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །ལམ་གྱི་རང་བཞིན་བརྗོད་པའི་སྐབས་སུ་རེ་ཞིག་ཉན་ཐོས་ཀྱི་ལམ་གྱི་རང་བཞིན་བརྗོད་པ་ནི་དེ་ལྟར་རྟེན་ལ་སོགས་པ་ཞེས་བྱ་བའོ། །བདེན་པ་དང་དེའི་རྣམ་པ་རྣམས་ལ་ཐེག་པའི་དབྱེ་བས་ཐ་དད་པ་མེད་པའི་ཕྱིར། དམིགས་པ་དང༌། མི་དམིགས་པས་བྱས་པའི་དབྱེ་བ་བརྗོད་པར་བྱ་བ་ཡིན་ནོ། །དེ་ལྟར་ཡིན་ཡང་ཐེག་པ་དང་པོ་ལ་ཡང་བྱང་ཆུབ་སེམས་དཔའ་མི་དམིགས་པའི་སྦྱོར་བས་དམིགས་པར་བྱ་བའི་བདེན་པ་རྣམ་པ་དང་མི་འདྲ་བ་དང༌། ལྷག་པར་འགྱུར་བ་ཡིན་ནོ། །འདི་ལྟར་སྡུག་བསྔལ་དང་ཀུན་འབྱུང་གཉིས་ཀྱི་རྣམ་པ་མི་འདྲ་བ་བརྒྱད་པོ་རྣམས་ཀྱི་མཐར་རེ་རེ་ལ་ཡིད་འབྱུང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པའི་རྣམ་པ་གསུམ་མོ། །དེ་རྣམས་ཀྱི་དང་པོ་ནི་མི་མཐུན་པར་འགྱུར་བ་ཉིད་དང༌། གཉེན་པོ་དང་བསམ་པ་ཉིད་ཀྱིས་ན། ཕ་རོལ་ཉིད་དང༌། འཇིག་པའི་ཆོས་ཅན་ཉིད་ཅེས་བྱ་བ་གཉིས་སོ། །གཉིས་པ་ཡང་རང་གི་ངོ་བོ་རྣམ་པར་མི་གནས་པ་ཉིད་དང༌། རྒྱུ་ལ་མ་ལྟོས་པར་འཇིགས་པ་ཉིད་ཀྱིས་ན། གཡོ་བ་དང༌། རབ་ཏུ་འཇིག་པ་རྣམ་པ་གཉིས་སོ། །གསུམ་པ་ལ་ནི་འཇིག་རྟེན་འདི་དང་ཕྱི་མ་གཉིས་སུ་འཇིགས་པ་དང་བཅས་པ་དང༌། སེམས་ཡོད་པ་དང༌། སེམས་མེད་པས་བྱས་པའི་ཉེ་བར་འཚེ་བ་དང༌།


DTG086_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རྣམས་ཀྱིས་ན་འཇིགས་པ་དང༌། འགོ་བའི་ནད་དང༌། ཉེ་བར་འཚེ་བའི་རྣམ་པ་གསུམ་སྟེ། དེ་ལྟར་རྣམ་པ་བདུན་ནི་ལྷག་པ་ཡིན་ནོ། །དེ་བཞིན་དུ་འགོག་པ་ལའང་མི་མཐུན་པའི་རྣམ་པ་བཞིའི་མཐར་རྟག་ཏུ་ཕན་པའི་བཞི་ཉིད་ཀྱིས་ན། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པའི་རྣམ་པ་རྣམས་ལྷག་པར་གྱུར་པ་ཡིན་ནོ། །ལམ་ལ་རྣམ་པ་ལྷག་པའི་རྒྱུ་མཚན་མེད་པའི་ཕྱིར་ན་མི་འདྲ་བ་ཙམ་དུ་ཟད་དོ། །དེས་ན་བདེན་པ་བཞི་ལ་རྟེན་པའི་རྣམ་པ་ཉི་ཤུ་རྩ་དྲུག་པོ་འདི་རྣམས་བྱང་ཆུབ་སེམས་དཔའ་དང་འབྲེལ་པར་ཡིན་ཡང་ཡོངས་སུ་ཤེས་པར་བྱ་བའི་ཆོས་ཀྱི་སྒྲུབ་བྱེད་ཡིན་པའི་ཕྱིར་ན་ཉན་ཐོས་ཀྱི་ལམ་ཉིད་ཡིན་པས་ན་འགལ་བ་འགལ་ཡང་མེད་དོ། །དང་པོའི་ལམ་གྱི་རང་བཞིན་