Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་བདུན་པ།


  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
   
  collapse section
   
རྣམ་པ་ཐམས་ཅད་མཁྱེན་པའི་དཀའ་འགྲེལ།
   
   
   
   
   
   
   
  collapse section
   
  collapse section
  collapse section
   
   
   
   
   
   
   
   
   
   


 
previousརྣམ་པ་ཐམས་ཅད་མཁྱེན་པའི་དཀའ་འགྲེལ།next

རྣམ་པ་ཐམས་ཅད་མཁྱེན་པའི་དཀའ་འགྲེལ།


DTG087_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིར་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་བྱ་བ་ཡིན་ནོ། །དེ་ལ་ཤེས་རབ་བསྒྲུབ་པའི་དགོས་པ་མཐར་ཐུག་པ་ནི་སེམས་བསྐྱེད་པ་ལ་སོགས་པ་རྒྱུ་དང་འབྲས་བུའི་རྣམ་པ་མཐའ་དག་ཡོངས་སུ་གཅོད་པའི་ངོ་བོ་ཡིན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །དེ་ཡང༌། སེམས་བསྐྱེད་པ་དང་གདམས་ངག་དང༌། །ངེས་འབྱེད་ཡན་ལག་རྣམ་བཞི་དང༌། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང༌། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣ་ཀུན་མཁྱེན་པ་ཉིད། །ཅེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལགས། རབ་འབྱོར་རྣམ་པ་གང་དག་དང་རྟགས་གང་དང་དང་མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བསྟན་པའི་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ་དེ་བས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པའི་ཡོན་ནོ་ཞེས་བརྗོད་དོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་ཉན་པ་པོའི་སྐྱེ་བོ་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པར་སྟོན་པའི་སྒོ་ནས་སེམས་བསྐྱེད་པ་བསྟན་པའི་ཕྱིར། འགྲོ་དོན་མངོན་ཞུགས་ཞེས་བྱ་བ་གསུངས་ཏེ། འགྲོ་བའི་དོན་ནི་ཅི་རིགས་པར་བྱང་ཆུབ་གསུམ་ཐོབ་པ་ཡིན་ནོ། །དེའི་ཕྱིར་མངོན་པར་ཞུགས་པ་སྟེ། སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་ལ་ཞུགས་པ་དག་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་གྱིས་ཤིག །གཞན་དུ་ན་ཆོས་ཀྱི་རྣམ་པ་ཐམས་ཅད་རྟོགས་པ་མེད་པར་གཞན་གྱི་དོན་བྱ་


DTG087_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འཐད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ཏེ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གང་རྒྱས་པར་གསུངས་པ་ཡིན་ནོ། །རང་གི་དོན་ལ་བརྩོན་པ་རྣམས་ལ་ཡང་བཅོམ་ལྡན་འདས་མ་འདི་འདོད་པའི་འབྲས་བུ་འབྱུང་བའི་རྒྱུ་མཚན་དུ་འགྱུར་བ་མ་ཡིན་ནམ། འདི་ལྟར་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ན་དེ་ཇི་ལྟར་འགྲོ་དོན་མངོན་ཞུགས་ཞེས་བྱ་ཞེ་ན། དེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཞེས་བྱ་བ་གསུངས་ཏེ། འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་འབྲས་བུ་ནི་གཙོར་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ལ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་ཡིན་ཏེ་གཞན་དག་ལ་ནི་དེའི་འབྲས་བུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐབས་མེད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་ཡིན། ཇི་ཞིག་ནི་ཁྱད་པར་དུ་འཕགས་སྙམ་པ་ལ། གང་ལ་དཔའ་རྣམས་སྤྱོད་ཅེས་བྱ་བ་གསུངས་ཏེ། གང་ལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །སྤྱོད་པ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་གོམས་པའི་ཁྱད་པར་གྱིས་འཇུག་པའོ། །དཔའ་རྣམས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། བདུད་ལ་སོགས་པས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །འདི་སྐད་དུ་གང་ལ་བདེ་བར་གཤེགས་པའི་སྲས་རྣམས་འཇུག་པ་དེ་ནི་དེ་དག་གི་ཐུན་མོང་མ་ཡིན་པའི་ལམ་ཡིན་ལ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཡིན་ཏེ། དེ་ཉིད་ཀྱི་ནང་དུ་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་།དུས་པའི་ཕྱིར་ཏེ་དེ་བཞིན་དུ་འཆད་པར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པ་དེ་ནི་དེ་དག་གི་ཐུན་མོང་མ་ཡིན་པ་ཉིད་དུ་སྦྱར་བར་རིག་པར་བྱ་སྟེ། དེ་ཡང་འགྲོ་བ་མཐའ་དག་བདག་མེད་པའི་རྣམ་པའི་སྤྱོད་ཡུལ་ཅན་ཡིན་ནོ། །མི་རྟག་པ་ལ་སོགས་པའི་རྣམ་


DTG087_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་གྱི་སྤྱོད་ཡུལ་ནི་མ་ཡིན་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པའི་ངོ་བོ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ལམ་འདི་ཉིད་བྱང་ཆུབ་མཐའ་དག་ཡོངས་སུ་གཅོད་པའི་རྒྱུ་ཡིན་པ་ཉིད་ཀྱིས་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་གནས་སྐབས་སུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་རྗེ་ཆེན་པོ་ལ་སོགས་པའི་ཐབས་དང་བྲལ་བ་ཡིན་པར་བལྟ་བར་བྱ་སྟེ། ཉན་ཐོས་ལ་སོགས་པའི་སའི་རྒྱུ་ནི་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཁོ་ན་ཡིན་པའི་ཕྱིར་རོ། །གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །ཞེས་བྱ་བ་ཁྱད་པར་མེད་པར་གསུངས་པ་དེ་ནི་འདིར་ཆོས་ཐམས་ཅད་བདག་མེད་པ་ཡིད་ཆེས་པ་ཙམ་ལ་ལྟོས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་ཐབས་དམ་པས་ཟིན་པའི་ཕྱིར་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་ལས་ཐ་དད་པ་ཡིན་ནོ་ཞེས་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་ན་དེ་ཇི་ལྟར་བཙུན་པ་རབ་འབྱོར་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལ་འདོམས་པར་ཞུགས་གདམས་ངག་གི་དེ་ཁོ་ན་ཉིད་མ་མཐོང་བ་ནི་ཕལ་ཆེར་གདམས་ངག་ཁ་ན་མ་ཐོ་བ་མེད་པ་བྱེད་པར་བཟོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྫོགས་པའི་སངས་རྒྱས་དང་ཉན་ཐོས་དག་གཞན་གྱི་དོན་བྱ་བ་ལ་ཁྱད་པར་མེད་པར་འགྱུར་བའི་ཕྱིར་རོ་ཞེ་ན། དེ་སྤང་བའི་ཕྱིར་འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྙེད་ཅེས་བྱ་བ་ནི་ཇི་སྙེད་ཡོད་པའོ། །ཆུ་ཀླུང་ནི་གང་གཱ་དང་པ་ཀྵུ་དང་སིན་དྷུ་དང་སི་ཏཱ་ཞེས་བྱ་བ་བཞི་སྟེ། དེ་དག་ཉིད་མ་དྲོས་པ་ལས་འབྱུང་བའི་ཕྱིར་རོ། །འབབ་པ་ཞེས་བྱ་བ་ནི་རྒྱུན་གྱིས་འབབ་པའོ། །ཅི་ཞིག་བྱེད་ཅེ་ན། མེ་ཏོག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མེ་ཏོག་དང་འབྲས་བུ་མང་བའི་སྨན་དག་དང་ནགས་ཚལ་གང་དག་ཡིན་པ་དེ་དེ་རྣམས་སྐྱེད་བྱེད་ཅེས་བྱ་བ་ནི་སྐྱེད་པར་བྱེད་ཅིང་སྒྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཅི་ཞིག་ལ་བརྟེན་ཅེ་


DTG087_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཀླུ་དབང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་གང་གི་ཕྱིར་ཀླུ་དབང་ཀླུ་རྣམས་ཀྱི་བདག་པོ་མ་དྲོས་པ་ཞེས་བྱ་བ་གང་ཡིན་པ་དེ་ལ་བརྟེན་ནས་ཆུ་བོ་དེ་དག་འབབ་པ་དེའི་ཕྱིར་དེ་ནི་ཀླུའི་བདག་པོ་དེ་ཁོ་ནའི་མཐུ་དཔལ་ཏེ་མཐུ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དེ་དང་འདྲ་བར། རྒྱལ་བའི་ཉན་ཐོ་པ་དག་ཇི་སྙེད་ཆོས་སྟོན་དང༌། །ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བའི་ཉན་ཐོས་པ་དག་ཅེས་བྱ་བ་ནི་རབ་འབྱོར་ལ་སོགས་པའོ། །ཆོས་ནི་རང་གིས་རྟོགས་པའི་རྒྱུ་མཐུན་པ་བསྟན་པའི་མཚན་ཉིད་དག་གོ །སྟོན་ཞེས་བྱ་བ་ནི་བསྟན་པའི་སྒོ་ནས་སོ། །འཆད་ཅེས་བྱ་བ་ནི་བཤད་པའི་སྒོ་ནས་སོ། །བརྗོད་པ་ཞེས་བྱ་བ་ནི་དེ་གཏན་ལ་འབེབས་པའི་སྒོ་ནས་སོ། །རིགས་པ་དག་དང་ཞེས་གང་གསུངས་པ་ནི་ལྟོས་པ་དང་བྱ་བ་བྱེད་པ་དང་ཆོས་ཉིད་དང་འཐད་པའི་མཚན་ཉིད་བཞི་དག་དང་ལྡན་པར་བྱ་བ་ཡིན་ནོ། །དེ་བསྟན་པའི་འབྲས་བུ་བསྟན་པའི་ཕྱིར་མཆོག་འཕགས་བདེན་བ་བྱེད་དང་ཞེས་བྱ་བ་གསུངས་ཏེ། མཆོག་ནི་ཕུང་པོ་དང་བཅས་པའི་མྱ་ངན་ལས་འདས་པ་བས་མཆོག་ཡིན་པའི་ཕྱིར་རོ། །འཕགས་པ་ནི་འཚེ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །བདེ་བ་བྱེད་པ་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་བདག་ཉིད་ཀྱི་བདེ་བ་ཕུན་སུམ་ཚོགས་པའོ། །དེའི་འབྲས་བུ་ཐོབ་པ་ཞེས་བྱ་བ་ནི་བསྟན་པ་དེའི་འབྲས་བུ་རྒྱུན་ཏུ་ཞུགས་པ་ལ་སོགས་པའོ། །ཇི་སྙེད་འབྲས་བུ་གྲུབ་པ་ཡང་ཞེས་རྣམ་པར་དབྱེ་བས་བསྒྱུར་ནས་སྦྱར་བར་བྱ་སྟེ། དེ་བཤད་པ་དང་དེའི་འབྲས་བུ་ནི་བཅོམ་ལྡན་འདས་ཁོ་ནའི་མཐུ་ཡིན་གྱི་ཉན་ཐོས་ལ་སོགས་པའི་ནི་མ་ཡིན་ཏེ་དེའི་རང་དབང་མེད་པའི་ཕྱིར་རོ། །དེ་དག་ཀུན་ཀྱང་ཞེས་བྱ་བ་ལ་སོགས་པའི་དོན་ནི་གོ་བར་ཟད་དོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་ན་དེ་བཤད་པའི་འབྲས་བུ་རང་གི་རྟོགས་པས་རབ་ཏུ་ཕྱེ་བ་ཡང་དེ་དག་ལ་རང་དབང་མེད་སྙམ་དུ་བསམས་པ་ཡིན་ཏེ། དེ་ཡོངས་སུ་སྤང་བའི་ཕྱིར། རྒྱལ་བས་ཆོས་ཚུལ་གང་བསྟན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དོན་ནི་གང་གི་ཕྱིར་རྒྱལ་བས་ཆོས་ཀྱི་ཚུལ་གང་ཟག་ལ་སོགས་པས་སྟོང་པའི་མཚན་ཉིད་བཤད་པ་གང་དག་ཡིན་པ་དེ་དག་ལ་བཅོམ་ལྡན་འདས་ཀྱི་སློབ་


DTG087_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱུར་པ་རབ་འབྱོར་ལ་སོགས་པས་ཐོས་པ་ལ་སོགས་པའི་རིམ་གྱིས་བསླབས་ཏེ། དེ་དག་མངོན་སུམ་དུ་བྱས་ནས་ཇི་ལྟར་རྟོགས་པ་བཞིན་གདུལ་བྱ་རྣམས་ལ་རབ་ཏུ་སྟོན་པར་བྱེད་པ་དེའི་ཕྱིར་འདི་བཅོམ་ལྡན་འདས་ཀྱི་མཐུ་ཡིན་གྱི་དེ་དག་གི་བདག་ཉིད་ཀྱི་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ལུང་མེད་པར་རང་གི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་ཡང་མི་སྲིད་པའི་ཕྱིར་རོ། །བཅོམ་ལྡན་འདས་རྣམས་ནི་དེ་ལྟ་མ་ཡིན་ཏེ། གཞན་གྱི་ལུང་མེད་པ་ཉིད་དུ་སྲིད་པ་ཐ་མའི་གནས་སྐབས་ན་རྣམ་པ་ཐམས་ཅད་དང་ལྡན་པའི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལམ་གང་ཡིན་པ་དེ་ལ་ནི་ཉན་ཐོས་རྣམས་ཀྱིས་རང་དབང་ཐག་རིང་དུ་སྤངས་པ་ཁོ་ན་ཡིན་ཏེ། དེའི་རང་གི་ངོ་བོ་རྟོགས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །འདི་ལྟར་ཉན་ཐོས་དེ་ཁོ་ན་ཉིད་མ་རྟོགས་པ་རྣམས་ཀྱང་རྒྱལ་བའི་སྲས་ཀྱི་ཚུལ་འབྲས་བུ་དང་བཅས་པ་རབ་ཏུ་སྟོན་པར་བྱེད་པས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་བྱིན་གྱི་རླབས་ཀྱི་ཐུགས་ཀྱི་མངའ་བ་འདི་ནི་མཆོག་ཡིན་པར་གསལ་བ་ཁོ་ནར་ཁོང་དུ་ཆུད་པར་བྱ་སྟེ་དེ་ལྟ་བུ་ནི་སྨོན་པ་དང་འཇུག་པའི་བདག་ཉིད་ཀྱི་སེམས་བསྐྱེད་པ་ཡིན་ནོ། །འདི་ནི་བད་བར་གཤེགས་པའི་ཡོན་ཏན་མཐའ་དག་འདྲེན་པར་བྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་བསྟན་ནས་འདི་ཉིད་དུ་མངོན་པར་འདོད་པའི་འབྲས་བུ་འཐོབ་པའི་གཙོ་བོའི་བྱ་ཐབས་ཉི་བར་སྟོན་པའི་རང་བཞིན་མཐོང་བ་དང་བསྒོམ་པའི་ལམ་ལ་གདམས་པ་བསྟན་པའི་ཕྱིར། གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མཆོག་མི་དམིགས་ཤིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ལ་ཞེས་བྱ་བ་རྣམ་པར་བསྒྱུར་ཏེ་སྦྱར་རོ། །ཤེས་རབ་ནི་འགྲོ་བ་ཐམས་ཅད་བདག་མེད་པར་རྟོགས་པའི་མཚན་ཉིད་དོ། །དེ་ཉིད་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་བས་མཆོག་ཏུ་གྱུར་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཆོག་ཡིན་ནོ། །དེ་དམིགས་པ་ནི་གང་ཟག་ལ་སོགས་པ་དང་འབྲེལ་པ་ཉིད་དུའམ་འཛིན་པ་ལ་སོགས་པའི་རྣམ་པ་ཉིད་དུ་མངོན་པར་ཞེན་


