Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་བདུན་པ།


  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
  collapse section
   
  collapse section
ཚིག་དོན་རྒྱས་པར་བཤད་པ།
  collapse section
   
   
   
   
   
   
   
   
   
   


 
previousཚིག་དོན་རྒྱས་པར་བཤད་པ།no next

ཚིག་དོན་རྒྱས་པར་བཤད་པ།

སྐབས་བརྒྱད་ཀྱིས་བསྟན་པ།

སྐབས་དང་པོའི་འགྲེལ་པ།


DTG087_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཚིག་བདུན་ཅུའི་དོན་མདོར་བསྟན་པ་དེ་རྣམས་བསད་པའི་ཕྱིར་གསུངས་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དེ་དང་དེ་ནི་མདོ་


DTG087_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་པ་ལ་སེམས་ཤེས་པ་ནི་གཞན་དོན་དུ་དོན་ཙམ་འཛིན་པ་ལ་བརྗོད་དེ། དེ་བས་ན་སེམས་ཀྱི་སྒྲས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལ་བཞེད་དོ། །གང་ཞིག་ཅེ་ན་གསུངས་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལ་བྱའོ། །དེ་ལ་ཅི་སྟེ་བྱ་ཞེས་པ་ལ་གསུངས་པ། གཞན་དོན་ཕྱིར་ཞེས་པ་སྟེ། གཞན་ནི་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ཀྱི་དོན་ནི་འཁོར་བ་དང་འཁོར་བའི་རྒྱུ་དག་ལས་ཡོངས་སུ་སྒྲོལ་བ་དང༌། སངས་རྒྱས་ཉིད་དང་སངས་རྒྱས་ཉིད་ཀྱི་རྒྱུ་ལ་རྣམ་པར་འགོད་པ་སྟེ། འགྲོ་བའི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་པའི་དོན་ཏོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོར་དེ་བསྡུས་པ་དང་རྒྱས་པའི་སྒོ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ལ་བཤད་དེ། དེ་ཡང་གཞན་གྱི་དོན་དུ་གསུངས་སོ། །དེ་བཞིན་དུ་བདག་གིས་ཀྱང་འདིར་རྗེས་སུ་མཐུན་པར་བསྟན་པར་བྱ་སྟེ། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། ཅེས་པ་སྟེ། མདོ་བཞིན་ནི་མདོ་དང་རྗེས་སུ་མཐུན་པར་བྱས་ཀྱི་རང་དགར་ནི་མ་ཡིན་ནོ། །བྱང་ཆུབ་ཏུ་སེམས་བསྐྱེད་དཔའི་ངོ་བོ་བཤད་ནས། ད་ནི་དེའི་རབ་ཏུ་དབྱེ་བ་གསུངས་པ། དེ་ཡང་ས་གསེར་བླ་བ་མེད། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་མི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་ལ། དེ་ཡང་ཞེས་པ་ནི་སེམས་བསྐྱེད་པ་སྟེ། འདུན་པ་ལ་སོགས་པ་དང་བཅས་པ་དཀར་པོའི་ཆོས་ཐམས་ཅད་བསྐྱེད་ཅིང་འཛིན་པ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ས་ལ་སོགས་པ་དང་མཐུན་པར་འགྱུར་བ་རྣམ་པ་ཉི་ཤུ་རྩ་གཉིས་སུ་རྟོགས་པར་བྱའོ། །དེ་ལྟ་བས་ན་སེམས་བསྐྱེད་པ་འདུན་པ་ཆུང་ངུ་དང་བཅས་པའི་སེམས་བསྐྱེད་པ་ནི་ས་ལྟ་བུ་སྟེ། དཀར་པོའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞི་བྱེད་ཅིང་འཛིན་པར་གྱུར་པས་སོ། །འདུན་པ་འབྲིང་དང༌།


DTG087_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ནི་གསེར་ལྟ་བུ་སྟེ། ནམ་བྱང་ཆུབ་ཀྱི་བར་དུ་མི་འགྱུར་ཞིང་མི་ཟད་པས་ནའོ། །འདུན་པ་ཆེན་པོ་དང་བཅས་པ་ནི་ཟླ་བ་ཚེས་པ་ལྟ་བུ་སྟེ། ཉི་མ་སོ་སོ་ལ་འཕེལ་བར་འགྱུར་བས་སོ། །ས་དང་པོ་ལ་འཇུག་པའི་ལམ་དང་བཅས་པས་མེ་ལྟ་བུ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སྒྲིབ་པའི་ཤིང་བསྲེགས་པས་ནའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པ་གཏེར་ལ་བུ་སྟེ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་རིན་ཆེན་འབྱུང་གནས་ལྟ་བུ་སྟེ། ཡོན་ཏན་མཐའ་དག་གི་རིན་ཆེན་འབྱུང་བའི་རྟེན་དུ་གྱུར་པས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ། མི་མཐུན་པའི་གནོད་པ་ཐམས་ཅད་ཀྱིས་མི་བསྐྱེད་པས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་རྡོ་རྗེ་ལྟ་བུ་སྟེ། ཡིད་ཆེས་པའི་འདོད་པའི་དོན་གཞན་གྱིས་མི་ཕྱེད་པས་ནའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་རི་བོ་ལྷུན་པོ་ལྟ་བུ་སྟེ། རྣམ་པར་གཡེང་བའི་དམིགས་པ་ལས་རབ་ཏུ་མི་གཡོ་བས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་སྨན་ལྟ་བུ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་རྣམས་རབ་ཏུ་ཞི་བར་བྱེད་པས་སོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་དགེ་བའི་བཤེས་གཉེན་ལྟ་བུ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། ཇི་ལྟར་སྨོན་ལམ་བཏབ་པ་བཞིན་འབྲས་བུ་ཐོབ་པས་སོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་ཉི་མ་ལྟ་བུ་སྟེ། གདུལ་བྱའི་ས་བོན་རྣམས་ཡོངས་སུ་སྨིན་པར་བྱེད་པས་སོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་སྙན་པའི་གླུའི་སྒྲ་ལྟ་བུ་སྟེ། གདུལ་བྱ་རྣམས་འཇུག་པར་བྱེད་པའི་ཆོས་སྟོན་པས་ནའོ། །མངོན་པར་ཤེས་པ་དང་བཅས་པར་གྱུར་པས་རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། ཐོགས་པ་མེད་པར་སེམས་ཅན་གྱི་དོན་ཉམས་སུ་ལེན་པས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་བཅས་པས་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དུ་མའི་


DTG087_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གྱུར་པས་ནའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་བཅས་པས་ལམ་པོ་ཆེ་ལྟ་བུ་སྟེ། འཕགས་པ་ཐམས་ཅད་གཤེགས་པ་དང་རྗེས་སུ་གཤེགས་པའི་ཕྱིར་རོ། །ཐུགས་རྗེ་དང་ཤེས་རབ་ཏུ་བཅས་པས་བཞོན་པ་ལྟ་བུ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་མཐར་མི་ལྟུང་ཞིང་མི་གནས་པའི་མྱ་ངན་ལས་འདས་པར་བདེ་བར་ཡང་དག་པར་བཞུད་པའི་ཕྱིར་རོ། །གཟུངས་དང་སོ་སོ་ཡང་དག་པར་རིག་པ་དང་བཅས་པས་བཀོད་མའི་ཆུ་བོ་ལྟ་བུ་སྟེ། ཟད་པ་མེད་པར་ཐོས་པ་དང་མ་ཐོས་པའི་ཆོས་ཐམས་ཅད་འཛིན་པས་ནའོ། །ཆོས་ཀྱི་སྦྱིན་པ་དང་བཅས་པས་སྒྲ་སྙན་ལྟ་བུ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་ཐར་པའི་རྒྱུ་དང་བཅས་པར་སྙན་པར་སྒྲོག་པར་བྱེད་པས་སོ། །ཐེག་པ་གཅིག་གི་ལམ་དང་བཅས་པས་ཆུ་བོའི་རྒྱུན་ལྟ་བུ་སྟེ། དབྱེ་བ་མེད་པར་གཞན་གྱི་དོན་བྱེད་པས་ནའོ། །ཆོས་ཀྱི་སྐུ་དང་བཅས་པས་སྤྲིན་ལྟ་བུ་སྟེ། དགའ་ལྡན་གྱི་གནས་ལ་སོགས་པར་སེམས་ཅན་གྱི་དོན་ཡང་དག་པར་མཐོང་ནས་བདུད་རྩིའི་ཆར་རབ་ཏུ་འབེབས་པས་སོ། །དེ་ལ་ལས་དང་པོ་པའི་སས་ཡང་དག་པར་བསྡུས་པ་གསུམ་མོ། །ས་དང་པོ་ལ་རབ་ཏུ་འཇུག་པའི་ལམ་གྱིས་ཡང་དག་པར་བསྡུས་པ་གཅིག་གོ །རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུས་ཡང་དག་པར་བསྡུས་བ་མཐོང་བ་དང་བསྒོམ་པའི་ལམ་གྱི་ས་བཅུའོ། །ཁྱད་པར་གྱི་ལམ་གྱིས་ཡང་དག་པར་བསྡུས་པ་ལྔའོ། །སྦྱོར་བ་དང་དངོས་གཞི་དང་མཇུག་གི་རབ་ཏུ་དབྱེ་བས་སངས་རྒྱས་ཀྱི་སས་ཡང་དག་པར་བསྡུས་པ་གསུམ་ཏེ། སེམས་བསྐྱེད་པ་ནི་རྣམ་པ་ཉི་ཤུ་རྩ་གཉིས་སོ། །སེམས་བསྐྱེད་པ་གསུངས་ནས། གདམས་ངག་བརྗོད་པར་བྱ་སྟེ། ཆོ་ག་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དགེ་བའི་བཤེས་གཉེན་ལས་བྱ་བ་རྣམས་སློབ་པ་ནི་གདམས་ངག་སྟེ། དེ་ཡང་ཡུལ་གྱི་དབྱེ་བས་རྣམ་པ་བཅུར་གསུངས་ཏེ། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང༌། །ལམ་ནི་ཡོངས་སུ་འཛིན་པ་དང༌། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང༌། །བསྒོམ་ཞེས་བྱ་བ་ལ་གདམས་ངག་ནི། །བཅུ་


DTG087_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བདག་ཉིད་ཤེས་པར་བྱ། །ཞེས་པ་ལ། སྒྲུབ་དང་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། ཇི་སྲིད་སངས་རྒྱས་ཉིད་ཀྱི་བར་དུ་དཀར་པོའི་ཆོས་མཐའ་དག་ལ་ཡང་དག་པར་བརྟེན་ཏེ་ཐུན་མོང་བ་ལ་བསླབ་པར་བྱ་བ་དང༌། བྱེ་བྲག་ཏུ་འཆད་པར་འགྱུར་བའི་གོ་ཆ་དང༌། འཇུག་པ་དང༌། ཚོགས་དང༌། ངེས་པར་འབྱུང་བར་བཤད་པ་རབ་ཏུ་སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པ་དང༌། ཁྱད་པར་གྱི་རང་བཞིན་དང་བཞི་ལ་སྒྲུབ་པ་སྟེ། གསུངས་པའི་མཚན་ཉིད་སྒྲུབ་པ་རྣམས་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་སྒྲུབ་པ་ལ་གདམས་པའོ། །བདེན་པ་རྣམས་ཤེས་པ་ནི་འཕགས་པའི་བདེན་པ་བཞི་རྣམས་ཏེ། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་མོ། །སྡུག་བསྔལ་ནི་འབྲས་བུར་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་སྟེ། འབྲས་བུར་གྱུར་པའི་སེམས་ཅན་གྱི་འཇིག་རྟེན་གྱིས་ཡང་དག་པར་བསྡུས་པའོ། །ཀུན་འབྱུང་ནི་དེ་དང་འདྲ་བར་སྡུག་བསྔལ་བསྐྱེད་པའི་རྒྱུར་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་དེ་རྣམས་ཉིད་དེ། རྒྱུར་གྱུར་པའི་སེམས་ཅན་གྱིས་ཡང་དག་པར་བསྡུས་པའོ། །འགོག་པ་ནི་སྡུག་བསྔལ་ཟད་པ་མྱ་ངན་ལས་འདས་པ་མ་སྐྱེས་པ་མི་འགག་པ་བྱ་བ་མེད་པ་ལས་དང་ཉོན་མོངས་པ་དང་སྐྱེ་བའི་མི་མཐུན་པར་གྱུར་པ་འཇིགས་པ་ཐམས་ཅད་རབ་ཏུ་བཅོམ་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཡོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དུ་གྲུབ་པ་ཞེས་བརྗོད་པའི་དངོས་པོའི་བྱེ་བྲག་ནི་མྱ་ངན་ལས་འདས་པར་འདོད་དོ། །ལམ་ནི་འགོག་པའི་རྒྱུ་སྟེ། ཡང་དག་པའི་ལྟ་བ་ལ་སོགས་པ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་འཕགས་པའི་ལམ་ཡན་ལག་བརྒྱད་ནི་ལམ་གྱི་བདེན་པ་ཞེས་པ་སྟེ་བྱེ་བྲག་ཏུ་སྨྲ་པའོ། །དེ་ལ་གཟུང་བ་དང་འཛིན་པའི་རང་བཞིན་གྱི་དངོས་པོའི་ཆོས་ཐམས་ཅད་ཀྱི་སྒྲའི་བརྗོད་བྱ་འཕགས་པའི་བདེན་པ་བཞིན་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པས་ཀུན་ཏུ་བརྟགས་པའི་ཚུལ་དེ་རྣམས་ཐམས་ཅད་ནི་བྱང་ཆུབ་སེམས་དཔས་དོན་དམ་པར་རང་བཞིན་མེད་ཅིང་ཀུན་རྫོབ་ཏུ་ཐམས་ཅད་སྣང་བར་ཤེས་པར་བྱའོ། །འཁོར་བ་པ་དང༌། སློབ་པ་


