Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་བདུན་པ།


  collapse section
   
  collapse section
ཡན་ལག་གི་དོན་རྒྱས་པར་བཤད་པ།
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
  collapse section
   
  collapse section
  collapse section
   
   
   
   
   
   
   
   
   
   


 
previousཡན་ལག་གི་དོན་རྒྱས་པར་བཤད་པ།next

ཡན་ལག་གི་དོན་རྒྱས་པར་བཤད་པ།

སྐབས་དང་པོའི་འགྲེལ་བཤད།


DTG087_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས། བྱང་ཆུབ་སེམས་དཔའ་བྱང་ཆུབ་རྗེས་སུ་ཐོབ་པར་འདོད་པས་འབྲས་བུ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་དགོས་པས། དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུད་པའི་ཚིག་ལེའུར་བྱས་པས་རྣམ་པར་བཤད་པའི་སྒོ་ནས་བཤད་པར་བཞེད་དེ་ཞེས་བྱ་བ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མེད་ན་མེད་པས་ལམ་ཤེས་པ་ཉིད་ཅེས་གསུངས་ཏེ། དེ་ནས་ཡང་གཞི་ཐམས་ཅད་ལེགས་པར་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ཐམས་ཅད་ཤེས་པ་ཉིད་ཅེས་གསུངས་ཏེ། དེའི་འོག་ཏུ་ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་དབང་དེ་བྱ་བའི་ཕྱིར། ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པར་གསུངས་ཏེ། དེའི་རྗེས་ལ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལས་རབ་ཀྱི་མཐར་ཕྱིན་པའི་རྟོགས་པ་འབྱུང་ངོ་ཞེས་གོ་སླ་བར་བྱ་བའི་ཕྱིར། རྟགས་ལ་སོགས་པ་བསྙད་པ་སྔོན་དུ་འགྲོ་བའི་


DTG087_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོའི་མངོན་པར་རྟོགས་པ་གསུངས་ཏེ། དེ་ནས་ཡང་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམས་བཞིན་དུ་བླགས་ནས། བརྟན་པོར་བྱ་བའི་ཕྱིར་རྣམ་པར་སྒོམ་པར་བྱེད་པས་མཐར་གྱིས་པའི་མངོན་པར་རྟོགས་པ་གསུངས་ཏེ། དེའི་འོག་ཏུ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་བསྒོམ་པ་ནི་དེ་དག་ཉིད་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་སྐད་ཅིག་གཅིག་གིས་བསྒོམས་པས་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གསུངས་ཏེ། དེ་ལྟར་རྒྱུ་ཐམས་ཅད་བསྟན་ནས། དེ་ནས་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམས་པར་བསྒོམ་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུ་མངོན་པར་བྱང་ཆུབ་པ་གསུངས་ཏེ་ཞེས་གོ་རིམས་ངེས་པར་མཛད་པའི་རྒྱུ་མཚན་རིམ་གྱིས་སྨོས་པ་རྣམས་ཅིག་ཆར་བདག་གིས་བཀོད་པ་ནི་ཚེགས་ཆུང་ཞིང་དྲན་པ་ལ་འཛིན་དཀའ་བ་མེད་པའི་ཕྱིར་རོ། །གལ་ཏེ་མདོ་དེ་དང་དེ་དག་ལས་ནི་ལེའུ་གྲངས་རབ་ཏུ་མང་པོས་བསྟན་པ་མཛད་པ་མ་ཡིན་ནམ། ཇི་ལྟར་ན་རྗེ་བཙུན་གྱི་ཞལ་སྔ་ནས་སྐབས་ཀྱི་དོན་དེ་སྙེད་དུ་མཛད། སྐབས་ཀྱི་དོན་དེ་ཡང་གཅིག་གི་བར་དུ་ནི་བསྡུ་བ་བསྟན་ན། གལ་ཏེ་དགུ་ལ་སོགས་པར་ཅིའི་ཕྱིར་མི་མཛད་ཅེ་ན། མདོ་དེ་དང་དེར་ལེའུ་གྲངས་དེ་སྙེད་དུ་མཛད་པ་ནི་གདུལ་བྱ་རབ་ཏུ་དམན་པ་རྣམས་ལེའུ་རེ་རེ་ཞིག་ཀྱང་བྲི་བ་དང༌། ཀློག་པ་ལ་སོགས་པས་རིམ་གྱིས་འཇུག་པར་རུང་བ་ཉིད་ཀྱིས་སྟོན་པ་སྟེ། གཞན་ལས་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་འཛིན་པར་བྱེད་ན་ཞེས་པ་ལ་སོགས་པ་བསྟན་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་དང་ལྡན་པ་རྣམས་ཀྱི་དབང་དུ་བྱས་ཏེ་ནི་ཡོངས་སུ་རྫོགས་པར་བཟུང་བར་གསུངས་པ་ལ། རྒྱལ་བ་སྐྱེད་མ་ཚང་བར་རྙེད་པ་དང་ཞེས་ཡོན་ཏན་གྱི་གྲངས་སུ་ཡང་བགྲང་བར་མཛད་པའི་ཕྱིར་རོ། །དེ་བས་ན་ཚིག་ལེའུར་བྱས་པར་ནི་རྗེ་བཙུན་གྱི་ཞལ་སྔ་ནས་ནི་མངོན་པར་རྟོགས་པའི་དོན་རྣམས་ལ་གདུལ་བྱ་རྣམས་མི་རྨོངས་པར་བྱ་བའི་ཕྱིར་སྐབས་བརྒྱད་ལ་སོགས་པ་རབ་བསྟན་ཏེ།


DTG087_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ལ་སོགས་པར་བསྡུ་བ་ལ་ནི་དོན་མེད་དེ། རྒྱས་པའི་དུས་ན་ནི་ཉུང་བར་བྱེད་པ་ཉིད་བསྔགས་ཤིང༌། བསྡུས་པ་དབྱེ་བའི་ཚེ་ཡང་རྣམ་པར་རབ་ཏུ་མང་པོ་བསྔགས་པའི་ཕྱིར་དང༌། སྐབས་དགུ་ལ་སོགས་པར་ཕྱེ་ན་ཇི་ལྟར་བརྒྱད་དུ་བསྟན་པ་ལས་ཅི་ཞིག་ཡོན་ཏན་ཐོབ་པར་འགྱུར། དེ་བས་ན་དོན་མེད་པའི་ཕྱིར་སྐབས་ཀྱི་དོན་དགུ་ལ་སོགས་པར་མ་མཛད་པར་ངེས་སོ། །སེམས་བསྐྱེད་པ་ཞེས་བྱ་བ་ལ། འདི་ཁ་ཅིག་ནི་སེམས་བསྐྱེད་པ་དངོས་གཙོར་སྟོན་པ་སྟེ་འདུན་པ་ལ་སོགས་པའོ། །ཁ་ཅིག་ནི་སེམས་བསྐྱེད་པ་འཕེལ་བར་བྱེད་པའི་གྲོགས་ལ་དེར་གདགས་ཏེ་སྦྱིན་པ་ལ་སོགས་པའོ། །ཁ་ཅིག་ནི་སེམས་བསྐྱེད་པའི་འབྲས་བུ་ལ་དེར་གདགས་ཏེ་བགྲོད་པ་གཅིག་པའི་ལམ་ལ་སོགས་པའོ། །དམིགས་པ་ཞེས་བྱ་བ་ནི་གང་ལ་འདོད་པར་བྱ་བ་སྟེ་དོན་དུ་གཉེར་བར་བྱ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་དོ། །དམིགས་པར་བྱ་བ་ནི་བསྒྲུབ་པར་བྱ་བའོ་ཞེས་ཇི་ལྟར་བསྟན་པ་ལྟ་བུའོ། །རང་གི་ངོ་བོ་ཞེས་པ་ནི་འདོད་པ་ཞེས་པས་བསྟན་ཏེ་འོག་ནས་འཆད་པར་བྱེད་པའོ། །ཅིའི་ཕྱིར་འདོད་པར་བྱེད་ཅེ་ན། གཞན་དོན་བྱེད་ཕྱིར་ཞེས་པས་བསྟན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཕན་པར་འདོད་པའི་སེམས་དང་ལྡན་པས་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ན་བྱང་ཆུབ་སེམས་དཔའི་མིང་ཡང་འཐོབ་པའོ། །དེ་ལྟར་ན་དེ་ནི་སེམས་བསྐྱེད་པའོ་ཞེས་བསྟན་ཏོ། །སྨོན་པ་ཞེས་པ་ནི་སྨོན་པ་ཙམ་ཏེ་ཚོགས་བསགས་པས་སེམས་བསྐྱེད་པའི་ཚོགས་བླང་བ་ཡང་མ་བྱས་པའོ། །འཇུག་པ་ཞེས་པ་ནི་དགེ་བའི་བཤེས་གཉེན་མཉེས་པར་བྱས་ཏེ་ཡང་དག་པར་བླངས་པ་ལས་བྱུང་བའི་སེམས་བསྐྱེད་པ་ནས་བརྩམས་ཏེ། བར་ཆད་མེད་པའི་ལམ་གྱི་བར་དུ་གཏོགས་པའི་སྒྲུབ་པའི་སྤྱོད་པའོ། །དོན་འདི་ནི་སློབ་དཔོན་ཞི་བ་ལྷའི་ཞལ་སྔ་ནས་ཀྱང༌། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །འཇུག་པ་བྱང་ཆུབ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡིན། །བྱེད་


DTG087_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ཇི་ལྟར་བསྟན་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་བཤད་དོ། །སློབ་དཔོན་དཔལ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ནི། སོ་སོའི་སྐྱེ་བོའི་སའི་སེམས་ཅན་ཐམས་ཅད་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་ཉིད་དུ་བརྗོད་ལ། ས་རབ་ཏུ་དགའ་བ་ནས་བརྩམས་ཏེ་ནི་ཡེ་ཤེས་ཀྱི་ཁྱད་པར་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་ལ་འཇུག་པ་བྱང་ཆུབ་ཀྱི་སེམས་སོ་ཞེས་བསྟན་ཏོ། །ཡང་ཁ་ཅིག་ན་རེ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་པ་དང༌། རྫོགས་པའི་སངས་རྒྱས་རབ་བསྟེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པའི་དབང་ལས་ཕྱིར་མི་ལྡོག་པའི་སར་གནས་པ་དང༌། དེ་མ་ཐོབ་པ་ལས་སྨོན་པ་དང་འཇུག་པར་བཞག་སྟེ། ཆོས་ལ་མི་རྟོག་པ་དང་པོ་ཐོབ་པ་ནི་དྲོ་བར་གྱུར་བ་སྟེ། ཟབ་མོའི་དོན་ལ་སོ་མ་ཉི་མེད། །ཅེས་པ་དང༌། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །ཞེས་པ་ལ་སོགས་པ་གསུངས་པས་སོ་ཞེས་ཟེར་རོ། །ད་ནི་འདི་སྙམ་དུ་འདུན་པ་དང༌། སྙིང་རྗེ་ཞེས་བྱ་བ་སེམས་ལས་བྱུང་བ་གཉིས་དང་མཚུངས་པར་ལྡན་པའི་སེམས་སེམས་ཅན་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡུལ་ལ་དམིགས་ཏེ་སྐྱེས་པ་ནི་སེམས་བསྐྱེད་པ་ཡིན་ན། ཅིའི་ཕྱིར་ཚིག་ལེའུར་བྱས་པ་ལས་སེམས་ལས་བྱུང་བ་འདུན་པ་འབའ་ཞིག་ལ་སེམས་བསྐྱེད་པའི་སྒྲར་བསྟན་ཞེས་བསམས་ནས་དྲི་བ་དང་ལན་རྣམས་འབྱུང་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱའོ། །ལྷག་མ་ནི་གོ་སླའོ། །ཡང་འདོད་པའི་བདག་ཉིད་གང་ཡིན་པ་དེ་ནི་གང་ཡིན་ཞེས་བྱ་བར་སྦྱར་ཏེ། དེའི་ལན་བསྟན་པ་ནི་འདོད་པ་དེ་ཡང་སྒྱུ་མ་ལྟར་འདོད་པ་ཉིད་ཡིན་གྱི། དངོས་པོ་ཉིད་དུ་ཞེན་པས་འདོད་པ་ནི་མ་ཡིན་ཏེ།


DTG087_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྒྱུ་མའི་མཁན་པོ་ཞིག །སྤྲུལ་པ་ཐར་པ་བྱ་ཕྱིར་བརྩོན། །དེ་ནི་སྔ་ནས་དེ་ཤེས་པས། །དེ་ལ་དྲེགས་པ་ཅུང་ཟད་མེད། །དེ་བཞིན་སྲིད་གསུམ་སྒྱུ་འདྲ་བར། །རྫོགས་པའི་བྱང་ཆུབ་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་ལྟར་སྣག་ནས་ཤེས། །ཞེས་གསུངས་པའི་ཚུལ་གྱིས་ནི། །འགྲོ་བའི་ཕན་པ་འབྱུང་བའི་རྒྱུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཡང་སྒྱུ་མའི་དཔེ་རྣམ་པ་བརྒྱད་ཀྱིས་བསྟན་པ་ལྟར་འདོད་པར་སྟོན་པ་ནི། སྦྱིན་པ་ལ་སོགས་པ་ཐམས་ཅད་ལ་སྦྱིན་པར་བྱ་བ་དང༌། སྦྱིན་པ་པོ་དང། ལེན་པ་པོ་ལ་སོགས་པ་མི་དམིགས་པས་བསྒྲུབ་པར་བྱའོ་ཞེས་བྱ་བར་ཤེས་པར་བྱ་བའི་ཕྱིར་དང་ཞེས་བསྟན་པའོ། །དེ་བཞིན་དུ་ཡང་གང་གི་དོན་དུ་སེམས་བསྐྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན་ཞེས་དྲིས་པའི་ལན་ནི། སེམས་ཅན་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པ་ལ་དགོད་པར་འདོད་པ་ཞེས་བྱ་བ་སྟེ། འདི་ནི་བྱེད་པའི་རང་བཞིན་གྱི་ལས་ཀྱི་བྱེད་པ་པོར་བསྟན་པར་འགྱུར་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན་ཞེས་དྲིས་པའི་ལན་ནི། སེམས་ཅན་དུ་བསྟན་ཏོ། །གཞན་གྱི་དོན་ནི་གང་ཡིན་ཞེ་ན་ཞེས་དྲིས་པ་སླར་བརྗོད་པ་ནི། སེར་སྣ་ཅན་ལ་སོགས་པ་སྦྱིན་པ་ལ་སོགས་པ་ལ་དགོད་པར་འདོད་པས་ཞེས་པའི་ཚིག་སྔ་མ་དེའི་འབྲས་བུར་ཡང་སྦྱར་བས་ནི་གཞན་གྱི་དོན་བསྟན་ཏེ་འདི་ནི་དོན་བསྡུས་པའོ། །ད་ནི་གཞུང་བརྗོད་དེ། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་གཞན་གྱི་དོན་དག་གང་ཡིན་ཞེ་ན་ཞེས་དྲིས་པའི་ལན་དུ། རྗེ་བཙུན་གྱི་ཞལ་སྔ་ནས་ཉིད་ཀྱི་བསྟན་པ་སྤང་ཞིང་མདོ་ལས་ཤེས་པར་བྱ་བའི་ཕྱིར། ཇི་ལྟར་དྲིས་པ་དེ་དང་དེ་ནི་བླ་མའི་ལུང་གིས་མདོ་ལས་ཇི་སྐད་བསྟན་པ་བཞིན་དུ་ཤེས་པར་བཞིད་མདོ་ལས་ཀྱང༌། དེ་དག་བསྡུས་པ་དང་རྒྱས་པའི་སྒོ་ནས་བརྗོད་པར་ཤེས་པར་བྱའོ་ཞེས་ཚིག་རྣམ་པར་སྦྱར་རོ། །ད་ནི་སློབ་དཔོན་གྱི་ཞལ་སྔ་ནས་བསྡུས་པ་དང་རྒྱས་པའི་སྒོ་ཞེས་བྱ་བ་དགྲོལ་པར་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་


DTG087_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཆར་ལས་ཞེས་སྨོས་ཏེ། དྲིས་པ་དེ་དག་བསྟན་ཏོ་ཞེས་བྱ་བ་ཚིག་གི་ལག་མའོ། །གཞན་དག་ནི་མདོ་རེ་རེ་ལ་ཡང་དེ་དག་བསྡུས་པ་དང་རྒྱས་པའི་སྒོ་ནས་བསྟན་ཏོ་ཞེས་ཟེར་ན། དེ་ནི་མདོ་རབ་ཏུ་བསྡུས་པ་དང་རྒྱས་པ་ལས་དེ་ལྟར་ག་ལ་ཞིག་བསྟན། མི་འགལ་བ་ཞེས་བྱ་བ་ནི་འདི་རྗེ་བཙུན་གྱི་ཞལ་སྔ་ནས་རང་བཟོར་ནི་མ་བསྟན་གྱི། མདོ་ལས་ཀྱང་དེ་དང་དེ་དག་དེ་ཁོ་ན་སྐད་གསུངས་སོ་ཞེས་ཚིག་ཟུར་གྱིས་བསྟན་པ་སྟེ། འདི་ནི་ཚིག་ལེའུར་བྱས་པའི་རིལ་ལ་སྦྱར་རོ། །གལ་ཏེ་དེ་དང་དེ་དག་མདོ་ལས་གསུངས་ན། ཇི་སྐད་དུ་གསུངས་པ་འདི་སྨོས་དགོས་སོ་ཞེས་འདྲི་བ་སྲིད་པ་ལ་ནི་དེའི་ལན་དུ། གཙུག་ལག་གི་གཞུང་སྐབས་ཀྱི་དོན་སྟོན་པ་ལྷུར་ལེན་པ་ནི་ཐམས་ཅད་ལས་ཀྱང་གསུངས་མོད་ཀྱི་ཚིག་མངའ་སུ་དོགས་ནས་ཁུངས་ཉིད་དུ་མ་བྲིས་སོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ཁོ་བོས་དེ་དག་བརྗོད་པར་མི་ནུས་པ་ནི་མ་ཡིན་མོད་ཀྱི་གཞུང་མངས་ན་གདུལ་བྱ་ཕལ་ཆེར་དོན་བསྡུས་པའི་བློ་རྣམ་པར་འཁྲུགས་པར་འགྱུར་བས་ན་མི་བརྗོད་དེ། དེའི་ཕྱིར་འོག་ནས་འཆད་པ་ལས་ཀྱང༌། གོ་བར་སླ་ཕྱིར་དག་དང་ནི། །ཚིག་སོགས་སྦྱོར་བ་མ་བྱས་པར། །ཞེས་སྟོན་ཏེ། ཇི་ཙམ་དུ་གཟུགས་རྒྱས་པར་བསྟན་ཅིང་ཚིག་བསྡུས་པ་ནི་མྱུར་དུ་གོ་བ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལ་རྒྱལ་བའི་ཡུམ་བར་མའི་དབང་དུ་བྱས་ཏེ་ནི། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པར་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་བྱ་བའི་ཚིག་འདིས་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་མདོར་བསྟན་པའོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་གནས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ཏེ་སྦྱིན་པ་དང༌། སྦྱིན་པར་བྱ་བ་དང༌། ལེན་པ་པོ་མི་དམིགས་པའི་ཕྱིར་ཡོངས་སུ་བཏང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །དེ་བཞིན་དུ་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་


DTG087_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ་ཞེས་པའི་བར་དུ་གང་གསུངས་པས་དེ་རྒྱས་པར་བསྟན་པ་ཡིན་ནོ། །ཡང་གཞན་གྱི་དོན་གང་ཡིན་པ་དེ་མདོར་བསྟན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་རེ་རེ་ཞིང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རེ་རེ་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་ཅེས་བྱ་བའི་མཐར་ཕུང་པོ་ལྷག་མ་མེད་པའི་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བའི་བར་གྱིས་སོ། །ཡང་སེམས་ཅན་ཕ་རོལ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ལ་གནས་པ་རྣམས་དེ་དང་བྲལ་བར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཚིག་གིས་ནི། གཞན་གྱི་དོན་དེ་རྒྱས་པར་བསྟན་པར་ཤེས་པར་བྱའོ། །དེ་ལྟར་དེ་དག་ལ་སོགས་པ་མདོ་གཙོར་བྱས་པ་གནས་སྐབས་ཁ་ཅིག་ཏུ་བསྟན་པ་ཡང་ཉེ་བར་མཚོན་པ་སྟེ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་རྩེ་མོའི་སྐབས་སུ་བདག་ཉིད་ཀྱང་སྲོག་གཅོད་པ་སྤོང༌། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་བསྐུལ། སེམས་ཅན་གཞན་གང་དག་སྲོག་གཅོད་པ་སྤོང་བ་ཡང་དག་པར་བླངས་པ་དེ་དག་གི་ཡང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ཡང་ཚིག་ཟུར་གཉིས་སུ་སྦྱར་བས་འདིར་ཡང་དྲངས་ཏེ། དེ་བཞིན་དུ་མདོའི་ཁུངས་རྣམས་ནི་ཇི་ལྟར་བདེ་བ་སྦྱར་བ་རིན་པ་དུ་མ་ཚིག་རེ་རེ་ལ་བརྗོད་ཀྱང་ཉེས་པ་མེད་དེ། དེའི་མཐུ་ནི་གཅིག་པུ་ཞིག་ཏུ་སྟོན་པར་ཡོངས་སུ་ཆད་པ་མ་ཡིན་པས་སོ། །ཁ་ཅིག་མདོའི་དོན་ཁུངས་སུ་དྲངས་པའི་ཚུལ་གྱིས་བསྡུས་པ་དང་རྒྱས་པའི་སྒོ་ནས་བརྗོད་ཅེས་བྱ་བ་ནི་གཞན་གྱི་དོན་འབའ་ཞིག་ལ་སྦྱོར་བར་བྱེད་དེ། །མདོའི་དོན་ཚིག་ཁུངས་སུ་སྦྱར་བའི་སྐབས་འདིར་སློབ་མ་ལ་བཤད་པ་དང༌། མངོན་པར་བརྩོན་པའི་ཚོགས་ལ་བཤད་པའི་བྱེ་བྲག་དག་བརྗོད་པར་བྱ་བ་ཡིན་མོད་ཀྱི། དེ་དག་ནི་རབ་ཏུ་གྲགས་པ་ཉིད་ཡིན་པས་འདིར་བསྟན་པ་ལ་རག་ལས་པ་མ་ཡིན་པའི་ཕྱིར་གཞག་གོ །དེ་ལྟར་སེམས་བསྐྱེད་པ་དམིགས་པ་


DTG087_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་གི་ངོ་བོ་དང་བཅས་པ་བརྗོད་ནས། ད་ནི་དེའི་རབ་ཏུ་དབྱེ་བ་ཉི་ཤུ་རྩ་གཉིས་པར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གིས་བཤད་དེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་བས་རྣམ་པར་མིད་བྱེའོ། །དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་པར་རུང་བ་ཉིད་ཅེས་བྱ་བ་ལ། སེམས་བསྐྱེད་པ་ཐ་མ་གསུམ་ནི་སངས་ཀྱིས་ཀུན་ཏུ་འོད་ཀྱི་བདག་ཉིད་དོ་ཞེས་འཆད་པ་མ་ཡིན་ནམ། དགའ་ལྡན་གྱི་གནས་ན་བཞུགས་པ་ནི་བསྒོམ་པའི་ལམ་གྱི་མཐའ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཉིད་ཡིན་ན། འདི་ཇི་ལྟར་སངས་རྒྱས་ཀྱི་སའི་ཡོན་ཏན་དུ་སྦྱར་བར་བྱ། འཆད་པར་འགྱུར་བ་ཆོས་ཀྱི་སྐུའི་ཕྲིན་ལས་བསྟན་པ་ལས་ཀྱང་ས་བཅུ་པའི་དབང་དུ་བྱས་ཏེ། ཡང་དེ་ཉིད་ལ་སྐྱེ་བ་གཅིག་གིས་ཐོགས་པའི་ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སོ་སོར་ངེས་པ་དང་ཞེས་སྟོན་ཏོ། །སྐྱེད་གཅིག་གིས་ཐོགས་པ་ནི་བྱང་ཆུབ་སེམས་དཔའ་དགའ་ལྡན་ན་བཞུགས་པ་ཁོ་ནའོ་ཞེ་ན། འདི་ནི་བདེན་མོད་ཀྱི་འོན་ཀྱང་དགའ་ལྡན་ན་བཞུགས་པའི་ཚུལ་སྟོན་པའི་བྱང་ཆུབ་སེམས་དཔའི་གཟུགས་ནི་གཉིས་ཏེ། འཇིག་རྟེན་གྱི་ཁམས་ཁ་ཅིག་ན་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྲུལ་པའི་སྐུ་ཉིད་གདུལ་བྱའི་དབང་གིས་དགའ་ལྡན་ན་བཞུགས་པའི་བྱང་ཆུབ་སེམས་དཔར་སྣང་བས་རིམ་གྱིས་ཡང་བྱང་ཆུབ་པར་སྟོན་ཏེ། དོན་འདི་ཉིད་ཉེ་བར་གཟིགས་ནས་འཕགས་པ་ལང་ཀར་གཤེགས་པ་ལས། ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་རྣམས་ནི་འདིར་སངས་རྒྱ། །ཞེས་བྱ་བ་གསུངས་ཏེ། མདོ་དེར་གཟུགས་ཀྱི་ཁམས་འོག་མིན་ལ་ནི་དེར་ཞེས་གསུངས་ལ། འདོད་པའི་ཁམས་ལ་ནི་འདིར་ཞེས་གསུངས་ཏེ། བྱིས་པ་རྣམས་ནི་རང་གི་རྟོག་པ་ཙམ་གྱིས་ཉེ་བ་དང་རིང་པར་འདོགས་པའི་དབང་དུ་བྱས་པའི་ཐ་སྙད་དོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་དག་དགའ་ལྡན་ན་བཞུགས་ཤིང་རིམ་གྱིས་འཛམ་བུའི་གླིང་འདིར་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་དག་པའམ་སྤྲུལ་པ་སྟོན་ཏེ། དོན་དེའི་དབང་དུ་མཛད་ནས་ནི་འཕགས་


DTG087_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་པའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་གནས་པའི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་འོད་པའི་ཁམས་ཀྱི་ལྷའི་བུ་རྣམས་འདོད་པའི་བདེ་བ་བསྟན་པ་དང༌། དབང་ཕྱུག་མི་རྟག་པར་བསྟན་པ་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་རྒུད་པར་འགྱུར་བར་བསྟན་པ་དང༌། དེ་དག་བྱང་ཆུབ་ཀྱི་སེམས་ལ་ཡང་དག་པར་དགོད་པ་འདི་ནི། དགའ་ལྡན་ན་གནས་པའི་ལས་དང་པོའོ། །གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་རྣམས་ལ་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། རྣམ་པར་ལྡང་བ་སྟོན་ཅིང་བསམ་གཏན་དང་བསམ་གཏན་གྱི་ཡན་ལག་དེ་དག་ལ་མངོན་པར་ཞེན་པ་དང༌། སྲིད་པས་བྱུང་བའི་འཇིག་ཚོགས་སུ་ལྟ་བ་དང༌། གཏི་མུག་གིས་ཤས་ཆེ་བའི་ཉོན་མོངས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པ་དང༌། གཟུགས་མེད་པའི་ཕྱིན་ཅི་ལོག་ལ་ཞུགས་པ་ཐམས་ཅད་ལ་སྡུག་པར་ཡིད་ལ་བྱེད་པ་ཐམས་ཅད་མི་རྟག་པར་ཡོང་སུ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ལ་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དགའ་ལྡན་གྱི་གནས་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱན་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་གནས་ཏེ་ལུས་ལས་འོད་བཀྱེ་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་རྒྱས་པར་བཀང་ནས། སེམས་ཅན་རྣམས་ལ་ཇི་ལྟར་དད་པ་བཞིན་དུ་ཆོས་སྣ་ཚོགས་ཀྱི་སྒྲ་སྐད་རབ་ཏུ་བརྗོད་དེ། ཆོས་ཀྱི་སྒྲ་སྐད་དེ་དག་ཐོས་ནས་སེམས་དང་བར་འགྱུར་ཏེ། དགའ་ལྡན་གྱི་ལྷར་བརྟུལ་ཞུགས་མཐུན་པར་སྐྱེ་བར་འགྱུར་ཞིང་དེ་ལྟར་སྐྱེས་ནས་ཀྱང་བྱང་ཆུབ་ཀྱི་སེམས་ལ་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་གསུམ་པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ནས། ཡང་དགའ་ལྡན་ནས་འཆི་འཕོ་བ་སྟོན་པའི་ལས་བཅུ་གསུངས་ཏེ། རྒྱ་ཆེར་མདོ་དེ་ཉིད་ལས་ཤེས་པར་བྱ་བ་སྟེ། གཞུང་མངས་བར་འགྱུར་བས་འཇིགས་པའི་ཕྱིར་འདིར་མ་བརྗོད་དོ། །དབྱེ་བ་ཞར་ལ་བརྗོད་


DTG087_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཞེས་བྱ་བ་ལ་དང་པོ་ཉིད་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་བྱ་བའི་དབང་འདིས་སེམས་བསྐྱེད་པའི་ངོ་བོ་ཉིད་གཙོར་སྟོན་ཅིང་ངོ་བོ་ཉིད་ཀྱི་གནས་སྐབས་ཙམ་ལ་རྣམ་པར་དབྱེ་བར་བཞག་པའི་ཕྱིར་འདིར་ཞར་ལ་བསྟན་པ་ཁོ་ནའོ། །དུས་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱེད་པ་ཞེས་བྱ་བ་ནི་རྒྱུའི་རང་བཞིན་གྱི་སེམས་བསྐྱེད་པ་རྣམས་རང་རང་གི་ས་མཚམས་གང་ཡིན་པར་མི་ཉམས་ཤིང་འཕེལ་བར་བྱ་བའི་ཕྱིར་འབད་པ་ནི་དོན་དུ་གཉེར་བར་བྱེད་པ་སྟེ། དེ་ཡང་དེའི་རྒྱུར་གདམས་ངག་དོན་དུ་གཉེར་བར་བྱེད་པ་ཉིད་དོ་ཞེས་དོན་དུ་གཉེར་བའི་སྒྲ་ནི་ཚིག་ཟུར་གཉིས་སུ་སྦྱར་རོ། །དེས་འཕགས་པའི་ཆོས་འགྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་པོ་དང་རྟགས་མཐུན་པའི་ཕྱིར་རྒྱུའི་བྱང་ཆུབ་ཀྱི་སེམས་རྣམས་ཀྱིས་སོ། །དེ་རྣམས་ཀྱིས་འཕངས་པའི་ཆོས་ནི་འབྲས་བུའི་བྱང་ཆུབ་ཀྱི་སེམས་གསུམ་གྱིས་བསྡུས་པ་སངས་རྒྱས་ཀྱི་སའི་རྣམས་སོ། །འགྲུབ་པར་བྱ་བའི་ཕྱིར་གདམས་ངག་དོན་དུ་གཉེར་བར་བྱེད་ཅེས་སྦྱར་རོ། །གཞན་དག་ནི་དེས་ཞེས་བྱ་བ་འདི་ནི་བར་ཆད་མེད་པའི་ཕྱིར་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་དང༌། ཡང་རྟགས་མཐུན་པའི་ཕྱིར་དེ་ཉིད་དང་སྤྱིར་སྦྱར་ལ་འཕངས་པའི་ཆོས་ནི་སེམས་བསྐྱེད་པ་འཕེལ་བར་བྱེད་པའི་བསླབ་པ་ཇི་སྙེད་པ་རྣམས་ཡིན་པས། དེ་དག་འགྲུབ་པར་བྱ་བའི་ཕྱིར་གདམས་ངག་དོན་དུ་གཉེར་བས་ན་ཡོན་ཏན་ཐོབ་པ་ནི་མི་སྡུག་པ་བསྒོམ་པ་ལ་སོགས་པ་ཡིན་ལ། དེ་དག་ཡོངས་སུ་བསྲུང་བའི་དོན་གྱིས་ཞེས་བྱ་བ་ནི་སེམས་བསྐྱེད་པ་འཕེལ་བར་བྱེད་པ་དང་བཅས་ཏེ་བསྲུང་བའི་ཕྱིར་དོན་དུ་གཉེར་རོ་ཞེས་ཟེར་རོ། །འདི་ནི་ལེགས་པར་མ་སྨྲས་ཏེ་དེ་ལྟར་ན་འཆད་པར་བྱེད་པ་ལས་སེམས་བསྐྱེད་པ་དང་པོ་དང་ཐ་མའི་ལས་བསྟན་པའི་རིམ་པས་ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱང་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པ་ཡང་ཇི་ལྟར་དྲངས་ཏེ། དེའི་ཚེ་ཁྱེད་ནི་སེམས་བསྐྱེད་པའི་ངོ་བོ་ཙམ་ལས་ཁས་མི་ལེན་པའི་ཕྱིར་རོ། །ཡང་དེ་དང་དེས་འཕངས་པར་ཁྱེད་སྨྲ་བ་ན་སངས་


DTG087_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ས་ལ་ཁྱེད་ཀྱིས་ཅི་བྱར་ཡང་མེད་དོ། །དེའི་ཕྱིར་ངེས་པར་ཚུལ་སྔ་མ་ཁས་བླངས་ཏེ་ཡོད་ཏན་ཐོབ་པ་ཡོངས་སུ་བསྲུང་བའི་དོན་གྱིས་ཞེས་བྱ་བ་སྔ་མ་སྔ་མ་མི་ཉམས་པར་བྱ་བའི་དབང་གིས་གོང་མ་གོང་མ་ཡང་མངོན་པར་འཕེལ་བར་བྱ་བའི་ཕྱིར་དོན་དུ་གཉེར་བར་བྱེད་ཅེས་ཤེས་པར་བྱའོ། །འདིར་ཡང་བར་ཆད་མེད་པའི་ལམ་ལ་ནི་དེ་དོན་དུ་གཉེར་བ་མེད་དེ། རང་བྱུང་གི་ཡེ་ཤེས་བསྐྱེད་པར་ནུས་པའི་ཕྱིར་རོ། །འོ་ན་མདོ་དག་ལས་དེ་བཞིན་གཤེགས་པ་འགའ་ཞིག་ཆོས་གསུངས་པའི་གནས་སུ་ཐུབ་པ་ཆེན་པོ་ཕལ་མོ་ཆེ་ཚོགས་ཏེ། མཇུག་ཏུ་ལེགས་སོ་ཞེས་བྱ་བ་གནང་བ་བསྟན་པ་དེ་དག་གདམས་ངག་ནོད་པ་མ་ཡིན་ན་ཅི་ཞིག་ལ་འདུ་བ་མཛད། ཚུལ་འདི་ལས་ནི་བར་ཆད་མེད་པའི་ལམ་ལ་དེ་ལས་ཇི་ལྟར་ལོག་ཅེ་ན། དེར་ནི་དམ་པའི་ཆོས་ལ་གཅེས་སྤྲས་མཛད་པ་དང༌། ཆོས་ལ་བྱས་པ་གཟོ་བ་དང༌། ཆོས་ཀྱི་ཚུལ་ཡུན་རིང་དུ་གཞག་པའི་ཕྱིར་དེ་ལྟ་བུ་དག་བསྟན་གྱི། དེ་དག་ནི་ཡང་གདམས་ངག་ལ་ལྟོས་པ་དང་བཅས་པ་ག་ལ་ཞིག་ཡིན། འདོམས་པ་ནི་གདམས་ངག་སྟེ་ཞེས་བྱ་བ་ལ། འདིར་ནི་དོན་དུ་གཉེར་བར་བྱེད་པོ་ནི་ཞེས་བརྗོད་པར་རིགས་པ་མ་ཡིན་ནམ། ཇི་ལྟར་ན་འདོམས་པ་ནི་བསྟན་ཞེ་ན། ཁ་ཅིག་ན་རེ་འདི་ནི་བྱེད་པའི་ལམ་བསྟན་པ་སྟེ། འབྲས་ཅན་གྱི་བྱ་བ་དང་འབྲེལ་བའི་གཏམ་ལ་མེར་བརྗོད་པ་ལྟ་བུའོ་ཞེས་ཟེར་རོ། །དེ་ལ་མེ་ཉིད་བརྗོད་པ་ཅིའི་ཕྱིར་ཞེས་པ་ལས་དངོས་པོར་བྱ་བའི་འདྲི་བར་འགྱུར་བས་ཅི་ཞིག་ཕན་པར་བྱེད། ཡང་གཞན་དག་ནི་ཇི་ལྟར་བསྟོད་པ་ལ་སོགས་པའི་གྲགས་པ་ལས་འདས་པའི་ངོ་བོ་སངས་རྒྱས་རྣམས་ཐུགས་དགྱེས་པའི་ངོ་བོ་གནས་སྐབས་ལ་བཞག་པ་ལྟར། འདིར་ཡང་གཞན་འགའ་ཞིག་གིས་འདོམས་པ་ཞེས་ནི་མི་བྱ་སྟེ། དེ་ནི་ལམ་ཡོངས་སུ་འཛིན་པའི་རང་བཞིན་འབའ་ཞིག་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རང་གི་ཡོངས་སུ་འདོམས་པ་ནི་གདམས་ངག་སྟེ་ཞེས་བྱ་ན་ཉེས་པ་འདིར་མི་འགྱུར་རོ་ཞེས་ཟེར་རོ། །བདག་ཅག་གི་རྗེ་བཙུན་གྱི་ཞལ་སྔ་ནས་ནི་རྒྱལ་བ་སྐྱེད་མ་ལས་བསྟན་པའི་ལམ་མ་ལུས་པ་ནི་ཐུན་མོང་ཉིད་དུ་


DTG087_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་རིམ་གྱིས་སྐྱེ་བར་ངེས་པར་ཁས་བླངས་པར་བྱ་བ་ནི། འགྲོ་རྣམ་ཞི་བའི་ལས་དང་ནི། །ཞེས་བྱ་བ་ལ་སོགས་པར་འགྱུར་ལ། དེས་ན་འདིར་རང་གི་ཉམས་སུ་བླངས་པའི་བྱ་བ་ལ་གཞན་གྱི་བྱེད་པ་སྦྱར་བ་ལ་ཉེས་པ་མེད་ཅིང། ཡང་ན་འདོམས་པ་ཡང་དེ་ཡིན་ལ་ཇི་ལྟར་གདམས་པ་ལྟར་སྒྲུབ་པ་ཡང་འདིར་གཙོར་གྱུར་པའི་གདམས་ངག་གོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་སོ། །གལ་ཏེ་དེ་ལྟར་གཞན་གྱིས་བསྟན་པའི་གདམས་ངག་མི་འགོག་པ་ལྟ་ཞིག་ན་དེ་སྟོན་པ་པོ་ཡོངས་སུ་འཛིན་པ་དེའི་ཕྱིར་འདིར་མི་བསྟན་པར་མདོ་ལས་སྦྱོར་བའི་ལམ་དང་འབྲེལ་བར་སྟོན་ཞེ་ན། དེ་ཉིད་དུ་བསྟན་པར་མི་བྱ་བ་ནི་རང་གི་མངོན་པར་ཤེས་པའི་སྟོབས་ཀྱིས་ཕ་རོལ་ཟིལ་གྱིས་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དན་ཞེས་པས་དྲོད་བསྐྱེད་པའི་དབང་དུ་བྱས་ཏེ། དེའི་ཕྱིར་དགེ་བའི་བཤེས་གཉེན་དང་ཕྲད་པ་ཡང་རབ་ཏུ་རྙེད་པར་དཀའ་བས་དེ་དང་ཕྲད་པ་ལ་རབ་ཏུ་འབད་པར་རིགས་སོ། །དད་པའི་ས་ལ་སོག་པ་ནི་དམན་པ་ལ་བརྟེན་པར་ཤེས་པར་བྱའོ། །སྒྲུབ་པ་ལ་འདོམས་པ་ལ་སོགས་པ་འདི་དག་ལས་དང་པོ་ནི་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་ལ་གདམས་པའོ། །ལྷག་མ་བདེན་པ་ནས་བརྩམས་ཏེ་མངོན་པར་ཤེས་པ་ལ་ཐུག་པའི་བར་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སོ། །ལྷག་མ་གཉིས་ནི་གོ་སླའོ། །དད་པས་རྗེས་སུ་འབྲང་བ་ནི་གང་མིའི་ནང་ནས་མིའི་ནང་དུ་མཚམས་སྦྱོར་བའོ། །ཆོས་ཀྱིས་རྗེས་སུ་འབྲང་བ་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་གཞན་ནམ། དགའ་ལྡན་ནས་འདིར་སྐྱེས་པའོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི་བསམ་གཏན་དང་ཚད་མེད་པ་དང༌། སྙོམས་པར་འཇུག་པ་ཐོབ་པ་དག་ཐབས་མཁས་པའི་དབང་གིས་དེ་དག་གི་འབྲས་བུ་མངོན་དུ་མི་བྱེད་ཀྱི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པའི་ངོ་བོར་མིའི་ནང་དུ་སླར་ཞིང་སྐྱེའོ། །ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་ཡན་གཞུང་སྔ་མ་ལྟ་བུས་འདོད་པའི་ཁམས་ཀྱི་ལྷ་དག་གི་ནང་ཁོ་ནར་སླར་སྐྱེ་ཞིང་སྐྱེ་བ་ཡོངས་སུ་འཛིན་པའོ། །དེ་ལྟར་ན་རྒྱུན་ཏུ་ཞུགས་


DTG087_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྡུས་པ་རྣམས་པ་བཞིའོ། །དད་པས་མོས་པ་ནི་བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པ་དག་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་མངོན་དུ་བྱས་ཏེ། དེར་སྐྱེ་བ་ལྡོག་པར་མི་བྱེ་པར་དེར་མཚམས་སྦྱར་ཏེ་རིང་མོ་ཞིག་གནས་ནས་ཤི་འཕོས་ཏེ་སླར་འདིར་མཚམས་སྦྱར་ན། དེ་ནི་དབང་པོ་རྟུལ་པའི་ཕྱིར་ན་དད་པ་ཙམ་ཡིན་གྱི་དེ་ལ་ཤེས་རབ་མེད་ཅེས་དགག་པའོ། །དེ་ནི་དེ་ལྟ་ན་འདུ་ཤེས་མེད་པར་སྐྱེ་བའི་བྱང་ཆུབ་སེམས་དཔའ་དེ་གང་ཞིག་ཡིན། བདེན་པ་མཐོང་བ་ནི་མ་ཡིན་ཏེ། བསམ་གཏན་ལ་སོག་པའི་ཡན་ལག་ཡོངས་སུ་ཟད་པ་དང༌། ཞེས་སྟོན་པའི་ཕྱིར་རོ། །སྣང་བ་ཐོབ་པ་ལ་སོགས་པ་ཡང་མ་ཡིན་ཏེ། མི་ཁོམ་པ་ཟད་པ་དང་ཞེས་སྟོན་པའི་ཕྱིར་རོ། །དད་པའི་ས་པ་ཡང་མ་ཡིན་ཏེ། འདིར་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་འཆད་པས་དེ་དང་འབྲེལ་བ་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་ནི་བརྗོད་པར་བྱ་བ་མི་ནུས་པ་ནི་མ་ཡིན་ཏེ། ཡུལ་ཨོ་དེ་ཤ་བའི་མཁས་པ་ཆེན་པོ་དག་གི་ཞལ་སྔ་ནས། མགྲིན་གཅིག་ཏུ་འདིར་སློབ་པ་ཕྱིར་མི་ལྡོག་པ་ནི་ཕལ་ཆེར་བརྗོད་ཀྱི། གཞན་མེད་པ་མ་ཡིན་པས་ན། མདོ་ལས་ཀྱང་གང་མིའི་ནང་ནས་ཤི་འཕོས་ཏེ་མིར་སྐྱེས་པ་དེ་དག་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་མ་གཏོགས་པ་དབང་པོ་རྟུལ་པོ་སྟེ་ཞེས་གསུངས་སོ་ཞེས་ཟེར་རོ། །ཀོང་ཀ་ཎ་པ་དག་གི་ཞལ་སྔ་ནས་ནི་སེམས་ཅན་འདུ་ཤེས་མེད་པ་དག་ནི་གཉིས་ཡིན་ཏེ། མི་ཁོམ་པར་བགྲང་བ་དང༌། དེ་ལས་གཞན་པའོ། །དེ་ལ་ཕྱི་རོལ་པའི་ལམ་ལ་སོགས་པས་ཁམས་དང་ས་འོག་མ་འོག་མ་དག་རྣམ་པར་སུན་ཕྱུང་ནས་དེར་སྐྱེས་པ་དེ་དག་ནི་འཆི་འཕོ་བའི་ཚེ་ན་ལོག་པར་ལྟ་བའི་དབང་གིས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བས་མི་ཁོམ་པར་བགྲང་ཞིང༌། བྱང་ཆུབ་སེམས་དཔའ་བདེན་པ་མ་མཐོང་བདག་བརྒྱ་ལམ་ན་ཅི་ཞིག་ལྟར་བཤེས་གཉེན་ངན་པ་ལ་སོགས་པས་དེར་སྐྱེས་ཀྱང་སངས་རྒྱས་ཀྱི་མཐུའི་དབང་དང་རང་གི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་མཐུས་དེ་དག་ལྟར་ཉམས་པར་མི་འགྱུར་བས་ན། འདི་ལྷ་ཚེ་རིང་པོར་སྐྱེས་སུ་ཟིན་ཀྱང་མི་ཁོམ་པར་སྐྱེས་པ་མ་ཡིན་ཏེ། འདི་


DTG087_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཤད་པ་ལས་ནི་མདོ་གང་ལས་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་སྣོད་དུ་འགྱུར་བ་གཅིག་པུ་ཞིག་ཡོད་པ་ནི་ལྷ་ཚེ་རིང་པོར་སྐྱེ་བར་གཟིགས་ཏེ་ཞེས་པ་ལ་སོགས་པ་ཡང་ལེགས་པར་བཤད་པར་འགྱུར་རོ་ཞེས་གསུང་ངོ༌། །བི་གྷ་ལ་པ་དག་གིས་བཤད་པ་ནི་དྲོད་ལ་སོགས་པའི་ཚེ་ཕལ་ཆེར་ངན་འགྲོ་ལ་སོགས་པ་སྤངས་པས་དེ་སྐད་བཤད་ཀྱིས་ངེས་པར་ནི་བཟོད་པ་ཐོབ་པ་ཁོ་ན་སྟེ། དེས་ན་ངན་འགྲོ་མེད་པས་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར་ཞེས་འཆད་པས་ན་འདི་ནི་དྲོད་དང་རྩེ་མོ་པ་ཡིན་ནོ། །དེ་དག་གནས་སྨད་པ་དེར་ཡང་ཡུན་ཐུང་བ་དང་སྡུག་བསྔལ་ཆུང་བ་ལ་སོགས་པར་སྦྱར་རོ་ཞེས་ཟེར་རོ། །རྗེ་བཙུན་གྱི་ཞལ་སྔ་ནས་ནི་དགོས་པའི་དབང་གིས་བསྟན་པར་ཟད་པས་ན་བར་ཆད་མེད་པའི་ལམ་གྱི་བར་དུ་སྦྱར་རོ་ཞེས་གསུང་ངོ༌། །འདི་ལྟ་བུ་ལ་སོགས་པ་མདོའི་གནས་དེ་དང་དེར་བདག་ཉིད་ཆེན་པོ་རྣམས་ཐ་དད་པར་འཆད་པ་རབ་ཏུ་མང་པོ་ཞིག་ཡོད་པ་ནི་གཞུང་མངས་པས་འཇིགས་པའི་ཕྱིར་བདག་གིས་འདིར་མ་བྲིས་ཏེ། མདོ་མཉན་པ་ལས་ཁོང་དུ་ཆུད་པར་བྱའོ། །མཐོང་བས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་གཞུང་དེ་བཞིན་དུ་སྦྱར་བ་ལ་ཐབས་ལ་མཁས་པའི་སྟོབས་ཀྱིས་ལྷ་ཚེ་རིང་པོར་མི་སྐྱེའི། གཞན་གང་ཡང་རུང་བ་ཞིག་ཏུ་སྐྱེ་བའོ། །འདི་ནི་ཐབས་མཁས་པའི་དབང་གིས་མི་སྐྱེ་བ་ཡིན་ལ། སྔ་མ་གཉིས་པོ་ནི་འཇིགས་པ་དང་བཅས་པས་སྨོན་ལམ་ལ་སོགས་པས་དེ་སྤོང་ངོ༌། །ལན་ཅིག་ཕྱིར་འོང་བ་ནི་བསམ་གཏན་དང་ཚད་མེད་པ་ལ་སོགས་པ་ཐོས་པས་དེ་དག་གི་འབྲས་བུ་མངོན་དུ་མི་བྱེད་པར་དགའ་ལྡན་དུ་སྐྱེས་ཏེ། དེའི་གནས་པ་མཐར་ཕྱིན་ནས་འཛམ་བུའི་གླིང་འདིར་བབས་ནས་བྱང་ཆུབ་པར་སྟོན་པའོ། །གཞན་བར་ཆད་གཅིག་པ་ནི་བསམ་གཏན་རྣམས་ནས་ཆོས་མ་འདྲེས་པའི་བར་གྱིས་ཡོན་ཏན་ཐོབ་ཀྱང་ད་དུང་སངས་རྒྱས་མཆོད་པ་ལ་སོགས་པའི་ཕྱིར་གནས་པ་ཚེ་གཅིག་གིས་ཐོགས་པ་སྟེ། འཇམ་དཔལ་ཁྱོད་ད་དུང་ཡང་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱིས་མ་ཚིམ་མམ་ཞེས་པ་ལྟ་བུའོ། །དད་པ་དང་མཐོང་བས་ཐོབ་


DTG087_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་དག་ནི་སྔོན་བཞིན་ནོ། །ཕྱིར་མི་འོང་བ་ནི་ཞིང་མཐའ་ཡས་པར་འདོད་པ་ལས་ཕྱིར་མི་འོང་བ་དང༌། ཡང་ཐེག་པ་བླ་ན་མེད་པ་ཅན་དང༌། ཚེ་ཚད་མེད་པ་ཅན་དག་ཏུ་འདོད་པ་ལས་ཕྱིར་མི་འོང་བ་སྟེ། དེ་དག་གིས་སེམས་ཅན་གདུལ་བའི་དུས་ཉེ་བར་གནས་པ་ཡལ་བར་མི་འདོར་བ་ནི་གང་བོར་བའི་ཁམས་གསུམ་དེ་དག་ཏུ་ཡང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡོད་པར་བསྟན་པས་ཐེག་པ་དམན་པའི་ཕྱིར་མི་འོང་བ་ལས་བྱེ་བྲག་ཏུ་བྱས་པའོ། །བར་མ་དོར་མྱ་ངན་ལས་འདའ་བ་ནི་ཚངས་པའི་འཇིག་རྟེན་དུ་སྐྱེས་ནས་ལུས་དེ་ཉིད་ཀྱིས་ཚོགས་བསགས་ཏེ་རྫོགས་པར་འཚང་རྒྱ་བར་རོ། །སྐྱེས་ནས་པ་ནི་སྲིད་པ་དང༌། གང་ཚེ་ཚད་མེད་པར་བྱིན་གྱི་རླབས་པའི་ཚེ་གཅིག་པུ་དེ་ལ་འཚང་རྒྱ་བའོ། །མངོན་པར་འདུ་བྱེད་པ་དང་བཅས་པ་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ཏུ་མངོན་སུམ་པའི་འབད་པས་འགྲོ་བ་རབ་ཏུ་མང་པོ་འདུལ་ཞིང་དེར་ཡང་བདག་ཉིད་རབ་ཏུ་མ་སྨྲས་པར་དོན་བྱེད་པའི་དབང་གིས་མལ་སྦྱོང་བའོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་ནི་རང་བཞིན་དང་རྐྱེན་གྱིས་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པས་བྱང་ཆུབ་བར་འགྱུར་བ་སྟེ། འདི་ལྟར་དགེ་སློང་མི་འཁྲུགས་པ་དང༌། བྲམ་ཟེ་རྒྱ་མཚོའི་རྡུལ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ལ་སོགས་པ་བཞིན་ནོ། །ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པས་སེམས་ཅན་རྣམས་སྦྱིན་པ་ནས་བཟུང་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་ནས་དེ་ཉིད་ཚངས་རིས་ནས་འོག་མིན་གྱི་བར་དུ་འགྲོ་བ་དེ་ནི་དེའི་འོག་ཏུ་དེ་ཉིད་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་སྟེ་ཞེས་བྱ་བ་ལ། དེ་ཡང་གསུམ་ཡིན་པ་ལས་འཕར་བ་གང་ཡིན་པ་ནི། དང་པོར་བསམ་གཏན་བཞི་རྫོགས་པ་ལས་སླར་རྐྱེན་འགའ་ཞིག་གིས་ཉམས་པ་ན་སླར་བསམ་གཏན་དང་པོ་ཐོབ་པར་བྱས་ནས། དེ་ཚངས་རིས་སུ་སྐྱེས་ཏེ་དེར་བསམ་གཏན་གོང་མ་རྣམས་ཐོབ་པར་བྱས་ནས་དེ་ཤི་བ་ན་འོག་མིན་དུ་སྐྱེ་བ་བླངས་ཏེ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བྱང་ཆུབ་སྟོན་པའོ། །ཕྱེད་དུ་འཕར་བ་ནི་གཞུང་སྔ་མ་ལྟ་བུ་ལས་ཚངས་རིས་


DTG087_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤི་འཕོས་ནས་གནས་གཙང་མ་འོག་མ་ཞིག་ཏུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་འོག་མིན་དུ་སྐྱེ་བའོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི་དགའ་ལྡན་ཁོ་ནར་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་ཤི་འཕོས་ནས་དེར་སྐྱེ་ཞིང་རིམ་པ་དེ་ལྟར་གཟུགས་ཀྱི་ཁམས་ཀྱི་གནས་རིས་བཅུ་བདུན་ཀུན་ཏུ་ཚེ་འཛིན་པ་དང༌། འདོར་བས་འོག་མིན་དུ་སོང་ནས་དེའི་འོག་ཏུ་འགྲོ་བ་དུ་མ་ཞིག་སྨིན་པར་བྱེད་པའོ། །ཡང་ཕྱིར་མི་འོང་བ་འགའ་ཞིག་གནས་གཙང་མ་མ་ཡིན་པ་གཟུགས་དང་གཟུགས་མེད་པ་ཀུན་གྱི་བསམ་གཏན་གྱི་བདེ་བ་སྒྱུ་མ་ལྟར་ཉམས་སུ་མྱོང་བར་བྱས་ཏེ། སྲིད་པའི་རྩེ་མོར་སྐྱེས་ནས་དེ་ནས་ཡང་འགོ་བ་མང་པོའི་དོན་བྱེད་པ་དེ་ནི་འདིར་དེའི་འོག་ཏུ་དེ་ཉིད་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་སྟེ་ཞེས་བྱ་སྟེ། དེ་ཡང་རྣམ་པ་གཉིས་ཡོད་པ་ལས་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ནི་འདོད་པའི་ཁམས་འདིར་གཟུགས་ཀྱི་ཁམས་ཀྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་སྤངས་ཏེ་གཟུགས་མེད་པའི་སྐྱེ་མཆེད་ཐོབ་པར་བྱས་ཏེ། འདི་ནས་ཤི་འཕོས་ནས་ཁམས་བར་མ་བོར་ཏེ་ཅིག་ཅར་དུ་དེར་སྐྱེས་ནས་དེ་ནས་ཡང་གདུལ་བྱ་སྨིན་པར་བྱེད་པའོ། །མཐོང་བའི་ཆོས་ལ་ཞི་བ་ལུས་ཀྱི་མངོན་སུམ་དུ་བྱེད་པ་ནི། ཚེ་གཅིག་པུ་ཁོ་ན་ལ་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གནས་ཏེ་དེའི་ཚེ་ཚོགས་ཡོངས་སུ་བསགས་ནས་ཚེ་གཞན་དང་ལུས་གཞན་མི་ལེན་པར་རྫོགས་པར་འཚང་རྒྱ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་མཆོག་ཉིད་དོ། །ཕྱིར་མི་འོང་བ་ནི་དེ་ལྟར་རྣམ་པ་བཅུའོ། །དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རབ་ཏུ་གདུལ་དཀའ་བ་ལོག་པར་ལྟ་བ་རྣམས་འདུལ་ལ། རང་གི་སེམས་ལ་ཡང་དེ་དང་རྨ་མི་འབྱིན་པར་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དག་སྟེ། འདི་དཀའ་བ་མི་བཟད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱའོ། །རང་སངས་རྒྱས་ནི་ཤིན་ཏུ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་འགའ་ཞིག་འཇིག་རྟེན་གྱི་ཁམས་གང་ན་དཀོན་མཆོག་གསུམ་གྱི་སྒྲ་མི་གྲག་པའི་


DTG087_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་དེར་སོང་ནས་མངོན་པར་བྱང་ཆུབ་པ་སྟོན་པས་གདུལ་བྱ་མང་དུ་འདུལ་བ་སྟེ། དེ་ལྟར་ཐ་མར་བསྟན་པ་འདི་གསུམ་ནི་རང་དང་གཞན་དང་གཉི་གའི་དོན་ལས་བྱང་ཆུབ་སེམས་དཔའ་མཆོག་ཏུ་བསྟན་ཏོ། །འདིར་རྒྱུན་ཏུ་ཞུགས་པ་པ་ལ་སོགས་པར་བྱང་ཆུབ་སེམས་དཔའ་བསྟན་པ་ཡང་སྤྲུལ་པ་པ་དང༌། སྒྲའི་གཞི་ཡོད་པས་གཉིས་ཏེ་དེ་ལ་སྤྲུལ་པ་བ་ནི། ཐེག་པ་རླབས་པོ་ཆེས་ནི་སྐྲག་འགྱུར་ཞིང༌། །འདི་ནི་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་འདི་དག་ཉན་ཐོས་འགྱུར། །རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན། །ཞེས་གསུངས་སོ། །སྒྲའི་གཞི་ཡོད་པའི་དབང་དུ་བྱས་ཏེ་ནི། སྤྲོས་མེད་རྙོག་པ་མེད་པ་སྟེ། །ཆོགས་མེད་དབྱིངས་ནི་སྟོན་པར་བྱེད། །སངས་རྒྱས་ཆོས་རྣམས་མ་ལུས་པར། །རྣམ་པར་མཐོང་ནས་སྟོན་པར་བྱེད། །སངས་རྒྱས་རྣམས་ཀྱིས་གང་གསུངས་པ། །ཆོས་དང་རིང་བར་མི་རྟོག་ཅིང༌། །ཆོས་དང་ཉེ་བར་མི་རྟོག་སྟེ། །དེས་ན་དེ་དག་འདྲེ་བ་མེད། །སྒྲོགས་ཀྱང་འདྲེ་བ་མ་ཡིན་ཏེ། །སེམས་ཅན་དཔག་ཏུ་མེད་ལ་བརྗོད། །སེམས་ཅན་དེ་དག་མཐོང་བ་མེད། །དེས་ན་དེ་ནི་ཉན་ཐོས་བརྗོད། །ཀུན་དགའ་འདི་ལ་དགོངས་ནས་ནི། །ང་ཡིས་ཉན་ཐོས་ཡོངས་སུ་བསྟན། །གནས་མེད་བྱང་ཆུབ་སེམས་དཔའ་ནི། །དེ་ལྟར་ཉན་ཐོས་སུ་ཤེས་ཀྱིས། །ཞེས་བྱ་བ་དང༌། རྐྱེན་རྣམས་འདི་དག་ཤེས་ནས་ནི། །དེ་ནི་གང་ལ་འང་མི་གནས་ཏེ། །རང་སངས་རྒྱས་ཞེས་བྱ་བའི་སྒྲར། །བྱང་ཆུབ་སེམས་དཔའ་རབ་ཏུ་སྟོན། །ཞེས་གསུངས་ལ། ཡང་བྱང་ཆུབ་སེམས་དཔའ་འདི་དག་ལ་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་ཁྱད་པར་གསུམ་གྱི་སྒྲའི་གཞི་ཡོད་པར་ཡང་བསྟན་ཏེ། རྒྱ་ཆེར་ནི་འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་དྲང་བར་བྱའོ། །ཡང་འདིར་གང་གིས་ཉོན་མོངས་པའི་རྣམ་པ་ལས་དྲུག་གམ་བདུན་ནམ་བརྒྱད་ཀྱི་རྣམ་པ་སྤོང་བ་ལས་ནི། དེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པའོ་ཞེས་བྱ་བ་ནས། གང་གིས་སྲིད་པའི་རྩེ་མོའི་ཉོན་མོངས་པ་བརྒྱད་པ་སྤངས་པ་དེ་ནི་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའོ་ཞེས་བྱ་


DTG087_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་གྱིས་སྤངས་པས་དགག་པ་ནི་ཆོས་མངོན་པ་ལས་རབ་ཏུ་གསལ་བ་དང༌། འདིར་དེ་ལྟར་སྤངས་པ་གཙོར་མ་གྱུར་པའི་ཕྱིར་རྗོད་པས་ཅི་ཞིག་བྱ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱ་བ་ལ་ནི་ངེས་པར་རོ། །འབྱེད་པ་ནི་འཇོམས་པའོ། །ཆ་ནི་ཕྱོགས་གཅིག་གོ །ཨི་ཡ་ནི་ཕན་པ་སྟེ་རྒྱུ་རུ་རྟོགས་པ་ཞེས་བྱའོ། །རྒྱུའི་སྒོ་ནི་ཐེག་པ་མ་ལུས་པའིའོ། །འབྲས་བུ་ནི་སངས་རྒྱས་ཉིད་ཀྱི་མངོན་སུམ་པའི་རྒྱུར་གྱུར་པས་སོ། །ངོ་བོ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ངེས་པར་གནས་པ་སྟེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་པའི་ཚུལ་ལས་སོ། །ཆོས་ཉིད་ཀྱི་རྣམ་པའི་སྒོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ཡང་ཀུན་རྫོབ་པའི་དམིགས་པ་དང་རྣམ་པ་ལ་སོགས་པའི་བྱེ་བྲག་དུ་མར་རྟེན་ཅིང་འབྲལ་བར་འབྱུང་བའི་མཐུའི་ཆེ་བས་གནས་ཞེས་བྱ་བའི་དོན་ཏོ། །དེས་ན་ཐེག་པ་ཆེན་པོ་འདིར་ནི་རང་བཞིན་གཅིག་ཉིད་ལས་སྣ་ཚོགས་པར་འགྱུར་བ་ནི་ཐབས་ལ་མཁས་པའི་མཐུའི་ཆེ་བ་ཡིན་ལ། སྣ་ཚོགས་ཀྱང་གཅིག་ཁོ་ན་འདི་ལྟར་སྤྲོས་པ་མེད་པར་འགྱུར་བ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་ཆེ་བའོ། །དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་པ་རྣམ་པར་ཕྱེ་ནས། ད་ནི་སྒྲུབ་པའི་གཞིར་གྱུར་པ་རིགས་བསྟན་པ་དགྲོལ་བར་བྱ་བའི་ཕྱིར། སྒྲུབ་པ་དང་ལྡན་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཇི་སྐད་བཤད་པ་དང་མཐོང་བའི་ལམ་ལ་སོགས་པ་གཞན་ཡང་འབྱུང་བས་སྒྲུབ་པའི་རྟེན་དུ་གྱུར་པ་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒྲུབ་པ་འཆད་པར་འགྱུར་བ་བཞི་པོ་དེ་དག་ཉམས་སུ་ལེན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྒྲུབ་པ་པོ་རྣམས་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདས་མ་ཐག་ཏུ་ཇི་སྐད་དུ་བཤད་པ་འབྱུང་བ་སྟེ། དེ་ནི་གོ་ཆའི་སྒྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །མཐོང་བའི་ལམ་ལ་སོགས་པ་གཞན་ཡང་འབྱུང་བས་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་བསྒོམ་པའི་ལམ་དང་ཁྱད་པར་གྱི་ལམ་བསྡུས་ཏེ། དེ་དག་ནི་འཇིག་པ་དང་ཚོགས་དང༌། ངེས་པར་འབྱུང་བའི་སྒྲུབ་པ་རྣམས་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་མ་


DTG087_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པའི་གཞི་རིགས་ཡིན་ན། དེ་ལྟར་ན་དང་པོ་ཁོ་ནར་ཅིས་ན་དེ་མ་བསྟན་ཞེ་ན། སེམས་བསྐྱེད་པ་ལ་སོགས་པའི་རྒྱུས་ཚོགས་ཀྱི་ལམ་སྦྱངས་ཏེ་སྦྱོར་བའི་ལམ་ཐོབ་པ་ནི་རིགས་ལ་གནས་པར་བགྲང་ངོ་ཞེས་རྒྱུ་འབྲས་སུ་ཤེས་པར་བྱ་བའི་ཕྱིར་རོ། །གཞན་དག་ན་དེ་དེ་ལྟར་སྦྱར་བ་ནི་མངོན་ཕར་འདུས་བྱས་པའི་རིགས་ལ་གསུངས་པ་ཡིན་པས། རང་བཞིན་གྱི་རིགས་ལ་ནི་དང་པོ་ཉིད་དུ་རིགས་བརྗོད་པར་རིགས་མོད་ཀྱི་རིགས་གཉིས་སུ་ཤེས་པར་བྱ་བའི་ཕྱིར་འདིར་བསྟན་ཏོ་ཞེས་ཟེར་རོ། །དེ་ལྟར་སྒྲུབ་པའི་རྟེན་རིགས་ཡིན་པས་དེ་སྒྲུབ་པ་རྣམས་ཀྱི་དང་པོར་ནི་བསྟན་ན། སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ཞེས་བྱ་བ་འདིའི་དོན་ཅི་ཞེ་ན། དེའི་ཕྱེ་རིགས་ཞེས་བྱ་བ་འདི་ནི་ཡོད་པར་བསྒྲུབ་པ་དང༌། དེའི་རང་བཞིན་དང༌། རྣམ་པར་དབྱེ་བ་དང༌། རྟགས་དང༌། ཡོན་ཏན་དང༌། ཉེས་པ་དང༌། ངེས་པའི་ཚིག་དག་གིས་ཤེས་པར་འགྱུར་ཏེ། དེ་ལ་དང་པོའི་དབང་དུ་བྱས་ཏེ་དེ་ནི། ཁམས་རྣམས་དང་ནི་མོས་པ་དང༌། སྒྲུབ་པ་ཐ་དད་དམིགས་པ་དང༌། འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པར་བརྗོད། །ཅེས་གསུངས་སོ། །གཉིས་པའི་དབང་དུ་བྱས་ཏེ། རིགས་ཀྱི་རང་བཞིན་ནི་ཁ་ཅིག་ཏུ་ཆོས་ཀྱི་དབྱིངས་ཏེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ། ནམ་མཁའ་ལྟར་ཡངས་པ། རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན། མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན་ཞེས་གསུངས་ལ། འདི་ཉིད་ལས་ཀྱང༌། ཆོས་ཀྱི་དབྱིངས་ལས་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་དྲུང་མ་ཡིན། །ཞེས་རྒོལ་བ་སྨྲ་བས་སོ། །ཡང་འཇམ་དཔལ་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་གཅིག་ཡིན་ན་སྣོད་དང་སྣོད་མེད་པར་ཇི་ལྟར་བརྟག་ཅེས་ཀྱང་གསུངས་པས་སོ། །ཡང་ཁ་ཅིག་ཏུ་ནི་རིགས་


DTG087_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འདི་ངེས་པར་སྐྱེ་མཆེད་ཀྱི་བྱེ་བྲག་ཉིད་ལ་འདོད་པར་མཐོང་སྟེ་ཆོས་མངོན་པ་ལས་ཀྱང༌། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་བཤད་ལ། ཐེག་པ་ཆེན་པོའི་དབང་དུ་བྱས་ཏེ་ཡང་འཕགས་པ་ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་ཤིང༌། ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། བྱང་ཆུབ་སེམས་དཔའ་བློ་ལྡན་པའི། །རིགས་ནི་རྟགས་ཀྱི་སྒོ་ནས་ཤེས། །ཞེས་གསུངས་ཏེ། འདིར་རྟགས་ནི་གང་ལ་སྐྱེ་མཆེད་ཁྱད་པར་ཆན་ཡོད་པའི་རང་བཞིན་གྱི་རྟགས་ཀྱི་ཁྱད་པར་འགའ་ཞིག་ལ་བྱ་བར་དགོངས་ཏེ། གང་ལ་ཆོས་ཀྱི་དབྱིངས་ཡོད་པའི་རྟགས་ཞེས་ནི་མི་རིགས་ཏེ་དེ་ནི་སྤྱི་ལ་ཡོད་པའི་ཕྱིར་རོ། །དེ་ལས་འདིར་ནི་རྗེ་བཙུན་གྱི་ཞལ་སྔ་ནས་རིགས་ཀྱི་རང་བཞིན་ནི་ཆོས་ཀྱི་དབྱིངས་ཡིན་པར་བཞེད་ལ། འོན་ཀྱང་རིགས་ཀྱི་དབྱེ་བ་ནི་མེད་པ་མ་ཡིན་ཏེ། ཡང་དག་པར་རིགས་གཅིག་པུ་ཡིན་དུ་ཟིན་ཀྱང་འགའ་ཞིག་རང་བཞིན་ནམ་སྦྱངས་པ་ལས་སྐྱེ་མཆེད་ཁྱད་པར་དུ་གྱུར་པའི་དབང་ལས་ཐ་དད་པར་བཞག་པ་ཙམ་དུ་ཡང་དགོངས་པར་ནི་དཔེས་སྟོན་ཏོ། །གསུམ་པ་རྣམ་པར་དབྱེ་བ་ནི་སྤྱིར་ཐེག་པ་ཆེན་པོ་དང༌། རང་སངས་རྒྱས་དང༌། འཕགས་པ་ཉན་ཐོས་དང༌། མ་ངེས་པ་དང༌། རིགས་མེད་པ་ཞེས་ལྔར་འཕགས་པ་ལང་ཀར་གཤེགས་པ་ལ་ལས་གསུངས་པ་ཉིད་དེ། འོན་ཀྱང་རིགས་འཆད་པ་ཞེས་པ་འདི་ནི་རྣམ་པར་གྲོལ་བ་དཀའ་བའི་དབང་ཙམ་ལ་དགོངས་པ་སྟེ། གཞན་དུ་ན་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་དང་པོ་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་དང༌། ཡང་འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །འགྲོ་བ་འདི་ཀུན་མ་ལུས་སངས་རྒྱས་འགྱུར། །ཞེས་གསུངས་པ་དག་ཇི་ལྟར་དྲངས། །བཞི་པ་རྟགས་ཀྱི་དབང་དུ་བྱས་ཏེ་དེ་ནི། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །ལྔ་པ་དང་དྲུག་པའི་དབང་དུ་བྱས་ཏེ་དེ་