DTG087_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་དེ་མེད་པ་ཞེས་བྱ་བར་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཡང་གང་ཟག་ལ་སོགས་པའི་རྫས་དང་ཕུང་པོ་ལ་སོགས་པར་བཏགས་པའི་བདག་ཉིད་དུ་ཡང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་གང་ལ་མཐོང་བ་དང་བསྒོམ་པའི་ལམ་གྱི་གནས་སྐབས་དག་ན་དེ་ལ་སྐྲག་བ་མེད་པའི་བདག་ཉིད་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པ་ཡོད་པ་དེ་ལ་གདམས་ངག་དང་རྗེས་སུ་བསྟན་པ་ཡིན་ཏེ། དེ་ཁོ་ན་ཉིད་རྟོགས་པ་དང་ཆུད་མི་ཟ་བར་བྱ་བའི་དོན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །འདི་སྐད་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ལ་སོགས་པ་ལ་ཞུགས་ཀྱང་སེམས་ཅན་ལ་སོགས་པར་ལྟ་བ་མ་བསལ་ན་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱ་མི་ནུས་ཏེ། དེ་ནི་ཉོན་མོངས་པ་དང་ཞེས་བྱའི་སྒྲིབ་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལ་སེམས་ཅན་ལ་སོགས་པར་ལྟ་བ་ཡང་ཉོན་མོངས་པ་མཐའ་དག་གི་གནས་ཀྱི་ངོ་བོས་དེའི་མི་མཐུན་པའི་ཕྱོགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་རེ་ཞིག་སེམས་ཅན་དུ་ལྟ་བ་བདག་གིས་འདི་བསྒྲུབ་པར་བྱའོ་སྙམ་པ་བདག་དང་གཞན་དུ་ཤེས་པའི་བདག་ཉིད་དགེ་བ་དང་ཅིག་ཤོས་སུ་ཐ་སྙད་གདགས་པའི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ཡང་གཉེན་པོའི་སྒོ་ནས་བསལ་བར་བྱའོ། །དེ་མ་གསལ་ན་མི་སྡུག་པ་ལ་སོགས་པར་མོས་པ་ཡིད་ལ་བྱེད་པ་ཙམ་གྱིས་ནི་དེ་ལ་རག་ལས་ཏེ་འབྱུང་བའི་ཉོན་མོངས་པའི་རིགས་གཏན་ནས་བསལ་བར་མི་ནུས་པའི་ཕྱིར་རོ་ཞེས་བརྗོད་པར་འགྱུར་རོ། །གཞན་ཡང༌། ཏིང་འཛིན་འཇིག་རྟེན་ན་ནི་སྒོམ་མོད་ཀྱི། །དེ་ཡིས་བདག་གི་འཇིག་རྟེན་མི་འཇིག་ན། །དེ་ལ་ཉོན་མོངས་ཡང་རབ་འཁྲུགས་འགྱུར་ཏེ། །ལྷག་སྤྱོད་འདིར་ནི་ཏིང་འཛིན་བསྒོམ་པ་བཞིན། །ཞེས་གང་གསུངས་པ་ལྟ་བུ་ཡིན་ནོ། །བདག་ཏུ་ལྟ་བའི་གཉེན་པོ་ནི་བདག་མེད་པའི་ལྟ་བ་ཡིན་ཏེ། དེ་ནི་བདག་མེད་པ་ལ་སོགས་པའི་སྤྱོད་ཡུལ་ཅན་ཡིན་པ་ཉིད་ཀྱི་དེ་དང་འགལ་བའི་ཕྱིར་རོ། །གལ་ཏེ་འདི་གཉིས་ཕན་ཚུན་དམིགས་པ་འགལ་བའི་ཕྱིར་འགལ་བར་འདྲ་བ་མ་ཡིན་ནམ། འདི་ལ་ལྷག་པ་ཅི་ཞིག་ཡོད་ན་དེས་བདག་མེད་པར་ལྟ་བ་ཁོ་ན་སེམས་ཅན་དུ་ལྟ་བའི་གཉེན་པོར་བཞག་


DTG087_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་ནི་དེའི་གཉེན་པོ་མ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། སེམས་ཅན་ལ་སོགས་པར་ལྟ་བ་ནི་དམིགས་པ་མེད་པའི་ཕྱིར་རོ། །འདི་ལྟར་འདིའི་ཡུལ་གང་ཟག་ལ་སོགས་པའི་རྫས་ཕུང་པོ་ལ་སོགས་པ་ལས་མ་གཏོགས་པ་གཞན་གྱིས་ཀུན་བརྟགས་པ་ལྟ་བུ་ཞིག་ཡིན་ནམ། ཕུང་པོ་ལ་སོགས་པ་ཞིག་ཡིན་པར་འགྱུར་གྲང༌། གང་ཟག་གི་རྫས་ལ་དམིགས་པ་ཉིད་གཅིག་ཡིན་ན་ཡང་སེམས་ཅན་དུ་ལྟ་བ་མངོན་སུམ་གྱི་མཚན་ཉིད་དམ་རྗེས་སུ་དཔག་པའི་བདག་ཉིད་གཅིག་ཡིན་པར་འགྱུར་གྲང་ན། དེ་ལ་རེ་ཞིག་འདི་མངོན་སུམ་ནི་མ་ཡིན་ཏེ། སྔོན་པོ་ལ་སོགས་པར་སྣང་བ་བཞིན་དུ་མིག་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི་ཕྱིར་དང་ཡོངས་སུ་མི་གསལ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དབང་པོའི་བྱེད་པ་ལ་མི་ལྟོས་པར་སྐྱེ་བའི་ཤེས་པ་མི་གསལ་བར་སྣང་བ་ཅན་ནི་མངོན་སུམ་མ་ཡིན་པར་འོས་པ་མ་ཡིན་ཏེ་དེ་ལྟ་མ་ཡིན་ན་ཤེས་པ་ཐམས་ཅད་མངོན་སུམ་ཉིད་དུ་ཐལ་བར་འགྱུར་རོ། །འདི་ནི་སྔོན་པོ་མཐོང་བ་ན་སྔོན་པོར་རྟོགས་པའི་བློ་བཞིན་དུ་བདག་གཞན་མཐོང་བའི་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་བདག་ཉིད་ཀྱི་མངོན་སུམ་ཡང་མ་ཡིན་ཏེ། ལུས་ལ་སོགས་པ་ཀུན་དུ་རིག་པ་ལས་མ་གཏོགས་པར་བདག་གི་རྣམ་པར་མི་རྟོག་པའི་ཕྱིར་རོ། །གལ་ཏེ་འདི་ནི་བདག་གི་ལུས་ལ་སོགས་པ་ཡིན་ནོ་ཞེས་ཐ་དད་པར་ཤེས་པའི་ཕྱིར་ཐ་དད་པར་རབ་ཏུ་གྲུབ་པ་ཡོད་དོ་ཞེ་ན། མ་ཡིན་ཏེ་ཤེས་པ་ཙམ་འཇུག་པ་ལ་མངོན་སུམ་གྱི་ཐ་སྙད་མི་སྲིད་པའི་ཕྱིར་ཏེ། དེ་ལས་གཞན་པ་ལས་ཐ་དད་པ་སྔོན་པོ་ལ་སོགས་པ་རྣམ་པ་ཡོངས་སུ་གསལ་བར་མཐོང་བ་ལ་འདི་ནི་སེར་པོ་ལ་སོགས་པ་ལ་ཐ་དད་པའི་ཡོན་ཏན་ཡིན་ནོ་ཞེས་བྱ་བར་ཤེས་པ་ནི་མངོན་སུམ་གྱི་ཐ་སྙད་ཀྱི་ཡུལ་ཅན་ཡིན་པར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། ཤེས་པ་ཙམ་མངོན་སུམ་ཉིད་ཡིན་ན་ནི་རྟོག་པ་ཐམས་ཅད་མངོན་སུམ་གྱི་ཐ་སྙད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་འཁྲུལ་པའམ་མ་འཁྲུལ་བ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །དེ་ལྟ་བས་ན་ལུས་ལ་སོགས་པ་ཀུན་ཏུ་རིག་པ་ལས་བདག་ཐ་དད་པར་མ་གྲུབ་ན་ཐ་དད་པའི་བློ་འཁྲུལ་པ་ཡིན་ནོ། །འདིས་ནི་བདག་གིས་མཐོང་ངོ་ལྟའོ་བལྟ་བར་བྱའོ་སྙམ་དུ་ཤེས་པའི་


DTG087_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུས་གསུམ་གྱི་རྗེས་སུ་འགྲོ་བ་སྒྲུབ་པར་བྱེད་པ་ཡིན་པ་ཡང་བསལ་བ་ཡིན་ཏེ། དུས་ལ་སོགས་པས་སོ་སོར་ངེས་པར་ཁྱད་པར་དུ་བྱས་པའི་བདེ་བ་ལ་སོགས་པའི་གནས་སྐབས་ལས་མ་གཏོགས་པར་རྗེས་སུ་འགྲོ་བའི་བདག་ཉིད་གཅིག་པོ་མི་སྣང་བའི་ཕྱིར་དང༌། སྣང་བ་རྣམས་ཀྱང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ཤེས་པ་ཡོད་པ་ཙམ་ལ་བདག་ཏུ་ཤེས་པ་ཡང་མངོན་སུམ་གྱི་ཚད་མ་མ་ཡིན་ནོ། །རྟགས་མེད་པའི་ཕྱིར་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། དོན་ལྐོག་ཏུ་གྱུར་པ་ལ་རྟགས་ཀྱིས་སྐྱེད་པའི་ཤེས་པ་ནི་རྗེས་སུ་དཔག་པ་ཡིན་ན་བསྒྲུབ་པར་བྱ་བའི་བདག་ལ་ནི་རྟགས་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་དྲན་པ་ལ་སོགས་པ་རྟགས་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་དག་བདག་མངོན་སུམ་དུ་མ་གྱུར་པ་དང་འབྲེལ་བ་མི་རྟག་པའི་ཕྱིར་དད་ཚད་མས་གནོད་པའི་ཡང་ཕྱིར་རོ། །དྲན་པ་ལ་སོགས་པ་དང་གིས་འཇིག་པའི་ངོ་བོ་ཉིད་དུ་གྱུར་པའི་རང་བཞིན་རྣམས་ནི་ངང་གིས་མི་འཇིག་པའི་ངོ་བོ་ཉིད་དུ་ཀུན་བརྟགས་པའི་བདག་དང་དེའི་བདག་ཉིད་དུ་མི་རུང་བའི་ཕྱིར་རོ། །ཕན་ཚུན་འགལ་བའི་བདག་ཉིད་རྣམས་ཀྱང་གཅིག་པ་ཉིད་ཡིན་ན་ནི་ཐ་དད་པ་ཅུང་ཟད་ཀྱང་མེད་པས་འགྲོ་བ་མཐའ་དག་ཐ་དད་པ་དང་ཐ་དད་མ་ཡིན་པའི་ཐ་སྙད་མེད་པར་ཐལ་བར་འགྱུར་རོ། །དྲན་པ་ལ་སོགས་པ་བདག་གི་འབྲས་བུ་ཡང་མ་ཡིན་ཏེ། རིམ་གྱིས་སྐྱེ་བ་དང་ལྡན་པའི་ཕྱིར་རོ། །རྒྱུ་བདག་རྟག་པ་གཅིག་པའི་ངོ་བོ་ཡིན་པས་རིམ་པ་དང་མི་ལྡན་པ་ལ་ནི་དེ་ཙམ་ལ་རག་ལས་ཏེ་འབྱུང་བའི་འབྲས་བུ་རིམ་ཅན་དུ་རིགས་པ་མ་ཡིན་ནོ། །གལ་ཏེ་ནང་གི་བདག་ལྷན་ཅིག་བྱེད་པར་རིམ་པ་དང་ལྡན་པ་ཉེ་བ་ལ་ལྟོས་ནས་རང་གི་འབྲས་བུ་སྐྱེད་པ་ལ་རིམ་པ་ཁོ་ནས་བྱེད་པའི་ཕྱིར་འབྲས་བུ་རིམ་ཅན་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྟག་པ་ཉིད་ཀྱིས་ཕན་པ་བྱར་མེད་པ་ནི་དེ་ལས་གཞན་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །ཕན་པར་བྱ་བ་ཉིད་ཡིད་ན་ཡང་ཕན་པ་ནི་དེ་དང་ཐ་མི་དད་པའི་ངོ་བོ་ཡིན་པའི་ཕྱིར་དེ་བྱས་ན་བདག་བྱས་པར་ཐལ་བར་འགྱུར་ཏེ། དེ་ལྷན་ཡང་བདག་རྟག་པ་ཉིད་མ་ཡིན་ནོ། །ཕན་པ་བདག་དང་ཐ་དད་པ་ཉིད་གཅིག་ཡིན་ན་ནི་དྲན་པ་ལ་སོགས་པ་བཞིན་དུ་འབྲེལ་པ་མི་འཐད་ལ་ཐུག་པ་མེད་པར་ཡང་ཐལ་བར་འགྱུར་རོ། །


DTG087_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བས་ན་བདག་ཕན་པ་ཞེས་བྱ་བ་འབྲེལ་པ་མེད་པ་དངོས་པོ་གཞན་ལ་ཕན་འདོགས་པའི་ལྷན་ཅིག་བྱེད་པ་ཉེ་བ་ལ་མ་ལྟོས་པ་ནི་རིམ་གྱིས་བྱེད་པ་དང་བྲལ་བའི་ཕྱིར་དེ་ཙམ་ལ་རག་ལས་པའི་དྲན་པ་ལ་སོགས་པ་ཅིག་ཅར་འབྱུང་བར་འགྱུར་རོ། །དེ་ལྟ་ན་ནི་སྐད་ཅིག་མ་གཉིས་པ་ལ་སོགས་པ་འདོད་ཆགས་ལ་སོགས་པ་ཉེས་པའི་རྒྱུན་མེད་པས་འགྲོ་བ་མ་ལུས་པ་འབད་མི་དགོས་པར་མྱ་ངན་ལས་འདས་པའི་ཕུན་སུམ་ཚོགས་པ་ཡང་དག་པར་ཐོབ་པར་འགྱུར་ཏེ། འདོད་ཆགས་ལ་སོགས་པ་ཡང་བདག་གིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་གཏན་པ་མ་ཡིན་པ་དེ་དག་ཀྱང་ཅིག་ཅར་ཁོ་ནར་འབྱུང་བའི་ཕྱིར་རོ། །དེ་ལྟ་ན་ཡང་བདག་མི་རྟག་པ་ཉིད་ཡིན་ཏེ། སྔོན་དྲན་པ་ལ་སོགས་པ་སྐྱེད་པར་བྱེད་པའི་དེ་འབྱེད་པ་སྐད་ཅིག་མ་ཕྱིན་ཆད་དེ་མི་བྱེད་པའི་ཕྱིར་རོ། །དེའི་ཚེ་ནི་དངོས་པོ་ཡང་མ་ཡིན་པ་ཉིད་དེ་དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་རོ། །ཟླ་བ་གཉིས་ལ་སོགས་པར་སྣང་བ་ཕྱི་རོལ་གྱི་གཟུགས་ཉིད་དུ་དོན་བྱེད་པ་དང་བྲལ་བ་དག་དངོས་པོ་ཉིད་དུ་ཡང་མ་གྲུབ་པའི་ཕྱིར་རོ། །འདིས་ནི་ཕུང་པོ་ལ་སོགས་པ་ཡང་རྟག་པའི་ཕྱོགས་ཉམས་པའི་ཕྱིར་རོ། །བདག་ཏུ་ལྟ་བའི་དམིགས་པ་ཉིད་ཡིན་པ་བཀག་པར་ཁོང་དུ་ཆུད་པར་བྱ་སྟེ། འོག་ནས་དེ་དག་གཅིག་པ་ཉིད་ལ་སོགས་པའི་མཚན་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེས་ཀྱང་བཤད་པར་བྱའོ། །ད་ནི་བདག་ལ་སོགས་པ་མེད་ན་ཇི་ལྟར་ཐམས་ཅད་ལ་འདི་ནི་བདག་གོ །འདི་ནི་བདག་གིའོ་ཞེས་བྱ་བའི་ཐ་སྙད་འཇུག །རྣལ་འབྱོར་པ་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པ་རྣམས་ཀྱིས་བདག་གི་ཟག་པ་ཟད་དོ་ཞེས་བྱ་བ་ལ་སོགས་པའི་བློ་ཡང་ཇི་ལྟར་རབ་ཏུ་འགྲུབ་ཅེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བདག་ལ་སོགས་པ་དང་ཅེས་ཅན་དུ་ལྟ་བ་ལ་སོགས་པར་འབྲེལ་བ་མེད་པའི་ཕྱིར་རོ། །གང་ཞིག་གང་དང་འབྲེལ་པ་རབ་ཏུ་གྲུབ་པ་དེ་ཁོ་ན་དེ་བསལ་ན་འབྱུང་བར་མི་འགྱུར་བ་ཡིན་ན་བདག་ཏུ་ལྟ་བ་ལ་སོགས་པ་ནི་བདག་དང་འབྲེལ་པར་ཡང་མ་གྲུབ་པོ་ཞེས་ཕ་ལ་ཆེར་བསྟན་ཟིན་ཏོ། །དེ་སྐྱེ་བ་ལ་ཕུང་པོ་ལ་སོགས་པར་སྣང་བ་མ་བརྟགས་གཅིག་པུ་ན་དགའ་བ་ནི་ཇི་ལྟར་མཐོང་བ་བཞིན་རྒྱུ་ཡིན་པ་ཉིད་དོ། །དེ་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་