བརྗོད་ཟིན་ཏོ། །དེའི་རྒྱུ་བརྗོད་པ་ནི་བདེན་པ་བཞི་ཡོངས་སུ་ཤེས་པ་ནི་ཞེས་བྱ་བའོ། །འདི་ལ་ཡང་རྣམ་པའི་ཁྱད་པར་དང༌། དེའི་རྒྱུ་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་སྟོང་པ་ཉིད་རྣམས་ལ་ཐ་མི་དད་པར་དམིགས་པ་དང༌། དེ་མི་དམིགས་པ་དང༌། རྟག་པ་ལ་སོགས་པར་དམིགས་པའི་གནས་འགོག་པ་དང༌། ས་བཅུ་པའི་གནས་འགོག་པའི་མཚན་ཉིད་རྣམ་པ་བཞི་པོ་རྣམས་ཀྱིས་བདེན་པ་བཞི་ཡུལ་དུ་བྱས་པ་ན། ལམ་གྱི་རྣམ་པ་ལྔར་བཤད་པ་སྐྱེ་ཞིང༌། རྣམ་པ་དེ་དག་ཀྱང་ཚད་མས་མ་དམིགས་པའི་ཕྱིར་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཐེག་པ་དང་པོ་གཉིས་ལ་ནི་རྣམ་པའི་ཁྱད་པར་མེད་པའི་ཕྱིར་ན། འབྲས་བུ་དང་དམིགས་པའི་རྣམ་པ་དག་གིས་ཁྱད་པར་ཉེ་བར་མཚོན་པར་བྱེད་པ་གསུངས་པ་ནི་ཉན་ཐོས་ཀྱི་ལམ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གཞན་གྱི་ཉེ་བར་སྟོན་པ་ལ་མི་ལྟོས་པར་རང་འབྱུང་གི་ཡེ་ཤེས་ཉིད་དང༌། ཟབ་པ་ཉིད་ནི་འབྲས་བུའི་ཁྱད་པར་ཡིན་ལ། གཟུང་བའི་རྟོག་པ་མ་དམིགས་པ་དང༌། འཛིན་པའི་རྟོག་པ་ཙམ་གྱི་ས་སྔར་བཤད་པའི་རྣམ་པ་རྣམས་ཀྱི་སྒོ་ནས་བདེན་པ་ལ་དམིགས་པ་ཞེས་བྱ་བ་ནི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །ཁྱད་པར་འདི་གཉིས་ནི་རྒྱུའི་ཁྱད་པར་མེད་པར་མི་འབྱུང་བས་ན་དེ་བརྗོད་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་ན་ཞེས་བྱ་བ་ཡིན་ནོ། །གཟུགས་ལ་


DTG086_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གཟུང་བའི་མཚན་ཉིད་མ་དམིགས་པའི་ཕྱིར་ན། དེ་བརྡ་ལས་བྱུང་བ་ཙམ་ཉིད་དང༌། འགྲིབ་པ་དང༌། འཕེལ་བ་མེད་པ་ཉིད་དང༌། ནང་སྟོང་པ་ཉིད་ལ་སོགས་པ་ཉིད་དུ་ཡོངས་སུ་མི་འཛིན་པ་དང༌། སྐྱེ་བ་དང་འགག་པ་བཀག་པའི་རྣམ་པ་རྣམས་ཀྱིས་དམིགས་པ་ནི་རྒྱུའི་ཁྱད་པར་རོ། །ཐེག་པ་དང་པོའི་འབྲས་བུ་ནི་ཐེག་པ་གཉིས་པའི་འབྲས་བུ་བརྗོད་པའི་ཤུགས་ཁོ་ནས་བདེ་བླག་ཏུ་རྟོགས་ཏེ། དེས་ན་ལོགས་སུ་མ་བཤད་དོ། །ཐེག་པ་གསུམ་པ་ནི་ལམ་གྱི་སྐད་ཅིག་མ་རྣམ་པའི་ཁྱད་པར་དག་ཁོ་ན་ནས་ཁྱད་པར་དུ་བྱ་བ་སྟེ། དེས་ན་དེ་དག་རིམ་པ་བཞིན་བཤད་པ་ན། རང་སངས་རྒྱས་ཀྱི་ལམ་གྱི་མཇུག་ཐོགས་སུ་ཞེས་བྱ་བའོ། །དོན་འདི་ཡིན་ཏེ་སྔར་བཤད་པའི་ཆུང་ངུའི་ཆུང་ངུ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཅུ་གཉིས་ཀྱི་དེ་མ་ཐག་ཏུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་སྐྱེ་ལ། །དེ་ཡང་ངོ་བོ་ཉིད་ཀྱི་སྐུའི་མཚན་ཉིད་སངས་རྒྱས་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཉིས་ལ་ཕན་ཚུན་རྟེན་དང་བརྟེན་པའི་དངོས་པོ་མི་དམིགས་པའི་རྣམ་པས་དམིགས་པ་ན། བྱང་ཆུབ་སེམས་དཔའི་ལམ་ཉིད་འཐོབ་པོ། །དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་སྐད་ཅིག་ལ་ཡང་གཟུགས་ལ་སོགས་པའི་ཆོས་ཀྱི་དབྱིངས་སུ་སྦྱོར་བ་རྣམས་ལ། ཆེན་པོ་ཉིད་ལ་སོགས་པའི་རྣམ་པ་བསྒོམ་ས་པས་ན་དེ་བཞིན་དུ་འགྱུར་རོ། །དེ་ལྟར་ན་ཡང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་པ་དང༌། དེ་ལས་རྣམ་པར་གྲོལ་བ་གྲངས་ཇི་ལྟ་བ་བཞིན་སྐྱེའོ། །དེ་ཡང་ཆོས་ཀྱི་དབྱིངས་ཟག་པ་མེད་པ་ཉིད་དུ་རྟོགས་པའི་ཕྱིར། མཐོང་བའི་ལམ་གྱི་སྐད་ཅིག་མ་ཐམས་ཅད་ཀྱི་རྒྱུའི་དངོས་པོར་འགྱུར་ཞིང༌། བདག་ཉིད་ཀྱང་མཐོང་བའི་ལམ་ཞེས་བྱ་བར་འགྱུར་པ་ཡིན་ནོ། །དེ་བཞིན་དུ་ལམ་གྱི་སྐད་ཅིག་མ་ཕྱི་མ་རྣམས་ལ་ཡང་སོ་སོར་རྣམ་པའི་ཁྱད་པར་རྟོགས་པར་བྱའོ། །རྣམ་པ་ཐ་དད་པས་སྐད་ཅིག་རྣམས་ཐ་དད་ཀྱང༌། ཆོས་ཀྱི་དབྱིངས་མཐོང་བའི་ལམ་ལ་ཁྱད་པར་ཅི་ཡོད་ཅེ་ན། བརྗོད་པ་སྦྱོར་བའི་ལམ་བརྟེན་པ། སྡུག་བསྔལ་གྱི་བདེན་པ་རྟོགས་


DTG086_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་ཆོས་རྣམ་པར་སྤྱོད་པ་བདག་པོར་བྱས་ནས། གང་གི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་འགྱུར་བའི་ཉོན་མོངས་པར་འགྱུར་བ་ཆོས་ཐམས་ཅད་ཀྱི་སྡུག་བསྔལ་གྱི་བདེན་པའི་དངོས་པོ་མངོན་དུ་བྱེད་པའི་ཤེས་པ་འཇིག་རྟེན་ལས་འདས་པ་སྐྱེ་བ་ཡིན་ནོ། །དེས་ཀྱང་ཐེ་ཚོམ་དང་ཕྱིན་ཅི་ལོག་ལས་འདས་པའི་ཕྱིར་ན། སྡུག་བསྔལ་ཉིད་འདོད་ཅིང་བཟོད་ལ་ཡོངས་སུ་ཚོལ་ཏེ། འདི་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །དེ་ཉིད་ཀྱིས་ཉོན་མོངས་པ་རྣམ་པར་གྲོལ་བར་འགྱུར་ཏེ། ཆོས་ཉིད་ཀྱི་མཚན་ཉིད་ནི་རྣམ་པར་གྲོལ་བ་ཡིན་པའི་ཕྱིར་རོ། །དེས་ན་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །བཟོད་པ་དང་ཤེས་པ་དེ་དག་ཀྱང་འཕགས་པའི་ཆོས་རྣམས་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་བྱ་བའི་རྣམ་པར་བཟོད་པའི་ཕྱིར་ན་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དེའི་སྟོབས་ཀྱིས་ཀྱང་རྗེས་སུ་འགྲོ་བ་ངེས་པར་འཛིན་པར་བྱེད་པའི་མངོན་སུམ་ཟག་པ་མེད་པ་སྣང་བ་གང་ཡིན་པ་དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་བཟོད་པ་དང༌། ཤེས་པ་རྣམས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཡིན་དང་སྐད་ཅིག་བཅུ་དྲུག་པོ་རྣམས་ལ་ཡང་ཤེས་བྱ་ལ་ཤེས་པ་སྐྱེ་བ་ཉིད་ཡོངས་སུ་རྫོགས་པ་ཉིད་མཐོང་བའི་ལམ་གྱི་སྐད་ཅིག་ཡིན་ནོ། །དེ་ལ་ཡང་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་གཉིས་ཀྱིས་གཟུང་བ་རྟོགས་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང༌། རྗེས་སུ་ཤེས་པ་གཉིས་ཀྱིས་འཛིན་པ་ཡང་རྟོགས་པ་ན། བྱང་ཆུབ་སེམས་དཔའ་མཚན་མ་མེད་པ་དང༌། མི་དམིགས་པ་ལ་གནས་པས་མཐོང་བའི་ལམ་ལ་གནས་པར་འགྱུར་རོ། །འོ་ན་ཇི་ལྟར་མཐོང་བའི་ལམ་དང་སྐད་ཅིག་གཅིག་ལ་མངོན་པར་རྟོགས་པར་བཤད་ཅེ་ན། འབྲས་བུའི་མངོན་པར་རྟོགས་པ་ལ་དགོངས་པའི་ཕྱིར་རོ། །འདི་ལྟར་བཤད་ཟིན་པའི་ལམ་གྱི་སྡུག་བསྔལ་སྤོང་བ་ནི་ཀུན་འབྱུང་སྤོང་བ་མེད་པར་མི་འབྱུང་ལ། དེ་ཉིད་ཀྱང་འགོག་པ་ཡིན་ནོ། །དེས་ན་འབྲས་བུ་གཅིག་ཡིན་པའི་ཕྱིར་མཐོང་བའི་ལམ་སྐད་


DTG086_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གཅིག་མངོན་པར་རྟོགས་པ་ཡིན་ནོ། །རྟོགས་པའི་མངོན་པར་རྟོགས་པ་ལ་ཡང༌། གལ་ཏེ་སྐད་ཅིག་མ་བཅུ་དྲུག་གིས་རྟོགས་པའི་རྣམ་པ་ཐ་དད་པ་དེ་ལྟ་ན་ཡང༌། ཆོས་ཀྱི་དབྱིངས་རྟོགས་པ་ལ་ནི་ཐ་དད་པ་ཅི་ཡང་མེད་དོ། །དེ་ལྟར་མ་ཡིན་ན་མིག་སེར་ཅན་ལ་སོགས་པའི་མཐོང་བ་བཞིན་དུ་ད་དུང་ཡང་འཁྲུལ་པ་མི་ལྡོག་པའི་ཕྱིར། ཇི་ལྟར་མཐོང་བའི་ལམ་དུ་འགྱུར། དེ་ལྟ་ན་ཡང་དེ་བསྒོམ་པའི་ལམ་གྱིས་རྣམ་པར་དག་པར་མི་འགྱུར་ཏེ། མཐོང་བ་དག་པ་མི་འཐད་པའི་ཕྱིར་རོ། །དེས་ན་ཆོས་ཀྱི་དབྱིངས་ནི་སྐད་ཅིག་གཅིག་ལ་རྟོགས་པ་ཅན་ཡིན་ནོ། །དེ་གཅིག་པའི་ཕྱིར་ན་ལམ་ཡང་སྐད་ཅིག་གཅིག་ཉིད་དོ། །དེ་ལྟར་ལམ་གསུམ་གྱི་རང་བཞིན་བརྗོད་མ་ཐག་ཏུ། དེའི་རྒྱུ་བརྗོད་པར་རིགས་པ་ཡིན་མོད་ཀྱི་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་སུ་བཤད་ཟིན་པའི་ཕྱིར་དེ་མ་བརྗོད་པར་ལམ་གྱི་ཕྱོགས་གཅིག་གི་འབྲས་བུ་བཤད་པའི་ཕྱིར་བརྗོད་པ་ནི་མཐོང་བའི་ལམ་གྱི་མཇུག་ཐོགས་སུ་ཞེས་བྱའོ། །འདི་སྐད་བརྗོད་པ་ཡིན་ཏེ། འཆད་པར་འགྱུར་བ་བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དག་གིས་མཐོང་བའི་དོན་དག་པས་མཐར་ཕྱིན་པ་ན་ཁྱད་པར་གྱི་ལམ་ཞེས་བྱ་བ་མཐོང་བའི་དོན་རྣམ་པར་དག་པའི་གནས་སྐབས་སུ་འགྱུར་བ་ཡིན་ནོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཞི་གནས་དང་ལྷག་མཐོང་དང་ལྡན་པའི་སེམས་བརྟན་པར་གྱུར་པ་ན་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་རྒྱུ་ང་རྒྱལ་དང་ཆགས་པ་དག་ལྡོག་ལ། དེ་ལྡོག་པ་ན་ཡང་དེའི་རྒྱུ་ཅན་གྱི་སྡུག་བསྔལ་དང་ཀུན་འབྱུང་བ་ལྡོག་གོ །དེས་ན་སྒྲིབ་པ་གཉིས་སྤངས་པས་སངས་རྒྱས་ཀྱི་ཆོས་མཐའ་དག་མངོན་དུ་བྱེད་པ་ན་དེའི་བདག་པོ་ལས་བཞིའི་ཡུལ་མཆོད་པར་བྱ་བ་ཉིད་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ན་ལམ་དང་པོ་གཉིས་ལ། བྱང་ཆུབ་སེམས་དཔའ་ལ་བསྒོམ་པའི་ལམ་གྱི་བྱེད་པ་མེད་པའི་ཕྱིར་ན་མ་བརྗོད་དོ། །ཡོངས་སུ་ཤེས་པའི་ནི་མཐོང་བའི་ལམ་ཉིད་ཀྱིས་རྫོགས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཐེག་པ་གཉིས་ཀྱིས་བསྒོམ་པའི་ལམ་མངོན་དུ་མ་བྱས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་ཅེས་བརྩད་པར་ནི་


DTG086_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ་སྟེ། མཐོང་བའི་ལམ་བཞིན་དུ་བསྒོམ་པའི་ལམ་ལ་ཡང་རྣམ་པའི་ཁྱད་པར་ཡོངས་སུ་ཤེས་པར་བྱར་མེད་པའི་ཕྱིར་རོ། །འདི་ལྟར་སྦྱོར་བ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་མི་དམིགས་པ་ལ་སོགས་པའི་རྣམ་པས་སྦྱོར་བའི་