DTG087_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རིང་མོ་ཞིག་ན་ངན་སོང་དུ། །འགྲོ་ཞིང་མྱུར་དུ་ཐར་བ་དང༌། །དེ་ཡང་སྡུག་བསྔལ་ཆུང་དུ་མྱོང༌། །སྐྱོ་བཅས་སེམས་ཅན་ཡོངས་སྨིན་བྱེད། །ཅེས་པ་དང༌། ཉོན་མོངས་གོམས་དང་གྲོགས་ངན་དང༌། །ཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་པ་ནི། རྣམ་པ་བཞིར་ནི་ཤེས་པར་བྱ། །ཞེས་གསུངས་སོ། །བདུན་པ་ནི་ངེས་པའི་ཚིག་གི་དབང་དུ་བྱས་ཏེ་དེ་ནི། ཕྱོགས་སམ་ས་ལ་སྐྱོབ་པ་ནི་གོའི་སྒྲ་སྟེ། རི་འོད་ས་དང་རྡོ་རྗེ་དང༌། །མཐོ་རིས་བ་ལང་མཆོག་རྣམས་ལ། །མཁས་པས་གོ་སྒྲ་ཤེས་པར་བྱ། །ཞེས་བརྗོད་པའི་ཚུལ་གྱིས་སོ། །ཡང་སྙིང་རྗེའི་དབང་གིས་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་ངན་པར་ཐིམ་པས་ན་ཀུ་ལའོ། །གཞན་དག་ནི་ཡོན་ཏན་གྱི་ཚོགས་ཀྱི་རྟེན་དུ་འགྱུར་བའི་ཕྱིར་ན་ཀུ་ལ་ཞེས་སྐད་ཀྱི་དབྱིངས་བསྟན་པའི་རྗེས་སུ་འབྲང་ངོ༌། །མིང་གི་དོན་ནི་ཡོན་ཏན་སྐྱེད་པའི་ཕྱིར་རིགས་ཉིད་ཅེས་བྱ་སྟེ། འདི་ནི་ས་བོན་དང་ནུས་པའི་མིང་གོ་དོན་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ཞེས་བྱ་བ་ནི་དང་པོ་བསྡུས་པའི་དོན་གྱི་སྐབས་སུ། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་གསུངས་པ་ཐུགས་ལ་བཞག་ནས་འདིར་འདི་སྐད་སྨོས་སོ། །ཇི་སྐད་དུ་བཤད་པའི་ཆོས་ནི་སྒྲུབ་པ་རྣམ་པ་བཞི་ལ་སོགས་པའོ། །གཞིར་གྱུར་པ་ནི་ཆོས་ཀྱི་དབྱིངས་ཏེ་རྟོགས་པས་དེ་དང་འབྲེལ་པའི་བདག་ཉིད་བྱང་ཆུབ་སེམས་དཔའ་རྣམ་པར་བཅུ་གསུམ་ལ་རིགས་ཞེས་བསྟན་ཏོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི། བདུད་རྩི་ཐོབ་བྱེད་ལམ་ནི་འདི་མིན་གྱིས། །ལམ་ངན་སྤོངས་ལ་ལམ་ལ་མནོས་ཤིག་ཅེས། །ལྟ་ངན་སེམས་ཅན་མཐོང་ནས་གོ་བྱེད་དེ། །རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཞེས་བྱ་བའི་ཚུལ་གྱིས་ན། བྱང་ཆུབ་ལ་དགོད་པའི་ཕྱིར་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རྣམ་པ་བཅུ་སུམ་ལ་ཞེས་བྱ་བ་ནི་ཇི་སྐད་དུ་བགྲང་པའི་བཅུ་གསུམ་སྟེ། དེ་ཡང་དང་པོ་ནི་སྦྱོར་བའི་ལམ་གྱིས་བསྡུས་པ་བཞིའོ། །ལྔ་པ་ནི་མཐོང་བའི་ལམ་མོ། །དྲུག་པ་ནི་བསྒོམ་པའི་ལམ་མོ། །བདུན་པ་དང་དགུ་པ་ནི་དེ་དག་ཉིད་ཀྱི་བྲལ་བ་


DTG087_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བའི་ཐོབ་པ་གཉིས་སོ། །བརྒྱད་པ་ནི་ས་འོད་བྱེད་པ་ནས་ས་དྲུག་པའི་བར་རོ། །བཅུ་པ་ནི་ས་བདུན་པའོ། །བཅུ་གཅིག་པ་ནི་ས་མི་གཡོ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་རོ། །བཅུ་གཉིས་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་དང་སྲིད་པ་ཐ་མ་པའོ། །བཅུ་གསུམ་པ་ནི་ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དེ་ལ་སྐྱེ་བ་གཅིག་གིས་ཐོགས་པའི་ས་པ་ནི་འགྲོ་བ་རྣམས་ལ་སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པས་གདུལ་བྱ་ཕལ་མོ་ཆེ་བསྟན་པ་ལ་དགོད་པར་བྱེད་པའི་ཕྱིར་ན་དེའི་འོག་ཏུ་བསམ་པ་ཇི་ལྟ་བ་བཞིན་དུ་བཞུགས་པ་ལ་སོགས་པ་ལྡེམ་པེར་དགོངས་པའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འགྲོ་བ་འགའ་ཞིག་བསྟན་པ་འདི་ལ་གཞུག་པའི་ཕྱིར་དང་པོར་དེའི་སྐྲག་པ་སྤང་བའི་ཐབས་ཀྱིས་བདག་དང་གང་ཟག་དང་ཕུང་པོ་དང་ཁམས་ལ་སོགས་པ་ཡོད་པར་བསྟན་པ་དང༌། ཆོས་ཐམས་ཅད་མེད་པ་དང། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་ཅིང་རང་བཞིན་གྱིས་འོད་གསལ་ལོ་ཞེས་ཀུན་བརྟགས་པ་དང༌། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་བརྟེན་ཏེ་གསུངས་པ་དང༌། ཆོས་ཀྱི་ཕུང་པོ་གཅིག་གསུངས་པར་མི་མཛད་ཀྱི། གདུལ་བྱ་ལ་བརྟེན་ཅིང་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྙེད་བསྟན་པ་དང༌། བྱང་ཆུབ་ཀྱི་སྤྱོད་པ་རབ་ཏུ་དཀའ་བ་བསྟེན་ཏེ་ཉོན་མོངས་པ་ལ་གནས་པས་ནི་བྱང་ཆུབ་དེ་ཐོབ་པོ་ཞེས་བསྟན་པ་དག་གཞུག་པ་ལ་ལྡེམ་པོར་དགོངས་པ་དང༌། མཚན་ཉིད་པ་ལྡེམ་པོར་དགོངས་པ་དང༌། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང༌། སྒྱུར་བ་ལ་ལྡེམ་པོར་དགོངས་པ་དག་དང༌། ཡང༌། ཚོགས་དང་ཆོས་ཀྱི་སྐུ་དག་དང༌། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །ཞེས་པ་ལ་བརྟེན་ནས་འདས་པའི་དུས་ཀྱི་སངས་རྒྱས་ཁ་ཅིག་ཀྱང་ང་ཉིད་ཡིན་ནོ་ཞེས་བསྟན་པ་དང༌། སངས་རྒྱས་འགའ་ཞིག་གི་མཚན་ཐོས་པས་ཕྱིར་མི་ལྡོག་པར་འགྱུར་ཞེས་དུས་རིང་མོ་ཞིག་ན་འགྱུར་བ་ལ་བརྟེན་པ་དང༌། སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རིམ་གྲོ་བྱ་བ་བྱས་ན་དེ་ནས་གདོད་


DTG087_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་མཆོག་གི་དོན་ཁོང་དུ་ཆུད་པར་འགྱུར་རོ་ཞེས་སྟོན་པ་དོན་གཞན་ལ་བརྟེན་པ་དང༌། གང་ཟག་འགའ་ཞིག་ལ་དང་པོར་སྦྱིན་པའི་ལེགས་པ་བརྗོད་དེ་དེ་ཡང་ཕྱི་ནས་སྦྱིན་པ་སྨད་པ་ལ་སོགས་པ་བསྟན་པ་གང་ཟག་གི་བསམ་པ་ལ་བརྟེན་པ་སྟེ། དེ་ལྟར་ན་མཉམ་པ་ཉིད་ལ་དགོངས་པ་དང༌། དུས་གཞན་ལ་དགོངས་པ་དང༌། དོན་གཞན་ལ་དགོངས་པ་དང༌། གང་ཟག་གི་བསམ་པ་ལ་དགོངས་པ་སྟེ་དགོངས་པ་བཞིའོ། །འདི་དག་ནི་ཐེག་པ་ཆེན་པོ་ལ་སྣང་བ་ལྟ་བུར་གཟུང་བར་བྱ་སྟེ། ཞུ་བའི་འོག་ཏུ་ཟ་བ་ལ། །མར་གྱི་ཉིང་ཁུ་སྦྲང་རྩི་དང༌། །ཁ་ར་དག་ནི་བདུད་རྩི་བཞིན། །མ་ཞུ་ཟོས་ལ་དུག་དུ་འགྱུར། །དེ་བཞིན་རབ་རྒྱས་བདུད་རྩི་ཡིས། །དགོངས་པའི་ཚིག་ལ་མི་མཁས་ཤིང༌། །བྱིས་པའི་བློ་དང་ལྡན་པ་ལ། །མི་བཟད་པ་ཡི་དུག་ཏུ་འགྱུར། །ཞེས་གསུངས་པས་སོ། །དེ་ལྟར་དགོངས་པ་བརྒྱད་ཀྱིས་འགྲོ་བའི་དོན་ལ་འབད་པ་ནི་རྟ་འདུལ་སྦྱོང་བྱེད་པ་ལྟར་ངེས་པར་དུལ་བར་འགྱུར་བས་ན་དེ་དག་ཉིད་ཐེག་པ་གསུམ་གྱི་ལམ་ལ་སེམས་ཅན་མ་ལུས་པར་འགོད་པའི་མཚན་ཉིད་ཀྱི་གཞན་གྱི་དོན་གྱི་གོ་རིམས་སོ་ཞེས་བྱའོ། །དོན་འདི་ལ་དགོངས་ཏེ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་སུ་བསྟན་པར་མཛད་དོ། །དེའི་འོག་ཏུ་འཁོར་བ་ཇི་སྲིད་པ་ལ་སོགས་པ་ནི་སྐབས་བདུན་པར་ཞིབ་ཏུ་རྣམ་པར་འབྱེད་པས་ཤེས་པར་འགྱུར་བས་འདིར་མི་བརྗོད་དོ། །གང་དག་ཐ་མར་བསྟན་པ་འདི་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་པ་ནི་མི་རིགས་ཏེ། དེ་ལྟར་ན་སྔར་སྨོས་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་ཞེས་པ་ཇི་ལྟར་དྲངས། ལྷག་མའི་ཚིག་གི་དོན་ནི་གོ་སླ་བས་རྣམ་པར་མ་ཕྱེ་སྟེ། རྣམ་པར་བཤད་པའི་རིམ་པ་བཟློག་པ་འདི་ནི་དང་པོར་བཤད་པའི་གཞི་བྱང་ཆུབ་སེམས་དཔའི་དབྱེ་བར་རིགས་པར་བསམས་ཏེ་དེ་ལྟར་བཤད་པར་ཟད་དོ། །ཇི་ལྟར་ན་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་འདིས་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ་ཉན་ཐོས་དག་ནི་རྣལ་འབྱོར་སྤྱོད་པ་པ་ལྟར་རིགས་ཐ་དད་པ་དང་དེ་ཆད་པ་ཡོད་པར་འདོད་པས་ན་སེམས་ཅན་ཐམས་ཅད་མ་ངེས་


DTG087_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིགས་ཅན་དུ་འདོད་པས་ན་དེ་ལྟར་འདོད་པ་ཁྱེད་ཉིད་ཀྱི་ལུགས་ཀྱིས་རིགས་ཀྱི་ངོ་བོ་གཅིག་ཡིན་ཡང་རྐྱེན་གྱིས་བྱས་པའི་རྟོགས་པ་ཐ་དད་པ་ཙམ་གྱིས་རིགས་ཐ་དད་པར་འཐད་པ་ལྟར་ཁོ་བོ་ཅག་ཀྱང་རིགས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་གཅིག་པུ་ཁོ་ན་བཞིན་དུ་འདོད་ཀྱང་དེ་རྟོགས་པའི་རིམ་པ་ལས་རིགས་ཁྱད་པར་ཅན་བཅུ་གསུམ་དུ་འདོད་ཅེས་པ་འདི་ནི་བསྟན་བཅོས་ལས་གྲགས་པའི་དཔེའོ། །སླར་ཆོས་ཉིད་དུ་ཞེས་པ་ནི་བསྟན་པར་སླ་བ་དང་གོ་བར་སླ་བ་འཇི་རྟེན་ལ་གྲགས་པའི་དེའོ། །སྒྲུབ་པའི་རྟེན་དུ་གྱུར་པ་ཇི་སྐད་བཤད་པའི་ཞེས་པ་ནི་འདས་མ་ཐག་པ་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་རྣམས་ཀྱིའོ། །དམིགས་པ་གང་ཡིན་ཞེ་ན་སྙམ་དུ་ཕྱོགས་སྔ་མ་རྟོག་པ་ལ་དམིགས་པ་གསུངས་ཏེ་ཚིག་རྣམ་པར་སྦྱར་རོ། །དེ་ལ་དམིགས་པ་ཞེས་བྱ་བ་འདི་གང་ཞིག་ཡིན། འདི་ལྟར་ཆོས་མངོན་པ་ལས་ནི་རྣམ་པར་ཤེས་པའི་ཚོགས་ལྔ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང༌། མིང་ལ་མ་བྱང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང༌། བརྡ་ལ་བློ་མ་བྱང་བ་དང༌། ལྟ་བ་དང༌། ང་རྒྱལ་དང༌། དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་པོར་བ་དེ་ལས་གཞན་དག་དང། གང་དག་བོར་བ་དེ་དག་དང༌། ཟད་པ་མེད་པ་དང༌། སྐལ་བ་མི་འདྲ་བའི་ཁམས་དང༌། ས་ཀུན་ཏུ་འགྲོ་བ་རྣམས་དང༌། མ་འོངས་པའི་དམིགས་པ་བཞི་གཏན་ལ་མ་ཕེབས་པ་རྣམས་དང༌། གང་བོར་བ་རྣམས་དང༌། རྟག་པ་ལ་སོགས་པར་སྐྱེས་པའི་འཛིན་པ་རྣམས་དང༌། དེ་དག་ལས་བཟློག་པའི་རྣམ་པར་འབྱུང་བ་རྣམས་དང༌། ཤེས་བྱའི་སྒྲིབ་པ་མ་བོར་བ་རྣམས་དང༌། དེ་སྤང་བ་རྣམས་ཀྱི་དབང་དུ་བྱས་ཏེ། ཡུལ་ཡོངས་སུ་ཆད་པ་དང༌། དེ་ལ་བཟློག་པ་དང༌། ཡུལ་ལ་བཀྲ་བར་མི་འཛིན་པ་དང༌། དེ་ལས་བཟློག་པ་དང༌། དངོས་པོ་དང་བཅས་པ་དང༌། དེ་ལས་བཟློག་པ་དང༌། དངོས་པོ་དང༌། ཀུན་བརྟགས་པ་དང༌། ཕྱིན་ཅི་ལོག་དང༌། དེ་ལས་བཟློག་པ་དང༌། ཐོགས་པ་དང་བཅས་པ་དང༌། ཐོགས་པ་མེད་པའི་དམིགས་པ་སྟེ་རྣམ་པ་བཅུ་གཉིས་སུ་ཕྱེ་བའི་དམིགས་པ་བསྟན་ན་འདིར་དེ་དག་


DTG087_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གང་དག་གཟུང་ཞེ་ན། རེ་ཞིག་ཡུལ་ལ་བཀྲ་བར་མི་འཛིན་པའི་དམིགས་པ་རབ་ཏུ་སྨད་པ་དང༌། ཐོགས་པ་མེད་པའི་དམིགས་པ་མཆོག་དག་ནི་འདིར་མི་གཟུང་ངོ༌། །ལྷག་མ་བཅུ་ལས་ཀྱང་བྱང་ཆུབ་སེམས་དཔའ་དང་པོ་བཞི་ནི་སྔར་བསྟན་པ་ལྟར་རྣམ་པར་རྟོག་པའི་རིགས་བཞི་མ་སྤངས་པས་ན་ཕྱིན་ཅི་ལོག་དང་ཀུན་བརྟགས་པའི་དམིགས་པ་དང་ཡང་འབྲེལ་ཞིང་དམིགས་པ་ལྷག་མ་རྣམས་ཀྱང་ཅི་རིགས་སུ་སྦྱར་རོ། །བྱང་ཆུབ་སེམས་དཔའ་ལྷག་མ་དགུ་ནི་ལྷག་མའི་དམིགས་པ་བརྒྱད་དང་འབྲེལ་བར་འགྱུར་རོ། །ཡང་གཞན་དག་ནི་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་ནི་ཐོགས་པ་མེད་པའི་དམིགས་པར་འདོད་དོ། །དགེ་སྦྱོང་ཚུལ་ཉིད་ཅེས་བྱ་བ་ནི་ལམ་གྱི་བདེན་པ་གཙོར་གྱུར་པ་སྟེ་ཇི་སྐད་དུ་ཆོས་མངོན་པ་ལས། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །ཞེས་བསྟན་པ་ལྟ་བུའོ། །ལུང་དུ་མ་བསྟན་པའི་ལུས་ཀྱི་ལས་ཞེས་བྱ་བ་ནི་ཕན་པའམ་གནོད་པའི་སེམས་དང་བྲལ་བའི་བཟོ་བྱེད་པའམ་ཁ་ཟས་ཟ་བ་ལ་སོགས་པའོ། །རྣམ་པ་གཉིས་པའི་དབྱེ་བ་བཞི་ཉིད་ཀྱིས་ཞེས་བྱ་བ་ནི་གཞུང་རྩ་བ་ལས་ཟུང་དུ་སྦྱར་བ་ཕྲག་བཞི་བསྟན་པ་རྣམས་སོ། །ཆོས་ཅན་སྟོབས་བཅུ་སྟེ་ཞེས་བྱ་བ་ལ། སྟོབས་བཅུ་ཉིད་ཆོས་ཅན་ཏེ་སྟོབས་རེ་རེ་ལ་ཡང་དཔག་ཏུ་མེད་པའི་སྟོབས་མངའ་མོད་ཀྱི་མདོར་བསྡུ་ན། སྟོབས་བཅུར་བསྟན་ཏོ་ཞེས་མདོ་ལས་གསུངས་པས་ན་རང་གི་ཡན་ལག་ནི་འདིར་ཆོས་སུ་བརྗོད་དོ། །གཞན་དག་ནི་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་གཙོ་བོ་ནི་སྟོབས་བཅུ་ཡིན་པས་འདིར་ཆོས་ཅན་གྱི་སྒྲས་ནི་གཙོ་བོ་བསྟན་ལ་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ནི་ཆོས་ཀྱི་སྒྲས་བསྟན་པར་འགྱུར་རོ་ཞེས་འདོད་དོ། །དེ་ལྟ་བུ་ལ་སོགས་པ་ལ་ཞེས་བྱ་བ་ལ་དེ་ལྟ་བུ་ནི་དམིགས་པ་རྣམ་པ་བཅུ་གཅིག་རྣམས་སོ། །སོགས་པ་སྨོས་པ་ནི་གྲངས་རྣམ་པ་བཅུ་གཅིག་ཏུ་གཞག་པའི་དམིགས་པ་ནི་ཉེ་བར་མཚོན་པ་སྟེ། རྒྱས་པར་ནི་རང་དང་སྤྱིའི་མཚན་ཉིད་མ་ལུས་པ་ལ་དམིགས་པར་རིགས་པས་ན་ཆོས་ཐམས་ཅད་ཅེས་བསྟན་ཏེ། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་འགའ་ཡང་ཡོད་མ་ཡིན། །ཞེས་བཤད་པ་ལྟ་བུའོ། །རྟོག་པ་ཇི་ལྟ་བུས་རིམ་


DTG087_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དམིགས་པས་ན་ཞེས་བྱ་བ་ལ་རྟོགས་པའི་རིམ་པ་མི་འདྲ་བའི་ཤུགས་ཀྱིས་ནི་སྔར་དམིགས་པ་བཅུ་གཉིས་ལས་ཅི་རིགས་སུ་ཕྱེ་བ་ཡིན་ཏེ། ལས་དང་པོ་པ་རྣམས་ནི་མངོན་པར་ཞེན་པས་དམིགས་ལ། ཕྱི་མ་ཕྱི་མ་རྣམས་ནི་དེ་ལས་བཟློག་པར་དམིགས་པའི་ཕྱིར་ཏེ་དེ་ནི་རྟོགས་པ་ཇི་ལྟ་བའི་དོན་ཏོ། །གཞན་དག་ནི་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་དེ་དག་ཀུན་ཀྱང་དགེ་བ་ལ་དང་པོར་དམིགས་ཤི། རིམ་གྱིས་ཐ་མར་སྟོབས་བཅུ་ལ་དམིགས་པའི་བར་དུ་དམིགས་པ་ནི་རྟོགས་པའི་རིམ་པའོ་ཞེས་འདོད་དོ། །ཆེད་དུ་བྱ་བ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་དེ་དག་དོན་ཅི་ཞིག་གི་ཆེད་དུ་དམིགས་པ་དེ་ལྟ་བུ་ལ་དམིགས་པ་སྒྲུབ་པར་བྱེད་ཅེ་ན་ཞེས་བྱ་བར་སྦྱར་རོ། །དེའི་ལན་དུ་ནི་སེམས་ཅན་ཐམས་ཅད་རིམ་གྱི་རིམ་གྱིས་སེམས་ཅན་གྱི་མཆོག་སངས་རྒྱས་ཉིད་དུ་བྱའོ་ཞེས་ཡིད་ལ་བྱེད་པའི་ཕྱིར་སེམས་དཔའ་ཆེ་བ་ཉིད་དེ། དེ་དག་ལ་སོགས་པའི་དོན་ཆེན་པོ་གསུམ་གྱི་རིམ་པས་དམིགས་ཞེས་བྱའི་ཐ་ཚིག་གོ །གལ་ཏེ་དེ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་མིའི་མཆོག་ཏུ་གྱུར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་གི་སེམས་ཅན་ཐམས་ཅད་གང་ཞེ་ན། དེ་ནི་རང་རང་གི་སངས་མ་རྒྱས་པའི་གནས་སྐབས་ལ་དགོངས་པས་ཉེས་པ་མེད་དོ། །དམིགས་པ་ནི་ཆེད་དུ་བྱ་བ་དེ་དག་མཐོང་ནས་དམིགས་པས་ན་དང་པོ་ནི་དམིགས་པ་འབྱུང་ལ་དེ་ནས་ནི་ཆེད་དུ་བྱ་བ་དེའི་མཐུས་འབྱུང་བས་ན། འཕགས་པ་རྣམ་པར་གྲོལ་བའི་སྡེའི་ཞལ་སྔ་ནས་མདའ་ལྟོང་དུ་གཞུག་པ་དང་འབེན་ལ་ཕོག་པའི་དཔེ་དང་དུས་ཉེ་བ་དང་རིང་བའི་དབང་གིས་འདི་གཉིས་བསྟན་པ་མཛད་དོ། །དེའི་རང་གི་ངོ་བོ་གང་ཡིན་ཞེ་ན་ཞེས་པ་ལ་དེའི་རང་གི་ངོ་བོ་ནི་སྔར་སྒྲུབ་པ་ཞེས་བྱ་བའི་མིང་ཙམ་ཞིག་ལན་མང་དུ་བྱུང་བས་ན། ད་ནི་དེའི་ངོ་བོ་མིང་ཅན་སྟོན་ཅིག་ཅེས་བྱ་བའི་དོན་ཏོ། །དེའི་ལན་དུ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དོན་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཁྱོད་ཀྱིས་དྲིས་པའི་སྒྲུབ་པའི་ངོ་བོ་དེ་ནི་མདོར་ན་རྣམ་པ་གཉིས་ཏེ་ཇི་ལྟར་ཞེ་ན་


DTG087_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པའི་མཐུ་མ་ཐོབ་པའི་ཕྱིར་སྒོ་དུ་མ་ནས་སྤྱོད་པའི་སྒྲུབ་པ་བཞི་ནི་སྐབས་དང་པོ་གསུམ་གྱི་དབང་དུ་བྱས་ཏེ། དེའི་ངོ་བོར་བཞག་ལ་ཡུན་རིང་གུ་འདྲིས་པའི་མཐུས་དགེ་བ་སྒྲུབ་པ་ཇི་སྙེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་དང་ལྡན་པར་བསྡུས་ཏེ། བསྒྲུབ་པར་ནུས་པའི་སྒྲུབ་པ་དྲུག་ནི་སྐབས་ལྷག་མ་བཞི་མ་བཞི་རྣམས་ཀྱིས་སྒྲུབ་པའོ། །དེ་ལ་རྗེ་བཙུན་གྱི་ཞལ་སྔ་ནས་ནི་གོ་ཆའི་སྒྲུབ་པས་སྒྲུབ་པ་གཉིས་བསྟན་ལ། ལྷག་མ་འཇུག་པ་ལ་སོགས་པ་ནི་སྒྲུབ་པ་དང་པོའོ་ཞེས་དགོངས་པས་དུས་གཅིག་གི་ཚུལ་གྱིས་སྟོན་པར་མཛད་དོ་ཞེས་བྱའོ། །ཡང་གཞན་དག་ནི་སྐབས་བདུན་པར་ནི་ཕ་རོལ་ཏུ་ཕྱིན་པ་གཅིག་གིས་ཀྱང་མ་ལུས་པར་སྒྲུབ་པར་ནུས་པས་ན་མངོན་པར་རྟོགས་པ་རྣམ་པ་བཞི་ལ་ཞེས་བྱ་བ་འདི་ནི་རྣམ་པ་གསུམ་ལ་ཞེས་བྱ་བར་རིགས་སོ་ཞེས་བྱ་བར་འདོད་དོ། །དེ་ལ་གོ་ཆ་ལ་སོགས་པའི་སྒྲུབ་པ་དང་པོ་རྣམ་པ་གསུམ་ནི་གོ་རིམས་བཞིན་དུ་འཇུག་པ་དང༌། ཞུགས་པ་ཁྱད་པར་ཅན་དུ་གྱུར་པ་དང༌། འབྲས་བུ་ཐོབ་པ་མངོན་དུ་བྱེད་པ་རྣམས་ཡིན་ལ། སྒྲུབ་པ་ཐ་མ་ནི་མ་ལུས་པ་གཅིག་ཏུ་དབྱེར་མེད་པས་སྒྲུབ་ཅིང་སྔ་ཕྱིའི་ཆར་ཡང་མི་ལྟ་བར་སྒོམ་པའོ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་ནི་རྣམ་པ་ཐམས་ཅད་སྐད་ཅིག་ལ་མཁྱེན་པའི་དང་པོར་སྦྱོར་བ་ཡིན་པའི་ཕྱིར་རོ། །གོ་ཆའི་སྒྲུབ་པ་ཞེས་བྱ་བ་ནི་བརྩོན་འགྲུས་རྣམ་པ་གསུམ་པོ་གོ་ཆ་དང་སྦྱོར་བ་དང་སེམས་ཅན་གྱི་དོན་བྱ་བ་དག་ལས་འདིར་ནི་གོ་ཆའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་དུ་ཤེས་པར་བྱ་སྟེ། གོ་ཆ་ཡང་ཕ་རོལ་ཏུ་ཕྱིན་པ་སུམ་ཅུ་རྩ་དྲུག་དག་ཏུ་སྒྲུབ་པར་སེམས་ཀྱིས་སྲན་བཙུགས་པས་དེའི་མི་མཐུན་པའི་ཕྱོགས་ཀྱིས་མི་མཐུན་པའི་ཕྱོགས་པས་ན་གོ་ཆ་དང་ཆོས་མཐུན་ཏེ། དེ་བས་ན་གོ་ཆ་བརྟན་པར་གྱོན་པ་ལ་ཐམས་ཅད་འགྲུབ་པའི་ཕྱིར་དེ་དང་པོར་བསྟན་ཏེ། དགོས་པ་བསྒྲུབ་ལ་མཁས་རྣམས་སྲན་ཐུབ་པས། །དཀའ་བ་རྣམས་ཀྱང་དཀའ་བ་མེད་པར་རྒལ། །ཞེས་བཤད་པ་ལྟ་བུའོ། །ཡང་དེ་ནི་དུ་ཞེ་ན། དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་བྱ་བའི་བཀའ་ལུང་འདིས་སུམ་ཅུ་རྩ་དྲུག་མདོ་དང་མཐུན་པར་བསྟན་ཏོ། །དེ་ལ་སློབ་དཔོན་གྱི་ཞལ་སྔ་ནས་ནི་བསྟན་


DTG087_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་དག་བསྡུས་པ་ནི་རབ་ཏུ་ཕྱེ་ན་གོ་བའི་ཡན་ལག་ཏུ་འགྱུར་ཏེ། དཔེར་ན་གཟུགས་ཞེས་བསྟན་པའི་ཚེ་རྒྱུ་དང་རྒྱུར་བྱས་པ་དག་གིས་དབྱེ་བས་བསྟན་པ་ལྟ་བུའོ། །བསྟན་པ་གང་རབ་ཏུ་རྒྱས་པ་དེ་དག་ནི་བསྡུས་པ་གོ་བར་བྱེད་པ་ཡིན་ཏེ། དཔེར་ན་གཟུགས་གང་ཇི་སྙེད་པ་ནི་ཕུང་པོ་ལྔ་པའོ་ཕུང་པོའོ་ཞེས་པའམ། ཇི་ལྟར་རྒྱལ་བའི་ཡུམ་གྱི་མདོའི་ལེའུ་རབ་ཏུ་མང་པོ་དག་འཕགས་པ་རྣམ་པར་གྲོལ་བའི་སྡེའི་ཞལ་སྔ་ནས་ལེའུ་བརྒྱད་དུ་གདགས་པ་མཛད་པ་ལྟ་བུའོ། །འདིར་ཡང་སུམ་ཅུ་རྩ་དྲུག་དྲུག་ཏུ་བསྡུས་ན་གོ་སླ་བར་དགོངས་པས་གོ་ཆའི་སྒྲུབ་པ་རྣམ་པ་དྲུག་གོ་ཞེས་བྱ་བ་གསུངས་ཏེ། འདི་ལ་རྒྱུ་མཚན་འགའ་ཞིག་མེད་པར་ནི་བསྡུ་བར་མི་རིགས་པས་ན། སྦྱིན་པ་ལ་སོགས་པ་དྲུག་དང་ཆོས་མཐུན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྦྱིན་པ་ལ་བརྟེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་དེའི་ཚེ་དེའི་རྒྱུ་ལས་བྱུང་ཞིང་དེའི་ཉམས་སུ་ལེན་པ་ལས་ཕྱེ་བར་ཟད་པས་ན་རྒྱུ་གཅིག་ལས་འབྱུང་བར་འདྲ་བས་ན་ཆེས་མཐུན་པའོ། །གཞན་དག་ནི་གདུལ་བྱ་ཆོས་ཀྱི་རྣམས་པར་དབྱེ་བ་ལ་མི་རྨོངས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་ལྟ་དེ་ལྟར་གདགས་པ་མཛད་པས་མིང་གི་ཆོས་མཐུན་པ་ཞེས་བྱ་བའི་རང་གི་ངོ་བོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ནར་ཟད་དེ། གལ་ཏེ་ཉན་ཐོས་ལ་སོགས་པར་ཡོངས་སུ་བསྔོས་ན་དེས་ཕ་རོལ་ཏུ་ཕྱིན་པར་ག་ལ་འགྱུར་ཞེས་འདོད་དོ། །འཇུག་པའི་སྒྲུབ་པ་ཞེས་པ་ནི་ཆོས་ཀྱི་དབྱིངས་ལ་འཇུག་པ་ཐོབ་ནས་སྒྲུབ་ཅིས་པའི་དོན་ཏེ་དེའི་འོག་ཏུ་ནི་འདུན་པ་ཙམ་གྱི་སྤོང་པའོ། །དོན་འདི་ཉིད་ལས་དགོངས་ཏེ་སློབ་དཔོན་དཔལ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་སྨོན་པའི་བྱང་ཆུབ་ཀྱི་སེམས་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ཡིན་ལ། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་ས་དང་པོ་རབ་ཏུ་དགའ་བ་ལས་བརྩམས་ཏེའོ་ཞེས་བཤད་དོ། །མི་དམིགས་པ་དང་ལྡན་པ་དང་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པར་མི་དམིགས་ཤིང་རྟག་པ་དང༌། བདེ་བ་དང༌། བདག་དང༌། ཞིབ་དང༌། སྟོང་པ་ཉིད་དང༌། མཚན་མ་དང༌། སྨོན་པ་དང༌། དུས་དང༌། ཁམས་དང༌། ཟག་པ་དང་བཅས་པ་དང༌། འདུས་བྱས་ཀྱི་


DTG087_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་འདུས་མ་བྱས་ཀྱི་ཁམས་རྣམས་གང་དུ་ཡང་མི་དམིགས་ཤིང་དེ་དག་མེད་དོ་ཞེས་ཀྱང་མི་དམིགས་པའོ། །ཆེད་དུ་བྱ་བ་དང་ཞེས་བྱ་བ་ནི་སྟོང་པ་ཉིད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་སྟེ། མི་སློབ་པའི་ཆོས་རྣམས་ཀྱི་ཆེད་དུ་སྔར་ཡུན་རིང་དུ་འདྲིས་པར་བྱ་བ་རྣམས་བསྒོམ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ནི་འབྲས་བུ་ལ་དམིགས་ཏེ་འཇུག་པའི་དོན་ཏོ། །དེ་ལྟར་འཇུག་པ་བྱས་པ་ལ་ཞེས་བྱ་བ་ནི་མཐོང་བའི་ལམ་བསྐྱེད་པ་ལའོ། །ཚོགས་ཀྱི་ལམ་སྐྱེ་བས་ཞེས་པ་ནི་བསྒོམ་པའི་ལམ་འབྱུང་བ་སྟེ། འདིར་སངས་རྒྱས་ཀྱི་རྒྱུའི་ཚོགས་རྫོགས་པར་བྱད་པས་ན་ཚོགས་ཏེ། དངོས་སུ་ན་ཆོས་དུ་མའི་དོན་ཏོ། །དེས་ན་ལས་དང་པོ་པའི་ས་ནས་ཁྱད་པར་གྱི་ལམ་གྱི་བར་དུ་ཚོགས་ཡིན་མོད་ཀྱི། བསྒོམ་པའི་ལམ་འདིར་ནུས་པ་མཐུ་ཅན་གྱིས་ཆོས་རྒྱས་པ་ལ་དམིགས་པས་ན་འདི་ལ་ཚོགས་ཀྱི་གཙོ་བོར་གྱུར་བས་ཚོགས་ཞེས་གསུངས་སོ། །ཡེ་ཤེས་ཀྱི་ཚོགས་ལ་སྟོང་པ་ཉིད་ཉི་ཤུར་གསུངས་པ་ལ། ཁ་ཅིག་ནི་འདིར་ནི་ལམ་གྱི་སྐབས་ཀྱི་ཡེ་ཤེས་གཙོར་སྟོན་པ་ནི་འབྲས་བུའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་གཙོར་མ་བསྟན་ཏོ་ཞེས་ཟེར་རོ། །འཕགས་པ་རྣམ་པར་གྲོལ་བའི་སྡེའི་ཞལ་སྔ་ནས་ནི་དེ་དག་ཀྱང་འདིར་དྲངས་ཏེ་བརྗོད་པར་རིགས་ཏེ། སྟོང་པ་ཉིད་ཉི་ཤུ་པོ་འདི་དག་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་མེ་ལོང་ལྟ་བུ་དང་བཅས་པའི་བྱེ་བྲག་གོ་ཞེས་གསུངས་སོ། །སའི་ཚོགས་ཞེས་བྱ་བ་ལ་འདིར་སའི་ཚོགས་དེ་ནི་རྒྱས་པར་ཁོང་དུ་ཆུད་པར་བྱ་ན་སའི་ངེས་པའི་ཚིག་དང༌། སའི་དབྱེ་བ་དང༌། རང་བཞིན་དང༌། ཤས་ཆེ་ཆུང་གི་ཆོས་དང༌། ཡོངས་སུ་སྦྱོང་བ་དང༌། ས་དེ་དག་ཐོབ་པའི་ལུས་ཡོངས་སུ་འཛིན་པ་དང༌། ཀུན་རྫོབ་ཀྱི་ཡེ་ཤེས་དང༌། མི་མཐུན་པའི་ཕྱོགས་དང། ས་དེ་དག་གི་རྟགས་དང༌། འབྲས་བུ་རྣམས་བརྗོད་པར་བྱ་བར་རིགས་སོ། །དེ་ལ་ངེས་པའི་ཚིག་ནི་སྤྱི་དང་སོ་སོ་བས་གཉིས་ཏེ། རེ་ཞིག་སྤྱིའི་དབང་དུ་མཛད་ནས་ནི། །དགེ་བ་བསྒྲུབ་པ་སྣ་ཚོགས་ལ། །དགའ་བས་རྟག་པར་ཐམས་ཅད་དུ། །གནས་ཕྱིར་བྱང་ཆུབ་


DTG087_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཡི། །ས་རྣམས་གནས་པ་ཡིན་པར་འདོད། །འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་གསུངས་སོ། །དེ་བཞིན་དུ་སོ་སོ་བའི་དབང་དུ་བྱས་ཏེ་རིམ་པ་བཞིན་དུ། བྱང་ཆུབ་ལ་ནི་ཉེ་བ་དང༌། སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་དགའ་བ་ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་ཤེས་སྲེག་མེ་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །སེམས་ཅན་ཡོངས་སུ་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་བསྲུང་དཀའ་བ། །དེ་ཕྱིར་སྦྱང་བར་དཀའ་ཞེས་བྱ། །ཤེས་རབ་ཕ་རོལ་ཕྱིན་བསྟན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པ་ཞེས་བཤད་དོ། །བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །སོ་སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་བྱ་བ་ལ་སོགས་པ་གཞུང་གང་དག་ཏུ་ཇི་ལྟར་བསྟན་པ་རྣམས་སོ། །དེ་ལ་སའི་དབྱེ་བ་ནི་འཇིག་རྟེན་ལས་འདས་པའི་ས་སློབ་པས་བསྡུས་པ་ནི་ཐེག་པ་ཆེན་པོ་འདིར་ངེས་པའི་ཚིག་གིས་བསྟན་པའི་བཅུ་པོ་རྣམས་སོ། །གཞན་དུ་དད་པའི་ས་ལ་སོགས་པ་མང་ཞིག་འབྱུང་བ་ནི་འདིར་སྐབས་མ་ཡིན་པའི་ཕྱིར་མི་དབྱེའོ། །ས་རྣམས་ཀྱི་རང་བཞིན་ནི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་ངོ་བོ་ཉིད་དོ། །ས་གནག་ཞིག་ལ་ཆོས་གང་ཞིག་ཤས་ཆེ་ཞེ་ན། ཁ་ཅིག་ན་རེ་ཕ་རོལ་ཏུ་ཕྱིན་པ་བཅུ་དངོས་པོར་མི་དམིགས་པས་ནི་ས་སོ་སོར་སྦྱོར་བར་བྱེད་དེ། བསམ་དང་ཕན་པའི་དངོས་ཉིད་དང༌། །ཞེས་པ་ལ་སོགས་


DTG087_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཆད་པར་འགྱུར་བ་རྣམས་ནི་ས་དེ་དང་དེ་ལ་ཤས་ཆེར་རྒྱས་པར་སྤྱོད་པའི་ཆོས་ཏེ། དེ་ལྟར་བྱས་ན་མདོ་དང་མཐུན་པར་འགྱུར་རོ་ཞེས་ཟེར་ལ། གཞན་དག་ན་རེ་དེ་ནི་རིགས་པ་མ་ཡིན་ཏེ། གལ་ཏེ་ཇི་སྐད་དུ་འཆད་པར་བྱེད་པའི་སའི་ཚོགས་འདི་དག་མ་ཐོབ་པ་ཐོབ་པར་བྱེད་པ་མ་ཡིན་གྱི། ཐོབ་པ་ལ་ཤས་ཆེ་བ་ཞིག་ཡིན་ན་དེའི་ཚེ་ས་དགུ་པའི་ཚོགས་བསྟན་པར། ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི། །ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་པ་འདི་མི་འཐད་པར་འགྱུར་ཏེ། དེ་དག་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཡིན་ཏེ། དེས་ན་སློབ་དཔོན་གྱིས་ཀྱང་དེ་དག་ནི་ས་དེ་ཐོབ་པར་བྱེད་པའི་རྒྱུར་གསལ་པོར་བསྟན་ཏོ་ཞེས་འདོད་དོ། །དེ་ལས་ས་གང་ལ་ཆོས་གང་ཞིག་གིས་ཤས་ཆེ་བ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་རིམ་པ་བཞིན་དང༌། ཆོས་གང་གིས་ས་དེ་ཐོབ་པར་བྱ་བའི་ཆོས་དེ་ཉིད་ལ་ཡང་ཤས་ཆེར་སློབ་ཅིང༌། གཞན་ཡང་འཕགས་པ་ས་བཅུ་པའི་ལེའུ་ལས། དེ་ལ་བསྡུ་བའི་དངོས་པོ་སྦྱིན་པ་དང་ངག་སྙན་པ་གཉིས་ཀྱི་ཤས་ཆེ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་སྦྱར་རོ། །ཡོངས་སུ་སྦྱོང་བ་ནི་ཞར་ལ་བརྗོད་ཟིན་ཏོ། །ལུས་ཡོངས་སུ་འཛིན་པའི་དབང་དུ་བྱས་ཏེ། འཛམ་བུའི་གླིང་གི་རྒྱལ་པོ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་དང༌། ལྷའི་དབང་པོ་བརྒྱ་བྱིན་ཉིད་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དང་བྱེད་ཀྱི་བདག་པོ་རྣམས་དང༌། སྟོང་གི་བདག་པོ་ཚངས་པ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚངས་པ་ཆེན་པོ་དང་ལྷའི་བུ་དབང་ཕྱུག་ཆེན་པོ་རྣམས་སུ་ཕལ་ཆེར་འགྱུར་བས་སེར་སྣ་དང༌། འཆལ་བའི་ཚུལ་ཁྲིམས་དང༌། འདོད་པའི་འདོད་ཆགས་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མུ་སྟེགས་བྱེད་ཀྱི་གནས་དང༌། ང་རྒྱལ་རྣམ་པར་འཇོམས་པར་འཇོམས་ཤིང་སེམས་ཅན་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པར་བྱེད་པའོ། །ཀུན་རྫོབ་ཀྱི་ཡེ་ཤེས་ཀྱི་དབང་དུ་བྱས་ཏེ། ས་དང་པོ་ལ་ནི་སངས་རྒྱས་བརྒྱའི་ཞལ་མཐོང་བ་དང༌། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་


DTG087_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་དང༌། སངས་རྒྱས་ཀྱི་ཞིང་བརྒྱ་བསྐྱོད་པ་ལ་སོགས་པ་སྐད་ཅིག་གཅིག་ལའོ། །དེ་བཞིན་དུ་སྦྱར་ཏེ་གྲངས་བསྒྱུར་བ་སྟོང་དང༌། བརྒྱ་སྟོང་དང༌། ཁྲག་ཁྲིག་དང༌། ཁྲག་ཁྲིག་ཕྲག་བརྒྱ་དང༌། ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང༌། བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང༌། སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང༌། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང༌། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅེས་བསྒྱུར་ཏེ། ས་འདི་དག་གི་ཡོན་ཏན་དེ་ལྟ་བུ་ལ་སོགས་པ་ཕལ་ཆེར་ནི་འཕགས་པ་ས་བཅུའི་ལེའུར་བལྟ་བར་རིགས་སོ། །དེ་ལ་མི་མཐུན་པའི་ཕྱོགས་ནི་ཐུན་མོང་ཉིད་དུ་གཟུང་བ་དང༌། འཛིན་པའི་རྣམ་པར་རྟོག་པ་རིགས་བཞི་བརྒྱ་རྩ་བརྒྱད་དུ་གྱུར་པ་རྣམས་སོ། །བྱེ་བྲག་ཏུ་ནི་ཇི་སྐད་དུ་དེ་ལས་དང་པོ་ལ་ནི་གང་ཟག་དང་ཆོས་ལ་མངོན་པར་ཞེན་པའི་ཤིན་ཏུ་རྨོངས་པ་དང༌། ངན་སོང་བའི་ཉོན་མོངས་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པའི་ཤིན་ཏུ་རྨོངས་པ་དང༌། ལས་ཀྱི་འགྲོ་བ་སྣ་ཚོགས་ལ་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱི་ཤིན་ཏུ་རྨོངས་པ་དང༌། ཐོས་པའི་གཟུངས་ཡོངས་སུ་རྫོགས་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པའི་ཤིན་ཏུ་རྨོངས་པ་དང༌། ཆོས་ལ་སྲེད་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །ལྔ་པ་ལ་ནི་འཁོར་བ་ལ་ཤིན་ཏུ་ཕྱིར་ཕྱོགས་པ་དང་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་ཤིན་ཏུ་རྨོངས་པ་དང༌། མྱ་ངན་ལས་འདས་པ་ལ་ཕྱིར་ཕྱོགས་པ་དང་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་ཤིན་རྨོངས་པ་དང༌། །དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །དྲུག་པ་ལ་ནི་འདུ་བྱེད་འབྱུང་བ་མངོན་སུམ་དུ་འགྱུར་བའི་ཤིན་ཏུ་རྨོངས་པ་དང༌། མཚན་མ་མང་དུ་འབྱུང་བའི་ཤིན་


DTG087_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བདུན་པ་ལ་ནི་མཚན་མ་ཕྲ་མོ་འབྱུང་བའི་ཤིན་ཏུ་རྨོངས་པ་དང་རབ་ཏུ་མཚན་མ་མེད་པ་ཡིད་ལ་བྱེད་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བརྒྱད་པ་ལ་ནི་མཚན་མ་མེད་པའི་སྒྲིབ་པའི་ཤིན་ཏུ་རྨོངས་པ་དང༌། མཚན་མ་དག་ལ་དབང་བའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །དགུ་པ་ལ་ནི་ཆོས་སྟོན་པ་ཚད་མེད་པ་དང༌། ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་དང༌། གོང་ནས་གོང་དུ་ཤེས་རབ་དང། སྤོབས་པ་དང༌། གཟུངས་ཀྱི་དབང་གིས་ཤིན་ཏུ་རྨོངས་པ་དང༌། སྤོབས་པ་ལ་དབང་བའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །ས་བཅུ་པ་ལ་ནི་མངོན་པར་ཤེས་པ་ཆེན་པོའི་ཤིན་ཏུ་རྨོངས་པ་དང༌། གསང་བ་ཕྲ་མོ་ལ་འཇུག་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་གསུངས་པ་རྣམས་དང༌། ཡང་སངས་རྒྱས་ཀྱི་ས་ལ་ནི་ཤེས་བྱ་ཐམས་ཅད་ལ་རབ་ཏུ་ཕྲ་བའི་ཆགས་པའི་ཤིན་ཏུ་རྨོངས་པ་དང༌། ཐོགས་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་དུ་གྱུར་པ་ནི་མཐུན་པའི་ཕྱོགས་སོ་ཞེས་གསུངས་པ་རྣམས་ཏེ། ཐ་མ་སངས་རྒྱས་ཀྱི་སའི་སྒྲིབ་པ་འདི་ཡང་ས་བཅུ་པ་ཉིད་ལ་ལྡན་པའི་ཕྱིར་སྤོང་བ་མ་ཡིན་ཡང་དེར་བསྡུ་བར་བྱའོ། །སངས་རྒྱས་ཀྱི་སའི་སྒྲིབ་པ་ས་བཅུ་པ་ཉིད་ལ་རྣམ་པར་གཞག་པར་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་རབ་ཏུ་ཕྲ་བའི་གནས་སྐབས་དང༌། ཉོན་མོངས་པའི་བག་ཆགས་ནི་སངས་རྒྱས་ཀྱི་སའི་སྒྲིབ་པའོ་ཞེས་སྔོན་གྱི་སློབ་དཔོན་ཁ་ཅིག་གིས་བསྟན་པ་ལས་ཀྱང་དོན་གྱིས་ན་འདིར་འགྱུར་རོ། །ས་རྣམས་ཀྱི་མི་མཐུན་པའི་ཕྱོགས་བྱེ་བྲག་ཅན་འདི་ནི་བདག་གི་ས་ལ་འཇུག་པ་ལས། ཡན་ལག་བཅུ་གཅིག་རྫོགས་གྱུར་པས། །རབ་ཏུ་དགའ་སོགས་ས་བཅུ་གཅིག་རྨོངས་གཉིས་གནས་ངན་ལེན་གཅིག་སྟེ། །མི་མཐུན་ཕྱོགས་དེ་ཐ་དད་དོ། །ཞེས་བཤད་པའི་ལུགས་ཀྱིས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་ལུང་


DTG087_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཤད་པའོ། །ས་དེ་དག་ཐོབ་པའི་རྟགས་ནི་རྨི་ལམ་གྱི་རྣམ་པ་ལས་ཤེས་པར་བྱའོ། །དེ་ལྟར་ན་རྨི་ལམ་དྲོ་བར་གྱུར་པའི་ཚེ་ན་མེད་དེ་དེར་གཉིད་ལ་སོགས་པའི་སྒྲིབ་པ་ལྔ་ཟད་པའི་ཕྱིར་རོ། །དེ་ལྟར་ན་ཇི་ལྟར་དེ་དག་གི་རྟགས་རྨི་ལམ་དུ་ངེས་པར་འགྱུར་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་གཉིད་དེ་ནི་རྣམ་པ་གཉིས་ཏེ། རང་དབང་མེད་པ་ཉོན་མོངས་པའི་བདག་ཉིད་དང༌། དེ་ལས་བཟློག་པ་ཉིད་དོ། །སྦྱོར་བའི་ལམ་ཉིད་དུ་དང་པོ་བཅོམ་ཡང་ཆེད་དུ་བྱིན་གྱིས་བརླབས་པས་ལུས་རྒྱས་པར་བྱེད་པ་དགེ་བར་བགྲང་བའི་གཉིད་ནི་ས་དེ་དང་དེ་དག་ལ་ཡང་ངེས་པར་ཡོད་པས་ན་འདི་ལ་ཉེས་པ་མེད་དོ། །གཞན་དག་ནི་གློ་བུར་བའི་ཤེས་པའི་སྣང་བ་རྨི་ལམ་ལྟ་བུར་བྱུང་བ་ནི་ས་དེ་དང་དེ་དག་ལ་ཆོས་ཐམས་ཅད་རྨི་ལམ་ལྟར་རྟོགས་པའི་ཕྱིར་རྨི་ལམ་གྱི་མིང་གིས་བསྟན་ཏོ་ཞེས་ཟེར་ཏེ། འདིར་ལུང་དང་འགལ་བར་བསྒྲུབས་པས་ཅི་ཞིག་བྱ། ལུང་གི་ཚིག་འདི་དགོས་པ་མེད་པར་སྒྲ་གཞན་གྱིས་སྟོན་པར་མི་མཛད་དོ། །དེ་ལ་མཚན་མ་རྣམས་ནི་ས་དང་པོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར་མཐོང་བའོ། །ས་གཉིས་པ་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་ལག་མཐིལ་ལྟ་བུར་གྱུར་པ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པར་མཐོང་བའོ། །ས་གསུམ་པ་ལ་ནི་བདག་ཉིད་དཔའ་ཞིང་ལག་ཆ་དང་གོ་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་བའོ། །ས་བཞི་པ་ལ་ནི་ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞི་ས་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་ཆེན་པོ་ལ་མེ་ཏོག་སྣ་ཚོགས་ཀྱིས་མངོན་པར་འཐོར་བར་མཐོང་བའོ། །ས་ལྔ་པ་ལ་ནི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱི་མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པར་མཐོང་བའོ། །ས་དྲུག་པ་ལ་ནི་ཐེམ་སྐས་བཞི་དང་ལྡན་པའི་རྫིང་གསེར་གྱི་བྱེ་མ་བདལ་བ་དངས་ཤིང་རྙོག་པ་མེད་པ་ལ་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ་མེ་ཏོག་ཨུཏྤལ་དང༌། ཀུ་མུ་ད་དང༌། པད་མ་དཀར་པོས་བརྒྱན་པའི་ཆུ་མཐོང་ནས་དེ་ལ་


DTG087_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་རྩེ་དགའ་ཡོངས་སུ་ལོངས་སྤྱོད་པར་མཐོང་ངོ༌། །ས་བདུན་པ་ལ་ནི་ངོས་གཡས་གཡོན་གཉིས་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ། བདག་ཉིད་མ་སྨས་མ་ཉམས་པར་དེ་ནས་སླར་ལྡོག་པར་མཐོང་བའོ། །ས་བརྒྱད་པ་ལ་ནི་ཕྲག་པ་གཉིས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རལ་བ་ཅན་ཅོད་པན་ཐོགས་པ་གཅན་གཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་གནས་པར་མཐོང་བའོ། །ས་དགུ་པ་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་མཐོང་སྟེ་སྐྱེ་བོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་མགོ་བོའི་སྟེང་ན་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་སྤྲས་པའི་གདུགས་དཀར་པོ་འཛིན་པ་མཐོང་བའོ། །ས་བཅུ་པ་ལ་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ། སྐུ་མདོག་གསེར་ལྟ་བུ་འོད་འདོམ་གང་བ་ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པར་མཐོང་ངོ་ཞེས་བྱ་བ་སྟེ། འདི་ནི་བདག་གིས་འཕགས་པ་བློ་གྲོས་མི་ཟད་པས་ཞུས་པ་ཐེག་པ་ཆེན་པོའི་མདོ་ལས་གསུངས་པ་རྣམས་བསྡུས་ཏེ་བཀོད་པའོ། །གང་གིས་གནས་སྐབས་མ་ཡིན་པར་མཚན་མ་འདི་དག་མཐོང་བར་གྱུར་པ་ནི་སྔགས་ཀྱི་མཐུའམ། བདུད་ཀྱི་བྱིན་གྱི་རླབས་ཡིན་པར་ཤེས་པར་བྱའོ། །ས་འདི་དག་གི་འབྲས་བུ་ནི་སངས་རྒྱས་ཀྱིས་འོད་བྱེད་པ་ཉིད་ཡིན་ལ། དེ་ལ་གཞན་དུ་ཡང་ས་ཕྱི་མ་ཕྱི་མ་རྣམས་ནི་དེ་ལས་སྔ་མ་སྔ་མར་གྱུར་པ་རྣམས་ཀྱི་འབྲས་བུར་རིག་པར་བྱའོ། །ཉི་མ་ལ་སོགས་པ་ལས་སྐྱེས་པ་དང་ཞེས་པ་ནི་ཇི་ལྟར་མངོན་པར་འབྱུང་བའི་མདོ་ལས་ཉི་མ་ལས་སྐྱེས་པ་དང་བུ་རམ་ཤིང་པའི་སྔོན་བྱུང་བ་འཕགས་པ་མཽད་གལ་གྱི་བུས་ཤཱཀྱ་རྣམས་ལ་བཤད་པ་ལྟ་བུ་སྟེ། མའི་མངལ་དུ་མ་བཙས་པས་ན་དང་པོའི་རིགས་བཙུན་པར་གྲགས་པའོ། །གཞན་དག་ནི་ཉི་མ་དང་གསེར་དང་ནོར་བུ་ལ་སོགས་པའི་འོད་ལྟ་བུའི་སྐུ་མདོག་ཅན་དུ་སྐྱེས་པ་ཞེས་འདོད་ཅིང་དེ་ལྟར་བྱས་ནས། ཁྱོད་སྐུ་གསེར་མདོག་འོད་གསལ་བའི། །ཚད་ནི་དམིགས་སུ་མ་མཆིས་ཏེ། །སྐད་ཅིག་མདོག་གསེར་བཙོད་ཀ་དང༌། །མྱུར་བར་ཤེལ་འོད་འདྲ་བར་གདའ། །ཞེས་གསུངས་པ་ལ་སོགས་པའི་མདོའི་ཚིག་རྣམས་ཀྱང་ལེགས་པར་དྲངས་པར་


DTG087_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་ཟེར་རོ། །སྨོན་ལམ་ཤེས་པས་གནས་པ་ཞེས་བྱ་བ་ནི། ད་དུང་ངོ་བོ་ཉིད་ཀྱི་བྱང་ཆུབ་ཆེན་པོ་མ་ཐོབ་ཏུ་ཟིན་ཀྱང་སྨོན་ལམ་གྱི་མཐུས་ནི་དགའ་ལྡན་གྱི་གནས་ནས་བབས་པ་ལ་སོགས་པའི་མཛད་པ་བཅུ་གཉིས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བའི་སྦྱོར་བ་ཤེས་པས་གནས་པའོ། །དེ་ལྟ་ན་འཕགས་པ་ས་བཅུ་པའི་ལེའུ་ལས། སྨོན་ལམ་གྱི་མཐུས་ནི་ས་རབ་ཏུ་དགའ་བ་ལ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་གསུངས་པས་དེ་དག་ཀྱང་ཇི་ལྟར་ན་སངས་རྒྱས་ཀྱི་སར་མི་བགྲང་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་ས་དེ་དང་དེའི་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་རབ་ཏུ་ཉུང་བ་སྔར་བསྟན་པའི་ཚུལ་གྱིས་བརྒྱ་ལ་སོགས་པས་དམན་པའི་ཕྱིར་འདི་དང་ག་ལ་ཞིག་མཉམ། གཉེན་པོའི་ཚོགས་ཞེས་བྱ་བ་ནི་འགའ་ཞིག་ལོགས་ན་ཡོད་པར་རྟོག་པ་སྲིད་པ་དགག་པའི་ཕྱིར་གཟུང་འཛིན་གྱི་རྣམ་པར་རྟོག་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ནི་མཐོང་བ་དང་བསྒོམ་པའི་ལམ་གཉིས་ཁོ་ན་གཉེན་པོ་ཞེས་བྱ་བ་འདི་ལས་གཞན་ནི་འདིར་མི་བཙལ་ལོ་ཞེས་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་དེ་བསྟན་ཏོ། །དེ་ལྟར་སྔར་ཚོགས་ཀྱི་སྒྲུབ་པ་ནི་བསྒོམ་པའི་ལམ་དུ་བསྟན་པ་ཡིན་ན། མཐོང་བའི་ལམ་འདིར་ཅི་ཞིག་འབྲེལ་ཞེ་ན། དེ་ལྟར་སྒྲུབ་པ་བཞི་ལམ་བཞིར་བསྟན་པ་ནི་རེ་ཞིག་ཤས་ཆེ་བའི་དབང་དུ་བྱས་ཀྱི། དེ་དག་རེ་རེ་ཡང་ཐམས་ཅད་དུ་མི་འགྲོ་བ་ནི་མ་ཡིན་པས་ན་ཉེས་པ་མེད་དོ། །གཞན་དག་ནི་འདིར་གཉེན་པོར་བགྲང་བ་ནི་བསྒོམ་པའི་ལམ་ཡིན་མོད་ཀྱི། མཐོང་བའི་ལམ་ཡང་སྤྱིར་གཉེན་པོ་ཡིན་པར་ཞར་ལ་བསྟན་ཏོ་ཞེས་ཟེར་རོ། །གནས་སྐབས་ཀྱི་ཁྱད་པར་ཞེས་བྱ་བ་ནི་ལམ་དེ་དག་ལ་ཡང་མཉམ་པར་གཞག་པའི་གནས་སྐབས་ན་གཉེན་པོའི་མིང་ཐོབ་ཀྱི། མཐོང་བའི་ལམ་གྱི་སྐད་ཅིག་མ་བརྒྱད་པ་ལྟ་བུ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པ་བརྒྱད་པས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་མི་འགྱུར་ཏེ། དེ་ལྟར་ན་འཕགས་པ་རྣམ་པར་གྲོལ་བའི་སྡེའི་ཞལ་སྔ་ནས་མཐོང་བའི་ལམ་གྱི་སྐད་ཅིག་མ་བརྒྱད་པ་ལ་བྱང་ཆུབ་སེམས་དཔའི་དགོངས་པ་མཐའ་ཡས་མཛད་པ་


DTG087_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། གཞན་དུ་ན་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པའི་འགོག་པར་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་བསྒོམ་པའི་ལམ་ཡང་ཟག་པ་མེད་པ་མངོན་པར་བསྒྲུབ་པའི་མཚན་ཉིད་ཀྱི་གནས་སྐབས་ཁོ་ན་གཉེན་པོར་གཞག་གོ ། ཇི་སྐད་དུ་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཞེས་བྱ་བ་ལ། ཇི་སྐད་བཤད་པ་ནི་གཉེན་པོའི་ཚོགས་ཀྱི་མཐར་ཐུག་པའི་གནས་སྐབས་དང་པོ་འདིར་ཇི་སྐད་བཤད་པ་རྣམས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བདུན་པ་ལ་སོགས་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་ནི་འདིའི་རྒྱུ་ཡིན་པས་དེ་སྐད་ཅེས་བྱ་ཞིང༌། ཁ་ཅིག་ནི་འདི་ཉིད་ཀྱི་དངོས་པོ་སྟེ་སེམས་བསྐྱེད་པ་བཅུ་དགུ་པ་ལ་སོགས་པའོ། །དེ་ལྟར་དེ་དག་མ་ལུས་པ་སྔར་སྦྱངས་པ་དང་ཕྱིས་འཐོབ་པ་ལ་དམིགས་ནས་སྐད་ཅིག་མ་གཅིག་གིས་འབྱུང་བས་ན་ངེས་པར་འབྱུང་བ་སྟེ་ཚུལ་འདི་ནི་རྣམ་པ་བརྒྱད་ཅར་ལ་སྦྱར་རོ། །གཞན་དག་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་ཅེས་བྱ་བ་ལ་སོགས་པའི་མདོའི་ཚིག་གིས་ཇི་སྐད་བཤད་པ་ཁུངས་སུ་བྱས་ཏེ། རྣམ་པ་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་འདི་ཅི་ཞེ་ན། ཁ་ཅིག་ནི་བདེན་པ་རྣམ་པ་བཞི་ལ་དམིགས་པའི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པར་འདོད་དོ། །གཞན་དག་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པའི་རྣམ་པ་ཐམས་ཅད་མཁྱེན་པས་བསྡུས་པར་འདོད་དོ། །ཁ་ཅིག་ནི་སངས་རྒྱས་ཀྱི་ས་འདིར་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་གཉིས་ཀྱི་ཆར་དབྱེ་བ་མེད་པས་ན་མཁྱེན་པ་དང་མི་མཁྱེན་པ་དང༌། དག་པ་དང༌། བཟང་བ་དང། ངན་ཅིང་མི་གཙང་བ་ལ་སོགས་པའི་མཁྱེན་པ་ཀུན་རྫོབ་པ་མི་མངར་ཟིན་ཀྱང༌། ཡིན་བཞིན་གྱི་ནོར་བུ་ལ་སོགས་པ་ལྟར་མི་རྟོག་བཞིན་དུ་འགྲོ་བ་རྣམས་ཀྱིས་མངོན་པར་འདོད་པ་འགྲུབ་པས་ན་གཞན་གྱི་ཤེས་པའི་སྣང་བའི་དབང་ཙམ་ལས་དེ་རྣམ་པ་ཐམས་ཅད་མཁྱེན་པར་བརྗོད་


DTG087_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་ཟེར་ཏེ། མཁའ་ལྡིང་གྲུབ་པ་ཇི་ལྟ་བུར། མཆོད་སྡོང་བསྒྲུབས་ནས་འདས་གྱུར་ནས། །དེ་འདས་གྱུར་ནས། །དེ་འདས་ཡུན་རིང་ལོང་ན་ཡང༌། །དུག་ལ་སོགས་པ་སེལ་བ་ལྟར། །ཞེས་བྱ་བ་ལ་སོགས་པ་སྨྲ་བར་བྱེད་དོ། །ཡང་གཞན་དག་ནི་ཉོན་མོངས་པ་དང༌། ཤེས་བྱ་དང་བག་ཆགས་ཀྱི་སྒྲིབ་པ་མ་ལུས་པ་སྤངས་པས་ན། མི་ཤེས་པ་དང་བྲལ་བའི་ཐོབ་པའི་འབྲས་བུ་ལག་མཐིལ་གྱི་ཤིང་ཏོག་ལྟར་མ་ལུས་པ་སྒྱུ་མ་ལྟར་བཀྲ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་ནི་སྒྲ་ཇི་བཞིན་པར་ངེས་པར་ཁས་བླང་ངོ་ཞེས་ཟེར་རོ། །ཡང་གཞན་དག་ནི་ཤེས་བྱའི་མཆོག་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཡོན་ཏེ་དེའི་དབང་དུ་བྱས་ཏེ། ཞེས་བྱའི་གནས་དང་མཚན་ཉིད་ལ་སོགས་པ་བཅུ་མཁྱེན་པས་ན་ཐམས་ཅད་མཁྱེན་པའོ་ཞེས་གསུངས་པར་འདོད་དོ། །འདིར་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྣང་བ་དང་བཅས་པའི་ཡེ་ཤེས་དེ་མངའམ་ཅི་སྟེ་མ་ཡིན་ཞེས་པ་ལས་གྱུར་པར་ཤེས་པར་བྱ་སྟེ། ཁ་ཅིག་ནི་སྣང་བ་དང་བཅས་པའི་ཡེ་ཤེས་དེ་མངའ་བར་གྱུར་པའི་ཚེ་གཟུང་བ་དང་འཛིན་པའི་ཉེས་པར་འགྱུར་བས་ན། ཡེ་ཤེས་རྣམ་པ་མེད་པ་ཀུན་རྫོབ་པ་ཙམ་ཞིག་ནི་རང་རིག་པར་འགྱུར་བ་སྟེ་འདི་ཙམ་ཞིག་གོ་ཞེས་སྔར་བསྟན་པའི་ཕྱོགས་གསུམ་པ་འདོད་དོ། །གཞན་དག་ནི་བསྐལ་པ་དུ་མར་གཟུང་བ་དང་འཛིན་པ་བརྫུན་པའི་ངོ་བོ་ཉིད་དུ་གོམས་པར་གྱུར་པ་དེ་ལ་སྣང་བ་རྣམས་གཟུང་བ་དང་འཛིན་པར་ཇི་ལྟར་འགྱུར་ཏེ་ཇི་སྐད་དུ། །འདི་ལྟར་མཐོང་དང་ཐོས་པ་ཀུ། །འདི་ལ་དགག་པར་བྱ་མེད་ཀྱི། །གང་ཕྱིར་སྡུག་བསྔལ་རྒྱུར་འགྱུར་བ། །བདེན་པ་ཉིད་དུ་རྟོག་པ་བཟློག །ཅེས་བཤད་པས་ན། ངེས་བར་སྣང་བ་དང་བཅས་པའི་ཡེ་ཤེས་མེད་ན་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པར་བརྗོད་ཅེས་ཟེར་རོ། །ལ་ལ་ནི་རང་བཞིན་གྱིས་འོད་གསལ་བ་ཙམ་ལ་དམིགས་ནས་བརྗོད་དུ་མེད་པའི་རང་བཞིན་དུ་ཡོད་ཅེས་འདོད་པས་ཕྱོགས་གཞན་དག་ཏུ་གྱུར་བའོ། །ཧ་ཅང་སྤྲོས་པས་ཅི་ཞིག་བྱ་སྟེ་འདི་ནི་ཉེ་བར་གཞག་པའོ། །ངེས་པར་འབྱུང་བའི་སྒྲུབ་པ་ལྷུར་བླང་བར་བྱ་སྟེ་དང་བོ་ནི་སེམས་བསྐྱེད་པ་ལས་མངོན་པར་ཤེས་པ་ལ་སོགས་པ་ལྔ་བསྟན་ཏ། དེ་ནས་ནི་


