Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་དྲུག་པ།


   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
སྐབས་བཞི་པ།
   
   
   
   


 
previousསྐབས་བཞི་པ།next

སྐབས་བཞི་པ།


DTG086_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡུལ་གྱི་མངོན་པར་རྟོགས་པ་བསྟན་ནས། ཡུལ་རྟོགས་པར་སྦྱོར་བའི་འབྲས་བུ་ཡིན་པའི་ཕྱིར་ན། སྦྱོར་བའི་མངོན་པར་རྟོགས་པ་བརྗོད་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པར་བྱ་བའོ། །ཡོངས་སུ་ཤེས་པའི་ཡུལ་གྱི་དབང་དུ་གྱུར་པ་དང་རབ་ཏུ་གྱུར་པ་དང་བསྟན་པར་འགྱུར་བ་དང༌། མཐར་ཕྱིན་པའི་དབྱེ་བས་སྦྱོར་བ་ཡང་རྣམ་པ་བཞིའོ། །དེ་ལ་དང་པོ་ནི་ཀུན་མཁྱེན་གསུམ་གྱི་རྣམ་པའི་བདག་ཉིད་ཀྱི་དམིགས་པ་དང༌། རྗེས་སུ་སྒྲུབ་པའི་རང་བཞིན་གྱི་སྦྱོར་བ་དང༌། དེ་སྐྱེ་བ་དང་མི་སྐྱེ་བའི་རྒྱུ་མཚན་ཉིད་ཡོན་ཏན་དང་སྐྱོན་དང༌། མཚན་ཉིད་ཀྱི་བདག་ཉིད་ཡོངས་སུ་ཤེས་པའི་རྒྱུ་དང༌། ཐར་པའི་ཆ་མཐུན་གྱི་མཚན་ཉིད་ཟག་པ་དང་བཅས་པའི་ལམ་དང༌། ངེས་འབྱེད་ཀྱི་ཆ་མཐུན་ཟག་པ་མེད་པའི་ལམ་དང༌། སློབ་པ་ཕྱིར་མི་ལྡོག་པའི་མཚན་ཉིད་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་རྟོགས་པ་དང༌། མཉམ་པ་ཉིད་ཀྱི་མཚན་ཉིད་ཆོས་ཀྱི་སྐུའི་ཆེད་དུ་བྱ་བ་དང༌། ཞིང་ཡོངས་སུ་དག་པའི་མཚན་ཉིད་གཟུགས་ཀྱི་སྐུའི་ཆེད་དུ་བྱ་བ་དང༌། ཐབས་མཁས་པའི་མཚན་ཉིད་གཞན་གྱི་དོན་གྱི་ཆེད་དུ་བྱ་བའི་རྣམ་པ་དབྱེ་བ་བཅུ་གཅིག་གོ །དེ་ལ་དམིགས་པར་འགྱུར་བའི་རྣམ་པ་རྣམས་ཀྱི་སྤྱིའི་ཁྱད་པར་གྱི་ངོ་བོས་རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་བརྗོད་པར་བྱའོ། །རང་བཞིན་གང་གིས་རྟག་པ་ལ་སོགས་པར་འཛིན་བའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་གྱུར་པ་མི་རྟག་པ་ཉིད་ལ་སོགས་པ་ལ་དམིགས་པ་དེ་ཡང་ཐུན་མོང་མ་ཡིན་པའི་ཕྱིར་རྣམ་པ་རྣམས་ཀྱི་རང་གི་མཚན་ཉིད་ཡིན་ནོ། །ཀུན་མཁྱེན་གསུམ་གྱི་སོ་སོའི་ལམ་གྱི་གནས་སྐབས་ཀྱི་ཁྱད་པར་གང་ཡིན་པ་དེ་ནི་རྣམ་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །འདི་གཉི་ག་ཡང་རེ་ཞིག་སྤྱིར་སྟོན་པ་ནི་རྟག་པ་ལ་སོགས་པར་འཛིན་པ་ཞེས་བྱའོ། །ཁྱད་པར་ལ་ནི་རྟག་པའི་རང་བཞིན་དང༌། མ་སྐྱེས་པ་དང༌། བདག་དང༌། དེས་བྱིན་གྱིས་བརླབས་


DTG086_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་མི་དམིགས་པའི་ཕྱིར། རིམ་པ་ཇི་ལྟ་བ་བཞིན་དུ། སྡུག་བསྔལ་གྱི་བདེན་པ་ལ། མེད་པ་དང༌། མི་སྐྱེ་བ་དང༌། དབེན་པ་དང༌། མི་རྫི་བའི་རྣམ་པ་རྣམས་སོ། །དེ་བཞིན་དུ་རྣམ་པ་ཕྱི་མ་རྣམས་ལ་ཡང་བདག་ཉིད་ཇི་ལྟ་བ་བཞིན་གྱི་རྒྱུར་སྦྱར་བར་བྱའོ། །ལམ་གྱི་བདེན་པ་ལ་ནི་ལྟ་བའི་དབྱེ་བས་མི་མཐུན་པའི་ཕྱོགས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རང་བཞིན་ཅན་ཐ་དད་པ་ཡིན་ནོ། །དེས་ན་དེ་སྦྱོར་བའི་དོན་དུ་གསུངས་པ་ནི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པའོ། །དོན་འདི་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་དག་གིས་ཉོན་མོངས་པའི་སྒྲིབ་པ་སྤང་བྱ་ཉིད་དུ་མཚུངས་པའི་ཕྱིར་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་གནས་པ། མི་རྟག་པ་ཉིད་ལ་སོགས་པའི་མཚན་ཉིད་ཅན་མེད་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་མཚུངས་པ་ཁོ་ནའོ། །རང་སངས་རྒྱས་ཀྱིས་ནི་ཐུན་མོང་མ་ཡིན་པའི་ཕྱིར་ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ། ཟག་པ་དང་བཅས་པ་དང༌། །ཟག་པ་མེད་པའི་བསྒོམ་པ་དང་མཐོང་བའི་ལམ་ལ་བརྟེན་པ། རིགས་པས་འཐད་པའི་སྐྱེ་བ་མེད་པའི་ཕྱིར། སྐྱེ་བ་མེད་པ་རྣམ་པར་རིག་པར་བྱེད་པ་ཉིད་ཉེ་བར་བཟུང་ནས་ངོ་བོ་མེད་པ་ལ་སོགས་པའི་མཚན་ཉིད་རྨི་ལམ་ལ་སོགས་པའི་རྣམ་པ་ལྔའོ། །དེས་ན་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་ངོ་བོ་ཉིད་མེད་པ་དང༌། རྟེན་གྱི་རང་བཞིན་ཉོན་མོངས་པའི་སེམས་ཅན་མི་དམིགས་པ་དང༌། ནམ་མཁའ་ལྟར་ན་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་ཉེ་བར་མ་གོས་པ་དང༌། མ་དམིགས་པས་རློམ་པ་ཐམས་ཅད་ལས་འདས་པ་དང༌། དམིགས་པ་ཐམས་ཅད་བཅོམ་པས་མི་གཡོ་བ་ཉིད་དང༌། འཁོར་བ་ཇི་སྲིད་པར་ཆོས་ཀྱི་དབྱིངས་གནས་པ་ཉིད་ལ་བརྟེན་ནས་གོ་རིམས་ཇི་ལྟ་བར་ཀུན་ནས་ཉོན་མོངས་པ་ལ་སོགས་པའི་གཉེན་པོར་གྱུར་པ། ཀུན་ནས་ཉོན་མོངས་པ་མེད་པ་ལ་སོགས་པའི་རྣམ་པ་དྲུག་གོ །དེ་ལྟར་ན་ཐམས་ཅད་ཤེས་པ་ཉིད་ཀྱིས་རྣམ་པ་བཅུ་གཅིག་བསྡུས་པའོ། །ལྷག་མ་ལ་ནི་རྟོགས་པར་སླའོ། །འོན་ཀྱང་བརྗོད་པར་བྱ་བ་འདི་ཡོད་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་རྣམས་ཁོ་ནས་ཐམས་ཅད་ཤེས་པ་ཉིད་ཀྱི་གཉིས་ཀྱིས་རྣམ་པ་རྣམས་བསྡུས་པའི་ཕྱིར་དེ་གཉིས་ལོགས་སུ་བསྟན་པས་ཅི་བྱ།


DTG086_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་ཐ་དད་པར་བསྟན་པ་ཡིན་ཡང༌། ཕྱིས་སྡུད་པ་ཡིན་ན་དེ་ལྟ་ན་འོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འབའ་ཞིག་བསྟན་པར་ཐལ་ལོ་ཞེ་ན། བརྗོད་པ་དངོས་པོ་དང་ལམ་ཤེས་པའི་རྣམ་པ་ཐམས་ཅད་རྟོགས་ཀྱང༌། རྣམ་པ་ཐམས་ཅད་རྟོགས་པ་མེད་པའི་ཕྱིར་དང༌། རྣམ་པ་ཐམས་ཅད་རྟོགས་པ་ཡོད་ན་ནི་མེད་ན་མེད་པ་ཉིད་ཀྱིས་དེ་རྟོགས་པ་ཡང་ཡོད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དེ་གཉིས་ཀྱང་བསྡུས་པ་ཡིན་ནོ། །རྣམ་པ་རྣམས་ནི་དེ་བཞིན་དུ་ཕན་ཚུན་བསྡུས་པ་མ་ཡིན་ཏེ། །འདིར་དེ་རྣམས་ཉིད་དམིགས་པར་འདོད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཙམ་ལོགས་སུ་བསྟན་པ་ཡང་མ་ཡིན་ཏེ། དངོས་པོ་ལམ་གྱི་རྣམ་པ་ལ་གནས་པའི་རྣམ་པ་རྣམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་ཐམས་ཅད་ཤེས་པ་ཉིད་ཀྱིས། དངོས་པོ་ཐམས་ཅད་རྟོགས་པ་སྔོན་དུ་འགྲོ་བ་ཅན་གྱི་ལམ་ཤེས་པ་ཉིད་ཀྱིས་ལམ་ཐམས་ཅད་རྟོགས་པ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀུན་མཁྱེན་པ་གསུམ་གྱི་རྣམ་པ་རྟོགས་པའི་ཕྱིར་ན། ཐམས་ཅད་ཤེས་པ་ཉིད་གང་གཉིས་ལན་གཉིས་བཟླས་པ་ཡིན་ནོ་ཞེས་འབད་པས་ཤེས་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་དེ་རྣམས་ཡུལ་ཉིད་ཀྱིས་དེའི་རྟེན་ཀུན་མཁྱེན་གསུམ་པོ་རྣམས་ཀྱང་ཡུལ་ཡིན་ནོ། །རྣམ་པ་དེ་རྣམས་ཀྱང་བསྒོམ་པའི་མཚན་ཉིད་ཀྱི་སྒྲུབ་པའི་ཡུལ་དུ་བྱས་པ་ཡིན་པའི་ཕྱིར་སྒྲུབ་པ་སྦྱོར་བ་བརྗོད་པར་བྱ་བ་ཡིན་ནོ། །དེ་ཡང་རྟོགས་པ་པོའི་གནས་སྐབས་ཀྱི་དབྱེ་བ་རྣམ་པ་ཉི་ཤུར་འགྱུར་བའི་ཕྱིར་རེ་ཞིག་བརྗོད་པ་ནི། སྦྱོར་བ་ཁྱད་པར་ཅན་དག་གིས། །ཞེས་བྱ་བའོ། །བསམ་པ་ནི་འདི་ཡིན་ཏེ། བདག་པོ་དང་ཉེ་བར་ལེན་པ་དང༌། ལྷན་ཅིག་བྱེད་པའི་རྐྱེན་ལ་བརྟེན་ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ལ། སངས་རྒྱས་བརྟེན་པ་དང་ཡང་དག་པར་འདྲི་བ་ལ་སོགས་པས་ཆོས་ཀྱི་སྤྱོད་པ་སྐྱེས་པ་དེའི་ཚེ་གཟུགས་ལ་སོགས་པ་ལ་མི་གནས་པ་ལ་སོགས་པའི་རྣམ་པས་སྦྱོར་བའི་སྐྱེ་བའོ། །འདི་ལྟར་གཟུགས་ལ་སོགས་པ་རྣམས་ལ་མངོན་པར་ཞེན་པ་མེད་པའི་