DTG087_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་ལས་དགེ་སློང་དག་གང་དུ་དག་བདག་གོ་ཞེའམ་བདག་གོའོ་ཞེས་བྱང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་སོ། །གལ་ཏེ་ཕུང་པོ་ལ་སོགས་པ་བདག་ལ་སོགས་པའི་ངོ་བོ་མ་ཡིན་ན་དེ་ཇི་ལྟར་བདག་ལ་སོགས་པའི་བློའི་ཡུལ་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་དེའི་བློའི་ཡུལ་མེད་པས་འཁྲུལ་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། ཡུལ་ཡོད་པ་ཉིད་གཅིག་ཡིན་ན་ཤེས་པ་ཐམས་ཅད་ལ་འཁྲུལ་པ་དང་ཅིག་ཤོས་ཀྱི་ཐ་སྙད་མི་འཐད་དོ། །གལ་ཏེ་འདི་འཁྲུལ་པ་ཡིན་ན་ཇི་ལྟར་དེ་ཁོ་ན་ཉིད་མཐོང་བ་དག་འཇུག་ཅེ་ན། མ་ཡིན་ཏེ། དེ་དག་ནི་དེའི་མཚན་ཉིད་ལ་ཀུན་ཏུ་རྨོངས་པ་མེད་པའི་ཕྱིར་རོ། །ངོ་བོ་གཞན་ཡོངས་སུ་འཛིན་པར་ལྷག་པར་ཞེན་པ་ལ་ལྟོས་ནས། འཁྲུལ་པར་མངོན་པར་འདོད་པའི་ཤེས་པ་དག་འཁྲུལ་པར་རྣམ་པར་གཞག་གི་རང་གི་ངོ་བོ་ལ་ལྟོས་ནས་ནི་མ་ཡིན་ཏེ། རང་གི་ངོ་བོ་ཇི་ལྟ་བ་བཞིན་ཉམས་སུ་མྱོང་བའི་བདག་ཉིད་ཀྱིས་རང་ལ་སྒྲོ་འདོགས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རྣལ་འབྱོར་པ་སེམས་ཀྱི་འཇུག་པ་མཐའ་དག་རང་གི་རྣམ་པ་ཙམ་ཡོངས་སུ་འཛིན་པ་དང་ལྡན་པར་ལྟ་བ་རྣམས་ཀྱང་རྣམ་པར་རྟོག་པ་འབྱུང་བའི་ཚེ་རྒྱུ་འགའ་ཞིག་གིས་བདག་དང་བདག་གི་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་འཇུག་པ་ལ་ཉེས་པ་མེད་པ་ཁོ་ནའོ། །གལ་ཏེ་བདག་ལ་སོགས་པ་འདི་ཐམས་ཅད་ཡང་དག་པར་མེད་མོད་ཀྱི་འོན་ཀྱང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱེད་པ་དང་ལྡན་པས་བྱང་ཆུབ་མངོན་སུམ་དུ་བྱ་དགོས་སོ། །དེ་མི་དམིགས་པ་ན་ནི་དེ་གོམས་པ་ཡང་མི་སྲིད་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བལྟ་བར་བྱ་དགོས་པ་ཁོ་ནའོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་ཟག་ལ་སོགས་པའི་བདག་ཉིད་དུ་མེད་ན་དེ་དང་འབྲེལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མེད་པའི་ཕྱིར་དང་གཟུང་བ་ལ་སོགས་པའི་རྣམ་པའི་མཚན་ཉིད་དང་མི་ལྡན་པའི་ཡང་ཕྱིར་རོ། །དེ་གོམས་པ་ནི་དེའི་མཚན་ཉིད་ལ་ཀུན་དུ་རྨོངས་པ་མེད་པ་དང་ལྡན་པ་རྣམས་ལ་ཀུན་རྫོབ་ཏུ་འགའ་བ་མེད་པ་ཁོ་ནའོ་ཞེས་ཕལ་ཆེར་བསྟན་ཟིན་


DTG087_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་ལྟ་བས་ན་གཉེན་པོ་དེ་ལྟ་བུ་གོམས་པའི་སྒོ་ནས་མཐོང་བའི་ལམ་ཉོན་མོངས་པའི་བག་ཆགས་ཐམས་ཅད་དང་འགལ་བ་འཛིན་པ་ལ་སོགས་པར་རྟོག་པས་དབེན་པར་མཚན་ཉིད་གཅིག་པ་ཡང་དག་པར་སྐྱེས་ན་གང་ཟག་ལ་སོགས་པར་རྟོག་པའི་རྒྱུན་སྤོང་བར་འགྱུར་རོ་ཞེས་བསྟན་ནས། བྱང་ཆུབ་སེམས་དཔའ་ཡང་དག་པའི་གདམས་ངག་ལ་གནས་པ་ལ་ཐོས་པ་ལ་སོགས་པའི་རིམ་གྱིས་མངོན་པར་འཕེལ་བའི་ཐར་བའི་ཆད་དང་མཐུན་པ་དག་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་ངེས་པར་འབྱེད་པའི་ཆད་དང་མཐུན་པར་དྲོ་བར་གྱུར་པ་སྐྱེའོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་མི་དམིགས་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ལ་བྱང་ཆུབ་ཀྱི་སེམས་སྨོན་པ་དང་འཇུག་པའི་བདག་ཉིད་མི་རྟག་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་དམིགས་ཤིང་མངོན་པར་ཞེན་པ་མེད་པ་ཞེས་བྱ་བར་སྦྱར་རོ། །འདི་ནི་མཚོན་པར་ཟད་ཀྱི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་གྱི་གནས་སྐབས་ན་དངོས་པོ་ཐམས་ཅད་བརྗོད་པའི་རྗེས་སུ་འཇུག་པར་རྟོག་པས་གཟུགས་ལ་སོགས་པའི་ཕུང་པོའི་རྣམ་པ་ཐམས་ཅད་ལ་ཡང་མངོན་པར་ཞེན་པ་མེད་པའི་ཕྱིར་ཏེ། འདི་ནི་དད་པ་ལ་སོགས་པའི་དབང་པོ་ཆུང་ངུས་རབ་ཏུ་ཕྱེ་བའི་ཕྱིར་དྲོ་བར་གྱུར་པ་ཆུང་དུ་ཡིན་པར་བལྟ་བར་བྱའོ། །འབྲིང་ནི། །དེ་སྐད་ཐོས་ནས་རྨོངས་པ་མེད་ཅིང་མི་སྐྲག་པ། །ཞེས་བྱ་བ་ཡིན་ཏེ། རྨོངས་པ་ནི་ཡང་དག་པར་མ་རྟོགས་པའོ། །སྐྲག་པ་ནི་འཇིགས་པར་ལྟ་བ་ཉིད་དོ། །གང་ལ་དེ་གཉིས་མེད་པ་སྟེ། དེ་ཁོ་ན་ཉིད་ཚད་མ་དང་མི་འགལ་ཞིང་འཚེ་བ་མེད་པ་དབང་པོ་འབྲིང་པོའི་མོས་པས་ཡུལ་དུ་བྱས་པའི་ཕྱིར་རོ། །ཆེན་པོ་ནི། བྱང་ཆུབ་སེམས་དཔའ་དེ་ནི་བདེ་གཤེགས་ཤེས་རབ་སྤྱོད། །ཅེས་བྱ་བ་ཡིན་ཏེ། སྤྱོད་ཅེས་བྱ་བ་ནི་སྐྱེ་བ་དང་འགག་པ་ལ་མངོན་པར་ཞེན་པ་སེལ་བའི་སྒོ་ནས་ཡུལ་དུ་བྱེད་པའོ། །བདེ་གཤེགས་ཤེས་རབ་ནི་གང་ཞིག་སྐྱེ་བ་ལ་སོགས་པ་མངོན་པར་ཞེན་པའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་འདིས་ནི་ཉན་ཐོས་ལ་སོགས་པའི་དྲོ་བར་གྱུར་བ་ལས་བྱང་ཆུབ་སེམས་དཔའི་དྲོ་བར་གྱུར་པ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཁྱད་པར་བཞིས་ཁྱད་པར་དུ་


DTG087_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པར་བསྟན་ཏེ། དམིགས་པའི་ཁྱད་པར་གྱིས་ནི་དངོས་པོ་ཐམས་ཅད་མི་རྟག་པ་ལ་སོགས་པའི་རྣམ་པར་དམིགས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་གྱིས་ནི་བརྗོད་པ་ཙམ་དུ་རྟོག་པས་དེ་ལ་མངོན་པར་ཞེན་པ་མེད་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་དང་རྒྱུ་ཉིད་ཀྱི་ཁྱད་པར་དག་ནི་བདེ་བར་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པ་དང་བྱང་ཆུབ་གསུམ་གྱི་རྒྱུ་རྣམ་པར་དག་པའི་ངོ་བའི་མཚན་ཉིད་འོག་ནས་འབྱུང་བ་དག་འདིར་ཡང་བལྟ་བར་བྱའོ། །ཉན་ཐོས་ལ་སོགས་པའི་དྲོ་བར་གྱུར་བ་ནི་ཕལ་ཆེར་ཕུང་པོ་ལ་སོགས་པ་ཙམ་ལ་དམིགས་པ་དང༌། མི་རྟག་པ་ལ་སོགས་པར་མངོན་པར་ཞེན་པའི་རྣམ་པ་ཅན་དང༌། བདེ་བར་གཤེགས་པ་ལ་སོགས་པ་ཡོངས་སུ་འཛིན་པ་དང་བྲལ་བ་དང་བདག་ཉིད་ཀྱི་ཉོན་མོངས་པ་ཙམ་གྱི་གཉེན་པོ་ཡིན་པའི་ཕྱིར། རང་གི་བྱང་ཆུབ་ཙམ་གྱི་འབྲས་བུ་ཅན་ཡིན་ཏེ། དེ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལྷག་མ་རྣམས་ལ་ཡང་ཅི་རིགས་པར་ཁྱད་པར་བཞིས་ཤེས་པར་བྱའོ། །དེ་ལྟར་རེ་ཞིག་གཙོ་པོར་གང་ཟག་ལ་སོགས་པའི་དངོས་པོར་རྟོག་པ་དངོས་སུ་བསལ་ནས་གཟུགས་ལ་སོགས་པའི་དངོས་པོར་རྟོག་པ་བསལ་བའི་སྒོ་ནས་དྲོ་བར་གྱུ་པའི་མཇུག་ཐོགས་སུ་རྩེ་མོར་གྱུར་པ་སྣང་བ་མཆེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དབང་པོ་ཤིན་ཏུ་མཆོག་ཏུ་གྱུར་བའི་གནས་སྐབས་བསྟན་པའི་ཕྱིར་རོ། །གཟུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པས་ཡང་དག་པར་བསྡུས་པ་ཡིན་ནོ། །བསྡུས་པའི་དོན་ནི་བྱང་ཆུབ་སེམས་དཔའ་དེ་ལ་རྟེན་མོའི་གནས་སྐབས་ན་གཟུགས་ལ་སོགས་པར་སྣང་བ་སེམས་ཙམ་གྱི་རྣམ་པ་ཉིད་ཀྱིས་རྡུལ་ཕྲར་བ་ལ་སོགས་པའི་གཟུགས་མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་ཡང་གནས་ཏེ་དམིགས་པའི་ཡུལ་རྡུལ་ཙམ་ཡང་ཡོད་པ་མིན་པའམ་མི་སྣང་སྟེ་དེ་ནི་ཡང་དག་པར་ན་རིགས་པ་དང་ལུང་གི་སྒོ་ནས་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཟུགས་ལ་སོགས་པ་ནི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཏེ། འདི་ལྟར་དེ་དག་ཐོག་མ་དང་དབུས་དང་ཐ་མ་ལ་སོགས་པའི་བྱེ་བྲག་གིས་ཡན་ལག་དུ་མའི་