DTG087_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བསྒྲུབ་པ་རྣམས་པ་བརྒྱད་དོ། །དེ་ནས་ནི་སྐབས་བཞི་པར་རྣམ་པ་དག་གི་ནང་དུ་སྤོང་བའི་ལམ་སྟེ་མ་ལུས་པར་སྤོང་ཞེས་བྱ་བའི་དོན་བསྡུའོ། །དེ་ནས་ནི་སྐབས་ལྔ་བར་དམིགས་པ་དང་དབང་དང་རྣམ་པ་དང་ལོག་པར་རྟོག་པ་རྣམས་ཀྱིས་ལྷུར་བླངས་ཏེ་བསྟན་ཏོ། །དེ་ནས་ནི་སྐབས་བདུན་པར་མཚན་ཉིད་རྣམ་པ་བཞིར་ཕྱེ་སྟེ་བརྗོད་དོ། །དེ་ནས་ནི་ཡང་སྐབས་བརྒྱད་པར་ཆོས་ཀྱི་སྐུའི་ཕྲིན་ལས་ཉི་ཤུ་རྩ་བདུན་ལས། བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང༌། །ཕྱིན་ཅི་ལོག་ནི་སྤོང་བ་དང༌། །དེ་གཞི་མེད་པའི་ཚིལ་དང་ནི། །རྣམ་པར་བྱད་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །ཞེས་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། འདི་དག་སོ་སོ་དང་བསྡུས་པས་ཁོང་དུ་ཆུད་པར་བྱ་བ་ནི་འདིར་མན་ངག་གོ །ཐམས་ཅད་མི་དམིགས་པ་ཉིད་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར་མི་དམིགས་པའི་རང་བཞིན་ཁོ་ནས་ཡོངས་སུ་སྦྱོང་བར་བྱེད་ཅེས་སམ། དེ་ལྟར་བྱོས་ཤིག་ཅེས་ཚིག་ཟུར་གྱིས་ན་གདམས་པ་སྟེ། ཚིག་འདི་ནི་བྱུང་བ་དང་འབྱུང་བར་འགྱུར་བ་རིལ་ལ་སྦྱར་བར་ཤེས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔར་བསྟན་ཏོ། །མན་ངག་གི་བསྟན་བཅོས་ཞེས་བྱ་བ་ནི་ཤེས་པར་བྱེད་པའི་ཡུལ་མྱུར་དུ་ཁོང་དུ་ཆུད་པར་བྱེད་པའི་གཞུང་ལུགས་སོ། །ཨ་བྷི་ནི་མངོན་དུ་ཕྱོགས་པས་སོ། །སཾ་ཞེས་བྱ་བ་ནི་ཡང་དག་པར་ངེས་པ་ཉིད་དུ་བརྗོད་པའོ། །ཨི་ཡ་ནི་འགྲོ་བའི་དོན་ཏོ། །དེས་ན་མངོན་དུ་ཕྱོགས་པས་ཡང་དག་པ་ཇི་ལྟ་བར་ངེས་པར་འགྲོ་བས་ཡེ་ཤེས་རྟོགས་པའི་ལམ་འདི་ནི་མངོན་པར་རྟོགས་པའོ། །གཞན་དག་ནི་མངོན་དུ་ཕྱོགས་པར་གྱུར་ན་དུས་ཇི་ལྟ་བ་བཞིན་དུ་དེ་ལས་མི་འདའ་བར་འབྲས་བུ་འབྱིན་པས་ན་མངོན་དུ་ཕྱོགས་པའི་དུས་ཅན་ཞེས་འཆད་པར་བྱེད་དོ། །རྒྱན་གྱི་དོན་ནི་བཤད་ཟིན་ཏོ། །སྐབས་ནི་ལེའུ་ཞེས་བྱ་བའི་དོན་ཏོ། །དང་པོ་ནི་གཉིས་པ་ལ་ལྟོས་པའམ། ཡང་ན་མཆོག་གི་དོན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ནི་སྐབས་མ་ལུས་པའི་ལུས་ཡིན་པའི་ཕྱིར་རོ། །འགྲེལ་པ་ཞེས་བྱ་བ་ནི་དོན་ཙམ་


DTG087_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གྱིའོ། །སྐབས་དང་པོའི་འགྲེལ་བཤད་རྫོགས་སོ།། །།

སྐབས་གཉིས་པའི་འགྲེལ་བཤད།


DTG087_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐབས་དང་པོའི་ཚིག་ལེའུར་བྱས་པ་རྣམས་རྣམ་པར་བཀྲོལ་ནས། ད་ནི་སྐབས་གཉིས་པ་དགྲོལ་བའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཤེས་པ་ཉིད་མེད་ན་མེད་པས་ལམ་ཤེས་པ་ཉིད་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་ཤེས་པ་ཉིད་ནི་དེའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བར་དགོངས་སོ། །ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་སྐྱེའོ་ཞེས་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། འདིར་ང་རྒྱལ་དང་ཞུམ་པ་གཉི་ག་བསལ་བ་ལ་ལམ་སྐྱེའི་གང་ཡང་རུང་བ་ཅིག་དང་ལྡན་པ་ལ་མ་ཡིན་པ་ནི་མངོན་པར་འབྱུང་བའི་མདོ་ལས་རྒྱལ་པོ་ཟས་གཙང་མའི་ལམ་ཇི་ལྟར་བསྐྱེད་པའི་དབང་དུ་བྱས་པ་ལྟ་བུའོ། །འདིར་ལྷ་རྣམས་ཞུམ་པ་མེད་ཅིང་ང་རྒྱལ་དང་ལྡན་བས་དེ་སྤང་བར་མཛད་པའོ། །ཚིག་ཟུར་གྱིས་རྟེན་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་ལས་ཞེས་བྱ་བའི་དོན་ཏེ། ཚིག་ལེའུར་བྱས་པ་ལས་ནི། །ལྷ་རྣམས་རུང་བར་བྱ་བའི་ཕྱིར། །ཞེས་སྨོས་པས་དངོས་ཁོ་ནར་བསྟན་ཏོ། །མདོ་ལས་ནི་དངོས་སུ་བཅོམ་ལྡན་འདས་ཀྱིས་མཐུ་ཆེ་བ་བསམ་གྱིས་མི་ཁྱབ་པ་བཅུ་ལས་འོད་བསམ་གྱིས་མི་ཁྱབ་པ་བསྟན་ཅིང་ཟུར་གྱིས་རྟེན་བསྟན་པའོ་ཞེས་བྱ་བར་གནས་སོ། །འདོད་ཆགས་དང་བྲལ་བ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་ཞི་བའི་དབྱིངས་ནས་ལངས་ཏེའོ། །ཅིག་ཤོས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ད་ལྟ་ཉིད་ནས་སོ། །ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤངས་པ་མ་ཡིན་པས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དངོས་སུའོ། །སངས་རྒྱས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལས་འཁྲུངས་པ་རྣམས་ཀྱང་ཤཱཀྱའི་བུ་མི་མོ་འཚོ་མ་བདག་གིར་མཛད་པ་ལ་སོགས་པའི་ཐབས་ལ་མཁས་པས་འགྲོ་བའི་དོན་དུ་ཉོན་མོངས་པ་མ་སྤངས་བ་ལྟ་བུར་སྟོན་པས་ན་འདི་འཐད་པར་འགྱུར་རོ། །བྱང་ཆུབ་སེམས་དེ་ལྟར་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནི་ཆེད་དུའམ་འདི་ལོགས་སུ་བསྒོམ་པའི་འཐད་པ་ནི་མི་དགོས་ཀྱི། རང་གི་ལམ་ལ་དེ་དག་གི་ཡོན་ཏན་རྫོགས་པར་ཤེས་པར་བྱ་བའི་དོན་ཏེ། ཤཱ་རིའི་བུ་ཉན་


DTG087_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དང་རང་སངས་རྒྱས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ་ཞེས་གསུངས་པས་སོ། །དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡང་གཉིས་ཏེ། ཆོག་པར་འཛིན་པའི་རྣམ་པར་མི་རྟོག་པ་དང་ས་མི་གཡོ་བའོ། །ཚད་མར་གྱུར་བའི་སྐྱེས་བུས་མ་གཟིགས་པའི་རྒྱུ་འཐད་པ་དག་གིས་ཞེས་བྱ་བ་འདིས་ནི་ལུང་གི་ཚད་མ་སྟོན་ཏེ། ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པས་ནི་ཆོས་གང་ཡང་སྐྱེ་བའམ་འགག་པ་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སོ། །བདེན་པའི་དམིགས་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེའི་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སྐྱེས་བུ་ལ་བསྣུན་པའི་མཚོན་ཆ་ནི་དང་པོར་གོ་ཆ་ཕུགས་ནས་དེའི་འོག་ཏུ་འདོད་པའི་སྐྱེས་བུ་ལ་ཕིགས་པའི་དཔེས་སོ། །ལུང་ལས་ཉན་ཐོས་རྣམས་ནི་གཞན་གྱིས་བསྟན་པ་ལ་ལྟོས་ནས་རང་གི་བྱང་ཆུབ་རྟོགས་པར་འགྱུར་ལ་ཞེས་བྱ་བ་ནི། ཇི་སྐད་དུ་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་ཕྱིར་འགྲོ། །ཞེས་གསུངས་པ་ལྟ་བུ་སྟེ། དོན་འདི་ཉིད་ཀྱི་དབང་གིས་སློབ་མ་ཞེས་འདི་དག་བརྗོད་དེ་ངེས་པར་སློབ་དཔོན་དགོས་པས་སོ། །གཞན་དག་ཀྱང་བརྗོད་པ་དང་བཅས་པའི་ཆོས་བསྟན་པས་དགེ་བ་ལ་འཇུག་པར་བྱེད་དོ་ཞེས་འབྱུང་ངོ་ཞེས་བྱ་བ་ནི་འདི་དག་ཐོས་པ་སྒྲོགས་པར་བྱེད་པས་ན་ཐོས་སྒྲོགས་སོ་ཞེས་བྱ་བ་ལྟ་བུའོ། །སྔོན་ཞེས་བྱ་བ་ནི་བསྐལ་པ་བརྒྱའི་བར་དུ་སྟེ། །བསེ་རུ་བསྐལ་པ་བརྒྱ་ཡིན་རྒྱུས། །ཞེས་བཤད་པས་སོ། །རང་གིས་བྱང་ཆུབ་རྟོགས་པར་འགྱུར་ཏེ་ཞེས་བྱ་བ་ནི་རྐྱེན་གྱི་མཐུས་ཏེ་རང་རྒྱལ་བ་རྣམས་ནི་རྐྱེན་གྱི་འདུ་ཤེས་ཅན་ཞེས་གསུངས་པས་སོ། །སྤང་པ་ནི་གཟུང་བའི་རྣམ་པར་གྱུར་བ་ཕྱི་རོལ་གྱི་ཡུལ་རྣམས་རང་བཞིན་མེད་པར་ཤེས་པ་ནི་མེད་དང་ཆུ་ལ་སོགས་པ་ཡང་དང་ཡང་དུ་འཇིག་པས་རྟོགས་པར་སླ་བའི་ཕྱིར་རོ། །འདི་ཙམ་ལས་ནི་ཆོས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་པར་བསྟན་ཏོ། །བཏགས་པའི་ཆོས་ཉིད་མི་འགལ་བར་རབ་ཏུ་སྟོན་པ་ཞེས་བྱ་བ་ནི་ཇི་ལྟར་བཏགས་པ་ཡང་ཆོས་ཀྱི་དབྱིངས་ལས་རབ་ཏུ་མ་འདས་པའི་ཕྱིར་རོ། །ཚིགས་ལེའུར་བྱས་པའི་དོན་ཉེ་བར་


DTG087_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པ་ལྷུར་ལེན་པའི་གཞུང་གིས་ཞེས་བྱ་བ་ནི་དེ་ལས་དེ་དག་རྣམ་པའོ་ཞེས་མ་སྨོས་ཀྱི། ལམ་ཤེས་ཉིད་ཀྱིས་སྐད་ཅིག་མ། །ཞེས་སྨོས་པས་ན། མཐོང་བའི་ལམ་དེ་ལ་རྣམ་པ་ཇི་སྙེད་ཡོད་པའི་དོན་ནི་མ་བཤད་ཀྱི། །མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་ཚིག་ལེའུར་བྱས་པར་ཉེ་བར་མཚོན་པ་ཉི་ཚེར་མཛད་པར་ཟད་དེ། རྣམ་པའི་དབྱེ་བ་ནི་རྣམ་པ་ཀུན་མངོན་པར་རྫོགས་པའི་སྐབས་སུ་སྟོན་པའི་ཕྱིར་རོ་སྙམ་དུ་སེམས་ཏེ། བཤད་པ་ནི་སྔར། དམིགས་པ་དང་ནི་རྣམ་པ་དང༌། །ཞེས་བྱ་བ་ལ་སོགས་པའོ། །མ་བཤད་པ་ནི་འོག་ཉིད་ནས། །གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་བྱ་བ་ལ་སོགས་པའི་འཆད་པ་རྣམས་སོ། །དེ་བཞིན་དུ་བལྟ་བར་བྱའོ་ཞེས་པ་ནི་སྐད་ཅིག་མའི་དོན་ཙམ་དུ་ཤེས་པར་བྱའོ་ཞེས་སོ། །བསྒོམ་པའི་གོ་རིམས་ལ་སོགས་པ་མ་བསྟན་པའི་ཕྱིར་ཞེས་བྱ་བ་ནི། གལ་ཏེ་དེ་དག་ཟེར་པ་ལྟར་སྐད་ཅིག་མའི་ཁྱད་པར་ཙམ་དུ་ཟད་ན་དེའི་ཚེ་མཐོང་བའི་ལམ་རིམ་གྱིས་བསྒོམ་པའི་རིམ་པ་ཡེ་མ་བསྟན་པར་འགྱུར་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ་མཉམ་པར་མ་བཞག་པའི་དུས་ན་ཡིད་ལ་བྱ་བའི་རིམ་པ་ཡང་མ་བསྟན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐྱོན་གཞན་ཡང༌། དམིགས་པ་དང་ནི་རྣམ་པ་དང༌། ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་དངོས་སུ་ཡང་ཁྱེད་ཀྱི་དེ་ལུང་དང་འགལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདི་ནི་རྣམ་པར་རིག་པ་བཅུ་དྲུག་དང་ཆེ་འབྲིང་ཡིན་གྱི་སྐད་ཅིག་གི་ཆོས་ནི་མ་ཡིན་ནོ། །གདུལ་བྱ་བརྗེད་པར་བྱ་བ་ཉུང་བ་ཉིད་དང་ཞེས་བྱ་བ་ནི་བསྒོམ་པའི་ལམ་འདི་འབྱེད་པའི་རྒྱུ་གང་ཡིན་ཞེས་རྩོད་པས་མང་དུ་སྨྲ་བ་དགག་པའམ། གདུལ་བྱ་གང་དག་ལམ་འདིའི་བྱེད་རྒྱུ་ལ་གནས་པར་བརྗོད་དུ་རུང་བ་དེ་དག་ནི་ཆེས་ཉུང་སྟེ་རབ་ཏུ་དཀོན་ནོ་ཞེས་བསྟན་པས་ལམ་འདི་རྙེད་དཀའ་བར་བསྟན་པའོ། །ཡང་གདུལ་བྱ་རྣམས་འབྲས་བུ་ལ་གཞོལ་བར་ཤུགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་སྟེ་བསྒོམ་པའི་ལམ་གང་ཡིན་པ་ལ་མོས་ཕ་ཡིད་ལ་བྱེད་པ་ལ་སོགས་པས་དེར་གཞོལ་བ་ཉིད་དུ་ཞུགས་པར་བྱ་བའི་ཕྱིར་ནི་དང་པོར་བྱེད་པ་དྲུག་པོ་འདི་དག་དེར་གཞོལ་ཞིང་འཇུག་པར་བྱའོ་ཞེས་ལམ་དུ་སྐྱེ་བའི་རྒྱུ་བསྟན་པས་དེ་དག་ལ་གདམས་པའོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་


DTG087_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་ནི་རྣམ་པར་རྟོག་པ་དང་བཅས་པ་དང་དེ་དང་བྲལ་བ་གཙོར་གྱུར་བའོ། །འདིར་བསྡུས་པའི་དོན་ནི་མོས་པ་དང་བསྔོ་བ་དང༌། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་དག་ནི་དག་པ་འཇིག་རྟེན་པའི་གནས་སྐབས་རྗེས་ཀྱི་ཡེ་ཤེས་ཀྱིས་སྦྱོར་བ་ཡིན་ལ། མངོན་པར་བསྒྲུབ་པ་ནི་མཉམ་པར་གཞག་པའི་ཡེ་ཤེས་སོ། །དེ་དག་ཀྱང་ཉན་ཐོས་ལ་སོགས་པ་ལ་ཡང་ཅི་རིགས་སུ་ལྡན་པས་ཁྱད་པར་ཅན་དུ་བསྒྲུབ་པ་ནི་རྣམ་པར་དག་པའོ། །གཞན་དག་གིས་ནི་ས་དྲི་མ་མེད་པ་ནས་ཇི་སྲིད་ས་བདུན་པའི་བར་དུ་ནི་བསྒོམ་པའི་ལམ་ཟག་པ་དང་བཅས་པ་རྣམས་ཡིན་ལ། ས་བརྒྱད་པ་ལ་སོགས་པར་ནི་མངོན་པར་བསྒྲུབ་པའི་བསྒོམ་པའི་ལམ་ཡིན་ཏེ། མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་བསྒོམ་པའི་ལམ་ཐམས་ཅད་པ་དཀྱུས་མ་གང་ཡིན་པ་ནི་འཆད་པར་འགྱུར་བ་ལས། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་དང༌། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ནི་རྣམ་པ་དགུར་བཞེད་དོ། །ཞེས་བསྟན་པ་ཡིན་ནོ། །རྣམ་པར་དག་པ་ནི་དངོས་སུ་ན་བསྒོམ་པའི་ལམ་གྱི་འབྲས་བུ་དང་རྒྱུའི་དུས་མངོན་སུམ་པ་དང་རིང་བདག་གི་བྱེ་བྲག་བཤད་པར་ཟད་དོ། །དེ་ལྟར་ནི་བསྒོམ་པའི་ལམ་གྱི་ཡན་ལག་ཏུ་གཏོགས་པ་བསྟན་ཅིང་རྣམ་པ་ལ་སོགས་པ་ནི་གཞན་དུ་བསྟན་ཏོ་ཞེས་ཟེར་རོ། །དེ་དག་ཇི་ལྟར་ཡང་རུང་སྟེ་ས་རེ་རེ་ལ་ཡང་རྣམ་པ་དགུ་དགུར་ནི་བརྗོད་དོ། །མོས་པ་རྣམ་པ་ཉི་ཤུ་རྩ་བདུན་ནོ་ཞེས་བྱ་བ་ལ་འདིར་མོས་པའི་རྒྱུ་ནི་ལུང་རྣམ་པར་དག་པ་དང་རིགས་པ་ནི་ལྟ་བའོ། །འདིའི་ངོ་བོ་ཉིད་ནི་ངེས་པར་བྱས་པའི་དངོས་པོ་ལ་དེ་ཁོ་ན་ལྟར་འཛིན་པའོ། །འདི་ལས་ཐེ་ཚོམ་ཟློག་པ་སྟེ་མོས་པ་དང་ལྡན་པ་ནི་རང་གི་གྲུབ་པའི་མཐའ་ལས་གཞན་གྱིས་འཕྲོག་པར་མི་ནུས་པས་སོ། །རྣམ་པར་དབྱེ་བ་ཇི་ལྟ་བུ་ཞེ་ན། རང་ཉིད་ཀྱི་དོན་དུ་ཡུམ་ལ་མོས་པ་དང༌། གཞན་གྱི་དོན་དུ་དང༌། གཉི་གའི་དོན་དུ་ཡུམ་འདི་ལ་རབ་ཏུ་མོས་པ་སྟེ། དང་པོ་ནི་འདི་ལྟར་འགྲོ་བ་ནི་བདག་བདེ་བ་འདོད་ཅེས་གསུངས་པའི་ཚུལ་གྱིས་ན། རང་གི་ཆེད་དུ་འབད་པ་མེད་པར་འབྱུང་སྟེ། འཁོར་བ་ཐོག་མ་མེད་ནས་རབ་ཏུ་གོ་མས་པས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དང་པོར་སེམས་དེ་བྱུང་བ་ན་རང་དང་གཞན་མཉམ་པའམ།


DTG087_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་གཞན་དུ་བརྗེ་བའི་ཚུལ་གྱིས་གཉེན་པོ་སེམས་ཅན་མགུ་བར་བྱ་བའི་རིམ་པ་དྲན་པ་ལ་སོགས་པས་རང་གི་དོན་དུ་དམིགས་པ་བཟློག་སྟེ། དེ་ཉིད་གཞན་གྱི་ཕྱིར་སྦྱོར་བར་བྱེད་ལ་དེའི་ཡང་ཕྱི་མའི་སེམས་ལ་ནི་དངོས་པོའི་སྟོབས་ཀྱིས་མགུལ་ནས་སྤྲེལ་བ་ལྟར་རང་དང་གཞན་གཉི་གའི་དོན་འགྲུབ་པར་ཤེས་པ་ངེས་པ་ཅན་སྐྱེའི་སྔ་མ་ལྟར་རེ་རེ་ཞིག་ལ་ཞེ་ན་བ་ནི་མེད་པས་སོ། །ཁ་ཅིག་ནི་འདིར་རང་གི་དོན་དུས་རིང་དུ་སོང་བའི་བར་དུའོ། །ས་མི་གཡོ་བ་ནས་བརྩམས་ཏེ་ནི་གཞན་གྱི་དོན་ཏེ་ས་དེ་ལ་རང་གི་དོན་དུ་རབ་ཏུ་ཞི་བ་ལ་གནས་པ་ལས་གཞན་གྱི་དོན་ཁོ་ནར་སླར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསླང་བའི་ཕྱིར་རོ། །ས་བཅུ་པ་ལ་ནི་རང་དང་གཞན་གཉི་གའི་དོན་ཏེ་ས་འདི་ལ་གནས་པ་ནི་རྒྱུ་མཚན་འདི་ལ་གནས་པ་ནི་རྒྱུ་མཚན་འདིས་ན་སངས་རྒྱས་ཞེས་བསྟན་པའི་ཕྱིར་རོ་ཞེས་ཟེར་རོ། །གྲངས་ཉི་ཤུ་རྩ་བདུན་དུ་བརྩི་བའི་ཕྱིར་ནི་དང་པོ་རང་གི་དོན་དུ་མོས་པ་ཆུང་ངུའི་ཆུང་ངུའི་དབང་དུ་བྱས་ཏེ་ནི་རྒྱལ་བའི་ཡུམ་འདི་གླེགས་བམ་ཇི་སྐད་དུ་གསུངས་པ་ལྟར་བྲིས་ཏེ་བཅངས་པ་ཙམ་གྱིས་སངས་རྒྱས་ཀྱི་སྐུ་གདུང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྒྱུ་ལས་བྱུང་བ་རྣམས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་བཅུག་སྟེ་མཆོད་པ་བྱས་པ་བས་ཆེ་ས་བསོད་ནམས་མང་དུ་འཛིན་ཞེས་བྱའོ། །ཆུང་ངུའི་འབྲིང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། བྱུང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་མཐུས་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ། སླར་ལྡོག་པའི་ཕྱིར་འདིའི་མཐུ་ཆེ་བ་ཕུལ་དུ་བྱུང་བ་བསྟན་པ་སྟེ། ཇི་ལྟར་རྒྱལ་པོ་གསེར་མདོག་གི་མདོ་ལས། བསྐལ་བ་བརྒྱར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སླར་ལྡོག་པར་བསྟན་པ་བཞིན་ནོ། །ཆུང་ངུའི་ཆེན་པོ་ནི་གང་མྱ་ངན་ལས་འདས་པ་ཐོབ་པར་འདོད་ན་འདི་ལ་བསླབས་ཏེ། སངས་རྒྱས་རྗེ་བཙུན་བཞུགས་སམ་གྲོངས་ཀྱང་རུང་འདི་ཉིད་སྟོན་པའི་མཛད་པས་ཉེ་བར་གནས་པའི་ཕྱིར་རོ་ཞེས་འདིའི་མཐུ་མོས་པའོ། །འབྲིང་གི་ཆུང་ངུ་ནི་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གྱི་དཔེ་ཉེ་པར་བཟུང་སྟེའོ། །འབྲིང་གི་འབྲིང་ནི་དེ་ལྟ་བུས་འཛམ་བུའི་གླིང་བྱུར་བུར་བཀང་བའི་དཔེས་སོ། །འབྲིང་གི་ཆེན་པོ་ནི་དེ་ལྟ་བུས་གླིང་བཞི་བའི་འཇིག་རྟེན་གྱི་


DTG087_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བཀང་བའི་དཔེས་སོ། །ཆེན་པོའི་ཆུང་ངུ་ནི་དེ་ཉིད་ཀྱིས་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དཔེར་བཟུང་བས་སོ། །ཆེན་པོའི་འབྲིང་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དཔེར་སྦྱར་བས་སོ། །ཆེན་པོའི་ཆེན་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དཔེར་བཟུང་བས་སོ། །རང་དང་གཞན་གྱི་དོན་དུ་མོས་པ་ཆུང་ངུའི་ཆུང་ངུའི་དབང་དུ་བྱས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ལས་སེམས་ཅན་རེ་རེས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་བྱས་ཏེ་མཆོད་བའི་དཔེས་བསྟན་ཏོ། །ཆུང་ངུའི་འབྲིང་ནི་ལྷ་མ་ཡིན་གྱི་གཡོལ་བཟློག་པ་ལ་སོགས་པའི་མཐོང་བའི་ཆོས་ཀྱི་ཡོན་ཏན་མང་པོས་སོ། །ཆུང་ངུའི་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་པའི་འཇུག་པ་གང་ཡང་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པར་བསྟན་པས་སོ། །འབྲིང་གི་ཆུང་ངུ་ནི་རྒྱལ་བ་སྐྱེད་མ་འདི་འཛིན་པ་དང་འཆང་བ་ལ་སོགས་པ་དང་ལྡན་པ་ནི་ཉི་ཚེ་བའི་ཐེག་པ་དང་ཐུན་མོང་མ་ཡིན་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཚད་མེད་པ་བསྐྱེད་པར་བསྟན་པས་སོ། །འབྲིང་གི་འབྲིང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་འཆད་པ་དེ་ལ་ལྷའི་བུ་རྣམས་སྤོབས་པ་ཉེ་བར་སྒྲུབ་པ་ལ་སོགས་པར་བསྟན་པས་སོ། །འབྲིང་གི་ཆེན་པོ་ནི་དེ་ལ་ཕ་མ་དང་འཕགས་པའི་སྐྱེ་བོ་རྣམས་ཀྱིས་ཀྱང་དབེན་ཞིང་ཡིད་དུ་འོང་བར་བྱ་བ་ལ་སོགས་པར་གང་བསྟན་པའོ། །ཆེན་པོའི་ཆུང་ངུ་ནི་སྤོབས་པ་མི་འཕྲོགས་པ་ནས་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་འཕྲོགས་པའི་བར་དུ་གང་གསུངས་པས་སོ། །ཆེན་པོའི་འབྲིང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གང་གནས་པའི་ལྷའི་བུ་རྣམས་གནས་དེར་དོང་ཞིང་གླེགས་བམ་དུ་བྱས་པ་འདི་བཀླགས་པ་དང༌། གཟུང་བ་དང༌། བཟང་བ་དང༌། ཀུན་ཆུབ་པར་བྱ་བའི་ཕྱིར་གནས་པས་དེ་དག་ལ་ཆོས་ཀྱི་སྦྱིན་པ་འདི་གནས་བར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱའོ་ཞེས་པ་ལ་སོགས་པ་གང་གསུངས་པས་སོ། །ཆེན་པོའི་ཆེན་པོ་ནི་དེར་ལྷའི་ཚོགས་ཐམས་ཅད་འོངས་པས་མོས་བ་རྒྱ་ཆེན་པོ་དང་འགྱུར་བ་དང༌། ལུས་ལས་སུ་རུང་བ་ཐོབ་པ་ལ་སོགས་པ་སྟེ་མངོན་པར་ཞེན་པ་རྣམས་བཀག་པ་


DTG087_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པས་སོ། །གཞན་གྱི་དོན་ལ་མོས་པ་ལ་ཡང་ཆུང་ངུའི་དབང་དུ་བྱེས་ཏེ་ནི་གླེགས་བམ་གཟུང་བ་བྱས་པ་དང་མཆོད་པ་ཙམ་གྱིས་མཐུ་བསྟན་པས་སོ། །ཆུང་ངའི་འབྲིང་ནི་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུང་བུར་བཀའ་བའི་དཔེས་བསྟན་པས་སོ། །ཆུང་ངུའི་ཆེན་པོ་ནི་ནམ་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ཐོབ་པའི་བར་དུ་ཉན་ཐོས་ལ་སོགས་པའི་སའི་འཇིགས་པ་མེད་པ་བསྟན་པས་སོ། །དེ་ལྟར་ན་ས་བརྒྱད་པ་འདི་དག་གིས་འཇིགས་པ་དང་བཅས་པར་བསྟན་པ་ཅི་ཞེ་ན། མོས་པ་རྣམ་པ་གསུམ་གྱིས་མཚམས་བརྗོད་པ་ཁོ་ན་ཟད་དོ། །འབྲིང་གི་ཆུང་ངུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བཀང་བའི་དཔེས་བསྟན་ཏོ། །འབྲིང་གི་འབྲིང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་རྣམས་མདོ་སྡེ་ལ་སོགས་པའི་ཆོས་གསུངས་པ་དང༌། ཡང་ཉན་ཐོས་ལ་སོགས་པ་གང་དག་ཆོས་འཆད་པ་དེ་དག་ནི་རྒྱལ་བའི་ཡུམ་འདི་ཡུམ་འདི་ལས་བྱུང་བར་བསྟན་པས་སོ། །འབྲིང་གི་ཆེན་པོ་ནི་ཡུམ་འདི་ལ་བརྟེན་པ་ནི་རྒྱལ་པོའི་སྐྱེས་བུའི་དཔེ་ཉེ་བར་བཟུང་བས་སོ། །ཆེན་པོའི་ཆུང་ངུ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བའི་དཔེས་བསྟན་ཏོ། །ཆེན་པོའི་འབྲིང་ནི་ཕྱོགས་བཅུའི་འཕགས་པ་རྣམས་ཀྱི་རྟོགས་པའི་རྒྱུ་ཉིད་དུ་འདི་བསྟན་པས་སོ། །ཆེན་པོའི་ཆེན་པོ་ནི་ཤིང་རྣམས་ལོ་མ་དང་དབྱིབས་དང་ཁ་དོག་ལ་སོགས་པ་ཐ་དད་ཀྱང་གྲིབ་མ་ལ་བྱེ་བྲག་མེད་པར་བསྟན་པའི་དཔེས་བརྗོད་དོ། །མོས་པ་རྣམ་པ་ཉི་ཤི་རྩ་བདུན་པོ་ཆུང་དུ་ནས་བརྩམས་པའི་རིམ་པ་འདིས་མི་མཐུན་པའི་ཕྱོགས་ནི་དེ་ལས་བཟློག་སྟེ་ཆེན་པོ་ནས་བགྲང་བར་ཤེས་པར་བྱའོ། །ཅི་འདིར་རང་ཁོ་ནའི་ཕྱིར་མོས་པ་ལ་སོགས་པ་བརྗོད་དམ། ཡང་ན་རང་གི་རྒྱལ་བསྐྱེད་མ་ཁོ་ན་ལ་མོས་པ་བརྗོད་ཅེ་ན། ཕྱོགས་གཉི་ག་ལྟར་མི་བསམ་གྱི་རང་ལ་སོགས་པའི་ཕྱིར་ཡུམ་ཁོ་ན་ལ་མོས་ཞེས་བརྗོད་དོ། །རང་གི་དོན་དུ་མོས་བ་ན་ཡང་གཞན་གི་ནི་མེད་པ་ཡང་མ་ཡིན་ལ། ལྷག་མ་གཞན་གྱི་དོན་དུ་མོས་པ་ན་ཡང་རང་གི་དོན་གྱིས་གལ་


DTG087_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དབེན། །ཉི་གའི་ཕྱིར་མོས་པ་ན་ཡང་རེ་རེ་ལ་ཁྱབ་པ་ནི་མི་འདོར་ཏེ། སྤྱི་ནི་བྱེ་བྲག་ལ་ཁྱབ་པའི་ཕྱིར་རོ། །བསྟོད་པ་དང་བཀུར་བ་དང་བསྔགས་པ་ཞེས་བྱ་བ་ལ། འདི་དག་ནི་ངག་སྙན་པ་ངོ་བསྟོད་ཀྱི་རང་བཞིན་ནི་མ་ཡིན་གྱི། ལེགས་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཐུགས་དགྱེས་པས་གནས་པ་ཁོ་ན་བསྟོད་པ་ལ་སོགས་པ་ཡིན་ཏེ། འདི་ཡང་ཚོགས་ཀྱི་ལམ་ཡང་དག་པར་སྦྱོང་བའི་དུས་ན་གནས་སྐབས་ཐམས་ཅད་དུ་ཡང་འབྱུང་བ་ནི། ལས་དང་པོ་པའི་ས་ཉིད་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པ་གྲུབ་པའི་དབང་དུ་བྱས་ཏེ་དེའི་ཚེ་དེ་ལ་དགེ་བའི་ཕྱིར། རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱི་ས་རྟག་པར་ཡང༌། །བུ་སྡུག་འདྲ་བར་དགོངས་པ་ཡིན། །ཞེས་བཤད་དེ། དེ་རྒྱས་པར་ནི་བྱང་ཆུབ་སེམས་དཔའི་སའི་ཚུལ་ཁྲིམས་ཀྱི་ལེའུར་བལྟའོ། །ཚུལ་འདིས་ན་ཐམས་ཅད་དུ་ལྡན་ཡང་བསྒོམ་པའི་ལམ་གྱི་དབང་དུ་བྱས་པ་ནི་འདིར་ཡོན་ཏན་ཡོངས་སུ་བསྟན་པའི་ཕྱིར་ཏེ། ཡམས་ནད་འདི་རྣམས་ཟད་ནས་ནི། །ཞེས་བྱ་བ་ལ་སོགས་པར་བསྟན་པས་སོ། །དེ་ལྟར་བསྟན་པའི་ཚུལ་གྱིས་ན་རིག་བྱེད་ལས། ཡི་གེ་ཨོཾ་ལྡན་ཕྱེད་དང་བཞི། །ཚད་དུ་བྱས་པས་སྙན་པ་བརྗོད། །འདི་ནི་བསྟོད་པ་སྨྲ་བ་དང༌། དགྲ་ཡི་ཚངས་པའང་འདི་ཉིད་དེ། །བཀུར་བའང་དེ་ལྟར་བརྗོད་པར་བྱ། །ཡི་གེ་དང་ལྡན་ཚད་སྔོན་བཞིན། །སྙན་སྨྲ་སྙན་ཚིག་རིག་བྱེད་དེ། །དེ་ནི་བསྔགས་པར་འདོད་པའོ། །ཞེས་བྱ་བ་སྨྲས་པ་བསལ་ཏེ་དགུ་ཚན་གསུམ་ཞེས་བྱ་བ་ནི་བསྟོད་པའི་དགུ་ཚན་དང། བཀུར་བའི་དགུ་ཚན་དང༌། བསྔགས་པའི་དགུ་ཚན་ཏེ། དེ་དག་ཀྱང་རང་གི་དོན་དུ་མོས་པ་ལ་ནི་བསྟོད་པའོ། །རང་དང་གཞན་གྱི་དོན་དུ་མོས་པ་ལ་ནི་བཀུར་བའོ། །གཞན་གྱི་དོན་དུ་མོས་པ་ནི་བསྔགས་པའོ་ཞེས་སྦྱར་རོ། །དེ་ལ་དགུ་ཚན་དང་བོའི་དང་པོ་ནི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བཀང་བའི་དཔེས་བསྟན་ཏོ། །གཉིས་ནི་ཡུན་འདི་གཞན་གྱི་ཐད་དུ་སོང་སྟེ་བསྟན་པའི་ཆེ་བ་བརྗོད་པས་སོ། །གསུམ་པ་ནི་སེམས་ཅན་གཅིག་འབྲས་བུ་དང་པོ་ལ་བཞག་པ་དང༌། འཛམ་བུའི་གླིང་གི་སེམས་ཅན་དེ་དག་


DTG087_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གི་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའི་དཔེས་བསྟན་ཏོ། །བཞི་པ་ནི་སེམས་ཅན་གཅིག་ཅིག་འབྲས་བུ་གཉིས་པ་ལ་བཀོད་པ་བསྟན་པས་སོ། །ལྔ་པ་ནི་འབྲས་བུ་གསུམ་པ་ལ་བཀོད་པས་སོ། །དྲུག་པ་ནི་འབྲས་བུ་བཞི་པ་ལ་བཀོད་པས་སོ། །བདུན་པ་ནི་རང་བྱང་ཆུབ་ལ་བཀོད་པས་སོ། །བརྒྱད་པ་ནི་འཛམ་བུའི་གླིང་གི་སེམས་ཅན་མ་ལུས་པ་འབྲས་བུ་དང་པོ་ལ་བཀོད་པ་བས། སེམས་ཅན་གཅིག་ཅིག་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་པ་མཆོག་ཏུ་བསྟན་པས་སོ། །དགུ་པ་ནི་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་འབྲས་བུ་གཉིས་པ་ལ་བཀོད་པས་ཞེས་བསྟན་པས་སོ། །བཀུར་བའི་དགུ་ཚན་གྱི་དང་པོ་ནི་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་འབྲས་བུ་གསུམ་པ་ལ་བཀོད་པའི་དཔེས་སོ། །གཉིས་པ་ནི་འབྲས་བུ་བཞི་པ་ལ་བཀོད་པས་སོ། །གསུམ་པ་ནི་རང་བྱང་ཆུབ་ལ་བཀོད་པས་སོ། །བཞི་པ་ནི་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས་གླེགས་བམ་དུ་གྱུར་པ་ཞིག་གཞན་ལ་བྱིན་ནམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན་བསོད་ནམས་ཆེ་བར་བསྟན་ཏོ། །ལྔ་པ་ནི་གཉིས་སུ་མེད་པའི་དོན་ཇི་ལྟ་བར་བསྟན་པའི་ཆེ་བ་བསྟན་པས་སོ། །དྲུག་པ་ནི་ཡུམ་འདི་ནི་དོན་དང་ལྡན་ཡི་གེ་དང་ལྡན་པར་བསྟན་པ་ལ་ཡོངས་སུ་རྫོགས་པར་བྱེད་པ་ནི་བསོད་ནམས་མང་པོ་དང་ལྡན་པར་བསྟན་པས་སོ། །བདུན་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་ལ་ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་པ་བས་རྒྱལ་བའི་ཡུམ་འདི་ཡི་གེ་དང་དོན་མ་ནོར་བར་གཞན་ལ་བསྟན་པ་བསོད་ནམས་ཆེས་མང་བར་བསྟན་པས་སོ། །བརྒྱད་པ་ནི་བྱང་ཆུབ་སེམས་དཔའ་ལྟར་སྣང་བས་བསྐལ་པ་ཚད་མེད་གྲངས་མེད་པར་སྦྱིན་པ་ལ་སོགས་པ་ལ་སྤྱད་པ་བས་རྒྱལ་བ་སྐྱེད་མ་ཕྱིན་ཅི་མ་ལོག་པར་གཞན་ལ་བསྟན་པ་ཆེས་བསོད་ནམས་མང་དུ་འཕེལ་བར་བསྟན་པས་སོ། །དགུ་པ་ནི་འཛམ་བུའི་གླིང་ལ་སོགས་པ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས། སེམས་ཅན་གཅིག་ཅིག་ཕྱིར་མི་ལྡོག་པ་


DTG087_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ལ་བཞག་ན་འདི་ཉིད་བསོད་ནམས་ཆེས་མང་དུ་འཕེལ་བར་གསུངས་པས་སོ། །བསྔགས་པའི་དགུ་ཚན་ལས་དང་པོ་ནི་ཕྱིར་འོང་བའི་དཔེས་སོ། །གཉིས་པ་ནི་ཕྱིར་མི་འོང་བའི་དཔེས་སོ། །གསུམ་པ་ནི་དགྲ་བཅོམ་པའི་དཔེས་སོ། །བཞི་པ་ནི་རང་བྱང་ཆུབ་ཀྱི་དཔེས་སོ། །ལྔ་པ་ནི་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྐུལ་བ་བས། སེམས་ཅན་ཅིག་ཅིག་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་བསོད་ནམས་ཆེས་མང་བའི་དཔེས་སོ། །དྲུག་པ་ནི་གླིང་བཞི་པའི་སེམས་ཅན་དཔེ་དེ་ལྟར་ཉེ་བར་བཟུང་བས་སོ། །བདུན་པ་ནི་སྟོང་སྤྱི་ཕུད་ཀྱི་སེམས་ཅན་དཔེ་དེ་ལྟར་ཉེ་བར་བརྗོད་པས་སོ། །བརྒྱད་པ་ནི་སྟོང་གཉིས་པ་བར་མ་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དཔེ་སྔ་མ་དང་སྦྱར་བས་སོ། །དགུ་པ་ནི་འཛམ་བུའི་གླིང་ནས་བརྩམས་ཏེ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་འདི་དག་མ་ལུས་པ་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་བས་ནི་ཕྱིར་མི་ལྡོག་པ་གང་ཞིག་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་བར་བྱ་བའི་ཕྱིར་རྒྱལ་བའི་ཡུམ་འདི་སྟོན་པར་བྱེད་ན་ཆེས་དེ་ཉིད་བསོད་ནམས་མང་བར་བསྟན་པས་སོ། །བསྔོ་བ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་དགེ་བ་འདི་དག་འདི་ལྟ་བུར་གྱུར་ཅིག་ཅེས་ཡུལ་རྣམ་པ་བཅུ་གཉིས་སུ་སྦྱར་བ་དང༌། ཚོགས་རྣམ་པ་བཅུ་གཉིས་པོ་འདི་དག་གིས་བདག་ཆོས་ཀྱི་རྒྱལ་པོར་གྱུར་ཅིག་ཅེས་བསྔོ་བར་བྱ་བ་བཅུ་གཉིས་སུ་ཡང་སྦྱར་རོ། །ལྷག་མ་རྣམས་ནི་གོ་སླའོ། །སྐབས་གཉིས་པའི་འགྲེལ་བཤད་རྫོགས་སོ།། །།

སྐབས་གསུམ་པའི་འགྲེལ་བཤད།


DTG087_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐབས་གཉིས་པ་རྣམ་པར་བཤད་པར་བྱས་ན། ད་ནི་ཡང་སྐབས་གསུམ་པ་དགྲོལ་བའི་ཕྱིར། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་རྣམས་པ་ཐམས་ཅད་ཤེས་པ་ཉིད་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་གཞི་ཐམས་ཅད་ཡོངས་སུ་ཤེས་པ་ནི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ཞེས་བྱ་བ་ནི་གཉེན་པོ་མི་མཐུན་


DTG087_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་ལ་ལྟོས་ཏེ། འཇོག་པ་ཉིད་དུ་བྱེད་ན། གང་གི་ཚེ་མི་མཐུན་པའི་ཕྱོགས་ཁོང་དུ་ཆུད་པ་མེད་ན་འདི་གང་གི་གཉེན་པོར་གྱུར་པ་ག་ལ་ཞིག་ཤེས་པར་འགྱུར་ཞེས་དགོངས་པ་སྟེ། དེ་བས་ན་སློབ་དཔོན་དཔལ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱང༌། འདི་མན་ཆད་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་མཚན་ཉིད་དེ། བྱང་ཆུབ་གཞན་ཤེས་པར་བྱས་ནས་སྤང་བར་བྱ་དགོས་པའི་ཕྱིར་རོ་ཞེས་བསྟན་ཏོ། །དེ་ལྟར་བྱས་ན་ལྔ་པ་འདི་ཡང་རྒྱུ་མཚན་ཉིད་དུ་བསྟན་ཏོ། །ལུགས་ལས་ཞེས་པ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་པ་ལས་ཏེ། དེ་ནི་ཐམས་ཅད་ཀྱི་འདོད་པར་བྱ་བ་བའི་ཕྱིར་ལུགས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །ཞེས་པ་ནི་ཀུན་རྫོབ་པ་རྣམས་སོ། །དེ་ཉིད་ཤེས་པ་ནི་དེའི་རང་བཞིན་ནོ། །ཁྱོད་ནི་ཞེས་པ་ནི་རྗེ་བཙུན་སངས་རྒྱས་སོ། །སྟོང་པར་བཞེད་ཅེས་བྱ་བ་ལ། འདི་གང་གིས་སྟོང་ཞེ་ན། ཀུན་རྫོབ་འདི་དག་ཀུན་རྫོབ་ཀྱིས་སྟོང་པ་སྟེ་དེ་ལྟར་ཀུན་རྫོབ་པའི་རང་བཞིན་ནི་རྟག་ཏུ་ཀུན་རྫོབ་ཀྱིས་སྟོང་པ་ཡིན་པས་ཅིར་ཡང་བརྗོད་དུ་མེད་པ་ཡིན་པའི་ཕྱོགས་འདི་ལས་ནི་འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས། སྤངས་པ་མེད་པའི་རང་བཞིན་སྟོང་པ་ཉིད་དུ་བསྟན་པ་ཡང་ལེགས་པར་དྲངས་པར་འགྱུར་རོ། །དེ་ལྟར་ན་ཐེག་པ་ཆེན་པོ་འདིར་སྟོང་པ་ཉིད་ནི་གསུམ་སྟེ། ཀུན་བརྟགས་པས་སྟོང་པ་ཉིད་དང༌། གཞན་གྱི་དབང་གིས་སྟོང་པ་ཉིད་དང༌། ཐམས་ཅད་ཀྱིས་སྟོང་པ་ཉིད་ཅེས་བྱའོ། །ཇི་ལྟར་ཞེས་ན། བདག་ལ་སོགས་པའི་རྣམ་པར་རྟོག་པ་དག་རྣམ་པར་རྟོག་པ་ངན་པ་སྙིང་པོར་གྱུར་པ་ཁོ་ན་ཡིན་གྱི་དེ་དག་ནི་ནམ་ཡང་མི་དམིགས་པའི་ཕྱིར་རོ། །དེ་ལྟར་ངན་པར་རྟོག་པ་དེས་སྟོང་པ་ཉིད་འདི་ནི་འཕགས་པ་ཉན་ཐོས་ལ་སོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་འཕགས་པར་བྱེད་པ་རྣམས་སོ། །འདི་ནི་མ་དག་པར་གྱུར་པའི་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་པ་ནི་གཞན་གྱི་དབང་ཞེས་རྣལ་འབྱོར་སྤྱོད་པ་ལ་ལ་སོགས་པས་བསྟན་ཏེ། དེས་གང་ཞིག་སྟོང་པ་ནི་དངོས་པོ་ཀུན་རྫོབ་པ་རྣམས་ཏེ། མ་བརྟགས་གཅིག་པུ་ཉམས་དགའ་ཞིང༌། །སྐྱེ་དང་འཇིག་པའི་ཆོས་ཅན་ཡང༌། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། །ཞེས་བསྟན་པ་རྣམས་སོ། །དེ་ལྟར་ན་ཀྱེ་རྒྱལ་བའི་


DTG087_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པ་འདི་ཇི་ལྟར་དྲང་ཞེ་ན། འདི་ནི་རིགས་པར་འགྱུར་ཏེ་ཚུ་རོལ་མཐོང་བ་རྣམས་ཀྱིས་ནི་ཀུན་རྫོབ་པ་ག་ལ་ཞིག་ཤེས་ཏེ། ཀུན་རྫོབ་ཙམ་གྱིས་ང་དང་ང་ཡིར་འཛིན་པ་ཉི་ཚེས་སྤྱོད་ལ། དེ་ཡང་སེམས་ཙམ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་བས་ན་དེར་ནི་གཞན་གྱི་དབང་གིས་རྗེས་སུ་འབྲང་བས་དེ་སྐད་གསུངས་སོ། །དེ་ལྟར་ན་འཇིག་རྟེན་གྱི་ཁམས་ཆགས་པའི་རྒྱུ་བཅུ་བརྗོད་པའི་ཚེ་ཁ་ཅིག་ནི་ཀུན་རྫོབ་ཏུ་བསྟན་ཏོ། །དེ་ཉི་སྟེར་མ་ཟད་པ་ནི་ཀུན་རྫོབ་པར་བསྟན་ཏོ། །དེ་ལྟར་ན་གཞན་གྱི་དབང་གིས་སྟོང་པ་ཉིད་འདི་ནི་རང་གི་མཚན་ཉིད་དེ། བྱང་ཆུབ་ཀྱི་སེམས་དང་པོ་རྟོགས་པ་ནས་བརྩམས་ཏེ་སྣང་བ་དང་བཅས་པའི་ཡེ་ཤེས་ཀྱི་འཛིན་པར་བྱེད་དོ། །སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་དེ་ལ་སྣང་བ་དང་བཅས་པའི་ཡེ་ཤེས་མངོན་པར་བརྗོད་པ་ལ་རྟོག་པ་ངན་པའི་གནས་མེད་དོ། ཞེས་བསྟན་པ་ཡང་རྒྱུ་མཚན་འདི་ཉིད་དུ་ཟད་དེ། གཞན་དུ་ན་ཕྱི་རོལ་གྱི་དོན་སྟོན་པ་ལྟར་སྣང་ན་ཇི་ལྟར་གཟུང་བ་དང་འཛིན་པའི་ཉེས་པར་མི་འགྱུར། ནང་གི་ཤེས་པའི་བདག་ཉིད་ནི་ཕྱིར་རོལ་ལྟར་སྣང་ཞེས་བྱ་བ་ལ་སོགས་པའི་ཕྱོགས་ལ་ཡང་བདག་ཉིད་ལ་བདག་ཉིད་བྱེད་པ་ལ་སོགས་པའི་ཉེས་པར་འགྱུར་ལ་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་ལ་ཡང་སྣང་བའི་ཚོགས་རྣམས་བདག་ཉིད་ཀྱི་ཡེ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་དོན་མེད་པར་རྟོགས་པར་ཇི་ལྟར་མི་འགྱུར། དེ་བས་ན་སློབ་དཔོན་སྐལ་ལྡན་ལ་སོགས་པས་ཀུན་རྫོབ་པ་གཙོར་བརྗོད་པ་ཡིན་ལ། གཞན་དག་གིས་ནི་ཀུན་རྫོབ་ཏུ་བརྗོད་པས་ཕྱོགས་རེ་རེར་འཛིན་པ་བཀག་པ་ཁོ་ནར་ཟད་པས་སྟོང་པ་ཉིད་གཉིས་པོ་དབུ་མ་ཆེན་པོ་ལས་བསྟན་པ་ནི་རེ་རེར་ཡུང་འགོག་པར་ག་ལ་མཛད་ཅེས་བྱ་བར་གནས་སོ། །སྟོང་པ་ཉིད་གསུམ་པ་ནི་གནས་སྐབས་གཞན་དུ་བསྟན་ཏོ། །ཐམས་ཅད་ལ་ཡོད་པ་མ་ཡིན་ནམ་ཞེས་བྱ་བ་ལ་འདིས་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་ཡིད་ལ་བྱས་ཏེ། འཇུག་པ་རྣམས་ཀྱི་བསམ་པ་པོར་ནས་དྲིས་པར་ཟད་ཅེས་ཤེས་པར་བྱའོ། །ལྷག་མ་རྣམས་ཀྱི་དོན་ནི་གོ་བར་སླ་བས་བདག་གིས་རྣམ་པར་མ་ཕྱེའོ། །སྐབས་གསུམ་པའི་འགྲེལ་བཤད་རྫོགས་སོ།། །།

སྐབས་བཞི་པའི་འགྲེལ་བཤད།


DTG087_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐབས་གསུམ་པ་རྣ་པར་ཕྱེ་ནས། ད་ནི་སྐབས་བཞི་པའི་ཚིག་ལེའུར་བྱས་པའི་དོན་དགྲོལ་བར་བྱ་བའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་སྐབས་བརྒྱད་ཅར་བསྡུས་པའི་སྐབས་གསུམ་པོ་འདི་དག་ཐོས་པ་དང་བསམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་བསྡུས་པ་དང་རྒྱས་པར་ཡོངས་སུ་ཤེས་པར་བྱེད་པས་སོ། །ནི་ཞེས་བྱ་བ་ནི་ངེས་པར་ཞེས་བྱ་བའི་དོན་ཏོ། །དབང་དུ་བྱ་བའི་ཕྱིར་ཞེས་བྱ་བ་ནི་བསྒོམས་པས་རང་གི་རྒྱུད་ལ་བསྐྱེད་པས་རང་དབང་ཐོབ་པའི་ཕྱིར་ཏེ། ཐོས་པ་དང་བསམ་པའི་ཤེས་རབ་དག་ནི་མི་བརྟན་པས་ན་ཡོན་ཏན་རང་དབང་མ་ཡིན་ལ། བསྒོམ་པ་ལས་ནི་རང་དབང་དུ་འགྱུར་བས་སོ། །དེ་ལྟར་ཤེས་རབ་གསུམ་ཅར་འབྲེལ་པར་བྱ་བར་རིགས་སོ་ཞེས་ཐུགས་ལ་བཞག་ནས་ནི་འཕགས་པ་མི་ཕམ་པའི་ཞལ་སྔ་ནས། གལ་ཏེ་ཐོས་པ་ཙམ་གྱིས་དོན། །མཐོང་འགྱུར་བསྒོམ་པ་དོན་མེད་འགྱུར། །གལ་ཏེ་བསྒོམས་པས་དོན་མཐོང་འགྱུར། །དེ་ཚེ་ཐོས་པ་དོན་མེད་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། ཡང་གཞན་ལས་ཀྱང༌། ཐོག་མ་ཉན་འདོད་བླ་མ་བསྙེན་བཀུར་བ་འོད་དང་དེས་བྱས་ཤིང༌། །རང་བཞིན་མེད་པའི་ཆོས་ལ་རབ་རྟོག་བསམ་གཏན་བསྙེན་བྱེད་བྱེད་པ། །བདེ་གཤེགས་ཉིད་ནི་རྟོགས་འགྱུར་འགྲོ་བ་རྣམས་བསྒོམ་སེམས་ཚིམ་བྱེད། །ཆོས་ཉིད་འདི་འདྲའི་སྤྱོད་པས་མྱུར་དུ་བདེ་གཤེགས་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་བསྒོམས་པས་འདྲིས་པར་བྱ་དགོས་པའི་ཕྱིར་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས་དེ་བསྟན་ཞེས་སྦྱར་རོ། །དེ་ལྟར་ན་འདི་བསྟན་པས་ཅི་ཞིག་བྱ། སྔར་ཇི་ལྟར་ཐོས་པ་ལ་སོགས་པ་བྱས་པའི་སྐབས་གསུམ་ཉིད་གོམས་པར་བྱས་པས་ཅི་ཞིག་མི་ནུས་ཤེ་ན། དེའི་ཕྱིར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་དང། གཞི་ཞེས་པ་བསྡུས་པའི་སྒོ་ནས་སྒོམ་པར་བྱེད་ཅེས་སྦྱར་ཏེ། འདི་སྐད་དུ་བསྟན་པར་འགྱུར་ཏེ། ཐོས་པའི་ཤེས་རབ་ནི་མིང་འབའ་ཞིག་ལ་དམིགས་པས་རབ་ཏུ་སྤྲོས་པའི་བདག་ཉིད་ཅན་རྒྱུད་འཁྲུག་པར་བྱེད་པའོ། །བསམ་པའི་ཤེས་རབ་ནི་མིང་དོན་དང་འབྲེལ་ཅིང་རྣམ་པར་རྟོག་པ་


DTG087_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་བསྡུས་པའོ། །བསྒོམ་པའི་ཤེས་རབ་ནི་དོན་འབའ་ཞིག་ལ་དམིགས་པས་ཤིན་ཏུ་ཞི་ཞིང་སྤྲོས་པ་བསྡུས་པའི་ངོ་བོ་ཉིད་ཡིན་པས་ན་སྐབས་སང་མ་དག་གཅིག་ཏུ་བསྡུས་པ་སྐབས་འདི་ཡིན་པའི་ཚུལ་གྱིས་རིམ་པ་གཞན་དུ་བསྟན་པ་ཡིན་ལ། རྩེ་མོའི་མངོན་པར་རྟོགས་པ་ལ་སོགས་པ་གསུམ་ཡང་བསྒོམ་པ་གོང་ནས་གོང་དུ་ཁྱད་པར་ཞུགས་པའི་དབང་གིས་རིམ་གྱིས་བསྡུས་ཏེ་བསྟན་པར་ཁོང་དུ་ཆུད་པར་བྱའོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བ་ལ་རྣམ་པ་ནི་བྱེ་བྲག་སྟེ། སངས་རྒྱས་ཀྱི་ས་ལ་སོགས་པ་ལ་ཆོས་ཀྱི་བྱེ་བྲག་ཇི་སྙེད་ཅིག་ཡོད་པར་སྟོན་པའོ། །ཀུན་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་ཅར་གྱིའོ། །གཞན་དག་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རེ་རེ་ཡང་རྣམ་པ་ཀུན་ཞེས་ཟེར་བ་ནི་མི་འཐད་དེ་དེ་ནི་དངོས་སུ་མ་བསྟན་པས་སོ། །མངོན་པར་ཞེན་པ་ནི་མངོན་དུ་ཕྱོགས་ཏེའོ། །སམ་ནི་རྫོགས་པར་རམ། ཡང་ན་ཡང་དག་པར་རོ། །རྟོགས་པས་ནི་བསྒོམས་པས་ཁོང་དུ་ཆུད་པའོ། །ད་ནི་རྣམ་པ་ཞེས་བྱ་བ་ནི་དུ་ཞིག་ཡོད། རྣམ་པའི་རང་བཞིན་ཅི་ཞིག་ཡིན། རྣམ་པ་དེ་དག་གང་གིས་གཞག །ཅེས་རྟོག་པ་ལ། གཞི་དང་ཡེ་ཤེས་རྣམ་པ་ནི་ཞེས་བྱ་བ་ལ་སོགས་པ་བསྟན་པ་དགྲོལ་བའི་ཕྱིར། རྟག་པ་ལ་སོགས་པར་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པ་སྨོས་པ་ནི་བདེ་བ་དང༌། གཙང་བ་དང༌། བདག་ལ་སོགས་པ་བསྡུའོ། །དེ་ལྟར་འཛིན་པ་ཉིད་མི་མཐུན་པའི་ཕྱོགས་ཏེ་བྱིས་པ་རྣམས་སྲེད་པར་འཁྱམས་པའི་རྒྱུའི་གཙོ་བོ་ཡང་འདི་ཉིད་ཡིན་པས་ན་འདི་ནི་འཁོར་བའི་གཞིའམ་རྒྱུའོ། །ད་ནི་གཞི་དེ་ཇི་ལྟར་གཟུང་བ་ལྟར་མེད་པར་ཤེས་པའི་སྒོ་ནས་གཞི་ཤེས་པར་བསྟན་པ་ནི། །གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་མི་རྟག་པ་ལ་སོགས་པར་དམིགས་པ་དང་ཞེས་སྨོས་ཏེ། དེའི་དབང་དུ་བྱས་པའི་རྣམ་པ་ཞེས་བྱ་བ་དང་སྦྱར་རོ། །ཡེ་ཤེས་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་དང་འབྲས་བུ་མ་ལུས་པ་ནི་ཡེ་ཤེས་རྟོགས་པའི་གནས་སྐབས་ལ་བརྗོད་པ་ཙམ་དུ་ཟད་པས་ན་ཡེ་ཤེས་ཞེས་བྱ་སྟེ། དེའི་རྣམ་པ་ཞེས་བྱ་བ་དང་ཞེས་ཀྱང་སྦྱར་རོ། །རྣམ་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་ཡོན་ཏན་སྨོས་


DTG087_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནས་འདིར་ཡང་རྣམ་པ་ཞེས་སྨོས་ཏེ། རྣམ་པ་ཞེས་བྱ་བ་ནི་དྲུག་པ་མང་པོའི་ཚིག་ཅན་ཉིད་དོ། །དེ་ལྟར་རྣམ་པ་ནི་གསུམ་ཞེས་བསྟན་ནས། ད་ནི་རྣམ་བའི་རང་བཞིན་ཅི་ཞིག་ལ་བྱ་བ་དེ་སྟོན་པས། རྣམ་པ་ཉིད་དུ་གཞག་པ་ནི་མཚན་ཉིད་དེ་ཞེས་སྨོས་ཏེ། དང་པོར་རེ་ཞིག་སྔར་བསྟན་པ་ལྟར་རྣམ་པ་ཞེས་བྱ་བ་ནི་བྱེ་བྲག་དུ་མ་ལ་བྱའོ་ཞེས་བསྟན་ཅིང༌། དེའི་འོག་ཏུ་བྱེ་བྲག་དེ་དག་ཐ་དད་པར་རྟོགས་པ་སྲིད་པས་དེ་དགག་པར་ནི། ཆོས་ཅན་མཚན་གཞི་གཅིག་གཅིག་གི་མཚན་ཉིད་དོ་ཞེས་ཐ་དད་པ་སྤོང་བར་བྱེད་པའོ། །དེ་ལ་ཐམས་ཅད་ཤེས་པའི་རྣམ་པ་ཉི་ཤུ་རྩ་བདུན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་གང་ཟག་ལ་བདག་མེད་པར་རྟོགས་པའི་ཡེ་ཤེས་མཚན་གཞི་དེའི་མཚན་ཉིད་དོ། །ལམ་ཤེས་པའི་རྣམ་པ་སུམ་ཅུ་རྩ་དྲུག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་མེད་པ་རྣམ་པ་གཉི་ག་རྟོགས་པའི་ཡེ་ཤེས་ཆེན་པོའི་མཚན་གཞིར་གྱུར་པ་དེའི་མཚན་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་འི་རྣམ་པ་བརྒྱ་རྩ་བཅུ་པོ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ལ་སྐད་ཅིག་གིས་མཁྱེན་པའི་མཚན་གཞི་དེ་ལ་བརྟེན་པའི་མཚན་ཉིད་དོ། །སངས་རྒྱས་ཀྱི་རྒྱུད་ལ་ནི་འཕགས་པའི་སྐྱེ་བོ་མ་ལུས་པའི་ཡོན་ཏན་ལྷུན་གྱིས་གྲུབ་ཅིང་འཇུག་པ་ཞི་བས་བརྟེན་པའི་ཕྱིར་རོ། །གཞན་དག་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་ལས་ཐམས་ཅད་ཤེས་པ་དང་ལམ་ཤེས་པས་བསྡུས་པའི་རྣམ་པ་སུམ་ཅུ་རྩ་བདུན་དང༌། རྣམ་པ་སུམ་ཅུ་རྩ་བཞི་པོ་རྣམས་ནི་ཐེག་པ་ཐམས་ཅད་ནི་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུའི་རྣམ་པར་གཞག་གི་དངོས་སུན་ཐམས་ཅད་ཤེས་པ་དང་ལམ་ཤེས་པའི་རྣམ་པར་གོང་དུ་དྲངས་ཏེ་བརྩིའོ་ཞེས་ཟེར་ཏེ། འདིར་ནི་སྤྱིར་མཚན་གཞི་དང་མཚན་ཉིད་སྦྱར་བའོ། །ཐམས་ཅད་ཤེས་པའི་སྐབས་སུ་ཉན་ཐོས་རྣམས་ཀྱི་རྣམ་པ་བཅུ་དྲུག་སྨོས་པ་ནི་དེ་དག་གི་མཐོང་བ་དང་བསྒོམ་པའི་ལམ་གྱི་མཚན་ཉིད་དོ། །རང་སངས་རྒྱས་རྣམས་ཀྱི་རྣམ་པ་བཅོ་ལྔ་སྨོས་པ་ནི་དེ་དག་གི་བསྒོམ་པའི་ལམ་གྱི་མཚན་


DTG087_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །ལམ་ཤེས་པའི་རྣམ་པ་སུམ་ཅུ་རྩ་དྲུག་སྨོས་པ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་མཚན་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་བརྒྱ་རྩ་བཅུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་གཅིག་པུ་དེའི་མཚན་ཉིད་དོ། །ཡང་སྐབས་དེར་བསྟན་པའི་ཐམས་ཅད་ཤེས་པའི་རྣམ་པ་སུམ་ཅུ་རྩ་བདུན་ནི་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་དང་མཐོང་བའི་ལམ་གྱི་མཚན་གཞི་རྣམས་ཀྱི་མཚན་ཉིད་དོ། །ལམ་ཤེས་པའི་རྣམ་པ་སུམ་ཅུ་རྩ་བཞི་ནི་རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མཐོང་བའི་ལམ་དང་བསྒོམ་པའི་ལམ་གྱི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔའ་དག་ནི་བདེན་པ་མཐོང་ནས་བསམ་གཏན་ལ་སོགས་པའི་ཡན་ལག་ཟད་ནས་དེ་དག་ལ་སྙོམས་པར་འཇུག་པའི་རིགས་པས་སོ། །སྤོང་བའི་ལམ་གྱི་རྣམ་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །སངས་རྒྱས་ཉིད་ཀྱི་ལམ་ནི་འབྲས་བུའི་མཚན་ཉིད་དོ། །ལྷག་མ་རྣམས་ནི་སྔོན་བཞིན་ཏེ། འདི་ནི་མཚན་ཉིད་དང་མཚན་གཞིའི་སྒོ་ནས་རྣམ་པའི་རང་བཞིན་ནི་མཚན་ཉིད་དུ་བསྟན་པའོ། །གལ་ཏེ་རྣམ་པའི་རང་བཞིན་མཚན་ཉིད་ཡིན་ན་འདི་དག་བསྟན་པའི་དགོས་པ་ནི་ཅི་ཞིག་ཡིན། འོག་ནས་མཚན་ཉིད་དགུ་བཅུ་རྩ་གཅིག་ཏུ་སྟོན་པའི་མཚན་ཉིད་རྣམས་དང་འདི་ལ་ཁྱད་པར་ཅི་ཡོད་ཅེ་ན། འདི་བསྟན་པའི་དགོས་པ་ནི་དང་པོར་རེ་ཞིག་བྱང་ཆུབ་སེམས་དཔའ་ཐོས་པ་དང་བསམ་པའི་ཤེས་རབ་དག་ལ་གོམས་པ་ཕུལ་དུ་ཕྱིན་པས་རྒྱལ་བའི་ཡུམ་བསྒོམ་པ་ལ་སོགས་པ་ལ་ཡོན་ཏན་བཅུ་བཞི་ཡོད་པར་ཤེས་པར་བྱས་པས་ཡིད་སྤྲོ་བར་བྱས་ལ། ཇི་སྐད་དུ་བསྟན་པའི་ཡོན་ཏན་ཐོབ་པར་འདོད་པས་སྐྱོན་ཇི་སྐད་གསུངས་པ་རྣམས་ཇི་ལྟར་རིགས་པར་སྤངས་ཏེ། དེ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཚན་ཉིད་རྣམས་ཤེས་པར་བྱས་པས་དེ་དག་ལས་སྤང་བ་དང་བླང་བ་དང་ཐོབ་བར་འགྱུར་བར་ཡིད་ལ་བྱས་ལ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་དེ་སྦྱོར་བ་རྣམ་པ་ཉི་ཤུལ་བསྟན་པ་དང་བཅས་པའི་དྲོད་ལ་སོགས་པ་རྒྱུད་ལ་བསྐྱེད་ལ། དེ་ནས་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་བསྒོམ་པར་བྱའོ་ཞེས་བྱ་བའི་རིམ་པ་འདིས་ནི་རྣམ་པ་བསྟན་པས་ནི་མཐོང་བ་