ཕྱིར། མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེས་ན་མཐོང་བའི་ལམ་གྱི་རྣམ་པ་རྣམས་ཀྱང་ཁྱད་པར་འགྱུར་བ་ཡིན་ནོ། །གང་གིས་བསྒོམ་པའི་ལམ་གྱི་རྣམ་པ་ཁྱད་པར་དུ་ཡོངས་སུ་ཤེས་པར་བྱ་བར་འགྱུར་བ་དེ་བཞིན་དུ། མཐོང་བའི་ལམ་གྱི་རྣམ་པ་རྣམས་ལ་ནི་རང་གི་ངོ་བོས་ཁྱད་པར་ཡོད་པ་མ་ཡིན་ནོ། །དེས་ན་ཐེག་པ་ཐ་མ་བསྒོམ་པའི་ལམ་ཡོངས་སུ་ཤེས་པ་ཁོ་ནས་དང་པོ་གཉིས་ཀྱིས་བསྒོམ་པའི་ལམ་ཤེས་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པ་ལ་འགལ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་སྐབས་ཡིན་ནོ། །བསྒོམ་པའི་ལམ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ན་ཟག་པ་དང་བཅས་པ་ཡང་བསྟན་ཏོ། །དེ་ཡང་སྦྱོར་བ་དང་དངོས་དང་མཇུག་གི་དབྱེ་བས་མོས་པ་ལ་སོགས་པའི་མིང་ཅན་རྣམ་པ་གསུམ་མོ། །དེ་ལས་ཡུལ་དང༌། རབ་ཏུ་དབྱེ་བ་དང༌། འབྲས་བུའི་དབྱེ་བས་དབྱེ་བ་བརྗོད་པའི་ཕྱིར། བྱེད་པའི་འོག་ཏུ་ཞེས་གསུངས་སོ། །ཟག་པ་དང་བཅས་པ་ཡིན་པའི་ཕྱིར་རང་དང་གཞན་གཉི་གའི་དོན་གྱིས་ན་མོས་པའི་ཡུལ་གསུམ་མོ། །དེ་དག་ཀྱང་སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རིམ་པས། དམིགས་པའི་རྣམ་པ་ཐ་དད་པའི་ཕྱིར་མོས་པའི་རྣམ་པ་ཡང་སུམ་ཅུ་རྩ་བདུན་ནོ། །མོས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་ན་ཡང་བསྟོད་པ་དང་བཀུར་བ་དང་བསྔགས་པའི་རང་བཞིན་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཀྱི་ཡང་ཆུང་ངུ་ལ་སོགས་པའི་དབྱེ་བས་འབྲས་བུ་རྣམ་པ་ཉི་ཤུ་བདུན་འཐོབ་པའི་ཕྱིར་སྦྱོར་བ་རྫོགས་པར་འགྱུར་རོ་ཞེས་སྟོན་པ་ནི་དེ་བསྒོམ་པའི་ཞེས་བྱ་བ་ལ་སོགས་པའོ། །ལེགས་པར་བསགས་པའི་སྦྱོར་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་ནི་རྩ་བ་ཡིན་པ་དེས་ན། བླ་ན་མེད་པའི་བྱང་ཆུབ་ལ་སོགས་པ་དམིགས་པ་རྣམ་པ་བཅུ་གཅིག་དང་ལྡན་པའི་མོས་པའི་ཁྱད་པར་མི་དམིགས་