DTG087_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་དུ་སྣང་བའི་ཕྱིར་དང་དེ་ལས་མ་གཏོགས་པའི་ཡན་ལག་ཅན་ལ་སོགས་པ་གཅིག་པུ་ཡང་མི་དམིགས་པའི་ཕྱིར་ངོ་བོ་ཉིད་གཅིག་པ་ན་ཡིན་ནོ། །འོན་ཏེ་དམིགས་པ་ན་ནི་ཡན་ལག་དུ་མ་ལས་མ་གཏོགས་པའི་གཅིག་པུ་རང་གི་བདག་ཉིད་ཙམ་དུ་གནས་པའི་ཕྱིར་དུ་མ་ཉིད་ཉམས་པ་མེད་དོ། །ཕན་ཚུན་འདྲེས་པ་མེད་པའི་ངོ་བོར་སྣང་བའི་དུ་མ་ནི་གཅིག་ཏུ་འགྱུར་བར་འོས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་གཅིག་འགྱུར་ན་ཡང་ཐམས་ཅད་འགྱུར་བའི་ཕྱིར་རོ། །རྗེས་སུ་དཔག་པའི་སྒོ་ནས་ཀྱང་དེ་གཅིག་པ་ཉིད་དུ་མི་འགྲུབ་སྟེ། སྔོན་པོ་ལ་སོགས་པ་ཕན་ཚུན་ཡན་ལག་ཐ་དད་པའི་བདག་ཉིད་དུ་སྣང་བ་ལ་དེའི་གཅིག་པ་ཉིད་མངོན་དུམ་གྱིས་གཟོད་པའི་ཕྱིར་རོ། །ཡན་ལག་ལས་མ་གཏོགས་པའི་ཡན་ལག་ཅན་ཞིག་རབ་ཏུ་གྲུབ་པར་རྟོག་ན་ནི་དུ་མ་ཉིད་ཉམས་པ་མེད་དོ་ཞེས་བསྟན་ཟིན་ཏོ། །རིའི་གློ་ལ་འཇུག་པའི་མེ་རྗེས་སུ་དཔག་པས་རབ་ཏུ་གྲུབ་པའི་ཕྱིར་རིའི་བདག་ཉིད་མེད་སྣང་བ་ནི་མ་ཡིན་ཏེ། དེ་མ་ཡིན་པའི་རྣམ་པར་སྣང་བའི་ཕྱིར་རོ། །ཡན་ལག་ཅན་མངོན་སུམ་མ་ཡིན་པ་དང་འབྲེལ་བ་རབ་ཏུ་གྲུབ་པའི་རྟགས་ཀྱང་ཅུང་ཟད་ཀྱང་མེད་ལ་རྟགས་དང་རྟགས་ཅན་འབྲེལ་བ་རྟོགས་པ་མེད་པར་ཡང་རྗེས་སུ་དཔག་བ་མི་འཇུག་པའི་ཕྱིར་རིའི་བདག་ཉིད་དུ་སྣང་བ་ནི་མ་ཡིན་ཏེ། དེ་མ་ཡིན་པའི་རྣམས་པར་སྣང་བ་དག་ལ་ཡང་འཇུག་པའི་ཕྱིར་འཁྲུལ་བ་ཡིན་ནོ། །དེ་སྐྱེ་བའི་རྒྱུ་མཚན་ཡང་སྔོན་པོ་ལ་སོགས་པ་དེ་དག་ཉིད་ཡིན་ཏེ། དེ་མཐོང་བ་ཉིད་ལ་ཐ་དད་པ་མ་ཡིན་པའི་བློ་སྐྱེ་བའི་ཕྱིར་དང་དེ་ལས་གཞན་པའི་གཅིག་པུའི་ངོ་བོ་ཡང་མཐོང་བའི་ཕྱིར་རོ། །གལ་ཏེ་འོན་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་བསགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྡུལ་ཕྲ་རབ་ཆ་ཤས་མེད་པའི་བདག་ཉིད་རྣམས་ཀྱང་མི་རྟོག་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པར་སྣང་བ་ན་ཡིན་ལག་མེད་པའི་རྡུལ་ཕྲ་རབ་ཀྱི་གཟུགས་ཅུང་ཟད་ཀྱང་མི་དམིགས་ཏེ། སྔོན་པོ་ལ་སོགས་པ་རགས་པར་སྣང་བ་ཉིད་དུ་ཤེས་པའི་ཕྱིར་རོ། །གལ་ཏེ་རགས་པ་ནི་ཕྲ་མོ་བསགས་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་དེ་གྲུབ་ན་རྡུལ་ཕྲ་རབ་ཀྱང་གྲུབ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྡུལ་ཕྲ་རབ་དང་རགས་པ་དག་འབྲེལ་པ་མི་རྟོག་པའི་


DTG087_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །རྡུལ་ཕྲ་རབ་གྲུབ་ན་དེ་བསགས་པའི་བདག་ཉིད་རགས་པ་རབ་ཏུ་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཡན་ལག་མེད་པ་རྣམས་ལ་བསགས་པ་མི་འགྲུབ་པའི་ཡང་ཕྱིར་ཏེ། དབུས་ན་འདུག་པའི་རྡུལ་ཕྲ་རབ་ལ་ལྟོས་ནས་ཕྱོགས་དང་ཡུལ་ཐ་དད་པ་ན་གནས་པའི་རྡུལ་ཕྲ་རབ་རྣམས་བསགས་པ་ཡིན་ན། དེ་ཡང་རྡུལ་ཕྲ་རབ་ཆ་ཤས་མེད་པ་ལ་ཕྱོགས་དང་ཡུལ་ཐ་དད་པ་མི་སྲིད་པའི་ཕྱིར་མི་འཐད་དོ། །ཕྱོགས་དང་ཡུལ་གཅིག་ཉིད་ཡིན་ན་ནི་རྡུལ་ཕྲ་རབ་གཅིག་ཁོ་ནར་རྡུལ་ཕྲ་རབ་ཐམས་ཅད་ཞུགས་པའི་ཕྱིར་སྔོན་པོ་ལ་སོགས་པ་ལ་མཐོང་བ་ཙམ་ཡང་མེད་ན་རགས་པའི་རྣམ་པ་སོ་སོར་ངེས་པས་དེ་ལས་གཞན་པའི་དོན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། མཐོང་བ་དང་དོན་བྱེད་པ་དག་ཀྱང་རབ་ཏུ་གྲུབ་པའི་ཕྱིར་ལ་རྡུལ་ཕྲ་རབ་ནི་དབང་པོས་མི་སོད་པའི་ཕྱིར་དང༌། སྒྲིབ་པ་ལ་སོགས་པའི་དོན་བྱེད་པར་ཡང་རབ་ཏུ་མི་འགྲུབ་པའི་ཕྱིར་རོ། །གཅིག་དང་དུ་མ་ལས་མ་གཏོགས་པ་གང་གིས་ན་སྔོན་པོ་ལ་སོགས་པ་དངོས་པོ་ཡོད་པར་འགྱུར་བའི་རྣམ་པ་གཞན་ནི་ཡོད་པ་མ་ཡིན་ཏེ། འདི་གཉིས་ནི་ཕན་ཚུན་འགལ་བས་རྣམ་པ་གཞན་རྣམ་པར་གཅོད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་གཟུགས་ཀྱི་ཕུང་པོའི་མཚན་ཉིད་དང་མི་ལྡན་ན་དེ་ལ་རྟེན་ཅིང་དམིགས་པ་ཚོར་བ་ལ་སོགས་པ་ཡང་ཡང་མཚན་ཉིད་དང་བྲལ་བར་ཤེས་པར་བྱ་སྟེ། སེམས་དང་སེམས་བྱུང་སྔོན་པོ་ལ་སོགས་པར་སྣང་བ་རྣམས་ཇི་སྐད་བཤད་པའི་རིམ་གྱིས་གཅིག་དང་དུ་མའི་རྣམ་པ་དང་བྲལ་བའི་ཡང་ཕྱིར་རོ། །དེ་ལྟར་གཟུགས་ལ་སོགས་པའི་བདག་ཉིད་ཀྱི་གནས་བསལ་ནས་འགོག་པའི་བདེན་པར་བསྡུས་པ་དེ་བཞིན་ཉིད་ལ་སོགས་པའི་ངོ་བོ་ཉིད་ཀྱི་གནས་བསལ་བའི་ཕྱིར་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །ཆོས་ཀུན་ལ་མི་གནས་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་སོགས་པའི་བདག་ཉིད་ཀྱི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་སྟེ། ཡང་དག་པར་ན་དེ་དག་ཀྱང་གསུང་བ་མེད་པ་ལ་སོགས་པ་ཉིད་ཀྱིས་སྟོང་བ་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་ལམ་གྱི་བདེན་པས་ཡང་དག་པར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DTG087_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སྤྱོད་ཅེ་ན། གནས་པ་མེད་པར་སྤྱོད་ཅེས་བྱ་བ་གསུངས་ཏེ། གང་ཟག་དང་གཟུགས་ལ་སོགས་པའི་ཆོས་ཀྱི་རྣམ་པ་ཐམས་ཅད་ལ་མི་གནས་པ་ཉིད་དུ་དེ་སྒོམ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དེས་སྟོང་པ་ཉིད་ཀྱི་རྣམ་པར་རྟོག་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་ཆོས་དང་ཆོས་ཅན་དུ་རྟོག་པའི་མཚན་མ་དག་གིས་ཡོངས་སུ་གཟུང་བ་མེད་ཅིང་བདག་གིར་བྱས་པ་མེད་པ་དེ་ཉིད་ཀྱི་ཕྱིར་མཚན་མའི་ཉོན་མོངས་པ་དང་བྲལ་བས་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་འཐོབ་པོ་ཞེས་བྱ་བར་སྦྱར་རོ། །འདིའི་ཕན་ཡོན་རབ་ཏུ་བསྟན་པ་ནི་ཀུན་རྫོབ་ཏུ་ཡང་དངོས་པོ་མེད་པར་རྟོག་པ་བསལ་བར་ཤེས་པར་བྱ་སྟེ། ངག་དེ་ལྟ་བུ་ལ་སོགས་པ་རྫོགས་པའི་བར་དུ་གང་ཅུང་ཟད་ཡོད་པར་བསྟན་པ་དེ་ཐམས་ཅད་ནི་འདི་ལྟ་བུར་དགོངས་པ་ཉིད་དུ་རིག་པར་བྱ་སྟེ། འདི་ནི་རྩེ་མོར་གྱུར་པ་ཆུང་ངུ་ཡིན་ནོ། །འབྲིང་ནི་ཇི་ལྟར་ཀུན་དུ་རྒྱུ་ཕྲེང་བ་ཅན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བྱུང་གྱུར་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའོ། །ཤེས་པ་དམིགས་པ་ནི་འཇིག་རྟེན་པའི་རྟོག་པའི་ཤེས་པས་ཕྱི་དང་ནང་ལ་སོགས་པའི་བྱེ་བྲག་གིས་འཛིན་པ་ལ་སོགས་པའི་ངོ་བོ་ཉིད་དུ་ལྷག་པར་ཆགས་པ་སྟེ་དེ་ལྟ་བུར་གྱུར་པ་མེད་པའོ། །ཕུང་པོ་རྣམ་པར་འཇིག་པ་ནི་ཕུང་པོ་རྣམ་པ་ཐམས་ཅད་དུ་མི་དམིགས་པ་སྟེ། དེ་ལྟ་བུར་གྱུར་པ་ཇི་ལྟ་བར་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བས་ན་འདིས་ནི་ཇི་སྐད་དུ་ཀུན་ཏུ་རྒྱུ་ཕྲེང་བ་ཅན་འཇིག་རྟེན་པའི་ལམ་ཉི་ཚེ་བའི་ཤེས་པས་རྟོག་པ་སྔོན་དུ་འགྲོ་བའི་འཇིག་རྟེན་ལས་འདས་པའི་ལམ་ལ་ཞུགས་པ་ཡང་གལ་ཏེ་དངོས་པོ་འགའ་ཞིག་དམིགས་པར་གྱུར་ན་དེའི་ཚེ་འདི་ལ་དད་པ་རྙེད་པར་ཡང་མི་འགྱུར་ཏེ། འཇིག་རྟེན་ལས་འདས་པ་དང་ཅིག་ཤོས་ཀྱི་ལམ་དག་དངོས་པོར་དམིགས་པའི་བདག་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་དོ། །དེ་ལྟ་བས་ན་དངོས་པོ་རྣམ་པ་ཐམས་ཅད་དུ་མི་དམིགས་པའི་བདག་ཉིད་ཁོ་ན་འཇིག་རྟེན་ལས་འདས་པའི་ཚུལ་ཡིན་ལ་དེ་ལས་གཞན་པ་ནི་སྒྲོ་བཏགས་པའི་རྣམ་པའི་སྤྱོད་ཡུལ་ཅན་ཡིན་པ་ཉིད་ཀྱིས་ཉོན་མོངས་པའི་བག་ཆགས་མཐའ་དག་གི་གཉེན་པོ་མ་ཡིན་པའི་ཕྱིར་འཇིག་རྟེན་


DTG087_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །གལ་ཏེ་གང་ཟག་གིས་དབེན་པའི་ཁྱད་པར་ཕུང་པོ་ཙམ་ལ་རྣམ་པར་ལྟ་བ་རྣམས་ཀྱང་སེམས་ཅན་དུ་ལྟ་བ་མེད་ན། ཉོན་མོངས་པའི་ཚོགས་ཐམས་ཅད་སྤོང་བར་འགྱུར་བ་ཁོ་ན་མ་ཡིན་ནམ། དེ་ཇི་ལྟར་ན་གང་ཟག་ཙམ་མེད་པར་ལྟ་བ་འཇིག་རྟེན་ལས་འདས་པ་ཉིད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཕུང་པོ་ལ་མངོན་པར་ཞེན་པ་མ་སྤངས་ན་སེམས་ཅན་དུ་ལྟ་བ་མི་ལྡོག་པའི་ཕྱིར་རོ། །དེ་ནི་ཕུང་པོ་ལ་མངོན་པར་ཞེན་བ་ལས་རབ་ཏུ་བྱུང་བའི་ཕྱིར་ཏེ། སེམས་ཅན་དུ་ལྟ་བ་ལྷན་ཅིག་སྐྱེས་པ་ནི་ཕུང་པོར་དམིགས་པ་ལས་མ་གཏོགས་པ་གཞན་ལས་འབྱུང་བར་མི་དམིགས་སོ། །རྟག་པ་ལ་སོགས་པར་མངོན་པར་ཞེན་པ་ཡང་ཕུང་པོར་ཡོངས་སུ་འཛིན་པ་ལ་རག་ལས་པའི་ཕྱིར་དེ་ཡང་ཕུང་པོ་དོན་དམ་པར་ཡོད་པ་ལ་ཡིན་པ་ལ་མི་རྟག་པ་ཉིད་དུ་མོས་པས་སྤོང་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མི་སྡུག་པ་ལ་སོགས་པར་མོས་པ་ཡིད་ལ་བྱེད་པ་ཡང་ཉོན་མོངས་པའི་གཉེན་པོར་འགྱུར་བར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ཕུང་པོ་མི་དམིགས་པ་ནི་ཚད་མས་འཐད་པའི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཉེས་པའི་བག་ཆགས་མཐའ་དག་གི་གཉེན་པོར་གྱུར་པ་ཡིན་གྱི་དེར་དམིགས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཇི་སྲིད་ཕུང་པོར་འཛིན་དེ་སྲིད། །དེ་ལས་བདག་ཅེས་བྱ་བར་ཡང༌། །ཞེས་བཤད་དོ།། །།བམ་པོ་གཉིས་པ། ཁ་ཅིག་ན་རེ་ལ་ལ་ལས་གང་ཟག་བདག་མེད་པ་ཙམ་རྟོགས་པས་ཉོན་མོངས་པ་སྤོང་བར་བཤད་པ་གང་ཡིན་པ་དེ་ནི་དེ་སྐད་དུ་བཤད་པས་གདུལ་བའི་སྐྱེ་བོའི་ངོར་བྱས་པ་ཡིན་གྱི་ཡང་དག་པར་ཡོད་པ་ནི་མ་ཡིན་ཏེ། དགེ་སློང་དག་ཁུར་ཡང་ཡོད་ལ་ཁུར་ཁྱེར་བ་ཡང་ཡོད་དོ་ཞེས་བྱ་བ་ལ་སོགས་པ་བཤད་པ་བཞིན་ནོ་ཞེས་ཟེར་རོ། །དེ་ལྟར་དཔེའི་སྒོ་ནས་ཆོས་ཐམས་ཅད་བདག་མེད་པར་བསྟན་ནས་འདི་ཉིད་ལ་བྱང་ཆུབ་སེམས་དཔའི་སྦྱར་བར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་དེ་ལྟ་བུར་རོ། །གང་ཞིག་ཇི་ལྟར་ཕྲེང་བ་ཅན་གྱིས་ཆོས་རྣམས་ཡོངས་སུ་ཤེས་པ་དེ་ལྟར་ཤེས་པ་ཞེས་བྱ་བ་དང་སྦྱར་རོ། །གང་ཞིག་དེ་ལྟར་ཆོས་ཐམས་