DTG087_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། མྱ་ངན་ལས་འདས་པ་དང༌། གལ་ཏེ་དེ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་གཅིག་ཡོད་ན་ཡང་ཞེས་པའི་ཕྱོགས་འདི་ཡང་ཀུན་ཏུ་བརྟགས་པའི་ཚུལ་གྱིས་འདི་དག་ཐམས་ཅད་རང་བཞིན་མེད་ཅིང་ཀུན་རྫོབ་ཏུ་རྣམ་པར་གཞག་པར་རྟོགས་པར་བྱ་སྟེ། ཆོས་དེ་དག་ཐམས་ཅད་ནི་གཟུང་བ་དང་འཛིན་པ་མེད་པར་དེ་དང་དེའི་རྣམ་པར་གསལ་བར་ཡོངས་སུ་གྱུར་པའི་བདག་ཉིད་ཀྱི་གནས་སྐབས་སུ་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ཉོན་མོངས་པ་དང་བཅས་པའི་འཁོར་བའི་གནས་སྐབས་འབྲས་བུར་གྱུར་པ་ནི་སྡུག་བསྔལ་གྱི་བདེན་པའོ། །དེ་ཉིད་ཡོངས་སུ་གྱུར་པ་དེ་དང་འདྲ་བ་འཇིག་རྟེན་ཕ་རོལ་གྱི་རྒྱུར་གྱུར་པ་ནི་ཀུན་འབྱུང་གི་བདེན་པའོ། །དེ་ཉིད་ཡོངས་སུ་གྱུར་པ་མཚན་དང་དཔེ་དཔྱད་འབར་བ་སྐྱོན་མེད་ཅིང་ཡོན་ཏན་བྱེད་པ་ནི་འགོག་པའི་བདེན་པའོ། །རྣམ་པར་ཤེས་པ་ཡོངས་སུ་གྱུར་པས་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་དག་པར་འདུས་པ་ནི་ལམ་གྱི་བདེན་པར་གནས་པ་སྟེ། འཕགས་པའི་བདེན་པ་བཞིན་རྣམས་སོ། །རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་དེ་ཡང་དོན་དམ་པར་སྒྱུར་མའམ་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའི་སའོ། །ཚུ་རོལ་གྱི་གནས་ལ་གནས་པ་མུ་སྟེགས་མཐའ་དག་དང༌། བྱེད་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་རྣམས་དང༌། མཐུན་པ་ཐེག་པ་ཆེན་པོ་ལ་གནས་པ་རྣམས་ཀྱིས་ནི་དོན་ལོགས་ཤིག་ཏུ་འདོད་པ་དེ་རྣམས་ལས་རིང་དུ་འདས་པའོ་ཞེས་པ་ནི་འཕགས་པའི་བདེན་པ་བཞི་ལ་གདམས་པའོ། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་པ་ནི་སངས་རྒྱས་དཀོན་མཆོག་གསུམ། །ཞེས་པ་ནི་སངས་རྒྱས་དཀོན་ཆོག་དང༌། ཆོས་དཀོན་མཆོག་དང༌། དགེ་འདུན་དཀོན་མཆོག་ཅེས་པ་སྟེ་དཀོན་མཆོག་གསུམ་མོ། །ཤིན་ཏུ་རྣམ་པར་དག་པར་རྟགས་པའི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་མངོན་སུམ་དུ་མཛད་པ་དང༌། སྟོབས་དང་མི་འཇིགས་པ་ལས་སོགས་པ་སངས་རྒྱས་ཀྱི་ཆོས་མཐའ་དག་གི་རྟེན་དུ་གྱུར་པ་གཞན་བེམས་པོ་ལས་རྣམ་པར་ལོག་པའི་མཚན་དང་དཔེ་བྱད་དུ་འབར་བའི་ལོངས་སྤྱོད་རྫོགས་པའི་བདག་ཉིད་དང༌། སྤྲུལ་པ་སྣ་ཚོགས་


DTG087_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པས་འགྲོ་བའི་དོན་མཛད་པ་ཞེས་པ་སྟེ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ། སྐུ་གསུམ་གྱི་བདག་ཉིད་ནི་དེ་བཞིན་གཤེགས་པའོ་ཞེས་རྟོགས་པར་བྱེད་པ་ནི་སངས་རྒྱས་དཀོན་མཆོག་ལ་གདམས་པའོ། །དམ་པའི་ཆོས་ནི་རྣམ་པ་གཉིས་ཏེ། སྟོན་པའི་ལུང་དང༌། རྟོགས་པའི་བདག་ཉིད་ཅེས་པ་སྟེ། ལུང་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། སློབ་པ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཚད་མེད་པ་ལ་སོགས་པ་ལ་རྟོགས་པ་དང་བཅས་པའི་ཡིད་ཀྱི་ཡོན་ཏན་དང༌། དེ་རྗོད་པར་བྱེད་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཀྱང་ངེས་པར་བྱེད་པ་ནི་ཆོས་དཀོན་མཆོག་ལ་གདམས་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་སོ་སོའི་སྐྱེ་བོ་ནས་གཟུང་སྟེ་ཇི་སྲིད་ས་བཅུ་པ་ལ་རབ་ཏུ་ཞུགས་པའི་སྣ་ཚོགས་པའི་རབ་ཏུ་དབྱེ་བས་ཕྱེ་བའི་བློ་དང་ལྡན་པ་བདག་ཉིད་ཆེན་པོ་དེ་རྣམས་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །དགེ་སློང་གི་སྡོམ་པ་བླངས་པ་སོ་སོའི་སྐྱེ་བོ་ནས་གཟུང་སྟེ་ཇི་སྲིད་ཁམས་གསུམ་ན་འདོད་ཆགས་དང་བྲལ་བ་གང་ཟག་ཆེན་པོ་བརྒྱད་པ་ལ་སོགས་པའི་དབྱེ་བས་ཕྱེ་བ་ཉིད་ཆེན་པོ་དེ་རྣམས་ཐམས་ཅད་ནི་ཉེན་ཐོས་ཀྱི་དགེ་འདུན་ནོ་ཞེས་ངེས་པར་བྱེད་པ་ནི་དགེ་འདུན་དཀོན་མཆོག་ལ་གདམས་པའོ། །དཀོན་མཆོག་གསུམ་པོ་དེ་རྣམས་ལ་གདམས་པའོ། །མ་ཞེན་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐྱེད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་མི་མཐུན་པའི་ཡུལ་རྣམས་ལ་མ་ཞེན་པ་ནི་མི་ལྡན་པ་སྟེ། ཕུང་པོ་ལྔ་ལ་སོགས་པའི་དངོས་པོ་ཐམས་ཅད་མི་དམིགས་པས་དེ་ལས་ལྡོག་པ་ནི་མ་ཞེན་པར་གདམས་པའོ། །ཡོངས་སུ་མི་ངལ་ཞེས་པ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱི་ཡུན་གྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་ལུས་དང་ངག་དང་སེམས་ཡོངས་སུ་ངལ་བར་གྱུར་པ་དེ་ཡང་གཟུངས་བ་དང་འཛིན་པར་སྒྲོ་བཏགས་པ་ལས་གྱུར་པ་སྟེ། དེ་བས་ན་ཐམས་ཅད་གཉིས་སུ་མེད་ཅིང་སྣ་ཚོགས་ཀྱི་རྣམ་པར་གསལ་བ་ཙམ་གྱི་བདག་ཉིད་དོ་ཞེས་སྣ་ཚོགས་རྣམས་འདི་ལྟར་ངེས་པར་བྱེད་པ་ནི་ཡོངས་སུ་མི་ངལ་བར་གདམས་པའོ། །ལམ་ནི་ཡོངས་སུ་འཛིན་པ་ཞེས་པ་ནི་ཇི་


DTG087_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡོངས་སུ་གྱུར་པའི་དེ་ཁོ་ན་ཉིད་རྟོགས་པ་སྔོན་དུ་སོང་ནས་ཚོགས་མཐའ་དག་ལ་གོམས་པར་བྱེད་པ་ནི་ལམ་སྟེ། དེའི་རྣམ་པར་དབྱེ་བ་ཐམས་ཅད་རྟོགས་པར་བྱ་བའི་དོན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་ལ་སོགས་པས་གསུངས་པ་འཛིན་པ་ནི་ལམ་ཡོངས་སུ་འཛིན་པ་ལ་གདམས་པའོ། །སྤྱན་ལྔ་ཞེས་པ་ལ་ཤའི་སྤྱན་གྱིས་ནི་དངོས་པོ་སོ་སོར་ངེས་པ་རྣམས་འཛིན་ཏོ། །རྣམ་པར་སྨིན་པའི་སྤྱན་གྱིས་ནི་སེམས་ཅན་ཐམས་ཅད་ཀྱང་སྐྱེ་བ་དང་འཆི་བ་འཛིན་ཏོ། །ཤེས་རབ་ཀྱི་སྤྱན་གྱིས་ནི་ཇི་ལྟར་གནས་པའི་དངོས་པོའི་དེ་ཁོ་ན་ཉིད་འཛིན་པར་བྱེད་དོ། །ཆོས་ཀྱི་སྤྱན་གྱིས་ནི་འཕགས་པའི་གང་ཟག་ཐམས་ཅད་འཛིན་ནོ། །སངས་རྒྱས་ཀྱི་སྤྱན་གྱིས་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་འཛིན་ཏེ། འདི་དག་ཐམས་ཅད་ཤེས་པའི་སྣང་བའི་བདག་ཉིད་དུ་ངེས་པར་བྱེད་པ་ནི་སྤྱན་ལྔ་ལ་གདམས་པའོ། །མངོན་ཤེས་དྲུག་གི་ཡོན་ཏན་ཞེས་པ་ལ། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་ས་གཡོ་བ་ལ་སོགས་པར་བྱེད་པའི་བྱ་བའོ། །ལྷའི་རྣ་བའི་མངོན་པར་ཤེས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་པའི་ཕྲ་བ་དང་ཆེན་པོའི་སྒྲ་ཐམས་ཅད་ཐོས་པར་བྱེད་པའི་བྱ་བའོ། །གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་ནི་འདོད་ཆགས་དང་བཅས་པ་ལ་སོགས་པའི་གཞན་གྱིས་སེམས་ཤེས་པའི་བྱ་བའོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ནི་རང་དང་གཞན་སྣ་ཚོགས་པའི་སྐྱེ་བ་རྗེས་སུ་དྲན་པའི་བྱ་བའོ། །མངོན་པར་འདུས་བྱས་པ་ཅན་གྱིས་ལྷའི་མིག་གི་མངོན་པར་ཤེས་པ་ནི་གཟུགས་ཐམས་ཅད་ཡོངས་སུ་ཤེས་པའི་བྱ་བའོ། །ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་སྤོངས་བའི་བྱ་བའོ། །འདི་རྣམས་ཐམས་ཅད་ཉིད་ནི་དེ་དང་དེའི་སེམས་ཀྱི་རྣམ་པའི་བདག་ཉིད་དོ་ཞེས་ངེས་པར་བྱེད་པ་ནི་མངོན་པར་ཤེས་པ་དྲུག་ལ་གདམས་པའོ། །མཐོང་ལམ་ཞེས་པ་ནི་བྱེ་བྲག་ཏུ་སྨྲ་བ་ལ་གནས་པས་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པ་རྣམས་ལ་སོ་སོར་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་བཟོད་


DTG087_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རྗེས་སུ་ཤེས་པ་ཞེས་ཏེ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ནི་མཐོང་བའི་ལམ་དུ་འདོད་དོ། །དེ་ཡང་བྱང་ཆུབ་སེམས་པས་རྨི་ལམ་ལྟ་བུར་ཆོས་ཐམས་ཅད་ལྷག་པར་མོས་པར་བྱས་ཏེ། དེ་ལ་སྤང་བར་བྱ་བའི་དངོས་པོའི་གཉེན་པོའི་ཕྱོགས་བསྒོམ་པར་བྱ་ཞེས་སློབ་པ་ནི་མཐོང་བའི་ལམ་ལ་གདམས་པའོ། །མཐོང་བའི་ལམ་གྱི་ཡུལ་དུ་བྱས་པའི་དངོས་པོའམ་གཞན་ཡང་རུང་སྟེ། ཡང་ནས་ཡང་དུ་ཡིད་ལ་གོམས་པར་བྱེད་པ་ནི་བསྒོམ་པའི་ལམ་སྟེ། དེ་ཡང་རྨི་ལམ་ལ་སོགས་པ་ལྟ་བུ་སྟེ། སྤང་བར་བྱ་བའི་དངོས་པོ་དང་དེའི་གཉེན་པོའི་ཕྱོགས་ཉིད་བསྒོམས་པར་བྱ་ཞེས་ངེས་པར་བྱེད་པ་ནི་བསྒོམ་པའི་ལམ་ལ་གདམས་པའོ། །དགེ་འདུན་ནི་འཕགས་པ་དང་འཕགས་པ་མ་ཡིན་པ་དང༌། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ཐུན་མོང་དུ་གསུངས་སོ། །ད་ནི་འཕགས་པ་ཉན་ཐོས་དང་ཐུན་མོང་གི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་གསུངས་པ། དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང༌། །བྱེད་དང་བྱེད་མེད་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་འདོད་ཆགས་བཅོམ་པ་དང༌། །མཐོང་ཐོས་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་པ་དང་འདིར་ཉི་ཤུ་ཐམ་པ་ནི་འཕགས་པ་དང་གང་ཟག་ལ་དམ་བཅས་པ་སྟེ། དད་པས་མོས་པ་དང༌། མཐོང་བས་ཐོབ་པ་དང༌། རྒྱུན་ཏུ་ཞུགས་པ་དང༌། ལྷའི་རིགས་ནས་རིགས་དང༌། མིའི་རིགས་ནས་རིགས་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སོ་སོར་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། བར་ཆད་གཅིག་པ་དང༌། ཕྱིར་མི་འོང་བའི་འབྲས་བུ་ལ་སོ་སོར་ཞུགས་པ་དང༌། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཕྱིར་མི་འོང་བ་དང༌། སྐྱེ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཕྱིར་མི་འོང་བ་དང༌། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཕྱིར་མི་འོང་བ་དང༌། མངོན་ཕར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཕྱིར་མི་འོང་བ་དང༌། འཕར་བ་ཕྱིར་མི་འོང་བ་དང༌། ཕྱེད་དུ་འཕར་བ་ཕྱིར་མི་འོང་བ་དང༌། གནས་ཐམས་ཅད་དུ་འཕར་


DTG087_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྱིར་མི་འོང་བ་དང༌། མཐོང་བའི་ཆོས་ལ་ཞི་བ་ཕྱིར་མི་འོང་བ་དང༌། ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་འབྲས་བུ་ལ་སོ་སོར་ཞུགས་པ་དང༌། ཉན་ཐོས་ཀྱི་སངས་རྒྱས་ནི་སངས་རྒྱས་དཀོན་མཆོག་གི་ནང་དུ་འདུས་པས་ན་རང་སངས་རྒྱས་དང་ཞེས་པ་སྟེ་ཉི་ཤུའོ། །འདི་ནི་ཚིག་བཅས་གཉིས་ལས། དད་དང་མཐོང་ཐོབ་ཅེས་པ་གཉིས་ནི་རབ་ཏུ་དབྱེ་བར་གསུངས་སོ། །དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པ་ནི་འདི་དག་གི་བྱེ་བྲག་ཏུ་གྱུར་པས་རབ་ཏུ་བར་དོན་གྱིས་ཤེས་པར་བྱའོ། །ལྷའི་རིགས་ནས་རིགས་དང༌། མིའི་རིགས་ནི་དངོས་སུ་དངོས་སུ་དབྱེ་བར་གསལ་ལོ། །འབྲས་བུ་གཉིས་པ་ལ་སོ་སོར་ཞུགས་པ་དང༌། འབྲས་བུ་གཉིས་པ་ལ་གནས་པ་རབ་ཏུ་དབྱེ་བར་དོན་གྱིས་ཤེས་པར་བྱའོ། །བར་ཆད་གཅིག་པ་ནི་རབ་ཏུ་དབྱེ་བར་ཚིག་གིས་གསལ་ལོ། །འབྲས་བུ་གསུམ་པ་ལ་སོ་སོར་ཞུགས་པ་ནི་རབ་ཏུ་དབྱེ་བར་དོན་གྱིས་ཤེས་པར་བྱའོ། །བར་མ་དོ་དང༌། སྐྱེས་ནས་དང༌། བྱེད་དང་བྱེད་མེད། འོག་མིན་ཞེས་པ་ལ་བར་དོར་ཞེས་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །སྐྱེས་ནས་ཞེས་པ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །བྱེད་དང་ཞེས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །བྱེད་མེད་ཅེས་པ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་པ་སྟེ། མིང་གི་ཕྱོགས་གཅིག་གིས་ཕྱིར་མི་འོང་བ་བཞི་པོ་རྣམས་གསུངས་སོ། །འོག་མིན་ཞེས་པ་ནི་འདི་རྣམས་ཀྱི་ཁྱད་པར་ཡིན་པས་རབ་ཏུ་དབྱེ་བ་ནི་མ་ཡིན་ནོ། །འཕར་གསུམ་ཞེས་པ་ནི་ཕྱིར་མི་འོང་བའི་རབ་ཏུ་དབྱེ་བའོ། །སྲིད་རྩེའི་མཐར་ཐུག་འགྲོ་དང༌། གཟུགས་ཀྱི་འདོད་ཆགས་བཅོམ་པ་ཞེས་པ་འདི་རྣམས་ཀྱང་རབ་ཏུ་དབྱེ་བ་མ་ཡིན་ནོ། །མཐོང་ཆོས་ཞི་བ་དང༌། ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་པ་ནི་རབ་ཏུ་དབྱེ་བར་ཚིག་གིས་གསལ་ལོ། །དགྲ་བཅོམ་པའི་འབྲས་བུ་ལ་སོ་སོར་ཞུགས་པ་ནི་རབ་ཏུ་དབྱེ་བར་དོན་གྱིས་ཤེས་པར་བྱའོ། །ཉན་ཐོས་ཀྱི་སངས་རྒྱས་དཀོན་མཆོག་གི་ནང་དུ་འདུས་པའི་


DTG087_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་རང་སངས་རྒྱས་དང་བཅས་པས་གང་ཟག་ཉི་ཤུའོ། །ད་ནི་ངེས་པར་འབྱེད་པའི་ཡན་ལག་བརྗོད་པར་བྱ་སྟེ། ངེས་པར་འབྱེད་པ་ནི་འདིར་རྣམ་པར་རྟོག་པ་མེད་པའི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཀྱི་མཐོང་ལམ་མོ། །དེའི་ཡན་ལག་ནི་རྒྱུ་སྟེ། རྣམ་པ་བཞི་བསྒོམ་པའི་རང་བཞིན་གྱིས་གོང་ནས་གོང་དུ་ཁྱད་པ་པར་དུ་འཕགས་པ་སྟེ། དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་ཅེས་པ་སྟེ། དྲོད་ཐོབ་པ་དང༌། རྩེ་མོ་ཐོབ་པ་དང༌། བཟོད་པ་དང༌། བཟོད་པ་ཐོབ་པ་དང༌། ཆོས་ཀྱི་མཆོག་ཐོབ་པ་ཞེས་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་ཡང་བརྗོད་པར་བྱ་སྟེ། འདི་རྣམས་ནི་ཉན་ཐོས་རྣམས་ལ་ཡང་ཡོད། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཡོད་དེ། དེ་ལ་ཉན་ཐོས་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་དམིགས་པ་ནི་བདེན་པ་བཞི་པོ་རྣམས་སོ། །རྣམ་པ་ནི་མི་རྟག་པ་ལ་སོགས་པ་སྟེ། སྡུག་བསྔལ་གྱི་བདེན་པ་ནི་མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པའི་མཚན་ཉིད་དོ། །ཀུན་འབྱུང་གི་བདེན་པ་ནི་ཀུན་འབྱུང་བ་རྒྱུ་རྐྱེན་རབ་ཏུ་སྐྱེ་བའི་རང་བཞིན་ནོ། །འགོག་པའི་བདེན་པ་ནི་འགོག་པ། ཞི་བ། གྱ་ནོམ་པ། ངེ་པར་འབྱུང་བའི་བདག་ཉིད་དོ། །ལམ་གྱི་བདེན་པ་ནི་ལམ། རིགས་པ། སྒྲུབ་པ་ངེས་པར་འབྱིན་པའི་རང་བཞིན་ཞེས་པ་སྟེ། ཉན་ཐོས་ལ་སོགས་པའི་དམིགས་པ་དང་རྣམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲོད་ལ་སོགས་པ་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རྣམ་པ་བཅུ་གཉིས་སུ་འགྱུར་ཏེ། ཉན་ཐོས་ཀྱི་ལམ་དྲོད་ལ་སོགས་པ་ལས་གང་ཞིག་གིས་ཁྱད་པར་དུ་འཕགས་པར་གྱུར་པ་སྟེ། དེ་རྣམས་བསྟན་པའི་ཕྱིར་གསུང་པ། དམིགས་པ་དང་མི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་རྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །ཤེས་པ་ལ། དམིགས་པ་དང༌། རྣམ་པ་དང༌། ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་དང༌། ཐབས་ལ་མཁས་པའི་དགེ་བའི་བཤེས་


DTG087_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གྱི་མཚན་ཉིད་ཡང་དག་པར་ཡོངས་སུ་འཛིན་པ་དང༌། རྣམ་པར་རྟོག་པ་བཞི་སྤང་བའི་སྦྱོར་བ་དང་ལྡན་པ་དང༌། བྱང་ཆུབ་སེམས་དཔའ་དང་འབྲེལ་བའི་དྲོད་ལ་སོགས་པ་ཆུང་ངུ་དང་འབྲིང་དང་ཆེན་པོས་ཁྱད་པར་དུ་འཕགས་པའོ། །གང་ལས་ཤེ་ན་གསུངས་པ། ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་འབྲེལ་བའི་དྲོད་ལ་སོགས་པ་ལས་ཞེས་པའི་དོན་ཏོ། །དྲོད་ཆུང་ངུའི་དམིགས་པ་དང་རྣམ་པ་བཤད་པར་བྱ་སྟེ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་བྱ་བ་ལ། དམིགས་པ་ཞེས་པ་ནི་དམིགས་པའི་ཆོས་རྣམས་ཏེ། དམིགས་པར་བྱེད་ཅིང་ཡུལ་དུ་བྱེད་པས་ནའོ། །འདིར་སྡུག་བསྔལ་ལ་སོགས་པ་བདེན་པ་བཞིའི་ཆོས་ཅན་ལ། དེའི་རྣམ་པ་མི་རྟག་པ་ལ་སོགས་པ་བཅུ་དྲུག་གི་ཆོས་ནི་དམིགས་པའོ། །དམིགས་པ་སྟེ་དེ་རྣམས་ཉིད་ལ་མངོན་པར་ཞེན་པ་ལ་སོགས་འགོག་ཅེས་པ་ལ་སོགས་ཀྱི་སྒྲས་བཞིན་ཡང་སྒྲོ་བཏགས་པའི་ཆོས་རྣམས་སོ། །འགོག་ཅེས་པ་ནི་མངོན་པར་ཞེན་པ་མེད་པར་ཆོས་ཅན་དང་ཆོས་རྣམས་བསལ་བ་ཙམ་ཉིད་དོ། །གཞན་དུ་ཡང་དངོས་པོ་མེད་པའི་སྒྲས་དངོས་པོའི་ཁྱད་པར་རོ། །མི་དམིགས་པའི་སྒྲས་དམིགས་པའི་ཁྱད་པར་ཏེ། རིགས་པ་རྗེས་སུ་ཚོལ་བ་རྣམས་ཀྱིས་སྦྱར་བར་བྱའོ། །དེ་ལ་སྒྱུ་མ་ལྟ་བུའམ། སྒྱུ་མ་ལྟ་བུ་མ་ཡིན་ཞེས་པ་ནི་རྩོད་པའི་སའི་བྱེ་བྲག་སྟེ་ཕྱིས་བསྟན་ཞིང་གསལ་བར་བྱའོ། །ཐམས་ཅད་ནས་ཐམས་ཅད་དུ་མེད་པ་ཙམ་ནི་ཁས་བླང་བར་མི་བྱ་བ་ཉིད་དོ། །ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲོད་ལ་སོགས་པས་ཐེག་པ་གསུམ་ཆར་གྱི་འབྲས་བུ་དེ་ཡང་ཐོབ་པའི་རྒྱུ་ཉིད་དོ། །ཉན་ཐོས་ལ་སོགས་པའི་དྲོད་ལ་སོགས་པས་རང་རང་གི་ཐེག་པ་དེའི་འབྲས་བུ་ཐོབ་པའི་རྒྱུ་ཉིད་དོ། །དྲོད་འབྲིང་པོའི་དམིགས་པ་དང་རྣམ་པར་བརྗོད་པ་ནི། གཟུགས་སོགས་སྐྱེ་འཇིག་ཅེས་པ་ནི་དམིགས་པའོ། །གནས་བྲལ་དང་ཞེས་པ་ནི་རྣམ་པའོ། །གཟུགས་ལ་སོགས་པའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ཀྱི་


DTG087_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་དང་འཇིག་པ་ནི་སྐྱེ་འཇིག་སྟེ། གནས་འགོག་ཅེས་པ་ནི་དམིགས་པའོ། །འགོག་པའི་སྒྲ་ནི་སྔ་མའི་སྙེགས་ས་རྩ་བ་ཉིད་ཀྱིས་སོ། །རྗོད་པར་བྱེད་པའི་སྒྲ་རྣམས་ཀྱི་རྒྱུན་འདྲ་བ་མེད་པའི་གནས་སྐབས་རྣམས་ནི་གནས་བྲལ་ལོ། །རྒྱུན་འདྲ་བའི་གནས་སྐབས་རྣམས་ནི་གནས་པ་ཞེས་པ་སྟེ། གནས་བྲལ་དང་གནས་བྲལ་དང་གནས་དག་འགོག་པའི་ཞེན་པ་ནི་གནས་སོ། །དྲོད་ཆེན་པོར་གྱུར་པའི་དམིགས་པ་དང་རྣམ་པ་གསུངས་པ། བཏགས་དང་བརྗོད་དུ་མེད་ཅེས་པ་ལ་བཏགས་པ་ནི་དམིགས་པའོ། །བརྗོད་དུ་མེད་པ་ནི་རྣམ་པའོ། །དེའི་དོན་ནི་འདི་ཡིན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མ་སྐྱེས་པ་ཉིད་དེ། གཟུང་བ་དང་འཛིན་པ་ལས་གྲོལ་བ་བདག་ཉིད་སོ་སོའི་རིགས་པ་སྣ་ཚོགས་དེ་རྣམས་ནི་གསལ་བའི་རྒྱུད་ཙམ་གྱི་བདག་ཉིད་དོ། །དེའི་ཕྱིར་གཟུགས་ལ་སོགས་པའི་བདག་ཉིད་ཀྱི་ཆོས་ཐམས་ཅད་ནི་བཏགས་པར་ཡོད་པ་གྲུབ་སྟེ། རང་རིག་གི་སེམས་སུ་སྣང་བ་ཉིད་ལ་སྒྲོ་བཏགས་ཤིང་ཐ་སྙད་དུ་བྱ་ཞེས་པ་ནི་དམིགས་པའོ། །དེ་རྣམས་བཏགས་པར་གྲུབ་པ་ཉིད་ཀྱི་དགེ་བ་དང་མི་དགེ་བ་ལ་སོགས་པ་ཐམས་ཅད་ནི་རང་བཞིན་གྱིས་བརྗོད་དུ་མེད་ཅེས་པ་ནི་རྣམ་པའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔོན་དུ་འབྱུང་བས་ན་དྲོད་ཅེས་པ་སྟེ། རྣམ་པ་གསུམ་མོ། །རྩེ་མོ་ཆུང་ངུའི་དམིགས་པ་དང་རྣམ་པ་གསུངས་པ། །གཟུགས་སོགས་མི་གནས་དེ་རྣམས་ནི། །དེ་ཡི་ངོ་བོ་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག །དེ་མི་རྟག་སོགས་བར་མི་གནས། །ཞེས་པ་ལ། ཚིགས་སུ་བཅད་པ་དང་པོ་འདིའི་ཕྱེད་ཀྱིས་ནི་དམིགས་པ་བསྟན་ཏོ། །ཕྱི་མ་ཕྱེད་ཀྱིས་ནི་དེའི་རྣམ་པ་བསྟན་ཏོ། །གང་གི་ཕྱིར་དེ་རྣམས་ནི་གཟུགས་ལ་སོགས་པའོ། །དེའི་ངོ་བོར་ནི་གཟུགས་ལ་སོགས་པའི་ངོ་བོར་རོ། །རང་བཞིན་མེད་ནི་དངོས་པོར་མ་གྲུབ་པའོ། །དེའི་ཕྱིར་གཟུགས་སོག་ནི་གཟུགས་ཀྱི་ཕུང་པོ་ལ་སོག་པའོ། །མི་གནས་ནི་ཁམས་མི་ལེན་པ་སྟེ་དམིགས་པ་བསྟན་ཏོ། །དེ་དག་ནི་གཟུགས་ལ་སོགས་པ་སྟེ།