DTG086_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པའི་རྣམ་པ་ཅན་རྣམས་ཀྱིས་མོས་པར་བྱ་བའི་དོན་ལ་དམིགས་པ་ན། ཐེག་པ་གསུམ་ལ་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ། དེའི་ལམ་ཉེ་བར་བསྟན་པས་བྱེད་པ་ཐོབ་པའི་ཕྱིར་ཟག་པ་དང་བཅས་པའི་བསྒོམ་པའི་ལམ་ཐོང་བ་ཡིན་ནོ་ཞེས་སྦྱོར་བར་བྱེད་པ་ནི་དེ་ལྟར་མོས་པ་ལ་ཞེས་བྱ་བ་ལ་སོགས་པའོ། །ཐོབ་པའི་ལམ་ལ་རྗེས་སུ་ཡི་རང་བའི་མཚན་ཉིད་མཇུག་རྒྱས་པའོ། །དེས་ན་རྗེས་སུ་ཡི་རང་བས་ལམ་སྤེལ་བ་བརྗོད་པ་ནི། དེ་ལྟར་ལེགས་པར་བསྔོས་པ་ཞེས་བྱ་བའོ། །འདི་ལྟར་བསམ་པ་ཡིན་ཏེ། མཐོང་བའི་ལམ་གྱི་དེ་མ་ཐག་ཏུ་བཤད་ཟིན་ཏོ། །སྦྱོར་བ་དང་དངོས་དང་མཇུག་གི་དབྱེ་བས་བསྒོམ་པ་ཡོངས་སུ་རྫོགས་པ་ན། འཇིག་རྟེན་ལས་འདས་པའི་ལམ་ཡིན་ནོ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གསུངས་པ་ནི་ཟག་པ་དང་བཅས་པའི་འོག་ཏུ་ཞེས་བྱ་བའོ། །ལམ་གྱི་ཐོབ་པར་བྱ་བ་དོན་འདིས་མངོན་པར་འགྲུབ་པར་བྱེད་པས་ན། མངོན་པར་འགྲུབ་པའི་ལམ་གྱིས་ཐོབ་པ། རྣམ་པར་དག་པའི་ལམ་གྱིས་སྤྱི་དང་ཁྱད་པར་དུ་རྣམ་པར་དག་པའི་ཕྱིར། ངོ་བོ་ཉིད་ལ་སོགས་པ་རྟོགས་པ་རྣམ་པ་ལྔའོ། །ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་མཐོང་བའི་རང་བཞིན་གྱི་ལམ་དུ་སངས་རྒྱས་ཉིད་ངེས་པའི་ཕྱིར་ན། ཆོས་ཐམས་ཅད་ཀྱི་ཁྱད་པར་སྐྱེད་པ་ལ་འཐད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་དེ་གསུམ་མི་དམིགས་པ་ཁོ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་སྐྱེ་ལ། དེ་ལས་སངས་རྒྱས་ཉིད་ཀྱི་མཚན་ཉིད་ཀྱི་དོན་ཆེན་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱི་དང་ཁྱད་པར་གྱི་དངོས་པོས་རྣམ་པར་དག་པ་གཉི་གའི་སྐྱེ་བ་དང་འགོག་པའི་རྒྱུ་དག་ལེན་པ་དང་འདོར་བ་ཉིད་ལ་རྟོགས་པའི་ཕྱིར། ལེན་པ་དང་འདོར་བ་དག་གི་ཡུལ་རིམ་པར་བརྗོད་པ་ནི་དེའི་འོག་ཏུ་གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །རེ་ཞིག་རྣམ་པར་རྟོག་པ་དང་པོ་ནི་མངོན་པར་ཞེན་པ་ལོག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། དགེ་སྤྱོང་གི་འབྲས་བུ་ཡང་མི་དམིགས་པའི་ལམ་གྱིས་ཐོབ་པ་ན་གང་ལ་མངོན་པར་ཞེན་པར་འགྱུར་པའི་འབྲས་བུ་ལུས་པ་ཅི་ཞིག་ཡོད། དེས་ན་མངོན་པར་ཞེན་པ་ལ་སོགས་པ་ཉིད་ལམ་ལོག་པ་ཉིད་ལམ་