DTG087_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བདག་མེད་པར་ཡང་རྣམ་པར་ལྟ་བ་མྱ་ངན་ལས་འདས་པ་སྟེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལ་ཡང་མི་རེག་ཅིང་ཡུལ་དུ་མི་བྱེད་པ་ཞེས་བྱ་བ་དང་རྣལ་དུ་སྦྱར་ཏེ། ཐུགས་བརྩེ་བ་ཆེན་པོས་འགྲོ་བ་ཐམས་ཅད་ལ་ལྟ་བ་དང་བཅས་པ་ནི་ཆོས་ཐམས་ཅད་མི་དམིགས་པ་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །གནས་ཞེས་བྱ་བ་ནི་ཤེས་རབ་སྒོམ་པར་བྱེད་པ་སྟེ་བདེ་བར་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ནི་ཚིག་ལྷག་མ་ཡིན་ནོ། །རྩེ་མོར་གྱུར་པ་ཆེན་པོ་བསྟན་པའི་ཕྱིར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཞེས་བྱ་བ་ནི་རྩེ་མོར་གྱུར་པ་ཆེན་པོའི་གནས་སྐབས་པའི་བྱང་ཆུབ་སེམས་དཔའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་རྟོག་པ་ཡང་ངོ་བོ་ཉིད་ཀྱི་སྒོ་ནས་ནི་འདི་ནི་གང་ཡིན་ཞེས་གང་གསུངས་པ་ཡིན་ནོ། །གང་ཞེས་བྱ་བའི་སྒྲ་ནི་སྤོང་བ་ཡིན་པར་བལྟ་བར་བྱ་སྟེ། དེའི་ངོ་བོ་ཉིད་འཛིན་པ་ལ་སོགས་པའི་རྣམ་པར་མི་འཐད་པའི་ཕྱིར་རོ། །འབྲེལ་པའི་སྒོ་ནས་ནི་སུའི་ཡིན་ཞེས་གང་གསུངས་པ་ཡིན་ནོ། །སུ་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དེ་དང་འབྲེལ་པའི་བདག་ལ་སོགས་པ་མེད་པའི་ཕྱིར་རོ། །ཡུལ་གྱི་སྒོ་ནས་ནི། གང་ལས་ཡིན་ཞེས་ཆོས་འདི་ཐམས་ཅད་སྟོང་བར་རྟོག །ཅེས་བྱ་བ་གང་གསུངས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཀྱི་ཆོས་ཐམས་ཅད་ཆོས་དང་ཆོས་ཅན་གྱི་དངོས་པོ་དང་དེ་སྟོང་པ་ཉིད་དུ་ཡང་མི་འཐད་པའི་ཕྱིར་རོ། །རྟོག་ཅེས་བྱ་བ་ནི་དཔྱོད་པར་བྱེད་པའོ། །ཞུམ་པ་མེད་ཅིང་ཞེས་བྱ་བ་ནི་ཐམས་ཅད་སེམས་ཙམ་དུ་རྟོགས་པའི་ཕྱིར་ཀུན་ཏུ་རྨོངས་པར་མི་འགྱུར་ཞིང་ཞེས་བྱ་བའི་ཐ་ཚིག་གོ །ལྷག་མ་ནི་གོ་སླའོ། །དེ་ལྟར་རིམ་གྱིས་འཕེལ་བའི་རྩེ་མོར་གྱུར་པ་ལས་གཟུང་བ་དང་འཛིན་པ་མེད་པར་རྟོགས་པའི་མཚན་ཉིད་ཀྱི་བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་གིས་ཏིང་ངེ་འཛིན་གྱི་བདག་ཉིད་དག་སྐྱེ་བར་འགྱུར་རོ་ཞེས་སྟོན་ཅིང་གཟུགས་ལ་སོགས་པའི་འདུ་ཤེས་ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཡིན་པར་བསྟན་པའི་ཕྱིར། གལ་ཏེ་མི་ཤེས་བཞིན་དུ་གཟུགས་སུ་འདུ་ཤེས་ཤིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཞེས་བྱ་བ་ནི་བརྒྱ་ལའོ། །མི་ཤེས་བཞིན་དུ་ཞེས་བྱ་བ་ནི་


DTG087_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གཟོད་མ་ནས་སྐྱེ་བ་མེད་པའི་དོན་ཁོང་དུ་མ་ཆུང་པར་རོ། །གཟུགས་སུ་འདུ་ཤེས་པ་ནི་གཟུགས་ལ་སོགས་པ་ལ་སྤྱི་དང་ཁྱད་པར་གྱི་མཚན་མར་མངོན་པར་ཞེན་པའོ། །རྟོག་ཅེས་བྱ་བ་ནི་གལ་ཏེ་ཕུང་པོ་དག་ལ་སྟོང་པ་ཉིད་དུ་གཟུང་བའི་བདག་ཉིད་དུ་རྟོག་པར་བྱེད་ན་ཡང་ངོ༌། །མཚན་མ་ལ་ཞེས་བྱ་བ་ནི་མཚན་མ་ལ་སྟེ། ཕྱིན་ཅི་ལོག་ལ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་བྱ་བ་གསུངས་ཏེ། སྐྱེ་བ་མེད་པ་ཉིད་སྒྲིབ་པའི་བག་ཆགས་ཐམས་ཅད་སྤོང་བའི་གནས་སུ་གྱུར་པའི་ཕྱིར་གནས་ཡིན་ནོ། །དེ་ལ་མ་དད་པ་ནི་མ་མོས་པ་སྟེ། གང་གི་ཕྱིར་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །ཕྱིན་ཅི་ལོག་འདིའི་གཉེན་པོར་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར། གང་ཞིག་གཟུགས་མིན་ཚོར་མིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་ཐམས་ཅད་ཉེ་བར་མཚོན་པའི་ཕྱིར་རོ། །ཡང་ན་འདུ་བྱེད་ཐམས་ཅད་སེམས་མངོན་པར་འདུ་བྱེད་པའི་ངོ་བོ་ཉིད་ཀྱི་སེམས་དཔའི་བདག་ཉིད་ཡིན་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་སྟེ་ཞེས་གང་གསུངས་པ་ཡིན་ནོ། །མི་སྤྱོད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་རྣམ་པ་ཉིད་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་གཟུང་བའི་བདག་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བར་རྟོགས་པའི་ཕྱིར་ཏེ་འདི་ནི་བཟོད་པ་ཆུང་ངུ་ཡིན་ནོ། །གནས་པ་མེད་པར་སྤྱོད་ཅེས་བྱ་བ་ནི་རྟེན་པ་མེད་པར་སྤྱོད་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཀྱི་ཆོས་རྣམས་མ་སྐྱེས་པར་ངེས་པར་འབྱུང་བ་མི་འཐད་པའི་ཕྱིར་རོ། །མ་སྐྱེས་པ་ནི་ཡང་དག་པར་ན་གང་གིས་ན་དེ་ལ་བརྟེན་ནས་དཔྱོད་པར་འགྱུར་བ་རྣམ་པར་དག་པར་འགྱུར་བའི་མཚན་ཉིད་ཀྱིས་ངེས་པར་འབྱུང་བ་སྒྲུབ་པར་མི་བྱེད་དེ་འདི་ནི་བཟོད་པ་འབྲང་ཡིན་ནོ། །དེ་ནི་སྤྱོད་པ་མེད་ན་དེ་དང་ལྡན་པའི་བྱེད་པ་པོ་ཡང་སྤྱོད་ཅེས་བྱ་བར་མི་དམིགས་པས་སྤྱོད་ཅེས་བྱ་བ་ལ་སོགས་པའི་རྣམ་པར་བྱེད་པ་པོ་མཚན་མ་མི་དམིགས་ཏེ། གཟུགས་ལས་སོགས་པའི་མཚན་མ་རྣམ་པ་ཐམས་ཅད་དུ་མེད་ན་ཆོས་ཐམས་ཅད་གཟུང་བའི་ངོ་བོ་ཉིད་མ་ཡིན་པ་ཉིད་ཀྱིས་བྱེད་པ་པོ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །བྱེད་པ་


DTG087_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་དུ་ཟིན་ཀྱང་འོན་ཀྱང་ཅིའི་ཕྱིར་སོ་སོའི་སྐྱེ་བོ་བཞིན་དུ་དེར་མི་དམིགས་ཤེ་ན། དེ་ལྟར་ཤེས་རབ་བསྟན་ཞེས་བྱ་བ་སྨོས་ཏེ། ཤེས་རབ་ཀྱི་མཚན་མ་ཐམས་ཅད་ཀྱིས་མི་གཡོས་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །སྐྱེ་མེད་བློ་ལྡན་ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་གང་གི་ཕྱིར་དེ་བཟོད་པ་ཆེན་པོའི་དབང་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པ་དེའི་ཕྱིར་དེ་མཚན་མ་དེ་དག་མི་དམིགས་ཏེ། སྐྱེ་བ་མེད་པར་མོས་པའི་མཚན་མ་ལ་མངོན་པར་ཞེན་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །འདི་ནུ་བཟོད་པ་ཆེན་པོ་ཡིན་ནོ། །དེ་ལྟར་རིམ་གྱིས་བཟོད་པ་ཆེན་པོ་ཐོབ་པའི་རྗེས་ལ་བར་ཆད་མེད་པར་མཐོང་བའི་ལམ་ཐོབ་པ་ཡིན་པའི་ཕྱིར་བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་བསྡུས་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ཀྱི་ཏིང་ངེ་འཛིན་ཞི་བ་མཆོག་ལ་རེག་ཅེས་བྱ་བ་སྨོས་ཏེ། དེ་ལ་དགེ་བ་རྩེ་གཅིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏིང་ངེ་འཛིན་དག་སྟེ། དཔའ་བར་འགྲོ་བ་ལ་སོགས་པའོ། །འཛིན་པའི་གཡེང་བ་མེད་པའི་ཕྱིར་ཞི་བ་དག་གོ །མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུ་ཡིན་པའི་ཕྱིར་མཆོག་དག་གོ །དེ་དག་ལ་རེག་པ་ནི་བྱང་ཆུབ་སེམས་དཔའ་བདག་ཉིད་ཇི་ལྟ་བ་བཞིན་དུ་རང་གི་མིང་དང་དོན་བྱེད་པའི་རྣམ་པ་ཡུལ་དུ་བྱེད་དོ་ཞེས་བྱ་བར་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བསྟན་པ་ལས་ཇི་སྐད་དུ་དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བ་སྟེ། འདི་ནི་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུ་ཡིན་ནོ། །འདི་དག་ནི་ཆོས་ཀྱི་མཆོག་ཆུང་དུ་ཡིན་ནོ། །འབྲིང་བསྟན་པའི་ཕྱིར། བྱང་ཆུབ་སེམས་གང་དེ་ལྟར་འདིར་བདག་ཞིར་གནས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཞེས་བྱ་བ་ནི་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་ལའོ། །བདག་ཞིར་གནས་པ་ཞེས་བྱ་བ་ནི་འཛིན་པའི་རྟོག་པའི་གཡེང་བ་མེད་པའི་ཕྱིར་སེམས་རབ་ཏུ་ཞི་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་གི་གནས་སྐབས་པའི་བྱང་ཆུབ་སེམས་དཔའོ། །སྔོན་གྱི་དེ་བཞིན་གཤེགས་པ་ཞེས་སྨོས་པ་ནི་


DTG087_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་གཞན་དག་གིས་ཀྱང་དེ་ལུང་བསྟན་པའི་ཕྱིར་ཉེ་བར་མཚོན་པའི་དོན་ཏེ། སངས་རྒྱས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པ་དེ་དག་ཀྱང་གང་ཞིག་ཏིང་ངེ་འཛིན་འདི་དག་གིས་གནས་པ་དེ་ལ་ལུང་སྟོན་ཏོ་ཞེས་གང་གསུངས་པ་ཡིན་ནོ་ཞེས་ལུང་བསྟན་ཞེས་བྱ་བ་ནི་ངེས་པར་རྫོགས་པར་བྱང་ཆུབ་ཐོབ་པར་རབ་ཏུ་བསྟན་པའོ། །རློམ་སེམས་མེད་ཅེས་བྱ་བ་ནི་གནས་ངན་ལེན་གྱི་གཡེང་བ་མངོན་དུ་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཉིད་བསྟན་པའི་ཕྱིར་བདག་ནུ་མཉམ་པར་གཞག་ཅེའམ་ལངས་ཞེས་བྱ་བ་སྨོས་ཏེ། ངར་འཛིན་པ་ནི་ཉེས་པ་ཐམས་ཅད་སྐྱེ་བའི་རྒྱུ་མཚན་གྱི་དངོས་པོས་གནས་ངན་ལེན་གྱི་གཡེང་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ལས་ལངས་ན་ཡང་མངོན་པར་ཞེན་པ་མེད་པའི་ཕྱིར་གཏན་མེད་པར་བསྟན་པ་ཡིན་ནོ། །འདི་ཉིད་ལ་དྲི་བ་དང་བཅས་པའི་ལན་གྱི་སྒོ་ནས་ཆོས་ཀྱི་མཆོག་ཆེན་པོ་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ན་སྟེ། བདག་ཡོད་ན་དེའི་ངར་འཛིན་པ་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཀྱིས་རྣམ་པར་གཡེང་བའི་ངོ་བོ་མ་ཡིན་པའི་ཕྱིར་ཇི་ལྟར་དེ་ཀུན་ནས་མི་ལྡང་སྙམ་དུ་བསམ་པ་ཡིན་ནོ། །དེ་ཡོངས་སུ་སྤང་བའི་ཕྱིར། ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །ཞེས་བྱ་བ་སྨོས་སོ། །དེ་སྐད་དུ་དེ་ལ་བདག་ཡོད་ན་དེ་ལ་ངར་འཛིན་པའམ་དེ་ལ་ཕྱིན་ཅི་མ་ལོག་པར་འགྱུར་བ་ཞིག་ན་དེ་གཉིས་ནི་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་བསྒོམ་པར་བྱ་བ་དང་སྒོམ་པར་བྱེད་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་རྣམས་ཡང་དག་པར་ན་མེད་པའི་ཕྱིར་དང༌། ཆོས་ཀྱི་མཆོག་ཆེན་པོའི་གནས་སྐབས་ན་མོས་པ་དེའི་ངོ་བོ་ཉིད་དུ་རབ་ཀྱི་མཐར་ཕྱིན་པའི་ཡང་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་འདི་དག་ནི་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་དང་མཚུངས་པར་ལྡན་པར་ལྡན་པ་ཡིན་ནོ། །དེ་ལ་གཟུང་བར་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ་དངོས་པོ་ཙམ་ལ་བརྟེན་པ་ནི་གང་གིས་ན་ཕུང་པོ་ལ་སོགས་པ་དངོས་པོ་ཙམ་ལ་བརྗོད་པ་ཙམ་དུ་ཤེས་པའོ། །གཉེན་པོ་ལ་