DTG087_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྟོང་པ་ཉིད་དུ་གཅིག་པ་ནི་ཕན་ཚུན་རང་བཞིན་གཅིག་པ་ཉིད་ཀྱི་སོ། །དེ་བས་ན་གཟུགས་ལ་སོགས་པ་མི་རྟག་པ་དག་རྟག་པ་ལ་སོགས་པར་མི་གནས་ཞེས་པ་སྟེ། ཁས་པ་བླངས་ཞེས་པ་ནི་རྣམ་པའོ། །རྩེ་མོ་འབྲིང་པོའི་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། དེ་རྣམས་དེའི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་པ་ནི་དམིགས་པའོ། །ཆོས་རྣམས་མི་འཛིན་གང་ཡིན་དང༌། །ཞེས་པ་ནི་རྣམ་པའོ། །དེ་རྣམས་ཤེས་པ་ནི་གཟུགས་ལ་སོགས་པའི་ཕུང་པོར་གྱུར་པ་རྣམས་ཏེ། མི་རྟག་པ་དང༌། སྡུག་བསྔལ་བ་དང། སྟོང་པ་དང༌། བདག་མེད་པ་ལ་སོགས་པ་རྣམས་སོ་སོར་གཟུགས་སྟོང་པ་དང༌། དེའི་ངོ་བོས་སྟོང་ཞེས་པ་ནི་མི་རྟག་པ་ལ་སོགས་པའི་རང་བཞིན་དེའི་ངོ་བོར་སྟོང་པ་ཉིད་དོ། །དེས་ན་མི་རྟག་པ་ལ་སོགས་པ་དང༌། སྟོང་པ་དང༌། སྟོང་པ་དག་གཅིག་པ་ནི་ཕན་ཚུན་རང་བཞིན་གཅིག་པ་ཉིད་ཀྱིས་ཤེས་པ་དམིགས་པའོ། །ཆོས་རྣམས་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱིས་དེ་ཁོ་ན་ཉིད་རང་རང་བཞིན་གྱིས་འོད་གསལ་བའོ། །གང་ཟག་རྗེས་སུ་མི་འཛིན་པ་དེ་ནི་རྣམ་པའོ། །ད་ནི་གཟུགས་ལ་སོགས་པ་རང་བཞིན་གྱིས་འོད་གསལ་བ་རྩེ་མོར་གྱུར་པ་ཆེན་པོ་དེའི་དམིགས་པ་དང་རྣམ་པ་བརྗོད་པ་བྱ་སྟེ། དེ་ལ་མཚན་མར་མི་མཐོང་ཕྱིར། །ཞེས་པ་ནི་དམིགས་པའོ། །ཐམས་ཅད་དམིགས་སུ་མེད་པར་ནི། །ཤེས་རབ་ཀྱིས་ནི་ཡོངས་བརྟག་པ། །ཞེས་པ་ནི་རྣམ་པའོ། །དེ་རྣམས་ནི་གཟུགས་ལ་སོགས་པ་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་དོ། །མཚན་མ་ནི་བདེ་བའི་སྐབས་ཀྱི་རྒྱུར་གྱུར་པའི་ས་ཡང་དག་པར་མཐོང་བ་ནི་སྒྲོ་མི་འདོགས་པ་སྟེ་དམིགས་པའོ། །ཐམས་ཅད་ནི་བརྟགས་པའི་ཆོས་ཐམས་ཅད་དོ། །དམིགས་སུ་མེད་པར་ནི་གཉིས་སུ་མེད་པར་དམིགས་པའི་བདག་ཉིད་དོ། །ཡོངས་སུ་རྟོགས་པ་ནི་རང་བཞིན་རྗེས་སུ་དཔྱོད་ཅེས་པ་སྟེ། རྣམ་པ་དགུ་ནི་དགེ་བའི་རྩ་བ་གཡོ་བའི་རྩེ་མོར་གྱུར་པ་ཉིད་ཀྱི་རྩེ་མོར་གྱུར་པ་རྣམ་པ་གསུམ་མོ། །བཟོད་པ་ཆུང་ངུའི་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་པ་ལ། གཟུགས་སོགས་


DTG087_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་མེད་ཅེས་པ་སྟེ་དམིགས་པའོ། །དེ་རྣམས་ནི་གཟུགས་ལ་སོགས་པ་དངོས་པོ་མེད་པའོ། །ངོ་བོས་སྟོང་པ་ནི་བརྟགས་པས་སྟོང་པ་དེའི་རང་བཞིན་ཏེ། གཟུགས་ལ་སོགས་པ་སྟོང་པ་ནི་མ་ཡིན་ཞེས་པ་རྣམ་པའོ། །བཟོད་པ་འབྲིང་གི་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། དེ་དག་སྐྱེ་མེད་ངེས་འབྱུང་མེད། །ཅེས་པ་ནི་དམིགས་པའོ། །དག་དང་ཞེས་པ་ནི་རྣམ་པའོ། །འདིར་ཡང་གཟུགས་སོགས་ཤེས་པ་ལ་སྙེག་པ་སྟེ་སྐྱེ་མེད་ཅེས་པ་ནི་གཟུགས་ལ་སོགས་པ་སྐྱེ་བ་མེད་པའོ། །ངེས་འབྱུང་མེད་ཅེས་པ་ནི་གཟུགས་ལ་སོགས་པ་རླག་པ་མེད་པའོ། །བདག་དང་ཞེས་པ་ནི་གཟུགས་ལ་སོགས་པ་དག་པའོ། །བཟོད་པ་ཆེན་པོའི་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། དེ་རྣམས་མཚན་མ་མེད་ཅེས་པ་ནི་དམིགས་པ་སྟེ། དེ་རྣམས་ཞེས་པ་ནི་གཟུགས་ལ་སོགས་པའོ། །མཚན་མ་མེད་པ་ཉིད་ནི་དེ་རྣམས་མཚན་མ་མེད་པའོ། །དེ་ཡི་མཚན་མར་མི་བརྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་པ་ནི་རྣམ་པའོ། །དེའི་ནི་གཟུགས་ལ་སོགས་པ་རྣམས་སོ། །མཚན་མ་ནི་དབྱེ་བའི་ཐ་སྙད་ཀྱི་རྒྱུའོ། །དེ་ལ་མི་བརྟེན་པ་ནི་དེ་རྣམས་ལ་མཚན་མ་མེད་པའོ། །གཟུགས་ལ་སོགས་པའི་མཚན་ཉིད་ལ་མི་བརྟེན་པའོ། །དངོས་པོ་མེད་པས་ན་མོས་མིན་ནི་ཁས་མི་ལེན་པའོ། །འདུ་ཤེས་མེད་ནི་མཚན་མ་ཡོངས་སུ་འཛིན་པའི་དངོས་པོ་མེད་པའོ། །ཆོ་ཆེན་པོ་ལ་བཟོད་པས་ན་བཟོད་པ་སྟེ་རྣམ་པ་གསུམ་མོ། །ཆོས་མཆོག་ཆུང་ངུའི་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། ཏིང་ངེ་འཛིན་ཞེས་པ་ནི་དམིགས་པའོ། །དེའི་བྱེད་པ་ཞེས་པ་ནི་རྣམ་པ་སྟེ། མདོ་ལས་ཇི་ལྟར་གསུངས་པ། དཔའ་བར་འགྲོ་བ་དང༌། ནམ་མཁའ་མཛོད་དང༌། དྲི་མ་མེད་པ་དང༌། སེང་གེ་རྣམ་པར་རོལ་པ་ལ་སོགས་པའི་ཏིང་ངེ་འཛིན་ནི་དམིགས་པའོ། །ཏིང་ངེ་འཛིན་དེའི་བྱེད་པ་ནི་མྱུར་བར་མངོན་པར་རྫོགས་པར་བྱང་ཆུབ་ཅིང་དཀའ་བ་མེད་པར་འགྲོ་བའི་བྱེད་པ་ཞེས་པ་ནི་རྣ་པའོ། །ཆོ་མཆོག་འབྲིང་གི་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། ལུང་སྟོན་ཞེས་པ་ནི་དམིགས་པའོ། །རློམ་པ་ཟད་ཅེས་པ་ནི་རྣམ་པའོ། །དེ་ལྟར་སྐུ་གསུམ་གྱི་བདག་ཉིད་


DTG087_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དེ་བཞིན་གཤེགས་པ་སངས་རྒྱས་ཉིད་དུ་ཐོག་མར་ལུང་སྟོན་པ་ནི་དམིགས་པའོ། །བྱང་ཆུབ་སེམས་དཔའ་བདག་ནི་རྣམ་རྟོག་ཐམས་ཅད་ལས་འདས་པ་ཞེས་པའི་ང་རྒྱལ་ཟད་པ་ནི་རྣམ་པའོ། །ཆོས་མཆོག་ཆེན་པོའི་དམིགས་པ་དང་རྣམ་པ་བརྗོད་པར་བྱ་སྟེ། གསུམ་པོ་གཅིག་གི་ངོ་བོར་གཅིག །ཅེས་པ་ནི་དམིགས་པའོ། །ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ཞེས་བ་ནི་རྣམ་པའོ། །བྱང་ཆུབ་སེམས་དཔའ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཕན་ཚུན་རང་བཞིན་གཅིག་པ་ཞེས་པ་ནི་དམིགས་པའོ། །བྱང་ཆུབ་སེམས་དཔའ་དེ་ཡང་ཏིང་ངེ་འཛིན་ལ་སོགས་པ་དེ་ལ་རྣམ་པར་རྟོག་པར་མི་བྱེད་ཅེས་པ་ནི་རྣམ་པའོ། །འཇིག་རྟེན་པའི་ཆོས་ཐམས་ཅད་ལས་ཤིན་ཏུ་འདུས་པའི་ཆོས་ཀྱི་མཆོག་སྟེ་རྣམ་པ་གསུམ་མོ། །དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་རྣམས་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རྣམ་པ་བཅུ་གཉིས་སུ་ཤེས་པར་བྱའོ། །འཆད་པར་འགྱུར་བའི་མཐོང་བ་དང་བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་བ་ཉིད་ཀྱིས་སྤང་བར་བྱ་བའི་རྣམ་པར་རྟོག་པ་བཞི་སྤོང་བའི་ཡང་དག་པའི་སྦྱོར་བ་བརྗོད་པའི་ཕྱིར་གསུངས་པ། གཟུང་བར་རྟོག་པ་རྣམ་པ་གཉིས། །གཞི་དང་དེ་ཡི་གཉེན་པོ་ཡིས། །རྨོངས་དང་ཕུང་སོགས་དབྱེ་བ་ཡིས། །དེ་ནི་སོ་སོར་རྣམ་པ་དགུ། །ཞེས་པ་ལ། གཟུང་བའི་རྣམ་རྟོག་དེ་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་ལ་བརྟེན་པ་དང༌། གཉེན་པོའི་ཕྱོགས་ཀྱི་དངོས་པོ་ལ་བརྟེན་པའོ། །ཀུན་ནས་ཉོན་མོངས་པའི་དངོས་པོ་དེ་ཡང་རྣམ་པ་དགུ་ཡིན་པ་ཉིད་ཀྱིས་དེའི་རྣམ་པར་རྟོག་པ་ཡང་རྣམ་པ་དགུའོ། །གཉེན་པོའི་ཕྱོགས་ཀྱི་དངོས་པོ་ཡང་རྣམ་པ་དགུ་ཡིན་པ་ཉིད་ཀྱིས་དེའི་རྣམ་རྟོག་ཀྱང་རྣམ་པ་དགུ་ཞེས་པ་སྟེ། གཟུང་བའི་རྣམ་རྟོག་ནི་སོ་སོར་རྣམ་པ་དགུའོ། །དེ་ལ་མི་རིག་པས་ཡོངས་སུ་བསླང་བའི་ཡུལ་ཉིད་ཀྱིས་ན་མ་རིག་པའི་རྣམ་པར་རྟོག་པའོ། །ཕུང་པོའི་རྣམ་པར་རྟོག་པ་དང་མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང་མཐའ་གཉིས་ལ་ཞེན་པའི་རྣམ་པར་རྟོག་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པའི་རྣམ་


DTG087_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་དང༌། འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་དང༌། དམིགས་པའི་རྣམ་པར་རྟོག་པ་དང༌། བདག་ལ་སོགས་པར་རྣམ་པར་རྟོག་པ་དང༌། རྣམ་པར་དག་པ་སྐྱེ་བ་ལ་སོགས་པར་རྣམ་པར་རྟོག་པ་སྟེ། ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་གནས་པའི་རྣམ་པར་རྟོག་པ་དགུའོ། །དེ་བཞིན་དུ་ཕུང་པོའི་དོན་དུ་རྣམ་པར་རྟོག་པ་དང༌། སྐྱེ་མཆེད་དུ་རྣམ་པར་རྟོག་པ་དང༌། ཁམས་སུ་རྣམ་པར་རྟོག་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བར་རྣམ་པར་རྟོག་པ་དང༌། སྟོང་པའི་དོན་ལ་རྣམ་པར་རྟོག་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དང། མཐོང་བའི་ལམ་ལ་རྣམ་པར་རྟོག་པ་དང༌། བསྒོམ་པའི་ལམ་ལ་རྣམ་པར་རྟོག་པ་དང༌། མི་སློབ་པའི་ལམ་ལ་རྣམ་པར་རྟོག་པ་སྟེ། གཉེན་པོའི་ཕྱོགས་ཀྱི་དངོས་པོ་ལ་བརྟེན་པའི་རྣམ་པར་རྟོག་པ་ཡང་རྣམ་པ་དགུའོ། །བདག་སོགས་རང་དབང་ངོ་བོ་དང༌། དེ་བཞིན་ཕུང་སོགས་རྟེན་སྒོ་ནས། །རྫས་དང་བཏགས་པའི་རྟེན་ཅན་གྱིས། །འཛིན་པའི་རྣམ་པ་གཉིས་སུ་འདོད། །ཅེས་པ་ལ། །འཛིན་པའི་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཏེ། རྫས་ཀྱི་བདག་ཉིད་དུ་གནས་པ་དང༌། བཏགས་པའི་བདག་ཉིད་དུ་གནས་པའོ། །རྫས་ཀྱི་བདག་ཉིད་ཀྱང་འཆད་པར་འགྱུར་བ་རང་དབང་ལ་སོགས་པའི་དབྱེ་བ་རྣམ་པ་དགུ་ཉིད་ཀྱིས་དེའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་ཡང་སོ་སོར་རྣམ་པ་དགུའོ། །བཏགས་པའི་བདག་ཉིད་དུ་གྲུབ་པ་ཡང་ཕུང་པོ་ལ་སོགས་པ་ལ་བརྟེན་པའི་སྒོ་ནས་རྣམ་པ་དགུ་ཉིད་ཀྱི་དེའི་ཡུལ་ཅན་ཉིད་ཀྱིས་རྣམ་པར་རྟོག་པ་ཡོང་རྣམ་པ་དགུའོ། །འདི་ཉིད་གསུངས་པ། དེ་བཞིན་ཞེས་པ་སྟེ། ཇི་ལྟར་གཟུང་བའི་རྣམ་རྟོག་སོ་སོར་རྣམ་པ་དགུ་ཡིན་པ་དེ་ལྟར་འཛིན་པའི་རྣམ་རྟོག་ཀྱང་ཞེས་བའི་དོན་ཏོ། །དེ་བདག་རང་དབང་ཅན་དུ་རྣམ་པར་རྟོག་པ་དང༌། གཅིག་པུར་རྣམ་པར་རྟོག་པ་དང༌། རྒྱུར་རྣམ་བར་རྟོག་པ་དང༌། ལྟ་བ་པོ་ལ་སོགས་པའི་བདག་ཏུ་རྣམ་པར་རྟོག་པ་དང༌། ཀུན་ནས་ཉོན་མོངས་པར་རྣམ་པར་རྟོག་པ་དང༌། བདག་འདོད་ཆགས་དང་བྲལ་བའི་གཞིར་རྣམ་པར་རྟོག་པ་དང༌། བདག་མཐོང་བའི་ལམ་གྱི་གཞིར་རྣམ་པ་རྟོག་པ་དང༌། བསྒོམ་པའི་ལམ་གྱི་གཞིར་རྣམ་པར་རྟོག་པ་དང༌། དོན་