DTG087_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྒོམ་པའི་ལམ་དག་ཇི་ལྟར་བསྒོམ་པ་གཙོར་བསྟན་ཏེ་འདི་ནི་དགོས་པའོ། །དེ་ཉིད་ཀྱིས་ན་རྣམ་པ་ནི་བསྒོམ་པའི་རིམ་པ་ཡིན་ལ། འོག་ནས་འཆད་པའི་མཚན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཚན་ཉིད་ཇི་ལྟ་བུ་ཡིན་པ་ཙམ་ཞིག་སྟོན་གྱི་བསྒོམ་པའི་རིམ་པ་ནི་གཙོར་མ་གྱུར་པས་ཁྱད་པར་ནི་ཡོད་ལ། ཡང་བདག་གིས་གོ་སླ་བར་བྱ་བའི་ཕྱིར་འདིར་རྣམ་པ་རྣམས་མཚན་ཉིད་དང་མཚན་གཞིར་ཕྱེ་སྟེ་བསྟན་ཀྱང༌། དང་པོར་རིམ་པ་ནི་འདིར་རྣམ་པ་ཇི་སྙེད་ཡོད་པ་བསྟན་ལ། འོག་ནས་ནི་མཚན་གཞི་དང་མཚན་ཉིད་དུ་སྟོན་པས་ན་བསྟན་པའི་ལུགས་ཐ་དད་པའི་ཁྱད་པར་ཡོད་ཅེས་ཀྱང་ཤེས་པར་བྱའོ། །དེ་ལྟར་རང་བཞིན་བསྟན་ནས་ད་ནི་རྣམ་པ་དེ་དག་གང་གིས་བཞག་སྙམ་པ་ལ། ཇི་ལྟར་ཕྱེ་བ་དེས་གཞག་གི་འདི་ལ་རྒྱུ་མཚན་གཞན་ནི་མེད་ཅེས་བསྟན་པའི་ཕྱིར། དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་ཞེས་བྱ་བ་སྨོས་ཏེ། གསུམ་པ་འདི་ནི་རྒྱུ་མཚན་སྟོན་པར་བྱའོ། །དེའི་ཕྱིར་རྒྱུ་མཚན་དེས་ན་རྣམ་པ་གསུམ་ཁོ་ནར་བཞེད་དོ་ཞེས་བྱ་བ་སྨོས་ཏེ། འདིས་ནི་གྲངས་ངེས་པའི་རྒྱུ་མཚན་ཡང་བསྟན་པར་དགོངས་པའོ། །མེད་པ་ནི་རྟག་པའི་རང་བཞིན་མེད་པས་སོ། །མི་སྐྱེ་བ་ནི་སྐད་ཅིག་གཅིག་ལས་ལྷག་པར་སྐྱེ་བ་མེད་པ་སྟེ། གང་སྐྱེ་བས་འཕེལ་བ་མེད་པ་ནི་བྱུང་མ་ཐག་ཏུ་འཇིག་པས་ན་ཆུའི་ཆུ་བུར་ལྟ་བུའོ་ཞེས་བསྟན་པ་ལྟ་བུའོ། །དེས་ན་མེད་པ་ནི་རྟག་པ་མེད་པས་རྒྱུན་ཆད་པར་འགྱུར་བའི་སྡུག་བསྔལ་ཉིད་དོ། །མི་སྐྱེ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་སྐད་ཅིག་རེ་རེ་འཇིག་པའོ། །དབེན་པ་ནི་བྱེད་པ་པོ་དང་གཙང་བ་ལ་སོགས་པས་སོ། །མི་བརྫི་བ་ནི་བདག་མེད་པའི་ཕྱིར་བདག་གི་མེད་པར་རྟོགས་པས་མི་བརྫི་བ་སྟེ། དེ་བཞིན་དུ་གཞན་ལ་ཡང་ཅི་རིགས་སུ་ཤེས་པར་བྱ་སྟེ། ཚིག་གི་དོན་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་སངས་རྒྱས་བྱུང་བ་གང་ཡང་དེ་བཞིན་ཉིད་མི་སྟོན་པ་ནི་འགའ་ཡང་མི་སྲིད་མོད་ཀྱི། འོན་ཀྱང་སངས་རྒྱས་ཁ་ཅིག་ནི་ཐེག་པ་གཅིག་གིས་སྟོན་ཏོ། །ཁ་ཅིག་ནི་གདུལ་བྱ་དམན་པ་དག་རྗེས་སུ་


DTG087_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བའི་ཕྱིར་ཐེག་པ་གསུམ་གྱིས་སྟོན་ཏོ། །ཡང་ཁ་ཅིག་ནི་ཐེག་པ་ལྔས་སྟོན་པ་ནི་གདུལ་བྱ་སྐྲག་པ་སྤང་བའི་ཕྱིར་ཏེ། ཇི་སྐད་དུ་འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང༌། བད་ཀན་ནད་ལ་འོ་ན་འཐུང་བཅུག་བཞིན། །དེ་ཕྱིར་དུག་ཏུ་འགྱུར་གྱི་ནད་མི་སེལ། །དེ་བཞིན་སྣོད་མིན་ཉན་ཐོས་ཐེག་པ་དག །ཐེག་ཆེན་བཤད་པ་ཐོས་ན་རྨོངས་འགྱུར་ཞིང༌། །ཆད་པར་ལྟ་ལ་ངན་སོང་ལྷུང་འགྱུར་བས། །དེས་ནི་དབང་པོ་བརྟགས་ཏེ་ཆོས་བསྟན་ཏོ། །ཞེས་གསུངས་ཏེ་རྒྱ་ཆེར་ནི་ཐེག་པ་གཅིག་ཏུ་སྟོན་པ་འཕགས་པ་དམ་པའི་ཆོས་པད་མ་དཀར་པོའི་མདོ་ལས་ཤེས་པར་བྱའོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དེ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པ་དེ་གང་ཞེ་ན། དེ་བཞིན་ཉིད་རྣམ་པར་དག་པའོ་ཞེས་བསྟན་པ་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་སུ་བསྟན་ཏོ། །ཆོས་ཐམས་ཅད་ནི་འདུས་བྱས་དང༌། འདུས་མ་བྱས་རྣམས་སོ། །དེ་དག་ལ་མངའ་སྒྱུར་བ་ནི་སྤང་བ་དང༌། མངོན་དུ་བྱ་བ་དང༌། བསྟན་པ་དང་བཅས་པ་དང༌། སྐྱེད་པ་དང༌། དགག་པ་དང༌། བསྐལ་པ་སྐད་ཅིག་ཏུ་བྱ་བ་དང༌། སྐད་ཅིག་བསྐལ་པ་ཙམ་དུ་བྱིན་གྱིས་བརླབས་པ་ལ་སོགས་པའོ། །དེ་ལྟར་ཆོས་ཐམས་ཅད་ལ་མངའ་སྒྱུར་བ་དེ་ནི་རང་བྱུང་གི་མཐུའོ། །དེ་ལ་རང་བྱུང་གང་ཞེ་ན། རང་བྱུང་གི་ཡེ་ཤེས་སོ། །དེ་ཡང་གཉིས་ཏེ་ཆོས་ཀྱི་དབྱིངས་དང༌། སྲིད་པ་ཐ་མ་པས་ཐོབ་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ལ་ཆོས་ཀྱི་དབྱིངས་ཀྱི་དབང་དུ་བྱས་ཏེ། ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས། འཇིག་རྟེན་ཁམས་རྣམས་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང༌། །ནམ་མཁའ་འཇིག་པར་འགྱུར་བ་མེད། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་སོ། །དེ་ཇི་ལྟར་རང་བྱུང་གི་ཡེ་ཤེས་ཡིན་ཞེ་ན། རྒྱུ་དང་རྐྱེན་གྱི་རྣམ་པས་མ་བྱས་པའི་ཕྱིར་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །གཞན་དག་ནི་རྒྱལ་བའི་ཡུམ་ལས། ཡེ་ཤེས་ཀྱི་ཡུལ་ནི་གང་ཡང་མ་ཡིན་ནོ། །ཡེ་ཤེས་ཀྱང་གང་གི་ཡུལ་ཡང་མ་ཡིན་ནོ། །ཡེ་


DTG087_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ནི་ཡུལ་མེད་པའོ། །གལ་ཏེ་ཡེ་ཤེས་ལ་ཡུལ་ཡོད་ན་མི་ཤེས་པར་འགྱུར་རོ། །ཞེས་གསུངས་པས། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཉིད་ཡེ་ཤེས་སུ་འདོད་དེ། དེ་ལྟར་བྱས་ན་ཤིན་ཏུ་འདུས་ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་ཏེ་ཞེས་གསུངས་པ་ལ་སོགས་པ་དང་འགལ་བར་འགྱུར་རོ། །སྲིད་པ་ཐམ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་དབང་དུ་བྱས་ཏེ་ནི་བྱང་ཆུབ་སེམས་དཔའ་དུས་རིང་དུ་དགེ་བའི་བཤེས་གཉེན་རབ་ཏུ་མཉེས་པར་བྱས་པའི་གདམས་ངག་རབ་ཏུ་བསྟན་པ་ཐོས་པས་ཚེ་དེ་ལ་སློབ་དཔོན་མེད་པའི་ཡེ་ཤེས་བརྙེས་པས་ན་གཞན་ལ་རབ་མ་ལུས་པའི་ཕྱིར་རང་བྱུང་སྟེ། ཇི་སྐད་དུ། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། ང་ལ་སློབ་དཔོན་སུ་ཡང་མེད། ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལ་རང་བྱུང་དང་པོ་ནི་སྔར་བསྟན་པའི་དེ་བཞིན་ཉིད་སངས་རྒྱས་ཐམས་ཅད་ཀྱི་གསུངས་པའོ། །འདི་ནི་རང་བྱུང་གཉིས་པ་བཟུང་སྟེ། བསྐལ་པ་མང་པོར་གོམས་པའི་མཐུ་ལས་རང་འབྱུང་ཡང་འཐོབ་ལ་དེ་བཞིན་དུ་གོམས་པའི་མཐུ་ལས་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ནི། གོམས་ཏེ་སླ་བར་མ་གྱུར་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །ཡུན་དེ་སྲིད་དུ་བསོད་ནམས་བསགས་པའི་མཐུ་ལས་ཀྱང་དབང་སྒྱུར་བར་འགྱུར་བ་ནི། བསོད་ནམས་ལྡང་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་ལ། རྒྱས་པར་ནི་གཞོན་ནུ་བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པའི་མདོ་ལས་ཤེས་པར་བྱའོ། །གཞན་ཡང་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་གཙོ་བོ་ནི། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་བྱ་བ་དང༌། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་དུ་རྟོགས། །དེ་ཡེས་དངོས་ཀུན་དེ་བཞིན་ཉིད་དུ་རྟོགས། །ཞེས་བྱ་བའི་རིགས་པས་གང་གིས་ཆོས་ཀྱི་དབྱིངས་ཤེས་ན་དེའི་མཐུས་ཇི་ལྟར་འདོད་པ་ཙམ་ལ་རག་ལས་པ་འདི་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་དེ་བཞིན་ཉིད་ལ་དམིགས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་


DTG087_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་དངོས་པོ་རྣམས་ལ་དབང་སྒྱུར་པའི་མཐུའི་སྒོ་ནས་ནི་རང་བྱང་དུ་བཞག་ལ་དེ་ཉིད་སྣ་ཚོགས་མ་འདྲེས་པར་མཁྱེན་པའི་སྒོ་ནས་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཉིད་ཀྱི་རྣམ་པ་ཞེས་བྱ་སྟེ་ཁྱད་པར་ནི་འདི་ཙམ་དུ་ཟད་དོ། །ཁ་ཅིག་ནི་རང་བྱང་གི་རྒྱུ་དང་ཆོས་ཅན་ཡིན་ལ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འབྲས་བུ་དང་ཆོས་ཅན་དེའི་ཆོས་ཉིད་དོ་ཞེས་ཟེར་ཞིང་དེའི་ལུང་ནི། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་ངེ་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་སྐུ་ཀུན་ཏུ་གནས་པའོ། །སྐུ་ཇི་སྙེད་པ་དེ་ཉིད་ཀྱི་གསུངས་དང་ཐུགས་ཀུན་ཏུ་གནས་སོ་ཞེས་གསུངས་པའོ་ཞེས་འདོད་དོ། །ཉན་ཐོས་དང་བྱང་ཆུབ་སེམས་དཔའ་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ལམ་ཐམས་ཅད་བསྒོམ་པར་བྱ་བ་ཡིན་ཞེས་སྔར་བསྟན་པས་ན། ཐམས་ཅད་ཤེས་པ་ཉིད་བྱང་ཆུབ་སེམས་དཔས་འདྲིས་པར་བྱ་བའི་ཕྱིར་བསྒོམ་པ་ན་ཟག་པ་དང་བཅས་པ་སྟེ། དེ་དག་ནི་ཆེད་དུ་ཉོན་མོངས་པ་མི་སྤོང་གི་ཟིལ་གྱིས་གནོན་པ་ཙམ་ཞིག་བྱེད་པའི་ཕྱིར་རོ། །དེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་བསྒོམ་པའི་ཚེ་ནི་ཟག་པ་མེད་པ་སྟེ། དེ་དག་ནི་ཉོན་མོངས་པ་རྣམས་མདའ་དུག་ཅན་དང་འདྲ་བར་སྤོང་བའི་ཕྱིར་རོ། །དེ་ནི་གོ་རིམས་བཞིན་དུ་ཞེས་བྱ་བ་ནི་དོན་བསྟན་པའོ། །ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར་ཞེས་བྱ་བ་ནི་འོད་སྲུངས་གྲོང་ཁྱེར་ཆེན་པོའི་ཕྱག་དར་དང་ལྡན་ལྗི་ན་དང་མི་གཙང་བ་རྣམས་ནི་བུ་རམ་ཤིང་གི་ཞིང་དང༌། འབྲས་ཀྱི་ཤིང་དང༌། རིལ་གྱི་ཞིང་དག་ལ་ཕན་པར་བྱེད་དོ། །འོད་དྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡང་བྱང་ཆུབ་ལ་ཕན་པར་བྱེད་དོ་ཞེས་གསུངས་པའི་དགོངས་པ་མཐོང་ནས་མི་སྤོང་པ་སྟེ། གཞན་ཡང༌། ཐབས་ཆེན་དག་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་བསྟན་ཏེ། ཡན་ལག་གི་དོན་ནི་རྒྱུའི་དོན་ཏོ། །ཟག་


DTG087_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཉོན་མོངས་པའི་མིང་གི་བྱེ་བྲག་སྟེ་འདི་དག་གིས་ཁམས་དེ་དང་དེར་ཟག་ཅིང་ལྟུང་པར་བྱེད་པས་ན་ཟག་པ་སྟེ་ཟག་པ་ནི་ལྟུང་བའི་མིང་གི་ཁྱད་པར་རོ། །དེ་བཞིན་དུ་ཀུན་ཏུ་སྦྱོར་བ་དང༌། འཆིང་བ་དང༌། བག་ལ་ཉལ་བ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་དང༌། ཆུ་བོ་དང༌། སྦྱོར་བ་དང༌། ཉེ་བར་ལེན་པ་དང༌། མདུད་པ་དང༌། སྒྲིབ་པ་དང༌། ཐ་དག་དང༌། དྲི་མ་དང༌། ཟུག་རྡུ་དང༌། ལྕི་ཡང་དང༌། ཉེས་པར་སྤྱོད་པ་དང༌། ཕོངས་པ་དང༌། ཡོངས་སུ་གདུང་བ་དང༌། འཁྲུག་པ་དང༌། འཐབ་པ་དང༌། རིམས་ནད་དང༌། ནགས་སྦྱོར་དང༌། གགས་ཞེས་བྱ་བ་རྣམས་ཀྱིས་ཀྱང་བརྗོད་པར་བྱ་བ་རྣམས་སོ། །སྦྱོར་བ་ཁྱད་པར་ཅན་དག་གིས་ཞེས་བྱ་བ་ལ་སྦྱོར་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའོ། །ཁྱད་པར་ཅན་ནི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པ་རྒྱུ་དང་ཡོངས་སུ་འཛིན་པ་ལ་སོགས་པས་ཁྱད་པར་དུ་འགྱུར་བའམ། ཡང་ན་སྔར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྐབས་སུ་སྦྱོར་བ་བསྟན་པ་རྣམས་ནི་ཐོས་པ་དང་བསམ་པའི་ཡུལ་དུ་གྱུར་པས་ན་མཆོག་མ་ཡིན་ལ། འདིར་ནི་བསྒོམ་པའི་བྱ་བ་བྱས་པས་ན་མཆོག་ཅེས་བྱ་བར་གདགས་སོ། །འདིར་ཡང་སྦྱོར་བ་ནི་ཉི་ཤུ་ཞེས་བསྡུས་ཏེ། བསྟན་པ་ཉི་ངེས་པར་འགྱེད་པའི་ཆ་དང་མཐུན་པ་བཞི་ཆར་གྱི་སྐབས་སུ་སྦྱོར་བར་བྱ་བ་ཡིན་པའི་ཕྱིར་ཞེས་ཤེས་པར་བྱའོ། །ཚིག་གི་དོན་ནི་གོ་སླའོ། །ཡོན་ཏན་ཞེས་བྱ་བ་ལ་ཡོན་ཏན་འདི་དག་ནི་ལས་དང་པོ་པའི་ས་ནས་བརྩམས་ཏེ་ལྡན་མོད་ཀྱི་ལེགས་པར་འབྱོར་བ་ནི་དྲོད་ཐོབ་པ་ཡན་ཆད་ལ་སྦྱར་བར་བྱ་སྟེ། ཚིག་གི་དོན་ནི་གོ་སླ་བས་མ་བྱེའོ། །བར་ཆད་བྱེད་པ་སྐྱོན་ཞེས་བྱ་བ་ནི་ལས་དང་པོ་པའི་ས་ནས་བསྒོམ་པའི་ལམ་ཕལ་པའི་བར་དུ་ལྡན་པར་གཞག་མོད་ཀྱི། །འོན་ཀྱང་སྐྱོན་འདི་དག་ནི་ཕལ་ཆེར་ལས་དང་པོ་པའི་ས་དང་སྦྱོར་བའི་ལམ་ལ་རྣམ་པར་གཞག་སྟེ། དེ་ལྟར་ན་ཡོན་ཏན་གྱིས་ལམ་གོང་མ་གོང་མ་ལ་ལྡན་ལ། སྐྱོན་ནི་ལམ་འོག་མ་འོག་མ་ལ་ལྡན་པར་རིག་པར་བྱའོ། །ད་ནི་འདི་བརྗོད་པར་བྱ་སྟེ། འཕགས་པ་ནམ་མཁའི་མཛོད་ཀྱིས་ཞུས་པའི་མདོ་ལས། བདུད་ཀྱི་ལས་རབ་ཏུ་རིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DTG087_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། དགེ་བའི་བཤེས་གཉེན་གྱི་མན་ངག་གིས་བསྡུས་སོ་ཞེས་གསུངས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ཏེ་ནི་ཡོངས་སུ་འཛིན་པའི་སྐབས་དང༌། སྐབས་འདིར་མདོ་ལས་རྒྱས་པར་བསྟན་པ་ཁོང་དུ་ཆུད་པར་བྱའོ། །གང་ལུང་གཞན་ལས་ལེགས་པར་བསྡུས་པ་དེ་ནི་དགེ་བའི་བཤེས་གཉེན་གྱི་གདམས་ངག་སྟེ། དེ་ནི་ཇི་སྐད་དུ་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་དེ། བཅུ་གང་ཞེ་ན། འདི་ལྟར་མངོན་པར་ཆགས་པའི་ཕྱིར་ཕུང་པོའི་བདུད་དང༌། གླགས་སུ་འགྱུར་བའི་ཕྱིར་ཉོན་མོངས་པའི་བདུད་དང༌། སྒྲིབ་པའི་ཕྱིར་ལས་ཀྱི་བདུད་དང༌། སློང་བའི་ཕྱིར་སེམས་ཀྱི་བདུད་དང༌། སྐྱེས་པ་དང་བྲལ་བར་བྱེད་པས་ཐེ་ཚོམ་གྱི་བདུད་དང༌། གཡོ་བ་དང་རློམ་བར་འགྱུར་བ་དང་བག་མེད་པར་སྤྱོད་པས་ལྷའི་བུའི་བདུད་དང༌། དེ་ལ་ཞེན་པའི་ཕྱིར་དགེ་བའི་རྩ་བའི་བདུད་དང༌། རོ་མྱོང་བར་བྱེད་པའི་ཕྱིར་ཏིང་ངེ་འཛིན་གྱི་བདུད་དང༌། གཟུགས་བརྙན་གྱི་ཕྱིར་དགེ་བའི་བཞེས་གཉེན་གྱི་བདུད་དང༌། སྨོན་ལམ་མངོན་པར་མི་བསྒྲུབ་པས། ཆོས་ཀྱི་ཡེ་ཤེས་ཁོང་དུ་ཆུད་བའི་བདུད་དོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་དེ་དག་ཡོངས་སུ་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔའ་བརྩོན་པར་བྱ་བ་དག་གོ་ཞེས་གསུངས་པ་ལ། ཡང་དེ་ཉིད་ལས། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་དགེ་བའི་རྩ་བ་བརྩམས་པ་ཐམས་ཅད་ནི་བདུད་ཀྱི་ལས་སོ། །སེམས་མི་ཉམ་པའི་སྦྱིན་པ་ཡོངས་སུ་གཏོང་བ་དང༌། ཚུལ་ཁྲིམས་འཆལ་པ་ལ་ཡོངས་སུ་འཁྲུགས་པ་དང༌། ངན་སེམས་དང་ལྡན་པ་ཡོངས་སུ་སྤོང་བ་དང༌། ལེ་ལོ་ཅན་ཡོངས་སུ་གཏོང་བ་དང༌། སེམས་འཁྲུགས་པ་ལ་བརྙས་པ་དང༌། ཤེས་རབ་འཆལ་པ་ཅན་སྨོད་པ་ནི་བདུད་ཀྱི་ལས་སོ། །ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱེད་པ་དང༌། བཅབ་པ་དང༌། ཆོས་ཀྱི་སྣོད་ལ་ཁྱད་དུ་གསོད་པ་དང༌། ཟང་ཟིང་དང་འབྲེལ་པར་ཆོས་སྟོན་པ་ནི་


DTG087_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་ལས་སོ། །སྣོད་མ་ཡིན་པ་ལ་ཆོས་རྒྱ་ཆེན་པོ་སྟོན་པ་ནི་བདུད་ཀྱི་ལས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་མི་ཐོས་པ་དང་ཐོས་ནས་ལོག་པར་འཇུག་པ་དང༌། ལོག་པར་ཞུགས་ནས་ལེ་ལོ་བྱེད་པ་དང༌། ལེ་ལོ་བྱས་ནས་སེམས་ཞུམ་པར་བྱེད་པ་དང༌། སེམས་ཞུམ་པར་གྱུར་ནས་བྱང་ཆུབ་ཀྱི་ལམ་ཡངས་པ་དང་ལྡན་པའི་སེམས་དང་སེམས་པས་བྱུང་བའི་ཆོས་མི་འབྱུང་བ་ནི་བདུད་ཀྱི་ལས་སོ། །སྡིག་པའི་གྲོགས་པོ་བརྟེན་པ་དང༌། དགེ་བའི་བཤེས་གཉེན་ཡོངས་སུ་སྤོང་བ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་དང། སྐྱེ་བའི་སྐྱེ་མཆེད་ལ་མངོན་པར་མི་དགའ་བ་དང༌། མྱ་ངན་ལས་འདས་པ་དང༌། འདོད་ཆགས་དང་བྲལ་བ་དང༌། སེམས་ཉེ་བར་ཞི་བ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བའི་བསམ་པ་དང༌། མི་སྙན་པ་བརྗོད་པ་དང༌། ཐོབ་པའི་གེགས་བྱེད་བ་དང༌། འཁྲུལ་པའི་སྐྱོན་ཚོལ་བ་དང༌། མི་བདེ་བའི་མིག་གིས་ལྟ་བ་ནི་བདུད་ཀྱི་ལས་སོ། །དམ་པའི་ཆོས་སྤོང་བ་དང༌། མ་ཐོས་པའི་མདོ་སྡེ་ཐོས་ནས་སྨོད་པ་དང༌། ཆོས་སྨྲ་བ་གཞན་གྱིས་བཤད་པ་ཉན་པར་མི་དགའ་ཞིང་བརྙས་ཏེ། ཁྱད་དུ་གསོད་པ་དང༌། བདག་བསྟོད་པ་དང་གཞན་སྨོད་པ་ནི་བདུད་ཀྱི་ལས་སོ། །འཇིག་རྟེན་རྒྱང་པན་པ་ཚོལ་ཞིང་ཡི་གེ་སྣ་ཚོགས་དང༌། འབྲུ་སྣ་ཚོགས་སུ་རང་བཟོར་བྱས་པའི་རང་བཟོ་ལ་དགའ་བ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་གཏམ་རྗེས་སུ་དྲན་པ་དང༌། ཟབ་མོའི་གཏམ་འཆབ་ཅིང་སྦེད་པ་དང༌། གཏམ་སྣ་ཚོགས་རྣམ་པར་བརྗོད་པ་དང༌། སྣོད་མ་ཡིན་པ་ལ་ཟབ་མོའི་ཆོས་སྟོན་པ་དང༌། བྱང་ཆུབ་ཀྱི་ལམ་མི་ཚོལ་བ་དང༌། ལམ་ངན་པའི་རྒྱུད་ལ་གནས་པ་ནི་བདུད་ཀྱི་ལས་སོ། །གྲོལ་བ་དང༌། རྒལ་བ་དང༌། དབུགས་ཕྱིན་པ་ལ་བརྟེན་ཅིང་བསྙེན་པ་དང་བཀུར་བ་དང༌། རིམ་གྲོ་བྱེད་ཀྱི་མ་གྲོལ་བ་དང༌། མ་བརྒལ་བ་དང༌། དབུགས་མ་ཕྱིན་པ་ལ་ནི་མི་བརྟེན་མི་བསྙེན་བཀུར་བར་མི་བྱེད། རིམ་གྲོར་མི་བྱེད་ཡོངས་སུ་སྨིན་པར་མི་བྱེད་པ་དང༌། མངོན་པའི་ང་རྒྱལ་དུ་ལྷུང་སྟེ། སུ་ལའང་མི་འདུད་ཅིང་ང་རྒྱལ་ཡོངས་སུ་འཕེལ་བར་བྱེད་པ་དང༌། སེམས་ཅན་ལ་ཁོང་ཁྲོ་


DTG087_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཆོས་ཀྱི་ཡེ་ཤེས་མི་ཚོལ་བ་དང༌། ཡེ་ཤེས་ཀྱི་གཏེར་མི་བསྲུང་བ་དང༌། སེམས་རྟག་ཏུ་བསླང་བ་དང༌། མགུ་དཀའ་ཞིང་གསོལ་བ་གདབ་པར་དཀའ་བ་ནི་བདུད་ཀྱི་ལས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཏེ། དེ་དག་ཡོངས་སུ་སྤངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཚོལ་བར་འགྱུར་བ་དག་གོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་བདུད་ཀྱི་བྱིན་གྱི་རླབས་ཏེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཞུམ་པར་གྱུར་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །བསམ་པ་འཁྲུགས་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །རྒྱལ་ཆུང་ངུས་མགུ་བ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །གཅིག་ལ་མི་བཟོད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །སྨོན་ལམ་ལས་ལྷག་པར་མི་དམིགས་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །ཉོན་མོངས་པ་རྣམ་པར་བཟློག་པ་དང་ཞི་བ་འདོད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །འཁོར་བའི་རྒྱུན་གཅོད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །སྤྱོད་པ་ལས་ཕྱིར་བཟློག་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །ཆོས་ལ་ཐེ་ཚོམ་ཟ་ཞིང་དམ་པའི་ཆོས་སྤོང་བ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བདུད་ཀྱི་བྱིན་གྱི་རླབས་ཏེ། དེ་དག་ཡོངས་སུ་སྤངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རླབས་བླ་ན་མེད་པ་ཐོབ་པར་འགྱུར་བདག་གོ་ཞེས་གསུངས་སོ། །ཡང་འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས་ཀྱང༌། ལྷའི་བུ་ཉིད་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུ་ཡིན་ནོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པ་བ་རྣམ་པར་གྲོལ་བ་འདོད་ཅིང་འཁོར་བས་སྐྲག་པ་རྣམས་ལ་བསྙེན་པ་དང་བརྟེན་པ་དང་བསྙེན་བཀུར་བྱེད་པ་ནི་བདུད་ཀྱི་ལས་སོ། །སྟོང་པ་ཉིད་ལ་སོ་སོར་རྟོགས་ཅིང་སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལས་སོ། །འདུས་མ་བྱས་ལ་སོ་སོར་རྟོག་ཅིང་འདུས་བྱས་ཀྱི་དགེ་བའི་རྩ་བས་ཡོངས་སུ་སྐྱོ་བ་ཡང་བདུད་ཀྱི་ལས་སོ། །


DTG087_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་བསྐྱེད་ཅིང་བསམ་གཏན་ལས་རྣམ་པར་ལྡོག་པ་ཚོལ་བ་ཡང་བདུད་ཀྱི་ལས་སོ། །ཆོས་སྟོན་ཀྱང་ཆོས་ཉན་པར་རྣམས་ལ་སྙིང་རྗེ་ཆེན་པོ་མི་བསྐྱེད་པ་ཡང་བདུད་ཀྱི་ལས་སོ། །ཡོངས་ཏན་དང་ལྡན་པ་དང་སྦྱིན་གནས་ཚོལ་ཞིང་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཁོང་ཁྲོ་བ་ཡང་བདུད་ཀྱི་ལས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་གཏམ་སྟོན་ཅིང་ཐེག་པ་ཆེན་པོའི་གཏམ་འཆབ་པ་ཡང་བདུད་ཀྱི་ལས་སོ། །ཟབ་མོའི་གཏམ་འཆབ་ཅིང་གཏམ་སྣ་ཚོགས་སུ་སྟོན་པ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ལམ་ཤེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །རབ་ཏུ་བརྩོན་པའི་བསྔགས་པ་བརྗོད་ཀྱང་སེམས་ཅན་མི་བརྩོན་པ་རྣམས་མངོན་པར་མི་སྦྱོར་བ་ཡང་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་སོགས་ཀྱང་བྱང་ཆུབ་ཀྱི་སེམས་མངོན་དུ་མི་བྱེད་པ་ཡང་བདུད་ཀྱི་ལས་སོ། །ལྷག་མཐོང་གི་རྣལ་འབྱོར་དང་ལྡན་པར་གནས་ཀྱང་སེམས་ཅན་རྣམས་ལྷག་མཐོང་ཡང་དག་པར་འཛིན་དུ་མི་འཇུག་པ་ཡང་བདུད་ཀྱི་ལས་སོ། །ཉོན་མོངས་པ་མ་ལུས་པ་ཟད་པ་ཚོལ་ཞིང་འཁོར་བའི་རྒྱུན་གྱི་ཉིན་མོངས་པ་རྣམས་ལ་སྨོད་པ་ཡང་བདུད་ཀྱི་ལས་སོ། །ཤེས་རབ་ཀྱིས་རྣམ་པར་དཔྱོད་ཅིང་སྙིང་རྗེ་ཆེན་པོ་ལ་དམིགས་པ་མི་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཐབས་དང་མི་ལྡན་པར་དགེ་བ་སྤྱོད་པ་ཐམས་ཅད་ཀྱང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཚོལ་གྱི་འཇིག་རྟེན་རྒྱང་པན་པའི་གསང་ཚིག་འཛིན་པ་ཡང་བདུད་ཀྱི་ལས་སོ། །མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱི་དོགས་ཏེ་ཆོས་ལ་སློབ་དཔོན་གྱིས་དཔེ་མཁྱུད་བྱེད་པ་ཡང་བདུད་ཀྱི་ལས་སོ། །འཇིག་རྟེན་པའི་དགོས་པ་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བར་ཐག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་སྐལ་བ་མཉམ་པ་རྣམས་མི་བསྙེན་བསྙེན་བཀུར་མི་བྱེད་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་སྐལ་བ་མི་མཉམ་པ་ལ་དགའ་བའང་བདུད་ཀྱི་ལས་སོ། །གང་གི་ཚེ་བརྒྱ་བྱིན་ནམ། ཚངས་པའམ། འཇི་རྟེན་སྐྱོང་བའམ་


DTG087_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའམ། ཚོང་དཔོན་ནམ། ཁྱིམ་བདག་གོ་ལོངས་སྤྱོད་དང༌། ནོར་དང༌། རིན་པོ་ཆེ་དང༌། དབང་ཕྱུག་གི་ཆེ་བ་ཉིད་དུ་གྱུར་པ་དེའི་ཚེ་ཆོས་ཀྱི་ཆེ་བ་ཉིད་དང་ལྡན་པ་རྣམས་ལ་མི་བསྙེན་བསྙེན་བཀུར་མི་བྱེད་པ་འདི་དག་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུའོ་ཞེས་གསུངས་སོ། །ཡང་འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་བླ་མ་རྣམས་ལ་མི་གུས་པ་ནི་བདུད་ཀྱི་ལས་སོ། །བདག་བརྗོད་པས་མངོན་པའི་ང་རྒྱལ་བྱེད་པ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པའི་ལམ་འདོར་བ་ཡང་བདུད་ཀྱི་ལས་སོ། །འཇིག་རྟེན་བ་དང་འཇིག་རྟེན་རྒྱང་པན་པའི་གསང་ཚིག་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་ཀུན་ཏུ་འཛིན་པ་མི་བདུད་ཀྱི་ལས་སོ། །ཐབས་དང་བྲལ་བའི་ཤེས་རབ་དང༌། ཤེས་རབ་དང་བྲལ་བའི་ཐབས་དང༌། ཐོས་པ་ཉུང་བས་བསམ་གཏན་རྙེད་པ་དང༌། མང་དུ་ཐོས་ཀྱང་བདག་བསྟོད་པ་ནི་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་དང་བྲལ་བས་སྐྱེ་བ་ཡོངས་སུ་འཛིན་པ་དང༌། དགེ་བའི་རྩ་བ་བསགས་ཀྱང་ཐེག་པ་ཆུང་དུ་འདོད་པ་ནི་བདུད་ཀྱི་ལས་སོ། །དམ་པའི་ཆོས་མི་བསྲུང་བ་དང། སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་པ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བ་དང༌། ཆོས་སྨྲ་བའི་བསྔགས་པ་མི་བརྗོད་པ་ཡང་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་ཡང་དག་པར་བླངས་པ་འདོར་བ་དང༌། མི་དགེ་བའི་སེམས་དང་དུ་ལེན་པ་ཡང་བདུད་ཀྱི་ལས་སོ། །དགོན་པ་ལ་གནས་ཀྱང་འདོད་པ་དང༌། གནོད་སེམས་དང་འཚེ་བའི་རྣམ་པར་རྟོག་པ་དང༌། འཁོར་གྱི་ཚོགས་ཀྱི་ནང་དུ་ཞུགས་ཀྱང་རྙེད་པ་དང་བཀུར་སྟིས་བསྐོར་བ་ནི་བདུད་ཀྱི་ལས་སོ། །སྣོད་མ་ཡིན་པ་ལ་ཆོས་སྟོན་པ་དང་སྣོད་དུ་གྱུར་པ་ཁྱད་དུ་གསོད་པ་ཡང་བདུད་ཀྱི་ལས་སོ། །བདུད་ཀྱི་ལས་འདི་ལྟ་བུ་འདི་དག་ཁོང་དུ་མ་ཆུད་པ་དང༌། ཐམས་ཅད་མཁྱེན་པའི་སེམས་ལ་གཡེང་བ་ཡང་བདུད་ཀྱི་ལས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མདོར་བསྡུས་ན་འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས། མདོར་ན་ཇི་ཙམ་དུ་


DTG087_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་དང་རློམ་པ་དང་སྤྲོས་པ་དང་གཉིས་སུ་རྟོག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ་ཞེས་གསུངས་པའི་དོན་གྱི་དབང་དུ་ཤེས་པར་བྱའོ། །གཞན་ཡང་དེ་ཉིད་ལས་ལྷའི་བུ་བྱང་ཆུབ་སེམས་དཔའི་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་བྱུང་བར་རིག་པར་བྱའོ་ཞེས་གསུངས་པས་རབ་ཏུ་སྦྱོར་བའི་དུས་ན་བདུད་ཀྱི་ལས་རྣམས་འབྱུང་བར་རིག་པར་བྱའོ། །དེ་དག་རིག་པར་གྱུར་ནས་བཟློག་པར་བྱ་བ་ནི་ཇི་སྐད་དུ་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་བཟློག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་ཕྱིར་ང་རྒྱལ་ཐམས་ཅད་ཡོངས་སུ་སྤོང་བ་ནི་བདུད་ཀྱི་ལས་བཟློག་པའོ། །བདག་ལ་མི་བསྟོད་མི་བསྔགས་པ་ནི་བདུད་ཀྱི་ལས་བཟློག་པའོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་མོས་ཤིང་མི་སྤོང་བ་ནི་བདུད་ཀྱི་ལས་བཟློག་པའོ། །ཐམས་ཅད་མཁྱེན་པའི་སེམས་ཡོངས་སུ་ཉམས་པར་མི་བྱེད་པ་ནི་བདུད་ཀྱི་ལས་བཟློག་པའོ། །ཆོས་ཟབ་མོའི་ཚུལ་ལ་བརྩོན་ཞིང་བག་ཡོད་པར་གནས་པ་ནི་བདུད་ཀྱི་ལས་བཟློག་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གནས་ཤིང་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ནི་བདུད་ཀྱི་ལས་བཟློག་པའོ། །ཡང་དང་ཡང་ཉན་ཅིང་ཡང་དག་པའི་གཏམ་གྱིས་ཡོངས་སུ་མི་སྐྱོ་བ་ནི་བདུད་ཀྱི་ལས་བཟློག་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐྱབས་དང་དཔུང་གཉེན་ཚོལ་བའི་འདུ་ཤེས་ནི་བདུད་ཀྱི་ལས་བཟློག་པའོ། །སྒྲུབ་པ་ལ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་རྗེས་སུ་དྲན་ཞིང་མོས་པ་ཡང་དག་པར་ལེན་པ་ནི་བདུད་ཀྱི་ལས་བཟློག་པའོ། །བྱང་ཆུབ་སེམས་དཔའི་གྲོགས་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་མི་གཉིས་པར་མངོན་པར་བསྒྲུབ་པ་ནི་བདུད་ཀྱི་ལས་བཟློག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་བཟློག་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་ཐམས་ཅད་ལས་འདའ་བར་འགྱུར་བ་དག་གོ་ཞེས་གསུངས་སོ། །རང་གི་གཞུང་གི་ཚིག་གི་དོན་ནི་གོ་སླ་བས་རྣམ་


DTG087_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་ཕྱེའོ། །ད་ནི་བྱང་ཆུབ་སེམས་དཔའ་ལེགས་པར་ཞུགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ལས་བརྩམས་ཏེ། རྒྱལ་བའི་ཡུམ་འདིའི་མཚན་ཉིད་ཇི་སྙེད་པ་སྟོན་པར་བྱེད་པའི་ཚིག་ལེའུར་བྱས་པ་རྣམས་དགྲོལ་བའི་ཕྱིར་སྐྱོན་གྱི་འོག་རུ་དེ་དག་གི་མཚན་ཉིད་གསུངས་ཏེ་ཞེས་སྦྱར་རོ། །དེ་ལ་དེ་དག་གི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྦྱོར་བ་པོའམ། ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་དེ་དག་གིས་ཞེས་བྱའོ། །མཚན་ཉིད་ཅེས་བྱ་བ་ནི་རང་གི་མཚན་ཉིད་དང་རྣམ་པ་རང་གི་མཚན་ཉིད་དང་རྣམ་པར་དབྱེ་བའི་མཚན་ཉིད་དོ། །རྣམ་པར་དབྱེ་བའི་བའི་མཚན་ཉིད་ནི་བུམ་པ་ལ་སོགས་པ་དག་དུང་ལ་སོགས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་དངོས་པོ་གཅིག་པུ་ཡང་དཔག་རུ་མེད་པར་ལྡོག་པའི་དབང་གིས་བརྗོད་པ་སྟེ། ཇི་སྐད་དུ་ཚད་མ་རྣམ་འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་བསྟན་ཅིང༌། ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུའི་ཕ་རོལ་གཟིགས། །ཞེས་བསྟོད་པ་བརྗོད་པ་ལྟ་བུའོ། །དེ་ལ་སློབ་དཔོན་ཟླ་བ་གྲགས་ཀྱི་ཞལ་སྔ་ནས་ནི། འདི་དག་ནི་དགོས་པ་ཉེ་བར་གྱུར་བའི་དབང་དང་རྣམ་པར་རྟོག་པའི་དབང་ཙམ་གྱིས་ཕྱེ་བར་ཟད་པས་ན་དངོས་པོ་ལ་མི་ལྡན་པས་མཚན་ཉིད་དུ་མི་འགྲང་ངོ་ཞེས་འཆད་ཅིང༌། སློབ་དཔོན་གྱི་ཞལ་སྔ་ནས་ཀྱང༌། སྡར་དོན་གཅིག་ཏུ་རབ་ཏུ་སྦྱོར་བ་ལ་ལྡོག་པ་ལ་ལྟོས་པས་ཉེ་བར་བསྐྱེད་པའི་ཐ་དད་པའི་ངོ་བོར་དབྱེར་བཟོད་པ་ནི་མ་ཡིན་ནོ་ཞེས་བསྟན་པའོ། །གཞན་དག་ནི་གལ་ཏེ་རིགས་པའི་ལམ་དུ་འཇུག་པ་ཞིག་ན་དེའི་ཚེ་དངོས་པོ་ཐམས་ཅད་ཀྱང་སྒྲའི་སྤྱིའི་རྣམ་པ་མིང་ཙམ་དུ་ཟད་ཅིང་བརྟགས་པ་ཙམ་ཞིག་སྙིང་པོར་གྱུར་པ་ཁོ་ནའོ། །མངོན་པར་ཞེན་པ་སྟུག་པོ་ཕྱི་རོལ་གྱི་དོན་ཡོད་པ་ལྟར་གནས་པའི་དབང་དུ་བྱས་པའི་ཚེ་ནི་ཡང་དག་པའི་ཀུན་རྫོབ་རྣམས་ནི་ཇི་སྙེད་དུ་བཏགས་པ་དེ་སྙེད་ཀྱི་ནུས་པའི་མཚན་ཉིད་དངོས་པོ་རེ་རེ་ལ་ཡང་ལྡན་ཞེས་ཟེར་རོ། །རང་གི་མཚན་ཉིད་ནི་རང་གི་ཐུན་མོང་མ་ཡིན་པའི་ཡན་ལག་མེ་ལ་སོགས་པའི་ཚ་བ་ལ་སོགས་པ་འཇིག་རྟེན་རྣམས་ན་རིགས་པས་མ་བཅོམ་པའི་ཚེ། གཞན་ལ་མི་


DTG087_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པར་དོན་བྱེད་པར་སྣང་བའི་དངོས་པོ་རགས་པ་རྣམས་སོ། །འདིར་ནི་རང་བཞིན་གྱི་མཚན་ཉིད་བཟུང་ངོ༌། །དེ་ཡང་མཚོན་པར་བྱེད་པའི་མཚན་ཉིད་ནི་ཤེས་པ་དང༌། ཁྱད་པར་དང་བྱེད་པ་རྣམས་ཏེ། དེ་ལ་ཤེས་པའི་མཚན་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཐ་དད་པ་གསུམ་ཆར་ཡང་རྒྱལ་བའི་ཡུམ་འདི་ནི་དེ་བཞིན་གཤེགས་པ་བསྐྱེད་པའོ་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ། །གལ་ཏེ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་གསུམ་ཆར་གྱི་རྒྱལ་བའི་ཡུམ་གྱི་བདག་ཉིད་ཀྱི་ཆེ་བ་ཤེས་པར་བྱེད་པར་གྱུར་ན། དེའི་ཚེ་གཞི་ཐམས་ཅད་ཤེས་པར་གྱུར་པ་ཁོ་ནས་ཆོག་པས་ལམ་ཐམས་ཅད་ཤེས་པས་ཅི་ཞིག་བྱ་སྙམ་པ་ལ། ཤེས་པར་བྱེད་པར་མཚུངས་སུ་ཟིན་ཀྱང་དེ་དག་གི་ཁྱད་པར་ནི་འདི་དང་འདི་ལྟ་བུའོ་ཞེས་སྟོན་པར་བྱེད་པ་ནི་ཁྱད་པར་གྱི་མཚན་ཉིད་དོ། །ཁྱད་པར་གྱི་མཚན་ཉིད་དེས་དོན་ཅི་ཞིག་བྱེད་སྙམ་པ་ལ་ནི་བྱེད་པའི་མཚན་ཉིད་བསྟན་ཏོ། །ངོ་བོ་ཉིད་མཚོན་པར་བྱ་བའི་མཚན་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དེ་གསུམ་གྱི་རང་བཞིན་གཞན་ཁོང་དུ་ཆུད་པར་བྱ་བ་ལ་གཙོ་བོར་མ་གྱུར་བའི་རང་བཞིན་དུ་ཟད་དོ། །བསྡུས་པའི་དོན་ནི་འདི་ཙམ་ཞིག་ཏུ་ཟད་ཅིང་གང་དག་བདག་གིས་རེ་རེ་ནས་མ་ཕྱེ་བའི་དོན་རྣམས་ནི་འཕགས་པ་རྣམ་པར་གྲོལ་བའི་སྡེའི་ཞལ་སྔ་ནས་རྣམ་པར་སྦྱར་བ་ཚིག་ལེའུར་བྱས་པ་མདོ་བར་མའི་དབང་དུ་མཛད་པ་ལས་རྒྱས་པར་བསྟན་པ་ལས་ཤེས་པར་གྱིས་ཤིག །ཐར་པའི་ཆ་དང་མཐུན་པ་ཞེས་བྱ་བ་ལ་ཐར་པ་ནི་ལས་དང་ཉོན་མོངས་པ་ཆེས་རགས་པ་མི་ཁོམ་པ་བརྒྱད་དུ་འཕེན་པར་བྱེད་པ་ལ་སོགས་པ་དང་བྲལ་བའི་ཕྱིར། དེ་ལས་ཐར་པས་ན་དྲོད་ལ་སོགས་པ་སྦྱོར་བའི་ལམ་ཡིན་ཏེ། དོན་འདི་ནི་འཕགས་པ་རྣམ་པར་གྲོལ་བའི་ཞལ་སྔ་ནས། དེ་ལ་འདིར་ཐར་པ་ནི་བྲལ་བའི་ཁྱད་པར་ཡིན་ལ་དེའི་ཆ་ལ་ཕན་པས་ནི་ཐར་པའི་ཆ་དང་མཐུན་པ་ཞེས་བྱའོ་ཞེས་བསྟན་ཏོ། །དེའི་ཕྱིར་ཆོས་མངོན་པ་ལས། ཐར་པ་བལ་ན་མེད་པ་ཡིན། །ཞེས་བརྗོད་པ་ནི་འདིར་མི་སྦྱར་རོ། །དེའི་ཆ་ཞེས་སྨོས་པ་ནི་ཕྱོགས་གཅིག་ཙམ་གྱིས་ཕན་འདོགས་ཀྱི། དངོས་སུ་ནི་ཐར་བའི་ཆ་དང་མཐུན་པ་ཐོབ་ནས་


DTG087_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དང་རྣམ་པ་ལ་སོགས་པ་ཇི་སྐད་དུ་བསྟན་པའི་ཁྱད་པར་ཅན་ལ་སློབ་པས་དྲོད་ལ་སོགས་པ་ཐོབ་སྟེ། དེའི་ཕྱིར་ལམ་སྤྱི་དང་ཁྱད་པར་དག་གི་མཚམས་སུ་རང་གི་ལམ་ཐོབ་ཀྱང༌། དེའི་ཁོངས་སུ་བསླན་པས་བསྟན་པ་ལམ་འོག་མ་དག་ལས་ཁྱད་དུ་ཞུགས་པའི་མཚམས་སྦྱོར་གྱི་ངོ་བོ་དག་ཡོད་དོ་ཞེས་བཤད་པའོ། །ཨི་ཡ་ཞེས་བྱ་བ་ནི་སྔར་བསྟན་པ་བཞིན་ནོ། །འདིའི་དབྱེ་བ་ནི་འཕགས་པ་རྣམ་པར་གྲོལ་བའི་ཞལ་སྔ་ནས་ཆེན་པོ་དང་འབྲིང་དང་ཆུང་ངུ་ཞེས་གསུངས་ལ་ལམ་འདི་མཚོན་པར་འགྱུར་བའི་རྟགས་ཀྱང་སེམས་མི་འཇུག་པ་དང༌། མི་འགོང་བ་དང་ཡིད་ལ་འགྱོད་པར་འགྱུར་བ་མེད་པ་ཞེས་གསུངས་སོ། །གཞན་ཡང་ལམ་འདི་ཐོས་པ་དང་བསམ་པའི་རང་བཞིན་ཡིན་ནོ་ཞེས་ཁ་ཅིག་འཆད་དོ། །གཞན་དག་ནི་འདི་དག་ནི་ཐོས་པ་དང་བསམ་པའི་ཤེས་རབ་ཕལ་ཆེ་བ་ཡིན་གྱི་བསྒོམ་པའི་ཤེས་རབ་ཀྱང་མེད་ཅེས་ངེས་པར་མི་དགག་གོ་ཞེས་འཆད་དོ། །འཕགས་པ་རྣམ་པ་རྣམ་པར་གྲོལ་བའི་ཞལ་སྔ་ནས་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ནི་ཐོས་པ་དང་བསམ་པའི་རང་བཞིན་དུ་བཞེད་པའི་ཕྱིར། འདི་རྣམས་ཐམས་ཅད་ཀྱང་ཐོས་པ་དང་བསམ་པའི་རང་བཞིན་ཅན་ཡིན་པར་ཤེས་པར་བྱ་སྟེ། དེ་ཐོག་མ་ཁོ་ནར་བསྟན་པ་ལ་འཇུག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ་ཞེས་བརྗོད་ཅིང་སྦྱོར་བའི་ལམ་དུ་ནི་དེ་ལྟར་ངེས་པར་གདགས་པ་མཛད་པས་སོ། །ཐར་པའི་ཆ་དང་མཐུན་པ་འདི་ཡང་ཕྱིར་མི་ལྡོག་པར་རྣམ་པར་གཞག་གམ་ཅི་མ་ཡིན་ཞེ་ན། རེ་ཞིག་ཕྱིར་མི་ལྡོག་པ་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང༌། བྱང་ཆུབ་ཁྱད་པར་ཅན་ལས་ཕྱིར་མི་ལྡོག་པ་དང༌། འཇིག་རྟེན་ལས་འདས་པའི་ས་ལས་ཕྱིར་མི་ལྡོག་པ་དང༌། རྩོལ་བ་མེད་པ་ལས་ཕྱིར་མོ་ལྡོག་པ་དག་གོ །དེ་ལ་དང་པོ་ནི་འཕགས་པ་ཉན་ཐོས་རྣམས་དང་ཐུན་མོང་དུ་བྱས་པ་ཐར་པའི་ཆ་དང་མཐུན་པ་ནས་བཟོད་པའི་བར་རོ། །གཉིས་པ་ནི་ཐེག་པ་ཆེན་པོའི་དྲོད་ནས་བརྩམས་པའི་བར་རོ། །གཉིས་པ་ནི་ས་དང་པོའི་ངོ་བོ་ཉིད་དོ། །བཞི་པ་ནི་ས་མི་གཡོ་བ་ལའོ། །དེ་ལྟར་ན་ཐར་པའི་ཆ་དང་མཐུན་པ་ནི་ཐེག་པ་ཁྱད་པར་ཅན་གྱི་བྱང་ཆུབ་ལས་མི་ལྡོག་པར་ངེས་པ་མ་ཡིན་པས་ན་ཕྱིར་མི་ལྡོག་པ་ཞེས་མི་བརྗོད་


DTG087_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཐེག་པ་ཆེན་པོ་འདིར་ནི་དྲོ་བར་གྱུར་པའི་དགེ་བའི་རྩ་བ་རྒྱུད་ལ་སྐྱེས་པར་གྱུར་པའི་ཚེ་ཕན་ཆད་དུ་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པ་ནི་རྩེ་མོའི་མངོན་པར་རྟོགས་པ་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་རྨི་ལམ་ན་ཡང་མི་འདོད་པར་སྟོན་པར་འགྱུར་རོ། །འོ་ན་འཕགས་པ་ཉན་ཐོས་རྣམས་ཀྱི་དབང་དུ་བྱས་ཏེ། ཆོས་མངོན་པ་ལ་སོགས་པར་ཐར་པའི་ཆ་དང་མཐུན་པ་འདི་དེ་དག་གི་ཕྱིར་མི་ལྡོག་པར་གཞག་གམ་ཅི་སྟེ་མ་ཡིན་ཞེ་ན། ཁ་ཅིག་ན་རེ་དེ་དག་ནི་ཤེས་རབ་དང་སྙིང་རྗེ་ཆུང་བ་དང༌། སྦྱངས་པ་ཡུན་ཐུང་བའི་དབང་གིས་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེས་སུ་ཟིན་ཀྱང་ངེས་པར་ཕྱིར་མི་ལྡོག་པར་ངེས་པ་མེད་དོ་ཞེས་ཟེར་རོ། །གཞན་དག་ནི་དེ་དག་གི་དབང་དུ་བྱས་ཏེ། ཡང་རང་གི་མངོན་པར་འདོད་པའི་ཆེད་དུ་བསྒྲུབ་པའི་བྱང་ཆུབ་ལས་ནི་སླར་ལྡོག་པར་མི་འགྱུར་གྱི། དུས་རིང་ཞིག་གིས་དེ་ཐོབ་པས་ན་རིང་དུ་ཐོགས་པའི་དབང་ཙམ་ལས་ཕྱིར་མི་ལྡོག་པར་མི་བཞག་གོ་ཞེས་ཟེར་ཏེ། འདིར་ནི་ཕྱིར་ལྡོག་པ་དང་མི་ལྡོག་པ་ལ་བརྩམས་ཏེ། གླེངས་པར་ཟད་ན་དུས་ཉེ་བ་དང་རིང་བའི་རྩོད་པ་སུ་ཞིག་བྱེད། དེ་ལྟར་ན་དྲོད་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དབང་པོ་རྟུལ་ཞིང་ཉོན་མོངས་པ་མང་བ་ལ་སོགས་པ་མངོན་པར་ཤེས་པ་བུལ་ལ་དཀའ་བ་ལ་སོགས་པ་ཡང་ཕྱིར་མི་ལྡོག་པར་འགྱུར་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི་རྒྱུད་ངེས་པའི་རྒྱུ་མཚན་གཙོ་བོར་མཛད་པ་ཞིག་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འདི་ཡང་ཕྱིར་མི་ལྡོག་པར་བརྗོད་མོད་ཀྱི་རང་གི་རྟོགས་པ་དང་འཚམ་པར་གཞན་ཡིད་ཆེས་པར་བྱེད་པའི་ཡོན་ཏན་རྣམས་འདི་ལ་མེད་པས་ན་དེའི་ཕྱིར་དང༌། རང་ཡང་དངོས་པོར་ངེས་ཀྱང་རང་ངེས་པར་བྱེད་པའི་རྟགས་པ་ཟུང་སླ་བ་ཡང་མེད་པའི་ཕྱིར་ཐ་སྙད་གདགས་པའི་གཞིར་མ་གྱུར་པས་ན་འདི་ཕྱིར་མི་ལྡོག་པའོ་ཞེས་གང་དུ་ཡང་མ་གསུངས་ཏེ། འཕགས་པ་འདོད་ཆགས་དང་བྲལ་བར་གྱུར་པ་དེ་དག་ལ་ཡང་དྲོད་ལ་སོགས་པའི་རྟགས་ཅི་རིགས་སུ་རང་དང་གཞན་ངེས་པར་འབྱེད་པ་དག་འབྱུང་བར་ཤེས་པར་བྱའོ། །རང་གི་རྒྱུད་ལ་བསྐྱེད་པར་མཁས་པ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་དམིགས་པ་རབ་ཏུ་


DTG087_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྲབ་པ་སྟེ། དྲོད་མ་རྙེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ལ་དམིགས་པར་བྱེད་མོད་ཀྱི། ད་དུང་བདག་དང་གཞན་མཉམ་པ་དང་བདག་དང་གཞན་བརྗེ་བར་ནུས་པ་མ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་ཡང་འདི་ཕྱིར་མི་ལྡོག་པ་ག་ལ་ཡིན། རང་བཞིན་གྱི་དབང་དུ་བྱས་པའི་ཚེ་ནི་རིགས་དང་རྐྱེན་གཉི་གས་བྱང་ཆུབ་སེམས་དཔའ་ཁ་ཅིག་ཚོགས་ཀྱི་ལམ་ཕལ་པའི་དུས་ཉིད་ན་ཕྱིར་མི་ལྡོག་པར་གྱུར་པས་ན་རང་གི་རྒྱུད་ལས་ལུང་བསྟན་པ་གསུངས་ཏེ། འོན་ཀྱང་ཕྱིར་མི་ལྡོག་པར་བརྗོད་པས་སུ་ཞིག་ཡིད་ཆེས་བྱེད་པར་ནུས། ནི་ཞེས་བྱ་བ་ནི་ངེས་པར་བཟུང་བའོ། །དབང་པོའི་ངོ་བོ་ཉིད་མ་ཡིན་པ་ཞེས་བྱ་བ་ལ། དབང་བྱེད་པའི་དོན་གྱིས་དབང་པོར་བརྗོད་པ་ཡིན་ན། ལམ་འདིར་ནི་མི་མཐུན་པའི་ཕྱོགས་མ་དད་པ་དང༌། ལེ་ལོ་ལ་སོགས་པ་གཞོམ་པར་ངེས་པར་དབང་བྱེད་པར་ནུས་པ་མ་ཡིན་ཏེ། རེས་འགའ་མི་མཐུན་པའི་ཕྱོགས་མཐུ་ཆེ་བར་གྱུར་པའི་ཕྱིར་རོ། །ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པ་མ་ཡིན་ཏེ་ཞེས་བྱ་བ་ལ་བར་ཆད་མེད་པར་འཐོབ་པ་མ་ཡིན་གྱི་ཞེས་དགག་གི་རིམ་གྱིས་མི་འཕགས་པའི་སྐྱེ་བོ་ཐམས་ཅད་སངས་རྒྱས་ཉིད་དུ་འགྱུར་བར་སྔར་བསྟན་པའི་ཕྱིར་རོ། །དེ་དག་ཉིད་དབང་པོ་རྟུལ་པོས་རྟོགས་པར་དཀའ་བའོ་ཞེས་བྱ་བ་ནི། ཐེག་པ་ཆེན་པོ་དབུ་མ་པ་དག་གིས་རྟོགས་པར་དཀའ་བར་བརྗོད་པ་འདི་ཉིད་ལ་རྣལ་འབྱོར་སྤྱོད་པ་བ་དག་ནི་རིགས་ཆད་པས་ས་བོན་ཚིག་པ་ལྟ་བུ་ཞེས་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྐུར་བ་སྨྲ་པར་བྱེད་དོ། །ཆོས་ཉིད་ཡིན་པས་ཞེས་བྱ་བ་ནི་བྱེད་པ་པོ་མེད་བཞིན་དུ་དངོས་པོ་སྒྱུ་མ་ལྟ་བུ་རྣམས་ཀྱི་ནུས་པ་སྒྱུ་མ་ཙམ་ཞིག་རིགས་པའི་ཁུར་མི་ཐེག་པར་དེ་ལྟར་གྲུབ་པར་ཟད་དེ། འདི་ཅིའི་ཕྱིར་ཞེས་སུས་ཀྱང་དཔྱད་དུ་ནི་མེད་ཅེས་བྱ་བའི་དོན་ཏོ། །འདིས་ནི་འཐད་པ་བསྒྲུབ་པའི་རིགས་པ་རྟོག་གི་བཀག་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པར་འབྱུང་བ་ཞེས་བྱ་བ་ལ། འདིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་དག་རེ་རེ་ལ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་དུ་དབྱེ་བར་བྱ་སྟེ། རེ་ཞིག་དྲོད་ཀྱི་དབང་དུ་བྱས་ཏེ་མཉམ་པ་ནི་ཆུང་ངུའོ། །བྱམས་པ་དང་ཕན་པ་དང༌། ཁོང་ཁྲོ་བ་མེད་པ་དང༌། རྣམ་


DTG087_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཚེ་བའི་སེམས་མེད་པའི་རྣམ་པ་ལྔ་ནི་འབྲིང་ངོ༌། །ཕ་དང་མའི་སེམས་དང༌། སྤུན་དང་སྲིང་མོའི་སེམས་དང༌། བུ་དང་བུ་མོའི་སེམས་དང༌། བཤེས་དང་གྲོགས་ཀྱི་སེམས་དང༌། གཉེན་དང་སྣག་གི་གཉེན་མཚམས་ཀྱི་སེམས་རྣམས་ནི་ཆེན་པོའོ། །རྩེ་མོའི་དབང་དུ་བྱས་ཏེ་ནི་མི་དགེ་བ་དང་དགེ་བ་ལ་གྲངས་བཞིན་དུ་ཉམས་པ་དང༌། ལེན་པའི་སྒོ་ནས་ལྡོག་པ་དང་ཞུགས་པའི་བདག་ཉིད་ཅན་དེའི་སྒོ་ནས་རྣམ་པ་གཞན་རྣམས་སྡིག་པ་ལས་ལྡོག་པ་དང༌། དགེ་བ་ལ་གནས་པ་དག་ལ་སྦྱོར་བའི་རྣམ་པ་གཉིས་དང་ཞེས་བྱ་བ་ནི་རིམ་པ་བཞིན་དུ་ཆུང་ངུ་དང་འབྲིང་ངོ། །གཞན་དག་ཉིད་དེ་ལྟར་ཞུགས་པ་རྣམས་ལ་བསྔགས་པ་པ་བརྗོད་པ་དང་མཐུན་པར་བྱེད་པ་ཞེས་བྱ་བ་ནི་ཆེན་པོའོ། །བཟོད་པའི་དབང་དུ་བྱས་ཏེ་ནི་སྦྱོར་བ་དང་བསྔགས་པ་བརྗོད་པ་དང་མཐུན་པར་བྱེད་པ་ཞེས་བྱ་བ་རྣམས་རིམ་པ་བཞིན་དུ་ཆུང་ངུ་དང་འབྲིང་དང་ཆེན་པོ་སྦྱར་རོ། །འཇིག་རྟེན་ཆོས་ཀྱི་མཆོག་གི་དབང་དུ་བྱས་ཏེ་ནི་སྨིན་པར་བྱེད་པ་དང༌། གྲོལ་བར་བྱེད་པའི་ལམ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབང་དུ་བྱས་པ་དེ་དག་རིམ་པ་བཞིན་དུ་ཆུང་ངུ་དང་འབྲིང་དང་ཆེན་པོར་སྦྱར་བར་བྱའོ། །དེ་ལྟར་ན་འདིར་ཞེས་བྱ་བས་སྔར་ཐམས་ཅད་མཁྱེན་པ་ལ་སོགས་པའི་དབང་དུ་བྱས་ཏེ། རིམ་གྱིས་རྒྱུད་ལ་ལམ་བསྐྱེད་པའམ། ཐོས་པ་དང་བསམ་པའི་ཤེས་པའི་ཤེས་རབ་གཙོ་བོར་བྱས་པའི་ཚེ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་དག་དེ་ཡང་རྗེས་སུ་མཐུན་པ་དང༌། ཁྱད་པར་ཅན་དང༌། རབ་ཏུ་རྟོགས་པ་དང༌། གཞན་དུ་ཡོངས་སུ་བསྒྱུར་བ་དང༌། ཚེ་གཅིག་པ་དང༌། སྟན་གཅིག་པ་སྟེ། རྣམ་པ་དྲུག་ཅེས་བརྗོད་པར་བྱ་ལ། འདིར་ནི་དབྱེའོ་ཞེས་དགོངས་པའི་ཕྱིར་འདིར་ཞེས་བྱ་བ་སྒྲ་སྨོས་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་ཞེས་བྱ་བ་ནི་རང་བཞིན་གྱི་རྣམ་པར་རྟོག་པ་རབ་ཏུ་སྲབ་ཅིང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མེད་དོ། །རང་དང་མཐུན་པའི་འབྲས་བུ་ཞེས་བྱ་བ་ལ་རང་ནི་མཉམ་པར་གཞག་པའི་ཡེ་ཤེས་ཏེ་དེ་དང་མཐུན་པའི་འབྲས་བུ་ནི་ཇི་ལྟར་མཉམ་པར་གཞག་པའི་ཚེ་ན་དངོས་པོ་གཉིས་སུ་མི་འཛིན་པས་ན་གཟུང་བ་


DTG087_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཛིན་པར་སྣང་བ་ཉིད་མེད་པ་ལྟར་དེ་ལས་ལངས་པ་ན་ཡང་གཟུང་བ་དང་འཛིན་པར་སྣང་བ་ཙམ་ཞིག་ཡོད་དུ་ཟིན་ཀྱང་གཉིས་སུ་ཞེན་པ་མེད་པའི་ཕྱིར་ན་དེ་རང་གི་རྒྱུད་དང་མཐུན་པའི་འབྲས་བུར་བརྗོད་དོ། །རྣལ་འབྱོར་པ་རྣམས་ཀྱི་ཞེས་བྱ་བ་ནི་བདེན་པ་མཐོང་བ་རྣམས་ཀྱིའོ། །ཐ་སྙད་རྣམས་ནི་བྱ་བ་ལ་འཇུག་པའི་བདག་ཉིད་རྣམས་ཏེ་དེ་རྣམས་ནི་དུས་དང་ཡུལ་ཐམས་ཅད་དུ་རང་གིས་མཉམ་པར་གཞག་པའི་དུས་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་རང་བཞིན་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ཏེ། འདི་ནི་བཟང་ངོ༌། །འདི་ནི་ངན་པའོ། །བདག་གིས་ཆོས་འདིའི་ཕྱིར་ཆོས་སྨྲ་བ་འདི་ལ་ལུས་འདི་འབུལ་ཞིང་སྲོག་ནི་བཏང་ངོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་དེ། བརྡ་ལ་བློ་བྱང་བ་དག་གིས་མེ་ལོང་ལ་སོགས་པར་གཟུགས་བརྙན་མཐོང་བ་ན་སྣང་བ་ཙམ་ཞིག་ཡོད་ཀྱང་དེ་ལ་ཇི་ལྟར་ཡང་མི་རྩོལ་བར་གནས་པ་བཞིན་ནོ། །དེ་ལྟར་ན་འོ་ན་བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ཐོབ་པ་ནི་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་བརྒྱ་ཡོངས་སུ་སྦྱོང་ངོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། དེའི་ཕྱིར་སེམས་ཅན་གདུལ་བའི་དགོས་པའི་དབང་མ་གཏོགས་པར་ནི་དེ་ལྟར་ངེས་པའོ་ཞེས་ཚིག་ཐ་མ་ཁོང་ནས་དབྱུང་སྟེ་དེས་ན་སེམས་ཅན་ཐམས་ཅད་གདུལ་བའི་དགོས་པའི་དབང་ཉེ་བར་གནས་པ་ན་སྔོན་གྱི་སྨོན་ལམ་གྱི་མཐུས་སྒྱུ་མ་ཙམ་དུ་འདི་ལ་ཆོས་ཉིད་འདི་ལྟ་བུ་ཞིག་བདག་གི་བསྟན་ཏོ་སྙམ་པ་ལ་སོགས་པ་འབྱུང་བར་འགྱུར་ཏེ། དགོས་པའི་དབང་དུ་རྒྱལ་བ་རྣམས། །ང་དང་ང་ཡི་གསུངས་པ་ལྟར། །ཞེས་བསྟན་པ་ལྟ་བུའོ། །འགྲོ་བ་འགའ་ཞིག་འདུལ་བའི་ཕྲིན་ལས་མི་མཛད་པའི་ཚེ་ན་ནི་སྔར་བསྟན་པ་ལྟར་རང་དང་མཐུན་པའི་འབྲས་བུ་ཙམ་ཞིག་ལ་གནས་ཀྱི་དོན་མཛད་པའི་རྣམ་པར་རྟོག་པ་ལ་སོགས་པ་ཅི་ཡང་མི་མངའ་བས་དེ་དག་ཀྱང་ཉེ་བར་བརྟགས་ནས་བཤད་དེ། བཏགས་པ་ནི་འདིར་དོན་མཛད་པའི་གནས་སྐབས་དེ་མི་མཛད་པའི་དུས་ལ་ཡང་འབྲས་བུས་རྒྱུ་ལ་བཏགས་ཏེ་བརྗོད་དོ། །བཏགས་པའི་དགོས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རྣམ་པར་རྟོག་པ་མེད་པས་ཆོས་ཉིད་རྟོགས་པ་ཁོ་ན་དང་མཐུན་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །གཞན་དག་ནི་


DTG087_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད་པ་དང་མི་མཛད་པའི་གནས་སྐབས་གཉིས་སུ་ནི་མི་དབྱེའི་དོན་མཛད་པར་སྣང་བའི་ཚེ་ན་ཡང་རྟོགས་པ་དང་མཐུན་པ་ལས་མ་ཉམས་མོད་ཀྱི། དོན་གང་དང་གང་ཞིག་མཛད་པའི་ཏིང་ངེ་འཛིན་རྣམས་སུ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་འཇུག་པ་ཡིན་ཏེ། ཇི་སྐད་དུ་འཇམ་དཔལ་སྒྲ་སྐད་ཐམས་ཅད་བརྡ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་སྒྲ་སྐད་དང༌། བརྗོད་པ་དང་བརྡ་ཐམས་ཅད་རྟོགས་ཤིང་ཡི་གེ་ཐམས་ཅད་ཀྱི་ཡི་གེ་གཅིག་སྟོན་པ་དང༌། ཡི་གེ་གཅིག་གིས་ཡི་གེ་ཐམས་ཅད་སྟོན་པར་བྱེད་དོ། །འཇམ་དཔལ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་བསོད་ནམས་དང་དགེ་བའི་རྩ་བ་ཐམས་ཅད་དོགས་ཤིང་སྟོན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། དེ་ཏིང་ངེ་འཛིན་དེ་ཐོབ་ནས་བྱང་ཆུབ་སེམས་དཔའ་ཅང་མི་སྨྲ་བར་སྙོམས་པར་ཞུགས་ཏེ། ཡི་གེ་གཅིག་ཙམ་ཡང་མི་བརྗོད་པར་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་དང༌། ཉན་ཐོས་ཀྱི་སྒྲ་དང༌། རང་སངས་རྒྱས་ཀྱི་སྒྲ་དང༌། བྱང་ཆུབ་སེམས་དཔའི་སྒྲ་དང༌། ཕ་རོལ་ཏུ་ཕྱིན་པའི་སྒྲ་ཐོས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟར་གང་ཡང་རུང་སྟེ་ཕྱོགས་གཉི་ག་ལ་བཏགས་པར་བསྟན་པ་ཡོད་པས་བཏགས་པའི་དགོས་པ་བསྟན་པ་ནི་དེ་ལྟ་མ་ཡིན་ན་རྣལ་འབྱོར་པའི་རྒྱུད་ལ་སོ་སོ་རང་གིས་རིག་པས་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན་ཞེས་བྱ་བ་གསུངས་ཏེ། བཏགས་པ་ཙམ་གྱིས་ཀྱང་དེའི་ཡོན་ཏན་མ་བསྟན་ན་སུ་ཞིག་མཐོང་བའི་ལམ་ལ་ཡིད་ཆེས་ནས་ཐོབ་པར་བྱ་བའི་ཕྱིར་འཇུག་ཆེས་བྱ་བའི་དོན་ཏོ། །བསྒོམ་པའི་ལམ་ཟབ་པ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ལམ་ནི་ཟབ་པ་དང༌། རྒྱ་ཆེ་བ་ཡིན་ལ་བསྒོམ་པའི་ལམ་ནི་ཕལ་ཆེར་ཤེས་བྱའི་སྒྲིབ་པའི་གཉེན་པོར་སྟོང་པ་ཉིད་དུ་གོམས་པར་བྱེད་པས་ན་ཟབ་པ་སྟེ། དེ་ལྟར་ན་ཟབ་པ་ལ་རབ་ཏུ་གོམས་པར་བྱས་པའི་དབང་གིས་ན་ས་བརྒྱད་པ་ལ་སངས་རྒྱས་ཀྱིས་བསྐུལ་བའི་མཐར་ཐུག་པ་ཡིན་ནོ། །དེ་ལྟར་རབ་ཏུ་ཟབ་པའི་སྟོང་པ་ཉིད་ཆེན་པོ་མངོན་དུ་བྱེད་པས་ན་སྔར་སྟོང་པ་ཉིད་ལ་སོགས་པ་ལ་ཡང་གཟུགས་