DTG087_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་ནི་གང་གིས་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རྣམ་པ་རྣམ་པར་བྱང་བའི་དངོས་པོ་ཁོ་ན་ལས་སེམས་ཙམ་དུ་རྣམ་པར་འཇོག་པར་བྱེད་པའོ། །འཛིན་པར་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཏེ། གང་ཟག་གི་རྫས་ལ་བརྟེན་པ་ནི་གང་གིས་ན་འཛིན་པའི་རྣམ་པ་གང་ཟག་གི་རྫས་སུ་སྒྲོ་བཏགས་པ་གཙོར་སེམས་ཅན་ལ་སོགས་པ་ལྟ་བའི་ཡུལ་གྱི་དངོས་པོ་འགོག་པར་བྱེད་པའོ། །དེར་གདགས་པ་ལ་བརྟེན་པ་ནི་གང་གིས་ན་དེར་གདགས་པ་ཙམ་ཡང་འཛིན་པ་མ་ཡིན་པ་ཉིད་དུ་རབ་ཏུ་འབྱེད་པར་བྱེད་པའོ། །འདི་དག་ཀྱང་གོ་རིམས་བཞིན་དུ་ངེས་པར་འབྱེད་པའི་ཆ་བཞི་པོ་དག་ལ་བལྟ་བར་བྱ་སྟེ། དེ་ལ་གཟུང་བར་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུའི་དབང་དུ་མཛད་ནས། དེ་ལྟར་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཞེས་བྱ་བ་ནི་དྲོ་བར་གྱུར་པའི་གནས་སྐབས་སུ་རབ་ཏུ་བསྟན་པའི་མི་དམིགས་པའི་ཚུལ་གྱིས་སོ། །བདེ་གཤེགས་རྣམས་ཀྱིས་ཤེས་རབ་ཅེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཆོས་དཀར་པོ་རྣམས་མི་དམིགས་པའི་བདག་ཉིད་དེ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་རྣམ་པར་བྱང་བའི་དངོས་པོ་ལ་རྣམ་པར་རྟོག་པ་ཡིན་ནོ། །དམིགས་པ་ཞེས་བྱ་བ་ནི་མི་འགྱུར་ཞེས་བྱ་བ་དང་འབྲེལ་བའི་ཕྱིར་དམིགས་པར་མི་འགྱུར་བ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ང་ཡང་ཅི་ཞིག་ཅེ་ན། ཆོས་གང་སྤྱོད་པ་ཞེས་བྱ་བ་སྨོས་ཏེ། ཆོས་ནི་བདག་ལ་སོགས་པའོ། །དེ་ཉིད་མི་དམིགས་པའི་སྤྱོད་པའི་རྟེན་ཡིན་པའི་ཕྱིར་ཏེ་སེམས་ཅན་དུ་རྣམ་པར་རྟོག་པ་ཡིན་ནོ། །ཡང་ཅིའི་ཕྱིར་ན་མི་དམིགས། ཇི་ལྟར་ན་བདག་ལ་སོགས་པ་མི་དམིགས་པས་རང་དང་གཞན་ཡོངས་སུ་སྨིན་པ་ལ་སོགས་པའི་མཚན་ཉིད་ཀྱི་སྤྱོད་པར་འགྱུར་ཞེ་ན། སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་ཆོས་ཐམས་ཅད་སྐྱེ་བ་མི་དམིགས་པའི་མཚན་ཉིད་ཀྱི་སྤྱོད་པ་མེད་པ་གང་ཡིན་པ་དེ་ཉིད་མཚན་མ་དང་མི་འགལ་བའི་ཕྱིར་དང་བདག་དང་གཞན་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར་སྤྱོད་པ་དམ་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་མོས་པ་ཡིད་ལ་བྱེད་ཙམ་གྱིས་ནི་སྒྲུབ་པ་སྤོང་བ་མེད་


DTG087_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །འདི་ཁོང་དུ་ཆུད་ནས་ཆོས་ཅི་ཡང་མི་དམིགས་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེ་ཉིད་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐྱེ་བ་རྣམ་པར་དག་པར་རྣམ་པར་རྟོག་པ་ཡིན་ནོ། །གལ་ཏེ་ཆོས་དམིགས་པ་ཡང་ཇི་ལྟར་མེད་ན་གང་གིས་ན་དེ་མི་དམིགས་པ་ཁོ་ན་ལ་བཤད་པའི་མཚན་ཉིད་ཀྱི་སྤྱོད་པར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། དངོས་པོ་ཇི་ལྟར་བྱི་པས་དམིགས་པ་ཚད་མས་གནོད་པ་ཉིད་ཀྱིས་མེད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ཏེ་འཆད་པར་ཡང་འགྱུར་རོ། །འོ་ན་ཆོས་ཇི་ལྟ་བུར་ཡོད་ཅེ་ན། གང་ཞིག་ཡོད་པ་མ་ཡིན་ཞེས་བྱ་བ་སྨོས་སོ། །དེ་ནི་ཡོད་དོ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ཏེ། བྱིས་པས་དམིགས་པའི་སྤྱོད་ཡུལ་ནི་སྒྲོ་བཏགས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དེས་སྒྲོ་བཏགས་པས་དབེན་པར་མཚན་ཉིད་གཅིག་པ་ཁོ་ན་དོན་དམ་པའི་ཡོད་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ཉིད་ལ་མཚན་མར་བརྗོད་པའི་འབྲེལ་པ་དེ་ནི་མེད་ཅེས་བྱ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་ཆོས་དེ་ནི་ཇི་ལྟར་བཏགས་པ་ལྟར་ཡོད་པ་མ་ཡིན་པས་མེད་པའི་སྒྲ་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མེད་པ་ཞེས་བྱ་བའོ་ཞེས་གསུངས་པ་ཡིན་ཏེ། མེད་པར་རྣམ་པར་རྟོག་པ་ཡིན་ནོ། །གལ་ཏེ་གཟུགས་ལ་སོགས་པ་རབ་ཏུ་དབྱེ་བ་ཐ་དད་པའི་ཆོས་ཡོད་པ་མ་ཡིན་ནམ། དེ་ཇི་ལྟར་ན་འདི་མེད་པ་ཉིད་ཡིན་ཞེ་ན། མ་ཡིན་ཏེ། གཟུགས་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཇི་སྐད་སྔར་བཤད་པ་ལྟ་བུ་སྟེ། བཅོམ་ལྡན་འདས་མ་ལས་ཤཱ་རིའི་བུ་གཟུགས་ནི་ནང་སྟོང་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཕུང་པོ་ལ་སོགས་པ་དམིགས་པར་རྣམ་པར་རྟོག་པ་ཡིན་ཏེ་སྔ་མ་ཁོ་མ་རབ་ཏུ་སྒྲུབ་པ་ལྷུར་ལེན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར་བྱིས་པ་རྣམས་ཀྱིས་དེ་ཞེས་བྱ་བ་སྨོས་ཏེ། བྱིས་པ་ཞེས་བྱ་བ་ནི་ཆོས་ཀྱི་རང་གི་ངོ་བོ་མ་རྟོགས་པའོ། །དེ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྣམ་པས་བསྒྲུབ་པས་གཟུགས་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་ཆོས་ཡོད་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །བརྟག་ཅེས་བྱ་བ་ནི་མིང་དང་གཟུགས་ལ་སོགས་པ་ཉིད་དུ་བརྟགས་ནས་ཞེས་བྱ་


DTG087_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐ་ཚིག་སྟེ། མིང་དང་གཟུགས་སུ་མངོན་པར་ཞེན་པར་རྣམ་པར་རྟོག་པ་ཡིན་ནོ། །དེ་ལྟར་བརྟགས་ནས་ཅི་ཞིག་བྱེད་ཅེ་ན། མེད་དང་ཡོད་པར་བྱེད་ཅེས་བྱ་བ་སྨོས་ཏེ། མེད་པ་ནི་སྐུར་བ་འདེབས་པའི་མཚན་ཉིད་དོ། །ཡོད་པ་ནི་སྒྲོ་འདོགས་པའི་མཐའི་ངོ་བོ་ཉིད་དོ། །བྱེད་པ་ནི་སློང་བར་བྱེད་པ་སྟེ། མཐའ་གཉིས་ལ་ཆགས་པར་རྣམ་པར་རྟོག་པ་ཡིན་ནོ། །འདི་ཉིད་རང་བཞིན་གྱིས་སྐྱོན་ཆགས་པ་ཉིད་ཡིན་པར། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་བྱ་བ་སྨོས་སོ། །འདི་སྐད་དུ་གཟུགས་ལ་སོགས་པ་ཡང་དག་པར་ཡོད་པ་མ་ཡིན་པའི་ཕྱིར་དེ་དག་ལ་སྒྲོ་འདོགས་པ་སྔོན་དུ་འགྲོ་བ་ཡོད་པ་དང་མེད་པར་རྣམ་པར་རྟོག་པ་དག་ཇི་ལྟར་ཕྱིན་ཅི་མ་ལོག་པའི་ངོ་བོར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པ་ལ་ནི་ཡུལ་དང་དུས་དང་རྣམ་པ་ལ་ལྟོས་ནས་མེད་པར་རྣམ་པར་རྟོག་པའམ་མ་ཡོད་པར་རྣམ་པར་རྟོག་པ་དོན་དམ་པ་བ་ཡིན་པར་འོས་པ་མ་ཡིན་ནོ། །ཕྱིན་ཅི་ལོག་ཀྱང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོངས་སུ་མི་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཁམས་གསུམ་པ་ལས་ངེས་པར་འབྱུང་བའི་བགེགས་མ་རུངས་པ་ཡིན་ནོ་ཞེས་བཤད་པར་འགྱུར་ཏེ། འདི་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པར་རྣམ་པར་རྟོག་པ་ཡིན་ནོ། །འདི་ལ་གལ་ཏེ་ཇི་ལྟར་ན་ངེས་པར་འབྱུང་བའི་བགེགས་ཡིན་ཡོད་པ་དང་མེད་པར་རྟོག་པ་ཡོད་ཀྱང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ཙམ་དུ་བསྒྲུབས་པས་སྐྱོན་མེད་པའི་ཀོ་འཕང་དང་འགལ་བ་མེད་པ་ཁོ་ནའོ་ཞེ་ན། དེ་ནི་མ་ཡིན་ཏེ། ཇི་སྐད་བཤད་པའི་ཕྱིན་ཅི་ལོག་དང་ལྡན་པ་ནི་ཆོས་ཐམས་ཅད་བདག་མེད་པར་མོས་པ་མེད་པར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མེད་པའི་ཕྱིར་རོ། །འཁོར་གསུམ་རྣམ་པར་དག་པ་དང་བྲལ་ན་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ཐ་སྙད་ལ་བརྟེན་པ་མ་ཡིན་ཏེ། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བར་དད་པར་མི་བྱེད་པ་ནས་བྱང་ཆུབ་ནི་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་བའི་བར་དུ་དད་པར་མི་བྱེད་ན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་


DTG087_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡིན་ནོ། །འདི་ནི་འཕགས་པའི་ལམ་ལ་མི་གནས་པར་རྣམ་པར་རྟོག་པ་ཡིན་ནོ། །དངོས་སུ་མ་བཤད་ཀྱང་རྣམ་པར་རྟོག་པ་སྔ་མ་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་ཤུགས་ཀྱིས་རྒྱས་པར་བསྟན་པ་དང་མཐུན་པར་རྗེས་སུ་འབྲང་བར་བྱ་སྟེ། གཟུང་བར་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་ཡིན་ནོ། །འོ་ན་གང་ཞིག་ངེས་པར་འབྱུང་ཞེ་ན། བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང༌། །ཞེས་བྱ་བ་སྨོས་ཏེ། གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་འདི་སྣང་བ་ཙམ་ཡིན་པར་ཤེས་པ་དེས་ནི་སྒྲིབ་པ་མཐའ་དག་གི་གཉེན་པོ་ཐོབ་པའི་ཕྱིར་ཁམས་གསུམ་པ་ལས་ངེས་པར་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བུ་ནི་གཟུང་བར་རྣམ་པར་རྟོག་པ་གཉིས་པ་ཡིན་ནོ། །དེ་ལྟར་གཟུགས་ལ་སོགས་པ་དངོས་པོ་མེད་པར་རབ་ཏུ་བསྟན་པ་བཤད་པ་དང་འཆད་པར་འགྱུར་བས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བཤད་པར་རིག་པར་བྱའོ། །གལ་ཏེ་གཟུགས་ལ་སོགས་པ་སྣང་བ་ཙམ་དུ་ཟད་ན་དེ་ཇི་ལྟར་ན་དེ་ལ་བདག་ལ་སོགས་པ་འཛིན་པ་ཉིད་དུ་ཤེས་སྙམ་དུ་དོགས་པའི་སྐབས་འཛིན་པར་རྟོག་པ་དག་པོ་རབ་ཏུ་བསྟན་པའི་སྒོ་ནས་བསལ་བའི་ཕྱིར། གང་འདིར་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་གང་ཟག་རྣམ་པ་ཐམས་ཅད་དུ་སྔར་བཀག་པའི་ཕྱིར་དང་ཕུང་པོ་རྣམས་ཀྱང་རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་བྱང་ཆུབ་སེམས་དཔས་འདི་དག་སྒྱུ་མ་དང་འདྲ་བ་ཁོ་ནར་ཤེས་པར་བྱའོ་ཞེས་བཤད་པ་ཡིན་ནོ། །སྒྱུ་མ་སྨོས་པ་ནི་ཡོད་པ་མ་ཡིན་པ་ལས་སྣང་བ་ཉེ་བར་མཚོན་པ་ཡིན་ནོ། །ཇི་སྟེ་གལ་ཏེ་དེ་དག་སྒྱུ་མ་དང་འདྲ་བ་ཡིན་བ་འོ་ན་ནི་བདག་ཉིད་ཐམས་ཅད་ཀྱིས་མེད་པ་ལས་སྣང་བའི་ངོ་བོ་མ་ཡིན་ཏེ། འདྲ་བའི་གཞི་ནི་ཅུང་ཟད་ཅིག་ཐ་དད་དོ་ཞེ་ན། སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་ལ་སོགས་པ་དང༌། སྒྱུ་མ་ནི་གཅིག་ཏུ་འཁྲུལ་པའི་བདག་ཉིད་དུ་ཐ་དད་པ་མེད་པའི་ཕྱིར་རོ། །དཔེར་སྨོས་པ་ནི་འཇིག་རྟེན་ན་གྲགས་པ་ལ་ལྟོས་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །བདག་ཅེས་བྱ་བ་ལ་སོགས་པར་བརྟགས་པ་ཙམ་འཛིན་པའི་རྣམ་པར་འདོད་པ་དངོས་པོར་ཡོད་དོ་སྙམ་


DTG087_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སེམས་པ་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་སྒོ་ནས་བསལ་བའི་ཕྱིར་སྣ་ཚོགས་འདུ་ཤེས་བྲལ་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྣ་ཚོགས་ཉིད་ཀྱི་འདུ་ཤེས་ནི་བདག་ལ་སོགས་པ་རྣམ་པ་མང་པོར་འདོགས་པ་སྟེ་དེ་དང་བྲལ་བའོ། །གཟུང་བ་མེད་ན་དེ་འཛིན་པ་མི་འཐད་པས་དེ་ཙམ་ལ་ཡང་འཛིན་པའི་རྣམ་པར་མངོན་པར་ཞེན་པའི་ཕྱིར་ཏེ། སེམས་ཙམ་བརྟེན་ནས་ཕྱི་རོལ་ནི། །ངོ་བོ་ཉིད་མེད་ཤེས་པར་བྱ། །དེ་བཞིན་ཉིད་ནི་དམིགས་ནས་སུ། །སེམས་ཙམ་ལས་ནི་བཟླ་བར་བྱ། །ཞེས་གང་གསུངས་པ་ཡིན་ནོ། །དེའི་ཕྱིར་ཕྱིན་ཅི་ལོག་མེད་པས་ཉེ་བར་ཞི་བར་སྤྱོད་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །དེ་ལྟ་བས་ན་འདིས་ནི་ཕུང་པོ་འཁྲུལ་པ་ཙམ་དུ་རབ་ཏུ་བསྟན་པས་གཞན་གྱི་དབང་གི་ངོ་བོ་ཉིད་བཤད་པ་ཡིན་ཏེ། དེ་བཞིན་དུ་གཞན་ལ་ཡང་རིགས་པར་བྱའོ། །ཇི་ཙམ་དུ་འཇིག་རྟེན་གྱི་ཐ་སྙད་ལ་ལྟོས་ནས་དངོས་པོའི་སྒོ་ནས་བསྟན་པ་དེ་ཐམས་ཅད་ནི་ཀུན་བརྟགས་པ་ཡིན་ནོ། །གང་ཞིག་དེ་ལྟར་མོས་པར་དཀའ་བའི་ཤེས་རབ་བསྟན་པ་ལ་སྐྲག་པར་མི་འགྱུར་རམ་ཞེ་ན། དགེ་བའི་བཤེས་དང་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རྒྱུ་གཉིས་ཀྱིས་ན་འཇིགས་པ་མེད་པར་བཤད་དེ། རྟེན་གྱི་སྟོབས་ཀྱིས་ནི་དགེ་བའི་བཤེས་གཉེན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །རང་གི་ཤེས་ཀྱི་སྟོབས་ཀྱིས་ནི་ལྷག་མཐོང་དང་ལྡན་པ་ཉིད་ཀྱི་ཕྱིར་ཏེ། ཤེས་རབ་འཆལ་པ་དགེ་བའི་བཤེས་གཉེན་དང་ཕྲད་པ་ནི་དོན་ཅུང་ཟད་ཀྱང་རྒྱས་པར་མི་འགྱུར་རོ། །བཟློག་པ་སྐྲག་པའི་རྒྱུ། གང་ཞིག་སྡིག་པའི་གྲོགས་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དྲིང་འཇོག་པ་ནི་བློ་ཞན་པའི་ཕྱིར་རོ། །དེ་ཉིད་གཞན་དག་གིས་ཚོམས་པར་འགྱུར་བའི་ཕྱིར། སྣོད་སོ་མ་བཏང་ཆུས་རེག་ཞིག་པ་བཞིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ཐམས་ཅད་དུ་ཡོངས་སུ་གཟུང་བ་སྨོས་པ་ཁོང་དུ་ཆུད་པར་བྱའོ། །གང་ཟག་ལ་སོགས་པ་མེད་ན་ཇི་ལྟར་འདི་དེ་དང་དེ་ལས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་ཐ་སྙད་འདོགས་ཤེ་ན། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་