DTG087_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་གཞིར་རྣམ་པར་རྟོག་པ་སྟེ། རྫས་ཀྱི་རང་བཞིན་ལ་བརྟེན་པའི་རྣམ་པར་རྟོག་པ་རྣམ་པ་དགུའོ། །ཕུང་པོར་བཏགས་པའི་རྣམ་པར་རྟོག་པ་དང༌། སྐྱེ་མཆེད་དུ་བཏགས་པའི་རྣམ་པར་རྟོག་པ་དང༌། ཁམས་སུ་བཏགས་པའི་རྣམ་པར་རྟོག་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བར་བཏགས་པའི་རྣམ་པར་རྟོག་པ་དང༌། རྣམ་པར་བྱང་བར་བཏགས་པའི་རྣམ་པར་རྟོག་པ་དང༌། མཐོང་བའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་དང༌། བསྒོམ་པའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་དང༌། ཁྱད་པར་གྱི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་དང༌། མི་སློབ་པའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་ཞེས་པ་སྟེ། བཏགས་པའི་རང་བཞིན་དུ་གནས་པའི་རྣམ་པར་རྟོག་པ་རྣམ་པ་དུའོ། །སྔོན་དུ་མདོར་བསྟན་པའི་ཡོངས་སུ་འཛིན་པ་དེ་རྒྱས་པར་བསྟན་པའི་དུས་ལ་བབས་པས་གསུངས་པ། སེམས་མི་འགོང་བ་ཉིད་སོགས་ཀྱིས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། དེ་ཡི་མི་མཐུན་ཕྱོགས་པོར་བ། །རྣམ་པ་ཀུན་དུ་ཡོངས་འཛིན་ཡིན། །ཞེས་པ་ལ། སེམས་ཞེས་པ་ནི་སློབ་མའི་སེམས་སོ། །མི་འགོང་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐྱེད་པ་ལ་མ་ཞུམ་པའོ། །སོགས་པའི་སྒྲས་ཇི་ལྟར་དམན་པར་མི་འགྱུར་བའོ། །དེ་བཞིན་ཏུ་ཡང་དག་པ་ཐབས་ལ་མཁས་པས་རང་བཞིན་མེད་པ་ལ་མཁས་པས་རང་བཞིན་མེད་པ་ལ་སོས་པ་སྟོན་པའོ། །རང་བཞིན་མེད་པ་ནི་བཏགས་པའི་གཟུང་བ་དང་འཛིན་པས་སྟོང་པ་ཡིན་གྱི། ཐམས་ཅད་དུ་ཆད་པ་ཉིད་ནི་མ་ཡིན་ནོ། །སོགས་པའི་སྒྲས་ནི་བསོད་ནམས་ཀྱི་སྟོང་ངེ་གཉིས་ཀ་ཡང་སྟོན་པའོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། གསུངས་པ། དེ་ཡི་མི་མཐུན་ཕྱོགས་པོར་བ། །ཞེས་པ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་དེ་དག་གི་གང་ཞིག་མི་མཐུན་པའི་ཕྱོགས་ནི་སེར་སྣ་ལ་སོགས་པ་དང༌། མ་རིག་པ་ལ་སོགས་པའོ། །དེ་དག་བོར་བ་ནི་གང་ཞིག་དེའི་མི་མཐུན་པའི་ཕྱོགས་དེ་དག་བོར་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་དག་སྟོན་པའོ། །དེ་དག་ཉེ་བར་བསྐྱེད་པ་པོ་སེར་སྣ་ལ་སོགས་པའི་ཉེས་པ་དང་བྲལ་བའི་སྐྱེས་བུའི་ཁྱད་པར་ཡང་དག་པར་ཡོངས་སུ་འཛིན་པ་པའི་


DTG087_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་ཞེས་པའི་དོན་ཏོ། །ད་ནི་སྒྲུབ་པའི་རྟེན་བརྗོད་པར་བྱ་སྟེ། སྒྲུབ་པ་ནི་རྟེན་བྱང་ཆུབ་ཀྱི་སྤྱོད་པའོ། །རྟེན་ནི་གཞིའོ། །དེ་ཉིད་གསུངས་པ། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །གཉེན་པོ་དང་ནི་སྤོང་བ་དན། དེ་དག་ཡོངས་སུ་གཏུགས་པ་དང༌། ཤེས་རབ་སྙིང་བརྩེར་བཅས་པ་དང༌། །སློབ་མ་ཐུན་མོང་མིན་ཉིད་དང༌། །གཞན་གྱི་དོན་གྱི་གོ་རིམས་དང༌། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བརྗོད། །ཅེས་པ་ལ། །དྲོད་ལ་སོགས་པ་བཅུ་གསུམ་གྱི་རྟོགས་པའི་ཆོས་ཀྱི་མཚན་ཉིད་ཀྱི་སྒྲུབ་པའི་རྟེན་ནི་རིགས་ཏེ་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔར་བརྗོད་དོ། །ཆོས་ཀྱི་དབྱིངས་པོར་མ་གྲུབ་བ་ཉིད་དངོས་སུ་རིགས་མ་ཡིན་ཏེ། འོན་ཀྱང་དམིགས་པ་ཡིན་པ་ཉིད་ཀྱིས་རིགས་ཞེས་བརྗོད་དོ། །རྒྱུའི་དོན་གྱིས་རིགས་ཀྱི་དོན་ཏེ། ཇི་སྐད་གསུངས་པའི་བྱང་ཆུབ་སེམས་དཔའ་ཉིད་དོ། རྟོགས་པའི་ཆོས་དྲུག་ཅེས་པ་ནི་དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་ཀྱི་མཆོག་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་ཞེས་པ་སྟེ། ཆོས་རྣམ་པ་དྲུག་རྟོགས་པའོ། །གཉེན་པོ་དང་ནི་སྤོང་བ་དང༌། ཞེས་པ་ལ་གཉེན་པོའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དེ་དག་ནི་གཉེན་པོའི་ཕྱོགས་དང་མི་མཐུན་པའི་ཕྱོགས་སོ། །ཡོངས་སུ་གཏུགས་ནི་རྟོགས་པ་བརྟན་པའམ། རྣམ་པར་རྟོག་པ་ཟད་པ་སྟེ། དེ་དག་གཅིག་ཏུ་བགྲང་ངོ༌། །ཤེས་རབ་སྙིང་བརྩེར་བཅས་པ་ཞེས་པ་ལ་སྙིང་རྗེས་ཡོངས་སུ་ཟིན་པའི་ཤེས་རབ་སྟེ། དེ་དག་ཀྱང་གཅིག་ཏུ་གསལ་ལོ། །སློབ་མ་ཐུན་མོང་མིན་ཉིད་དང༌། །ཞེས་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཆོས་སོ། །གཞན་གྱི་དོན་གྱི་གོ་རིམས་དང༌། །ཞེས་པ་ལ། བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་སྟོན་པ་ནི་གོ་རིམས་སོ། །ཡེ་ཤེས་རྩོལ་བ་མི་མངའ་བར། །ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་དཀའ་བ་མེད་པས་ཆོས་བཅུ་གསུམ་རྟོགས་པའོ། །གང་ཞིག་རིགས་པ་ནི་འདིར་སྐབས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེའི་རྟེན་གྱི་གནས་ཤེས་པའི་དོན་ཏོ། །འོ་ན་རྒྱུ་བ་དང་མི་རྒྱུ་བར་བཅས་པའི་སྣ་ཚོགས་རྣམས་ནི་


DTG087_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དེ། དེ་བས་ན་ཆོས་ཀྱི་དབྱིངས་དང་སྟོང་བ་འདི་ནི་གཅིག་པ་ཉིད་ཀྱིས་ན་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཉན་ཐོས་ཀྱི་བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ཀྱི་རིགས་སོ་ཞེས་པ་འདི་དང༌། དེ་ལྟར་ངེས་པར་རང་སངས་རྒྱས་ཀྱི་རིགས་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ཞེས་པ་མི་འཐད་དོ། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་རྒོལ་བའོ། །རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་པ་ནི་ལན་ནོ། །ཆོས་ཀྱི་དབྱིངས་ཐམས་ཅད་དུ་བྱེ་བྲག་མེད་པ་ཡིན་ཀྱང་ཉན་ཐོས་ཀྱི་བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ཉིད་རྫོགས་པར་བྱེད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་རྣམས་ཀྱི་གཞིར་གྱུར་པ་གང་ཡིན་པ་དེ་རྣམས་དེའི་རིགས་སོ། །དེ་ལྟར་གང་ཞིག་རང་སངས་རྒྱས་ཀྱི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱི་རྟེན་དུ་གྱུར་པ་དེ་རྣམས་དེའི་རིགས་སོ། །དེ་ལྟར་གང་ཞིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱི་རྟེན་དུ་གྱུར་པ་དེ་ནི་དེའི་རིགས་སོ། །ཇི་ལྟར་བྱེ་བྲག་མེད་པའི་བུམ་པ་རྣམས་ལས་ལ་ལ་ནི་འབྲུ་མར་གྱི་བུམ་པ། ལ་ལ་ནི་མར་གྱི་བུམ་པ། ལ་ལ་ནི་སྦྲང་རྩིའི་བུམ་པ་ཞེས་པ་ལྟ་བུའོ། །སྒྲུབ་པའི་རྟེན་བཤད་ནས་ད་ནི་དམིགས་པ་བརྗོད་པར་བྱ་སྟེ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོགས་པ་དང༌། །གང་དག་འཇིག་རྟེན་འདས་འདོད་དང༌། ཟག་བཅས་ཟག་པ་མེད་ཆོས་དང༌། གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང༌། གང་དག་ཐོབ་པའི་ཐུན་མོང་མིན། །ཞེས་པ་ལ། ཐོག་མར་ཆོས་ཐམས་ཅད་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྟེ། རྣམ་པ་གསུམ་དུ་དབྱེའོ། །དགེ་བ་ནི་དྲི་མ་མེད་པའི་ལམ་མོ། །མི་དགེ་བ་ནི་སྲོག་གཅོད་པ་ལ་སོགས་པ་སྟེ། བདེ་འགྲོ་དང་ངན་སྟེར་བར་བྱེད་པ་ཉིད་ཀྱིས་ནའོ། །ལུང་དུ་མ་བསྟན་པ་ནི་ལུས་ཀྱི་ལས་ལ་སོགས་པའོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དེ་རྣམས་ལས་ས་བོན་རུལ་པ་ལྟ་བུར་ལུང་དུ་མ་བསྟན་པའི་ཆོས་བཞག་སྟེ། དགེ་བ་དང་མི་དགེ་བའི་ཆོས་དེ་


DTG087_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དག་མདོར་བསྡུས་ནས་རྣམ་པ་བཞིར་དབྱེ་བར་བྱ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །དེ་ལ་འཇིག་རྟེན་པ་ནི་བྱིས་པའི་སྐྱེ་བོ་ཐགས་ཅད་དང་འབྲེལ་བའི་ཕུང་པོ་ལྔ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པ་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཡང་དག་པར་བསྡུས་པའི་བསམ་གཏན་པ་ཞི་ལ་སོགས་པའོ། །ཟག་པ་དང་བཅས་པ་ནི་བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པའོ། །ཟག་པ་མེད་པ་ནི་བདག་ཏུ་ལྟ་བའི་གཉེན་པོ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །ཡང་དགེ་བ་དང་མི་དགེ་བའི་ཆོས་དེ་དག་རྣམ་པ་བཞི་སྟེ། འདུས་བྱས་དང༌། འདུས་མ་བྱས་དང༌། སློབ་མ་ཐུན་མོང་བ་དང༌། ཐུན་མོང་མིན་པར་བརྗོད་པའོ། །འདུས་བྱས་ནི་རྒྱུ་དང་རྐྱེན་ལ་ལྟོས་པ་སྟེ། འདོད་པའི་ཁམས་ལ་སོགས་པའོ། །འདུས་མ་བྱས་ནི་རྒྱུ་རྐྱེན་ལ་མི་ལྟོས་པ་སྟེ། སྟོང་པ་ཉིད་ལ་སོགས་པའོ། །སློབ་མ་ཐུན་མོང་ནི་འཕགས་པའི་རིགས་ཐམས་ཅད་ཀྱིས་རབ་ཏུ་བསྒོམས་པའི་བསམ་གཏན་བཞི་ལ་སོགས་པའོ། །ཐུན་མོང་མིན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པས་གོམས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའོ། །དེ་ལྟར་ན་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་སྟེ། གསུམ་དང༌། བཞི་དང༌། བཞིས་དམིགས་པ་རྣམ་པ་བཅུ་གཅིག་ཏུ་གསུངས་པའོ། །སྒྲུབ་པའི་ཆེད་དུ་བྱ་བ་བརྗོད་པར་བྱ་སྟེ། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱིས་རང་འབྱུང་གིས། །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་པ་ལ། གང་དག་གི་དོན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐྱེད་ཅིང་སོག་པ་དེ་ཆེད་དུ་བྱ་བའོ། །དེ་གང་གི་ཞེ་ན། གསུངས་པ། སེམས་ཅན་ཀུན་མཆོག་ཅེས་པ་སྟེ། །སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་བྱེད་པ་ནི་སེམས་ཅན་ཀུན་མཆོག་གོ །དེ་ཁྱད་པར་ཇི་ལྟ་བུ་ཞེས་པ་ལ་གསུངས་པ། སེམས་དང་ཞེས་པ་ལ་སོགས་པ་སྟེ། སེམས་དང༌། སྤོང་བ་དང༌། རྟོགས་པ་ཉིད་དང་གསུམ་མོ། །དེ་ལ་ཆེན་པོ་གསུམ་ལ་སེམས་ཆེན་པོ་ནི་རྣམ་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་