DTG087_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ། སྟོང་པ་ཉིད་ལ་སོགས་པ་གཟུགས་ལས་གཞན་པ་ཡང་མ་ཡིན་པས་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་བདེན་པ་བསྟན་ཏེ། གཉེན་པོའི་སྟོབས་ཀྱི་བློ་ཆོས་ཀྱི་དབྱིངས་ཇི་ལྟ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །པ་རི་ནི་གོང་དུའོ། །མཐོང་བའི་དོན་ནི་ཡེ་ཤེས་ཀྱིས་རིམ་གྱིས་ཉམས་སུ་མྱོང་བའི་དོན་དེ་ལའོ། །སེམས་པ་ནི་ཐོས་པའི་ཤེས་རབ་ཀྱིས་སམ་སྦྱོར་བའི་དུས་ནའོ། །འཇམ་པ་ནི་བསམ་པའི་ཤེས་རབ་ཀྱིས་སམ་དངོས་ཀྱིས་སོ། །ངེས་པར་རྟོགས་པ་ནི་བསྒོམ་པའི་ཤེས་རབ་ཀྱིས་སམ་རྗེས་ལས་བྱུང་བས་སོ། །དེ་རྣམ་པ་དུ་ཞིག་ཅེ་ན་ཞེས་བྱ་བ་ལ་སོགས་པས་ནི་དང་པོ་ལམ་ཤེས་པའི་སྐབས་སུ་ཕྱེ་བའི་བསྒོམ་པའི་ལམ་དེ་དག་རེ་རེ་ལ་ཡང་རྣམ་པར་དག་པ་དགུ་དགུར་བསྟན་ཅིང་དེ་ལས་མང་བ་ནི་རྒྱལ་བའི་ཡུམ་དེ་དང་དེ་ལས་ཞེས་བྱ་བ་ལ་སོགས་པས་འགེགས་པར་བྱའོ། །ཇི་ལྟར་དེ་བཞིན་ཉིད་རབ་ཀྱི་མཐར་ཕྱིན་པའི་མཚན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དོན་མངོན་སུམ་དུ་གྲུབ་པར་སྣང་བ་ལྟར་རང་གི་དོན་ཡང་དོན་དམ་པར་རང་བཞིན་མེད་བཞིན་དུ་ཀུན་རྫོབ་ཏུ་འགྲུབ་པར་ཅིས་ན་མི་འགྱུར་ཞེས་བསྟན་པའོ། །རྒྱུ་མེད་པར་འཇིག་པ་ཡིན་ལ་ཞེས་བྱ་བ་ནི་སེམས་ཅན་ཕ་རོལ་ལ་སོགས་པས་གནོད་པ་མ་བྱས་ཀྱང་རུང་སྟེ། འཇིག་པའི་བྱེད་པ་པོ་མེད་པར་རང་གི་ངང་གིས་འཇིག་པ་ཡིན་ཏེ། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ལ་ཡོད། །བྱ་བ་བྱུང་བ་ཉིད་ཡིན་པས། །བྱེད་པ་ཞེས་སུ་དེ་ལ་བྱ། །ཞེས་གསུངས་པ་ལྟ་བུའོ། །སྐད་ཅིག་མ་ཉིད་ཀྱིས་ཞེས་བྱ་བ་འདི་ནི་དེའི་རྒྱུ་མཚན་དུ་སྦྱར་རོ། །དེས་ན་གསུམ་པ་འདི་ནི་རྒྱུ་མཚན་དུ་བལྟ་བར་བྱའོ། །འདིར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ནི་དངོས་པོ་རྣམས་ལ་ནི་སྐད་ཅིག་མའི་མི་རྟག་པ་མེད་མོད་ཀྱི། གདུལ་བྱའི་ཡིད་འབྱུང་བར་བྱ་བའི་ཕྱིར་དེ་ལྟར་བསྟན་ཏེ་མི་རྟག་པ་ནི་རྒྱུན་ཆད་པའི་མི་རྟག་པ་འབའ་ཞིག་གོ་ཞེས་གསུངས་སོ། །མདོ་སྡེ་རྒྱན་ལ་སོགས་པའི་ལུགས་ཀྱིས་ནི་དངོས་པོ་རྣམས་ལ་དེ་ལྡན་པར་བསྟན་ཏེ། རང་རང་གི་རྣམ་པར་རྟོག་པའི་དབང་ཙམ་ལས་དེ་དངོས་པོ་ཞེས་བྱ་བ་རང་གྲུབ་པ་མེད་ཅེས་བརྗོད་པས་དེ་དག་འཐད་པར་འགྱུར་རོ། །ཕྱོགས་འདིས་ཀྱང་


DTG087_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྒོལ་བ་དེ་ནི་མི་གནོད་ཅེས་ལན་དང་པོར་བརྗོད་པའོ། །གྲུབ་པའི་མཐའ་ལས་ཀྱང་ཞེས་བྱ་བ་ལ་སོགས་པས་ཀྱང་ལན་གཉིས་པ་སྟོན་ཏེ་དངོས་པོར་མངོན་པར་ཞེན་པ་རབ་ཏུ་མ་སྤངས་པ་ཁྱེད་རང་གི་གྲུབ་པའི་མཐའ་སྟེ། རིགས་པ་དང་ལུང་གིས་རང་ཏུ་བསྟན་པར་རང་གི་འདོད་པ་གྲུབ་པ་ནི་དེ་ནས་ཕར་ཡང་འགྲོར་མེད་པས་ན་མཐའོ། །དེ་ཙམ་དུ་ཁྱེད་ཀྱིས་གཏན་ལ་ཕབ་པའི་འདོད་པ་སྟོན་པའི་གཞུང་ལས་ནི། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་འབྱུང་བའི་ཕྱིར་ན་རང་གི་ལས་ཀྱིས་རང་ཤི་ན་དེ་ལ་གསོད་པ་པོ་ལ་སྡིག་པར་ཇི་ལྟར་འགྱུར་ཞེས་འདྲི་བ་འདི་ཁྱེད་ལ་ཁོ་བོ་ཅག་གི་ཟླའི་ཤུགས་ཀྱིས་དྲིས་པ་ན་ཁྱེད་ལ་ཡང་ཁོ་བོ་ཅག་དང་མཚུངས་པར་གནོད་པར་འགྱུར་ཏེ། དེའི་ཕྱིར་སློབ་དཔོན་དུལ་བ་ལྷའི་ཞལ་སྔ་ནས་ཉེས་པ་མཚུངས་པ་ཁོ་ནས་ཕ་རོལ་པོ་ཚོམས་པར་འགྱུར་བས་དེ་ལ་ཉེས་པ་གཞན་ནི་མི་བརྗོད་དོ་ཞེས་བསྟན་ཏེ་འདི་ཡང་ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ། ཆོས་ཁ་ཅིག་འགྲོ་བ་རྣམས་ལ་མངོན་སུམ་ལ་སོགས་པས་གནོད་པ་ལྟ་བུར་སྣང་ཡང་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་ཁས་བླང་བར་བྱ་བ་ཡོད་དེ། ཚ་བས་ཏིག་པ་ལ་སླར་ཚ་བས་གདུང་བ་ལ་སོགས་པ་ལྟ་བུའོ། །དོན་དམ་པར་ཞེས་བྱ་བ་ནི་ཁྱེད་ཀྱི་དོན་དམ་པ་ངེས་པར་ཡོད་ཅིང་དོན་བྱེད་པའི་དང་དུ་བྱས་སུ་ཟིན་ཀྱང་རང་གི་ལས་ཀྱི་འབྲས་བུ་ལ་དཔྱད་པར་ཟད་པས་ན་གང་ཟག་གཞན་དུ་བགྲང་བར་སུས་ཀྱང་སུ་ཡང་བསད་པ་ཡང་མེད་ཅེས་བྱ་བ་ལ་སོགས་པའི་ཀླན་ཀ་ཁྱེད་ལ་ཡང་འབྱུང་ཞེས་སྦྱར་རོ། །དེ་དང་དེ་ལ་ཕྱོགས་གཞན་ནས་ཞེས་བྱ་བ་ནི་དབུ་མའི་བསྟན་བཅོས་དག་ཏུ་གང་དོན་དམ་པར་མེད་པ་དེ་དག་ནི་ཀུན་རྫོབ་ཏུ་ཡང་མེད་དེ་ཞེས་རྩོད་པ་སྨྲ་བའི་ལན་བཏབ་པའི་གནས་སྐབས་དེ་དང་དེ་དག་ཏུ་ཞིབ་ཏུ་བསྟན་གྱིས་དེར་ལྟོས་ཤིག་ཅེས་བྱའོ། །ཕྱོགས་གཞན་ནས་ཞེས་བྱ་བ་ནི་རིགས་པ་གཞན་ཡང་དེ་དག་བསྟན་ཞེས་བྱའོ། །དཔེ་མ་གྲུབ་པ་ཞེས་བྱ་བ་ནི་རང་བཞིན་མེད་པ་ནི་དོན་དམ་པར་འདོད་པ་ཡིན་ལ་རྨི་ལམ་གྱི་གནས་སྐབས་ལ་སོགས་པ་ནི་ཀུན་རྫོབ་ཏུ་ཡང་རྨི་ལམ་ལ་སོགས་པ་འདྲ་ཞེས་འདོད་པས་དཔེ་མ་གྲུབ་ལ། གལ་ཏེ་ཀུན་རྫོབ་པ་ཉིད་དུ་ཞེས་ཟེར་ན་ཡང་


DTG087_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ལོག་པའི་ཚེ་སེམས་གཉིད་ཀྱིས་མཐུ་ཉམས་པ་དང༌། གཉིད་མ་ལོག་པའི་ཚེ་མ་ཉམས་པ་ནི་ནུས་པ་ག་ལ་མཉམ་པས་ན་དཔེ་མ་གྲུབ་པའོ། །སངས་རྒྱས་ཀྱི་མཛད་པ་བྱ་དགོས་པས་ཐབས་ལ་མཁས་པས་གསུངས་ཏེ་ཞེས་བྱ་བ་ལ་ཐབས་མཁས་པ་བཅུ་པོ་འདི་སངས་རྒྱས་ཀུན་ཏུ་བཟང་པོའི་ཆོས་སུ་བསྟན་ཏམ་འོན་ཏེ་མ་ཡིན། གལ་ཏེ་ཕྱོགས་དང་པོ་ལྟར་ན་ནི་ཕྱིར་མི་ལྡོག་པའི་རྟགས་ཞེས་བྱ་བ་ལ་འདི་ཇི་ལྟར་རུང་བར་འགྱུར། གལ་ཏེ་ཕྱོགས་གཉིས་པ་ལྟར་ན་ཡང་སངས་རྒྱས་ཀྱི་མཛད་པ་ཞེས་སྨོས་པར་མི་རིགས་ཀྱི་བྱང་ཆུབ་སེམས་དཔའི་བྱ་བ་བྱ་དགོས་པས་ཞེས་སྨོས་པར་རིགས་སོ་ཞེ་ན། འདི་ནི་སྔར་ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཞེས་བྱ་བར་བརྗོད་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ན། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ལ་གནས་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པའི་རྣམ་པར་འཕྲུལ་པ་སངས་རྒྱས་སུ་སྣང་བའི་དབང་དུ་བྱས་པའི་མཛད་པ་ཡིན་པར་ཤེས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་ནི་ཐབས་ལ་མཁས་པ་རྣམ་པ་བཅུ་སྟེ། དེ་དག་བྱང་ཆུབ་སེམས་དཔའི་མཆོག་དེ་དག་གིས་དམིགས་པར་བྱ་བ་ཡིན་པས་ན་ཡུལ་ཏེ། མངོན་སུམ་དུ་བྱ་བ་ནི་དཀའ་ཐུབ་སྤྱོད་པ་ལ་སོགས་པ་ལུས་དང་ངག་དང་སེམས་ཀྱིས་ཅི་རིགས་སུ་ཉམས་སུ་བླང་བའོ། །དུས་དང་དུས་མ་ཡིན་པ་ཤེས་པའི་སྦྱོར་བ་ནི་ཞེས་བྱ་བ་ནི་སེམས་ཅན་འདུལ་བར་འགྱུར་བ་ནི་མངོན་སུམ་དུ་བྱ་བའི་དུས་ཡིན་ལ། གལ་ཏེ་དེ་དག་མི་འདུལ་ན་དོན་མེད་པས་མངོན་དུ་བྱ་བའི་དུས་མ་ཡིན་ནོ། །དེ་ལྟར་ཤེས་པའི་སྦྱོར་བ་སྟེ་ཤེས་ནས་མངོན་སུམ་དུ་བྱ་བའམ་མི་བྱ་བ་ལ་སྦྱོར་བ་ནི་ཐབས་མཁས་པ་ཡིན་ནོ། །དེས་ན་ནི་ཞེས་བྱ་བ་ནི་ངེས་པར་བཟུང་བའོ། །སྐབས་བཞི་པའི་འགྲེལ་བཤད་རྫོགས་སོ།། །།

སྐབས་ལྔ་པའི་འགྲེལ་བཤད།


DTG087_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐབས་བཞི་པ་རྣམ་པར་ཕྱེ་ནས་ད་ནི་སྐབས་ལྔ་པ་བསྟན་པ་དབྱེ་བའི་ཕྱིར་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཀྱིས་མཐར་ཕྱིན་པའི་རྟོགས་པ་འབྱུང་ངོ་ཞེས་གོ་སླ་བར་བྱ་བའི་ཕྱིར་རྟོགས་ལ་སོགས་པ་བསྙད་པ་སྔོན་དུ་འགྲོ་བའི་རྩེ་མོའི་མངོན་པར་རྟོགས་པ་ཞེས་བྱ་


DTG087_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། རབ་ཀྱིས་མཐར་ཕྱིན་པ་ནི་འོག་ནས་འཆད་པའི་ཚུལ་གྱིས་ས་མི་གཡོ་བ་ཐོབ་པར་གྱུར་ཕྱིན་ཅད་དོ། །དེ་ནས་བརྩམས་ཏེ་སྔར་ཇི་ལྟར་ཉམས་སུ་མྱོང་བའི་དྲོད་ལ་སོགས་པ་ཡང་འདྲིས་པར་བྱེད་པའི་ཚེ་རྟགས་རྣམ་པ་བཅུ་གཉིས་དང་ལྡན་པ་ལ་སོགས་པའི་རྟོགས་པ་འབྱུང་ངོ་ཞེས་སྐབས་ཐ་དད་པ་གཅིག་ཏུ་བསྟན་པ་ནི་བསླབ་པའི་ཚེ་ས་མཚམས་གང་དུ་འདི་དག་སྦྱར་བ་གོ་སླ་བར་བྱ་བའི་ཕྱིར་ཏེ། དགོས་པ་དེ་གཟིགས་ནས་སྔར་བསྟན་ཟིན་པའི་དྲོད་ལ་སོགས་པ་ཡང་རྟགས་ལ་སོགས་པར་བསྙད་པ་སྟེ། མིང་གཞན་དུ་བཏགས་པས་དེ་དག་སྔོན་དུ་འགྲོ་བའི་རྩེ་མོའི་མངོན་པར་རྟོགས་པ་གསུངས་སོ། །དེའི་ཕྱིར་ན་འདིར་རྩེ་མོ་ཞེས་བྱ་བ་ནི་དང་པོ་རིམ་གྱིས་སྐྱེ་བའི་དུས་དང༌། ས་གཉིས་པ་ལ་སོགས་པ་སྔར་ཇི་ལྟར་བསྐྱེད་པ་གོམས་པར་བྱས་པའི་ཆོས་དག་པས་མཆོག་ཏུ་གྱུར་པའི་ཕྱིར་སྐབས་འདིས་བསྡུས་པའི་དོན་ཀུན་རྩེ་མོར་གཞག་གོ །ཡང་ན་རྩེ་མོ་ནི་སྐབས་འདིར་བསྟན་པའི་དྲོད་ལ་བྱ་སྟེ་འདིར་བསྟན་པའི་དྲོད་ནི་སྔར་བསྟན་པའི་མཐོང་བའི་ལམ་ལ་སོགས་པ་མཆོག་ཏུ་གྱུར་པའི་ཕྱིར་ན་རྩེ་མོའོ། །དེ་ལྟར་ན་རྩེ་མོ་ལ་སོགས་པ་པའི་མངོན་པར་རྟོགས་པ་ནི་རྩེ་མོའི་མངོན་པར་རྟོགས་པའོ། །དེ་ལ་རྟགས་ནི་ཕྱི་དང་ནང་གི་རྟགས་བཅུ་གཉིས་བསྟན་པ་དང་ལྡན་པས་རྟགས་ཏེ། དེས་བསྟན་པའི་དོན་གྱིས་རྟགས་ཅན་ལས་རྟགས་སུ་བསྟན་པའོ། །རྣམ་པར་འཕེལ་བ་ནི་ཇི་སྐད་སྨོས་པའི་བསོད་ནམས་བཅུ་དྲུག་གིས་འཕེལ་བའི་ཕྱིར་རོ། །ངེས་པ་ཞེས་བྱ་བ་ནི་སྔར་ཉམས་སུ་མྱོང་བ་མི་གསལ་བ་རྣམས་འདིར་རབ་ཏུ་གསལ་བར་མཐོང་བས་ན་མཐོང་བ་ཕྱིན་ཅི་མ་ལོག་པ་ནི་ངེས་པ་སྟེ། དེའི་ཕྱིར་ན་བསྟན་པ་ཞེས་ཀྱང་བསྟན་ཏོ། །སེམས་ཀུན་ཏུ་གནས་པ་ནི་འགའ་ཞིག་ངེས་པར་གཏན་ལ་ཕེབས་པས་མཐོང་བའི་དོན་ལ་ཐེ་ཚོམ་མེད་པ་དེ་ནི་དེ་ཉིད་ལ་སེམས་རྩེ་གཅིག་པའི་ཚུལ་གྱིས་ཀུན་ནས་གནས་ཀྱི་དམིགས་པ་གཞན་མི་ཚོལ་བས་ན་སེམས་ཀུན་ཏུ་གནས་པའི། །ཚིག་གི་དོན་ནི་གོ་སླའོ། །ད་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་རེ་རེ་ཡང་རྣམ་པར་རྟོག་པ་བཞི་བཞི་དང་ལྡན་པར་བསྟན་པ་དང༌། གཉེན་པོའི་ཚོགས་ཀྱང་རྣམ་པར་རྟོག་པའི་རིགས་བཞི་


DTG087_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉིས་སུ་བསྡུས་པ་ཁམས་ཀྱིས་ཕྱེ་ན་ཁམས་རེ་རེ་ན་སུམ་ཅུ་རྩ་དྲུག་ཏུ་ཡོད་པས་སྤྱིར་ཁམས་གསུམ་ཅར་གྱི་དབང་དུ་བྱས་པའི་ཚེ་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་དུ་བགྲང་བ་དེ་དག་འདིར་སྤོང་བ་དེ་བསྟན་པའི་ཕྱིར་མཐུན་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་བསྟན་པའི་ཚུལ་གྱིས་མི་མཐུན་པའི་ཕྱོགས་ནི་རྣམ་པར་རྟོག་པའི་རིགས་གཉིས་སོ། །དེ་ལ་རྣམ་པར་རྟོག་པ་ཡང་རྣམ་པ་བཞི་སྟེ། རང་བཞིན་གྱི་རྣམ་པར་རྟོག་པ་འདོད་ཆགས་ལ་སོགས་པ་དང་གཉེན་པོའི་རྣམ་པར་རྟོག་པ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངན་འགྲོའི་གཉེན་པོར་གྱུར་བ་དང༌། དེ་ཁོ་ནའི་རྣམ་པར་རྟོག་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་དང༌། འཐོབ་པའི་རྣམ་པར་རྟོག་པ་སྐུ་གསུམ་གྱིས་བསྡུས་པ་རྣམ་པ་ཏེ། འདི་དག་ནི་འཕགས་པ་རྣམ་པར་མི་རྟོག་པ་ལ་འཇུག་པ་ཞེས་བྱ་བའི་གཟུངས་ལས་ཁོང་དུ་ཆུད་པར་བྱའོ། །དེ་དག་ལ་འདིར་དང་པོ་མཐོང་བའི་ལམ་གྱི་དབང་དུ་བྱས་པའི་གཟུང་བའི་རྣམ་པར་རྟོག་པ་གཉི་ག་ཡང་གཉེན་པོ་ལ་རྣམ་པར་རྟོག་པ་དང༌། དེ་ཁོ་ནའི་རྣམ་པར་རྟོག་པ་དང༌། འཐོབ་པའི་རྣམ་པར་རྟོག་པ་རྣམས་སུ་ཅི་རིགས་སུ་སྦྱར་རོ། །དེ་ཉིད་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་ཀྱང་དེ་དང་འདྲ་བ་ཉིད་ལས་འཛིན་པའི་རྣམ་པར་རྟོག་པ་ཐ་མ་ནི་རང་བཞིན་གྱི་རྣམ་པར་རྟོག་པའི་རྒྱུ་ལས་བྱུང་བའི་གཉེན་པོའི་རྣམ་པར་རྟོག་པ་སྟེ། རང་བཞིན་གྱི་རྣམ་པར་རྟོག་པ་འདོད་ཆགས་ལ་སོགས་པ་ནི་ལམ་དྲུག་ཏུ་བསྐལ་པ་དུ་མ་ཞིག་ཏུ་ཟིལ་གྱིས་མནན་ཏེ། དེའི་ཕྱིར་མཐོང་བའི་ལམ་ལ་སོགས་པར་དེ་དག་རབ་ཏུ་བསྲབ་པའི་ཕྱིར་གཅིག་ཏུ་འབད་པར་བྱ་བ་མ་ཡིན་པས་ན་དེ་དག་ལ་མ་སྨོས་སོ། །ཡང་བསྒོམ་པའི་ལམ་གྱི་དབང་དུ་བྱས་པའི་རྣམ་པར་རྟོག་པའི་རིགས་བཞི་ཡང་གཉེན་པོ་དང་དེ་ཁོ་ན་དང་ཐོབ་པའི་རྣམ་པར་རྟོག་པའི་དབང་དུ་བྱས་པར་ཅི་རིགས་སུ་སྦྱར་ཏེ། རང་བཞིན་གྱི་རྣམ་པར་རྟོག་པ་མ་ཡིན་པའི་རྒྱུ་མཚན་སྔ་མ་བཞིན་ནོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་རྣམས་ལམ་གཉི་གའི་སྦྱོར་བའི་གནས་སྐབས་ཉེར་བསྔོགས་ཀྱིས་སྤོང་བར་བྱེད་པ་ནི་དེ་དག་རགས་པས་ཤེས་པར་


DTG087_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སླ་བའི་ཕྱིར་རོ། །འཛིན་པའི་རྣམ་པར་རྟོག་པ་རྣམས་ལམ་གཉི་གས་འཇུག་པའི་གནས་སྐབས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་སྤོང་བ་ནི་དེ་དག་ཕྲ་བའི་ཕྱིར་ཉེར་བསྡོགས་ཀྱིས་སྤོང་བར་མི་ནུས་པའི་ཕྱིར་ཏེ། སྦྱོར་བའི་གནས་སྐབས་ན་མོས་པ་ཡིད་ལ་བྱེད་པ་ལྟ་བུ་ཡིན་ལ་འཇུག་པའི་གནས་སྐབས་ནི་དེ་ཁོ་ན་དེ་ཁོ་ན་ཡིད་ལ་བྱེད་པ་ལྟ་བུའི་ཕྱིར་རོ། །དེ་ལ་དེ་དག་ཀྱང་གནས་སྐབས་གཉིས་པོ་དེ་དེར་གཅིག་ནས་ཕྱེ་སྟེ་སྤོང་ངམ་འོན་ཏེ་བསྡོམས་ཏེ་སྤོང་ཞེ་ན། སྦྱོར་བའི་གནས་སྐབས་སུ་ནི་གཅིག་ནས་ཕྱེ་སྟེ་སྤོང་ལ་འཇུག་པའི་གནས་སྐབས་སུ་ནི་བསྡོམས་ཏེ་སྤོང་བར་བྱེད་དོ། །འདིར་སྤོང་བར་བྱ་བའི་རྣམ་པར་རྟོག་པའི་རིགས་དེ་དག་སྔར་མཉམ་པར་མ་བཞག་པ་ནི་མངོན་པར་རྟོགས་པའི་དོན་བསྒོམ་པའི་རིམ་པས་ལེགས་པར་ཡིད་ལ་བྱས་ལ། དེ་ནས་སྙིང་པོའི་དོན་བསྒོམ་པ་ནི་དེ་དག་རེ་རེ་ཡང་གཅིག་དང་དུ་མ་ལ་སོགས་པས་དབེན་ཞིང༌། ཇི་སྐད་བསྟན་པའི་བདག་དང་ཕུང་པོ་ནས་བརྩམས་ཏེ་ཡང་དག་པའི་ཡེ་ཤེས་ཀྱི་བར་དུ་ཡང་དག་པར་མ་གྲུབ་པར་བསྒོམས་པས་རིམ་གྱི་སྤོང་བ་དང༌། ཇི་ལྟར་ཡིད་ལ་བྱས་པའི་རྣམ་པར་རྟོག་པ་རྣམས་ལྕུག་མ་བཀྲམ་པ་གཏུབས་པའི་དཔེས་དུས་གཅིག་ཏུ་བསྒོམས་པས་གཞོམ་པར་བྱའོ། །དེ་བཞིན་དུ་ཁམས་རེ་རེ་ན་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་དྲུག་ཡོད་པ་ནི་དེ་དག་ཏུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་བདེན་པ་མ་མཐོང་བ་རྣམས་དང༌། བདེན་པ་མཐོང་བའི་ཡང་སྙོམས་པར་འཇུག་པ་རྒྱུའི་སྒོ་ནས་དེ་དག་ལ་དེ་ལྟར་ལྡན་པར་བསྟན་པས་ཚུལ་སྔ་མས་ཁམས་དང་དེར་དེ་དག་རང་རང་གི་ཁམས་ཀྱི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་དང༌། ཁམས་གཅིག་པོ་གང་ཡང་རུང་བ་དག་ཏུ་ལམ་བསྒོམས་པས་ཀྱང་རིམ་གྱིས་སམ་སྡོམ་པའི་ཚུལ་གྱིས་སྙིང་པོའི་དོན་བསྒོམ་པ་ཁོ་ནས་དེ་དག་སྤོང་བར་བྱེད་པར་ཤེས་པར་བྱའོ། །དེའི་ཕྱིར་ན་མངོན་པར་རྟོགས་པའི་དོན་ཡིད་ལ་བྱེད་པའི་དུས་སུ་ནི་རྒྱལ་པོའི་ལྟ་བ་པོས་ཉེས་བ་བྱེད་པ་རྣམས་ངེས་པར་བཟུང་བ་ལྟ་བུ་ཡིན་ནོ། །སྙིང་པོའི་དོན་གྱི་ཉེར་བསྡོགས་ཀྱི་དུས་སུ་ནི་ཉེས་པ་བྱེས་པའི་མི་རྣམས་གཤེད་མའི་ལག་ཏུ་ཁྲིད་པ་ལྟ་བུ་ཡིན་ནོ། །དེའི་འཇུག་པ་ལ་


DTG087_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་གནས་སྐབས་ན་ནི་དེ་དག་ལ་ཡན་ལག་བཅད་པ་དང༌། མིག་དགག་པ་ལ་སོགས་པ་ལྟ་བུ་ཡིན་ནོ། །སྙིང་པོའི་བསྒོམ་པའི་རབ་ཀྱི་མཐའ་བར་ཆད་མེད་པའི་ལམ་ལ་ནི་དེ་དག་མགོ་བཅད་པ་ལྟ་བུ་ཡིན་ནོ། །སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་སླར་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་ལྟ་བུའོ། །འདི་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས་ཀྱི་བསྡུས་པའི་དོན་ཅིག་ཅར་བསྟན་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་འོག་ཏུ་མཐོང་བའི་ལམ་ཡིན་ཏེ་ཞེས་བྱ་བ་ནི་དྲོད་ལ་སོགས་པ་བཞི་ཆར་དུ་ཕྱིར་རོལ་གྱི་དོན་སྤོང་བ་ལ་རབ་ཏུ་གོམས་པར་བྱས་ནས་དེའི་འོག་ཏུ་འཇིག་རྟེན་གྱི་ཆོས་ཀྱི་མཆོག་གི་ལམ་དུ་དུས་ཅི་རིགས་པར་དབང་པོ་ལ་སོགས་པ་དང་རྗེས་སུ་མཐུན་པར་འཛིན་པ་རང་བཞིན་མེད་པར་གོམས་པར་བྱས་ཏེ། དེ་ལྟར་གཟུང་བ་དང་འཛིན་པའི་རྣམས་པར་རྟོག་པ་རབ་ཏུ་ཉམས་སྨད་པས་སྐྱེས་བུ་ལུས་བཀྲུ་སྨན་གྱིས་སྦྱངས་པ་ལྟར་བྱས་ནས་མཐོང་བའི་ཡེ་ཤེས་རྣམ་པར་དག་པ་སྨན་བཅུད་ཀྱིས་ལེན་ལྟ་བུ་རྒྱུད་ལ་སྐྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་མཐོང་བའི་ལམ་དེ་ལའོ། །འདིར་ཁ་ཅིག་ན་རེ་མཐོང་བའི་ལམ་ནི་སྐད་ཅིག་མ་གཅིག་ཁོ་ནའི་བདག་ཉིད་ཡིན་པས་ན་གཅིག་གི་ཚིག་ཅན་དུ་མཛད་དོ་ཞེས་ཟེར་ཏེ། གལ་ཏེ་སྐད་ཅིག་མ་གཅིག་ཡིན་ན་ཇི་ལྟར་གཉེན་པོ་རྣམ་པ་བཞི་ཡོད་ཅེ་ན། མི་མཐུན་པའི་ཕྱོགས་རྣམ་པ་བཞི་ཡོད་པ་ལ་བརྟེན་པར་ཟད་དེ་གང་དག་རྣམ་པར་རྟོག་པ་མེད་པ་དེ་དག་ནི་སྐད་ཅིག་མར་ངེས་ཏེ་མངོན་སུམ་གྱི་ཚད་མ་བཞིན་ནོ། །གལ་ཏེ་སྐད་ཅིག་མ་གཉིས་པ་ལ་སོགས་པར་གྱུར་པ་ན་ནི། །ངེས་པར་རྟོག་པ་དང་བཅད་པར་འགྱུར་རོ་ཞེས་ཟེར་རོ། །འདིས་ནི་ཕྱིན་ཅི་ལོག་ཏུ་སྨྲས་པ་སྟེ། ཆོས་ཀྱི་དབྱིངས་རྟོགས་པའི་རྒྱུ་ལས་ནི་བསྐལ་པ་དུ་མ་ཞིག་ཏུ་ཡང་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་དང༌། མཐོང་བའི་ལམ་དེ་ཡང་ཐོབ་པར་བྱེད་པ་དེས་བསྡུས་པའི་ཉེར་བསྡོགས་དང་དེའི་རྗེས་ལས་ཐོབ་པ་རྣམ་པར་རྟོག་པ་དང་བཅས་པས་ཅིག་ཅར་དུ་ཞིང་བརྒྱ་སྦྱོང་ཞིང༌། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་ལ་སོགས་པས་མང་དུ་ཡོད་པས་བ་སྐད་ཅིག་མ་གཅིག་ཏུ་ག་ལ་ཞིག་ཏུ་འགྱུར་དེ་ཉིད་ཀྱི་ཕྱིར་ཁ་ཅིག་གིས་རྣམ་པར་རྟོག་


DTG087_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱ་རྩ་བརྒྱད་སྤང་བའི་ཕྱིར་མཐོང་བའི་ལམ་ཡུམ་འདིའི་སྙིང་པོ་ལ་ལན་བརྒྱ་རྩ་བརྒྱད་དུ་ཡང་སྙོམས་པར་འཇུག་པའོ་ཞེས་ཀྱང་བསྟན་ཏོ། །བརྡ་སྤྲོད་པའི་རིགས་པ་རྣམས་ནི་དོན་གྱི་ཤུགས་ཀྱིས་ཁ་ཅིག་ཏུ་མ་ངེས་པར་འགྱུར་ཏེ། དྲུག་པ་འདི་ནི་བཞི་བར་སྦྱར་རོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ལྟ་བུའོ། །དེ་ལྟར་ན་མཐོང་བའི་ལམ་དེ་ལ་དུས་ཇི་སྙེད་ཅིག་ཐོགས་ཤེ་ན། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་དང་བརྩོན་འགྲུས་དང་དད་པའི་རྗེས་སུ་འབྲང་བས་ནི་གཅིག་ཏུ་འཆད་པ་ཅི་ཡང་མེད་དེ། དེ་བཞིན་དུ་སྤྱིའི་དུས་བསྐལ་པ་གྲངས་མེད་པ་གསུམ་ཞེས་བྱ་བ་ལ་སོགས་པའི་དུས་ཀྱང་ངེས་པར་ནི་ནམ་ཡང་མི་འགྱུར་རོ། །གཉེན་པོ་རྣམ་པར་བཞི་ནི་དེ་དང་དེ་སྤོང་བའི་གཉེན་པོ་ཞེས་བཟློག་བས་གདགས་སོ། གཟུང་བའི་རྣམ་པར་རྟོག་པ་ཞེས་བྱ་བའི་སྒྲ་ནི་ཡུལ་འདོགས་པར་སྲིད་པ་དགག་པར་གཟུང་བར་བྱའོ་ཞེས་གཟུང་བར་རྣམ་པར་རྟོག་པ་ཞེས་འཆད་དོ། །ཉོན་མོངས་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པར་གཅིག་མོད་ཇི་ལྟར་དགུ་ཡིན་སྙམ་པ་ལ། ཡུལ་གྱི་དབྱེ་བས་ཞེས་བྱ་བ་སྨོས་ཏེ། ལྔ་པ་འདི་ནི་རྒྱུ་མཚན་དུ་སྦྱར་བའོ། །དངོས་པོ་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་ཞེས་བྱ་བ་ལ། དངོས་པོ་ནི་མིང་ཅན་ཏེ་ཇི་ལྟར་རྟོགས་པར་བྱེད་པའི་ཡུལ་ལོ། །མ་འབྲེལ་བ་ནི་གལ་ཏེ་དངོས་པོ་དེ་དག་བརྟགས་པ་ལྟར་ཡོད་ན་དེའི་ཚེ་འབྲེལ་བར་ཡང་འགྱུར་བ་ལྟ་ཞིག་ན། དེ་དག་མེད་པའི་ཕྱིར་མ་འབྲེལ་ཏེ་དེས་ནི་མ་འབྲེལ་ཞེས་བྱ་བ་འདིས་ནི་རྣམ་པར་རྟོག་པ་བཞི་མེད་པ་ཙམ་ཞིག་ཏུ་ཟད་ཅེས་སྟོན་པའོ། །འཇུག་པ་ཉིད་ཀྱིས་ཞེས་བྱ་བ་ནི་སྐྱེས་བུ་འགའ་ཞིག་དྷ་དུ་ར་ཟོས་པའི་རྒྱུས་ནམ་མཁའ་ལ་གསེར་གྱི་ཁབ་ལེན་པའི་ཕྱིར་འཇུག་པ་ལྟ་བུར་གཞི་མེད་པར་འཇུག་པ་སྟེ། དེའི་ཕྱིར་བར་ཆད་མེད་པའི་ལམ་གྱི་དབང་དུ་བྱས་ཏེ་ཕྱིན་ཅི་ལོག་གཞི་མེད་པ་སྤང་བའི་ཡེ་ཤེས་ཞེས་བསྟན་ཏོ། །སོ་སོའི་སྐྱེ་བོ་ཡུལ་དུ་བྱས་ཏེ་དེ་སྐྱེས་བུ་རྫས་སུ་ཡོད་པར་འཛིན་པ་དང༌། འཕགས་པའི་གང་ཟག་ཡུལ་དུ་བྱས་ཏེ་དེ་ལ་བཏགས་པར་ཡོད་པར་འཛིན་པ་ཞེས་གཟུང་བ་དང་འཛིན་པར་སྦྱར་རོ། །དེ་ལ་སོ་སོའི་སྐྱེ་བོ་དེ་དག་ནི་སྐྱེས་བུ་ཞེས་བྱ་བ་སྟེ་འཇིག་རྟེན་ལ་གྲགས་


DTG087_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྗེས་སུ་འབྲང་བའོ། །དེ་དག་རྫས་སུ་ཡོད་པ་ནི་ཡང་དག་པའི་ཀུན་རྫོབ་དོན་བྱ་བ་ལ་མཐུ་དང་ལྡན་པ་ཟླ་བ་གཉིས་པ་ལ་སོགས་པ་ལྟ་བུ་མ་ཡིན་ནོ། །འཛིན་པ་ནི་འདི་ནི་བདེན་ཏེ་མངོན་སུམ་དུ་གྱུར་བའི་ཕྱིར་དང༌། ལུང་ལས་ཀྱང་འགྲོ་བའི་ལས་ཀྱང་རང་བཞིན་དང་དབྱེ་བ་གསུངས་པའི་ཕྱིར་རོ་སྙམ་པའོ། །འཕགས་པའི་གང་ཟག་ནི་མྱ་ངན་ལས་འདས་པ་ཡིན་ལ། མྱ་ངན་ལས་འདས་པ་ནི་བཏགས་པ་ཙམ་སྟེ། ཇི་སྐད་དུ་དགེ་སློང་དག་ཆོས་ལྔ་པོ་འདི་དག་ནི་བཏགས་པ་ཙམ་སྟེ་ལྔ་གང་ཞེ་ན། འདས་པ་དང༌། མ་འོངས་པ་དང༌། མྱ་ངན་ལས་འདས་པ་དང༌། སོ་སོར་མ་བརྟགས་པའི་འགོག་པ་དང༌། གང་ཟག་རྣམས་ཏེ། འདི་དག་ནི་མིང་ཙམ་མོ་ཞེས་གསུངས་པ་རྣམས་སོ། །དེ་ལྟར་འཛིན་པ་ནི་འདི་ནི་བདེན་ཏེ་འདི་ནི་མིང་ཙམ་དུ་ཡོད་པར་གྲགས་པས་གྲུབ་ཅིང་མིང་ཙམ་པོ་དེ་མེད་ན་སུ་ཞིག་ལམ་ལ་ནན་གཏན་བྱེད་ཅེས་མིང་ཙམ་གྱི་ཞེན་པས་འཕགས་པའི་གང་ཟག་རྣམས་ཡོད་པར་རྗེས་སུ་དཔོག་པར་ཡང་བྱེད་པའོ། །དེ་དག་ཇི་ལྟར་ན་མི་མཐུན་པའི་ཕྱོགས་ཡིན་པར་འགྱུར་སྙམ་དུ་ཁ་ཅིག་རྟོགས་པར་སྲིད་པ་ལ། གང་གི་ཚེ་དེ་དག་གི་ཡུལ་གྱི་དངོས་པོར་གྱུར་པ་གཟུང་བའི་དོན་སོ་སོའི་སྐྱེ་བོ་དང་འཕགས་པའི་གང་ཟག་དེ་དག་བློས་བཏགས་པ་དེ་བཞིན་དུ་གཟུང་བར་བྱ་སྟེ། ཡུལ་གྱི་ངོ་བོར་ཡོད་པ་མ་ཡིན་པའི་ཕྱིར་ཞེས་གཏན་ཚིགས་སུ་སྦྱར་ཏེ། དང་པོ་ཕྱག་འཚལ་བའི་དོན་དགྲོལ་བའི་སྐབས་སུ་གཅིག་དང་དུ་མ་ལ་སོགས་པའི་ཚད་མས་དངོས་པོ་རྣམས་མ་གྲུབ་པར་བསྟན་པའི་ཚུལ་གྱིས་སྙིང་པོའི་དོན་བསྒོམས་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་སྒྱུ་མ་ཙམ་དུ་ཡང་མ་གྲུབ་པས་ན་དེ་དག་ལ་འཛིན་པའི་རྣམ་པར་རྟོག་པ་ཡུལ་ཅན་རྣམས་ལྟ་ག་ལ་ཞིག་འགྲུབ་ཅེས་དགོངས་པའོ། །ཁ་ཅིག་འདིར། གལ་ཏེ་གཟུང་དོན་རང་བཞིན་མེད། །དེ་དག་གང་གིས་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ཞེས་བྱ་བའི་ཚིག་འདིས་གཟུང་བའི་རྣམ་པར་རྟོག་པ་བཅྭ་བརྒྱད་ནི་ཡུལ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་བཅྭ་བརྒྱད་ནི་ཡུལ་ཅན་ནོ་ཞེས་རྣམ་པར་རྟོག་པའི་རིགས་གཉིས་ཡུལ་དང་ཡུལ་ཅན་དུ་སྦྱོར་བ་དེ་དག་གིས་ནི་ཅུང་ཟད་ཀྱང་ཁོང་དུ་མ་ཆུད་དེ།


DTG087_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དགག་པའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་གཟུང་བར་བྱའོ་ཞེས་གཟུང་བར་རྣམ་པར་རྟོག་པ་ཞེས་སྔར་སྨོས་པ་མཛད་པའོ། །གལ་ཏེ་འཕགས་པའི་གང་ཟག་བཏགས་པར་ཡོད་པ་ཙམ་དུ་རྟོག་པ་ཡང་སྐྱོན་ཡིན་ན། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །གང་མྱ་ངན་ལས་འདས་པ་ལས་ཆེས་མཆོག་ཏུ་གྱུར་པའི་ཆོས་འགའ་ཞིག་ཡོད་ན་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ནི་མཉམ་པར་མ་བཞག་པའི་ཤེས་པ་མངོན་པར་ཞེན་པ་རབ་ཏུ་སྲབ་པའི་དབང་དུ་བྱས་པ་སྟེ། མཉམ་པར་གཞག་པའི་ཚེ་ནི་སྒྱུ་མ་ཙམ་དུ་ཡང་རྟོག་པ་དགག་པར་བྱ་བའི་ཕྱིར་ཏེ། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །ཇི་ལྟར་རྣམ་པར་དགུ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་དབང་ལྟར་གཞི་རེ་རེ་ལ་བརྟེན་པའི་རྣམ་པར་རྟོག་པ་རྣམ་པར་འབྱུང་བ་བསྟན་ཏེ་གོ་སླའོ། །རྒྱུ་གང་ཡིན་པ་དེ་དག་ཞེས་བྱ་བ་ལ་རྒྱུ་དང་པོ་ནི་འགྲོ་བ་རྣམས་བྱང་ཆུབ་ཐོག་པར་བྱ་བའི་ཕྱིར་མཐོང་བའི་ལམ་ལ་སོགས་པ་ལ་སྦྱོར་བའོ། །གཉིས་པ་ནི་མཐོང་བའི་ལམ་སྐྱེས་པ་དེ་དག་བསྒོམ་པའི་ལམ་གྱིས་འཕེལ་བར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའོ། །གསུམ་པ་ནི་ངེས་པར་བྱང་ཆུབ་པར་འགྱུར་ཞིང་དེ་ནས་འགྲོ་བར་རབ་ཏུ་མང་པོ་གང་ཡང་བྱང་ཆུབ་པར་བྱེད་པའི་རྒྱུར་རྒྱལ་བའི་ཡུམ་གྱི་དོན་བསྒོམ་པའོ། །བར་ཆད་མེད་པའི་རྒྱུ་ནི་སངས་རྒྱས་ཉིད་ཀྱི་དངོས་ཀྱི་རྒྱུ་སྟེ་དེ་ཡིད་ལ་བྱས་པས་བདག་གཅིག་པུ་བྱང་ཆུབ་ཐོབ་པར་མ་ཟད་ཀྱི། རང་བས་ཆེས་མང་བའི་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་ཐོབ་པར་བྱེད་པར་འགྱུར་ཞེས་སྦྱར་རོ། །མཐོང་བའི་ལམ་འདི་བྱང་ཆུབ་ཆེན་པོའི་རྒྱུ་མཚན་དུ་བསྟན་པ་ནི་རྒྱུའི་གཙོ་བོ་སྟེ། བསྒོམ་པའི་ལམ་ཡང་དེས་ངེས་པར་བྱས་ལ། དྲོད་ལ་སོགས་པ་ཡང་དེའི་ཆེད་ཙམ་དུ་གྱུར་པས་སོ། །རྒྱུ་དང་འབྲས་བུ་དག་དོན་དམ་པར་ཡོད་པར་འཐད་པའི་དངོས་པོ་མེད་དེ། ཚད་མ་ལ་སོགས་པས་མ་གྲུབ་པའི་ཕྱིར་ཞེས་སྦྱར་ཏེ། སོགས་པ་ཞེས་པས་ནི་ངེས་པའི་དོན་དང་ལྡན་པའི་ལུང་བསྡུ་བར་བྱའོ། །གཞན་དག་ནི་ཚད་མ་ཞེས་བྱ་བ་ནི་འཐད་པ་སྒྲུབ་


DTG087_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིགས་པ་ཡིན་ལ་སོགས་པ་ཞེས་པས་ནི། རིགས་པ་ལྷག་མ་གསུམ་དང་ལུང་བཟུང་ངོ་ཞེས་འདོད་དོ། །ཆོས་ཀྱི་སྐུ་ལ་སོགས་པ་ཞེས་བྱ་བས་ནི་སྐུ་བཞི་ཆར་བཟུང་སྟེ། དེ་དག་ནི་མ་ལུས་པར་ཡང་འཁྲུལ་པའི་དྲི་མ་དང་བྲལ་བའི་ཕྱིར་ཇི་ལྟ་བ་བཞིན་གྱི་བདག་ཉིད་དོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའམ་དེ་ཁོ་ན་ཞེས་བྱ་བའི་ཚིག་ཏུ་སྟོན་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཞེས་བྱ་བ་འདི་ནི་སྔར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ་རྣམས་ནམ་མཁའ་བཞིན་དུ་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རམ་ཞེས་བྱ་བ་ལ་ཆོས་ཉིད་ཀྱི་རིགས་པ་འདི་ཁོ་ནའི་དབང་གིས་ཞེས་སྟོན་པ་སྟེ། ཆོས་ཀྱི་དབྱིངས་ལ་ཟད་པ་དང་མི་སྐྱེ་བ་མེད་པའི་ཕྱིར་ཁྱེད་ཀྱི་ལྟ་བ་འདི་མི་འཐད་དོ་ཞེས་སྟོན་པའོ། །གཅིག་དང་དུ་མའི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་འཐད་པ་སྒྲུབ་པའི་རིགས་པ་དེ་ལྟ་ཡིན་པ་གང་ཡིན་པ་དེའི་ཕྱིར་ཞེས་བརྗོད་པའི་ཚེ་ནི་རིགས་པ་འདིས་ཁྱེད་ལ་གནོད་པར་འགྱུར་བ་དེའི་ཕྱིར་ཞེས་བྱ་བ་སྟེ། ཁ་ཅིག་ནི་རྒྱུ་དང་འབྲས་བུ་ཞེས་བྱ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚད་མས་ཡིན་ལ། སོགས་པས་ཞེས་བྱ་བ་ནི་རྡོ་རྗེ་གཟེགས་མ་ལྟ་བུ་དང༌། མཐའ་བཞི་ལས་སྐྱེ་བ་དགག་པར་དག་བསྡུའོ་ཞེས་འདོད་དོ། །གང་དག་ཅེས་བྱ་བ་ནི་འགགས་པ་ཉན་ཐོས་རྣམས་དང༌། རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམས་ཏེ་དེ་དག་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་མ་གཏོགས་པས་ན་ཟད་པ་ལ་ཟད་དོ་སྙམ་པ་ལ་སོགས་པའི་ཤེས་པ་ངེས་པར་འབྱུང་བས་སོ། །རྣལ་འབྱོར་བ་རྣམས་ནི། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བས་དག་པའི་གཞི་ཡོངས་སུ་གྲུབ་པ་དོན་དམ་པའི་དངོས་པོར་ཁས་ལེན་པའི་ཕྱིར་རོ། །ཁོ་བོ་ཅག་དབུ་མ་པ་ལ་ནི་དོན་དམ་པར་དངོས་པོ་ཡོད་པ་ནི་སྐྲའི་རྩེ་མོས་བསྟན་པར་བྱ་བ་ཙམ་ཡང་མ་མཐོང་བས་ན། ཡང་དག་པར་ཟད་པ་དང་མི་སྐྱེ་བ་ནི་འདི་ལ་རུང་ངོ་ཞེས་བྱས་བའི་དོན་ཏོ། །གོ་རིམས་བཞིན་དུ་ཞེས་བྱ་བས་ནི་སྐྱེས་པ་རྣམས་ནི་ཟད་པས་དེ་འགོག་པའི་ངོ་བོ་ཡིན་ལ་མ་སྐྱེས་པ་རྣམས་ནི་སླར་སྐྱེ་བའི་གེགས་བྱེད་པའི་དབང་གིས་འགོག་པ་ཡིན་ཏེ། དེ་ལྟར་སྐྱེས་པ་དང་མ་སྐྱེས་པའི་མཚན་ཉིད་ལ་གནོད་པའི་འགོག་པ་དེ་དག་


DTG087_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་ཏེ་རྣམ་པར་རྟོག་པ་དེ་དག་མི་རྒྱུ་བ་ནི་ཁོ་བོ་ཅག་དབུ་མ་པའི་དོན་དམ་པར་བཞག་པ་དེ་བཞིན་ཉིད་ཀྱི་ངོ་བོའི་རང་བཞིན་ཡིན་ན། ཁྱེད་ནི་རྣམ་པར་རྟོག་པ་དེ་དག་དང་མ་བྲལ་བའི་ཕྱིར་ལ་དོན་དམ་པའི་བདེན་པ་རྟོགས་པའི་ལྟ་བ་མེད་ཅིང་དེ་མེད་པའི་རྒྱུས་ན་ཁྱེད་ཀྱི་མཐོང་བའི་ལམ་ཀུན་རྫོབ་ཀྱི་བདེན་པ་ལ་དོན་དམ་པའི་ལྡན་པའི་དངོས་པོར་ལོག་པར་མངོན་པར་ཞེན་པ་དེའི་སྟོབས་ཀྱིས་ཅི་ཞིག་ཟད་ཅིང་ཅི་ཞིག་སྐྱེ་ཞེས་སྦྱར་རོ། །དེའི་དབང་ལས། གཞན་གྱི་མར་འདོད་གང་ཡིན་པ། །དེ་ཉིད་གཞན་གྱི་ཆུང་མ་སྟེ། །ཁྱེད་ཀྱི་དོན་དམ་གང་ཡིན་པ། །དེ་ནི་ཁོ་བོས་ཀུན་རྫོབ་འདོད། །ཅེས་བསྟན་ཏོ། །དེ་ལ་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྙིང་པོའི་དོན་བསྒོམ་པའི་རིགས་པ་ཡིད་ལ་བྱ་བ་འདི་ནི་དབུ་མའི་བསྟན་བཅོས་ལས་ལས་གསལ་བས་བདག་གིས་འདིར་མི་བསམ་མོ། །ནོར་བུ་དང་དངུལ་ཞེས་སྨོས་པ་ནི་ཡེ་ཤེས་དེའི་དམིགས་པ་དག་ཅིང་ཡིད་དུ་འོང་བར་སྟོན་པའི་དཔེའོ། །སོགས་པ་ཞེས་དཔེ་དུ་མ་སྨོས་པ་ནི་ནོར་བུ་ལ་སོགས་པའི་དངོས་པོ་དག་པ་དུ་མ་ཞིག་སྐྱེས་བུ་མིག་དག་པས་དུས་གཅིག་ཁོ་ནར་མཐོང་ལ། དེ་དག་བླངས་པས་ཕན་པ་བྱེད་པ་ལྟར་མཐོང་བའི་ལམ་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེའི་དམིགས་པའི་ཡུལ་དུ་ནི་ཀུན་རྫོབ་ཀྱི་དངོས་པོ་མ་ལུས་པ་ལག་མཐིལ་གྱི་ཤིང་ཐོག་ལྟར་གསལ་བ་འགྱུར་ཏེ། དེ་དག་གིས་གནོད་པ་ཡང་མི་བྱེད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་ལ་ཡང་ཕན་འདོགས་པར་བྱེད་ཅེས་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་རྒན་པོ་ཁ་ཅིག་གི་ཞལ་སྔ་ནས། ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། གང་ས་རབ་ཏུ་དགའ་བ་མ་ཐོབ་བ་རྣམས་ཀྱི་གཟུང་བ་དང་འཛིན་པས་བསྡུས་པ་རྣམས་སོ། །དོན་དམ་པའི་བདེན་པ་གང་ཞེ་ན། ས་རབ་ཏུ་དགའ་བ་ལ་སོགས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་རྣམ་པ་གཉིས་ཡུལ་དང་བཅས་པ་དག་གོ་ཞེས་བསྟན་ཏོ། །འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ་ཞེས་བྱ་བ་ལ་འཁྲུལ་པ་ནི་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པ་སྟེ། དེའི་མཚན་མ་ནི་བདེན་པར་འཛིན་པ་བརྗོད་དུ་མེད་པར་མ་ཤེས་པ་འཁྲུལ་པའི་རྒྱུར་གྱུར་པ་རྣམས་ཏེ་མཐའ་དག་ནི་


DTG087_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཐམས་ཅད་དོ། །སྤངས་པ་ཞེས་བྱ་བ་ནི་རགས་པ་རྣམས་ཏེ། ཕྲ་བ་མཐའ་དག་སྤངས་པ་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་གང་ཡིན་པའོ། །ད་ནི་དཔེའི་སྒོ་ནས་བསྟན་པའི་ཕྱིར། སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་རྒྱུ་དང་རྐྱེན་ཚོགས་པའི་མཐུའི་དབང་གིས་རབ་ཏུ་གསལ་བར་ནི་སྣང་ལ། འོན་ཀྱང་དེ་ལ་རྟག་དང་གླང་པོ་ཆེ་དང་གྲུ་དང་ཁྱིམ་ལ་སོགས་པའི་དངོས་པོ་རྣམ་པར་སྨིན་པ་ལས་བྱུང་བ་མེད་པ་དེ་དག་ནི་སྒྱུ་མའོ། །དེ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་ནི་བྱང་ཆུབ་སེམས་དཔའ་གང་གི་ཡེ་ཤེས་ཀྱི་དངོས་པོ་ཀུན་རྫོབ་པ་རིམ་མོར་འབྲིས་པ་ལྟ་བུ་འདི་དག་པདྨ་འདབ་མ་ལྟར་ཡང་མ་འདྲེས་པར་མཐོང་ལ། དེས་དེ་ལྟར་མཐོང་བའི་ཚེ་ཉིད་ནི་ཡོད་པའོ་ཞེས་བྱ་བ་དང༌། མེད་པའོ་ཞེས་བྱ་བ་ལ་སོགས་པར་གང་དུ་ཡང་མི་འཛིན་ཅིང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བ་རབ་ཏུ་ཟབ་པ་རྣམ་པར་མི་རྟོག་པ་སྐྱེ་ལ། དེ་ཡང་དོན་དམ་པར་ནི་རང་བཞིན་མེད་པ་ཉིད་དོ། །དེ་བཞིན་ཉིད་ལ་བརྗོད་པར་མི་ནུས་པས་ན་སོ་སོ་རང་གིས་རིག་པར་མི་ནུས་སོ། །མེད་པ་ཡང་མ་ཡིན་ལ་གཞན་ལ་བརྗོད་པར་ཡང་མི་ནུས་པའི་ཕྱིར་ཐ་སྙད་གདགས་པར་དཀའ་བས་ན། ཅི་ཞིག་ལྟར་ཡང་དག་པར་སྐྱེས་ན་ཞེས་གསུངས་ཏེ། དེའི་ཕྱིར་སྐྱེས་བུ་མིག་བཙུམས་པས་གཟུངས་རྣམས་མི་མཐོང་བ་ལྟར་ཅི་ཡང་མཐོང་བ་མེད་པ་ནི་མཐོང་བའི་ལམ་མ་ཡིན་གྱི་སྣ་ཚོགས་མཐོང་ཡང་སྒྲོ་འདོགས་པ་དང༌། སྐུར་བ་འདེབས་པ་མེད་པ་ནི་མཐོང་བའི་ལམ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་དང་པོ་ཞེས་བྱ་བར་ཆད་མེད་པའི་ལམ་དང་སངས་རྒྱས་ཀྱི་ས་དང་རབ་ཏུ་མཐུན་པར་སྐྱེས་པ་སྟེ། དེའི་ཕྱིར་མཐོང་བའི་ལམ་འདི་གཅིག་པུ་ཡང་བྱང་ཆུབ་ཆེན་པོའི་རྒྱུར་གྱུར་པ་བསྔགས་པ་མཛད་དོ། །དེ་ནས་དེའི་འོག་ཏུ་ནི་མཐོང་བའི་ལམ་གྱི་རྒྱུན་དང༌། བསྒོམ་པའི་ལམ་ལ་རེས་འགའི་ཚེ་ནི་སྙིང་པོའི་དོན་བསྒོམ་པ་ན་བློ་དོན་དམ་པའི་བདེན་པ་ཁོ་ན་དང་མཐོན་པར་སྐྱེ་བས་སྣ་ཚོགས་འདི་དག་རྡུལ་ཕྲ་རབ་ཙམ་ཡང་མི་སྣང་ལ། མེད་པ་ལ་སོགས་པ་ཡང་དེའི་ཚེ་མི་རྟོག་པར་འགྱུར་ཏེ།


DTG087_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་བསྐུལ་བ་ལས་སྟོན་པ་ལྟ་བུའོ། །རེས་འགའ་ཡང་དེའི་ཡེ་ཤེས་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་རང་བཞིན་གྱི་རྣམ་པར་རྟོག་པས་བསྡུས་པ་མེད་ཀྱང་རང་གི་ངོ་བོའི་རྣམ་པར་རྟོག་པ་སྟུག་པོ་ལྡན་ཞིང་གཉེན་པོའི་རྣམ་པར་རྟོག་པ་ལ་སོགས་པ་མང་པོས་གླགས་པ་འབྱུང་བ་ནི་རེས་ཀྱི་ཚུལ་གྱིས་སོ། །དེ་ནས་ས་བརྒྱད་པ་ལ་ནི་སྣང་བ་མེད་པའོ། །དེ་ནས་གཞན་གཉིས་ལ་ནི་སྣང་བ་དང་བཅས་པའོ། །དེ་ནས་བར་ཆད་མེད་པའི་ལམ་ལས་བརྩམས་ཏེ་དང་པོའི་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་སྐབས་བདུན་པ་ནས་བསྟན་པའི་ངོ་བོ་སྐྱེ་བ་དང་དེ་ལ་གནས་པར་འགྱུར་རོ། །དེ་ལྟར་ན་མདོ་ལས་ཅེ་ཡང་མཐོང་བ་མེད་པ་ནི་དོན་དམ་པ་མཐོང་བའོ་ཞེས་གསུངས་པ་འདི་ཇི་ལྟར་དྲང་ཞེ་ན། འདི་ནི་བྱང་ཆུབ་ཀྱི་སེམས་དང་པོ་དང་བར་ཆད་མེད་པའི་ལམ་ལ་སོགས་པའི་དབང་དུ་བྱས་ཏེ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དང་ལྡན་པ་ཅིར་ཡང་མི་མཐོང་བ་ནི་དོན་དམ་པ་མཐོང་བའོ་ཞེས་བྱ་བས་མ་ཡིན་པར་དགག་པ་བཟུང་སྟེ། བྲམ་ཟེ་མ་མཐོང་ཞེས་བྱ་བས་རྒྱལ་པོ་ལ་སོགས་པ་མཐོང་བ་ནི་མི་འགེགས་པ་བཞིན་ནོ། །འོན་ཀྱང་འདི་ནི་དོན་དམ་པའི་དེའི་བདག་ཉིད་མཐོང་བ་ཞེས་བྱའོ། །ས་མི་གཡོ་བ་ལ་སོགས་པའི་དབང་དུ་བྱས་ཏེ་ནི་མེད་པར་དགག་པ་ཁོ་ན་སྟེ། སྒྲ་ཇི་ལྟ་བ་བཞིན་དུ་དེ་ནི་མཐོང་བ་སྐྲའི་རྩེ་མོས་གཟུང་བར་བྱ་བ་ཙམ་ཡང་མེད་པའི་ཕྱིར་རོ། །རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ་ཞེས་བྱ་བ་ནི་ཡེ་ཤེས་འདི་གཉིས་ཀས་སོ། །དེ་དག་ལ་ཆུང་ཟད་ཀྱང་མི་བྱེད་དོ་ཞེས་བྱ་བ་ནི་འབྲེལ་པ་མེད་པའི་ཕྱིར་ཏེ། ཤེས་པ་དང་ཤེས་བྱ་དོན་དམ་པར་རང་གྲུབ་པས་རི་མན་ད་ར་བ་སྐྱོད་ཅིང་བཅོམ་པས་རི་འབིགས་བྱེད་ལ་ཅི་ཞིག་ཏུ་འགྱུར། ཁོ་བོ་ཅག་ནི་དོན་དམ་པར་ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྡུས་པར་འདོད་པས་ཏེ་རྟོགས་པའི་ཚེ་ན་གཅིག་གིས་ཐམས་ཅད་གཡོ་བ་ལ་སོགས་པར་འདོད་ལ། དེ་མ་རྟོགས་པའི་བར་དུ་ནི་ཇི་ཙམ་གྲགས་པ་ཙམ་ཞིག་ཁས་ལེན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་ཏུ་ཡང་དག་པའི་ངོ་བོ་ཉིད་ལ་ཞེས་བྱ་བས་ནི་སྣང་བ་མི་གསལ་ཞེས་སྟོན་ཏེ། ཇི་སྐད་དུ། དེ་ཕྱིར་རང་


DTG087_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་སྨྲ་ཡི། །སྣང་བ་བས་ལ་ཕྱིར་མ་ཡིན་ནོ། །ཞེས་བཤད་པ་ལྟ་བུའོ། །འོ་ན་སྣ་ཚོགས་འདི་ཇི་ལྟ་བུར་དངོས་པོར་ལྷུང་བར་མི་འགྱུར་རམ་སྙམ་པ་ལ། འདི་ཉིད་ལ་རང་བཞིན་མེད་པ་ལ་སོགས་པའི་ངོ་བོར་བརྟག་པར་བྱ་སྟེ་ཞེས་གསུངས་ཏེ། འདི་ནི་མདོ་ལས་པི་ཝང་གི་སྒྲ་ཚོལ་བའི་དཔེས་བསྟན་ཏེ། གལ་ཏེ་པི་ཝང་རྒྱུད་སྦྲེང་བ་ལ་སོགས་པའི་འབད་པ་མེད་པར་ཡང་སྒྲ་མི་འབྱུང་ལ་པི་ཝང་གི་སྦུབས་ལ་སོགས་པ་བཤིག་པ་ལས་ཀྱང་སྒྲའི་དངོས་པོ་མི་རྙེད་ཀྱི་སླར་རྒྱུན་ཆད་པར་འགྱུར་རོ། །དེ་བཞིན་དུ་སྲིད་པ་དང་ཞི་བ་གང་དུ་ཡང་མི་ལྷུང་བ་དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་ཟབ་པ་དེ་ནི་གཟུགས་ལ་སོགས་པ་འདི་ཁོ་ན་ཡང་མ་ཡིན་ལ། འདི་དག་སྤངས་ཏེ་སྣང་བ་མེད་པར་འགྱུར་བས་ཡང་ཞི་བའི་དབྱིངས་ཙམ་ཞིག་ཡིན་པས་རབ་ཏུ་སྤངས་བས་དེའི་ཕྱིར་འདི་དག་གི་རང་བཞིན་འདི་དག་དང༌། གཞན་ཉིད་དང་འདི་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཙམ་ཞིག་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བར་གནས་སོ། །དེ་ལྟར་ན་སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་ལྟ་བུར་ཕྱིན་ཅི་མ་ལོག་པས་དེ་ཁོ་ན་ཉིད་མཐོང་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་སྨོས་ཏེ། དོན་འདི་ནི་བཅོམ་ལྡན་འདས་བྱམས་པའི་ཞལ་སྔ་ནས་ཀྱང་མདོ་སྡེ་རྒྱན་ལས། རྒྱུ་མའི་རྒྱལ་པོས་སྒྱུ་མ་ཡི། །རྒྱལ་པོ་གཞན་ཞིག་ཕམ་པ་ལྟར། །གང་དག་གིས་ནི་ཆོས་མཐོང་བ། །རྒྱལ་སྲས་དེ་དག་ང་རྒྱལ་མེད། །ཅེས་གསུངས་སོ། །སྡུག་བསྔལ་པ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་བ་ནི་མཐོང་བའི་ལམ་ངེས་པར་བཟུང་བ་སྟེ། སྐད་ཅིག་མ་དེ་ཤས་ཆེར་གྱུར་བ་ཞེས་བྱའོ། །རྣམ་པ་སུམ་ཅུ་རྩ་དྲུག་ཅན་ནི་རྟོག་པ་དེ་སྙེད་ཅིག་གི་གཉེན་པོར་གྱུར་པས་སོ། །སྐྱེས་པ་ནི་བློ་དེ་ལྟར་བྱུང་བའི་བདག་ཉིད་དོ། །རྩེ་མོའི་མངོན་པར་རྟོགས་པ་འདིར་ཞེས་བྱ་བ་ནི་སྐབས་དང་པོ་རྣམས་ཀྱི་མཐོང་བའི་ལམ་གྱིས་ནི་འདི་ལྟར་རྣམ་པར་རྟོག་པ་དེ་སྙེད་བདེ་བླག་ཏུ་སྤོང་བར་ནུས་པ་མ་ཡིན་ལ། སྐབས་འོག་མ་དག་ཏུ་ནི་དེ་དག་སྤང་བ་ལ་གཅིག་ཏུ་འབད་པར་བྱ་མི་དགོས་པས་ན་འདིར་དེ་དག་སྤོང་བར་བྱེད་དོ། །བག་ཆགས་ཀྱི་ཉོན་མོངས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དེ་དག་གི་རྒྱུ་སྟེ། །ཁ་ཅིག་ཏུ་ནི་སྔོན་དུ་རྒྱུ་བཅོམ་