DTG087_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨོས་སོ། །ཡང་ན་ཅི་ཞེས་བྱ་བའི་སྒྲ་ནི་སྤོང་བའི་དོན་ཡིན་པའི་ཕྱིར་དེ་ལྟར་གཟུགས་ལ་སོགས་པ་མེད་ན་ཐ་སྙད་འདི་རྒྱུ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཀུན་རྫོབ་ཏུ་འཇུག་གོ་ཞེས་བྱ་བ་འབའ་ཞིག་ལྷུར་བྱ་བའི་དོན་ཡིན་པར་ཟད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལ་ཐ་སྙད་འདིའི་རྒྱུ་མཚན་ཁྱད་པར་དུ་བསྟན་པའི་ཕྱིར། ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པ་ཐམས་ཅད་ལ་ཆགས་པ་ཟད་པ་ནི་རྣམ་པར་རྟོག་པ་སྤོང་བའོ། །ཅིའི་ཕྱིར་དེར་འདོད་ཅེ་ན། འདི་ལྟར་ཆགས་པ་གཅོད་བྱེད་དེ་རྟོག་པ་མཐའ་དག་སེལ་བའི་ངང་ཚུལ་ཅན་ཡིན་ཏེ། དེའི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའི་མིང་འཐོབ་པོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་དུ་ཕུང་པོ་ལ་སོགས་པ་འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བར་མཚུངས་མོད་ཀྱི་ཕུང་པོའི་རྒྱུན་གང་ཞིག་བཤད་པ་དང་འཆད་པར་འགྱུར་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་སྒྲུབ་པ་རིམ་གྱིས་སྒྲིབ་པ་ཐམས་ཅད་སྤོང་བའི་རྒྱུ་ཡིན་པ་དེ་ཁོ་ན་བྱང་ཆུབ་སེམས་དཔར་ཐ་སྙད་གདགས་པའི་ཡུལ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ལྟ་བས་ན་འདིས་ནི་སྒྲུབ་པའི་གཞི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་རིགས་བཤད་པ་ཡིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་སྐབས་ཐུན་མོང་མ་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར་རོ། །སྒྲུབ་པའི་དམིགས་པ་བསྟན་པའི་ཕྱིར། རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་གྱུར་ལ་རེག །ཅེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རང་བཞིན་གྱི་རིགས་དང་ལྡན་པའི་གོ་ཆ་ལ་སོགས་པའི་སྒྲུབ་པའི་དམིགས་པ་ནི་གཙོར་ན་རྫོགས་པར་སངས་རྒྱས་པའི་བྱང་ཆུབ་ཡིན་པའི་ཕྱིར་རོ། །ཆགས་མེད་གྱུར་ཞེས་བྱ་བ་ནི་མཚན་མ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་ཅེས་བྱ་བར་སྦྱར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །བྱང་ཆུབ་སེམས་དཔར་ཐ་སྙད་གདགས་པའི་རྒྱུའི་ཐབས་ཀྱི་དམིགས་པ་བཤད་ཟིན་ཏོ། །སེམས་དཔའ་ཆེ་ཞེས་བྱ་བ་ལ་སོགས་པ་


DTG087_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དེ་ལ་བྱང་ཆུབ་ལ་དམིགས་པའི་སྒྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོར་བསྟན་པའི་རྒྱུ་ཆེ་བའི་བདག་ཉིད་ཀྱི་ཆེད་ནི་རྣམ་པ་གསུམ་སྟེ། སེམས་བསྐྱེད་པའི་ཆེ་བའི་བདག་ཉིད་ནི། སེམས་ཅན་ཚོགས་རྣམས་མང་པོའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །འདི་ནི་སེམས་ཅན་གྱི་ཚོགས་མང་པོ་ཚད་མེད་པ་སེམས་ཅན་གྱི་ཚོགས་རབ་ཏུ་དབྱེ་བ་དཔག་ཏུ་མེད་པའི་མཆོག་ཕུལ་དུ་བྱུང་བར་གྱུར་བ་ཡིན་ཏེ། འདི་ལྟར་འགྲོ་བ་ཡོངས་སུ་བསྐྱབ་པའི་ཕྱིར་སྨོན་ལམ་ཡོངས་སུ་བཏབ་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །སྤོང་བ་ཆེ་བའི་བདག་ཉིད་ནི་སེམས་ཅན་གྱི་ཁམས་ཀྱི་བདག་ལ་སོགས་པར་ལྟ་བའི་རྣམ་པ་ཐམས་ཅད་གཅོད་པར་བྱེད་པ་ཡིན་པའི་ཕྱིར་ཏེ་ལྷ་རྣམས་ནི་རྟག་པ་ལ་སོགས་པར་རོ། །རྟོགས་པ་ཆེ་བའི་བདག་ཉིད་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་མཚན་ཉིད་དེ། དངོས་སུམ་མ་གསུངས་ཀྱང་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། རྟོགས་པའི་ཁྱད་པར་མེད་པར་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་སྤངས་པར་མི་འཐད་པའི་ཕྱིར་རོ། །དེ་ལྟ་བུ་ནི་སྒྲུབ་པའི་ཆེད་ཡིན་ཏེ། སྒྲུབ་པ་ནི་ཇི་སྐད་བཤད་པའི་ཆེ་བའི་བདག་ཉིད་ཀྱི་ཆེད་དུ་འཇུག་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་འོ་ན་ནི་ཆེད་དམིགས་པ་ལས་ཐ་མི་དད་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། དམིགས་པ་ནི་སྒྲུབ་པ་དང་དུས་མཉམ་པ་ཉིད་དུ་དེའི་ཡུལ་གྱི་དངོས་པོར་རྣམ་པར་གཞག་པའི་ཕྱིར་ཡིན་ལ་ཆེད་ནི་དེའི་འབྲས་བུ་འབྱུང་བར་འགྱུར་བའི་གནས་སྐབས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྒྲུབ་པ་དེ་ཡང་རྣམ་པ་བཞི་སྟེ། གོ་ཆའི་སྒྲུབ་པ་དང༌། འཇུག་པའི་སྒྲུབ་པ་དང༌། ཚོགས་ཀྱི་སྒྲུབ་པ་དང༌། ངེས་པར་འབྱུང་བའི་སྒྲུབ་པའོ། །དེ་ལ་གོ་ཆ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ནི། གཏོང་བ་ཆེ་ཞེས་གང་གསུངས་པ་ཡིན་ཏེ། ཕྱི་དང་ནང་གི་དངོས་པོའི་རྣམ་པ་ཐམས་ཅད་གཏོང་བའི་བསམ་པ་ཅན་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ནི། བློ་ཆེ་ཞེས་བྱ་བ་ཡིན་ཏེ། རང་དང་གཞན་ལ་བརྟེན་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་གཉེན་པོའི་བསམ་པ་ཅན་ཡིན་པ་ཉིད་ཀྱིས་བློ་རྒྱ་


DTG087_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་པ་བཞིའི་གོ་ཆ་ནི། མཐུ་ཆེ་ཞེས་བྱ་བ་ཡིན་ཏེ། གཞན་གྱི་གནོད་པ་དང༌། དཀའ་བ་བྱེད་པ་དང༌། རྣམ་པར་གཡེང་བ་ཉིད་དང༌། དེ་ཁོ་ན་ལ་མ་མོས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའི་བསམ་པ་ཅན་ཡིན་པའི་ཕྱིར་རོ། །འཇུག་པའི་སྒྲུབ་པ་སྦྱོར་བའི་མཚན་ཉིད་ནི། ཐེག་པ་ཆེད་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཐེག་པ་ཆེན་པོ་ནི་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད་ཇི་སྐད་བཤད་པ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ཡིན་ནོ། །དེ་ལ་ཞུགས་པ་ནི་དེ་ལ་སྦྱོར་བ་བྱས་པ་ཞེས་བྱ་བའི་ཚིག་གོ །དེ་ལྟར་སྦྱོར་བ་བྱས་པ་ནི་ཚོགས་ཡོངས་སུ་རྫོགས་པར་བྱེད་དེ་དེའི་ཕྱིར་ཞི་གནས་ཀྱི་ཚོགས་གོ་ཆ་ཆེན་པོ་བགོས་ཞེས་བྱ་བ་སྨོས་ཏེ། རྣམ་པར་གཡེང་བ་ཐམས་ཅད་ཀྱིས་མི་འཁྲུགས་པའི་བསམ་པ་ཅན་ཡིན་པའི་ཕྱིར་གོ་ཆ་ཆེན་པོ་བགོས་པའོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ཉིད་ཀྱི་མཐུ་བསྟན་པའི་ཕྱིར། བདུད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྩེ་གཅིག་པའི་ཡིད་དང་ལྡན་པས་ནི་བདུད་ཐམས་ཅད་ཟིལ་གྱིས་མནན་པར་ནུས་པའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་ཐ་སྙད་དུ་གདགས་པས། །སེམས་དཔའ་ཆེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཇི་ལྟར་ཕྱིན་ཅི་ལ་ལོགས་པ་འགྱུར་ཞེ་ན། སྒྱུ་མ་མཁན་ཞེས་བྱས་བ་ལ་སོགས་པ་སྨོས་སོ། །སྒྱུ་མ་མཁན་ཞེས་བྱ་བ་ལ་སོགས་པ་ནི་དེ་སྤྲུལ་པ་དག་ལ་ཀུན་ཏུ་རྨོངས་པ་པ་མེད་པར་བསྟན་པའི་ཕྱིར་རོ། །བཞི་མདོ་ཞེས་བྱ་བ་སྨོས་པ་ནི་སེམས་ཅན་མང་པོ་ཀུན་དུ་རྨོངས་པའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་རོ། །གསད་བྱ་དེ་དག་ཅི་འདྲ་ཞེས་བྱ་བ་ནི་སྒྱུ་མ་བྱས་པའི་གསད་པར་བྱ་བ་དེ་དག་ཇི་ལྟ་བར་ཞེས་བྱ་བའི་ཐ་ཚིག་གོ །འགྲོ་ཀུན་ཞེས་བྱ་བ་ནི་འགྲོ་བ་སྤྲུལ་པ་དང་འདྲ་བར་ཤེས་ཞེས་བྱ་བར་སྦྱར་རོ། །ཇི་སྐད་དུ། ཇི་ལྟར་སྒྱུ་མ་མཁན་ཁོ་ནས་སྒྱུ་མ་བྱས་པ་འཁྲུལ་པ་ཚམ་ཉིད་དུ་ཤེས་ཀྱི་དེ་ལ་ཀུན་དུ་རྨོངས་པའི་ཕྱིར་སྐྱེ་བ་གཞན་གྱིས་ནི་མ་མ་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཁོ་ནས་སྦྱིན་པར་བྱ་བ་ལ་སོགས་པ་འགྲོ་བ་མཐའ་དག་སྤྲུལ་པ་ལྟ་བུར་ཤེས་སོ་ཞེས་བཤད་པར་


DTG087_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། བྱང་ཆུབ་སེམས་དཔའི་ལྷག་མཐོང་གི་ཚོགས་ཐུན་མོང་མ་ཡིན་པ་ཡིན་ནོ། །ཇི་སྟེ་གལ་ཏེ་འགྲོ་བ་འཁྲུལ་པ་ཙམ་ཡིན་ན་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་བཅིངས་པ་ལས་ཐར་བར་བྱ་བའི་ཕྱིར་འཇུག་ཅེ་ན། གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡོད་པ་མིན་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཇི་སྐད་བཤད་པའི་རྣམ་པས་མེད་པ་ལ་བཅིང་པ་དང་ཐར་པ་མི་འཐད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །འོ་ན་ཇི་ལྟར་བྱང་ཆུབ་ཐོབ་པར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བཤད་མ་ཐག་པ་ལྟ་བུའི་སོ་སོར་རྟོག་པའི་མཚན་ཉིད་ཀྱིས་ཤེས་རབ་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ །ཞུམ་པའི་སེམས་མེད་པ་ཞེས་བྱ་བ་ནི་བརྩེ་བ་ཆེན་པོའི་མཐུས་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་ཆགས་པ་མེད་པ་ཞེས་བྱ་བའི་དོན་ཏེ། འདི་ནི་ཟུང་དུ་འབྲེལ་བའི་ཚོགས་ཡིན་ནོ། །འདི་ཉིད་ཀྱི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་གོ་ཆ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་དཔའ་ཆེན་པོར་ཐ་སྙད་གདགས་པའི་རྒྱུ་བཤད་ཟིན་ཏོ། །ཐེག་པ་ཆེན་པོ་ལ་ཞུགས་པ་ཞེས་བཤད་པ་གང་ཡིན་པ་དེ་ལ་ཐེག་པ་ཆེན་པོར་ཐ་སྙད་གདགས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བས་ན་འདིར་རྒྱུ་བཤད་པ་དེ་གང་ཞེས་བྱ་བ་ནི་བཤད་མ་ཐག་པ་ལྟ་བུའི་ཆོས་དགེ་བའི་རང་བཞིན་ལའོ། །ཞོན་ནས་ཞེས་བྱ་བ་ནི་བདག་ཉིད་ཚོགས་བསགས་པ་ཉིད་ཀྱིས་དེ་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ཀྱང་བདག་ཉིད་ཀྱི་ཚོགས་ཇི་ལྟ་བ་བཞིན་དུ་འགོད་པའི་ཕྱིར་ཏེ། དེ་ལྟ་བས་ན་རང་དང་གཞན་ཡོངས་སུ་སྨིན་པའི་རྒྱུ་མཚན་ཡིན་པའི་ཕྱིར་འདི་ནི་ཐེག་པ་ཆེན་པོ་ཡིན་ཏེ། ཐེག་པ་གཞན་ལ་རྣམ་པ་འདི་མི་སྲིད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ནི་ཐམས་ལ་མཁས་པའི་ཚོགས་ཡིན་ནོ། །ཇི་ལྟར་དེ་ལ་འདི་སྙེད་ཀྱི་མཐུ་ཞིག་ཡོད་སྙམ་པ་ལ། མཁའ་འདྲ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ནང་སྟོང་པ་ཉིད་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཡིན་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །གཞལ་