DTG087_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའོ། །སྤོང་བ་ཆེན་པོ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དང་བྲལ་བའོ། །རྟོགས་པ་ཆེན་པོ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཐམས་ཅད་ཐོབ་པའོ། །ཆེན་པོ་གསུམ་གྱིས་མཚོན་པ་གང་ཡིན་པ་དེ་ནི་སེམས་ཅན་མཆོག་སྟེ། འདི་ནི་སྒྲུབ་པའི་ཆེད་དུ་བྱའོ། །རང་བྱུང་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་གྱི། །ཉན་ཐོས་ལ་སོགས་པ་ནི་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་དུ་བསྒྲུབ་པར་བྱ་ཞེས་པ་སྟན་ཏོ། །སྒྲུབ་པའི་རྟེན་དང། དམིགས་པ་དང༌། ཆེད་དུ་བྱ་བ་རྣམས་གསུངས་ནས། ད་ནི་སྒྲུབ་པ་བཞི་པོ་རྣམས་བརྗོད་པར་བྱ་སྟེ། དེ་ལས་སྒྲུབ་པའི་ཆ་གསུངས་པ། སྦྱིན་ལ་སོགས་པ་རྣམ་དྲུག་ལ། །དེ་རྣམས་སོ་སོར་བསྡུས་པ་ཡིན། །གོ་ཆའི་སྒྲུབ་པ་གནག་ཡིན་ན། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་པའོ། །སྦྱིན་ལ་སོགས་པ་ཞེས་པ་ལ། །སྦྱིན་པ་རྣམ་པ་གསུམ་ནི་རྫས་དང༌། མི་འཇིགས་པ་དང་ཆོས་སོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སྡོམ་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། གཞན་གྱིས་གནོད་པ་བྱས་པ་ལ་ཇི་མི་སྙམ་པ་དང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །སྦྱོར་བའི་བརྩོན་འགྲུས་དང༌། མི་ལྷོད་པའི་བརྩོན་འགྲུས་དང༌། གོ་ཆའི་བརྩོན་འགྲུས་སོ། །རང་གི་སྐྱོན་སྤོང་བ་དང༌། རྫུ་འཕྲུལ་བསྐྱེད་པ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ནོ། །ཐོས་པའི་རང་བཞིན་གྱི་ཤེས་རབ་དང༌། བསམ་པའི་རང་བཞིན་དང༌། བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཅེས་པ་སྟེ། དེ་ལྟར་སོ་སོར་རྣམ་པ་གསུམ་གསུམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལས་གཅིག་གི་བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་ཏུ་རྣམ་པར་གཞག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྒྲུབ་པའི་གོ་ཆ་ཡིན་པས་སོ། །དེ་ལ་སྦྱིན་པ་གཏོང་བ་དང༌། དེའི་འབྲས་བུ་ཉན་ཐོས་ལ་སོགས་པ་སྤོང་བ་དང༌། ནམ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྦྱིན་པ་འདི་ལ་གཏང་བར་བྱ་ཞེས་པ་ལ་སོགས་པར་མི་སེམས་པ་ནི་


DTG087_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །འདི་ཉིད་ཡང་ནས་ཡང་དུ་རང་ཉིད་ཀྱང་གོམས་པར་བྱེད་ཅིང་གཞན་རྣམས་ལ་ཡང་སྟོན་པར་སྤྲོ་བ་ནི་བརྩོན་འགྲུས་སོ། །སེར་སྣ་ལ་སོགས་པ་ཡོངས་སུ་སྤངས་ནས་སྦྱིན་པ་དེ་ཉིད་ལ་སེམས་རྩེ་གཅིག་པ་ནི་བསམ་གཏན་ནོ། །སྦྱིན་པ་དེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་དུས་སུ་འདི་དག་ཐམས་ཅད་ནི་སྒྱུ་མ་ལྟ་བུའོ་ཞེས་ངེས་པར་འབྱེད་པ་ནི་ཤེས་རབ་ཅེས་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་བུ་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སོ། །དེ་ལྟར་ཚུལ་ཁྲིམས་བསྲུང་བ་དང༌། བཟོད་པ་ཕུན་སུམ་ཚོགས་པར་བྱ་བ་དང༌། བརྩོན་འགྲུས་བརྩམ་པར་བྱ་བ་དང༌། བསམ་གཏན་ཉམས་སུ་བླང་བ་དང༌། ཤེས་རབ་བསྐྱེད་པ་སྟེ། དེའི་འབྲས་བུ་ཡང་སེམས་ཅན་ཐམས་ཅད་ལ་དབུལ་ཞེས་བསྔོ་བར་བྱའོ་ཞེས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འགྱུར་ཏེ། དེ་བས་ན་དྲུག་ཚན་དྲུག་ནི་སུམ་ཅུ་རྩ་དྲུག་སྟེ་གོ་ཆའི་སྒྲུབ་པའོ། །གཉིས་པ་བསྒྲུབ་པའི་འཇུག་པ་བརྗོད་པར་བྱ་སྟེ། འཇུག་པའི་སྒྲུབ་པ་ནི་བྱང་ཆུབ་ཀྱི་ཆེད་དུ་འགྲོ་བར་བརྩམ་པ་སྟེ། དེ་ཡང་ཡུལ་གྱི་དབྱེ་བས་རྣམ་པ་དགུར་གསུངས་སོ། །བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །ལམ་དང་བྱམས་ལ་སོགས་པ་དང༌། དམིགས་པ་མེད་དང་ལྡན་པ་དང༌། འཁོར་གསུམ་རྣམ་པར་དག་པ་དང༌། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་སྟེ། བསམ་གཏན་ཞེས་པ་ནི་བསམ་གཏན་བཞི་སྟེ། རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་སྟེ། ཡན་ལག་ལྔ་ནི་བསམ་གཏན་དང་པོའོ། །ནང་ཡོངས་སུ་དང་བ་དང༌། དགའ་བ་དང༌། དགེ་བ་དང༌། སེམས་རྩེ་གཅིག་པ་སྟེ། ཡན་ལག་བཞི་ནི་བསམ་གཏན་གཉིས་པའོ། །བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་སྟེ། ཡན་ལག་ལྔ་ནི་བསམ་གཏན་གསུམ་གསུམ་པའོ། །བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་དང༌། སྡུག་བསྔལ་བ་དང༌། བདེ་བ་མ་ཡིན་པའི་ཚོར་བ་དང༌། སེམས་རྩེ་གཅིག་པ་སྟེ།


DTG087_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཞི་ནི་བསམ་གཏན་བཞི་པའོ། །གཟུགས་མེད་བཞི་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དག་ལས་འདོད་ཆགས་དང་བྲལ་ནས་ནམ་མཁའ་ཉིད་ལ་མཐའ་ཡས་པར་དམིགས་པར་བྱེད་དེ། དེས་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ། །དེ་ལས་ཀྱང་འདོད་ཆགས་དང་བྲལ་ནས་རྣམ་པར་ཤེས་པ་ཉིད་གཅིག་པུ་ལ་མཐའ་ཡས་པར་དམིགས་ཏེ། དེ་བས་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །དེ་ལས་ཀྱང་འདོད་ཆག་དང་བྲལ་ནས་ཅུང་ཟད་མེད་པ་ཉིད་ལ་དམིགས་པར་བྱེད་དེ། དེ་བས་ན་ཅུང་ཟད་མེད་པའི་སྐྱེ་མཆེད་དོ། །དེ་ནས་དེ་ལས་ཀྱང་འདོད་ཆགས་དང་བྲལ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་ཉིད་ལ་དམིགས་པར་བྱེད་དེ། དེ་བས་ན་འདུ་ཤེས་མེད་མིན་མཐའ་ཡས་སྐྱེ་མཆེད་ཅེས་པ་སྟེ། བསམ་གཏན་གཟུགས་མེད་ལ་སྒྲུབ་པའི་འཇུག་པ་ཞེས་ཐམས་ཅད་དུ་འདུན་པའི་མཐའ་ཅན་སྦྱར་བར་བྱའོ། །སྦྱིན་སོགས་ཞེས་ཞེས་པ་ནི་ཇི་སྐད་གསུངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །ལམ་ཞེས་པ་ནི་མཐོང་བ་དང༌། བསྒོམ་པ་དང༌། མི་སློབ་པ་དང༌། ཁྱད་པར་གྱི་ལམ་རྣམས་སོ། །བྱམས་ལ་སོགས་ཞེས་པ་ནི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་རྣམས་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པ་ནི་བྱམས་པའོ། །སྡུག་བསྔལ་དང་བྲལ་བར་འདོད་པ་ནི་སྙིང་རྗེའོ། །བདེ་བ་དང་མི་འབྲལ་བར་འདོད་པ་ནི་དགའ་བའོ། །སྡུག་བསྔལ་དང་བྲལ་བ་དང་ལྡན་པར་འདོད་པ་ནི་བཏང་སྙོམས་ཏེ་བྱམས་པ་ལ་སོགས་པའོ། །དམིགས་པ་མེད་པ་དང་ལྡན་པ་དང་ཞེས་པ་ནི་གཟུང་བ་དང་འཛིན་པའི་དངོས་པོར་བརྟགས་པ་མཐའ་དག་མི་དམིགས་པ་སྟེ། གཉིས་སུ་མེད་པར་དམིགས་པའི་རང་བཞིན་ནོ། །འཁོར་གསུམ་རྣམ་པར་དག་པ་དང་ཞེས་པ་ནི་སྦྱིན་པ་པོ་དང༌། སྦྱིན་པར་བྱ་བའི་དངོས་པོ་དང༌། སྦྱིན་བྱ་རྣམས་རྨི་ལམ་ལྟ་བུ་ལ་སོགས་པར་སོ་སོར་སྣང་བས་རྣམ་པར་དག་པར་བྱའོ། །ཆེད་དུ་བྱ་དང་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་བྱ་བ་དང༌། སྐྱོན་ཐམས་ཅད་ལས་གྲོལ་བར་བྱ་བ་དང༌། ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། དེས་ཆེད་དུ་བྱ་བ་ནི་རྣམ་པ་གསུམ་མོ། །མངོན་ཤེས་


DTG087_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅེས་པ་ནི་སྔོན་དུ་བཤད་པ་རྣམས་སོ། །རྣམ་ཀུན་མཁྱེན་པའི་ཚུལ་ཞེས་པ་ལ་རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྟོགས་པ་ནི་རྣམ་པ་ཀུན་མཁྱེན་ནོ། །དེའི་ཚུལ་ནི་ལམ་མོ། །འཛེག་པ་ནི་ཐེག་པ་ཆེན་པོ་ལ་སྒྲུབ་པའི་འཇུག་པ་སྟེ་རྣམ་པ་དགུར་བརྗོད་དོ། །ད་ནི་གསུམ་བསྒྲུབ་པའི་ཚོགས་བརྗོད་པར་བྱ་བ་སྟེ། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང༌། ཟུང་དུ་འབྲེལ་བའི་ལམ་གང་དང༌། །ཐབས་ལ་མཁས་པ་གང་ཡིན་དང༌། །ཡེ་ཤེས་དང་ནི་བསོད་ནམས་དང༌། །ལམ་དང་གཟུངས་དང་ས་བཅུ་དང༌། །གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་པ་ལ། བྱང་ཆུབ་ཀྱི་ཚོགས་སུ་གྱུར་པས་ཚོགས་བཅུ་བདུན་ཏེ། སྙིང་རྗེའི་ཚོགས་དང༌། སྦྱིན་པའི་ཚོགས་དང༌། ཚུལ་ཁྲིམས་ཀྱི་ཚོགས་དང༌། བཟོད་པའི་ཚོགས་དང༌། བརྩོན་འགྲུས་ཀྱི་ཚོགས་དང༌། བསམ་གཏན་གྱི་ཚོགས་དང༌། ཤེས་རབ་ཀྱི་ཚོགས་དང༌། ཞི་གནས་ཀྱི་ཚོགས་དང༌། ལྷག་མཐོང་གི་ཚོགས་དང༌། ཟུང་དུ་འཇིག་པའི་ལམ་གྱི་ཚོགས་དང༌། ཐབས་ལ་མཁས་པའི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་དང༌། བསོད་ནམས་ཀྱི་ཚོགས་དང༌། ལམ་གྱི་ཚོགས་དང༌། གཟུངས་ཀྱི་ཚོགས་དང༌། སའི་ཚོགས་དང། གཉེན་པོའི་ཚོགས་ཞེས་པའོ། །ཞི་གནས་ཤེས་པ་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་བཅས་པ་ཞེས་པ་ནི་ལྷག་མཐོང་བཅས་པར་འཇུག་པའོ། །ཁྱད་པར་དུ་མཐོང་བ་ནི་ལྷག་མཐོང་སྟེ། ཤེས་རབ་ཅེས་པའི་དོན་ཏོ། །ཟུང་དུ་འབྲེལ་བའི་ལམ་གང་ཞེས་པ་ནི་ཞི་གནས་དང་ལྷག་མཐོང་དག་ནི་ཟུང་ངོ༌། །དེ་མཉམ་པར་འཇུག་པ་ནི་ཟུང་དུ་འབྲེལ་བའི་ལམ་མོ། །ཐབས་ལ་མཁས་པ་གང་ཡིན་དང༌། ཞེས་པ་ལ། སངས་རྒྱས་ཉིད་ཀྱི་ཐབས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་རྣམས་ལ་མཁས་པ་ནི་ཐབས་ལ་མཁས་པའོ། །ཡེ་ཤེས་ཞེས་པ་ནི་སྟོང་པ་ཉིད་ཉི་ཤུའི་ཡེ་ཤེས་སོ། །བསོད་ནམས་ཞེས་པ་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། དེའི་ཡུལ་བརྩོན་འགྲུས་ཀྱང་བསོད་ནམས་སོ། །ལམ་ཤེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའོ། །གཟུངས་དང་ཞེས་པ་ནི་གཟུང་རྣམ་པ་བཞི་རྣམས་ཏེ།