DTG087_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པས་བག་ལ་ཉལ་བཅོམ་པར་འགྱུར་ཏེ། དཔེར་ན་ཤིང་ཏ་ལའི་རྩེ་མོ་བཅད་པའི་མཐུས་རྩ་བའི་ཆ་མྱུར་དུ་སྐམ་པ་ལྟ་བུའོ། །འདིར་ཡང་རྣམ་པར་རྟོག་པ་ཙམ་ཡིན་གྱི་དངོས་པོ་དང་མ་འབྲེལ་བའི་མཐུ་ཡིན་ཏེ། གང་དུ་བུད་མེད་ལ་སོགས་པ་དང་འབྲེལ་པ་རང་བཞིན་གྱིས་རྣམ་པར་རྟོག་པ་དག་ནི་ཕལ་ཆེར་བག་ལ་ཉལ་བ་མ་བཅོམ་ན་མངོན་དུ་རྒྱུ་འབྱུང་བ་ནི་རྒྱ་མཚོའི་བྱ་གནམ་ལ་འཕུར་བའི་གྲིབ་མ་རྗེས་སུ་འབྲང་བའི་ཚུལ་དང༌། ཤིང་ནྱ་གྲོ་དྷའི་རྩ་བ་ལས་ཆེར་འཕེལ་བ་ལྟ་བུའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གཟུགས་ལ་སོགས་པ་སྒྱུ་མ་ཙམ་དུ་གྱུར་པ་རྣམས་ཏེ། དེ་དག་གི་ཆོས་ཉིད་ནི་སྤྲོས་པ་དང་བྲལ་བའོ། །དེ་ལ་དམིགས་པས་ན་ཞེས་བྱ་བ་ནི་དེ་ལ་གོམ་པར་བྱས་པའི་ཕྱིར་རོ། །ཏིང་ངེ་འཛིན་སེང་གི་རྣམ་པར་བསྒྱིངས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་བོའི་མཚན་ཉིད་སྔར་ཇི་སྐད་བསྟན་པ་དེ་ལ་ཡང་སྙོམས་པར་ཞུགས་ནས་དེའི་འོག་ཏུ་དུས་ཕྱིས་ཏེ་རྒྱུན་གྱིས་བསྡུས་པའི་མཐོང་བའི་ལམ་མཉམ་པར་མ་བཞག་པའི་དུས་ནའོ། །དེ་ལྟར་ན་སྣང་བ་དང་བཅས་པའི་ཡེ་ཤེས་དང་སྣང་བ་མེད་པ་དང༌། རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་གསུམ་པོ་དེ་དག་ནི་མཐོང་བའི་ལམ་སྟེ། དང་པོ་ནི་སངས་རྒྱས་ཀྱི་སའི་རྒྱུ་མཐུན་པའོ། །གཉིས་པ་ནི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པའོ། །ཡང་སྣང་བ་དང་བཅས་པས་ནི་ཞི་བའི་དབྱིངས་སུ་མི་ལྟུང་བར་བྱེད་པའོ། །རྣམ་པར་རྟོག་པ་དང་བཅས་པ་ནི་དངོས་པོ་ཀུན་རྫོབ་པའི་རང་བཞིན་ཀུན་རྫོབ་པ་ལ་གོམས་པར་བྱེད་པའོ། །དེ་ལྟར་མཐོང་བའི་ལམ་རྣམ་པར་རྟོག་པ་དང་བཅས་མོད་ཀྱི་དུས་རིང་ཞིག་ཏུ་དངོས་པོ་རྣམས་རང་བཞིན་མེད་པར་མོས་པར་བྱས་པའི་དབང་གིས་ན་བརྡ་ལ་བློ་བྱང་བའི་སྐྱེས་བུས་མེ་ལོང་ལ་སོགས་པའི་ནང་དུ་གཟུགས་བརྙན་མཐོང་བ་ལྟར་མངོན་པར་ཞེན་པ་ཤིན་ཏུ་སྲབ་པས་ཁ་ཅིག་གིས་ནི་དོན་དམ་པའི་བདེན་པར་བཞག་ཅིང་ས་དེ་དག་ཏུ་ཉོན་མོངས་པ་ཡང་མི་རྒྱུ་བ་ཉིད་དོ། །རྟེན་བསྒོམ་པའི་ལམ་ཞེས་བྱ་བ་ལ། འདི་རྟེན་ཡང་ཡིན་ལ་བསྒོམ་པའི་ལམ་ཡང་ཡིན་པས་ན་རྟེན་བསྒོམ་པའི་ལམ་སྟེ་གཞི་མཐུན་པའི་བསྡུ་བའོ། །དེ་ལ་དེ་གང་གི་རྟེན་ཡིན་ཞེ་ན། ཡོན་ཏན་མ་


DTG087_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་རང་ལས་ཐ་མི་དད་པ་རྣམས་ཀྱི་རྟེན་ཏེ་འཆད་པར་འགྱུར་བ་ལས། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་བསྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྦ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་སྟེན་པར་བྱེད། །ཅེས་སྟོན་པར་བྱེད་དོ། །གཞན་ཡང་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤོང་བར་བྱེད་པ་ནི་སྔར་ལམ་ཐམས་ཅད་མཁྱེན་པའི་སྐབས་སུ་བསྡོམ་པའི་ལམ་རྣམ་པ་གཉིས་བསྙད་པ་ལ། ཟག་པ་མེད་པའི་བསྒོམ་པའི་ལམ་དང་དང་པོར་མངོན་པར་བསྒྲུབ་པའི་མཚན་ཉིད་ཀྱི་བྱེད་པ་ཡིན་ལ་དེ་ཡང་སྣང་བ་མེད་པའི་ཡེ་ཤེས་ཡིན་ནོ། །དེའི་རྟེན་ནི་རྣམ་པར་རྟོག་པ་དང་བཅས་པའི་བསྒོམ་པའི་ལམ་ཐོད་རྒལ་གྱི་སྙོམས་པར་འཇུག་པ་འདི་ཡིན་པས་ན་རྟེན་སྒྲུབ་པ་སྔོན་དུ་འགྲོ་བ་ཡིན་པ་གོ་སླ་བས་ཞེས་སྨོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་གནས་པ་རྣམས་སོ། །ནི་ཞེས་བྱ་བ་ནི་དམིགས་ཀྱིས་བཟུང་བ་སྟེ། དེའི་ཕྱིར་ཉན་ཐོས་རྣམས་ལ་ནི་ཐོད་རྒལ་གྱི་སྙོམས་པར་འཇུག་པ་ཡོད་ཀྱང་ཐབས་དང་ཤེས་རབ་ཆེན་པོས་བྱིན་གྱིས་མ་བརླབས་པས་ན་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤོང་བ་ལ་སོགས་པའི་ཡོན་ཏན་ཆེན་པོ་ཉིད་མེད་དོ་ཞེས་སྟོན་པའོ། །འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་ཞེས་བྱ་བའི་རགས་པ་དང་ཐ་པ་དང་ངན་པ་དང་རྩིག་པ་སྟུག་པོ་ལ་སོགས་པའི་རྣམ་པར་སྒྱུ་མ་ཙམ་དུ་ལྟ་བའམ་ཡང་ན་སེམས་ཅན་དམྱལ་བ་ལ་སོགས་པ་ཇི་ལྟར་གནས་པ་རྣམས་སྒྱུ་མ་ཙམ་དུ་དྲན་པའོ། །བྱུང་བ་ལ་ནི་འདས་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་སུ་དམིགས་པ་དང་རྣམ་པ་བསྟན་པའི་ལུགས་སོ། །ཡང་དག་པར་སྐྱེ་བའི་རྒྱུ་ནི། །བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །དེ་འཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་བསྟན་པ་རྣམས་སོ། །མ་འོངས་པ་ནི་ཉེ་བར་གྱུར་པ་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། དེ་མེད་པ་ནི་དེ་སྐྱེད་པར་ནུས་པའི་བསྒོམ་པའི་ལམ་མེད་པའོ། །ཉན་ཐོས་ཀྱི་རིགས་ཅན་ཉིད་ཀྱི་ཕྱིར་དེའི་ཐེག་པ་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ལ་ཉན་ཐོས་ཀྱི་རིགས་ཅན་ཞེས་བྱ་བ་ནི་རྐྱེན་འགའ་


DTG087_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གིས་དེ་ལ་དགའ་བས་དེའི་ལམ་དུ་ཞུགས་པ་ཡིན་གྱི། རྣལ་འབྱོར་སྤྱོད་པ་བ་རྣམས་སྨྲ་བ་ལྟར་དང་པོ་ནས་དེ་དག་གི་རིགས་ཅན་ཡིན་ཞེས་ནི་མི་བརྗོད་ཀྱི། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་མཆོག་དང་པོ་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་ལ། འཕགས་པ་ཟླ་བ་སྒྲོན་མེའི་མདོ་ལས་ཀྱང༌། འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད། །འགྲོ་བ་འདི་རྣམས་མ་ལུས་སངས་རྒྱས་འགྱུར། །ཞེས་གསུངས་སོ། །འོན་ཀྱང་འགའ་ཞིག་ལམ་དེར་ཞུགས་ན། དམན་པ་ལ་གོམས་པ་ནི་སྒྲུབ་པར་སླ་བའི་ཕྱིར་ཕྱིས་དུས་རིང་དུ་ཡང་དེ་ལ་འདུན་པ་འབྱུང་སྟེ། དོན་འདི་ལས་དགོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཞལ་སྔ་ནས། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང༌། །འདོད་ཆགས་བྲལ་མིན་འདི་དམན་པའོ། །འདི་གཉིས་འཕགས་པའི་ལམ་ཐོབ་པ། །སྲེད་པ་དག་ཏུ་འབྱུང་བའི་ཕྱིར། །བསམ་གྱིས་མི་ཁྱབ་སྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དབང་གིས་ནི། །སྐྱེ་བ་རབ་ཏུ་སྒྱུར་བར་བྱེད། །ཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་བ་རབ་ཏུ་བསྒྲུབ། །དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །དོན་བྱས་མ་ལ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩན་དེར་བརྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། འདིར་རྟོགས་པ་བུལ་བ་ཞེས་བྱ་བ་ཁུངས་ཉིད་དུ་འོད་པར་བྱའི་མ་ལུས་པ་ནི་མ་ཡིན་ཏེ། དེ་ནི་རྣལ་འབྱོར་སྤྱོད་པ་བ་དག་གི་ངོར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་མངོན་པ་ལས། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང༌། །སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་


DTG087_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ཞེས་པ་ཡང་མི་འདོད་དོ། །འདིར་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོར་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ་པ་རྣམས། །ངལ་སོའི་དོན་ཏེ་དེ་ཉིད་མིན། །ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་དྲེགས་པས་མྱོས་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། སེམས་ཅན་དོན་ལ་དགའ་བྱེད་ཅིང༌། །བསོད་ནམས་ཡེ་ཤེས་ཉེར་འཕེལ་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པའི་རྗེས་སུ་འབྲང་ཞིང་བྱང་ཆུབ་སེམས་དཔའ་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ལས་ཀྱང༌། བྱེ་བྲག་མེད་པ་ཁོ་ནར་ཉན་ཐོས་རྣམས་བསམ་གྱིས་མི་ཁྱབ་པའི་སྐྱེ་བ་བསྒྱུར་བར་བསྟན་ཏོ། །ལྷག་མ་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པའི་བྱང་ཆུབ་པ་སྟེ། འདི་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དབང་དུ་བྱས་ཏེ། མངོན་པར་ཤེས་པ་ལ་སོགས་པ་ལྔས་བསྟན་ནོ། །རིགས་ཀྱི་དབང་དུ་བྱས་ཏེ་ཤེས་རབ་དང་ཐབས་དང༌། སློབ་མ་རྣམས་དང་ཐུན་མོང་མ་ཡིན་པའི་ཆོས་དང༌། གཞན་གྱི་དོན་གྱི་གོ་རིམས་དག་གིས་བསྟན་ཏོ། །ཐེག་པ་གཞན་གྱིས་ངེས་པར་འབྱུང་བ་བས་མཆོག་ཏུ་གྱུར་པའི་དབང་དུ་བྱས་ཏེ་ངེས་པར་འབྱུང་བའི་སྒྲུབ་པ་བརྒྱད་ཀྱིས་བསྟན་ཏོ། །བསྒོམ་པའི་ལམ་གྱི་དབང་དུ་བྱས་ཏེ་ནི་རྣམ་པར་དག་པས་བསྟན་ཏོ། །རྣམ་པའི་དབང་དུ་བྱས་ཏེ་ནི་སྤོང་བའི་ལམ་དུ་བཏགས་པ་བདེན་པ་བཞིས་བསྡུས་པ་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་བཞིར་བསྟན་ཏོ། །བསོད་ནམས་ཀྱི་ཚོགས་ཆེན་པོའི་དབང་དུ་བྱས་ཏེ་ནི་འདིར་བསྟན་ཏེ། །དམིགས་པ་དང་བདག་པོ་དང༌། རྣམ་པའི་དབང་དུ་བྱས་པ་དང༌། ལོག་པར་རྟོག་པ་རྣམས་ཀྱང་འདིར་བསྟན་ཏོ། །ས་མཚམས་དང་མཚན་ཉིད་ཀྱི་དབང་དུ་བྱས་ཏེ་ནི་སྐབས་བདུན་པར་སྟོན་པར་འགྱུར་རོ། །ཐུབ་པ་ཆེན་པོའི་ཕྲིན་ལས་ཀྱི་དབང་དུ་བྱས་ཏེ་ནི་ཆོས་ཀྱི་སྐུའི་ཕྲིན་ལས་ལས། བྱང་ཆུབ་ཀྱི་ཡན་ལག་དང༌། ལས་ཆུད་མི་ཟ་བ་ལ་སོགས་པའི་རྣམ་པ་བརྒྱད་ཀྱིས་སྟོན་པར་འགྱུར་ཏེ། འདི་དག་དང་གཞན་ཡང་ཡོན་ཏན་ལ་


DTG087_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་མཐའ་དག་གིས་འདིར་གཏན་ལ་དབབ་པར་བྱའོ། །སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལན་མང་ཞིག་སྨོས་པ་འདིའི་ཚད་ནི། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་ཇི་སྐད་བསྟན་པའོ། །ཡང་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་ཤེས་རབ་འདོད་པ་དག་གིས་ནི་གླིང་བཞི་པ་བྱེ་བ་ཕྲག་བརྒྱལ་ནི་སྟོང་གསུམ་མོ། །སྟོང་གསུམ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམ་གྱི་མཚམས་སྦྱོར་བའོ། །དེ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམ་གྱི་རྒྱུད་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམ་གྱི་རྒྱུད་བར་མ་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་ལ་ནི་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་གཅིག་སྟེ། འདི་ནི་བཅོམ་ལྡན་འདས་རྣམ་པར་སྣམ་པར་སྣང་མཛད་དེའི་རྣམ་པར་སྨིན་པའི་སངས་རྒྱས་ཀྱི་ཞིང་ངོ་ཞེས་ཤེས་པར་བྱ་ཞིང༌། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲ་རབ་གཅིག་ལ་གནས་ཏེ། འདི་ལྟ་བུའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་ཤེས་པར་བྱའོ། །དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་ངོ་བོ་ཉིད་དེ་ལ་དམིགས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་སྐྱེ་བ་ཞེས་བྱ་བའི་དོན་ཏེ། གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དེ་རི་བོང་གི་རྭ་ལ་སོགས་པ་ལྟར་མིང་ཙམ་ཞིག་ཡིན་པའི་ཕྱིར་ཤིན་ཏུ་མེད་པར་གྱུར་ན་ནི་དེའི་ཕྱིར་དེ་དམིགས་པའི་རྐྱེན་དུ་ཡང་ཇི་ལྟར་ཞིག་འགྱུར། ཤིན་ཏུ་མེད་པ་གང་ཡིན་པ་ནི་ནུས་པ་མ་ལུས་པ་དང་བྲལ་བའི་ཕྱིར་དམིགས་པ་ག་ལ་ཞིག་གཞག །གལ་ཏེ་འོ་ན་རང་བཞིན་གྱིས་འོད་གསལ་བར་གྱུར་བ་ཞིག་འདིའི་དམིགས་པར་རྣམ་པར་གཞག་ན་འོ་ན་དེ་ཉིད་དངོས་པོར་འགྱུར་བ་མ་ཡིན་ནམ། དེའི་ཚེ་ཇི་ལྟར་ན་ཆོས་ཐམས་ཅད་དངོས་པོ་མེད་པར་དམིགས་པ་ཡིན་ཞེ་ན། བྱིས་པ་རྣམས་ལ་ཐ་སྙད་ཙམ་ཞིག་ཏུ་རང་བཞིན་གྱིས་འོད་གསལ་བ་ཞེས་བརྗོད་ཀྱི། རང་གི་རང་བཞིན་བརྗོད་


DTG087_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནི་དེ་སུས་ཀྱང་ནམ་ཡང་མི་ནུས་ཤིང་ཡོད་པ་དང་མེད་པ་ལ་སོགས་པའི་དངོས་པོ་གང་དུ་ཡང་མ་གྲུབ་པས་ན་འཕགས་པ་སོ་སོ་རང་གི་རིག་པའི་སྤྱོད་ཡུལ་ཞེས་བསྒྲགས་པའོ། །བདག་པོའི་རྐྱེན་ནི་དྲན་པ་ཡིན་ནོ་ཞེས་བྱ་བ་ལ། ས་དང་པོ་རབ་ཏུ་དགའ་བ་ལ་བྱང་ཆུབ་ཀྱི་སེམས་དང་པོ་བདེན་པ་རྣམ་པ་གཉིས་དབྱེར་མེད་པའི་རང་བཞིན་གྱི་ཡེ་ཤེས་དེ་ཡང་ནས་ཡང་དུ་འདྲིས་པར་བྱས་པའི་དངོས་པོ་དེ་མ་བརྗེད་པ་ནི་འདི་སྐྱེད་པར་བདག་པོའི་རྐྱེན་ཏེ། བདག་པོའི་སྒྲ་ནི་གཙོ་བོའི་དོན་སྟོན་པའོ། །རྣམ་པ་ནི་རང་བཞིན་གྱིས་ཞི་བ་ཉིན་ཡིན་ནོ་ཞེས་བྱ་བ་ལ། རྣམ་པ་ནི་ཁ་ཅིག་ཏུ་རང་བཞིན་གཅིག་ཐ་དད་པར་སྣང་བ་ལ་བྱ་བར་མཐོང་སྟེ། མེའི་རྣམ་པ་གང་ཞེ་ན། ཟླུམ་པོ་དང་གྲུབ་བཞི་དང་འཕྲོ་བ་དང༌། འཁྱིལ་བ་ལ་སོགས་པའོ་ཞེས་བྱ་བ་ལྟ་བུའོ། །ཁ་ཅིག་ཏུ་ནི་རང་གི་རང་བཞིན་ལ་རྣམ་པ་ཞེས་ཟེར་ཏེ། རྣམ་པ་དམན་པ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ལས་འདིར་ནི་རང་གི་རང་བཞིན་ལ་རྣམ་པ་ཞེས་འདོད་དེ། འདིའི་རང་བཞིན་ནི་རང་གི་ངོ་བོའི་རྣམ་པར་རྟོག་པ་དང༌། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ལ་སོགས་པ་ཞི་བ་ཉིད་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་ཞི་ན་སྣང་བ་མེད་པའི་ཡེ་ཤེས་ཙམ་དུ་འགྱུར་ཞིང་དེ་ལྟར་ནི་རྣམ་པ་ཐམས་ཅད་མཁྱེན་པ་མི་འགྱུར་རོ། །གལ་ཏེ་ཞི་བའི་རྣམ་པ་མ་ཡིན་ན་ཡང་དངོས་པོར་འཛིན་པ་དང་བྲལ་བར་མ་གྱུར་པ་འདིས་སངས་རྒྱས་ཉིད་དེ་མ་ཐག་ཏུ་ག་ལ་ཞིག་སྐྱེད་ཅེས་བདེན་པ་གཉིས་འགལ་བར་འགྱུར་བས་ན། གནས་འདི་ལ་ནི་གཏི་ལ་ནི་གཏིང་དཔག་དཀའ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཟབ་པ་ཉིད་ཅེས་བྱ་བ་ནི་བྱིས་པ་གང་ད་བདེན་པ་གཉིས་དབྱེར་མེད་པར་མི་ཤིས་པ་དག་འཇིགས་པའི་གནས་སུ་གྱུར་པ་དང༌། གཏིང་རྟོགས་པར་དཀའ་བའི་ཕྱིར་རོ། །བློའི་ནོར་ཅན་རྣམས་ཀྱིས་ཞེས་བྱ་བ་ནི་བདེན་པ་གཉིས་དབྱེར་མེད་པ་ཁོང་དུ་ནུད་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ལོག་པར་རྟོག་པ་ཞེས་བྱ་བ་ནི་མདོར་བསྡུ་ན། ཇི་སྲིད་དུ་དོན་དམ་པའི་བདེན་པ་འབའ་ཞིག་འདོད་པས་ཀུན་རྫོབ་པའི་རང་བཞིན་སྤོང་བ་དང༌། གང་དག་ཀུན་རྫོབ་པ་འདོད་པས་རང་བཞིན་མེད་པར་སུན་འབྱིན་ཞིང་བདེན་པ་གཉིས་དབྱེར་མེད་པའི་དོན་འདི་མི་སྤྱོད་པ་ཐམས་ཅད་


DTG087_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་རྟོག་པ་སྟེ། དེ་ལས་ཕྱེ་བས་ནི་རྣམ་པ་བཅུ་དྲུག་ཏུ་འགྱུར་བའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དག་ཐ་དད་པའི་དངོས་པོ་མེད་པ་ཉིད་ཀྱིས་བདེན་པ་གཉིས་ཅིག་ཅར་དམིགས་པ་འཐད་པ་དང་ཞེས་བྱ་བ་ཚིག་རྣམ་པར་སྦྱར་ཏེ། དེ་ལ་སོགས་པས་ནི་བདེན་པ་རེ་རེ་ཞིག་བཟུང་བས་འགལ་བར་འདོད་པ་རྣམས་སེལ་ཏེ་གོ་སླའོ། །དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ལ་ཞེས་བྱ་བ་ལ་སོགས་པ་ནི་གང་དག་བདེན་པ་རེ་རེ་ཞིག་ཚད་མར་བྱས་ནས་ཅིག་ཤོས་སུན་ཕྱུང་ནས། ཡང་དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ཀླན་ཀ་ཚོལ་བ་རྣམས་སོ། །བདེན་པ་གཉི་ག་ལ་ལ་བརྟེན་པའི་ཐབས་མཁས་པས་ཞེས་བྱ་བ་ནི་བདེན་པ་གཅིག་ཅིག་འདིའི་ཡུལ་ཡིན་ཞེས་མི་སྨྲ་བའི་ཐབས་ཀྱིས་སོ། །རྣམས་པ་སྟོང་དུ་ཞེས་བྱ་བ་ནི་ཐབས་དེ་ལ་བརྟེན་པ་ལས་ནི་ལན་མི་ཟད་པའི་དོན་ཏེ། སྟོང་ནི་མི་ཟད་པ་མཚོན་པ་གཞན་གྱིས་དོན་ཏོ། །ངེས་པར་རྣམས་པར་ཐམས་ཅད་ཡང་དག་པར་བསྐྱེད་པ་ནི་རང་དང་གཞན་གཉི་ག་ལའོ། །བར་ཆད་མེད་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་བདེན་པ་གཉིས་སུ་དབྱེར་མེད་པ་ལ་མོས་པ་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཡིད་ལ་བྱ་བའི་སྒོ་ནས་སོ། །སྐབས་ལྔ་བའི་འགྲེལ་བཤད་རྫོགས་སོ།། །།

སྐབས་དྲུག་པའི་འགྲེལ་བཤད།


DTG087_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐབས་ལྔ་པའི་དོན་རྣམ་པར་ཕྱེ་ནས། ད་ནི་སྐབས་དྲུག་པ་སྟོན་པར་མཛད་པ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཞེས་བྱ་བ་ལ་སོགས་པ་གསུང་སྟེ། ད་ནི་ས་བཅུ་པའི་བར་གྱིས་ཐོབ་པར་གཞག་གོ །དེ་ལ་ས་བཅུ་པ་ནི་གནས་སྐབས་གསུམ་དུ་དབྱེ་བར་བྱ་སྟེ། རྩེ་མོའི་མངོན་པར་རྟོགས་པ་ལ་སོགས་པ་ཡོངས་སུ་སྤྱོད་ཅིང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་སུ་གསུངས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་ལ་སོགས་པ་བྱེད་པ། འོག་མིན་དུ་རྣམ་པར་སྨིན་པའི་ལུས་སྐྱེས་པ། དབང་བསྐུར་བའི་ས་ལ་གནས་པ་ནི་གནས་སྐབས་གཅིག་སྟེ། འདིའི་ཆེ་བའི་བདག་ཉིད་ནི་ཆོས་ཀྱི་དབྱིངས་ལས་བསྟོད་པ་ལས་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །དེ་ནས་སྐྱེ་བ་གཅིག་གིས་ཐོགས་པའི་ངོ་བོ་དགའ་ལྡན་དུ་སྐྱེས་པ་ནི་གནས་སྐབས་གཉིས་པ་སྟེ། གནས་


DTG087_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདི་དང་སྲིད་པ་ཐ་མ་པའི་བྱང་ཆུབ་ཀྱིས་སྙིང་པོར་བདུད་བཏུལ་བའི་བར་དུ་ནི་མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་ལ་སྤྱོད་པར་བྱེད་པའོ། །དེ་ནས་སྙིང་པོ་བྱང་ཆུབ་དེར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པ་ནི་གནས་སྐབས་གསུམ་པ་སྟེ། དེར་ནི་སྐབས་བདུན་པ་བསྟན་པའི་དོན་རྫོགས་པར་མཛད་པའོ། །འདི་ནི་སྤྲུལ་པའི་སྐུའི་དབང་དུ་བྱས་པའོ། །ངོ་བོ་ཉིད་ཀྱི་མངོན་པར་བྱང་ཆུབ་པའི་དབང་དུ་བྱས་ཏེ་ནི། འོག་མིན་དེ་ཉིད་དུ་སྐབས་སྔ་མ་གཉིས་ཀྱི་དོན་ཁོང་དུ་ཆུད་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སོ་སོ་དང་བསྡུས་བ་ཉིད་དུ་རྟོགས་པའི་དོན་རྣམས་ཞེས་བྱ་བ་ལ། སོ་སོའི་དོན་རྣམས་ནི་སྐབས་རེ་རེས་ཇི་ལྟར་བསྟན་པ་དང༌། ཚོགས་ཀྱི་ལམ་ལ་སོགས་པའི་གནས་སྐབས་རེ་རེ་ལ་ཡང་རང་བཞིན་ཇི་སྙེད་ཡོད་ཅེས་མངོན་པར་རྟོགས་པའི་དོན་ཏེ། དེའི་རྗེས་ཀྱི་ངོ་བོར་ཐོབ་པའི་ཡེ་ཤེས་ཀྱིས་རྟོགས་པའོ། །བསྡུས་བ་ཉིད་ཀྱི་དོན་ནི་སྙིང་པོའི་དོན་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དོན་དེ་ནི་མཉམ་པར་གཞག་པའི་ཡེ་ཤེས་ཀྱི་རྟོགས་པར་མཛད་ནས་སོ། །དེ་ལྟར་ན་གོ་རིམས་བཞིན་དུ་བཀླགས་ནས་ཞེས་བྱ་བ་ནི་ཡིད་ཀྱིས་བཀླགས་ནས་ཞེས་བྱ་བའི་དོན་ཏེ། བསྐལ་བ་གྲངས་མེད་པ་དང་པོ་ནི་འཇིག་རྟེན་ཆོས་ཀྱི་མཆོག་གི་བར་དུའོ། བརྟན་པ་ནི་ས་མི་གཡོ་བའི་བར་དུའོ། །གསུམ་པ་ནི་ས་བཅུ་པའི་བར་དུ་དེ་སྲིད་དུ་གོམས་པར་བྱ་བ་ནི་གོ་རིམས་བཞིན་དུ་བཀླགས་པའོ། །འོན་ཀྱང་ད་དུང་དེ་ལ་གོམས་པར་བྱ་བར་མ་ཟད་པར་བསྟན་པའི་ཕྱིར། བརྟན་པོར་བྱ་བའི་ཕྱིར་རྣམ་པར་སྒོམ་པར་བྱེད་པས་ཞེས་བྱ་བ་སྨོས་ཏེ། བརྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འཇུག་པས་ཆེད་དུ་འབད་པ་མི་དགོས་པར་བྱ་བའི་ཕྱིར་རོ། །རྣམ་པར་ཞེས་བྱ་བ་ནི་ཁྱད་པར་ཅན་དུ་སྟེ་སྔོན་པ་སྒོམས་པ་དག་པས་ཆེས་ཕུལ་དུ་བྱུང་བའི་ཕྱིར་རོ། །སྒོམ་པར་བྱེད་པ་ཞེས་བྱ་བའི་ཡིད་དེའི་སྐལ་བ་ཅན་དུ་བྱེད་པའམ། དེའི་དངོས་པོར་བྱེད་པའོ། །མཐར་གྱིས་པའི་མངོན་པར་རྟོགས་པ་ཞེས་བྱ་བ་ལ། དང་པོའི་ཚོགས་ཀྱི་ལམ་ཕལ་པ་ནས་བཟུང་སྟེས་བཅུ་པ་དབང་བསྐུར་བའི་ས་ལ་གནས་པའི་བར་དུ་རང་དང་གཞན་གྱི་དོན་ཇི་སྙེད་ཅིག་བརྩམས་པ་དེ་དག་ལ་རབ་ཏུ་


DTG087_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིས་བས་སླར་ཡང་ཡིད་ལ་བྱེད་པས་ན་འདི་མཐར་གྱིས་པ་སྟེ། དོན་འདི་ནི་འཕགས་པ་སྡོང་པོ་བཀོད་པ་ལས་འཕགས་པ་མི་ཕམ་པའི་ཞལ་སྔ་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་རང་གི་མཐར་གྱིས་པའི་མངོན་པར་རྟོགས་པ་ཇི་ལྟ་བ་ཁང་བཟངས་རྣམ་པར་སྣང་མཛད་ལ་གཟུགས་བརྙན་གྱི་ཚུལ་དུ་བསྟན་པའི་རིམ་པ་ལྟར་དེ་ཤེས་བར་བྱའོ། །དེ་ལྟར་རྣམ་པར་བསྒོམ་པ་དེ་ཉིད་ནི་མངོན་པར་རྟོགས་པ་ཞེས་བྱ་སྟེ། དུས་ཇི་ལྟ་བའི་རིམ་གྱིས་རྟོགས་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །གཞུང་ཡང་དེ་བརྗོད་པས་དེའི་མིང་བཏགས་པ་སྟེ་འབྲས་བུ་ནི་དེ་ལས་བྱུང་བའི་ཕྱིར་དེ་སྐད་ཅེས་གདགས་སོ། །ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར་ཞེས་བྱ་བ་ལ། འདི་ཇི་ལྟ་ཞེ་ན། ཐབས་དང༌། སྟོབས་དང༌། སྨོན་ལམ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཕ་རོལ་ཏུ་ཕྱིན་པ་བཞི་པོ་འདི་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་བར་འགྱུར་བ་ནི་སྦྱིན་པ་ལ་སོགས་པ་རྣམས་བྱང་ཆུབ་ཆེན་པོར་བསྔོས་པའི་མཐུས་ཆུང་དུ་ཙམ་ཡང་འཁོར་བ་ཇི་སྲིད་དུ་མི་ཟད་པར་བྱེད་པའི་ཐབས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིན་པ་སྟེ། དེ་ནི་ཤེས་རབ་ཀྱི་ཁྱད་པར་རོ། །ཡང་སྦྱིན་པ་ལ་སོགས་པ་དངོས་པོ་ངན་པའམ་ཉུང་དུ་ཞིག་ན་ཡང་འཕགས་པ་ནམ་མཁའི་མཛོད་ཀྱི་མདོ་ལ་སོགས་པའི་རྗེས་སུ་འབྲངས་ཏེ། མང་ཞིང་ཁྱད་པར་ཅན་དུ་སྤྲུལ་ཏེ། ཕན་འདོགས་པས་འདི་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྟག་པར་རབ་ཏུ་ངུ་བ་ལ་སོགས་པའི་ཁྲག་རྣམས་བརྒྱ་བྱིན་གྱིས་ཙནྡན་གྱི་ཆུར་བྱིན་གྱིས་བརླབས་པ་ལྟ་བུའོ། །འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་གོ །གང་བྱང་ཆུབ་སེམས་དཔའ་ལེགས་པར་སྤྱད་པ་རྣམས་བློས་གཅིག་ཏུ་བསྡུས་ཏེ། དངོས་པོ་དམན་པ་རྣམས་ཀྱང་ཁྱད་དུ་མི་གསོད་པར་བདག་དགེ་བའི་ལས་འདིས་སངས་རྒྱས་ནས་འཇིག་རྟེན་གྱི་འདྲེན་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་ཡང་རིགས་དང་ལོངས་སྤྱོད་ལ་སོགས་པ་འདི་དང་འདི་ལྟ་བུར་གྱུར་ཅིག་ཅེས་སྨོན་ལམ་འདེབས་བས་དེའི་ཇི་ལྟར་སྨོན་པ་ལྟར་འགྲུབ་སྟེ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུས་པའི་རྩལ་རབ་ཏུ་གནས། །བདག་གིས་སྨོན་ལམ་འདི་བཏབ་པས། །དེ་


DTG087_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བའི་འབྲས་བུ་འཐོབ། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་རོ། །དེ་དེ་ལྟར་སྨོན་ལམ་གྱི་འབྲས་བུ་གྲུབ་པ་སྤྱོད་པ་ན་ཡང་ཚེ་གཞན་དང་གཞན་དེ་དག་ཏུ་དེ་ལྟ་བུའི་གོ་འཕང་ལས་མི་ཉམས་པའི་ཡེ་ཤེས་ཀྱི་སྤྱོད་པ་དང༌། ཇི་ལྟར་འཐོབ་པའི་བདེན་པ་རྣམས་ལེགས་པར་སྤྱོད་པའི་འབྲས་བུར་འདོད་ཀྱི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བ་ལ་སོགས་པར་མི་འདོད་པ་འདི་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་གོ །འདིར་ཉེ་བར་བསྡུ་བའི་དབང་དུ་གསུངས་ཀྱི་མདོར་ན་ལེགས་པའི་ལས་ཇི་སྙེད་པ་ནི་ཤེས་རབ་ལ་བརྟེན་པར་ཤེས་པར་བྱའོ། །གཞན་ཡང་འཕགས་པ་དགོངས་པ་ངེས་བར་འགྲེལ་པའི་མདོ་ལ་སོགས་པ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་བསྡུ་བའི་ཚུལ་རྣམས་ཀྱང་ཤེས་པར་བྱ་སྟེ་འདིར་སྦྱར་བ་ལ་ཉེས་པ་མེད་དོ། །ལྔ་བ་འདི་ནི་གཏན་ཚིགས་སུ་བལྟ་བར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དྲུག་ཅེས་བྱ་བ་ལ། འདིར་སྦྱིན་པ་ལ་སོགས་པ་དྲུག་འཁོར་གསུམ་རྣམ་པར་དག་པས་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཕྱིན་པ་རབ་ཏུ་ཕྱེ་བ་ཞེས་སྦྱར་ཏེ། དེ་ལ་འཁོར་གསུམ་ནི་སྦྱིན་པ་དང་ལེན་པ་དང་རྫས་ཞེས་བྱ་བ་ལ་སོགས་པ་རྣམས་ཏེ། འདི་དག་ནི་གཙོ་བོས་ཡོངས་སུ་དག་པར་མ་བྱས་ན་སྲིད་པའི་བདེ་བ་ཙམ་ལས་བགྲོད་པར་མི་ནུས་པའི་ཕྱིར་རྒྱལ་པོའི་ཕྱག་རྒྱ་དང་བྲལ་བའི་དམག་གི་དཔུང་ལྟ་བུའོ། །དེ་དག་གི་གཙོ་བོ་ནི་གང་གིས་དེ་དག་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་གཏོགས་པར་བྱེད་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་འདི་ནི་རྒྱལ་པོ་ལྟ་བུའོ། །དེའི་ཕྱིར་ཇི་སྐད་དུ་གསུངས་པ། །དམུས་ལོང་དམིགས་བུ་མེད་པ་བྱེད་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །དེ་བཞིན་མིག་མེད་ཕ་རོལ་ཕྱིན་སྔ་འདི་དག་ཀྱང༌། དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་སོ། །རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པས་ས་བཅུ་ཡང་དག་པར་སྒྲུབ་པར་བྱེད་པ་དང་ཞེས་བྱ་བ་ལ། འདི་དག་ལ་འགའ་ཞིག་མ་ཚང་ཡང་ས་བཅུ་པའི་དབང་ཕྱུག་ཏུ་མི་འགྱུར་བས་ན་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པས་ཞེས་སྨོས་ཏེ། གསུམ་པ་ནི་རྒྱུ་མཚན་དུ་བལྟ་བར་བྱའོ། །དེ་ཡང་ས་རེ་རེ་ལ་


DTG087_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་རེ་རེ་ཞིག་ཤས་ཆེ་བར་ཟད་ཀྱི་དངོས་ཀྱི་ཚུལ་སྤྱད་པའི་ཚེ་ནི་ས་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་སྦྱར་བར་བྱའོ། །འདིས་ནི་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་འབའ་ཞིག་གིས་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་སྨྲ་བ་དེ་དག་ཀྱང་བསལ་བ་ཡིན་ཏེ། ཇི་སྐད་དུ། སྨྲ་བའི་མཆོག་ནི་གང་ཡང་རུང༌། །ཆོས་གཅིག་གིས་ནི་འབྱུང་བ་མེད། །གང་ཡང་འབྱུང་བ་ཡོད་མིན་ཏེ། །འབྱུང་བར་ཡང་དག་མི་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཏེ། དེ་དག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ཞེས་བསྟན་པ་དང་སྦྱར་ཏེ། དེ་དག་ཚོགས་ཀྱི་ལམ་ལ་ནི་སློབ་པ་ཡིན་པའི་ཕྱིར་གྲུབ་པ་ནི། ཕྱིར་མི་ལྡོག་པའི་ས་ལ་གཞག་པར་དགོངས་པས་ན་སྔོན་ལས་གཞན་དུ་བསྟན་ཏོ། །བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་དང་ཞེས་བྱ་བ་ནི། །དྲན་པ་ཡང་དག་བྱང་དག་ཆུབ་ཀྱི་ཡན་ལག་ལ་སོགས་པ་སྟེ། དེ་དག་ནི་མཐོང་བའི་ལམ་ཞེས་བྱ་བ་དང་སྦྱར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་སྟེ་དེ་དག་ནི་བསྒོམ་པའི་ལམ་ཞེས་སྨོས་པ་དང་རབ་ཏུ་སྦྱར་རོ། །དེ་ལྟར་ན་ཇི་ལྟར་སྦྱར་བ་དེ་དག་ནི་གོ་རིམས་བཞིན་དུ་ཚིག་གཞན་དུ་བསྟན་པས་རང་གི་དོན་མིང་གི་རྣམ་དྲངས་ཀྱིས་རྗོད་པར་བྱེད་པ་སྟེ། དེ་ལྟར་སངས་རྒྱས་ཀྱི་མཚན་ཉིད་རྗེས་སུ་དྲན་པ་ལམ་རྣམ་པ་གསུམ་པོ་འདི་དག་གིས་དྲན་པར་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་ནི་ལམ་གྱི་བདག་ཉིད་མ་ཡིན་ནམ། སངས་རྒྱས་ནི་འབྲས་བུའི་བདག་ཉིད་ཡིན་ན་ཇི་ལྟར་ལམ་དྲན་པས་དེ་རྗེས་སུ་དྲན་པར་འགྱུར་ཞེ་ན། འདི་ནི་ཉེས་པ་མེད་དེ་འོག་ནས་ལམ་ཐམས་ཅད་ནི་ཆོས་ཀྱི་སྐུའི་ཕྲིན་ལས་སུ་འཆད་པས་ལས་ཀྱི་བྱེད་པ་པོ་རྗེས་སུ་དྲན་པར་བྱ་བའི་ཕྱིར་དང༌། སངས་རྒྱས་དེ་དང་པོ་ལམ་ཇི་ལྟ་བུ་བརྙེས་པས་བྱང་ཆུབ་པས་བྱང་ཆུབ་པར་གྱུར་པ་ལམ་དང་བཅས་པར་དྲན་པ་ནི་གཅིག་ཏུ་རབ་ཏུ་དང་བར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོར་འཛིན་པས་དེ་རྗེས་སུ་དྲན་པར་བྱེད་པ་སྲིད་པས་དེ་དག་པར་བྱ་བའི་ཕྱིར་དོན་དམ་པར་དྲན་པ་


DTG087_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་མཚན་ཉིད་དུ་རྗེས་སུ་དྲན་པར་བྱའོ་ཞེས་སྦྱར་ཏེ། གང་གིས་ང་ལ་སྒྲར་ཤེས་ཤིང༌། །གང་གིས་ང་ལ་གཟུགས་སུ་མཐོང༌། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་སངས་རྒྱས་བལྟ། །ཆོས་ཉིད་ཤེས་པར་བྱ་མིན་པས། དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་དང་ཡང་མི་འགལ་ལ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཇི་སྐད་བསྟན་པ་རྣམས་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། །བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། །ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་རྣམ་པར་དག་པའི་བློ་མངའ་བ་ཞེས་བྱ་བ་ལ་སོགས་པ་འཕགས་པ་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པ་ལྟར་ཡང་དྲན་པར་བྱེད་པ་སྟེ། འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་སངས་རྒྱས་དང་ཕྲད་པར་འགྱུར་བའི་རྒྱུར་ཡང་རིག་པར་བྱའོ། །དེ་བཞིན་དུ་རྗེས་སུ་དྲན་པ་དང་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་དོན་དམ་པར་དྲན་པ་མེད་པའི་མཚན་ཉིད་དུ་ཞེས་བྱ་བ་ལ་སྦྱོར་བའི་དོན་ཏོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཞེས་བྱ་བ་ལ་དགེ་བ་རྣམས་ནི་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། འདི་མཐོང་བ་ལ་དོན་ཡོད་པ། །མཁས་པ་རྣམས་ཀྱི་རང་གིས་རིག་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་དྲན་པར་བྱའོ། །མི་དགེ་བ་རྣམས་ནི་མི་དགེ་བ་རང་གི་རང་བཞིན་གྱིས་གྲུབ་པ་མེད་པ་དང༌། དེའི་རང་བཞིན་མ་ཤེས་པའི་དབང་དུ་བྱས་ཏེ་ནི་སྤང་བར་བྱའོ། །ལུང་དུ་མ་བསྟན་པ་རྣམས་ནི་དེ་དག་ལ་མི་འཇུག་ཅིང་དགེ་བར་གྱུར་པ་རྣམས་ལ་འཇུག་པར་དྲན་པར་བྱའོ། །ཡང་ན་ཆོས་རྣམ་པར་གསུམ་དུ་ཕྱེ་བ་ནི་རང་གི་བློའི་འཇུག་པའི་དབང་ཙམ་ལ་རག་ལས་པ་ཡིན་གྱི། །ཆོས་རྣམས་ལ་དེ་ལྟར་རང་གྲུབ་པ་ནི་མེད་པས་སེམས་རྣམས་པར་རིགས་པའི་མཐའ་ལས་ནི་ལུང་དུ་མ་བསྟན་པ་རྣམས་ཀྱང་དགེ་བར་འགྱུར་ཏེ། ཇི་སྐད་དུ་རིགས་པ་དང་བཟོ་ལ་སོགས་པ་གུས་པར་བྱས་ཏེ་བྱིན་པས་བྱིན་པ་རི་དྭགས་ཨེ་ནེ་ཡའི་ལྟ་བུ་ཉིད་དང་ཞེས་གསུངས་ཏེ་ཡ་ནི་པ་སེ་ཁ་སྒོའོ། །ཡང་སྡིག་


DTG087_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲབ་པའི་དབང་དུ་བྱས་ཏེ་སྟོབས་བསྐྱེད་པ་རྙེད་པ་རྙེད་པ་རྣམས་ལ་བདེ་བ་ཉེ་བར་སྟོན་པའི་སླད་དུ་དབུལ་ལོ་ཞེས་གསུངས་ཏེ། དེའི་ཕྱིར་དངོས་པོ་རྣམས་ནི་རང་བཞིན་གྱིས་འདོད་གསལ་བ་ཙམ་ཞིག་ཏུ་བདེན་གྱི་ལྷག་མའི་སྣང་བ་རྣམས་ནི་མ་ངེས་པར་ཁོང་དུ་ཆུད་པར་བྱའོ། །ཆོས་ཞེས་བྱ་བ་ནི་རྟོགས་པ་དང་ལྡན་པར་རྣམས་ལ་ཇི་སྐད་བཤད་པའི་ཚུལ་གྱིས་ཐམས་ཅད་ལ་ཕན་འདོགས་པས་ན་ངན་སོང་ལ་སོགས་པར་ལྷུང་བ་ལས་འཛིན་བའི་ཕྱིར་རམ། ཡང་ན་རང་གི་མཚན་ཉིད་འཛིན་པའི་ཕྱིར་ངེས་པའི་ཚིག་གི་ཚུལ་གྱིས་ཆོས་སོ། །སྔ་མ་བཞིན་དུ་རྗེས་སུ་དྲན་པར་བྱའོ་ཞེས་སྦྱར་ཏེ། དེ་ལ་སྔ་མ་བཞིན་དུ་ཞེས་བྱ་བ་འདིས་ནི་དོན་གཉིས་སྟོན་པར་བྱེད་དེ། སྔར་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་སུ་གདམས་ངག་བསྟན་པ་ལས། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་བྱ་བ་ལ་ཡང་སྙེགས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཞེས་བྱ་བ་སྨོས་སོ། །དེ་ལས་གཞན་པ་ནི་དོན་དམ་པར་དྲན་བ་མེད་པའི་མཚན་ཉིད་དུ་ཞེས་བྱ་བ་ལ་ཡང་སྙེགས་པར་བྱེད་དོ། །དེ་ལ་རྗེས་སུ་དྲན་པར་བྱ་བ་ནི་ཐུན་མོང་དུ་དྲན་པར་བྱ་བ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། །མཐུན་པར་ཞུགས་པ། དྲང་པོར་ཞུགས་པ་ཕྱག་འཆལ་བའི་འོས་སུ་གྱུར་པ་ཞེས་བྱ་བ་ལ་སོགས་པའི་ལུང་གིས་སོ། །ཐུན་མོང་མ་ཡིན་པའི་ཡིན་ཏན་རྗེས་སུ་དྲན་པ་ནི་ཕྱིར་མི་ལྡོག་བའི་ས་རབ་ཏུ་བརྙེས་པ། །ཆོས་ཀྱི་རྒྱལ་པོའི་སྲས་བཞིན་འཛུམ་ཞིང་གསོང་པོར་སྨྲ་བ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་ཅེས་སེམས་པ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་རྒྱས་པའི་སྡེར་གཏོགས་པའི་མདོ་སྡེ་དང༌། །དེ་ལས་ཇི་སྐད་དུ་གསུངས་པ་ལྟར་རྗེས་སུ་དྲན་པར་བྱའོ། །དེ་བཞིན་དུ་རྗེས་སུ་དྲན་པར་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཚུལ་ཁྲིམས་ཀྱི་སྡོམ་པ་དང༌། དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམས་ཏེ། དེ་དག་རྗེས་སུ་དྲན་པར་བྱ་བ་ནི་འདི་ལྟ་སྟེ། ཚུལ་ཁྲིམས་ནི་འགྱོད་པ་མེད་པས་རྒྱུད་བིལ་བར་བྱེད་པའོ། །མཐོ་རིས་ཀྱི་ལམ་དུ་གྱུར་པའོ། །ཇི་ལྟར་སྨོན་པའི་འབྲས་བུ་སྒྲུབ་པའོ། །འགྱོད་པ་མེད་པས་ཏིང་ངེ་འཛིན་བསྐྱེད་པའོ། །ལྷ་དང་མེའི་སྦྱིན་པ་ཡོངས་སུ་


DTG087_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བོའོ་ཞེས་བྱ་བ་ལ་སོགས་པའི་རིམ་པས་སོ། །གཏོང་བ་ནི་སེར་སྣ་སྤངས་པས་སེམས་ལ་ཀུན་ཏུ་འཛིན་པ་མེད་ཅིང་རང་གི་ལུས་དང་སྲོག་ལ་སོགས་པ་རྣམས་པར་འགྱེད་པ་སྟེ། དེའི་ཡོན་ཏན་རྗེས་སུ་དྲན་པར་བྱ་བ་ནི། སྦྱིན་པ་ནི་མཛའ་བཤེས་འཕེལ་བར་བྱེད་པའོ། །ཚེ་རབས་སུ་རབ་ཏུ་བདེ་བའི་རྒྱུར་གྱུར་པའོ། །ཕ་མ་དང་བླ་མ་ལ་མཆོད་པའི་ཡན་ལག་ཏུ་གྱུར་པའོ། །གཞན་ལ་རག་མ་ལས་པའི་གཙོ་བོ་ཞེས་བྱ་བ་ལ་སོགས་པའི་རིམ་པ་སྟེ། རྒྱ་ཆེར་ནི་འཕགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པ་ལས་ཤེས་པར་བྱའོ། །ལྷ་ནི་རྒྱལ་ཆེན་རིགས་བཞི་ལ་སོགས་པ་སྟེ། དེ་དག་རྗེས་སུ་དྲན་པར་བྱ་བ་ནི་དེ་དག་ནི་ཡིད་དུ་འོང་བའི་ལས་ཁྱད་པར་ཅན་ལས་གྲུབ་པ་སྟེ། རྣམ་རྟོག་དགེ་ལས་བྱུང་བ་ཡི། །ལས་དགེ་འབྲས་བུ་ལྷ་རྣམས་ཏེ། །རབ་ཏུ་དང་པའི་ཡིད་ཀྱིས་ནི། །མཛེས་པའི་ལྷ་རྣམས་མངོན་པར་གྲུབ། །ཅེས་གསུངས་པས་སོ། །དེའི་ཕྱིར་བདག་གིས་ཀྱང་སེམས་ཅན་རྣམས་ཡིད་རབ་ཏུ་དང་བར་བྱས་ཏེ། ལྷར་སྐྱེ་བར་བྱ་བ་ལ་དགོད་ཅིང་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་དུའོ། །ཁོང་དུ་ཆད་པས་ཞེས་བྱ་བ་དྲན་པ་དང༌། གཞན་ཡང་འཕགས་པ་འཇིག་རྟེན་དབང་ཕྱུག་དང༌། རྗེ་བཙུན་ལྷ་མོ་སྐུལ་བྱེད་མ་དང༌། རྗེ་བཙུན་སྒྲོ་ལ་མ་ལ་སོགས་ཏེ། མདོ་གང་གང་དག་ལས་མཆོག་ཏུ་ཐུགས་བརྩེ་བ་དང་ལྡན་པ་རྣམས་ལྷག་པའི་ལྷ་དེའི་ཡོན་ཏན་ཇི་སྐད་བསྟན་པ་རྣམས་རྗེས་སུ་དྲན་པར་བྱ་བ་ནི་འཕགས་པ་སྡོང་པོ་བཀོད་པ་ལས། དེ་ནས་ཁོ་མོ་སྔོན་ཡོངས་སུ་བསྟེན་པའི་ལྷ་མོ་ཞིག་གིས་བསྐུལ་ཏེ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་འཐོབ་པའོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་བསྡུས་པ་རྣམས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུའོ། །ཁོང་དུ་ཆུད་པས་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པས་སོ། །རྟོགས་པས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་སོ། །ཡང་ན་དེ་དག་མངོན་པར་རྟོགས་པའི་དོན་དང་སྙིང་པོའི་དོན་ལ་སྦྱར་རོ། །ཡང་ན་རྣམ་གྲངས་ཀྱིས་བསྟན་པའོ། །ཀང་ཡིན་པ་དེ་ནི་མཐར་གྱིས་པའི་བྱ་བར་བཞེད་པ་ཡིན་ནོ་ཞེས་བྱ་བ་ལ་སྐབས་འདིར་


DTG087_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། རྗེས་སུ་དྲན་པ་དྲུག་དང༌། ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པ་ཞེས་བྱ་བ་རྣམ་པ་བཅུ་གསུམ་ཞིག་བསྟན་པ་ནི་སྔར་རྣམ་པར་གཡེང་བ་སྤང་བའི་ཕྱིར། ངག་རེ་རེས་ཀྱང་མངོན་པར་རྟོགས་པའི་དོན་མ་ལུས་པ་སྟོན་པར་བྱེད་པའོ་ཞེས་བཤད་པའི་ཚུལ་གྱིས་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པ་ཐ་མ་པ་དེ་ནི་རྣམ་པ་བཅུ་གསུམ་པོ་འདི་དག་ལ་བརྟེན་ནས་བཤད་པ་དང༌། འཆད་པར་འགྱུར་བའི་རིམ་པ་ཐམས་ཅད་ཡིད་ལ་རབ་ཏུ་གོམས་པར་བྱེད་དེ། ཁ་ཅིག་ན་རེ་མཐར་གྱིས་བའི་བྱ་བ་འདི་ནི་དབང་བསྐུར་བའི་ས་དང་ས་དགུ་པ་ལ་སོགས་པ་ཡང་ཡིད་ལ་བྱེད་དོ་ཞེས་ཟེར་བ་ནི་མི་འཐད་དོ། །འདི་ནི་སྐབས་འོག་མ་བར་ཆད་མེད་པའི་ལམ་དང་ཅིས་ཀྱང་བར་དུ་མ་ཆོད་པར་བསྟན་པའི་ཕྱིར། །སྐབས་དྲུག་པའི་འགྲེལ་བཤད་རྫོགས་སོ།། །།

སྐབས་བདུན་པའི་འགྲེལ་བཤད།


DTG087_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྐྱེ་བ་གཅིག་གིས་ཐོགས་པ་དང༌། སྲིད་པའི་ཐ་མར་ཡང་ཤིན་ཏུ་གོམས་བར་བྱས་པ་དབང་བསྐུར་བའི་ས་ལ་སོགས་པར་ཡང་ཅི་རིགས་ཀྱིས་གོམས་པར་བྱས་པས། ལྷུན་གྱིས་གྲུབ་པར་འཇུག་པ་ལ་རབ་ཏུ་ལས་སུ་རུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོའི་མཆོག་དམ་པ་ལ་འདུག་པར་གྱུར་པ་སྟེ། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེད་པར་བྱེད་པ་དེ་བསྟན་པའི་ཕྱིར་མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་བསྒོམ་པ་ནི་སྔར་ཇི་ལྟར་བསླབས་པའི་དོན་དེ་དག་ཉིད་ཤིན་ཏུ་གོམས་པར་བྱ་བའི་ཕྱིར་སྐད་ཅིག་མ་གཅིག་གིས་བསྒོམས་པས། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐད་ཅིག་མ་ཞེས་བྱ་བའི་དོན་འདི་ཇི་ལྟར་བལྟ་བར་བྱ། ཁ་ཅིག་ཏུ་ནི་འདུས་བྱས་ཀྱི་ཆོས་རྣམས་མྱུར་དུ་འགྲོ་བའི་སྐད་ཅིག་མ་སེ་གོལ་གཏོགས་པ་གཅིག་ལ་ཡང་དེ་དཔག་ཏུ་མེད་པ་ཞིག་འགག་ཅེས་གྲུབ་པའི་མཐའ་ལས་བསྟན་ཏེ། དེའི་ཡུན་ལ་ཡང་འཕགས་པ་ཉན་ཐོས་རྣམས་ཀྱིས་ནི་དེ་སུམ་བརྒྱ་དང་དྲུག་ཅུ་རྩ་བརྒྱད་འགྲོ་བར་འདོད་དེ། སྐད་ཅིག་མ་འདིའོ་ངོ་བོར་བྱ་བའམ། ཡང་ན་གདགས་པའི་བསྟན་བཅོས་ལ་སོགས་པ་ལས་དུས་


DTG087_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་མཐར་རྣམ་པར་གཞག་པའི་སྐད་ཅིག་མ་ཇི་སྐད་བསྟན་པའི་དབང་དུ་འདི་བྱའམ། གལ་ཏེ་ཞིག་ན་སྐྱེས་བུའི་མངོན་པར་འདོད་པའི་དོན་གྲུབ་པའི་དུས་སྐད་ཅིག་མ་དེ་ལ་བདག་གི་བྱ་བ་རྫོགས་སོ་ཞེས་བརྗོད་པའི་སྐད་ཅིག་མ་འདི་བཟུང་ངོ༌། །དེ་ལ་དང་པོ་དང་བར་མའི་དབང་དུ་བྱས་སོ་ཞེ་ན། ནི་ཧ་ཅང་ཡང་དུས་ཡུན་ཐུང་བས་ཇི་ལྟར་དེ་རྫོགས་པར་ནུས། ཐ་མ་ལྟར་བྱས་ན་ནི་ཏིང་ངེ་འཛིན་འདིའི་དུས་ངེས་པ་མེད་དེ་སྙིང་པོ་བྱང་ཆུབ་དེར་ཡང་ཡུན་ཇི་སྲིད་ཅིག་བཞུགས་པར་འགྱུར་ཞེ་ན། འདིར་སྔར་ཉིད་བདག་གིས་དུས་རྣམས་ནི་རིང་ཐུང་དུ་གྱུར་པ་བསམ་པའི་དབང་ལས་རང་གྲུབ་པ་མེད་ཅེས་བསྟན་ཟིན་པས་འདི་ལྟ་བུའི་རྣམ་པར་རྟོག་པ་བསྐྱེད་པའི་མི་ཆའོ། །འོན་ཀྱང་ཕྱོགས་གསུམ་པ་ལ་བརྟེན་པར་བྱ་སྟེ། བར་ཆད་མེད་པའི་ཏིང་ངེ་འཛིན་དེ་ནི་ངེས་པར་སྙིང་པོ་བྱང་ཆུབ་དེར་སྐྱེད་པར་བྱེད་ཀྱི། །བྱང་ཆུབ་སེམས་དཔའ་འགའ་ཞིག་སྙིང་པོ་བྱང་ཆུབ་དེར་ཞུགས་པ་ལས་ཏིང་ངེ་འཛིན་དེ་མ་བསྐྱེད་པར་སླར་ལྡང་བ་ནི་མི་སྲིད་ཅེས་གསུངས་ལ། སྙིང་པོ་བྱང་ཆུབ་དེར་ཡང་དུས་ཇི་སྲིད་ཅིག་གིས་ཏིང་ངེ་འཛིན་དེ་བསྐྱེད་པ་ནི་རང་བཞིན་བརྩན་པར་བྱས་པའི་ཚེ་ནི་བཞེད་པ་ལ་རག་ལས་པའི་ཕྱིར་དང༌། དུས་ལ་མངའ་བརྙེས་པས་སྐད་ཅིག་མ་ཕྱོགས་དང་པོའི་ཡུན་གྱིས་ཀྱང་དེ་བརྙེས་པ་ལ་གནོད་པ་མེད་མོད་ཀྱི། །གདུལ་བར་བྱ་བའི་དབང་གིས་གཅིག་ཁོ་ནར་ངེས་པ་མེད་པ་སྟེ། དེའི་ཕྱིར་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བའི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོ་ཞེས་བྱ་བ་དེ་བཙུན་མོའི་འཁོར་ནས་མངོན་པར་བྱུང་སྟེ། སྲས་བཅུ་དྲུག་སྤངས་ནས་སྙིང་པོ་བྱང་ཆུབ་ལ་བཞུགས་ཏེ། བདུད་བཅོམ་ནས་དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། བར་གྱི་བསྐལ་པ་ལྔ་བཅུར་སྐྱིལ་མོ་ཀྲུང་མ་བཤིག་པར་བཞུགས་པ་ལས། དེ་ནས་གདོད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་ལ། བདག་ཅག་གི་རྗེ་བཙུན་ཤཱཀྱ་ཐུབ་པའི་ཞལ་སྔ་ནས་ནི་སྙིང་པོ་བྱང་ཆུབ་ལ་བཞུགས་པའི་ཞག་དེ་ཉིད་ཀྱི་ཐོ་རངས་བར་ཆད་མེད་པའི་ཏིང་ངེ་འཛིན་བརྙེས་པས་མངོན་པར་རྫོགས་པར་སངས་རྒྱས་པར་བསྟན་ཏོ། །དེ་བཞིན་དུ། ཁྱོད་ཀྱི་དང་པོར་ལྷའི་བུ་ཡི། །


DTG087_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་མེ་རྟོག་རྒྱལ་མཚན་བསྙལ། །དེ་ནས་ཉོན་མོངས་བདུད་ཀྱི་ནི། །ང་རྒྱལ་རྒྱལ་མཚན་མཐོན་པོ་གཏིབ། །ཁྱོད་ཀྱིས་བྱང་ཆུབ་མ་བརྙེས་པར། །འདོད་ཁམས་དབང་ཕྱུག་ལས་རྒྱལ་ཏེ། །བྱང་ཆུབ་བར་ཆད་མེད་ལམ་ལ། །ཁམས་གསུམ་དབང་ཕྱུག་ལས་རྒྱལ་ལོ། །ཞེས་བྱ་བ་ལ་སོགས་པའི་ཚུལ་ཡང་གདུལ་བར་བྱ་བའི་སྣང་བ་དང་འཚམ་པར་བརྗོད་ཀྱི། རང་གི་རང་བཞིན་ནི་ཅི་ཁྱོད་བྱང་ཆུབ་པ་དང་དུས་གཅིག་ཁོ་ནར་བདུད་ཐམས་ཅད་ངེས་པར་བཅོམ་པ་ལགས་སམ་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་འབྲང་བར་བྱའོ། །དེ་ཡང་མཚན་ཉིད་ཀྱིས་རྣམ་པ་བཞི་ཡོད་པས་དང་པོ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་བཞི་པོ་འདི་དག་སྐད་ཅིག་ལ་རྟོགས་པར་བྱེད་དམ་འོན་ཏེ་རིམ་གྱིས་བྱེད། ཕྱོགས་དང་པོ་ལྟར་ན་གཉིས་པ་ལ་སོགས་པའི་དོན་ཇི་ལྟར་དྲང་བར་བྱ། ཕྱོགས་གཉིས་པ་ལྟར་ན་ཡང་སྐད་ཅིག་མ་གཅིག་པའི་མིང་ཇི་ལྟར་རུང་སྟེ། སྐད་ཅིག་མ་བཞི་པའི་མངོན་པར་རྫོགས་པར་བྱང་ཆུབ་པར་ཇི་ལྟར་མི་འགྱུར་ཞེ་ན། དེ་ནི་ཉེས་པ་ཉེས་པ་མེད་དེ། ཕྱོགས་དང་པོ་ལྟར་ན་ཡང་དང་པོ་དང་གཉིས་པ་ལ་སོགས་པ་ནི་གྲངས་ཇི་ལྟར་བསྟན་པའི་རིམ་པ་སྨོས་པར་ཟད་ཀྱི། དོན་གྱི་དབང་དུ་བྱས་པའི་ཚེ་ནི་དང་པོ་ལ་སོགས་པར་མི་རྗོད་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལྟར་ན་ཡང་ཉེས་པ་མེད་དེ། བྱིས་པ་རྣམས་ཀྱིས་སྐད་ཅིག་གཅིག་ཁོ་ན་ལ་དུས་ལ་དབང་ཐོབ་པ་དེ་རྣམས་ཀྱི་སྐད་ཅིག་མ་བཞིའི་སྐབས་སུ་འགྱུར་པའི་ཕྱིར་ན། དེ་འདོད་ན་སྐད་ཅིག་ཀྱང་བསྐལ་པ་ཙམ་དུ་བྱིན་གྱིས་རློབ་པར་བྱེད་དོ་ཞེས་ཇི་སྐད་གསུངས་པའི་ཚུལ་གྱིས་སོ། །གལ་ཏེ་དེ་ལྟར་སྐད་ཅིག་མ་བཞིའི་རིམ་པས་ཡིད་ལ་བྱེད་པ་ལ་སྐྱོན་མེད་ཅིང་བཅོམ་ལྡན་འདས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོའི་ཞལ་སྔ་ནས་ཀྱང་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་འདི་བར་གྱི་བསྐལ་པ་ལྔ་བཅུར་བསྒོམ་པ་ཞིག་ན། དེའི་ཚེ་འདི་ཡང་ཇི་ལྟར་མཐར་གྱིས་པའི་མངོན་པར་རྟོགས་པར་མི་འགྱུར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་སྐབས་དང་པོ་ལྔར་ནི་ཚོགས་ཀྱི་ལམ་ལ་སོགས་པ་སྔར་མ་མཐོང་བ་དང༌། མཐོང་བའི་དོན་རྣམས་ལ་རེ་རེ་ལ་ཡང་དུས་རིང་ཞིག་ཏུ་སྒོམ་པར་བྱེད་པ་ན་རང་རང་གི་གནས་སྐབས་པ་ཡིན་


DTG087_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། མཐར་གྱིས་པའི་མངོན་པར་རྟོགས་པ་མ་ཡིན་ལ། མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་སུ་ནི་པདྨ་འདབ་མ་བརྒྱ་འབིགས་པའི་རབ་ཏུ་མྱུར་བའི་ཤུགས་ཀྱིས་སྔར་ཇི་ལྟར་མཐོང་བའི་ལམ་འབྲས་བུ་དང་བཅས་པ་རྣམས་རིམ་གྱིས་འཇུག་པའི་ཚུལ་ལས་རིམ་པ་སྔ་མ་ལ་སོགས་པ་སྤངས་ཏེ། དེ་མ་ཐག་པའི་འཇུག་པས་རིམ་པ་འོག་མ་ཡང་དྲན་པའི་སྦྱོར་བས་ཡིད་ལ་བྱེད་ཀྱི། རིམ་པ་རེ་རེ་ལ་ཡུན་རིང་དུ་མི་གནས་པས་ན་མཐར་གྱིས་པ་སྟེ། རབ་ཏུ་མྱུར་བའི་རིམ་གྱིས་རྟོགས་པ་ནི་མཐར་གྱིས་པའོ། །སྐབས་བདུན་པའི་དབང་དུ་བྱས་ཏེ་ནི་སྐྱེས་བུ་རྩིག་པ་ལ་མཆོད་བའི་དཔེས་ནི་དེ་ལྟར་རིམ་གྱིས་ཡིད་ལ་བྱེད་པ་ནི་གཉི་ག་ལྟར་མ་ཡིན་གྱིས། སྔར་ཇི་ལྟར་ཡིད་ལ་བྱས་པའི་དོན་རྣམས་གཅིག་ཏུ་བསྡུས་ཏེ། དེ་དག་གི་སྤྱིའི་མཚན་ཉིད་གཅིག་ཏུ་བར་མ་ཆད་པས་བཞི་ཆར་དུས་གཅིག་ལ་རྟོགས་པར་བྱེད་ཅིང་དུས་རིང་ཞིག་ཐོགས་པ་ལྟ་ཞིག་ན་ཡང་ཡིད་ལ་བྱེད་པ་གཅིག་ཉིད་ལ་ཡང་ནས་ཡང་དུ་གཏོད་ཀྱི་སྔོན་བཞིན་དུ་རིམ་གྱིས་མ་ཡིན་པའི་ཕྱིར་འདི་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་ལས་མཚན་ཉིད་གཞན་དུ་གྲུབ་བོ། །རྣམ་པར་སྨིན་པ་མ་ཡིན་པའི་ཟག་པ་མེད་པར་ཞེས་བྱ་བ་ལ་རྣམ་པར་སྨིན་པ་ནི་རྣམ་པ་གསུམ་སྟེ། ས་དང་པོ་ལ་འཇིག་རྟེན་ལས་འདས་པ་རྣམ་པར་སྨིན་པ་དང༌། ས་བརྒྱད་པ་ལ་མཚན་མ་མེད་པར་རྣམ་པར་སྨིན་པ་དང༌། སངས་རྒྱས་ཀྱི་ས་ལ་བསམ་གྱིས་མི་ཁྱབ་ཅིང་ལྷུན་གྱིས་གྲུབ་པར་རྣམ་པར་སྨིན་པ་སྟེ། དེ་དག་ཏུ་ཆོས་ཐམས་ཅད་གནས་སྐབས་སྔ་མ་ལས་མི་འདྲ་བར་སྨིན་པས་ན་རྣམ་པར་སྨིན་པའོ། །དེ་ལྟར་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱ་བ་ནི་གང་དག་མཐོང་བའི་ལམ་རྒྱུད་ལ་མ་བསྐྱེད་པ་དེ་དག་གི་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཇི་སྙེད་སྣང་བ་དེ་ཐམས་ཅད་ནི་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱའོ། །ཟག་པ་མེད་པ་ཞེས་བྱ་བ་ལ་དེ་དག་གི་འཇུག་པའི་དབང་དུ་བྱས་ཏེ། རྣམ་བར་སྨིན་པ་མ་ཡིན་དུ་ཟིན་ཀྱང༌། ཆོས་དེ་དག་གི་རང་བཞིན་ནི་ཟག་པ་མེད་པ་ཡིན་ཏེ། བྱིས་པས་བྱང་ཆུབ་མི་ཤེས་ཀྱང༌། །དེ་དག་དེ་ལ་རྣམ་པར་གནས། །ཞེས་གསུངས་བའི་ཚུལ་གྱིས་སོ། །འདིར་ཟག་པ་ནི་རྟོག་པ་དང་ཉོན་མོངས་པ་གཉིས་ཀ་ལ་སྦྱར་རོ། །གཉིས་པ་རྣམ་པར་སྨིན་