DTG087_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཁང་ཆེན་ཞེས་བྱ་བ་ནི་འདི་ལྟར་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་དགའ་བར་བྱེད་པ་ཉིད་ཀྱི་གཞལ་མེད་ཁང་བཞིན་དུ་གཞལ་མེད་ཁང་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ཡིན་ནོ། །འདི་ལྟར་དགའ་བ་ནི་ཟག་པ་མེད་པ་སྟེ། ལམ་གྱི་ཚོགས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །སྐྱེད་པ་ནི་རབ་ཏུ་དགའ་བ་ལ་སོགས་པས་རྣམ་པར་དག་པའི་མཚན་ཉིད་ཡིན་ཏེ། བདག་ཉིད་ཇི་ལྟར་བ་བཞིན་དུ་སའི་ཚོགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བདེ་བ་ནི་རྟོག་པའི་འཚེ་བ་ཐམས་ཅད་སྤང་བའི་བདག་ཉིད་ཡིན་ཏེ་གཉེན་པོའི་ཚོགས་ཡིན་པ་ཉིད་ཀྱི་ཕྱིར་རོ། །མངོན་པར་འཐོབ་བྱེད་ཅེས་བྱ་བ་ནི་མངོན་དུ་ཐོབ་པར་བྱེད་པའོ། །དེ་ལྟ་བས་ན་འདི་ནི་ཐེག་པ་ཆེན་པོ་ཡིན་པས་ན་ཐེག་པའི་མཆོག་ཅེས་བྱ་བ་སྨོས་ཏེ། ཚོགས་ཀྱི་སྒྲུབ་པ་བཤད་ཟིན་ཏོ། །ཚོགས་བསགས་པ་ནི་ངེས་པར་འབྱུང་བར་འགྱུར་བས་འདི་མན་ཆད་ངེས་པར་འབྱུང་བའི་སྒྲུབ་པ་བརྗོད་པར་བྱ་སྟེ། དེ་ལ་ཐེག་པ་ནི་ཕྱོགས་གཞན་ལ་སོགས་པར་ཕྱིན་པར་བྱེད་པའི་བདག་ཉིད་ཀྱིས་འགྲོ་བའི་བྱེད་པའི་ཁྱད་པར་ཡིན་པར་གྲགས་སོ། །དེ་ལ་འདི་ཕྱོགས་གང་དུ་འགྲོ་ན་ཐེག་པ་ཡིན་ཞེས་ན། གང་ཞིག་ཞོན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱོགས་ཞེས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། ཆོས་ཐམས་ཅད་ཀྱང་ཡུལ་ལ་སོགས་པའི་བདག་ཉིད་དུ་དམིགས་སུ་མེད་པའི་ཕྱིར་རོ། །དེ་ལྟ་བུ་ནི་མཉམ་པ་ཉིད་དུ་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །ཞོན་ནས་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་གང་ཞིག་ཞོན་ནས་འགྲོ་བ་དེ་ནི་ཐེག་པ་ཡིན་པའམ། ཡང་ན་བྱེད་པ་པོ་ཉིད་དུ་བརྗོད་པར་འདོད་ན་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དེ་ཡང་དམིགས་སུ་མེད་ཅེས་བྱ་བ་ལྷག་མ་ཡིན་ནོ། །དེ་ལྟ་བུ་ནི་སེམས་ཅན་གྱི་དོན་དུ་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །གལ་ཏེ་འོ་ན་ཇི་ལྟར་མྱ་ངན་ལས་འདས་པར་འགྲོ་བར་ཐ་སྙད་གདགས་ཤེ་ན། མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་རེ་ཞིག་གཞན་གྱིས་ཀུན་བརྟགས་པའི་འགྲོ་བ་ལ་སོགས་པའི་བྱ་བ་ནི་མི་འཐད་དེ། དེ་ནི་རྫས་ལ་བརྟེན་པའི་ཕྱིར་ལ་ཡན་ལག་ཅན་ལ་སོགས་པའི་རྫས་ཀྱང་མེད་


DTG087_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ་ཞེས་བྱ་བཤད་ཟིན་ཏོ། །དེ་ལས་མ་གཏོགས་པ་མི་དམིགས་པའི་ཡང་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་འོ་ན་ཡུལ་གཞན་དུ་འབྱུང་བ་ཙམ་བྱ་བ་ཡིན་པར་ཟད་མོད་ཅེས་ན་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་མེད་ན་དེ་འབྱུང་བ་ཡང་མི་འཐད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཀུན་ནས་ཉོན་མོངས་པ་མེད་པ་ཙམ་གྱི་མཚན་ཉིད་དུ་ནི་ཀུན་ནས་ཉོན་མོངས་པ་ཉིད་འགྲོ་བ་མ་ཡིན་ཏེ། དེའི་ཚེ་ན་དེ་མེད་པའི་ཕྱིར་རོ། །རྣམ་པར་བྱང་བ་ཡང་མ་ཡིན་ཏེ། དེ་ཡང་འཁྲུལ་པ་དང་བྲལ་བ་ཙམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་སེམས་བསྐྱེད་པ་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཀྱི་རྣམ་པར་བྱང་བ་ཞིག་དེར་འགྲོ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་འབྲེལ་བ་མེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་མ་ཡིན་པའི་བདག་ཉིད་ཡིན་ན་ནི་རྣམ་པར་བྱང་བར་ངོ་བོ་ཉིད་གཅིག་པ་ཡིན་པས་ཅིའི་ཕྱིར་དེར་འགྲོ་བར་འཐད་པ་མ་ཡིན་ནོ། །དེ་ཉིད་དེར་འགྲོ་བར་འགྱུར་བ་ནི་མ་ཡིན་ཏེ། འགྲོ་བ་པོ་དང་བགྲོད་པར་བྱ་བ་དག་ནི་གཞི་ཐ་དད་པའི་ཕྱིར་རོ། །འགྲོ་བ་ལ་སོགས་པ་ཇི་ལྟར་མངོན་པར་ཞེན་པ་གཟུང་བ་ལ་སོགས་པའི་བདག་ཉིད་དུ་མེད་པའི་ཡང་ཕྱིར་རོ། །དེ་ལྟ་བས་ན་མྱ་ངན་ལས་འདས་པ་ནི་གཙོ་ན་འགྲོ་བ་ལ་སོགས་པ་མི་དམིགས་པ་ཙམ་ཁོ་ན་མ་བཙལ་བས་རབ་ཏུ་འགྲུབ་པའི་དགའ་བ་ཡིན་ནོ་ཞེས་བཤད་པར་འགྱུར་ཏེ། ལྷུན་གྱིས་གྲུབ་པར་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །འདི་ཉིད་འཇིག་རྟེན་ན་གྲགས་པས་རབ་ཏུ་སྒྲུབ་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་གྱི་ཐ་སྙད་མེད་ཤི་བར་སོང་ངོ་ཞེས་བྱ་བར་ཡང་དེའི་འགྲོ་བ་མི་དམིགས་པ་ཙམ་ཁོ་ན་ལ་འཇུག་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེར་འགྲོ་བ་མི་སྣང་བའམ་དུས་སུ་འཕོས་པ་ཡིན་ནོ་ཞེས་བྱ་བར་ཡང་རིགས་པ་དང་ལྡན་པ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་དང་ཚད་མས་གནོད་པའི་ཡང་ཕྱིར་རོ། །དེའི་སོ་ན་འདུག་པ་ཉིད་མི་སྣང་བ་ལ་སོགས་པ་ཡིན་ན་དེ་བཞིན་དུ་དམིགས་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་ཡང་དག་པར་ན་མི་སྣང་བའམ་དུས་སུ་


DTG087_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་འགའ་ཡང་མེད་དོ། །མི་དམིགས་པའི་བདག་ཉིད་ཡིན་ན་ནི་དངོས་པོ་དེ་ཉིད་མ་ཡིན་ཏེ། དེ་ཉིད་ནི་གཞན་ཉིད་ཡིན་པར་མི་འཐད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ལ་ཐ་དད་པ་མེད་པར་ཐལ་བར་འགྱུར་ཏེ། ཧ་ཅང་སྤྲོས་པས་ཆོག་གོ །རྒྱུ་དེས་ཞེས་བྱ་བ་ནི་སྔོན་གྱི་མཐའ་ལ་སོགས་པར་ཐེག་པ་མི་དམིགས་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་དུ་མི་དམིགས་པ་ཉིད་མྱ་ངན་ལས་འདས་པར་ཐ་སྙད་གདགས་པའི་རྒྱུ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །ཐེག་པ་འདིའི་སྔོན་གྱི་མཐའ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་ལྟ་བུ་ནི་མཐའ་ལས་འདས་པར་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །གལ་ཏེ་རེ་ཞིག་བྱང་ཆུབ་སེམས་དཔའ་ཡང་ཡོད་ལ་དེའི་སེམས་བསྐྱེད་པ་ལ་སོགས་པའི་ཁྱད་པར་ཁོ་ན་ཡང་ཐེག་པ་ཆེན་པོ་ལ་སོགས་པ་ཡིན་པར་འགྱུར་བ་མ་ཡིན་ནམ་ཞེས་ན། དེའི་ཕྱིར་སྔོན་གྱི་མཐའ་དང༌། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་མཐའ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་སོ། ཕྱི་མའི་མཐའི་ནི་མི་སློབ་པའོ། །ད་ལྟར་བྱུང་བ་ནི་སློབ་པའོ། །ཡང་ནི་སྔོན་གྱི་མཐའ་ལ་སོགས་པ་ནི་སྤྱིར་འདས་ལ་སོགས་པའི་དུས་ཡིན་ཏེ། དེར་བྱང་ཆུབ་སེམས་དཔའ་གང་ཟག་ལ་སོགས་པའི་བདག་ཉིད་དུ་མི་དམིགས་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར་དུས་གསུམ་དག་པ་ཞེས་བྱ་བ་སྨོས་ཏེ། མེད་པ་ལ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །དེ་ལྟ་བུ་ནི་ཐོབ་པར་བྱེད་པ་བཀག་པ་ཡིན་ནོ། །འདུས་མ་བྱས་ཞེས་བྱ་བ་ནི་གོང་ནས་གོང་མའི་གནས་སྐབས་ཀྱི་ངོ་བོ་ཉིད་དུ་མ་བསྒྲུབས་པས་ཏེ། དེ་ལྟ་བུ་ནི་ཐོབ་པར་བྱ་བ་བཀག་པ་ཡིན་ནོ། །སྤྲོས་མེད་ཅེས་བྱ་བ་ཐོབ་པར་དམིགས་པའི་སྤྲོས་པ་མེད་པའི་ཕྱིར་ཏེ། དེ་ལྟ་བུ་ནི་འཐོབ་པ་བཀག་པ་ཡིན་ནོ། །འཐོབ་པར་བྱེད་པ་ལ་སོགས་པ་མི་དམིགས་པ་དེ་ཉིད་སྒྲིབ་པ་མེད་པ་ཡིན་པའི་ཕྱིར་ངེས་པར་འབྱུང་བའི་མཆོག་ཡིན་ནོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་ནི་ཐོབ་པའི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །མི་དམིགས་པ་ཁོ་ན་ལྷུར་བྱས་ན་ཐབས་དང་བྲལ་བས་ནམ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེ་ན། གང་


DTG087_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཞེས་བྱ་བ་ལ་སོགས་པ་ས་སྨོས་སོ། །ཚེ་ཞེས་བྱ་བ་ལ་སོགས་པ་ནི་བརྡར་བཏགས་པ་ཙམ་དུ་ཟད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །སེམས་ཅན་འདུ་ཤེས་མེད་ཅེས་བྱ་བ་ནི་སེམས་ཅན་དུ་མངོན་པར་ཞེན་པ་དང་ལྡན་པ་ལ་ནི་སྙིང་བརྩེ་བ་ཆེན་པོ་མེད་དེ། དེ་ནི་ཀུན་ཏུ་རྨོངས་པའི་གཉེན་པོ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་དུ་དམིགས་པ་ནི་སྒྲིབ་པའི་གཉེན་པོ་མ་ཡིན་ཏེ་ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་དང་སྡུག་བསྔལ་དུ་ཤེས་པ་ཉིད་སྡུག་བསྔལ་སྤང་སྙམ་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །ཡོངས་རྟོག་ཅེས་བྱ་བ་ནི་རང་དང་གཞན་དག་ཏུ་མངོན་པར་ཞེན་པའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཐབས་དང་ཤེས་རབ་ཀྱི་རང་གི་ངོ་བོ་ཕྱིན་ཅི་མ་ལོགས་པར་བསྟན་པའི་ཕྱིར། བདག་ཅི་འདྲ་བར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་འདྲར་སེམས་ཅན་ཐམས་ཅད་ཤེས་ཞེས་བྱ་བ་ནི་བདག་ཉིད་ལ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་སྙིང་བརྩེ་བས་ཕན་པ་དང་བདེ་བ་སྐྱེད་པར་ཞུགས་པའི་ཕྱིར་རོ། །དེ་འདྲར་ཆོས་ཀུན་ཤེས་ཞེས་བྱ་བ་ནི་ཤེས་རབ་ཀྱི་གཞན་གྱིས་ཀུན་རྟགས་པའི་སེམས་ཅན་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །དེ་བསྟན་པའི་ཕྱིར་སྐྱེ་བ་མེད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དོན་གོ་བར་ཟད་དོ། །དེ་ལྟ་བུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །ཡང་ཅིའི་ཕྱིར་སྐྱེ་བ་ལ་སོགས་པར་རྟོག་པ་ལས་འདས་པ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེ་ན། འཇིག་རྟེན་དག་ན་ཆོས་མིང་ཇི་སྙེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་ལ་སྐྱེ་བ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་བདག་གིས་བྱས་པའི་ཆོས་ཐམས་ཅད་ལ་སྐྱེ་བའོ། །ཡང་དག་འདས་པ་ནི་འགག་པའོ། །སྤངས་ནས་ཞེས་བྱ་བ་ནི་དེ་གཉིས་ཡོངས་སུ་སྤངས་ནས་སོ། །འདི་མེད་ཅེས་བྱ་བ་ནི་ཉམས་པ་མེད་པ་སྟེ་ཕྱིན་ཅི་ལོག་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །དེའི་ཕྱིར་ཡེ་ཤེས་འདི་ནི་དམ་པ་ཡིན་ནོ། །


DTG087_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གཞན་མེད་ཅེས་བྱ་བ་ནི་འདི་ལྟར་འདིའི་གོང་ན་ཡེ་ཤེས་ཕྱིན་ཅི་མ་ལོག་པ་གཞན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་ཡེ་ཤེས་འདི་ཁོ་ན་སྐྱེ་བ་ལ་སོགས་པའི་རྟོག་པའི་དྲི་མ་དང་བྲལ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེ་ནི་དམ་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་སླའོ། །དེ་ལ་འདིར་ཐེ་ཚོམ་མེད་པའི་འཇིག་རྟེན་ལས་འདས་པའི་ལམ་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པ་བསྟན་པའི་ཕྱིར། དེ་ལྟར་སྤྱོད་ཅེས་བྱ་བ་ལ་སོགས་པ་མོས་སོ། །ཤེས་རབ་ལྡན་ཞེས་བྱ་བ་ནི་ཤེས་རབ་ཅན་ནོ། །མཉམ་པ་ཉིད་ལ་གནས་པ་ཉིད་བསྟན་པའི་ཕྱིར་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དོན་གོ་བར་ཟད་དོ། །དེ་ལྟ་བུ་ནི་ལམ་གྱི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །དེ་ལ་འདིར་གོ་རིམས་ནི་འདི་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་དག་པའི་གདམས་ངག་བསྒྲུབས་པས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ངེས་པར་འབྱེད་པའི་ཆ་དག་སྐྱེད་པར་བྱེད་དོ། །ཐུན་མོང་མ་ཡིན་པ་སྒྲུབ་པ་དེ་ཡང་རྟེན་གང་ཡིན་པ་དང་དམིགས་པ་གང་ཡིན་པ་དང༌། ཆེད་དུ་བྱ་བ་གང་ཡིན་པ་ནས་རྣམ་པའི་བར་དང་ལྡན་པ་ཡིན་ནོ། །དེ་ལ་འདིར་སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཤད་ཟིན་ཏོ། །


previousརྣམ་པ་ཐམས་ཅད་མཁྱེན་པའི་དཀའ་འགྲེལ།next