DTG086_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བས་གནས་པ་ནི་མི་སྦྱོར་བའི་མི་སྦྱོར་བས་མངོན་པར་བརྩོན་ལ་དེས་ཀྱང་གཟུགས་ལ་སོགས་པ་དེ་དག་རྣམ་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་མཚན་ཉིད་ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པ་ཉིད་རྟོགས་པའི་ལམ་དང་པོ་པ་དང་གཞན་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པ་མ་ཡིན་པར་སྦྱོར་བ་སྒྲུབ་པ་དང༌། མི་སྒྲུབ་པ་ཉིད་ཀྱིས་འབད་པ་དང་བདེ་བླག་ཏུ་ཆོས་ཀྱི་དབྱིངས་རྟོགས་པ་དང༌། ལུང་བསྟན་པ་དང༌། ཕྱིར་མི་ལྡོག་པའི་ས་ཐོབ་པ་ན་རིམ་བཞིན་དུ་ངེས་པར་འབྱུང་བ་དང༌། མི་ལྡོག་པ་ཉིད་དང༌། ཉེ་བར་གྱུར་པ་དང༌། མྱུར་དུ་མངོན་པར་བྱང་ཆུབ་པར་འགྱུར་རོ། །དེ་ནས་གཞན་གྱི་དོན་བྱེད་པ་ནི། འཕེལ་བ་དང་འགྲིབ་པ་མེད་པའི་ཆོས་ཅན་སྤྱིར་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་དང༌། ཁྱད་པར་དུ་གཟུགས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ལ། འདུ་ཤེས་ཐམས་ཅད་སྤངས་པའི་ཕྱིར་རྣམ་པར་མི་རྟོག་པ་འབྲས་བུ་རིན་ཆེན་སྦྱིན་པས། སྔར་ལོ་སྐོར་དུ་མངོན་པར་སྦྱོར་བས་སེམས་ཀྱི་རྒྱུད་ལེགས་པར་བསྒྲུབ་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པར་འགྱུར་རོ། །དེ་ལྟར་ན་སྦྱོར་བའི་ལམ་ལ་རྣམ་པ་ལྔ་དང༌། མཐོང་བའི་ལམ་ལ་གཅིག་དང༌། བསྒོམ་པའི་ལམ་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རིམ་པས་དགུ་དང་ཁྱད་པར་གྱི་ལམ་ལ་གསུམ་དང༌། བར་ཆད་མེད་པའི་ལམ་ལ་གཉིས་ཏེ། དེ་ལྟར་རྟོགས་པའི་རིམ་པས་ལམ་ལྔས་བསྡུས་པའི་སྦྱོར་བ་ཉི་ཤུ་བརྗོད་པ་ཡིན་ནོ། །གསུམ་པ་སྐྱེ་བའི་རྒྱུ་བརྗོད་པ་ནི། སྦྱོར་བའི་འོག་ཏུ་དེ་དག་གི་ཡོན་ཏན་ཞེས་བྱའོ། །འདི་སྐད་བརྗོད་པ་ཡིན་ཏེ། སྦྱོར་བ་རྩོམ་པའི་གནས་སྐབས་སུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཐོབ་པས་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པའི་ཡོན་ཏན་སྐྱེས་པ་ན་ཇི་སྐད་བཤད་པའི་སྦྱོར་བ་རྣམས་འགྲུབ་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །བཞི་པ་མི་སྐྱེ་བའི་རྒྱུ་བཤད་པ་ནི་དེའི་འོག་ཏུ་ཡང་གང་ཞིག་སྤངས་ནས་ཞེས་བྱ་བའོ། །འདི་ལྟར་བསམས་པ་ཡིན་ཏེ། སྦྱོར་བ་རྩོམ་པ་ན་གལ་ཏེ་སྐྱོན་བཞི་བཅུ་རྩ་དྲུག་པོ་རྣམས་ཀྱི་ནང་ནས་སྐྱོན་གཅིག་ཡོད་ན་ཡང་དེའི་ཚེ་སྔར་བཤད་པའི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་དང༌། དགོངས་པ་ལ་སོགས་པའི་ཡོན་ཏན་བསྐྱེད་པར་