DTG087_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པའི་གཟུངས་དང༌། ཆོས་ཀྱི་གཟུངས་དང༌། དོན་གྱི་གཟུངས་དང༌། སྔགས་ཀྱི་གཟུངས་རྣམས་སོ། །ས་བཅུ་ཞེས་པ་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །གཉེན་པོ་ཞེས་པ་ནི་མཐོང་བ་དང་བསྒོམ་པའི་ལམ་དག་རྣམ་པ་བརྒྱད་དུ་འཆད་པར་འགྱུར་བའི་གནས་སྐབས་ཀྱི་བྱེ་བྲག་གིས་ཏེ། ལམ་དེ་དག་ཉིད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམ་པར་རྟོག་པ་བརྒྱད་སུན་འབྱིན་པར་བྱེད་པ་ཉིད་ཀྱིས་ནི་གཉེན་པོའི་ཕྱོགས་སོ། །སྟོང་པ་ཉིད་ཉི་ཤུ་བརྗོད་པར་བྱ་སྟེ། ནང་དང་ཕྱི་དང་གཉིས་ཀ་དང༌། །དངོས་པོ་སྟོང་པ་ཉིད་དང་ནི། །ཕྱོགས་དང་མྱ་ངན་འདས་ལམ་དང༌། །རྒྱུ་ལས་སྐྱེས་དང་གཞན་པ་དང༌། །མཐའ་ལས་འདས་སོགས་དོར་མེད་དང༌། །རང་བཞིན་དངོས་པོ་ཐམས་ཅད་དང༌། །སྐྱེས་སོགས་ཆོས་རྣམས་འདས་པ་སོགས། །འབྲེལ་དང་གཞན་པའི་གཟུགས་དག་དང༌། །ནམ་མཁའ་སྟོང་པ་བརྗོད་པ་དང། །ཆོས་དང་གཞན་པའི་དངོས་པོ་དང༌། །རང་རང་ངོ་བོས་སྟོང་པ་ཉིད། །སྟོང་པ་ཉི་ཤུ་ཐམ་པར་འདོད། །ཅེས་པའོ། །དེ་ལ་སྟོང་པ་ཞེས་བྱ་བ་ནི་ཐམས་ཅད་དུ་འོད་གསལ་བ་བརྟགས་པའི་རང་བཞིན་ཉིད་ཀྱིས་སྟོང་པའོ་ཞེས་བྱ་བར་བྱམས་པ་ལ་སོགས་པ་བཞེད་དོ། །ནང་ཞེས་པ་ནི་མིག་ལ་སོགས་པའི་དབང་པོ་ལྔའི་བདག་ཉིད་ཀྱིས་ལུས་སྟོང་པ་སྟེ་ནང་སྟོང་པ་ཉིད་དོ། །ཕྱི་ཞེས་པ་ནི་ལུས་ལ་ཕྱི་རོལ་གྱིས་གཟུགས་ལ་སོགས་པ་སྟོང་པ་སྟེ་ཕྱི་སྟོང་པ་ཉིད་དོ། །གཉིས་ཀ་ཞེས་པ་ནི་ལུས་ལས་ཕྱིར་རོལ་མ་ཡིན་པ་དང༌། ལུས་ཀྱི་དབང་པོས་མ་ཁྱབ་པའི་སེན་མོ་ལ་སོགས་པ་དེ་དག་གི་བདག་ཉིད་སྟོང་པ་སྟེ། དེས་ན་དེ་ནི་ཕྱི་ནང་སྟོང་པ་ཉིད་དོ། །དངོས་པོ་སྟོང་པ་ཉིད་ཅེས་པ་ནི་གང་ཟག་ལ་སོགས་པ་སྟོང་པ་སྟེ། དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཕྱོགས་ཞེས་པ་ནི་ཕྱོགས་བཅུ་པོ་རྣམས་སྟོང་པ་སྟེ། དེ་ནི་ཆེན་པོ་སྟོང་པ་ཉིད་དོ། །མྱ་ངན་འདས་ལམ་ཞེས་པ་ནི་ལམ་དང་བཅས་པའི་མྱ་ངན་ལས་འདས་པ་སྟོང་པ་དེ་ནི་དོན་དམ་པ་སྟོང་པ་ཉིད་དོ། །རྒྱུ་ལས་སྐྱེས་དང་གཞན་པ་དང༌། །ཞེས་པ་ལ། རྒྱུ་ལས་སྐྱེས་པའི་ཁམས་གསུམ་པོ་རྣམས་སྟོང་པ་སྟེ། དེ་ནི་འདུས་བྱས་སྟོང་པ་ཉིད་དོ། །གཞན་ནི་མ་སྐྱེས་པ་ལ་སོགས་པ་སྟེ། དེ་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལས་འདས་


DTG087_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དོར་མེད་དང༌། །རང་བཞིན་དངོས་པོ་ཐམས་ཅད་དང༌། །ཞེས་པ་ལ། མཐའ་ལས་འདས་པ་ནི་རྟག་པའི་དངོས་པོ་སྟེ། དེའི་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །སོགས་པའི་སྒྲས་ཐོག་མ་དང་ཐ་མ་མེད་པ་གཟུང་སྟེ་གང་ལ་ཐོག་མ་དང་ཐ་མ་མེད་པ་སྟེ་འཁོར་བའོ། །དེ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དོར་བ་ནི་རྣམ་པར་གཡེང་བ་སྟེ། གང་ལ་དེ་མེད་པ་ནི་དོར་བ་མེད་པ་སྟེ། ཟག་པ་མེད་པ་སྟེ། ཟག་པ་མེད་པའི་ལམ་མོ། །དེའི་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་པ་ཉིད་དོ། །རང་བཞིན་ཞེས་པ་ནི་ཆོས་ཀྱི་དབྱིངས་ཏེ་དེའི་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་དོ། །དངོས་པོ་ཐམས་ཅད་ཅེས་པ་ནི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དེ། དེའི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །སྐྱེ་སོགས་ཆོས་རྣམས་འདས་པ་སོགས། །ཞེས་པ་ལ། སྐྱེ་སོགས་ཆོས་རྣམས་ནི་འདུས་བྱས་ཀྱི་དངོས་པོའི་སྐྱེ་བོ་ལ་སོགས་པའི་ཆོས་ཏེ། སྐྱེ་བ་དང༌། གནས་པ་དང༌། རྒས་པ་དང༌། འདུས་བྱས་ཀྱི་མཚན་ཉིད་ཅེས་པའི་དོན་ཏོ། །དེའི་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདས་པ་ལ་སོག་པ་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་ཏེ་དུས་གསུམ་མོ། །དེའི་སྟོང་པ་ཉིད་ནི་མི་དམིགས་པ་སྟོང་པ་ཉིད་དོ། །འབྲེལ་དང་གཞན་པའི་གཟུགས་ཞེས་པ་ལ་ཡང་དག་པར་འབྲེལ་བའི་གཟུགས་ནི་ཡང་དག་པར་ལྡན་པའི་ཆོས་ཏེ། འབྲས་དང་ཡུངས་ཀར་ལ་སོགས་པའི་ཕུང་པོ་སྟེ། དེའི་སྟོང་པ་ཉིད་ནི་དངོས་པོ་མེད་པ་རང་བཞིན་སྟོང་པ་ཉིད་དོ། །གཞན་པའི་གཟུགས་ནི་དངོས་པོ་མེད་པ་སྟེ། དེ་དག་ཐ་སྙད་དུ་བྱ་བའི་རྒྱུ་འབྲས་དང་ཡུངས་ཀར་ལ་སོགས་པ་ཉིད་དེ། དེའི་སྟོང་པ་ཉིད་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །ནམ་མཁའ་སྟོང་པར་བརྗོད་པ་ཞེས་པ་ལ་ནམ་མཁའ་ཞེས་བྱ་བ་དང་སྟོང་པ་ཞེས་བྱ་བ་སྟེ། དངོས་པོ་དང༌། དངོས་པོ་མེད་པ་ཉིད་དོ། །ཆོས་ཤེས་པ་ལ་ལུང་དང་རྟོགས་པའི་ཆོས་ཏེ། དེའི་སྟོང་པ་ནི་རང་བཞིན་སྟོང་པ་ཉིད་དོ། །གཞན་པའི་དངོས་པོ་དང༌། རང་རང་ངོ་བོས་སྟོང་པ་ཉིད་ཅེས་པ་ལ་གཞན་ནི་ལུས་ལས་ལོགས་ཤིག་པའི་བདག་ཉིད་རང་བཞིན་གྱིས་ཏེ། རང་བཞིན་དེ་ཁོ་ན་ཉིད་ཀྱིས་སྟོང་པས་གཞན་པའི་དངོས་པོ་སྟོང་པ་ཉིད་ཅེས་པའོ། །སྟོང་ཚོགས་རང་བཞིན་མེད་པ་ལ་འགྲོ་བ་


DTG087_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་དེ་དང་དེའི་རྣམ་པར་སྒྲོ་འདོགས་པ་བཅད་པའི་དོན་དུ་སྟོང་པ་ཉིད་ཉི་ཤུར་བརྗོད་དོ། །འདི་རྣམས་ཡོངས་སུ་ཤེས་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ས་བཅུ་ཞེས་པ་ནི་སའི་ཚོགས་སུ་བརྗོད་དོ། །ས་བཅུ་ནི་རབ་ཏུ་དགའ་བ་དང༌། དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་དང༌། བགྲོད་པར་དཀའ་བ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་ནོ། །འདི་རྣམས་ཀྱི་ཚོགས་ནི་དེ་རྣམས་རིམ་པར་རྟོགས་པར་བྱ་བའི་ཕྱིར་གསུངས་པ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང༌། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་བསྟེན་པ་དང༌། །དམ་ཆོས་དམིགས་པ་ཚོལ་བ་དང༌། རྟག་ཏུ་ངེས་འབྱུང་སེམས་ཉིད་དང༌། །སངས་རྒྱས་སྐུར་འདོད་དགའ་བ་དང༌། །ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བ་ཤེས་པར་བྱ། །ཞེས་པ་སྟེ། བསམ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་མི་བསླུ་བའི་བསམ་པའོ། །ཕན་པའི་དངོས་ཉིད་ཅེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་བར་དགྱེས་པར་བྱེད་པའོ། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །ཅེས་པ་ནི། སེམས་ཅན་ཐམས་ཅད་ལ་ཕན་པར་སེམས་པའོ། །གཏོང་དང་ཞེས་པ་ནི་ཐམས་ཅད་གཏོང་བའོ། །བཤེས་གཉེན་བསྟེན་པ་ནི་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའོ། །དམ་ཆོས་དམིགས་པ་ཚོལ་བ་དང༌། །ཞེས་པ་ནི་སངས་རྒྱས་ཀྱི་གསུང་ལ་ཇི་སྲིད་དུ་རབ་ཏུ་འབྱེད་པ་དེ་སྲིད་དུ་ཚོལ་ཞིང་དཔྱོད་པའོ། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང༌། །ཞེས་པ་ནི་ཁྱིམ་གྱི་གནས་ལས་ལོག་པའོ། །སངས་རྒྱས་སྐུར་འདོད་དགའ་བ་དང༌། །ཞེས་པ་ནི་སངས་རྒྱས་ནི་བཅོམ་ལྡན་འདས་ཏེ། ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་སྐུ་གསུམ་དུ་འདོད་པའོ། །ཆོས་སྟོན་པ་དང་ཞེས་པ་ནི་ཟང་ཟིང་ལ་མི་ལྟོས་པའི་སེམས་ཀྱིས་ཆོས་སྟོན་པའོ། །བདེན་པའི་ཚིག་ནི་བཅུ་པ་ཡིན་པར་འདོད། །ཅེས་པ་ལ། བདེན་པའི་ཚིག་ནི་བདེན་པའི་ཚིག་རྣམས་ཏེ། དེ་རྒྱུ་


DTG087_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པར་འདོད་དོ། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །ཞེས་པ་ལ། འདི་དག་ནི་བསམ་པ་ལ་སོགས་པའོ། །ཡོངས་སུ་སྦྱོང་བ་ནི་རྣམ་པར་དག་པའོ། །གཟུང་བ་དང་འཛིན་པའི་རང་བཞིན་མི་དམིགས་པ་ནི་གཉིས་སུ་མེད་པ་ཉེ་བར་དམིགས་པའི་བདག་ཉིད་དོ། །ཤེས་པར་བྱ་ཞེས་པ་ནི་རྟོགས་པར་བྱ་བའོ། །འདི་རྣམས་ནི་རབ་ཏུ་དགའ་བའི་སར་འཇུག་པའི་ཐབས་ཏེ། ཡོངས་སུ་སྦྱོང་བ་བཅུ་པོ་རྣམས་སྟོང་པ་ཉིད་དུ་བསྒོམས་པས། ས་དང་པོ་རབ་ཏུ་དགའ་བ་འཐོབ་པར་འགྱུར་རོ། །ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །བཀུར་སྟི་གུས་པར་ཉན་པ་དང༌། །བརྒྱད་པ་སྦྱིན་པ་ལ་སོགས་བརྩོན། །ཞེས་པ་སྟེ། ཚུལ་ཁྲིམས་ཤེས་པ་ནི་ཚུལ་ཁྲིམས་རྣམ་པ་གསུམ་ཡོངས་སུ་རྫོགས་པའོ། །བྱས་པ་གཟོ་ཞེས་པ་ནི་གཞན་གྱི་ཕན་པ་བྱས་པ་དྲན་པའོ། །བཟོད་ཅེས་པ་ནི་བཟོད་པ་རྣམ་པ་གསུམ་རྫོགས་པའོ། །རབ་ཏུ་དགའ་དང་ཞེས་པ་ནི་དམ་པའི་ལས་ལ་རབ་ཏུ་དགའ་བའོ། །སྙིང་བརྩེ་ཆེ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙིང་རྗེས་བཅིངས་པའོ། །བཀུར་སྟི་ཞེས་པ་ནི་མཁན་པོ་ལ་སོགས་པ་ལ་འདུད་པའོ། །གུས་པ་ཞེས་པ་ནི་དགེ་བའི་བཤེས་གཉེན་གྱིས་བསྟན་པའི་ཆོས་རྣམས་ཉམས་སུ་ལན་པའོ། །བརྩོན་འགྲུས་ཞེས་པ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ལ་སྤྲོ་བའོ། །ལས་བརྒྱད་པོ་འདི་རྣམས་ཀྱིས་ས་གཉིས་པ་དྲི་མ་མེད་པ་ཐོབ་པར་འགྱུར་རོ། །ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང། །འཁོར་བས་ཡོངས་སུ་མི་སྐྱོ་དང༌། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམས་ལྔ། །ཞེས་པ་སྟེ། ཐོས་བས་མི་ངོམས་ཉིད་དང་ནི། །ཞེས་པ་ནི་ཆོས་ཉན་པས་ངོམས་པ་མེད་པའོ། །ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །ཞེས་པ་ནི་རྙེད་པ་ལ་སོགས་པ་ལ་མི་ལྟོས་པའི་སེམས་ཀྱིས་ཆོས་རྣམས་སྟོན་པའོ། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །ཞེས་པ་ནི་རྟེན་དང་བརྟེན་པའི་སངས་རྒྱས་ཀྱི་ཞིང་ཡང་དག་པར་སྦྱོར་བའོ། །འཁོར་བས་ཡོངས་སུ་མི་སྐྱོ་དང༌། །ཞེས་པ་ནི་ཕན་བཏགས་པའི་སེམས་ཅན་རྣམས་ཀྱིས་ཚུལ་མི་སྡུག་པ་བསྟན་པ་ཡང་ཡོངས་སུ་མི་སྐྱོ་བའོ། །