DTG086_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པ་ཡིན་ནོ། །དེས་ན་དེའི་ཁྱད་པར་བརྗོད་པ་ནི་རྣམ་པར་དག་པ་སྤྱིར་བརྗོད་ན་ཞེས་བྱ་བའོ། །ཁྱད་པར་དེ་ཡང་བྱེད་པ་དང་ཡུལ་གྱི་ཁྱད་པར་མེད་པར་བསྟན་པར་མི་ནུས་པ་དེས་ན། དང་པོར་བྱེད་པའི་ཁྱད་པར་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་རང་རང་གི་ངེས་འབྱེད་ཀྱི་ཆ་དང་མཐུན་པ་རྟོགས་པའི་རིམ་གྱིས་ལམ་མངོན་དུ་གྱུར་པ་ན་གོ་རིམས་ཇི་ལྟ་བ་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་དང༌། གཟུང་བའི་རྣམ་པར་རྟོག་པའི་མཚན་ཉིད་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་ནི་སྔར་བརྗོད་པའི་ཐེག་པ་གསུམ་གྱིས་བསྡུས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རིམ་གྱིས་ལམ་མངོན་སུམ་དུ་བྱས་པ་ན་ལམ་གསུམ་གྱི་སྒྲིབ་པ་སྤངས་པའི་ཕྱིར། སྤྲོས་པ་མེད་པའི་ཏིང་ངེ་འཛིན་ཐོབ་ན་ཚད་མ་དང་གཞལ་བྱ་ཐམས་ཅད་ཀྱི་རང་བཞིན་མ་དམིགས་པའི་ཕྱིར། མི་མཐུན་པའི་ཕྱོགས་དང་གཉེན་པོ་གང་རང་བཞིན་ནི་མཚུངས་པ་ཉིད་ཀྱིས་སྒྲིབ་པའི་ཕྱིར་རྣམ་པར་རྟོག་པ་ཡང་སྤང་པའི་ཕྱིར། ལམ་གྱིས་རྫོགས་པའི་བྱང་ཆུབ་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །དེ་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ། ལམ་གྱི་ཡན་ལག་རྣམ་པ་ལྔ་རྫོགས་པ་ན། བདག་ཉིད་ཇི་ལྟ་བ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལས་མ་འདས་པར་ཉན་ཐོས་ཀྱི་ལམ་གྱིས་ཐམས་ཅད་ཀྱི་གཉེན་པོ་མཐོང་བ་ན། རང་སངས་རྒྱས་ཀྱི་ལམ་གྱིས་གཟུང་བའི་རྣམ་པར་རྟོག་པ་དང་བྲལ་བ་དང༌། བྱང་ཆུབ་སེམས་དཔའི་ལམ་གྱིས་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་རྟོགས་ནས་བསྒོམ་པའི་ལམ་ཟག་པ་དང་བཅས་པ་ཟག་པ་མེད་པ་དག་གིས་དེས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་སྤངས་པ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ་བཤད་པའི་རྣམ་པ་ཐམས་ཅད་འགྲུབ་པོ་ཞེས་བྱ་བ་ཡིན་ནོ། །སྐབས་གཉིས་པའོ།། །།


previousསྐབས་གཉིས་པ།next