DTG086_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་མ་ཡིན་ནོ་ཞེས་བྱ་བའོ། །ལྔ་པ་ཡོངས་སུ་ཤེས་པའི་རྒྱུ་བ་རྗོད་པ་ནི། གོ་རིམས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའོ། །དེའང་རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་བཤད་པས་བདེ་བླག་ཏུ་རྟོགས་པའི་ཕྱིར་ན། དེ་གཉིས་བརྗོད་པར་བྱའོ། །དེ་ལ་རང་བཞིན་ནི་སྦྱོར་བའི་ཉེ་བར་མཚོན་པར་བྱེད་པ་ཡིན་ནོ། །རྟོགས་པ་དང༌། རྣམ་པར་དག་པ་དང༌། འབྲས་བུ་སྦྱིན་པར་ནུས་པ་དང༌། དེ་མཉམ་པ་ཉིད་ཐོབ་པའི་བདག་ཉིད་ཅན་ཤེས་པ་དང༌། ཁྱད་པར་དང་བྱེད་པ་དང༌། ངོ་བོ་ནི་རབ་ཏུ་དབྱེ་བའོ། །དེ་ལ་རེ་ཞིག་རྟོགས་པ་ནི་ཡུལ་གྱི་དབྱེ་བས་ཐ་དད་པ་ན་སྦྱོར་བ་མཚོན་པར་བྱེད་པ་ཡིན་ཏེ། དེས་ན་ཡུལ་གྱི་ཁྱད་པར་ཉེ་བར་སྟོན་པ་སྔོན་དུ་འགྲོ་བ་ཅན་དེའི་ནང་ཚན་གྱི་དབྱེ་བ་བརྗོད་པ་ནི་དེ་ལ་ཤེས་པའི་མཚན་ཉིད་ཅེས་བྱ་བའོ། །དོན་འདི་ཡིན་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་བརྟེན་པའི་སྐད་ཅིག་མ་བཅུ་དྲུག་པོ་རྣམས་ལ་ཡོད་པའི་སྔར་བཤད་པའི་ཀུན་མཁྱེན་གསུམ་གྱི་རྣམ་པ་གང་ཡིན་པ་དེ་དག་རྣམས་ཀྱི་རྟོགས་པས་སྦྱོར་བ་མཚོན་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །ཐ་དད་པར་ཉེ་བར་མཚོན་པ་དེ་རྣམས་ཀྱི་རྣམ་པར་དག་པ་སྤྱི་ཡིན་པ་དེས་ན་དེའི་བདག་ཉིད་ཁྱད་པར་གྱི་མཚན་ཉིད་བརྗོད་པ་ནི། དེ་ལྟར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུ་པ་ཞེས་བྱ་བའོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་ཅན་དུ་གྱུར་པ་ཉིད་ནི་རྣམ་པར་དག་པའི་རང་བཞིན་ཡིན་ནོ། ཡུལ་གྱི་ཁྱད་པར་དང་རྗེས་སུ་མཐུན་པ་ཉིད་ནི་རབ་ཏུ་དབྱེ་བའོ། །དེས་ན་ཀུན་མཁྱེན་གསུམ་ཉིད་སྤྱིར་བདེན་པ་བཞི་ལ་བརྟེན་པའི་སྐད་ཅིག་མ་བཅུ་དྲུག་པོ་རྣམས་ལ། རྣམ་པར་དག་པ་སྐྱེས་པ་ན། ཁྱད་པར་གྱི་སྦྱོར་བ་མཚོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྒྱུ་མ་ཚང་བ་མེད་པ་ཅན་གྱི་བྱེད་པའི་ཁྱད་པར་སྐད་ཅིག་གཉིས་པ་ལ་འགྱུར་བ་ཡིན་པའི་ཕྱིར་ན། བྱེད་པས་སྦྱོར་བ་མཚོན་པར་བརྗོད་པ་ནི། ཁྱད་པར་གྱི་མཚན་ཉིད་ཀྱིས་རྣམ་པར་བཅད་པ་རྣམས་ཀྱི་ཞེས་བྱ་བའོ། །རྒྱུ་རྟོགས་པའི་ཡུལ་གྱི་ཁྱད་པར་དུ་འགྱུར་བའི་ཕྱིར་གཞན་གྱི་དོན་གྲུབ་པ་ཡང་དེ་ཁོ་ན་བཞིན་དུ་ཁྱད་པར་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱ་བའི་