DTG087_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཉིད་ཀྱི་གནས་སྐབས་ཀྱི་ཟག་པ་མེད་པར་ཞེས་བྱ་བ་ནི་སྔར་ཇི་སྐད་བཤད་པའི་རྣམ་པར་སྨིན་པ་གསུམ་གྱིས་བསྡུས་པ་འཕགས་པའི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཆོས་ཇི་སྙེད་པ་གནས་པར་གྱུར་པའི་ཕྱིར་རྣམ་པར་སྨིན་པ་ཞེས་བརྗོད་པ་དེ་དག་གི་རང་བཞིན་ཆོས་ཉིད་ཀྱི་གནས་སྐབས་ཟག་པ་མེད་པ་ཁོ་ནར་གནས་པའོ། །རྣམ་པར་སྨིན་པ་ནི་གནས་ཡོངས་སུ་གྱུར་པའོ་ཞེས་བརྗོད་ན་གནས་གྱུར་པ་ཅི་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་སྣང་བ་རྣམ་པར་དག་པ་ལྟར་གྱུར་པ་ཡིན་གྱི། གང་དག་གིས། འགོག་དང་འདུ་ཤེས་མེད་སྙོམས་འཇུག །འདུ་ཤེས་མེད་པ་པ་ལས་འབྱུང༌། །མིག་ལ་ལྟོས་བཞིན་རྒྱུ་རྐྱེན་ལྟོས། །ཆད་ནས་ཡང་འབྱུང་འཁོར་འཇུག་ལྡོག །ཅེས་བྱ་བ་དང༌། ལེན་དང་བཟོད་དང་གསལ་བ་དང༌། །ས་བོན་དང་ནི་ལས་རྣམས་དང༌། །ལུས་ཀྱིས་མྱོང་དང་སེམས་མེད་པའི། །སྙོམས་འཇུག་དེ་བཞིན་འཆི་མི་འཐད། །ཅེས་བྱ་བའི་རིགས་པས་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ཡོད་པར་འདོད་ཅིང་དེ་གནས་ཡོངས་སུ་གྱུར་པ་དང༌། མ་གྱུར་པ་ལས་རྣམ་པར་སྨིན་པ་དང༌། རྣམ་པར་སྨིན་པ་མ་ཡིན་པར་བརྗོད་པ་ནི་རིགས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་དེ་ནི་ཡུལ་གང་ཞིག་འཛིན་པར་བྱེད་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་ལྷན་ཅིག་ཏུ་ཡང་མ་མཐོང་ལ། བརྒྱལ་བ་ལ་སོགས་པའི་ཚེ་དེ་དག་རྒྱུན་ཆད་པ་ན་ཡང་མ་ཡིན་ཏེ། དེའི་ཕྱིར་རྟག་པ་དང་ཆད་པ་ལ་སོགས་པའི་ལྟ་བ་ལས་བཟློག་པའི་ཕྱིར། བདག་དང་ཀུན་གཞི་ལ་སོགས་པ་ནི། ཆོས་ཀྱི་དབྱིངས་དགོངས་པའི་གཞིར་བཞག་ནས་དེ་ཉིད་ལ་དེ་ལྟར་བསྟན་ཅིང་བརྟགས་པ་སྟེ། ཇི་སྐད་དུ་གསུང་བའི་བདག་པོ་དེ་ལ་འཁོར་བ་ཐོག་མ་མེད་པ་ནས། བྱིས་པའི་སྐྱེ་བོ་རྣམས་ངར་འཛིན་པ་དང་ང་ཡིར་འཛིན་པར་མངོན་པར་ཞེན་པས་བདག་གི་ཁྱད་པར་གྲངས་མེད་པ་རབ་ཏུ་བརྟགས་ཏེ། གསང་བ་བའི་བདག་པོ་དེ་དག་བདག་གི་ངོ་བོ་ཉིད་ལ་མ་དཔྱད་བར་བདག་གོ་ཞེས་ངར་འཛིན་བ་ཀུན་ནས་སློང་ངོ༌། །གཞན་དག་ནི་དུས་ལས་བྱུང་བ་དང་འཛིན་པ་པོས་སྤྲུལ་པ་དང་ངེས་པར་འབྱུང་བ་དང་འདི་ལྟ་སྟེ། དབང་ཕྱུག་དང༌། འབྱིན་པ་པོ་དང༌། དུས་དང༌། གཙོ་བོ་དང༌། བྱེད་པ་པོ་དང༌། བྱེད་པ་པོ་མ་ཡིན་པ་


DTG087_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྣལ་འབྱོར་དང༌། ཚད་མ་དང༌། དག་པ་དང༌། མ་དག་པ་དང༌། ནང་གི་བདག་དང༌། སྐྱེས་བུ་དང༌། ཁྱབ་བདག་དང༌། སྲོག་དང༌། གང་ཟག་དང༌། རྣམ་པར་ཤེས་པ་དང༌། ཀུན་གཞི་དང༌། ཤེས་པ་པོ་དང༌། མཐོང་བ་པོ་དང༌། གཟུང་བ་དང༌། འཛིན་པ་དང༌། ཤེས་པ་དང༌། ཤེས་བྱ་དང༌། ཤེས་པར་བྱ་བ་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་དང༌། བརྗོད་པར་བྱ་བ་མ་ཡིན་པར་རྟོག་སྟེ། གསང་བའི་བདག་པོ་བདག་གི་ཁྱད་པར་དེ་ལྟ་བུ་ལ་སོགས་པ་རྣལ་འབྱོར་བ་དག་གིས་ཐར་པ་འདོད་པས་སྔོན་བརྟགས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དེ་དག་གཉི་ག་ཡང་བྱེ་བྲག་མེད་པར་མཚན་ཉིད་མེད་པར་རྟོགས་པར་བྱེད་པའི་ཕྱིར། གསུམ་པ་མཚན་ཉིད་མེད་པར་ཞེས་བྱ་བ་སྨོས་ཏེ་མཚན་ཉིད་ནི་ཆོས་རྣམས་ཀྱི་རང་གི་ཐུན་མོང་མ་ཡིན་པའི་རང་བཞིན་སྲབ་དང༌། གྲང་བ་དང༌། རིག་པ་དང༌། བེམས་པོ་ལ་སོགས་པ་སོ་སོ་རང་གི་མཚན་ཉིད་མ་ལུས་པའོ། །དེ་མེད་པར་དོན་དམ་པར་རིགས་པའི་མཐུ་མི་ཐེག་པས་ན་མེད་ཅེས་བརྗོད་ཀྱི། །རི་བོང་གི་རྭ་ལྟར་བུ་ནི་མ་ཡིན་ཏེ། མ་བརྟགས་ན་ཉམས་དགའ་བའི་ངོ་བོ་སྒྱུ་མ་ཙམ་དུ་དེ་དག་རང་རང་གི་མཚན་ཉིད་དུ་ཡོད་པ་ནི་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་མཚན་ཉིད་མེད་པ་དེ་དག་ཀྱང་མཚན་གཞི་ཐ་དད་པ་སྲབ་དང༌། ཚ་བ་ལ་སོགས་པ་ཐ་དད་པ་ལྟར། རང་རང་གི་ཡོད་པའི་མཚན་ཉིད་ལས་ལོག་པ་ཙམ་དུ་གནས་སོ་སྙམ་དུ་རྟོགས་ལ། དོན་དམ་པ་ནི་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར། དེ་ལྟར་ནི་མི་བསམ་བར་སྟོན་པ་བཞི་པ་གཉིས་སུ་མེད་པའི་མཚན་ཉིད་དུ་ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་སྟོང་པ་ཉིད་དང་ཚོར་བ་ལ་སོགས་པའི་སྟོང་བ་ཉིད་གང་དག་ཡིན་པ་དེ་དག་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་སོ་སོར་མ་ཡིན་ཐ་མི་དག་པར་རྟོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །རྟོགས་པ་ཞེས་བཞི་ཚར་གྱི་མཐར་ཆོས་ཐམས་ཅད་ཅེས་བྱ་བ་བསྟན་པ་ནི་རྟོགས་པ་དེ་དག་རེ་རེ་ཡང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་དངོས་པོ་མ་ལུས་པར་བསྡུས་པའི་ཕྱིར་རོ། །དེ་བཞིན་དུ་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཅེས་བྱ་བ་སྨོས་པ་ཡང་རྟོགས་པ་དེ་དག་བཞི་ཆར་ཡང་ཁྱད་པར་


DTG087_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཡེ་ཤེས་ཀྱི་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་བྱེད་པར་སྟོན་པའོ། །དེ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ལ། སམ་ནི་རྫོགས་པའི་དོན་སྟོན་པ་སྟེ་ཆོས་ཐམས་ཅད་ཅེས་སྨོས་པས་སོ། །དེ་ནས་ནི་མངོན་དུ་བྱང་ཆུབ་པ་སྟེ་མངོན་དུ་རྟོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །འདི་སྐད་དུ་བྱང་ཆུབ་སེམས་དཔའ་བསྐལ་པ་མང་པོ་ཞིག་ཏུ་ཀུན་རྫོགས་ཀྱི་དངོས་པོ་རྣམས་ཀྱང་མ་ལུས་པར་པདྨའི་འདབ་མ་ལྟར་མ་འདྲེས་པར་རང་གི་མཚན་ཉིད་དང༌། ལས་སམ་རྒྱུ་ལ་སོགས་པར་ཤེས་པ་ལ་གོམས་པར་བྱས་ལ། དེ་དག་གི་རང་བཞིན་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ལ་ཀྱང་ཡུན་རིང་དུ་གོམས་པར་བྱས་པ་ལ་གོམས་པར་བྱས་པ་ལ་གོམས་པའི་མཐུ་མཐར་ཐུག་པའི་རྟོགས་པ་འདི་སྐྱེ་བ་ན་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་གཉིས་ཅིག་ཅར་ཉིད་དུ་ཡེ་ཤེས་ཀྱིས་ཡུལ་དུ་བྱས་ནས་ཕན་ཆུན་འགལ་བར་སྣང་བ་དག་མི་འགལ་བར་ཡུལ་དུ་བྱེད་པ་ནི་ཡུལ་གྱི་རང་བཞིན་དེ་ཉིད་དེ་ལྟར་གནས་པའི་ཕྱིར་ཡང་སྟེ་ཇི་སྐད་དུ། །འོ་ན་དེ་ནི་རྟོགས་གྱུར་པས། །དེ་ཡི་རང་བཞིན་མངོན་སུམ་ཕྱིར། །མི་མཁས་རྣམས་ཀྱང་དངོས་རྣམས་ཀྱི། །དངོས་པོ་འདི་འདྲ་ཅི་མི་རྟོགས། །མ་ཡིན་ཐོག་མེད་རྒྱུད་ལྕི་བར། །དངོས་པོར་སྒྲོ་བཏགས་དབང་བས། །དེ་ཕྱིར་སྲོག་ཆགས་ཐམས་ཅད་ཀྱིས། །མངོན་སུམ་པར་མི་འགྱུར་རོ། །དེ་ལ་སྒྲོ་བཏགས་གཅོད་བྱེད་པ། །ཤེས་རབ་བྱེད་པའི་གཏན་ཚིགས་ཀྱིས། །རྗེས་སུ་དཔོགས་ན་ཤེས་པར་བྱེད། །རྣལ་འབྱོར་དབང་རྣམས་མངོན་སུམ་གསལ། །ཞེས་བྱ་བ་ལས་གླེངས་ཏེ། ཐོག་མ་མེད་པའི་སྲིད་པར་སྐྱེས་པ་དངོས་པོ་ལ་མངོན་པར་ཞེན་བའི་དུག་གིས་དཀྲུགས་པའི་བློ་ཅན་དག་གིས་མངོན་སུམ་ཙམ་དུ་རྟོགས་པས་རྣམ་པ་རྣམས་ཁོང་དུ་ཆུད་པར་མི་ནུས་ཏེ། འདྲ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དམིགས་པས་བློ་སྣང་བ་དག་གིས་སྐད་ཅིག་མ་མི་རྟོགས་པ་བཞིན་ནོ་ཞེས་བཤད་ཅིང་དེ་ལས་ཀྱང་བརྩམས་ཏེ། འདིས་ནི་དངོས་པོ་རྣམས་ཀྱི་སྒྲོ་བཏགས་པའི་རྣམ་པ་སྦེན་པ་ནི་སྟོང་པ་ཉིད་ཅེས་བྱོན། སྟོང་པ་ཉིད་སྒྲོ་བཏགས་པའི་རྣམ་པས་བསྒྲིབས་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོའི་རང་བཞིན་བཟུང་བཞིན་དུ་བྱིས་པ་རྣམས་ཀྱིས་ངེས་པར་མི་འགྱུར་


DTG087_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེའི་ཕྱིར་གཟུང་མོད་ཀྱི་ཐ་སྙད་གདགས་སུ་མི་རུང་བའི་ཕྱིར་མ་བཟུང་བ་དང་འདྲ་བ་ཉིད་ཡིན་པས་འདི་ནི་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེའི་ཕྱིར་བློའི་འཇུག་པའི་དབང་དུ་བྱས་ཏེ། དོན་དམ་པའི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལས་རྣམ་པར་དབེན་པ་ཡིན་ཏེ། ས་རབ་ཏུ་དགའ་བ་ལ་སོགས་པའི་མཉམ་པར་གཞག་པའི་ཡེ་ཤེས་ལ་ཀུན་རྫོབ་རྣམས་མི་སྣང་བའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་དེ་ཡང་དོན་དམ་པའི་བདེན་པ་ལས་སོ་རྣམ་པར་དབེན་པ་སྟེ་བྱིས་པ་རྣམས་ཀྱི་ཤེས་པ་ལ་ནི་ཀུན་རྫོབ་འབའ་ཞིག་སྣང་བའི་ཕྱིར་རོ། །ཤེས་རབ་དང་ཐབས་གཉི་ག་ལ་གོམས་པ་ཕུལ་དུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་སྙིང་པོ་བྱང་ཆུབ་ལ་བཞུགས་པ་དང༌། ཐུབ་པའི་དབང་པོ་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམ་གྱིས་ནི་གཉི་ག་ལྟར་སྣང་བ་རྣམ་པར་བཏང་སྟེ། བདེན་པ་གཉིས་སུ་དབྱེར་མེད་པར་སྣང་བའི་དབང་གིས་སྲིད་པ་དང༌། ཞི་བ་གཉི་གར་མི་གནས་པའི་མྱ་ངན་ལས་འདས་པ་གྲུབ་སྟེ། དོན་འདི་ལ་སྦྱར་བའི་ཕྱིར་ནི་འཕགས་པས་བཅུ་པའི་ལེའུ་ལས། ས་མི་གཡོ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དག་པར་བསྐུལ་བའི་དབང་དུ་བྱས་ཏེ། དེ་དག་ས་བདུན་ཤེས་རབ་ཐབས་ཀྱིས་རབ་སྦྱངས་ཤིང༌། །ཤིན་ཏུ་ཚོགས་བསགས་སྨོན་ལམ་ཆེན་པོ་རབ་ཏུ་བཏབ། །མི་ཡི་དམ་པས་བྱིན་རླབས་དགེ་བའི་རྩལ་ལྡན་ཞིང༌། །ཡེ་ཤེས་མངོན་འདོད་མཁས་པ་བརྒྱད་པ་ཡོངས་སུ་གནོན། །བསོད་ནམས་ཡེ་ཤེས་ཉེར་བསགས་སྙིང་རྗེ་བྱམས་ལྡན་ཞིང༌། །ཚད་མེད་སེམས་ཀྱི་རྗེས་སོང་མཁའ་དང་འདྲ་བའི་བློ། །དྲང་སྲོང་ཆེན་པོ་ཆོས་ཐོས་རྟོགས་པའི་སྟོབས་ལྡན་པ། །མི་སྐྱེ་བ་ཡི་བཟོད་པ་ཕྲ་ཞིང་ཞི་བ་རབ་ཏུ་ཐོབ། །སྔ་ནས་མ་སྐྱེས་མི་སྐྱེ་མཚན་ཉིད་མེད་པ་དང༌། །མ་བྱུང་འཇིག་པ་མེད་ཅིང་རྒྱུ་མེད་པ་དང༌། །དངོས་པོ་སྐྱེ་འཇིག་མེད་ཅིང་དེ་ཉིད་རྟོག་མེད་པ། །ཡིད་དང་སེམས་ཀྱི་རྒྱུ་བ་མེད་ཅིང་ནམ་མཁའ་འདྲ། །དེ་དང་འདི་འདྲའི་བཟོད་ལྡན་སྤྲོས་པ་མེད་གྱུ་པའི། །མཁས་པའི་ཟབ་སྤྱོད་ཞི་བའི་གནས་རབ་ཐོབ་པ་ཡིན། །དགྲ་བཅོམ་རང་རྒྱལ་འགྲོ་བ་ཀུན་གྱིས་ཤེས་པར་དཀའ། །མཚན་མ་སྣང་ཚོགས་


DTG087_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་འདུ་ཤེས་རྣམ་པར་བསལ། །དེ་ལྟར་གནས་པའི་ཡིད་དང་སེམས་ནི་རྟོག་པ་མེད། །དགེ་སློང་འགོག་དང་ལྡན་ལྟར་རྣམ་པར་རྟོག་མི་འཐོབ། །རྨི་ལམ་ཆུས་ཁྱེར་གཉིད་སད་བཞིན་དུ་རྩོལ་དང་བྲལ། །ཚངས་པའི་གནས་ཀྱི་འདོད་པ་ཇི་བཞིན་ཉིད་ཀྱང་མེད། །སྔོན་གྱི་བྱིན་གྱིས་བརླབས་ཀྱིས་བདེ་གཤེགས་བསྐུལ་བ་མཛད། །འདི་ནི་བདེ་གཤེགས་དབང་བསྐུར་བཟོད་པ་དམ་པ་སྟེ། །ངེད་ཀྱི་ཡེ་ཤེས་སྟོབས་སྤངས་སངས་རྒྱས་ཆོས་ཀྱི་རྣམས། །དེ་དག་ཁྱོད་ལ་མེད་ཀྱིས་དེ་ལ་བརྩོན་འགྲུས་རྩོམས། །ཅི་ཕན་ཁྱོད་ཀྱི་ཉོན་མོངས་འབར་བ་ཀུན་ཞི་ཡང༌། །འཇིག་རྟེན་ཉོན་མོངས་མེས་ཚིག་དེ་དག་མི་ལྟའམ། །སེམས་ཅན་ཕྱིར་སྤྱད་པ་ཡི་སྔོན་གྱི་སྨོན་ལམ་སེམས། །འགྲོ་བ་མཐར་གྱུར་ཡེ་ཤེས་དོན་ཞུགས་ཤེས་རབ་ཀྱིས། །ཆོས་ཉིད་དེ་བཞིན་ཉིད་འདི་མི་རྟོག་རྟག་ཏུ་འདུག །ས་འདི་རྒྱལ་བ་ཉན་ཐོས་རང་རྒྱལ་ཀུན་གྱིས་ཏེ། །འདིས་ནི་འཇིག་རྟེན་དག་ཏུ་སྟོབས་བཅུ་མི་བརྗོད་དོ། །གཞན་དུ་ཡེ་ཤེས་ཡངས་པ་དུས་གསུམ་ཚད་ཀྱིས་བརྗོད། །དེ་ལྟར་དེ་ལ་མཚུངས་མེད་ལྷ་དང་མིས་མཆོད་པ། །ཡེ་ཤེས་སྒོ་མོ་རྣམ་མང་ཉེ་བར་བསྒྲུབ་པར་མཛད། །རྒྱལ་བའི་ཆོས་སྒྲུབ་ཕ་རོལ་མཐའ་ཡས་ཞུགས་མཛད་པ། །དེ་ལ་སྔོན་གྱིས་བྱང་ཆུབ་སྤྱོད་པ་ཆར་མི་འགྲོ། །ཁྱུ་མཆོག་འདི་དག་ཡེ་ཤེས་ས་མཆོག་འདི་ཐོབ་ནས། །ཕྱོགས་རྣམས་ཀུན་ཏུ་སྐད་ཅིག་གཅིག་གིས་རྒྱས་འགེངས་པ། །ཡེ་ཤེས་ཤུགས་དང་ལྡན་ཞིང་མངོན་ཤེས་མཆོག་ཐོབ་པས། །རྒྱ་མཚོ་ཆེར་ཕྱིན་གྲུ་ཆེན་རླུང་གིས་ཁྱེར་བ་བཞིན། །ཆེད་དུ་བསྐྱོད་སེམས་བྲལ་ཞིང་ཡེ་ཤེས་ལས་ལ་གནས། །ཞིང་རྣམས་འབྱུང་ཞིང་གནས་པ་རྣམ་པར་སྤྱོད་པར་བྱེད། །ཁམས་རྣམས་བཞི་པོ་ཁ་དོག་ཐ་དད་ཡངས་པ་དང༌། ཕྲ་ཞིང་ཆེ་དང་རྣམ་པར་ཆེ་ལ་ཡང་དག་འཇུག །སྟོང་གསུམ་ཤིན་ཏུ་རྡུལ་ཕྲ་ཀུན་ལ་འཇུག་བྱེད་དེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་གང་དག་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་ལ་སྣང་བ་དང་བཅས་པའི་ཡེ་ཤེས་མི་འདོད་ཅིང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཞིག་འདོད་པ་ཡང་ཇི་ལྟར་རྣལ་འབྱོར་སྤྱོད་པ་པ་རྣམ་པ་མེད་པར་སྨྲ་བ་རྣམས་ཀྱིས། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང༌། །དོན་མེད་ཁོང་དུ་ཆུད་


DTG087_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་བྱ་བ་དང༌། དོན་ནི་དོན་དུ་གྲུབ་གྱུར་ན། །མི་རྟོག་ཡེ་ཤེས་མེད་པར་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་རིགས་པ་མ་ཡིན་ནོ། །ཞེས་བསྟན་པ་དང་ཁྱད་པར་མེད་པར་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་དོན་དམ་པའི་བདེན་པ་རབ་ཏུ་ཞི་བ་དེ་ཐུགས་རྗེ་ཆེན་པོས་ཆེད་དུ་མངོན་སུམ་དུ་མི་མཛད་ཀྱི། བདེན་པ་གཉིས་སུ་དབྱེར་མེད་ཅིང་ཕ་རོལ་གྱི་དོན་དང་རྣམ་པར་ཤེས་པ་གཉིས་གང་དུ་ཡང་རྟག་ཏུ་མེད་མོད་ཀྱི། ཆོས་ཀྱི་དབྱིངས་ཀྱི་མཐུ་རླབས་སྣ་ཚོགས་སུ་སྣང་བའི་རྣམ་པར་རི་མོར་བྲིས་པ་ལྟ་བུ་རྣམ་པ་མ་ལུས་པ་གསལ་བར་གྱུར་པས་བཞུགས་པར་ངེས་སོ། །གང་ཡང༌། ས་ལ་གཟུགས་རྣམས་ཡོད་པ་དང༌། །ལྷ་ཡུལ་གནས་པའི་ཁྱིམ་རྣམས་ནི། །རྣམ་པ་སྣ་ཚོགས་གང་སྣང་བ། །།དེ་དག་ཀུན་གཞི་སྣང་བ་ཡིན། །ཀུན་གཞི་ཀུན་དུ་ལག་པ་སྟེ། །ཀུན་དུ་ཁ་མིག་མགོ་བོ་ཡང༌། ཅིག་ཅར་རམ་ནི་རིམ་གྱིས་ནི། །ས་རྣམས་ཁྱབ་པར་རབ་ཏུ་གནས། །བྱིས་པ་རྣམ་པར་མྱོས་བྱེད་དེ། །རང་གི་སྙིང་ལ་གང་གནས་པ། །དེ་ནི་དེ་ལ་གཉིས་ཚུལ་དུ། །ལུས་ཀུན་བཀང་སྟེ་རབ་ཏུ་གནས། །ཞེས་བསྟན་ཏེ། དེ་ནས་ཡང་ཀུན་གཞི་ཞེས་བརྡར་བཏགས་པ་གང་ཡིན་པ་དེ་ནི་བྱིས་པ་རྣམས་ལ་ཆོས་ཀྱི་དབྱིངས་དེ་ཉིད་དེ་སྐད་ཅེས་བྱ་བའི་མིང་དུ་བཏགས་ཏེ་བསྟན་ཏོ་ཞེས་སྟོན་པར་མཛད་པ་ནི། །སྟོང་མིན་དངོས་པོ་གང་ཡང་མེད། །ཐོ་བས་རྫ་མ་ཇི་བཞིན་དུ། །དངོས་པོ་གང་ལ་གཞོམ་བྱ་བའི། །དངོས་པོ་དངོས་སུ་ཡོད་མ་ཡིན། །དེ་སྟེ་སྟོང་བའི་དངོས་ཡོད་ན། །འཇིག་བྱེད་མ་ཡིན་གཞིག་པར་འགྱུར། །གཞིག་བྱ་གཞིག་པར་བྱེད་པ་དག་དེ་ནི་རྣམ་པར་རྟོགས་པས་བརྟགས། །ཞེས་གསུངས་ལ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། དང་པོ་བདག་ཏུ་སྨྲ་བ་དང་འཕྱི་རོལ་གྱི་དོན་དུ་སྨྲ་བ་སུན་སུན་ཕྱུང་སྟེ། ཤེས་བྱ་ནང་གི་ཡིན་པ་ཉིད་དུ་བསྒྲུབ་པར་མཛད་ནས། དེ་ནས་ཡང་སླར། དེ་ནི་ཇི་བཞིན་དེར་ནི་སྣང༌། །ཇི་ལྟར་སྣང་སྟེ་དེ་བཞིན་མིན། །རྣམ་ཤེས་བདག་མིན་ཚུལ་ཡིན་པས། །རྣམ་ཤེས་མིན་པའི་གཞི་གཞན་སྣང༌། །དཔེར་ན་ཁབ་ལེན་མཐོང་བ་ན། །ལྕགས་ནི་མྱུར་དུ་ཡོངས་སུ་འགུལ། །འདི་ལ་སེམས་པ་ཡོད་མིན་ན།


DTG087_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་བཅས་པ་བཞིན་དུ་སྣང༌། །དེ་བཞིན་ཀུན་གཞི་རྣམ་པར་ཤེས། །སེམས་མེད་སེམས་དང་བཅས་པ་བཞིན། །འགྲོ་དང་འོང་བས་རྣམ་གཡོ་ཞིང༌། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །དཔེར་ན་རྒྱ་མཚོའི་ཐ་མ་ལས། །ངེས་པར་རླབས་ནི་རྣམ་པར་གཡོ། དེ་བཞིན་ཀུན་གཞི་རྣམ་པར་ཤེས། །ལུས་ལ་བརྟེན་ཏེ་གཡོ་བར་བྱེད། ཅེས་བསྟན་ཅིང༌། དཔེར་ན་བུ་རམ་མངར་བ་དང༌། །མེ་ནི་ཚ་བའི་རང་བཞིན་ཏེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ནི། །སྟོང་པའི་རང་བཞིན་གཅིག་ཏུ་འདོད། །ཅེས་གསུངས་པས། །སྣ་ཚོགས་ཆོས་ཀྱི་དབྱིངས་དེ་ཉིད་སྣང་བ་དང་བདེན་པ་གཉིས་དབྱེར་མེད་པར་བསྟན་ཏོ། །ས་རབ་ཏུ་དགའ་བ་ལ་སོགས་པར་ནི་དེ་དག་གཅིག་མངོན་དུ་བྱས་པ་ན་གཅིག་མི་སྣང་བས་ན་ཕན་ཚུན་བཟློག་པའི་ངོ་བོར་གནས་ཤིང༌། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་དེ་དག་དབྱེར་མེད་པར་མོས་པ་ཙམ་ཞིག་བྱེད་པ་ནི་སྔར། དེར་སྣང་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །ཞེས་གསུངས་པར་གསལ་པོར་བསྟན་པ་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཉིད་དུ་ངེས་པར་འཛིན་པ་དང་ཞེས་བསྟན་པས་སོ། །ལུགས་ལས་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པའི་ངག་གཅིག་པོ་འདི་ནི་མཚན་ཉིད་རྣམ་པ་བཞི་ཆར་ལ་ཡང་སྦྱར་བར་བྱའོ། །སྦྱིན་པ་ལ་སོགས་པའི་ཡེ་ཤེས་ཞེས་བྱ་བ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་རབ་ཏུ་བསྡུ་བ་མངོན་པར་རྟོགས་པའི་རིམ་པ་སྨོས་པ་ཡིན་མོད་ཀྱི། དེའི་ནང་ནས་ཀྱང་སྦྱིན་པ་ལ་སོགས་པ་རྣམ་པ་བཅུ་གསུམ་ལས་གང་ཡང་རུང་བ་ཅིག་སྐད་ཅིག་ལ་དམིགས་པས་བཤད་པ་དང་འཆད་པར་འགྱུར་བའི་དོན་མ་ལུས་པ་སྐད་ཅིག་མ་གཅིག་ལ་དམིགས་པར་ནུས་ཏེ། དེའི་རྒྱུ་མཚན་བསྟན་པའི་ཕྱིར། དངོས་པོ་སོ་སོར་ངེས་པར་འཛིན་པ་དང་བྲལ་བ་ཞེས་བྱ་བ་སྨོས་ཏེ། རང་བཞིན་གཅིག་ཏུ་གོམས་པས་སོ། །དེའི་ཕྱིར་སོ་སོར་འཛིན་པ་ལས་གོ་བཟློག་པའི་ངོ་བོས་ནི་མང་པོ་གཅིག་ཏུ་བསྡུས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཟོ་བའི་དུམ་བུའི་དཔེས་གཅིག་གིས་ཀྱང་མང་པོ་སྡུད་ནུས་པས་ན། སྦྱིན་


DTG087_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་རེ་རེས་ཀྱང་སྦྱིན་པ་ལ་སོགས་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཆོས་རྣམས་བསྡུས་པའི་ཕྱིར་ཞེས་ཚིག་རྣམ་པར་སྦྱར་རོ། །སྔོན་གྱི་སྨོན་ལམ་གྱིས་འཕེན་པ་དང་ཞེས་བྱ་བ་ནི། །སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་རྟོགས་བར་གྱུར་ཅིག་ཅེས་བྱ་བ་དང༌། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པ་རྒྱུན་དུ་བཏོན་པའི་དབང་གིས་ཏེ། དེ་བས་ན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། །བཟང་པོ་སྤྱོད་ལམ་ཇི་ལྟ་བ། །བྱང་ཆུབ་སེམས་ལ་གཞོལ་བ་ཡིས། །བློ་གྲོས་གཡོ་བ་མེད་པར་བྱ། ཞེས་གསུངས་སོ། །ཆོས་ཀྱི་དབྱིངས་ཀྱི་མཐུ་ནི་ཐམས་ཅད་དེའི་རང་བཞིན་ཡིན་པས་གཅིག་པ་དང་ཐ་དད་པ་ཉིད་མེད་པས་ཡང་དག་པར་ན་གཅིག་གིས་དུ་མ་བསྡུས་པ་ཉིད་ཀྱང་མ་ཡིན་པས་ངོ་མཚར་ཅི་ཞེས་བྱའོ། །ཚིག་ལྷག་མ་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །སྐབས་བདུན་པའི་འགྲེལ་བཤད་རྫོགས་སོ།། །།

སྐབས་བརྒྱད་པའི་འགྲེལ་བཤད།


DTG087_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐབས་བདུན་པོ་དེ་དག་གི་རྒྱུའི་གནས་སྐབས་ཡོངས་སུ་རྫོགས་པར་བྱས་ནས། ད་ནི་སྐབས་པ་འབྲས་བུའི་འབྲས་བུའི་བདག་ཉིད་བསྟན་པར་བྱ་བའི་ཕྱིར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམ་པའི་སྐད་ཅིག་མ་གཉིས་བ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པ་བཞི་ཡིན་པས་ཞེས་བྱ་བ་ནི་ངོ་བོ་ཉིད་དང༌། ཆོས་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་རྣམས་སོ། །ཁ་ཅིག་ན་རེ་སློབ་དཔོན་གྱི་ཞལ་སྔ་ནས་ནི་གཞུང་གཞན་དུ་སྐུ་གསུམ་དུ་བསྟན་པས་དེ་ལྟར་བཞེད་མོད་ཀྱི། །འདི་ནི་མཁན་པོ་ཡང་དག་རྣམ་པར་སྣང་མཛད་ཀྱི། །གདམས་ངག་གཙོ་བོར་མཛད་པས་ན། །དེ་ཡི་བཞེད་པ་བཀོད་པའོ། །ཞེས་ཟེར་ཏེ། འོག་ནས་སྐུའི་གྲངས་ངེས་པར་ཐ་དད་པ་བསྟན་པའི་ལུགས་གང་ཡང་སུན་མ་ཕྱུང་བས་ན། དེ་ལྟར་ངེས་པ་ནི་ཅི་ཡང་མེད་དེ། སློབ་དཔོན་གྱི་ཞལ་སྔ་ནས་ནི་སྐུ་དུར་བཞག་ཀྱང༌། ཉེས་པ་མེད་པར་བཞེད་པར་གསལ་ལོ། །དང་པོ་ཞེས་བྱ་བ་ནི་གྲངས་ཀྱི་དང་པོའམ། ཡང་ན་མཆོག་གི་དོན་གྱི་དངོས་པོ་སྟེ། སྔར་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆེ་བའི་


DTG087_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་བསྟན་པའི་སྐབས་སུ་བསྟན་པའི་ཚུལ་གྱིས་སོ། །ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་ནི་འདི་ནི་ངོ་བོ་ཉིད་ཀྱང་ཡིན་ལ་སྐུ་ཡང་ཡིན་པས་ན་ངོ་བོ་ཉིད་ཀྱི་སྐུ་ཞེས་གཞི་མཐུན་པའི་བསྡུ་བའོ། །དེ་ལ་ངོ་བོ་ཉིད་ནི་ཆོས་ཅན་ཁྱད་པར་ཅན་རྣམས་ཀྱི་ཆོས་ཉིད་ཁྱད་པར་ཅན་གང་ཡིན་པ་དེ་འདིར་ངོ་བོ་ཉིད་ཅེས་བྱའོ། །ཆོས་ཅན་ཁྱད་པར་ཅན་རྣམས་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །དེ་དག་གི་ཆོས་ཉིད་ཁྱད་པར་ཅན་གང་ཡིན་པ་ནི་དོན་དམ་པའི་བདེན་པ་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྟེ། དེའི་ཕྱིར་དེ་བཞིན་ཉིད་རྣམ་པར་དག་པ་དང་རྣམ་པར་དག་པ་མ་ཡིན་པ་ཞེས་བྱ་བ་ནི་ཆོས་ཅན་གྱི་དབང་གིས་རྣམ་པར་གཞག་པ་མ་ཡིན་པ་གཞན་གྱིས་ནི་ཅུང་ཟད་ཀྱང་རྣམ་པར་གཞག་པ་ནུས་པ་མ་ཡིན་ལ། །ཆོས་ཅན་དང༌། དེའི་ཆོས་ཉིད་ཀྱང་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའོ་ཞེས་སྔར་བསྟན་ཏོ། །དེ་དག་གི་རང་བཞིན་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་དེ་དག་གི་རང་བཞིན་ནི་ངོ་བོ་ཉིད་དེ་ཞེས་བྱ་བའོ། །མཚན་ཉིད་ཅན་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་འདི་ཡིན་ཏེ་ཞེས་བྱ་སྟེ། མཚན་ཉིད་ཅེས་བྱ་བ་ནི་རང་བཞིན་དེའི་ཐ་དད་པ་མ་ཡིན་པའི་ཆོས་ཀྱི་ཁྱད་པར་འགའ་ཞིག་ལ་བློས་ཐ་དད་པར་གཟུང་བའི་ངོ་བོ་ཉིད་ལ་བྱ་བའི་ཕྱིར་ལ་འདིར་ནི་ཐ་དད་པ་མ་ཡིན་པའི་ཆོས་ཀྱི་མཚན་ཉིད་དེ་ཡང་སྐྱེ་བ་མེད་པ་ཉིད་ལ་འདོད་དེ། དེས་ན་རང་བཞིན་དང་དེའི་མཚན་ཉིད་སྐྱེ་བ་མེད་པ་སྟེ། དེ་ལས་གཞན་མ་ཡིན་པ་བློས་མཚོན་པར་བྱ་བ་དང༌། མཚོན་པར་བྱེད་པ་ཙམ་དུ་བཏགས་པའོ། །བཅོས་མ་མ་ཡིན་པའི་དོན་གྱིས་ཞེས་བྱ་བ་ལ། ངོ་བོ་ཉིད་དང་ལྷན་ཅིག་སྐྱེས་པ་དང༌། མ་བཅོས་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཏེ། དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་ལྟར་ཡིན་གྱི་སུས་ཀྱང་བྱས་པ་མ་ཡིན་པས་ཞེས་བསྟན་ཏེ། གསུམ་པ་འདི་ནི་གཏན་ཚིགས་སུ་བལྟ་བར་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ཀྱི་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་སོགས་པའི་མཉམ་པར་གཞག་པའི་ཤེས་པ་སེམས་རྒྱུ་བ་མེད་པ་ནི་དེ་ཐོབ་པ་སྟེ་དེ་དང་


DTG087_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་པར་འགྱུར་བའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པ་ཡང་དེའི་འཕེན་པ་དང་མ་བྲལ་བས་ན་ཐོབ་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པ་ཉིད་བསྟན་པ་ནི་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་ཆོས་ཐམས་ཅད་རྟོགས་པས་ཐོབ་པ་ཡིན་ནོ་ཞེས་སྨོས་ཏེ། རྣམ་པར་ཤེས་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་རབ་རྣམས་སོ། །དེ་ཉིད་དོན་དམ་པར་མེད་དུ་ཟིན་ཀྱང་ཀུན་རྫོབ་ཙམ་དུ་དོན་བྱེད་པ་མི་འདོར་བས་ན་སྒྱུར་མ་ལྟ་བུས་ཞེས་བྱ་བ་སྨོས་སོ། །ཆོས་ཐད་ཅད་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་པས་སོ། །ཐོབ་པ་ནི་སྔ་མ་བཞིན་ནོ། །གཞན་ཡང་ངོ་བོ་ཉིད་ཀྱི་སྐུ་ཐོབ་པ་ནི། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་པས་བྲལ་བའི་སྒོ་ནས་ཐོབ་པ་རྣམ་པར་དེས་པར་བཞག་སྟེ། ནད་མེད་པ་ཐོབ་པ་ལྟ་བུའི་དཔེས་སོ། །ཆོས་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཐོབ་པར་རྣམ་པར་གཞག་པ་སྟེ། འདི་ནི་དེ་ཙམ་གྱི་ངེས་པར་གཞག་པར་བྱ་བ་ལས་རྣམ་པ་གཞན་དུ་མི་ནུས་པས་སོ། །འདི་རྣལ་འབྱོར་གྱི་མངོན་སུམ་དུ་བསྒྲུབ་པའི་ཚུལ་ཡང་དེ་ཉིད་ཡིན་པར་ཟད་དོ། །ཆོས་ཅན་ཀུན་རྫོབ་མཁྱེན་པ་རྣམས་ནི་རང་རིག་པའི་མངོན་སུམ་གྱིས་རྣམ་པར་གཞག་གོ །དེ་ཉིད་ཀྱང་རྗེས་སུ་དཔག་པ་དང་ད་ལྟར་བས་རྣམ་པར་གཞག་ཅིང་དེ་ཡང་ད་ལྟར་བའི་མངོན་སུམ་ལས་འབྲེལ་པ་ཐོབ་པའོ། །དེ་དག་གི་རིམ་པར་འབྲེལ་བ་ནི་རྒྱུ་རྣམས་བྱ་བ་བྱེད་པའི་རིགས་པ་ཉིད་ཡིན་པའི་ཕྱིར་དང༌། འབྲས་བུ་རྣམས་ལྟོས་པའི་རིགས་པ་ཡིན་པའི་ཕྱིར་རོ། །དེ་དག་གི་ངོ་བོ་ཉིད་ལ་ཐེ་ཚོམ་ཟ་བ་ནི་ཆོས་ཉིད་ཀྱི་རིགས་པས་སེལ་བར་བྱེད་དེ། དེས་ན་སངས་རྒྱས་ཀྱི་ས་ལ་ངེས་པར་འབྱེད་པའི་ཚུལ་ནི་རིགས་པ་བཞི་ཆར་གྱིས་བསྒྲུབ་པར་བྱའོ་ཞེས་བྱ་བར་གནས་སོ། །གཞན་དག་ནི་འདི་ནི་ལུང་གིས་བསྒྲུབ་པ་ཡིན་གྱི་རིགས་པའི་ལམ་གྱིས་བསྒྲུབ་པར་མི་བྱའོ་ཞེས་ཟེར་ཏེ་དེ་དག་གིས་ཀྱང་ལེགས་པར་སྨྲས་སོ། །ཁ་ཅིག་ནི་དེ་མི་འདོད་དེ། ལུང་ནི་རྗེས་སུ་དཔག་པའི་ཚད་མར་འདུས་པའི་ཕྱིར་ལུང་འབའ་ཞིག་གིས་ཇི་ལྟར་ཆོགས་


DTG087_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འཇུག་པར་བྱ་ཞེས་ཟེར་རོ། །ཡང་དག་པའི་ཀུན་རྫོབ་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི་རྗེས་ལས་ཐོབ་པའི་སྣང་བ་ཉིད་ཡིན་གྱི་གཙུག་ལག་ཁ་ཅིག་ལ་བྱིས་པ་རྣམས་ཀྱི་ཐུན་མོང་གི་ཐ་སྙད་ལ་བསྟན་པ་ནི་འདིར་མི་བཟུང་ངོ༌། །སྣང་བ་ཞེས་བྱ་བ་ནི་སྣང་བ་ཙམ་ཡིན་གྱི་དེ་དག་དངོས་པོར་གྲུབ་པའི་མཐུ་ཅན་ནི་མ་ཡིན་ནོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ཆོས་ཉིད་ཀྱི་ངོ་བོའི་ཞེས་སྨོས་ཏེ། ཀུན་རྫོབ་ནི་དངོས་པོ་ཉིད་དུ་གཞག་པ་མེད་དོ་ཞེས་སྔར་བསྟན་པའི་ཚུལ་གྱིས་ཏེ། དངོས་པོ་ཞེས་བྱ་བ་ཡང་རིགས་པ་དང་ལྡན་པར་དོན་བྱེད་པར་ནུས་པའི་རང་བཞིན་ཡིན་ན། གང་དག་ཀུན་རྫོབ་པ་དེ་དག་ནི་རིགས་པའི་སྦུངས་མི་བཟོད་པས་ན་དེ་ལྟར་ག་ལ་ཞིག་འགྱུར། དེའི་ཕྱིར་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་འཁྲུལ་པའི་དྲི་མ་མཐའ་དག་མ་ལུས་པར་སྤངས་པ་ལས་ལུས་དང་ངག་གི་བཀོད་པ་སེམས་ཅན་དང་སེམས་ཅན་མ་ཡིན་པས་བསྡུས་པ་ཇི་སྙེད་ཅིག་སྣང་བ་དེ་དག་ནི་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་དེ་ཉིད་གདུལ་བྱ་རྣམས་ལ་རང་རང་གི་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ཉིད་དུ་སྣང་བའོ། །གདུལ་བྱ་དེ་དག་ཀྱང་གང་ཞེ་ན། སངས་རྒྱས་རྣམས་ནི་དང་པོ་སྟེ་དེ་དག་ལ་ནི་ཆོས་ཀྱི་སྐུ་གཉིས་པ་ཕན་ཚུན་དུ་སྣང་ངོ༌། །དོན་དམ་པའི་སྐུ་དང་པོ་འདི་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡང་ཡུལ་མ་ཡིན་ཏེ། དེ་ནི་ཡུལ་གྱི་རང་བཞིན་གང་དུ་ཡང་མ་གྱུར་པས་སོ། །ཆོས་ཀྱི་སྐུ་སྟེ་གཉིས་པ་ནི་དེ་དག་གི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམ་དག་ལ་ལྷུན་གྱིས་གྲུབ་པར་སྣང་སྟེ། དེ་ལ་ཡང་ཐ་དད་པའི་རྟོག་པ་མི་འབྱུང་བའོ། །གདུལ་བྱ་གཉིས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་དག་ལ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྣང་སྟེ། བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་འབའ་ཞིག་ལ་དེར་སྣང་ངོ༌། །གཞན་དག་ནི་ས་བརྒྱད་པ་ནས་བཟུང་སྟེ། དེ་སྣང་བར་སྨྲ་ལ། ཡང་གཞན་དག་ནི་སྨོན་ལམ་དང་བསོད་ནམས་ཆེར་བསགས་པའི་མཐུ་ལས་ཐམས་ཅད་ལ་ཡང་སྣང་མོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཆ་ལུགས་ལ་མངོན་པར་ཞེན་པའི་རིགས་ཅན་དེ་དག་འབའ་ཞིག་ལ་སྣང་བར་མི་འགྱུར་ཏེ། དེའི་ཕྱིར་འཕགས་


DTG087_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པའི་མདོ་ལས། དེའི་འཁོར་དུ་ལྷ་དང་ཀླུ་དང་གནོད་སྦྱིན་དང་མིའམ་ཅི་ལ་སོགས་པ་བསྟན་པ་མཛད་དོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་དེ་དག་གིས་ནི་སྤྲུལ་པའི་སྐུ་ཉིད་ལ་ལོངས་སྤྱོད་རྫོགས་པའོ་ཞེས་མཐོང་བ་བརྩན་པར་བྱས་པའོ། །གདུལ་བྱ་དམན་པ་ནི་ཉན་ཐོས་ལ་སོགས་པ་སྟེ། དེ་དག་གི་ཡུལ་དུ་ནི་སྤྲུལ་པའི་སྐུ་འབའ་ཞིག་སྣང་ངོ༌། །སོགས་པ་ཞེས་བྱ་བ་ནི་མ་ངེས་པ་འབྲས་བུ་གང་ལ་ཡང་མ་ཞུགས་པ་དག་ལའོ། །དེ་ཡང་དྲོ་བར་གྱུར་པ་ཐོང་བ་ན་ནི་སྤྲུལ་པའི་སྐུ་རྟག་པར་མཐོང་བ་སྟེ། སངས་རྒྱས་ལ་སོགས་པ་མཐོང་བ་དང་ཞེས་བསྟན་པས་སོ། །དྲོད་ལ་སོགས་པ་མ་ཐོབ་ཀྱང་དེ་ལན་འགའ་ཞིག་མཐོང་བ་ནི་མི་དགག་གོ །ས་རབ་ཏུ་དགའ་བ་ལ་སོགས་པར་ནི་ཆོས་ཅན་ཐམས་ཅད་མཐོང་བ་ལས་ངོ་བོ་ཉིད་ཀྱི་སྐུ་མཐོང་བར་མོས་པར་བྱེད་དེ། དེར་སྣང་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །ཞེས་བསྟན་པས་སོ། །ཐ་མི་དད་ཀྱང་ཞེས་བྱ་བ་ནི་རང་གི་རང་བཞིན་གྱི་དབང་དུ་བྱས་ཏེའོ། །ཐ་དད་པར་རྣམ་པར་གཞག་གོ་ཞེས་བྱ་བ་ནི་དེའི་མཐུའི་བྱེ་བྲག་གིས་ཐ་དད་པ་ལྟར་སྣང་བའི་དབང་གིས་སོ། །དེའི་ཕྱིར་བྱིས་པ་རྣམས་ལ་འགལ་བར་སྣང་བ་ཇི་སྙེད་ཅིག་འགལ་བ་ལྟར་བུར་གནས་ཀྱང་འགལ་བ་མེད་པ་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ཕྱིར་སུན་དབྱུང་བར་ནུས་པ་མ་ཡིན་པས། གང་དུ་ཡང་བདེན་པ་གཉིས་ཕན་ཚུན་འགལ་བས་གཅིག་གིས་གཅིག་སུན་དབྱུང་བར་ནི་མི་བྱའོ། །རང་གི་རྟོག་པས་གཉི་ག་ལས་འགལ་བར་མི་བྱའོ། །དེའི་ཕྱིར་འདིར་བྱིས་པའི་གནས་སྐབས་ན་ནི་ཡོངས་སུ་མ་དག་པའི་ཆོས་ཀྱི་དབྱིངས་དེ་སྣ་ཚོགས་སུ་རྣམ་པར་རྟོག་པ་ལ་མེད་བཞིན་དུ་སྣང་ལ། སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་ལ་ནི་ཡོངས་སུ་དག་པའི་དེ་བཞིན་ཉིད་དེ་ཉིད་སྣ་ཚོགས་སུ་སྣང་བའོ། །དེ་ལྟར་ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་ཆེན་གཞིར་གྱུར་པ། །དངོས་མེད་དངོས་པོ་ཡོད་པ་མ་ཡིན་མཁའ་ལྟར་རོ་གཅིག་རྟོགས་པར་དཀའ་བའི་རང་བཞིན་ཅན། །


DTG087_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་མེད་ཅིང་མི་འགྱུར་ཞི་ལ་མི་མཉམ་པའི་ཁྱབ་པ་ཅ་ཅན་དེ་སྤྲོས་མེད་པ། །སོ་སོ་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་གང་ཡིན་དེ་ལ་བདག་ཕྱག་འཚལ། །ཞེས་བསྟོད་པ་མཛད་དེ། གཞན་ལས་ཀྱང་འདིའི་མཚན་ཉིད་བསྟན་པ། གསང་བ་པའི་བདག་པོ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོགས་པ་ཇི་ལྟར་དགོས་པ་ཐམས་ཅད་མངོན་པར་བསྒྲུབ་ཅེ་ན། གསང་བ་པའི་བདག་པོ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་ནི་སེམས་ཅན་ཡང་མ་ཡིན། སྲོག་ཀྱང་མ་ཡིན། ཤེད་ལས་སྐྱེས་པ་ཡང་མ་ཡིན། བྱེད་པ་པོ་ཡང་མ་ཡིན། ཚོར་བ་པོ་ཡང་མ་ཡིན། གཟུང་བ་ཡང་མ་ཡིན། འཛིན་པ་ཡང་མ་ཡིན་ཞིང༌། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་འགྲོ་བ་དང་འོང་བ་ལ་སོགས་པ་ཐམས་ཅད་བྱེད་དེ་འདི་ལ་ནི་དོགས་པ་མེད་དོ། །དེ་བཞིན་རྣམ་པར་མི་རྟོག་པའི། །ཐམས་ཅད་མཁྱེན་པ་གནས་མེད་འདི། །འགྲོ་བ་རྣམས་ཀྱི་ཕྱི་དང་ནང༌། །ཐམ་ཅད་ངེས་པ་ཉིད་དུ་སྒྲུབ། །ཅེས་གསུངས་སོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི་སྐུ་བཞིར་གཞག་པའི་ཚེ་ན། ཆོས་ཅན་གྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། སྔར་ཇི་སྐད་དུ་བསྟན་པའི་ངོ་བོ་ཉིད་ཀྱི་ཆོས་ཅན་ནི་འདི་མིན་པའི་ཕྱིར་རོ། །གང་གི་ཚེ་སྐུ་གསུམ་དུ་བསྟན་པ་དེའི་ཚེ་ནི་ཆོས་ཉིད་ཀྱི་སྐུ་ཞེས་བསྡུས་པ་ལ་བཏགས་པ་སྟེ། ཆོ་ཉིད་ནི་ཆོས་ཅན་ལས་ཐ་དད་པར་བཞག་པར་མི་ནུ་པས་སོ། །སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་སྔར་བསྟན་པ་ཉིད་དོ། །དེ་ནི་སྤྲོས་པ་མེད་པ་ཡང་རྣམ་པ་དུ་མར་གནས་པར་བསྟན་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ངོ་བོ་ཞེས་བྱ་བ་སྨོས་ཏེ། སོགས་པ་ཞེས་བྱ་བ་ནི་ཚད་མེད་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་བརྒྱ་བཞི་པོ་རྣམས་སོ། །གལ་ཏེ་དེ་ལྟར་རྣམ་པ་དེ་སྙེད་ཅིག་ཡོད་ན་ཇི་ལྟར་ན་སྤྲོས་པ་མེད་པའི་ཡེ་ཤེས་ཞེས་བྱ་ཞེ་ན། ཟག་པ་མེད་པ་ཞེས་བྱ་བ་སྨོས་ཏེ། ཟག་པ་ཞེས་བྱ་བ་ཡང་ཁ་ཅིག་ཏུ་ནི་ཉོན་མོངས་པ་ལ་བྱ་བར་ཡང་མཐོང་སྟེ། ཟག་པ་ཟད་པ་ཞེས་བྱ་བ་ལྟ་བུའོ། །དེ་ཡང་འདིར་བཟུང་སྟེ། ཉོན་མོངས་པ་ཆེད་དུ་མ་སྤངས་པ་བག་ལ་ཉལ་བའི་ཚུལ་ལྟ་བུར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཡོད་པ་ཅུང་


DTG087_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པ་དེ་སངས་རྒྱས་ཀྱི་ས་ལ་ཟད་པར་བྱས་པས་སོ། །ཁ་ཅིག་ཏུ་ནི་ཟག་པ་ཞེས་བྱ་བ་རྣམ་པར་རྟོག་པ་ལ་བྱ་བར་མཐོང་སྟེ། ཟག་པའི་དབང་གིས་དེའི་ཉོན་མོངས་པ་རྣམས་སྐྱེ་བ་ནི་ཞེས་བསྟན་པ་ལྟ་བུའོ། །འདིར་ནི་ཕྱོགས་ཕྱི་མ་འདི་གཙོ་བོར་བཟུང་སྟེ། རྣམ་པ་དེ་སྙེད་དུ་ཟིན་ཀྱང་དེ་ལ་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པས་ན་ཟག་པ་མེད་པའོ། །ཡང་ན་བསྐལ་པ་གྲངས་མེད་པ་དུ་མ་ཞིག་གི་བར་དུ་དངོས་པོ་རྣམས་ལ་དོན་དམ་པར་འཛིན་པས་བདེན་པར་འཛིན་པ་སྤང་བ་ལ་རབ་ཏུ་གོམས་པར་འཛད་པས་སྣང་བ་རྣམས་སྒྱུ་མ་ཙམ་དུ་ཡོངས་སུ་མཁྱེན་པའི་ཕྱིར་སྒྱུ་མ་ལྟ་བུའི་རྣམ་པར་རྟོག་པ་མངའ་ཡང་འདི་ལ་ཉེས་པ་མེད་དེ། དོན་འདི་ཉིད་ཐུགས་ལ་བཞག་ནས། སེམས་ཅན་གྱི་ནི་དོན་མཛད་ཐབས། །རྣམ་རྟོག་ཡེ་ཤེས་མངའ་བ་ན། །དེ་ཡིས་ཀུན་མཁྱེན་རྩོམ་བ་ནི། །དེ་དོན་ཡིན་ཕྱིར་ཉེས་པ་མེད། །ཅེས་བསྟན་ཅིང་ཡང༌། བདེན་པར་འཛིན་པའི་དབང་གིས་སྐྱོན། །ཆགས་དང་ཞེ་སྡང་ལ་སོགས་པ། །དགྲ་རྣམས་རང་བྱུང་དེ་ལོག་ན། །དེ་རྣམས་འབྱུང་བར་ག་ལ་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་རང་གི་རྣམ་པར་རྟོག་པ་བདེན་པར་འཛིན་པ་ཉིད་བཅོམ་པ་ལ་གཅིག་ཏུ་འབད་པར་བྱའི། སྒྱུ་མ་ལ་སོགས་པ་ལྟར་གནས་པའི་ཐ་སྙད་རྣམས་ཀྱིས་ནི་ཤིན་ཏུ་འཇིགས་པར་མི་བྱ་སྟེ། དོན་འདི་ལས་དགོངས་ནས་འཕགས་པ་ལང་ཀར་གཤེགས་པ་ལས། འཆིང་བའི་རྒྱུ་ནི་ཡུལ་མ་ཡིན། །ཞེས་གསུངས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ནི་རིམ་པ་བཞིན་དུ་སྐུ་རིང་བསྲེལ་དུ་བཤིག་པ་ན་མི་དགྱེས་པ་མི་མངའ་བ་དང༌། ཚོར་བ་ཐམས་ཅད་ཀྱིས་མི་འཕྲོས་པ་དང༌། ཐུགས་ཡུལ་རྣམས་ལ་མི་རྒྱུ་བ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་ལས་མི་འདའ་བའི་ཕྲིན་ལས་རྣམ་མཛད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱིས་ནི་དགེ་བའི་ཆོས་རྣམས་ལས་མི་ཉམས་པ་དང༌། དེའི་མི་མཐུན་པའི་ཕྱོགས་དག་གིས་ཉིད་ཀྱི་རྒྱུད་ལ་ཡོངས་སུ་མི་གོས་པའི་ཕྲིན་ལས་འཛད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ནི་མི་སྟེགས་ཀྱི་གཙོ་བོ་རྣམས་གདུལ་བ་ལ་སོགས་པའི་རྒོལ་བ་ཚར་གཅད་པ་དང་གཞན་འདུན་པར་མཛད་དོ། །དབང་པོ་རྣམས་ཀྱིས་ནི་དགེ་བ་


DTG087_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བཞེད་པ་བཞིན་སྦྱོར་བ་ལ་ཐོགས་པ་མེད་པར་མཛད་དོ། །སྟོབས་རྣམས་ཀྱིས་ནི་དགེ་བ་རྣམས་ལ་སྦྱོར་བ་དང༌། ནང་དུ་ཡང་དག་པར་འཇོག་པ་ལ་སོགས་པ་དག་ལ་བར་ཆད་ཀྱི་ཆོས་གང་གིས་ཀྱང་བརྫི་བར་མི་ནུས་པར་མཛད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ནི་མངོན་པར་བྱང་ཆུབ་པ་མཛད་པ་ལ་ཉིད་ཀྱི་རྒྱུད་གཞན་དུ་ཐབས་ཀྱིས་གྲོགས་བཙལ་བ་ལ་རག་ལུས་པ་མེད་ཅིང་རང་བྱུང་གི་ཡེ་ཤེས་བརྙེས་པར་མཛད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཀྱིས་ནི་མ་འདྲེས་པའི་ལམ་ལ་བརྟེན་པས་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་ལ་སོགས་པའི་སློབ་མའི་རིམ་པས་བྱང་ཆུབ་པར་གྱུར་པ་མ་ཡིན་གྱི་རང་གི་ལུགས་ཀྱི་ལམ་བཟང་པོ་ལ་བརྟེན་དགོས་པའི་ཕྲིན་ལས་མཛད་དོ། །འདི་དག་ནི་མདོར་བསྡུས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ལས་བརྗོད་པ་སྟེ། རྒྱས་པར་སོ་སོའི་ལས་རེ་རེར་ཅི་རིགས་སུ་སྦྱར་ཏེ། རྒྱས་པར་ནི་འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་ཤེས་པར་བྱའོ། །ཚད་མེད་པ་རྣམས་ཀྱིས་ནི་འགྲོ་བ་ལ་ཐུགས་བརྩེ་བ་ལ་ཞུགས་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དོ། །མི་མཐུན་པའི་ཕྱོགས་ཀྱང་སྤོང་ངོ༌། །འགྲོ་བ་རྣམས་ཡོངས་སུ་སྨིན་པར་མཛད་པ་ལ་ཡོངས་སུ་མི་སྐྱོ་བའོ། །རྣམ་པར་ཐར་པ་རྣམས་ལས་དང་པོ་གཉིས་ཀྱིས་ནི་སྤྲུལ་པའི་ལས་མངོན་པར་གྲུབ་པར་བྱེད་ཅིང༌། གསུམ་པས་ནི་སྡུག་པར་སྤྲུལ་ནས་ཀུན་ནས་ཉོན་མོངས་པར་མི་འགྱུར་བར་བྱེད་དེ། ལྷག་མ་བཞིས་ནི་ཞི་བའི་རྣམ་པར་ཐར་པ་རྣམས་ལ་མི་ཆགས་སོ། །ཐ་མས་ནི་མོས་པའི་དབང་གིས་འཕགས་པའི་གནས་པ་དམ་པ་ཤིན་ཏུ་ཞི་བར་གནས་པས་གནས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ནི་དང་པོ་བཞིས་ནི་འདོད་པའི་ཁམས་ཀྱི་བདེ་བ་རྣམས་ལ་མ་ཆགས་པས་ཤིང་འཛམ་བུའི་གྲིབ་མ་ལ་བརྟེན་པས་ལྷ་རྣམ་འདུལ་བ་དང། བཙུན་མོའི་འཁོར་བསྟེན་ཀྱང་འདོད་པའི་བདེ་བས་མ་གོས་པར་སྟོན་ཅིང་འབྲས་སཱ་ལུའི་ཆན་དང་སྨན་མར་དགེ་བ་ཆེན་པོ་ལ་སོགས་པ་གསོལ་ཡང༌། ཁམས་ཀྱི་ཟས་ལ་ཆགས་པ་མེད་པར་མཛད་དོ། །ལྷག་མ་བཞིས་ནི་གཟུགས་མེད་པར་སྐྱེས་པའི་ལྷའི་བུ་རྣམས་སྐལ་བ་མཉམ་ཞིང་


DTG087_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མཐུན་པའི་ཚུལ་གྱིས་འདུལ་ཏེ། དེ་ནས་གཟུགས་མེད་པའི་ལྷའི་བུ་དེ་དག་མེ་ཏོག་སྣ་ཚོགས་ལག་ན་ཐོགས་ཏེ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་རྒྱས་པའི་མདོ་དེ་དང་དེ་ལས་བསྟན་པ་ལྟ་བུའོ། །ཐ་མས་ནི་འཕགས་པ་ཉན་ཐོས་རྣམས་ཀྱིས་འགོག་པའི་སྙོམས་པར་འཇུག་པ་ལས་ཁྱད་པར་དུ་སྟོན་ཏེ། དེ་དག་ནི་ཞག་བདུན་དུ་ཡང་གནས་པའི་མཐུ་མེད་ལ། བཅོམ་ལྡན་འདས་ནི་བཞེད་ན་བསྐལ་པའི་བར་དུ་འང་དེ་ལ་གནས་པས་སོ། །ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་ཟད་པ་རྒྱས་པར་མཛད་པའི་ཆེད་དུ་རྣམ་པར་ཐར་པའི་དམིགས་པ་ཡོངས་སུ་བསྒྲུབ་པར་མཛད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་དམིགས་པ་ཐ་དད་པར་རྟོགས་པ་ཟིལ་གྱིས་གནོན་པའི་ཕྱིར་རྣམ་པར་གསུམ་པོ་རྣམས་དམིགས་པ་ལ་དབང་སྒྱུར་བར་མཛད་དོ། །ཉོན་མོངས་པ་མེད་པས་ནི་བཀའ་ལུང་གཟུང་བར་བྱ་བར་མཛད་དོ། །སྨོན་གནས་མཁྱེན་པས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་རྣམས་ལུང་སྟོན་པས་གཞན་ལ་ཕན་འདོགས་པ་དང༌། །རྒྱུ་མཚན་དེས་འཇིག་རྟེན་ན་མང་པོས་བཀུར་བར་བྱ་བར་འགྱུར་རོ། མངོན་པར་ཤེས་པ་རྣམས་ཀྱིས་ནི་བདག་དང་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་ཤེས་བྱ་མཁྱེན་པར་བྱ་བ་ལ་ཐོགས་པ་མེད་ཅིང་དེ་ཡང་ལུས་ཀྱི་ལས་ཀྱིས་བསྟན་པ་ལ་འདུན་པར་མཛད་དོ། །ངག་གི་ལས་ཀྱིས་ཀྱང་འདུན་པར་འཛད་དོ། །སེམས་ཀྱིས་ཀུན་ཏུ་བརྗོད་པས་ཀྱང་འདུན་པར་མཛད་དོ། །བསྟན་པས་སེམས་ཅན་རྣམས་ཚིམ་པར་མཛད་དོ། །སེམས་ཅན་རྣམས་ཀྱི་སྤྱོད་པ་དང་འོང་བ་དང་འགྲོ་བ་མཁྱེན་ནས་སེམས་ཅན་རྣམས་ངེས་པར་འབྱུང་བ་ལ་ཇི་ལྟར་བར་འདོམས་པ་སྟེ། དེས་ཀྱང་གདུལ་བྱ་མྱུར་དུ་གྲོལ་བར་མཛད་དོ། །སོ་སོ་ཡང་ད་པར་རིག་པ་རྣམས་ཀྱིས་ནི་ཆོས་བསྟན་པ་ཐོགས་པ་མེད་པ་རྣམ་པ་སྣ་ཚོགས་པས་གདུལ་བྱ་རྣམས་ཀྱི་སེམས་ཚིམ་པར་མཛད་དེ། ཆོས་ཀྱི་ཚིག་ཀུན་མངོན་པར་མཁྱེན། །དོན་རྣམས་ཀུན་གྱི་ཚུལ་ལ་མཁས། །སྐད་ཀུན་རྣམ་པར་འབྱེད་པ་མཁྱེན། །ཕྱོགས་རྣམས་ཀུན་ཏུ་ཡོངས་དག་ལྡན། །ཞེས་གསུངས་པས་སོ། །ཡོངས་སུ་དག་པ་རྣམས་ཀྱིས་ནི་སྲིད་པ་རྣམས་ཀྱིས་ནི་སྲིད་པ་རྣམས་སུ་ཀྱེ་བ་བསམས་བཞིན་དུ་


DTG087_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅིང་བཞེད་པར་གྱུར་ན་བསྐལ་པ་མང་པོར་བཞུགས་ཏེ། ཇི་སྐད་དུ་འཕགས་པ་སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་བཞེད་ན་དེ་ཚེའི་འདུ་བྱེད་གཏོང་ངོ༌། །ཡང་ཆོས་ལ་མངའ་བསྒྱུར་ཞིང་ཏིང་ངེ་འཛིན་ལ་མངའ་བསྒྱུར་ཏེ་དམ་པའི་ཆོས་ཀྱང་རབ་ཏུ་འཛིན་ཏོ། །དབང་རྣམས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་སྟོན་པའི་འབྲས་བུའི་ཆེ་བ་གཞན་ལས་སོ་སོར་རིག་པར་མཛད་དོ། །དབང་པོ་གསུམ་ནི་སྦྱིན་པའི་འབྲས་བུའོ། །དེའི་འོག་མ་གཉིས་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །དེའི་འོག་མ་ནི་བཟོད་པའི་འབྲས་བུའོ། །དེའི་འོག་མ་ནི་བརྩོན་འགྲུས་ཀྱི་འབྲས་བུའོ། །དེའི་འོག་མ་ནི་བསམ་གཏན་གྱི་འབྲས་བུའོ། །དེའི་འོག་མ་གཉིས་ནི་ཤེས་རབ་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །སྟོབས་རྣམས་ཀྱིས་ནི་རྒྱུ་མེད་པར་སྨྲ་བ་དང༌། མི་མཐུན་པའི་རྒྱུར་སྨྲ་བ་དང༌། རང་གིས་བྱས་པ་མ་ཡིན་པ་དང༌། ཆད་པར་སྨྲ་བ་བསལ་ནས་ཡང་དག་པར་མངོན་པར་མཐོ་པའི་ལམ་སྟོན་ཏོ། །སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་དང༌། བསྟན་པ་བཞག་པའི་སྣོད་དང༌། བསམ་པ་དང༌། བག་ལ་ཉལ་དང༌། དམིགས་པ་དང༌། ཚོགས་དང༌། འོས་སུ་འགྱུར་བ་དང༌། ངེས་པར་འབྱུང་བ་ཡང་དག་པར་རྗེས་སུ་རྟོགས་ནས་ངེས་པར་ལེགས་པའི་ལམ་ཇི་ལྟ་བ་བཞིན་དུ་སྟོན་ཏེ། བདུད་ཐམས་ཅད་ཀྱང་ཚར་གཅོད་དོ། །ཐམས་ཅད་དུ་ཞུ་བ་ཞུས་པ་ཡང་ལུང་སྟོན་ཏོ། །མི་འཇིགས་པ་རྣམས་ཀྱིས་ནི་འཁོར་གྱི་ནང་དུ་བདག་ཡང་དག་པའི་སྟོན་པ་ཡིན་པར་རབ་ཏུ་འཇོག་པ་དང༌། མུ་སྟེགས་ཅན་གཞན་རྒོལ་བ་རྣམས་ཚར་གཅོད་པར་མཛད་དོ། །བསྲུང་བ་མེད་པ་རྣམས་ཀྱིས་ནི་སློབ་མའི་ཚོགས་ལ་རྟག་ཏུ་གདམས་པར་མཛད་དོ། །ཡང་དག་པར་རྗེས་སུ་ཡང་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་ནི་མངའ་བར་ཚོགས་ཡོངས་སུ་སྡུད་དོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱིས་ནི་སངས་རྒྱས་ཀྱི་མཛད་པ་ཡལ་བར་མི་འདོར་ཏེ། རྒྱ་མཚོ་ཆུ་སྲིན་ཆེན་པོའི་གནས། །དུས་རླབས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལ་ཡོལ་མི་མངའ། །ཞེས་བསྟན་པའི་ཚུལ་གྱིས་སོ། །བག་ཆགས་ཡང་དག་པར་


DTG087_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པས་ནི་ཉོན་མོངས་པ་མི་མངའ་བས་ན་ཉོན་མོངས་པ་ལྟ་བུའི་སྤྱོད་པ་ནི་སྟོན་ཏོ། །ཐུགས་རྗེ་ཆེན་པོས་ནི་ལྷུན་གྱིས་གྲུབ་པས་རྟག་ཏུ་ཡེ་ཤེས་ཀྱི་སྣང་བས་འཇིག་རྟེན་ལ་གཟིགས་ཏེ། སྐད་ཅིག་ཙམ་ཡང་མི་གཟིགས་པར་མི་འགྱུར་རོ། །གཞན་དག་ནི་འདི་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཡིན་ཏེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་རྟག་ཏུ་གཟིགས་པ་ནི་ཐུགས་རྗེ་ཆེན་པོ་སྟེ། དེ་ལྟར་བཤད་ན་མདོའི་དོན་དང་ཡང་མཐུན་ལ། མདོ་སྡེའི་རྒྱན་གྱི་ཚིག་ལེའུར་བྱས་པ་ཡང་ལེགས་པར་དྲངས་པར་འགྱུར་རོ་ཞེས་ཟེར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པ་དང༌། རྙེད་པ་དང༌། གཤེགས་པ་དང༌། བཞུགས་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་ཅིང་ཆོས་ཀྱི་ཚུལ་ཡང་ཡིན་རིང་དུ་འཇོག་སྟེ། དེས་སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ནི་ཡོངས་སུ་སྨིན་པར་མཛད་དོ། །ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དོ། །ལམ་ཤེས་པ་ཉིད་ལ་སོགས་པ་སྔར་བཤད་པ་དག་ཀྱང་ཡིན་ནོ་ཞེས་བྱ་བ་ནི། སྔར་ཉན་ཐོས་ཀྱི་མཐོང་བའི་ལམ་གྱི་ཡོན་ཏན་དང༌། རང་སངས་རྒྱས་རྣམས་ཀྱི་སྒྲ་མེད་པར་ཆོས་སྟོན་པ་ལ་སོགས་པ་ཡོན་ཏན་དེ་དག་ཀྱང་སངས་རྒྱས་ཀྱི་རྒྱུད་ལ་མངའ་སྟེ། སྔར་དགེ་སློང་དག་ང་ལན་སྟོང་དུ་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་ལ་སོགས་པའི་ཚུལ་བསྟན་པས་སོ། །དེ་དག་ཀྱང་སངས་རྒྱས་ཀྱི་རྒྱུད་ཀྱིས་བསྡུས་པ་ན་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་རྣམ་པར་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏེ། དེ་དག་གི་ལས་ཀྱང་སངས་རྒྱས་མི་འབྱུང་བའི་དུས་སུ་གདུལ་བྱ་སྨིན་པར་མཛད་པ་དང༌། ཐེག་པ་དམན་པ་ལ་དད་པ་དག་ཉན་ཐོས་སུ་ལུང་སྟོན་པ་ལ་སོགས་པས་ཐེག་པ་ཆེན་པོ་ལ་འཇུག་པར་མཛད་དོ་ཞེས་བྱ་བ་ལ་སོགས་པ་ཅི་རིགས་པར་སྦྱར་རོ། །དེ་དག་ནི་ཆོས་དེ་དག་གི་ཕྲིན་ལས་སོ་སོ་བའོ། །ཆོས་དེ་དག་གི་རང་གི་ངོ་བོ་རྣམས་ནི་མདོའི་ཚིག་གིས་གོ་བར་ནུས་ཏེ། ཆུང་ཟད་དུ་རྣམ་པར་ཐར་པ་རྣམས་ཀྱིས་ནི་དང་པོ་སེམས་ཡོངས་སུ་སྦྱོང་བར་རྩོམ་བར་