DTG086_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཡོད་ན་འབྲས་བུའི་ཁྱད་པར་འགྲུབ་པའི་ཕྱིར། དེས་ཀྱང་སྦྱོར་བ་མཚོན་པར་བྱ་བ་ཡིན་ནོ་ཞེས་གསུངས་པ་ནི་བྱེད་པའི་མཚན་ཉིད་ཀྱིས་ཤེས་པར་བྱས་པ་རྣམས་ཀྱི་ཞེས་བྱ་བའོ། །གང་གི་ཕྱིར་ཀུན་མཁྱེན་རྣམ་པ་གསུམ་གྱི་ཡུལ་ཅན་གྱི་བྱ་བའི་བྱད་པར་ཉིད་ལས་འབྲས་བུའི་ཁྱད་པར་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་འབྲས་བུ་མངོན་དུ་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཚན་ཉིད་བཞི་པོ་རྣམས་ཀྱིས་ཡོངས་སུ་ཤེས་པར་བྱས་པའི་སྦྱོར་བ་རྣམས་དགེ་བའི་རྩ་བ་དང་ལྡན་པའི་སེམས་ཀྱི་རྒྱུད་ལ་སྐྱེ་བའི་ཕྱིར་དྲུག་པ་ཐར་པའི་ཆ་དང་མཐུན་པ་ཟག་པ་དང་བཅས་པའི་ལམ་བརྗོད་པའི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་ཁོ་ན་ལ་ཞེས་བྱ་བའོ། །འདིར་ཐར་པ་ནི་ཉོན་མོངས་པ་དང་བྲལ་བའི་ཁྱད་པར་རོ། །དེའི་ཆ་ནི་ཕན་པའི་ཕྱིར་ན་ཐར་པའི་ཆ་དང་མཐུན་པའོ། དེ་ཡང་རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བ་ཅན་བསྒོམ་པ་ན་དེ་ལྟར་འགྱུར་བའི་ཕྱིར། དེ་གཉིས་རྫོགས་པར་བྱ་བ་ཡིན་ནོ། །དེ་ལ་མཚན་མ་མེད་པ་ལ་དམིགས་པའི་ཤེས་པའི་རྣམ་པས། སྦྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རང་གི་རྒྱུད་ལ་ཡང་དག་པར་གྲུབ་པར་བྱེད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱི་ཐབས་མཁས་པ་གང་ཡིན་པ་དེ་ནི་དེའི་རང་གི་ངོ་བོ་ཡིན་ནོ། །དཀོན་མཆོག་གསུམ་ལ་སོགས་པའི་དམིགས་པ་ལྔ་པོ་རྣམས་ལ་དད་པ་ལ་སོགས་པ་ཁྱད་པར་ཅན་དུ་གྱུར་པ་དབང་དུ་སྒྱུར་བ་མ་ཡིན་པའི་ཕྱིར་དབང་པོའི་རང་བཞིན་མ་ཡིན་ཞིང༌། དགེ་བའི་རྩ་བ་ཉིད་དུ་ཁྱད་པར་མེད་ཀྱང་དམིགས་པ་ལ་སོགས་པའི་དབྱེ་བས་རང་བཞིན་ལྔར་གྱུར་པ་གང་ཡིན་པ་ནི་རབ་ཏུ་དབྱེ་བའོ། །དེ་ཉིད་ཀྱི་ཕྱིར་ན་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་དེ་སྐྱེ་བའི་ཕྱིར་ཐེག་པ་ཡང་ཐ་དད་པ་ཡིན་ནོ། །བདུན་པ་ཟག་པ་མེད་པའི་གནས་སྐབས་ཀྱི་སྦྱོར་བ་བརྗོད་པ་ནི། ཐར་པའི་ཆ་དང་མཐུན་པ་སྐྱེད་པ་ཞེས་བྱ་བའོ། །དེ་ཡང་དམིགས་པ་དང་རྣམ་པའི་དབྱེ་བས་རྣམ་པར་གཞག་ན་བདེ་བླག་ཏུ་ཤེས་པའི་ཕྱིར། དེ་གཉིས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་རེ་ཞིག་དམིགས་པ་ནི་བཞི་


DTG086_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱི་ཐ་དད་པ་མེད་པར་སེམས་ཅན་ཐམས་ཅད་ཡིན་ནོ། །དེ་རྣམས་ཉིད་ལ་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པ་རྣམ་པ་གཉིས་སོ། །བཅུ་ཉིད་ཀྱིས་ནི་དང་པོའི་རྣམ་པའོ། །གཉིས་པའི་དགེ་བ་དང་མི་དགེ་བ་དང༌། བསྔགས་པ་བརྗོད་པ་དང་རྗེས་སུ་མཐུན་པ་གཉིས་ཀྱི་སོ་སོར་རང་དང་གཞན་ལ་དམིགས་པ་ཐ་དད་པའི་ཕྱིར་རྣམ་པ་བཞིའོ། །རྣམ་པ་དེ་རྣམས་ཉིད་ཀྱིས་རང་དང་གཞན་གྱི་རྟེན་ཅན་གྱི་བདེན་པ་བཞི་ལ་དམིགས་པར་འཐད་པའི་ཕྱིར་ན་གསུམ་པའི་རྣམ་པ་བཞིའོ། །རང་དང་གཞན་ལ་གནས་པའི་སྨིན་པར་བྱེད་པ་དང༌། གྲོལ་བར་བྱེད་པའི་ནི་ཡང་དག་པར་ཕྲད་པར་བྱེད་པའི་བཞི་བའི་རྣམ་པའོ། །གལ་ཏེ་ཀུན་མཁྱེན་གསུམ་ཀ་ལ་ཡང་ངེས་འབྱེད་ཀྱི་ཆ་དང་མཐུན་པ་བརྗོད་ཟིན་པ་མ་ཡིན་ནམ། ཡང་འདིར་བརྗོད་པས་ཅི་བྱ། འོན་ཏེ་སྔར་ནི་སོ་སོར་ངེས་པ་ཉིད་དུ་བརྗོད་པ་ཡིན་ལ། འདི་ནི་སྤྱིར་བརྗོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་བསྒོམ་པར་བྱ་བའི་དབྱེ་བས་སྒོམ་པ་ཡང་ཐ་དད་པར་འགྱུར་རོ་ཞེས་བྱ་བའི་དོགས་པ་སེལ་བ་བརྗོད་པ་ནི། རྣམ་པ་དང་ལམ་དང་གཞི་ཐམས་ཅད་བསྒོམ་པའི་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ། ཀུན་མཁྱེན་གསུམ་དུ་བརྗོད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྟོབས་ཀྱིས། དངོས་པོ་དང་ལམ་དང་རྣམ་པ་ཐམས་ཅད་རྟོགས་པའི་དོན་དུ་འཇིག་རྟེན་ལས་འདས་པའི་མཐོང་བ་དང་བསྒོམ་པ་ཐོབ་པའི་ཕྱིར་ན། རྣམ་པ་ཀུན་མངོན་པར་རྟོགས་པའི་མཚན་ཉིད་ཁྱད་པར་གྱི་ལམ་བྱང་བར་བྱེད་པའི་དུས་སུ། ཆུང་དུ་དང་འབྲིང་དང་ཆེན་པོའི་རིམ་པས་ཟག་པ་མེད་པའི་ཤེས་པ་སྐྱེ་ལ། རིམ་པ་དེ་ཡང་རང་གི་ངོ་བོས་ཐ་སྙད་ཐ་དད་པ་མེད་པའི་ཕྱིར་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པར་བསྟན་པ་ཡིན་ནོ། །ཐར་པའི་ཆ་དང་མཐུན་པའི་བྱེད་པ་ནི་སེང་གེ་རྣམ་པར་ལྟ་བའི་ཚུལ་གྱིས་སྔ་མ་ཁོ་ནར་ཡིན་གྱི། འདིར་ཡང་ནི་མ་ཡིན་ཏེ། ཀུན་མཁྱེན་གསུམ་དང་འབྲེལ་བའི་ངེས་འབྱེད་ཀྱི་ཆ་དང་མཐུན་པ་ཐོབ་པ་ནི་དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དང༌། ཁྱད་པར་གྱི་ལམ་ལ་དེའི་བྱེད་པ་མེད་པའི་ཕྱིར་རོ། །དེས་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ཀུན་མཁྱེན་པ་ཉིད་གསུམ་གྱི་སྤྱིར་སྦྱོར་བའི་


DTG086_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་སོགས་པ་ཉེ་བར་བཀོད་པ། ཐར་པའི་ཆ་དང་མཐུན་པ་བཞིན་དུ་བྱོས་ཤིག་ཅེ་ན། དེ་ལྟར་ནི་མ་ཡིན་ཏེ། །ཁྱད་པར་ཐམས་ཅད་མེད་པའི་ཕྱིར་མི་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཀུན་མཁྱེན་གསུམ་གྱི་རྣམ་པ་རྣམས་ཁྱད་པར་ཁོ་ནར་ཉེ་བར་བཀོད་དོ། །ཐར་པའི་ཆ་དང་མཐུན་པའི་ཡང་ཆུང་དུ་དང༌། འབྲིང་དང་ཆེན་པོའི་ཐ་དད་པའི་མཚན་ཉིད་ནི་ཐེག་པའི་དབྱེ་བ་ཉིད་ཀྱིས་ཉེ་བར་བཀོད་ཀྱི་སྤྱིར་ནི་མ་ཡིན་ཏེ། དེས་ན་ཇི་ལྟར་ཆོས་མཐུན་པའི་དཔེ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སྤྱིར་ཡོངས་སུ་ཤེས་པར་བྱས་པ་རྣམས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པས་དེ་ཁོ་ན་ལྟར་བསྒོམས་ནས་དབང་དུ་གྱུར་པའི་ཕྱིར་དབང་དུ་གྱུར་པའི་སྦྱོར་བ་ཞེས་བརྗོད་དོ། །བརྒྱད་པ་ཆུང་ངུ་ལ་སོགས་པའི་དབྱེ་བས་ཐ་དད་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་བརྗོད་པ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཞེས་བྱ་བའོ། །དེ་ཡང་དམིགས་པ་དང་རྣམ་པའི་ཁྱད་པར་རྟོགས་ན་བདེ་བླག་ཏུ་རྟོགས་པའི་ཕྱིར་དེ་གཉིས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་རེ་ཞིག་དམིགས་པ་ནི་སྦྱོར་བའི་ལམ་ལ་སོགས་པའི་གནས་སྐབས་ན་ཡོད་པ་འཕགས་པའི་བདེན་པ་བཞིའོ། །རྣམ་པ་ཡང་གཟུགས་ལ་སོགས་པ་ལས་ལྡོག་པ་ལ་སོགས་པའི་བདག་ཉིད་ཀྱིས། །བདག་ཉིད་སོ་སོ་ལ་ངེས་པ་ཁོ་ན་ཡིན་པ་དེས་ན་དེ་ལ་བརྟེན་བ་ཁོ་ནར་རྟོགས་པར་བྱའོ། །བསྒོམ་པའི་ལམ་ལ་ནི། རང་གི་ངོ་བོ་དང། རབ་ཏུ་དབྱེ་བ་དང༌། བསྡུ་བ་དང༌། བྱེད་པ་དང༌། ཡུལ་རྣམས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་རང་གི་ངོ་བོ་ཁྱད་པར་ཅན་དང་ཁྱད་པར་ཅན་གྱི་དབྱེ་བས་སྟོན་པ་ནི། དེའི་འོག་ཏུ་བསྒོམ་པའི་ལམ་ལ་གནས་པའི་ཞེས་གསུངས་སོ། །དོན་འདི་ཡིན་ཏེ་སྒྲོ་འདོགས་པ་དང༌། སྐུར་བའི་མཐའ་དང་བྲལ་བའི་ཟབ་པའི་ཁྱད་པར་དང་ལྡན་པ། །སྦྱོར་བ་ལ་སོགས་པའི་ལམ་གྱིས་མཐོང་བའི་དོན་གྱི་ཡུལ་དང༌། ཏིང་ངེ་འཛིན་གྱི་སྦྱོར་བ་དང༌། དངོས་དང༌། མཇུག་ཡོད་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སྐྱེས་པ།