DTG087_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང། དེ་ནས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་ལེགས་པར་སྦྱོང་བར་བྱེད་ལ། དེའི་རྗེས་ལ་ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་དེ་ཡོངས་སུ་གྲུབ་པར་ཤེས་པར་བྱ་སྟེ། དེ་ཉིད་ཀྱིས་ན་སྔར་རྣམ་པའི་སྐབས་སུ་བྱང་ཆུབ་སེམས་དཔའི་ལམ་ལ་གཙོ་བོ་རྣམ་པར་ཐར་པ་བརྒྱད་སྨོས་པས་ལྷག་མ་རྣམས་བསྡུས་པར་ཤེས་པར་བྱའོ། །དབང་རྣམ་པ་བཅུའི་དབང་དུ་བྱས་ཏེ། བསྐལ་པ་བརྗོད་དུ་མེད་པར་ཚེའི་ཚད་བྱིན་གྱིས་བརླབས་པས་ཚེ་ལ་དབང་བ་དང༌། ཏིང་ངེ་འཛིན་གྲངས་མེད་པ་ལ་ངེས་པར་རྟོག་པར་འཇོག་ཅིང་ཡེ་ཤེས་ཀྱི་འཇུག་པའི་ཚུལ་གྱིས་སེམས་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱན་རྣམ་པར་དབྱེ་བ་དུ་མས་བརྒྱན་པར་བྱིན་གྱི་རླབས་པ་སྟོན་པའི་ཚུལ་གྱིས་ཡོ་བྱད་ལ་དབང་བ་དང༌། དུས་ཇི་ལྟ་བ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པར་བྱིན་གྱིས་བརླབས་པས་ལས་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་སྟོན་པས་སྐྱེ་བ་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་གང་བར་བལྟ་བས་མོས་པ་ལ་དབང་བ་དང༌། དུས་དང་ཞིང་གང་དུ་འདོད་པར་མངོན་པར་འཚང་རྒྱ་བས་སྨོན་ལམ་ལ་དབང་བ་དང༌། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་སྟོན་པས་རྫུ་འཕྲུལ་ལ་དབང་བ་དང༌། ཆོས་ཀྱི་སྒོ་སྣང་བ་མཐའ་དང་དབུང་མེད་པར་ཡང་དག་པར་སྟོན་པས་ཆོས་ལ་དབང་བ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་བསྙེངས་པ་སྐད་ཅིག་སྐད་ཅིག་ཏུ་གོ་བར་ཡོངས་སུ་སྟོན་པས་ཡེ་ཤེས་ལ་དབང་བའོ་ཞེས་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་པ་རྣམས་འདིར་བཀོད་པའོ། །ཆོས་ཀྱི་སྐུ་མངོན་པར་བརྗོད་དོ་ཞེས་ཟེར་རོ་ཞེས་བྱ་བའི་མངོན་པར་འདོད་པ་དང་པོ་འདི་ནི་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་གཅིག་ཏུ་འདོད་པས་གཉིས་སུ་མི་དབྱེའོ་ཞེས་སྟོན་པར་བྱེད་པ་སློབ་དཔོན་ཡེ་ཤེས་ཟླ་བ་ལ་སོགས་པའི་གྲུབ་པའི་མཐའོ། །གཞན་དག་ནི་ཚིག་ལེའུར་བྱས་པ་ལ་འཇུག་པར་བྱེད་དོ་ཞེས་བྱ་བ་འདི་ནི་སྔར་སློབ་དཔོན་ཉིད་ཀྱིས་ཇི་ལྟར་བཤད་པ་ཁོ་ན་ཡང་བསྡུས་ནས་བཟླས་པ་སྟེ། མཁན་པོ་ཡང་དག་རྣམ་པར་སྣང་མཛད་ཀྱི་བཞེད་པའོ། །གཞན་དག་ན་རེ་དེ་དག་གི་ལྟར་ན་ཞེས་བྱ་བ་ལ་སོགས་


DTG087_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྟན་པ་གསུམ་པ་འདི་ནི་འདི་སྙམ་དུ་གལ་ཏེ་དེ་ལྟར་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་ནི་ཆོས་དང་ཆོས་ཅན་ཡིན་ལ། དེ་དག་ཀྱང་དབྱེར་མེད་ན་རྣམ་པ་ཐམས་ཅད་དུ་སྤྲོས་པ་དང་བྲལ་བའི་ངོ་བོ་གྱུར་པས་སེམས་དང༌། སེམས་ལས་བྱུང་བ་རྣམས་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་གཟུང་བ་དང་འཛིན་པ་གཉིས་སུ་མེད་པ་སྒྱུ་མ་ཙམ་དུ་སྣང་བའི་ངོ་བོས་འགྲོ་བའི་དོན་མཛད་པ་རྣམས་མེད་པར་འགྱུར་ཏེ། དེ་དག་ཡོད་ན་ནི་ཡང་ངོ་བོ་ཉིད་ཀྱི་སྐུ་མེད་པར་འགྱུར་བས་དེའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ནི་མི་བརྗོད་དོ་ཞེས་བསམས་ནས་ཡེ་ཤེས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་གསུམ་དུ་འཇོག་ཅིང་དེ་དག་ཐམས་ཅད་ཀྱང་དོན་དམ་པར་མ་སྐྱེས་པར་བརྗོད་ཀྱི། མ་སྐྱེས་པ་དེ་སྐུ་གཅིག་ཏུ་ག་ལ་ཞིག་གཞག་ཅེས་འདོད་པའོ། །ཁ་ཅིག་ན་རེ་སྐུ་གསུམ་ཁོ་ནའོ་ཞེས་ཟེར་རོ་ཞེས་བྱ་བ་མངོན་པར་འདོད་པ་བཞི་པ་འདི་ནི་སྐུ་ནི་གསུམ་ཁོ་ན་ཞིག་ཡིན་ལ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་དག་ཏུ་འདོད་པས། ཆོས་ཀྱི་སྐུ་ནི་ངོ་བོ་ཉིད་ཀྱི་སྐུའི་མིང་གི་རྣམ་གྲངས་སུ་འདོད་པ་སྟེ། དེའི་ཕྱིར་སངས་རྒྱས་ཀྱིས་ཀུན་ཏུ་བཟང་པོ་དེ་ལ་ནི་ཆོས་ཀྱི་དབྱིངས་ལྟར་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་དེ་ཙམ་ཞིག་ལ་སྔོན་གྱི་སྨོན་ལམ་གྱི་མཐུས་གདུལ་བྱ་རྣམས་ལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་རྣམས་དང་ལྡན་པར་སྣང་བ་སྐྱེས་པ་ཡིན་གྱི། རང་བཞིན་ནི་དེ་ལྟ་བུ་མ་ཡིན་ཏེ། དེའི་ཕྱིར་ན་དེའི་སྣང་བ་ལོངས་སྤྱོད་རྫོགས་པ་དང༌། སྐུལ་བ་ཡང་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་གྱི་མཐུའི་ཤུགས་ཀྱིས་སྣང་བས་ན། དངོས་སུ་ནི་ཐུབ་པ་ཆེན་པོ་ལ་ནི་སྐུ་གཅིག་ཏུ་ཟད་པས་ན། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། རྒྱལ་བས་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པར་མཛད། །ཅེས་གསུངས་སོ་ཞེས་བརྗོད་ཅིང༌། ཚུལ་དེ་ལྟ་བུས་བྱིས་པ་རྣམས་ཀྱི་དབང་དུ་སྐུ་གཅིག་པོ་དེ་ཉིད་སྐུ་གསུམ་དུ་བསྟན་ཏོ་ཞེས་འདོད་པའོ། །ཚིག་ལེའུར་བྱས་པ་ལས་ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་


DTG087_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་ཞེས་བྱ་བའི་ཚིག་འདི་ནི་དེའི་རིགས་པ་སྟོན་པ་སྟེ། གལ་ཏེ་སྐུ་བཞི་པ་ཡིན་ན་དེའི་ཚེ་ཚིག་ལེའུར་བྱས་པའི་ནང་དུ་ངོ་བོ་ཉིད་ཀྱི་སྐུའི་འོག་ཉིད་དུ་འབྲེལ་པར་ཆོས་ཀྱི་སྐུ་སྨོས་པར་རིགས་སོ་ཞེས་སོ། །དེ་དག་གིས་ནི། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བ་ལ་བཞི་ནི་ཕྲིན་ལས་དང་བཞི་ཞེས་འདོད་པར་བྱེད་དོ། །གཞན་དག་ན་རེ་ཞེས་བྱ་བ་མངོན་པར་འདོད་པ་བཞི་པ་འདི་ནི་སྔར་སྐུ་བཞིར་འདོད་པར་སྨྲ་བ་རྣམས་ཀྱི་ལན་བཏབ་པ་སྟེ། ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་སྨོས་པ་ནི། ཚིག་ལེའུར་བྱས་པ་སྦྱར་བའི་ངོར་ནི་ཡེ་ཤེས་ཁོ་ན་དང་མཛད་པར་སྦྱར་བའི་ཕྱིར་དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་དེ་སྐད་གསུངས་པ་ཡིན་ཏེ། དེའི་ཕྱིར་དེ་ནི་སྐུ་གསུམ་དུ་བཞག་པའི་རྒྱུ་མཚན་དུ་མི་རུང་ངོ་ཞེས་བྱ་བ་ནི་བསྡུས་པའི་དོན་ནོ། །དེ་ལྟར་མཛད་པ་རྣམས་ནི་ཆོས་ཀྱི་སྐུའི་ཕྲིན་ལས་ཞེས་བཏགས་ཀྱང༌། བསྐལ་པའི་བར་དུ་སྐུ་ཐམས་ཅད་ཀྱིས་བརྒྱུད་པ་དང་དངོས་སུ་མཛད་པས་ན། སྐུ་ཐམས་ཅད་ཀྱི་མཇུག་ཏུ་བསྟན་པར་རིགས་པས་དེ་ལྟར་བསྟན་ལ། མཛད་པ་ཉིད་ཤུ་རྩ་བདུན་པོ་དེ་དག་སྤྲུལ་པའི་སྐུའི་རྗེས་ཁོ་ནར་འབྱུང་བས་དེ་དག་གིས་ནི་སྤྲུལ་པའི་སྐུའི་ཕྲིན་ལས་ཡིན་པ་ལྟ་ཞིག་ཅེས་ཁ་ཅིག་སེམས་པ་ལ། སྔར་ཆོས་ཀྱི་སྐུའི་གདགས་པ་ནི་མ་མཛད་ལ། སྐུ་དེ་ནི་གྲུབ་པའི་མཐའ་ཐམས་ཅད་ལ་གྲགས་པས་འདིར་ཡང་སྟོན་པར་རིགས་པས་དེ་ལྟར་ན་འདི་ནི་དེའི་ལས་ཡིན་ཏེ། དེས་ན་ལས་ཀྱི་བྱེད་པ་པོ་བསྟན་ཏེ་ལས་དང་བྱེད་པ་པོ་ནི་སྐུའི་ཕྲིན་ལས་ཡིན་ཞེས་རྟོགས་པར་བྱ་བའི་ཕྱིར་ཚིག་ལེའུར་བྱས་པའི་ངོ་བོ་ཉིད་ཀྱི་སྐུའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་མ་བཏགས་སོ། །དེ་ལྟར་དེ་ནི་དགོས་པ་ཉེ་བར་སྟོན་པའི་ཤུགས་ཞེས་བྱའོ། །ཡེ་ཤེས་ཁོ་ན་ཞེས་བྱ་བ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་རྣམས་ཏེ། དེ་དང་མཛད་པ་ཆོས་ཀྱི་སྐུའི་ཕྲིན་ལས་ཉི་ཤུ་རྩ་བདུན་དུ་སྦྱར་བ་ནི་བྱེད་པ་པོ་དང་དེའི་ལས་སུ་སྦྱར་རོ། །འོ་ན་ཡེ་ཤེས་རྣམས་སྤྲུལ་པའི་སྐུའི་རྗེས་སུ་ཅིའི་ཕྱིར་མི་བསྟན་ཞེ་ན། དེ་ནི་སྐུ་རྣམས་གཙོ་བོའི་རིམ་གྱིས་བསྟན་པར་རིགས་པའི་ཕྱིར་དང༌། ངོ་བོ་ཉིད་དང་ཡེ་ཤེས་


DTG087_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཆོས་ཉིད་དང་ཆོས་ཅན་དུ་བསྟན་པའི་འབྲེལ་པ་བསྒྲུབ་པའི་ཕྱིར་རོ། །ཡང་ཁ་ཅིག་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་མངོན་པར་བྱང་ཆུབ་པ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་འབའ་ཞིག་གི་སྣང་པའི་ལམ་དུ་གྱུར་པ་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུ་ཇི་སྐད་བཤད་པའི་ཡེ་ཤེས་རྣམས་ཀྱི་གཞིར་གྱུར་པ་དང༌། ས་རབ་ཏུ་དགའ་བ་ལ་སོགས་པ་ལ་གནས་པའི་སྣང་བའི་ལམ་དུ་གྱུར་པ་སྤྲུལ་པའི་སྐུ་ལ་ལོངས་སྤྱོད་རྫོགས་པར་བཏགས་པ་དང༌། སྤྲུལ་པའི་སྐུ་སྟེ་སྐུ་ལྔར་འདོད་དོ། །གཞན་དག་ནི་སྤྲུལ་པའི་སྐུ་ལ་རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་པའི་དབྱེ་བས་སྐུ་ལྔར་སྟོན་པར་བྱེད་དོ། །ལྷག་མ་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །མཚན་དང་དཔེ་བྱད་བཟང་པོ་འབར་བ་ཞེས་བྱ་བ་ལ་འདི་དག་གིས་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པས་ན་མཚན་དེ་འོག་ནས་འཆད་པའི་སུམ་ཅུ་རྩ་གཉིས་སོ། །འདི་དག་གིས་གཞན་གྱི་རྒྱུད་ལ་རྣམ་པར་སྒོ་བར་བྱེད་པས་ན་དཔེ་བྱད་བཟང་པོ་སྟེ། འདིར་ཨ་ནུ་བྱ་ཉྫ་ནའི་སྤྲའི་དོན་ནི་ཕ་རོལ་པོའི་རྒྱུད་ལ་ཐུབ་པ་ཆེན་པོའི་སྐུའི་མཛེས་པ་ཉིད་ཀྱི་རྣམ་པར་བསྒོ་ཞིང་ཞེན་པར་བྱེད་པའི་དོན་ཏེ། དེ་བས་ན་མཚན་དང་དཔེ་བྱད་རྣམས་ཀྱི་ཕྱིན་ལས་ནི་སྐྱེས་བུ་ཆེན་པོར་བྱེད་པ་དང༌། གདུལ་བྱ་རབ་ཏུ་འདུན་པར་བྱེད་པའོ། །དེ་ལ་མཚན་རྣམས་ནི་གཙོ་བོར་གྱུར་པས་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གི་རྒྱུ་ལས་བྱུང་བར་བསྟན་ཏེ། ཇི་སྐད་དུ་སྨིན་མཚམས་ཀྱི་མཛོད་སྤུ་བ་མོ་དང་དུང་དང་མི་ཏོག་ཀུན་ད་ལྟར་དཀར་བ་ནི་སྦྱིན་པའི་འབྲས་བུའོ། །གཡས་སུ་འཁྱིལ་བ་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །དཔའ་ཞིང་ཟིལ་གྱིས་མི་གནོན་པ་ནི་བཟོད་པའི་འབྲས་བུའོ། །རིང་བར་གནས་པ་ནི་བརྩོན་འགྲུས་ཀྱི་འབྲས་བུའོ། །ཤིན་ཏུ་འཁྱིལ་ཞིང་ལེགས་པར་གནས་པ་ནི་བསམ་གཏན་གྱི་འབྲས་བུའོ། །འོད་མཐའ་ཡས་པས་ཁྱབ་པ་ནི་ཤེས་རབ་ཀྱི་འབྲས་བུའོ་ཞེས་བྱ་བ་ལ་སོགས་པ་སྟེ་རྒྱས་པར་ནི་འཕགས་པ་བསྐལ་བ་བཟང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཤེས་པར་བྱའོ། །དཔེ་བྱད་རྣམས་ནི་འཁོར་དུ་གྱུར་པས་ན་དེ་ལྟར་བསྟན་པ་མེད་དེ་གཙོ་བོས་བསྡུས་པའི་ཕྱིར་རོ། །ཇི་ལྟར་ན་གཙོ་བོ་དང་འཁོར་དུ་བསྟན་ཞེ་ན། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང༌། སེན་


DTG087_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་མདོག་སྣུམ་པ་དང༌། སེན་མོ་མཐོ་བ་དང༌། སོར་མོ་རྣམས་ཟླུམ་པ་དང༌། སོར་མོ་རྣམས་རྒྱས་པ་དང༌། སོར་མོ་རྣམས་བྱིན་གྱིས་ཕྲ་བ་སྟེ། དཔེ་བྱང་བཟང་པོ་འདི་དྲུག་ནི་མཚན་ཕྱག་གི་སོར་མོ་རིང་བའི་འཁོར་དུ་གྱུར་པའི། །དབུ་གདུགས་ལྟ་བུར་རྒྱས་པ་དང། དབུ་སྐྲ་བུང་བ་ལྟར་གནག་པ་དང༌། དབུ་སྐྲ་སྟུག་པ་དང༌། དབུ་སྐྲ་འཇམ་པ་དང༌། དབུ་སྐྲ་མ་འཛིངས་པ་དང༌། དབུ་སྐྲ་མི་བཤོར་བ་དང༌། དབུ་སྐྲ་དྲི་ཞིམ་པ་སྟེ། འདི་དག་ནི་དབུ་གཙུག་ཏོར་དང་ལྡན་པ་དང༌། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའི་འཁོར་དུ་གྱུར་པའོ། །དཔྲལ་བ་ལེགས་པར་འབྱེས་པ་དང༌། དཔྲལ་བའི་དབྱེས་ཆེ་དང༌། སྨིན་ཚུགས་རིང་བ་དང༌། སྨིན་མ་འཇམ་པ་དང༌། སྨིན་མ་སྣུམ་པ་དང༌། སྨིན་མའི་སྤུ་མཉམ་པ་དང༌། ཤངས་མཐོ་བ་དང༌། ཤངས་གཙང་བ་སྟེ། འདི་དག་ནི་མཛོད་སྤུའི་འཁོར་དུ་གྱུར་པའོ། །སྤྱན་དག་པ་དང༌། སྤྱན་མཛེས་པར་འཛུམ་པ་ལྟ་བུ་དང༌། སྤྱན་ཡངས་པ་དང༌། རྫི་མ་སྟུག་པ་དང༌། སྤྱན་པདྨའི་འདབ་མ་འདྲ་བ་སྟེ། འདི་རྣམས་ནི་སྤྱན་མཐོན་མཐིང་དང༌། སྤྱན་གྱི་རྫི་མ་བའི་རྫི་མ་ལྟ་བུའི་འཁོར་དུ་གྱུར་པའོ། །སྙན་མཉམ་པ་དང༌། སྙན་མ་ཉམས་པ་སྟེ། འདི་དག་ནི་འགྲམ་པ་སེང་གེ་ལྟ་བུའི་འཁོར་དུ་གྱུར་པའོ། །ཞལ་ལྷ་ཅང་མི་རིང་བ་དང༌། སྒྲོས་ཤིང་ཐོག་བེམ་པ་ལྟར་དམར་བ་དང༌། ལྗགས་མཉེན་པ་དང༌། ལྗགས་སྲབ་པ་དང༌། ལྗགས་དམར་བ་དང༌། འབྲུག་གི་སྒྲ་ཉིད་དང༌། གསུང་མཉེན་པ་དང༌། གསུང་འཇམ་པ་དང༌། མཆེ་བ་ཟླུམ་པ་དང༌། མཆེ་བ་རྣོ་བ་དང༌། མཆེ་བ་དཀར་བ་དང༌། མཆེ་བ་མཉམ་པ་དང༌། མཆེ་བ་བྱིན་གྱིས་ཕྲ་བ་སྟེ། འདི་རྣམས་ནི་ལྗགས་ཡངས་པ་དང༌། ཚངས་པའི་དབྱངས་དང༌། ཚེམས་དཀར་བ་དང༌། ཚེམས་ཐགས་བཟང་བ་དང༌། ཚེམས་བཞི་བཅུ་མངའ་བ་དང༌། ཚེམས་མཉམ་པ་དང༌། རོ་བྲོ་བའི་མཆོག་བརྙེས་པ་རྣམས་ཀྱི་འཁོར་དུ་གྱུར་པ་སྟེ། ཅི་རིགས་སུ་སྦྱར་རོ། །རྩ་མི་མངོན་པ་དང༌། རྩ་མདུད་བ་མེད་པ་དང༌། ལོང་བུ་མི་མངོན་པ་དག་དང༌། སྐུ་གཞོན་མདོག་ཅན་དང༌། ཕྱག་ཤིང་བལ་ལྟར་འཇམ་པ་དང༌། ཕྱག་གི་རི་མོ་མདངས་ཡོད་པ་དང༌། ཕྱག་གི་རི་མོ་ཟབ་པ་དང༌། ཕྱག་གི་རི་མོ་


DTG087_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བ་རྣམས་ནི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང༌། ཞབས་ལོང་བུ་མི་མངོན་པའི་འཁོར་དུ་གྱུར་པ་སྟེ། དཔེ་བྱད་ཀྱི་ལོང་བུ་མི་མངོན་པ་ནི་ལོང་བུ་ཆུང་ངུར་བཟུང་ལ། མཚན་བཟང་པོའི་ནི་དེ་ཆེན་པོ་བཟུང་ངོ༌། །ཁ་ཅིག་ནི་མཚན་གྱི་ཕྱིའི་ལོང་བུ་སྟེ་དཔེ་བྱད་ཀྱི་ནང་གི་ལོང་བུ་ཞེས་འདོད་དོ། །ཞབས་མཉམ་པ་ནི། ཞབས་རུས་སྦལ་ལྟར་གནས་པའི་འཁོར་དུ་གྱུར་པའོ། །སེང་གེ་དང༌། གླང་པོ་ཆེ་དང༌། དང་པ་དང༌། ཁྱུ་མཆོག་དང༌། གཡས་ཕྱོགས་སུ་དང༌། མཛེས་པར་དང༌། དྲང་པོར་གཤེགས་པ་དང༌། གོམ་པ་སྙོམས་པ་རྣམས་ནི། ཕྱག་དང་ཞབས་ཀྱི་སོར་མི་དྲ་བས་འབྲེལ་པ་དང༌། རྟིང་པ་ཡངས་པ་རྣམས་ཀྱི་འཁོར་དུ་གྱུར་པའོ། །སྐུ་འཁྲིལ་བག་ཆགས་པ་དང༌། སྐུ་བྱི་དོར་བྱས་པ་དང་འདྲ་བ་དང༌། སྐུ་རིམ་པར་འཚམ་པ་དང༌། སྐུ་གཙང་བ་དང༌། སྐུ་འཇམ་པ་དང༌། སྐུ་དག་པ་དང༌། སྐུ་ཁོ་ལག་ཡངས་ཤིང་བཟང་བ་དང༌། སྐུ་མ་ཞུ་པ་དང༌། སྐུ་རྒྱས་པ་དང༌། སྐུ་ཤིན་ཏུ་གྲིམས་པ་དང༌། ཡན་ལག་རྣམ་པར་མཛེས་པ་དང༌། དཀུ་ཟླུམ་པ་དང༌། དཀུ་སྐབས་ཕྱིན་པ་དང༌། དཀུ་མ་རྙོངས་པ་དང༌། སྐུ་ཀུན་ནས་བལྟ་ན་སྡུག་པ་དང༌། ཀུན་ཏུ་སྤྱོད་པ་གཙང་བ་དང༌། སྐུ་ལ་སྨེ་བ་གནག་བག་མེད་བ་དག་ནི་སྐུ་ཆེ་ཞིང་དྲང་བ་དང༌། སྐུའི་བདུན་མཐོ་བ་དང༌། པགས་པ་གསེར་གྱི་མདོག་འདྲ་བ་དང༌། པགས་པ་སྲབ་པ་དང༌། དཔུང་མགོ་ཟླུམ་པ་དང༌། ཐལ་གོང་རྒྱས་པ་དང༌། རོ་སྟོད་སེང་གེའི་འདྲ་བ་དང༌། ཤིང་མྱ་གྲོ་དྷ་ལྟར་ཆུ་ཞིང་གབ་པའི་འཁོར་དུ་གྱུར་པའོ། །ཕྱལ་ཕྱང་ངེ་བ་དང༌། ཕྱལ་མ་རྙོངས་པ་དང༌། ལྟེ་བ་ཟབ་པ་དང༌། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་རྣམས་ནི་མདོམས་ཀྱི་གསང་བ་སྦུབས་སུ་ནུབ་པའི་འཁོར་དུ་གྱུར་པའོ། །དཔལ་གྱི་བེའུ་དང༌། བཀྲ་ཤིས་དང༌། ཉ་དང༌། གཡུང་དྲུང་འཁྱིལ་པ་ལ་སོགས་པ་རྣམས་ནི། །མཚན་བཟང་པོ་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང༌། ཕྱག་དང་ཞབས་དྲ་བས་འབྲེལ་པའི་འཁོར་དུ་གྱུར་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོས་བཅུ་པ་ལ་བཞུགས་པ་རྣམས་དང་ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང༌།


DTG087_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཁ་ན་མཐོ་བ་མེད་པ་ཉེ་བར་སྤྱོད་པའི་ཕྱིར་ཞེས་བྱ་བ་འདིས་ནི་མཚན་གྱིས་དོན་བསྟན་ཏེ། ཐེག་པ་ཆེན་པོའི་ཆོས་ནི་རྟོགས་པའི་ཆོས་སོ། །ཁ་ཅིག་ན་རེ་ལུང་གི་ལོངས་སྤྱོད་ཀྱི་དགའ་བ་དང༌། མཚན་ཉིད་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། རང་གི་འབྱོར་པ་འཇིག་རྟེན་ལ་འདས་བསམ་གྱིས་མི་ཁྱབ་ལེགས་མཛད་བརྒྱ་ཡི་འབྲས་བུ་ནི། །བློ་ཅན་རྣམས་ཀྱི་དགའ་བ་སྐྱེད་ཕྱིར་འཁོར་གྱི་ནང་དུ་སྣ་ཚོགས་རྒྱས་པར་སྟོན་མཛད་པ། །རྟག་ཏུ་དམ་པའི་ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་འཇིག་རྟེན་ཀུན་ཏུ་འཕྲོ་བར་མཛད་པ་བྱ་གང་དག་སངས་རྒྱས་དཀོན་མཆོག་མི་རྟག་པའི་ཕྱིར་རྩོམ་པ་དོན་མེད་པར་རྟོག་པ་དེ་དག་གི་ཕྱིར་ནི་འདི་རྟག་པ་ཡོངས་སུ་མི་འཇིག་པའི་སྐུར་བརྗོད་ཅིང༌། རང་གི་རང་བཞིན་གྱི་དབང་དུ་བྱས་ཏེ་ནི། འདི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཞེ་ན། ཁ་ཅིག་ན་རེ་གདུལ་པོ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་སྲིད་གནས་པ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟ་བུའི་སྐུ་འདི་ཅི་རྟག་པ་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཞིག་གམ། དེ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་མོད་ཀྱི། འོན་ཀྱང་ལྷའི་དབང་པོ་བརྒྱ་བྱིན་རྣམས་ནི་འཆི་འཕོ་བ་དང་དེར་སྐྱེ་བ་དེ་དག་ཉིད་དང༌། དེ་བས་ཆེས་ཆེ་བའི་ལྷ་རྣམས་ཀྱིས་ཤེས་ཀྱི་ལྷའི་བུ་ཕལ་པ་རྣམས་ཀྱིས་ནི་བདག་ཅག་གི་གནས་འདིར་ལྷའི་དབང་པོ་ཅིག་ཤི་འཕོས་ཏེ། གཞན་ཞིག་ལྷའི་རྒྱལ་པོར་གྱུར་ཞེས་བྱ་བ་ནི་རབ་ཏུ་མི་ཤེས་ཏེ། ལས་ཀྱི་མེ་ལོང་ལ་སོགས་པ་ལ་ལྟ་བས་ངེས་པར་གཞན་གྱིས་མི་ཤེས་པར་དེ་ཉིད་དམ། གཞན་ཞིག་མཚམས་སྦྱོར་བ་ནི་བརྒྱ་བྱིན་དུ་གྱུར་པ་རྣམས་ཀྱི་ཆོས་ཉིད་དུ་ངེས་པའོ། །དེ་བཞིན་དུ་སྐུ་འདི་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་དེ་བཞིན་གཤེགས་པ་རྣམས་འབའ་ཞིག་གི་ཡུལ་དུ་འགྱུར་གྱི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཡུལ་དུ་མི་འགྱུར་བའི་ཕྱིར། སྐུ་གདུང་རྣམས་པར་དབྱེ་བ་ལ་སོགས་པ་ཡང་མེད་དོ་ཞེས་འདོད་དོ། །སྐུ་འདི་མྱ་ངན་ལས་འདའ་བའི་རྒྱུ་ཡང་ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་བཞིན་ཏེ། སངས་


DTG087_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དེ་དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་ནས་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ། གདུལ་བྱ་ཐམས་ཅད་ཤིན་ཏུ་བཏུལ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ལུང་བསྟན་པར་གྱུར་ཏེ། མཉམ་པ་མེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གསུངས་སོ་ཞེས་ཟེར་རོ། །དེ་དག་གིས་ནི་ལེགས་པར་མ་སྨྲས་ཏེ། གཞན་གང་དག་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡོངས་སུ་མྱ་ངན་ལས་འདའ་བར་བཤད་པ་དེ་དག་ནི་སྔར་བསྟན་པ་ལྟར། སྤྲུལ་བའི་སྐུ་ལ་ལོངས་སྤྱོད་རྫོགས་པར་བཏགས་པའི་དབང་དུ་བྱས་པ་མིན་གྱི། ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་རྣམ་པར་དག་པའི་གཞིར་གྱུར་པ་ནི་ནམ་ཡང་མྱ་ངན་ལས་མི་འདའི། སྐད་ཅིག་མའི་རྒྱུན་ཅན་ཉིད་དུ་ནི་གནས་སོ། །སྐུ་འདི་ཡང་སྨོན་ལམ་མམ། ཚོགས་ཀྱིས་འཕེན་པའམ། བཞེད་པ་ཙམ་གྱིས་ཕྱེ་བའི་འོག་མིན་གྱི་གནས་གཅིག་ཁོ་ནར་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རྣམ་པ་རབ་ཏུ་མང་པོའི་ལོངས་སྤྱོད་རྫོགས་པའི་སྐུ་འོག་མིན་རྣམས་ན་གནས་པ་ནི་སྤྲུལ་པའི་སྐུ་འབའ་ཞིག་རྒྱ་ཆེན་པོར་སྣང་བར་ཟད་དོ། །ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ཇི་སྙེད་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་བུ་ཞིག་གི་རང་བཞིན་དུ་ཟད་ཅིང་ཆོས་ཀྱི་སྐུ་དང༌། སྤྲུལ་པའི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་ཡང་དེ་ལྟར་གཅིག་ཏུ་ཟད་པས་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་ཐ་དད་པའོ་ཞེས་བྱ་བའི་སྒྲུབ་པ་འདི་སངས་རྒྱས་ཀྱི་ཡེ་ཤེས་ལ་ནི་མཚུངས་པ་མ་ཡིན་ཏེ། འོན་ཀྱང་སྨོན་ལམ་གྱི་དབང་གིས་བདག་སེམས་ཅན་འདིའི་བུར་གྱུར་ཏེ་སྤྲུལ་པའི་སྐུ་བྱང་ཆུབ་རྙེད་པར་གྱུར་པས་དེ་དག་ཡོངས་སུ་སྨིན་པར་བྱེད་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པས་དོན་མཛད་པ་ནི་མི་འདྲ་བར་གྱུར་ཏོ་ཞེས་ཟེར་ཏེ། འདི་ལྟ་བུ་དག་ནི་བདག་ཅག་གི་སྤྱོད་ཡུལ་དུ་མ་གྱུར་པས་དཔྱད་པའི་རྣམ་པར་རྟོག་པ་ངན་པས་ཅི་ཞིག་བྱ་སྟེ། ཇི་ལྟར་བསྟན་པ་ཡང་བཟོད་པར་མཛོད་ཅིག །ལྷག་མ་རྣམས་ནི་གོ་སླའོ། །ཤཱ་ཀྱ་ཐུབ་པ་ལ་སོགས་པའི་གཟུགས་གང་གིས་ཞེས་བྱ་བ་ལ། དགའ་ལྡན་ནས་བབས་པ་ལ་སོགས་པ་དོན་


DTG087_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་རྣམས་པར་བཅུ་གཉིས་ཀྱིས་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་ནི་རྣམ་པར་སྨིན་པའི་སྤྲུལ་པའི་སྐུ་སྟེ། དེ་ལ་དོན་གྱི་མཛད་པ་བཅུ་གཉིས་ནི་འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། ཇི་སྐད་དུ་དུས་གཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དགའ་ལྡན་གྱི་གནས་མཆོག་ན་བཞུགས་པ་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པའི་སྦྱོར་བ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌། བདུད་བཅོམ་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་དང༌། ཆོས་ནུབ་པར་སྟོན་པ་ལ་མཁས་པ་ཞེས་གསུངས་པ་རྣམས་ཏེ། འདིར་ཆོས་ནུབ་པར་སྟོན་པ་ཡང༌། གདུལ་བྱ་རབ་ཏུ་མ་གུས་པ་དག་གིས་ཆོས་དང་ཆོས་སྨྲ་བ་ལ་བརྟེན་པའི་སྡིག་པ་མི་འབྱུང་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་མཛད་པ་ཆེན་པོ་སྟེ། དེའི་ཕྱིར་འཕགས་པ་གསེར་འོད་དམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། སངས་རྒྱས་མྱ་ངན་མི་འདའ་ཞིང༌། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་གདུལ་བའི་ཕྱིར། །མྱ་ངན་འདའ་ལ་སོགས་པར་སྟོན། །ཞེས་གསུངས་སོ། །མཚན་ཉིད་འདི་ལས་གཞན་པ་ཁྱེའུ་དང་བུ་མོ་ལ་སོགས་པའི་གཟུགས་སུ་སྣང་བས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་དང༌། ཡང་དཔག་བསམ་གྱི་ཤིང་དང་ནོར་བུ་རིན་པོ་ཆེ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་དུ་བསྡུས་པར་སྤྲུལ་པ་ཡང་སྲིད་དེ། འཕགས་པ་དཀོན་མཆོག་སྒྲོན་མའི་མདོ་ལས་ཇི་སྐད་དུ། དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་གྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང༌། །ཡིད་བཞིན་ནོར་བུ་འདོད་འབྱིན་སྙིང་པོ་དང༌། །ལམ་གོལ་དོང་བ་རྣམས་ལ་ལམ་སྟོན་འགྱུར། །ཞེས་གསུངས་པས་སོ། །དེ་ལྟ་བུ་དེ་དག་ནི་རྣམ་པར་སྨིན་པ་མ་ཡིན་པའི་སྤྲུལ་པའི་སྐུ་སྟེ། འདིར་རྣམ་པར་སྨིན་པའི་སྒྲ་ནི་རབ་ཏུ་རྒྱས་པས་མི་འདྲ་བར་སྨིན་པའི་དོན་དུ་བརྗོད་པར་བྱ་བ་ཡིན་ལ། ཁྱེའུ་དང་བུ་མོ་ལ་སོགས་པ་དེ་དག་ནི་དམན་པར་སྣང་བའི་ཕྱིར་སློབ་པའི་ལམ་གྱི་གནས་སྐབས་དང་མི་འདྲ་བའི་ཤེས་


DTG087_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བའི་ཕྱིར་དེ་དག་ལ་དེ་སྐད་ཅེས་བྱའོ། །སྐུ་འདིའི་མཚན་ཉིད་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སེམས་ཅན་རྣམས་ནི་སྨིན་པར་མཛད་ཕྱིར་ལ་ལ་དག་ཏུ་མེ་འབར་བཞིན་དུ་གང་སྣང་ཞིང༌། །ལ་ལར་ཡང་ནི་རྫོགས་པར་བྱང་ཆུབ་ཆོས་ཀྱི་འཁོར་ལོ་རབ་ཏུ་ཞི་བར་གང་སྣང་ལ། །སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པར་དུ་མར་འཇུག་ཅིང་སྲིད་པ་གསུམ་གྱི་འཇིག་སེལ་བ། །ཕྱོགས་བཅུར་ཆུབ་མཛད་ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་གང་ཡིན་དེ་ལ་བདག་ཕྱག་འཚལ། །ཞེས་བསྟན་ཏོ། །དང་པོར་འགྲོ་བ་བཟང་པོ་དང་བཟང་པོ་མ་ཡིན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་རྣམས་ལ། དང་པོ་བཞི་ནི་ཚོགས་ཀྱི་ལམ་ཕལ་པའི་རང་བཞིན་ནོ། །དེའི་འོག་མ་ལྔ་པ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ལ་སྦྱར་རོ། །དེ་ནས་གཉིས་པ་ནི་སྦྱོར་པའི་ལམ་ལ་སྦྱར་རོ། །ལྷག་མ་རྣམས་ནི་གསལ་ལོ། །ཁ་ཅིག་ན་རེ་དང་པོ་ནི་ཚོགས་ཀྱི་ལམ་མོ། །དེ་ནས་ལྔ་ནི་སྦྱོར་བའི་ལམ་གྱི་རང་བཞིན་ནོ། །དེ་ནས་གཅིག་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་འབའ་ཞིག་སྟེ། དེར་འཛིན་པ་སྤོང་བའི་སྦྱོར་བ་ཡིན་ལ། འོག་མ་རྣམས་ནི་གཟུང་བའི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་རོ་ཞེས་ཟེར་ཏེ། གཟུང་བ་དང་འཛིན་པའི་དོན་ཡང་ཕྱི་རོལ་གྱི་དོན་དང༌། རྣམ་པར་ཤེས་པ་ནང་གི་བདག་ཉིད་དུ་བལྟ་བར་བྱའོ། །སྔར་ཇི་ལྟར་བསྟན་པའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས་ནི་མ་ཡིན་ཏེ་དེ་དག་ནི་ས་དེ་དང་དེར་འབྲེལ་པ་ཡིན་གྱི་དེས་སྤོང་བར་ནི་མི་ནུས་ཏེ། དེ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་འགྲོ་བ་རབ་ཏུ་ཞི་བའི་ཕྱིན་ལས་མཛད་ནས་ཞེས་བྱ་བ་ལ། འགྲོ་བ་ནི་མི་ལ་སོགས་པ་སྟེ། དེ་དག་རབ་ཏུ་ཞི་བ་ནི་འདོད་ཆགས་འབར་བ་མཛེས་དགའ་བོ་དང༌། ཞེ་སྡང་འབར་སོར་མོའི་ཕྲེང་བ་དང༌། གཏི་མུག་འབར་བ་ལྟེང་རྒྱས་འོད་སྲུངས་ལ་སོགས་ཏེ། དེ་དག་ཀྱང་རབ་ཏུ་ཞི་བར་བྱ་བའོ། །གཞན་ཡང་འཕགས་པའི་གང་ཟག་མ་ཡིན་པ་ཐམས་ཅད་ལ་ཐུན་མོང་དུ་རབ་ཏུ་སྤང་དཀའ་བ་ནི་འཁྲིག་པའི་འདོད་ཆགས་ཡིན་ལ། དེ་ཡང་བུད་མེད་གཞོན་ནུ་རྣམས་ནི་རབ་ཏུ་ཤས་ཆེ་བ་ཡིན་མོས་ཀྱི། སངས་རྒྱས་


DTG087_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ནི་དེ་ཡང་བདེ་བར་ཡོངས་སུ་སྤོང་དུ་འཇུག་པར་སྤྱོད་པའི་ཕྱིར་ན། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་དྲི་མ་མེད། །ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེངས་རྒྱས་མཛད་ནས། ས་ལ་མི་དང་མཐོ་རིས་ན་ཆུང་མཆོག་བདེ་བའི། །དགའ་ལ་དགའ་རྣམས་བཞེད་དགུར་རབ་ཏུ་དགའ་མཛད་ནས། ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས་ཀྱི་འཇིགས་སྐྱེ་དང༌། །སྐྱེ་བ་ཞི་མཛད་རྒྱལ་བའི་དབང་པོ་ཉིད་རྙེད་ནས། །འཇིག་རྟེན་ལས་འདས་མིང་ཙམ་ཞི་ལ་མི་གཡོ་བ། །མི་བསྙེང་ནོངས་མི་མངའ་བའི་གོ་འཕང་བརྙེས་པར་མཛོད། །ཅེས་གསུངས་སོ། །དེ་ལྟར་འགྲོ་བའི་ཉོན་མོངས་པ་ཞི་བར་གྱུར་པས་ཕྲིན་ལས་དང་པོ་མཛད་ནས་འཁོར་གྱི་དོན་བྱ་བའི་ངོ་བོ་དེ་དག་ཇི་ལྟར་དགའ་བའི་མུ་ཏིག་གི་དོ་ཤལ་དང༌། བཟའ་བ་དང་བཅའ་བའི་སྦྱིན་པས་སྡུད་དེ། དེ་ཡང་གྲོལ་བར་བྱེད་པའི་ཆོས་བསྟན་པ་དང༌། དེ་སྤྱོད་པ་དང༌། རྗེས་སུ་མཐུན་པར་བྱ་བ་དང༌། བདག་ཀྱང་སྒྲུབ་པ་སྙིང་པོར་བྱེད་པས་སྨྲ་བ་ལྷུར་མི་ལེན་པ་དག་ནི་ཕྲིན་ལས་གཉིས་པ་སྦྱིན་པ་ལ་སོགས་པ་བསྡུ་པའི་དངོས་པོ་བཞི་ལ་བཀོད་པ་སྟེ། ཇི་སྐད་དུ། །འདི་དག་གི་ནི་ཡོན་ཏན་དང༌། །འཁོར་སྡུད་པ་དང་ལྡན་པ་རྣམས། །ཚུལ་འདི་ལ་ནི་ཡང་དག་རྟེན། །ཀུན་གྱི་དོན་ཀུན་སྒྲུབ་བྱེད་པས། །ཐབས་བཟང་ཡོན་ཏན་ལྡན་པ་ཡིན། །ཞེས་གསུངས་སོ། །རྟོགས་པར་མཛད་ནས་ཞེས་བྱ་བ་ནི་སྙན་པར་སྨྲ་བ་ཡུན་རིང་དུ་བསྟེན་ཅིང་དེ་བཞིན་དུ་བསམ་པ་ལ་སོགས་པ་ནི་ངེས་པར་བླང་བ་དང་དོར་བར་ཁོང་དུ་ཆུད་པར་ནུས་པ་སྟེ་ཕྲིན་ལས་གསུམ་པའོ། །གཞན་དག་གི་དོན་བྱམས་པ་ལ་སོགས་པའི་མཚན་ཉིད་ཅེས་བྱ་བ་ནི་ཇི་ལྟར་བསམ་པ་ལྟར་སྒྲུབ་པར་རྟོགས་པས་ན་སྒྱུ་མ་མཁན་བཞིན་དུ་རྗེས་སུ་ཆགས་པ་ལ་སོགས་པས་རྣམ་པར་དབེན་པ་ཉིད་ཀྱིས་སེམས་ཅན་གྱི་དོན་ཞེས་བསྟན་ཏོ། །སེམས་ཅན་རྣམས་བདེ་བར་གྱུར་ཞེས་བསམ་པ་འབའ་ཞིག་གིས་ཆོག་པར་འཛིན་པ་དགག་པའོ། །དེ་ནི་བླང་བ་དང་དོར་བ་རྟོགས་ནས་ཡང་རྟོགས་པ་དང་མཐུན་པར་དངོས་སུ་སྒྲུབ་པའི་དོན་ཏེ་ཕྲིན་ལས་བཞི་པའོ། །རང་གི་དོན་ཞེས་བྱ་བ་ནི་རང་གི་དོན་ལ་མངོན་


DTG087_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་སྔར། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་འདི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་བསྟན་པ་རྣམས་སོ། །རང་དང་གཞན་གྱི་དོན་གྱི་མཚན་ཉིད་ཅེས་བྱ་བ་ནི་སྲོག་གཅོད་པ་སྤོང་བ་དང༌། མ་བྱིན་པར་ལེན་པ་སྤོང་བ་དང༌། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང༌། བརྫུན་དུ་སྨྲ་བ་སྤོང་བ་དང༌། ཚིག་རྩུབ་པོ་སྤོང་བ་དང༌། ཕྲ་མ་སྤོང་བ་དང༌། གནོད་སེམས་སྤོང་བ་རྣམས་ནི་གཞན་ལ་གནོད་པ་སྤོང་པས་གཞན་གྱི་དོན་དུ་བསྡུས་ལ། ངག་འཁྱལ་པ་དང༌། བརྣབ་སེམས་དང༌། ལོག་པར་ལྟ་བ་རྣམས་སྤོང་བ་ནི་རང་ལ་གནོད་པ་སྤོང་བས་རང་གི་དོན་བསྡུས་པའམ། ཡང་ན་རང་དང་གཞན་གྱི་དོན་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་མ་བསྔོས་པས་ཉན་ཐོས་རྣམས་ལྟར་ན་རང་འབའ་ཞིག་གི་དོན་ནི་མ་ཡིན་གྱི་གཉི་གའི་དོན་དུའོ་ཞེས་བྱ་བའོ། །སངས་རྒྱས་ཉིད་ཀྱི་ལམ་ཞེས་བྱ་བ་ནི་སངས་རྒྱས་ཐོབ་པར་བྱ་བ་ལ་ལམ་དང་ལམ་གྱི་ཡན་ལག་ཇི་སྙེད་དུ་བསྟན་ཀྱང་དེ་དག་ལས་གཙོ་བོ་ནི་དགེ་བ་བཅུ་པོ་འདི་དག་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དགེ་བ་བཅུའི་ལས་ཀྱི་ལམ་ལའོ་ཞེས་བྱ་བ་ལ། འདི་དག་ནི་རྣམ་པར་སྨིན་པ་སྡུག་ཅིང་ཡིད་དུ་འོང་བ་ཅན་ཡིན་པས་ན་དགེ་བའོ། །ལུས་ཀྱི་གསུམ་དང་ངག་གི་བཞི་དང་ཡིད་ཀྱི་གསུམ་རྣམས་ནི་བཅུའོ། །ལས་ཀྱི་ལམ་ཞེས་བྱ་བ་ནི། སྐད་ཅིག་གཞན་དུ་མི་གནས་ཤིང༌། །བྱེད་མེད་ཡིད་ཀྱང་གང་གིས་ནི། །བྱེད་དང་བཅས་ལྟར་སྣང་བྱེད་པ། །སེམས་པ་དེ་ནི་ཡིད་ཀྱི་ལས། །ཞེས་བྱ་བའི་ཚུལ་གྱིས་ན་ལས་ནི་སེམས་པ་སྟེ། སེམས་པ་དེ་ཡང་བརྣབ་སེམས་སྤོང་བ་དང༌། གནོད་སེམས་སྤོང་བ་དང༌། ལོག་པར་ལྟ་བ་སྤོང་བ་རྣམས་ཀྱི་དབང་དུ་འགྲོ་ཞིང་དེ་དག་གི་ལམ་དུ་འཇུག་པས་ན་ལས་དེའི་ལམ་ནི་དེ་དག་གོ །ལྷག་མ་སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལས་ཀྱང་ཡིན་ལ་སེམས་པ་ཡང་དང་པོར་འདི་དག་སློང་ཞིང་བསྐྱེད་ལ། དེ་ནས་ཀྱང་འདི་དག་ལ་རྟེན་ཅིང་འཇུག་པས་ལས་ཀྱི་ལམ་ཡང་


DTG087_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དེ་སྐད་དུ་དབྱིག་གཉེན་གྱི་ཞལ་སྔ་ནས། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། གསུམ་མམ་བདུན་ནི་ལས་ཀྱང་ཡིན། །ཞེས་བཤད་ལ། ལས་ཀྱི་མཚན་ཉིད་ཀྱང༌། དེ་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེ་བསྐྱེད་ལུས་དང་ངག་གི་ལས། །ཞེས་སོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གོམས་པ་ལའོ་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པའི་དབང་གིས་གོམས་པར་བྱེད་པ་ཙམ་ཞིག་ཏུ་གཞག་གི་དངོས་གཞི་ནི་མ་ཡིན་ཏེ། དེ་ནི་ས་རབ་ཏུ་དགའ་བ་ལ་སོགས་པར་དེ་ཁོ་ན་ཉིད་ཡིད་ལ་བྱེད་པར་བཞག་པའི་ཕྱིར་རོ། །དེའི་རྗེས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་བྱ་བ་ནི་སྦྱིན་པ་ནི་བསོད་ནམས་ཀྱི་ལས་ཀྱི་མཆོག་ཡིན་ལ། བསོད་ནམས་ཤིན་ཏུ་ཆེར་བསགས་པའི་སེམས་ལ་ཇི་ལྟར་སྨོན་པ་འགྲུབ་པའི་ཕྱིར་ན་སྦྱིན་པ་ནི་ས་དང་པོ་དེར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོག་པའི་མཚན་ཉིད་གཉིས་སུ་མེད་པའི་ཆོས་ཀྱི་རྒྱུས་ཏེ་དེ་ལ་སྦྱོར་རོ་ཞེས་བྱ་བའི་དོན་ཏོ། །ཚོགས་ནི་ས་དང་པོ་བསོད་ནམས་དང་ཡེ་ཤེས་གཉིས་སོ། །དེ་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པས་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་ཚོགས་ཁྱད་པར་ཅན་ལ་གནས་ཀྱང་ད་དུང་ཡོངས་སུ་རྫོགས་པ་ནི་མ་ཡིན་པས་དེ་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ས་གཉིས་པ་ལ་སོགས་པ་ལ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང༌། དེའི་ཚེ་ཡང་དེ་དག་གི་བརྡར་བཏགས་པར་ཤེས་པས་དཔྱོད་ཀྱི་དངོས་པོར་འཛིན་པའི་ཚུལ་གྱིས་ནི་མ་ཡིན་པ་ལ་འགོད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་བརྡར་བཏགས་པ་ཙམ་ལ་ལྟོས་པའོ། །ཤེས་པ་དང་ཤེས་བྱའི་དངོས་པོར་མངོན་པར་མ་ཞེན་པའི་མཚན་ཉིད་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཞེས་བྱ་བ་ནི། །གཟུང་བ་དང་འཛིན་པའི་བློ་རབ་ཏུ་ལོག་པས་འདི་དག་ནི་དབྱེར་མེད་པར་ཆོས་ཀྱི་དབྱིངས་སྣ་ཚོགས་སུ་སྣང་བའོ་ཞེས་བྱ་བ་ལ་ངེས་པར་གྱུར་པའོ། །དེ་ལྟར་ན་ཤེས་པའི་ཕྱིར་རང་དང་གཞན་དུ་འབྱེད་པ་མེད་པས་རང་གི་དོན་དུ་མཐོང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་དུ་མངོན་པར་ཞེན་པ་མེད་པའི་ཕྱིར་ཡེ་


DTG087_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཕྲིན་ལས་དང་བཅས་པ་དེ་ཉིད་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་སོ། །དེ་ལ་སེམས་ཅན་ཡོངས་སུ་སྨིན་པ་ནི་དྲོད་ལ་སོགས་པ་ཐོབ་པ་སྟེ། ཤིང་ཏོག་སྨིན་པ་དང༌། མ་སྨིན་པ་བཞིན་དུ་ལས་སུ་རུང་བའོ་ཞེས་བདག་གི་བླ་མས་ལུང་ཕོག་པའོ། །དེ་ལྟར་ན་མདོ་སྡེ་རྒྱན་ལས་ཀྱང་བསྟན་ཏོ། །ཉན་ཐོས་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ལམ་ནི་ཤིན་ཏུ་མཚན་མ་མེད་པའི་དབྱིངས་སུ་ཡང་ཞུགས་ལ། །འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་བའི་མཐུས་ཡང་དག་པའི་མཐའ་མངོན་སུམ་དུ་ནི་མི་བྱེད་པས་སོ། །ཆོས་ཐམས་ཅད་ལ་མངོན་བར་ཞེན་པ་སྤངས་པ་ཞེས་བྱ་བ་ནི་སྔར། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་བསྟན་པའི་ཆགས་པ་ཕྲ་མོ་ཡང་ས་འདི་ལས་བརྩམས་ནས་ནི་བྲལ་ཏེ། འོན་ཀྱང་བསོད་ནམས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པའོ། །གཞན་དག་ནི་ས་འོག་མ་ལ་ལྟོས་ནས་མངོན་པར་ཞེན་པ་སྤངས་པར་འདོད་ཀྱི་ཆགས་པ་ཕྲ་མོ་ནི་ས་བཅུ་པའི་བར་དུ་ལྡན་པར་འདོད་དོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་བྱང་ཆུབ་ཐོབ་པ་ལའོ་ཞེས་བྱ་བ་ལ། འདིར་བྱང་ཆུབ་ནི་གཟུགས་ཀྱིས་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བའོ། །དེ་ཐོབ་པ་ནི་ཚོགས་མ་རྫོགས་པས་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པར་མི་ནུས་ཀྱི། གདུལ་བྱའི་དབང་གིས་གཟུགས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་སྨོན་ལམ་གྱི་མཐུས་ནུས་པར་གྱུར་ཏེ། འདི་སྐད་དུ་རྒྱལ་བའི་ཡུམ་བར་མ་ལས། ཤཱ་རིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ནས་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འདོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་འཕགས་པ་ས་བཅུ་པའི་མདོ་ལས། ས་བཅུ་པ་ནས་བརྩམས་ཏེ་སྨོན་ལམ་གྱི་མཐུས་ནི་དགའ་ལྡན་ནས་བབས་པ་ལ་སོགས་པའི་རིམ་པས་མངོན་པར་རྫོགས་པར་སངས་རྒྱས་པར་གསུངས་པ་འདི་ཇི་ལྟར་དྲང་ཞེ་ན། དེའི་ཚེ་ནི་ས་དགུ་པ་ལ་འཇིག་རྟེན་


DTG087_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁམས་རབ་ཏུ་མང་པོར་འཚང་རྒྱ་བའི་སྦྱོར་བ་སྟོན་པས་ས་འོག་མ་དག་ལས་ཁྱད་པར་དུ་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་པར་དག་པ་ལ་བཀོད་ནས་ཞེས་བྱ་བ་ལ་ཞིང་རྣམས་ནི་ཡང་དག་པའི་དོན་དུ་ན་ཡེ་ཤེས་ཀྱི་སྣང་བ་སྟེ། དེའི་ཕྱིར་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང༌། སང་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་བར་འདོད་པས་ནི་རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ་ཞེས་གསུངས་ལ་འདིར་ཡང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ཞེས་གསུངས་སོ། །དེ་ལྟ་བུའི་ས་བཅུའི་བདག་ཉིད་ཀྱི་མཐའི་བྱ་བ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ནས་བསྒོམ་པའི་ལམ་ཁྱད་པར་ཅན་གྱི་དབང་དུ་བྱས་ཏེ། བྱང་ཆུབ་མཐའ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་མཐའ་དག་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་བའི་བྱང་ཆུབ་ཐམས་ཅད་དོ། །དེ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་སྣ་བདུན་ཏེ། སྔར་རྣམ་པའི་སྐབས་སུ་བཤད་པ་རྣམས་སོ། །དེ་ཡང་དེ་དག་ནི་མཐོང་བའི་ལམ་ཡིན་ལ། མཐོང་བའི་ལམ་ནི་སྔར་བྱང་ཆུབ་ཆེན་པོ་གྲུབ་པར་བྱེད་པ་མཐོང་བའི་ལམ་ཞེས་བསྟན་པས་ན་དེ་དག་ལ་བྱང་ཆུབ་མཐའ་དག་འདྲེན་པར་བཞག་གོ །ལས་དང་འབྲས་བུར་འབྲེལ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་ཆུད་མི་ཟབ་ནི་སྐད་ཅིག་མ་གཅིག་པར་མངོན་པར་རྫོགས་པར་བྱང་ཆུབ་པ་དེས་ནི་ཡེ་ཤེས་རྣམ་པར་དག་པ་བསྐྱེད་ཀྱི། བསྐལ་པ་མང་པོ་ཞིག་ཏུ་དཀའ་བ་བྱས་ནས་རང་གི་ཡེ་ཤེས་རྒྱུན་གཅོད་པ་ནི་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་དག་སངས་རྒྱས་ཀྱི་སའི་ཡེ་ཤེས་ཀུན་རྫོབ་ཏུ་ཡང་མེད་པར་སྨྲ་བ་དེ་དག་གི་ལྟ་བ་དགག་པར་འདི་གསུངས་པའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་རྣམས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་ལས་དེ་དག་ཐ་དད་པར་མི་འཛིན་པའི་ངོ་བོ་སྟེ། ཇི་སྐད་དུ་འཕགས་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་


DTG087_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པས་བདེན་པ་གཉིས་སུ་དབྱེར་མེད་པར་བསྟན་པ་ལྟ་བུའོ། །ཕྱིན་ཅི་ལོག་ཐམས་ཅད་ཅེས་བྱ་བ་ནི་མདོར་ན་བདེན་པ་གཉིས་ལོག་པར་རྟོགས་པ་སྟེ་དེ་དག་སྤང་བ་ནི་ཇི་སྐད་དུ་བསྟན་པའི་བདེན་པ་གཉིས་སུ་མི་འཛིན་པའི་མཐུ་སྟེ། དེས་ན་སྔ་མའི་འབྲས་བུར་འདི་བསྟན་པའོ། །དེ་ལྟར་ཕྱིན་ཅི་ལོག་སྤང་བ་དེ་ཡང་གང་ཞིག་ཡོད་པ་བོར་བ་ནི་མ་ཡིན་པས་ན་ཕྱིན་ཅི་ལོག་སྤང་བ་གཞི་མེད་པའི་ཡེ་ཤེས་ཞེས་སྨོས་ཏེ། གཟོད་མ་ནས་དངོས་པོ་རྣམས་ལ་ཕྱིན་ཅི་ལོག་ཕྲ་བ་ཡང་མེད་པས་ན་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟར་གནས་པ་ཞིག་དེས་ཤེས་པར་ཟད་དེ། དེ་ལྟ་བས་ན་སྔར། འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་ལ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང༌། ཡུལ་འདི་དག་ནི་དུག་མེད་སྟོང་པ་སྟེ། དངོས་པོར་དམིགས་པ་ཐམས་ཅད་གཟུང་དུ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་འདི་ནི་རྒྱ་ཆེར་འཕགས་པ་འཇམ་དཔལ་གྱི་མན་ངག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཤེས་པར་བྱའོ། །དེ་ལྟར་བསྟན་པའི་ཚུལ་གྱིས་རང་བཞིན་གྱིས་ཡོངས་སུ་ངག་པའི་མཚན་ཉིད་ཀྱི་བྱང་ཆུབ་སེམས་དཔའི་རྣམ་པར་བྱང་བ་ཞེས་གསུངས་ཏེ། རྒྱལ་བའི་སྲས་དེའི་ཡོན་ཏན་དེ་དག་རབ་ཏུ་དག་ཅིང་འོད་གསལ་བའི་རྒྱུ་མཚན་ནི་སྔ་མ་ཉིད་དོ། །དེ་ལྟར་རྣམ་པར་དག་པའི་ཡོན་ཏན་གྱི་ཚོགས་དེ་དག་ཀྱང་སངས་རྒྱས་ཀྱི་སའི་རྒྱུར་གནས་པའི་ཕྱིར་དྲི་མ་ཐམས་ཅད་དང་བྲལ་བའི་རྣམ་པར་བྱང་བའི་རྒྱུའི་ཚོགས་ཞེས་སྨོས་སོ། །ཡང་ལམ་དེ་ལ་གནས་པ་ནི་བདག་གི་སློབ་པའི་ས་འདི་ཡོངས་སུ་སྤངས་ཏེ། ཆོས་ཀྱི་སྐུ་འདུས་མ་བྱས་ཐོབ་པར་བྱའོ་ཞེས་མི་རྟོག་པར་སྟོན་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་འདུས་བྱས་དང་འདུས་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་བཀོད་ནས་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་འགྲོ་བ་རབ་ཏུ་ཞི་བར་མཛད་པ་ནས་བཟུང་སྟེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ནི་གནས་སྐབས་གོང་མ་གོང་མ་ལས་འོག་མ་རྣམས་ཐ་དད་ལ། སྐྱེ་བ་གཅིག་གིས་ཐོགས་པའི་ཁྱད་


DTG087_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུམ་དང་ཁྱད་པར་གྱི་ལམ་གྱི་ཡོན་ཏན་རྣམ་པ་བརྒྱད་ནི་རང་རང་གི་ཆོས་ཅན་གཅིག་གི་ཡོན་ཏན་གྱི་ཁྱད་པར་ལྔའོ། །དེ་བཞིན་གཤེགས་པའི་ས་ནི་ཀུན་ཏུ་འོད་དེ། དེ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལ་འགོད་པར་མཛད་པས་ན་ཕྲིན་ལས་ཡོངས་སུ་རྫོགས་པས་ཐུགས་ལ་མི་མངའ་བར་བརྩོན་པའི་ཕྱིར། ལས་གཞན་དེ་ནས་མ་སྨོས་སོ། །འཁོར་བ་ཇི་སྲིད་བར་ཞེས་བྱ་བ་ནི་སྔར་དེ་ཉིད་ཟད་པ་མེད་པའི་ཕྱིར། རྟག་པ་ཞེས་ཀྱང་དེས་པར་བརྗོད། །ཅེས་བསྟན་པའི་ཚུལ་གྱིས་སོ། །གལ་ཏེ་དེ་ལྟར་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་ཕྲིན་ལས་མཛད་པ་མངོན་པར་བརྩོན་པའི་ཕྱིར། སངས་རྒྱས་བརྒྱུད་པ་ཐོག་མ་མེད་པ་དག་གིས་སེམས་ཅན་དཔག་ཏུ་མེད་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སྔ་མ་ཉིད་དུ་བཀོད་ཅིང༌། ད་ལྟར་དང་མ་འོངས་པའི་དུས་སུ་ཡང་དེ་ལྟར་འགོད་པར་མཛད་ན་ཅིའི་ཕྱིར་འཁོར་བ་ཐོག་མ་མེད་ཅེ་ན། དགེ་སློང་དག་ཁྱེད་ཀྱིས་ལྷའི་མིག་དག་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་ཇི་སྙེད་ཅིག་གནས་པ་མཐོང་བ་ནི་ཆེས་ཉུང་གི །ངས་ཤིང་རྟའི་འཕང་ལོ་ཙམ་གྱི་ཕྱོགས་ན་སེམས་ཅན་གནས་པ་རྣམས་མཐོང་བ་ནི་ཆེས་མང་ངོ་ཞེས་གསུངས་པའི་ཚུལ་གྱིས་སེམས་ཅན་གྱི་ཕུང་པོ་ནི་རབ་ཏུ་མང་ལ་སངས་རྒྱས་རྣམས་ནི་བརྒྱ་ལམ་ན་ལན་འགའ་ཁོ་ན་ཨུ་དུམ་ཝཱ་རའི་མེ་རྟག་བཞིན་དུ་འབྱུང་བའི་ཕྱིར། །འདི་དག་ཟད་པར་བྱ་དཀའ་བའི་ཕྱིར་ཏེ། རྔུལ་ཕྲ་རབ་རེ་རེ་ལ་ཡང་སངས་རྒྱས་དཔག་ཏུ་མེད་པར་བཞུགས་པ་གང་དང་གང་ལས་སྟན་པ་ནི་སྤྲུལ་པའི་སྐུའི་དབང་དང༌། བྱང་ཆུབ་སེམས་དཔའ་དབང་ཐོབ་པའི་ཡུལ་དུ་བྱས་པའི་ཕྱིར་རོ། །གཞན་ཡང་གང་གི་ཚེ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་ལྟ་བུའི་དུས་ཉེ་བར་གནས་སུ་ཆུག་ན་ཡང་དེ་དག་གི་ཡེ་ཤེས་སྐད་ཅིག་མ་བདེ་བ་ཆེན་པོ་རྒྱུན་དུ་འབྱུང་བ་ཉིད་ལ་འཁོར་བ་ཞེས་བྱ་བའི་ཕྱིར་ཡང་ཉེས་པ་མེད་དོ། །བཞེད་པས་མཛད་པ་ཡིན་ནོ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འབྱུང་བ་སྟེ། ཁྱོད་ཀྱི་ཕྲིན་ལས་ཇི་སྙེད་པ། །བཞེད་པ་ཙམ་


DTG087_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རག་ལས་ཏེ། །སྦྱོར་འབྱུང་ཡོན་ཏན་གཅིག་མ་མཆིས། །ཞེས་བསྟོད་པ་ལྟ་བུའོ། །སེམས་བསྐྱེད་པ་དང་པོ་ནི། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་བྱ་བ་ལ་སོགས་པའོ། །ཐ་མ་ནི། །འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས་བྱ་བ་ལ་སོགས་པའོ། །དེ་དག་གི་ལས་དེ་ལྟར་བསྟན་པས་ཞེས་བྱ་བ་ནི་རང་རང་གི་གནས་སྐབས་ཀྱི་བྱ་བ་དང་ཡོན་ཏན་དང་རང་བཞིན་བསྟན་པའོ། །གོ་རིམས་བསྟན་པའི་རིམ་པ་ཞེས་བྱ་བ་ནི་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་རིམ་པ་མ་འཁྲུགས་པར་བསྟན་པས་སོ། །ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་གོ་རིམས་ཀྱང་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་སྟོན་པའི་དབང་དུ་བྱས་པ་དེ་དག་གི་རྗེས་སུ་འབྲངས་ཏེ། དེ་དག་ཁོ་ན་ལྟར་ཁོང་དུ་ཆུད་པར་བྱས་ཏེ། དེའི་དགོས་པ་ནི་སྔར་བསྟན་ཏོ། །དེ་ལྟར་ན་སློབ་དཔོན་གྱི་ཞལ་སྔ་ནས་ཅིའི་ཕྱིར་འགྲེལ་པར་དེ་ལྟར་མི་སྟོན་སྙམ་པ་ལ་ཚིགས་མང་དུ་དོགས་པས་བདག་གིས་མ་བྲིས་སོ་ཞེས་བྱ་བ་གསུངས་ཏེ། དེས་ན་ཚིགས་ལ་ལྟ་བའམ། དགོད་པར་མི་མཁྱེན་པ་ནི་མ་ཡིན་གྱི་དང་པོ་ནས་ཀྱང་ཡུམ་འདི་ཟློས་བུ་ལྟ་བུར་རབ་ཏུ་མང་པོ་བྱུང་བས་དོན་ཁོང་དུ་ཆུད་པར་དཀའ་བར་གྱུར་ན། གལ་ཏེ་ངག་རེ་རེ་ལ་སྐབས་ཀྱི་དོན་མཐའ་དག་བཀོད་ན། དེའི་ཚེ་ཡུམ་འདིས་གདུལ་བྱ་ཕལ་ཆེར་ཁམས་རབ་ཏུ་འཁྲུག་པར་བྱེད་པ་ཉི་ཚེ་བ་ཞིག་གི་ཡན་ལག་ཏུ་འགྱུར་བའི་ཕྱིར་མ་བཀོད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བདག་གིས་ཀྱང་འདིར་དཔྱད་པ་མ་བྱས་སོ། །སྐབས་བརྒྱད་པའི་འགྲེལ་བཤད་རྫོགས་སོ།། །།སྐབས་བསྡུས་པ་གཉིས་ཀྱི་དོན་ནི་དང་པོར་བཤད་ཟིན་ཏེ། ཚིག་གི་དོན་ཡང་གོ་བར་སླའོ། །ཆུང་ཟད་དུ་ན་སྔ་མ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་སྐབས་བསྡུས་པ་རྣམ་པར་དབྱེ་བ་བསྡུས་པ་ཡིན་དུ་ཟིན་ཀྱང༌། དོན་ལ་ནི་ཁྱད་པར་དུ་བྱ་བ་མེད་དོ། །ཚིགས་ཆུང་ཟད་ཅིག་བྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །


previousཡན་ལག་གི་དོན་རྒྱས་པར་བཤད་པ།next