DTG086_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ལ་སོགས་པའི་ཤེས་པ་ནི་ཁྱད་པར་ཅན་ཡིན་ནོ་ཞེས་བྱ་བའོ། །གཉིས་པ་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་བརྗོད་པ་ནི། དེ་རྣམ་པ་དུ་ཞིག་ཅེ་ན་ཞེས་བྱ་བ་ལ་སོགས་པའོ། །བསྒོམས་པ་ལས་བྱུང་བའི་ཤེས་པའི་རང་བཞིན་དུ་ཐ་དད་པ་མེད་ཀྱང། ས་དགུ་ལ་བརྟེན་པའི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པའི་དབྱེ་བས་རྣམ་པ་དགུ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་བསྡུ་བ་བཤད་པའི་ཕྱིར། རྒྱལ་བའི་ཡུམ་དང་དེ་ལས་ཞེས་གསུངས་སོ། །འདི་ལྟར་དགོངས་པ་ཡིན་ཏེ། ཅི་འདི་དེ་ཁོ་ནར་མེད་པ་ཉིད་དུ་ཐལ་ལམ། འོན་ཏེ་ཀུན་རྫོབ་ཏུ་དང་པོ་ལྟར་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་རང་བཞིན་གཅིག་ལ་ཐ་དད་པ་མི་འདོད་པའི་ཕྱིར་རོ། །གཉིས་པ་ལ་ཡང་གཞན་ལ་ལྟོས་པའི་ཐ་དད་པ་ཁས་ལེན་པ་ན་ལྟོས་པར་བྱ་བ་རྣམ་པ་དགུ་ཡིན་པས་ལྟོས་པར་བྱེད་པ་དུ་མ་ཉིད་དུ་ཇི་ལྟར་ཐལ། བཞི་པ་བྱེད་པ་བསྟན་པའི་ཕྱིར། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས། །ཞེས་གསུངས་སོ། །དོན་འདི་ཡིན་ཏེ། གལ་ཏེ་དེ་ཁོ་ནར་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་ཡོད་ན་དེ་ལོག་པ་དང༌། མངོན་པར་འགྲུབ་པར་བྱེད་པ་ཡང་འགྱུར་བ་ཞིག་ན། དེ་དག་མེད་ན་ནི་ཆོས་ཐམས་ཅད་བྱེད་པ་མེད་པ་ཉིད་དེས་ན་ལམ་གྱིས་ཅི་བྱ་ཞེས་བྱ་བའོ། །འདིར་ཀུན་རྫོབ་ལ་བརྟེན་པའི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དཔེས་ལན་བརྗོད་པ་ནི་དེ་ལྟ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་དེ་ཁོ་ནར་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་པའི་ཕྱིར། ལམ་གྱི་བྱེད་པ་མེད་པར་བརྗོད་ན། དེའི་ཚེ་ནི་ལྷག་པ་བརྗོད་པ་མེད་དོ། །སྒྲོ་བཏགས་པ་རྣམ་པར་བཅད་ལ། བཏགས་པའི་འབྲས་བུ་ནི་རང་བཞིན་མེད་པ་ཉིད་ཀྱིས་དེ་ལ་བྱེད་པ་འགའ་ཡང་མེད་པའི་ཕྱིར་དང༌། དེ་ལ་འཛིན་པའི་ཚད་མ་མངོན་སུམ་དང་རྗེས་སུ་དཔག་པ་དག་བཏགས་པའི་ཡུལ་ཅན་ཉིད་ཀྱིས། དེ་ཁོ་ནའི་རང་བཞིན་ཅན་གྱི་བྱེད་པ་རྣམ་པར་འཇིག་མི་ནུས་པའི་ཕྱིར་རོ། །འོན་ཏེ་ཐ་སྙད་དུ་དེ་མེད་པ་བརྗོད་ན་དེའི་ཚེ་ཡང་མར་མེ་ལ་སོགས་པ་ལ་


DTG086_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་གྱིས་དམིགས་པས་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར། དེ་ལ་ནི་ཡོད་པའི་ཐ་སྙད་ཁོ་ནར་འཐད་ཀྱི་དགག་པ་མ་ཡིན་ནོ། །མི་དགག་པའི་གཉེན་པོ་བསྒོམས་པས་འདོད་པའི་རྣམ་པར་རྟོག་པ་ལས་ཐོབ་པ་ལྡོག་པར་ནི་ད་ལྟ་རང་གི་རྒྱུད་ལས་མཐོང་བ་ཡང་ཡིན་ཏེ། དེས་ན་ཡང་དག་པའི་ཀུན་རྫོབ་ལ་བརྟེན་ནས་བྱེད་པ་འགོག་པ་མ་ཡིན་ནོ། །རང་བཞིན་མེད་པ་ལ་རང་བཞིན་དངོས་པོ་མེད་པའི་ཕྱིར་ན། དེ་ལ་བྱེད་པ་འགའ་ཡང་ཇི་ལྟར་ཡང་མེད་དོ་ཞེ་ན། མ་ཡིན་ཏེ། རང་བཞིན་ལ་ཡང་ཉེ་བར་བསྟན་པའི་རྣམ་པར་རྟོག་པ་གཉིས་འཇུག་པ་ན། གང་ཡང་རུང་བར་གནས་པའི་ཕྱིར་དང་གཅིག་ལ་འདོད་པ་སྒྲུབ་པར་བྱེད་ན། གཞན་ལ་བཏགས་པའི་ངོ་བོ་དགག་པར་མི་ནུས་པའི་ཕྱིར་རོ། །ཡང་དག་པའི་ཀུན་རྫོབ་ལ་བརྟེན་པའི་རྒྱུ་དང་འབྲས་བུའི་དངོས་པོ་འདི་ནི་རང་ཉིད་ཀྱིས་ཊཱི་ཀཱར་རྒྱས་པར་བསྒྲུབ་པའི་ཕྱིར་ན་འདིར་མི་སྤྲོའོ། །དེའི་ཕྱིར་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ། །ཡང་དག་པའི་ཀུན་རྫོབ་ཏུ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཐ་སྙད་ཡོད་པ་ན། །དེའི་ལོག་པ་དང་མངོན་པར་འགྲུབ་པའི་མཚན་ཉིད་ཀྱི་བྱེད་པ་དང༌། དེ་ཁོ་ན་བཞིན་དུ་ཡིན་ཏེ། དེས་ན་ལམ་གྱིས་ཅི་ཡང་བྱར་མེད་པ་མ་ཡིན་ནོ། །ལྔ་པ་ཡུལ་བསྟན་པའི་ཕྱིར། བསྒོམ་པའི་ལམ་ལ་གནས་པའི་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ནི། ཁྱད་པར་གྱི་ལམ་རྟོགས་པའི་མཐུས། རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཕྱིར་ན། སྐྱེ་བ་ལ་སོགས་པའི་ཡུལ་རྣམ་པ་བརྒྱད་ལ་ཕན་ཚུན་འགལ་བའི་དོན་རྗེས་སུ་བསྒྲུབ་ཀྱང༌། རང་དང་གཞན་གྱི་དོན་ཐོབ་པ་ལས་མི་ཉམས་སོ་ཞེས་བྱ་བ་ནི། བསྒོམ་པའི་ལམ་ཟབ་མོ་ཡིན་ནོ། །སློབ་པའི་ཆོས་ཐོབ་པའི་ཆེད་དུ་བྱ་བ་ནི། ཐུན་མོང་མ་ཡིན་པའི་ཆོས་ཀྱི་སྐུ་ཡིན་པས་ན། མཉམ་པ་ཉིད་ཀྱིས་དེ་སྟོན་པ་ནི། སློབ་པའི་ཚོགས་ཀྱི་ཞེས་བྱ་བའོ། །དེ་ལ་མཉམ་པ་ཉིད་ཀྱིས་རང་གི་ངོ་བོ་དང༌། དེའི་རྟེན་གྱི་ཐ་སྙད་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་དང་པོ་ནི་རེ་ཞིག་འདིར་སྤང་བྱ་དང༌། བླང་བྱའི་


DTG086_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་འཁོར་བ་དང་མྱ་ངན་ལས་འདས་པ་དག་རང་གི་ངོ་བོ་མེད་པར་རྟོགས་པའི་ཕྱིར། སྒྲོ་འདོགས་ཀྱི་རྣམ་པར་རྟོག་པ་ལོག་པ་མཉམ་པ་ཉིད་དེ་བཞིན་ཉིད་ཅེས་བྱ་བའི་མིང་ཙམ་དུ་ཤེས་པར་བྱའོ། །གཉིས་པ་ཡང་སྒྲུབ་པར་བྱེད་པ་དང། གནོད་པར་བྱེད་པ་དེ་ལ་བརྟེན་པའི་ཐ་སྙད་ཀྱི་ཡུལ་ཅན་མི་དམིགས་པ་ན། ཐོག་མ་མེད་པའི་དུས་ཅན་གྱི་ཕྱིན་ཅི་ལོག་གོམས་པའི་དབང་གིས་འཇིག་རྟེན་གྱི་འཇུག་པ་ཀུན་རྫོབ་ཀྱི་མིང་ཅན་ཡིན་པར་ཤེས་པར་བྱའོ། །བཅུ་པ་གཟུགས་ཀྱི་སྐུའི་ཆེད་དུ་བྱ་བའི་མཚན་ཉིད་ཞིང་རྣམ་པར་དག་པ་བརྗོད་པ་ནི་གཉི་ག་དང་མཉམ་པ་ཉིད་དུ་ཞེས་བྱ་བ་སྟེ་རྟོགས་སླའོ། །བཅུ་གཅིག་པ་གཞན་གྱི་དོན་གྱི་ཆེད་དུ་བྱ་བ་བརྗོད་པ་ནི། རང་གི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཞེས་བྱ་བའོ། །གཞན་གྱི་དོན་བྱ་བའི་རང་བཞིན་ཡིན་པའི་ཕྱིར་ན། དབྱེ་བ་དང༌། ཡུལ་དང༌། རང་གི་ངོ་བོ་རྣམས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་ལམ་གྱི་ངོ་བོ་ཉིད་ཀྱིས་མངོན་དུ་བྱ་བའི་ཕྱིར་ས་བཅུ་དང༌། །ཀུན་མཁྱེན་གསུམ་གྱིས་བསྡུས་པས་རྫོགས་པ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། མི་གནས་པའི་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པ་ཉིད་ཀྱིས་ན་ཐབས་ལ་མཁས་པ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་གྱི་རབ་ཏུ་དབྱེ་བ་དང༌། ཡུལ་དང༌། རང་གི་ངོ་བོ་ཡིན་ནོ། །བསམ་པ་ནི་འདི་ཡིན་ཏེ། ཡུལ་གྱི་མངོན་པར་རྟོགས་པ་བརྗོད་པ། དམིགས་པ་ལ་སོགས་པའི་དབྱེ་བས་གཅིག་ཏུ་བྱས་ནས་བསྒོམ་པར་བྱ་བའི་ཀུན་མཁྱེན་གསུམ་པོ་རྣམས་ལ། རྣམ་པ་ཀུན་མངོན་པར་རྟོགས་པར་བརྗོད་པའི་རྣམ་པ་བསྐྱེད་ལ། །རྣམ་པ་དེ་རྣམས་སུ་ཡུལ་དུ་བྱས་ཏེ་སྐྱེད་པ་དང༌། མི་སྐྱེད་པའི་རྒྱུ་དག་ལེན་པ་དང༌། སྤོང་བ་སྔོན་དུ་འགྲོ་བ་ཅན་མཚན་ཉིད་ཤེས་པས་མཚོན་པའི་སྦྱོར་བ་བརྩོན་པ་ཡིན་ནོ། །དེའི་དུས་ན་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་མིང་ཅན། ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཐ་དད་པའི་ཁྱད་པར་གྱི་ལམ་


DTG086_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པ་ནི། སློབ་པའི་ཆོས་མ་ལུས་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་མཉམ་པ་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུ་བདག་པོར་བྱས་ནས། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པས་བསྟན་པའི་གཟུགས་ཀྱི་སྐུས་ཐབས་མཁས་པས་འཕངས་པའི་སེམས་ཅན་གྱི་དོན་འགྲུབ་པོ་ཞེས་བྱ་བ་ནི་ཀུན་མཁྱེན་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དབང་དུ་འགྱུར་བའི་སྦྱོར་བས་དབང་དུ་གྱུར་པ་ཡིན་ནོ། །སྐབས་བཞི་པའོ།། །།


previousསྐབས་བཞི་པ།next