DTG087_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ་ཞེས་པ་ནི་རང་དང་གཞན་གྱི་དབང་དུ་བྱས་ཏེ་མི་དགེ་བའི་ཆོས་རྣམས་ལས་ལྡོག་པ་སྟེ། དེ་ལྟར་རྣམ་པ་ལྔའོ། །རློམ་མེད་བདག་ཉིད་ནི་རྣམ་པར་རྟོག་པ་མེད་པའི་ལས་ཏེ། དེས་ནི་ས་གསུམ་པ་འོད་བྱེད་པ་ཐོབ་པར་འགྱུར་རོ། །ནགས་གནས་འདོད་ཆུང་ཆོག་ཤེས་དང༌། །སྦྱངས་བ་ཡང་དག་སྡོམ་སེམས་དང༌། །བསླབ་པ་ཡོངས་སུ་མི་གཏོང་དང༌། །འདོད་པ་རྣམས་ལ་སྨོད་པ་དང༌། །མྱ་ངན་འདས་དང་བདོག་ཀུན་གཏོང༌། །མི་ཞུམ་པ་དང་ལྟོས་པ་མེད། །ཅེས་པ་སྟེ། ནགས་གནས་ཞེས་པ་ནི་དགོན་པ་ན་གནས་པའོ། །འདོད་ཆུང་ཞེས་པ་ནི་མ་ཐོབ་པའི་རྫས་རྣམས་ལ་མ་ཆགས་པའོ། །ཆོག་ཤེས་ཞེས་པ་ནི་རྙེད་པ་ཐོབ་པས་ཆོག་ཤེས་ཤིང་ལྷག་པ་མི་འདོད་པའོ། །སྦྱངས་བ་ཡང་དག་སྡོམ་བསྟེན་དང༌། །ཞེས་པ་ལ་བསོད་སྙོམས་པ་ལ་སོགས་སྦྱངས་པའི་ཡོན་ཏན་བཅུ་གཉི་བསྟེན་པའོ། །བསླབ་པ་ཡོངས་སུ་མི་གོང་དང༌། །ཞེས་པ་ནི་འཚོ་བའི་ཆེད་དུ་ཡང་བསླབ་པ་རྣམས་ཡོངས་སུ་མི་གཏོང་བའོ། །འདོད་པ་རྣམས་ལ་སྨོད་པ་དང༌། །ཞེས་པ་ནི་འདོད་པའི་ཡོན་ཏན་ལྔ་རྣམས་ལ་སྨོད་པའོ། །མྱ་ངན་འདའ་ཞེས་པ་ནི་འཁོར་བ་ལས་ཟློག་པའོ། །བདོག་ཀུན་གཏོང་ཞེས་པ་ནི་ཀུན་བརྟགས་པར་ཡོད་པ་ཐམས་ཅད་གཏོང་པའོ། །མི་ཞུམ་ཞེས་པ་ནི་དགེ་བ་རྣམས་ཉམས་སུ་བླང་བ་ལ་སེམས་མི་ཞུམ་པའོ། །ལྟོས་པ་མེད་ཅེས་པ་ནི་དངོས་པོ་ཐམས་ཅད་ལ་མི་ལྟོས་པའོ། །སྔོན་བཞིན་དུ་ཡོངས་སུ་སྦྱངས་པ་བཅུའི་ལས་རྣམས་ཀྱིས་ས་བཞི་པ་འོད་འཕྲོ་བ་ཐོབ་པར་འགྱུར་རོ། །འདྲིས་དང་ཁྱིམ་ལ་འཁྲེན་པ་དང༌། །འདུ་འཛིར་གྱུར་པའི་གནས་དང་མི། །བདག་བསྟོད་གཞན་ལ་བརྙས་པ་དང༌། །མི་དགེའི་ལས་ལམ་བཅུ་དང་ནི། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །ཡིད་གཉིས་དང་ནི་ཉོན་མོངས་བཟོད། །བཅུ་པོ་དི་དག་རྣམ་སྤངས་ན་།ས་ལྔ་པ་ནི་ཡང་དག་ཐོབ། །ཅེས་པ་ནི་འདྲིས་དང་ཞེས་པ་ནི་རྙེད་པ་ལ་སོགས་པའི་དོན་དུ་ཕྱུག་པོ་ལ་སོགས་པ་དང་ཡན་དག་པར་སྨྲ་བའོ། །ཁྱིམ་ལ་འཁྲེན་པ་ཞེས་པ་ནི་དད་པ་ཅན་གྱི་ཁྱིམ་ཉེ་བར་མི་སྟོན་པའོ། །འདུ་འཛིར་གྱུར་པའི་གནས་དང་ནི། །ཞེས་པ་སྐྱེ་བོས་ཡོངས་སུ་གང་བའི་གྲོང་ལ་སོགས་པའོ། །བདག་


DTG087_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་གཞན་ལ་བརྙས་པ་དང༌། །ཞེས་པ་ནི་རང་ཉིད་ལ་བསྟོད་དང་ཟེར་ཞིང་གཞན་ལ་སྨོད་པའོ། །མི་དགེ་བའི་ལས་ལམ་བཅུ་དང་ཞེས་པ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་མོ། །རློམ་པ་ཞེས་པ་ནི་ཐོས་པ་ལ་སོགས་པའི་ང་རྒྱལ་ལོ། །ཁེངས་དང་ཞེས་པ་ནི་གཞན་ལ་མི་འདུད་པའོ། །ཕྱིན་ཅི་ལོག་ཅེས་པ་ནི་དགེ་བ་རྣམས་ལ་མི་དགེ་བ་ལ་སོགས་པར་ཕྱིན་ཅི་ལོག་ཏུ་ཞེན་པའོ། །ཡིད་གཉིས་ཞེས་པ་ནི་བདེན་པ་དང༌། དཀོན་མཆོག་དང༌། ལས་དང་འབྲས་བུ་རྣམས་ལ་ཐེ་ཚོམ་སྐྱེས་པའོ། །ཉོན་མོངས་བཟོད་ཅེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ལ་ལྷག་པར་བརྟེན་པའོ། །རྣམ་སྤངས་ནས་ཞེས་པ་ནི་ཐམས་ཅད་དུ་གཉིས་པའི་མཐའ་ཅན་སྦྱར་བར་བྱའོ། །བཅུ་པོ་འདི་དག་རྣམ་པར་སྤངས་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ས་ལྔ་པ་སྦྱང་དཀའ་བ་ཐོབ་པར་འགྱུར་རོ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་པ། །བསླངས་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང༌། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །ཅེས་པ་སྟེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་རྫོགས་པ་ཞེས་པ་ནི་ཆོས་དྲུག་པོ་རྣམས་མི་སྤོང་པ་དང༌། དེ་བཞིན་དུ་ཉན་ཐོས་ལ་མངོན་པར་དགའ་བ་དང༌། རང་སངས་རྒྱས་ལ་མངོན་པར་དགའ་བས་དང༌། དུས་ཡུན་རིང་པོར་ཚོགས་རྣམས་ལ་གོམས་པར་བྱ་བ་ལ་སྐྲག་པའི་སེམས་སྤངས་པ་ཞེས་པ་ནི་གསུམ་པོ་རྣམས་སོ། །གང་གིས་སེམས་མི་ཞུམ་པ་དང༌། བདོག་པ་ཐམས་ཅད་བཏང་ཡང་མི་དགའ་བ་མེད་པ་དང༌། དབུལ་ཡང་སློང་བ་རྣམས་ནི་མི་སྤོང་བ་སྟེ། ཆོས་བཅུ་གཉིས་པོ་འདི་རྣམས་ཀྱིས་ས་དྲུག་པ་མངོན་དུ་གྱུར་པ་ཐོབ་པར་འགྱུར་རོ། །བདག་དང་སེམས་ཅན་འཛིན་པ་དང༌། །སྲོག་དང་གང་ཟག་ཆད་རྟག་དང༌། །མཚན་མ་རྒྱུ་དང་ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་ལ་ཆགས་གནས་དང༌། །སེམས་ནི་ཀུན་དུ་ཞུམ་པ་དང༌། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང༌། །དེ་ལྟར་ལྟ་ལ་མངོན་ཞེན་དང༌། །སྟོང་པ་ཉིད་ལ་རྩོད་པ་དང༌། །དེ་དང་འགལ་བའི་ཉིས་པ་ནི། །ཉི་ཤུ་གང་ལ་


DTG087_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་ཐོབ། །ཅེས་པ་ལ། འཛིན་པ་ཞེས་པ་ནི་མངོན་པར་ཞེན་པ་སྟེ། དེ་ཡང་བདག་གི་སྒྲ་དང་པོར་བྱས་ནས་སྐྱེ་མཆེད་ཀྱི་སྒྲའི་བར་གྱི་ཚིག་བཅུ་གཅིག་པོ་རྣམས་ལ་སོ་སོར་སྦྱར་བར་བྱའོ། །བདག་ཏུ་འཛིན་པ་དང༌། སེམས་ཅན་དུ་འཛིན་པ་དང༌། སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པ་དང༌། ཆད་པར་འཛིན་པ་དང༌། རྟག་པར་འཛིན་པ་དང༌། མཚན་མར་འཛིན་པ་དང༌། རྒྱུར་འཛིན་པ་དང༌། ཕུང་པོར་འཛིན་པ་དང༌། ཁམས་སུ་འཛིན་པ་དང༌། སྐྱེ་མཆེད་དུ་འཛིན་པ་ཞེས་པ་སྟེ། བཅུ་གཅིག་གོ །ཁམས་གསུམ་པ་ལ་ཆགས་གནས་དང༌། །སེམས་ནི་ཀུན་དུ་ཞུམ་པ་དང༌། །ཞེས་པ་ནི་ཁམས་གསུམ་དུ་གནས་པ་ལུས་ཀྱིས་སོ། །ཁམས་གསུམ་པ་ལ་ཆགས་པ་ནི་ཡིད་ཀྱིས་སོ། །སེམས་ཅན་ནི་ཀུན་དུ་ཞུམ་པ་ཞེས་པ་ནི་གཉིས་ཀའོ། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང༌། །དེ་ལྟར་ལྟ་ལ་མངོན་ཞེན་དང། །ཞེས་པ་ནི་གཟུང་བ་དང་འཛིན་པའི་དངོས་པོས་སངས་རྒྱས་སུ་ལྟ་བ་ལ་མི་བརྟེན་པ་དང༌། ཆོས་སུ་ལྟ་བ་ལ་མི་བརྟེན་པ་དང༌། དགེ་འདུན་དུ་ལྟ་བ་ལ་མི་བརྟེན་པ་དང༌། ཚུལ་ཁྲིམས་སུ་ལྟ་བ་ལ་མི་བརྟེན་པ་སྟེ་རྣམ་པ་བཞི་རྣམས་སོ། །སྟོང་པ་ཉིད་ལ་རྩོད་པ་དང༌། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་རྩོད་པ་སྟེ་ཐེག་ཚོམ་ཞེས་པའི་དོན་ཏོ། །དེ་དང་འགལ་བ་ཞེས་པ་ནི་སྟོང་པ་ཉིད་དང་འགལ་བའོ། །དེ་ལྟར་ཉེས་པ་ཉི་ཤུ་ཐམས་ཅད་དང་བྲལ་བ་སྟེ། འཆད་པར་འགྱུར་བའི་ཡོན་ཏན་ཉིད་ཤུ་ཐམ་པ་གང་ལ་ཡོངས་སུ་རྫོགས་པ་དེས་ནི་ས་བདུན་པ་རིང་དུ་སོང་བ་ཐོབ་པར་འགྱུར་རོ། །གང་ཞིག་ཡོན་ཏན་ཉིད་ཤུ་ཐམ་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་རྣམས་བསྟན་པའི་ཕྱིར་གསུངས་པ། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། །འཁོར་གསུམ་རྣམ་པར་དག་ཉིད་དང༌། །སྙིང་རྗེ་དང་ནི་རློམ་མེད་དང༌། །ཆོས་མཉམས་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་དང་ཟད་ཤེས་དང༌། །ཚུལ་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་དུ་འཇོམས་པ་དང༌། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང༌། །ཞི་གནས་ངེས་པར་སེམས་པ་དང༌། །ལྷག་མཐོང་ལ་ནི་མཁས་པ་དང༌། །སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང༌། །ཆགས་པའི་


DTG087_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང༌། །ཀུན་དུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉིད་ཤུའོ། །ཞེས་པ་སྟེ་ཡོན་ཏན་ཉིད་ཤུའོ། །རྣམ་ཐར་སྒོ་གསུམ་ཞེས་པ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་པའོ། །འཁོར་གསུམ་རྣམ་པར་དག་ཉིད་དང། །ཞེས་པ་ནི་སྟེར་བ་པོ་དང༌། ལེན་པ་པོ་དང༌། སྦྱིན་པར་བྱ་བའི་དངོས་པོ་རྣམས་ཏེ། རང་རང་གི་སེམས་སུ་ཡང་བ་ཙམ་གྱིས་བདག་ཉིད་རྟོགས་པའོ། །སྙིང་རྗེས་ཞེས་པ་ནི་ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོའོ། །རློམ་མེད་ཅེས་པ་ནི་གཟུང་བ་དང་འཛིན་པའི་དངོས་པོ་མི་དམིགས་པའོ། །ཆོས་མཉམ་ཉིད་ཅེས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་འོག་གསལ་བ་དེས་མཉམ་ཞིང་སྙོམས་པའོ། །ཚུལ་གཅིག་ཅེས་ཞེས་པ་ནི་འགྲོ་བའི་དོན་བྱེད་པར་ནུས་པའི་ཐེག་པ་ཆེན་པོའི་རང་བཞིན་ནི་ཚུལ་གཅིག་ཅེས་ཅེས་པའོ། །མི་སྐྱེ་བ་དང་ཟད་ཤེས་དང༌། །ཞེས་པ་ནི་ཕུང་པོ་ལྔ་པོ་རྣམས་མ་བསྐྱེད་པར་ཤེས་པ་དང་བརྟགས་པས་སྟོང་པའི་མཚན་ཉིད་ཀྱི་ཟབ་མོའི་ཆོས་ཉིད་ནི་ཟད་པ་ཤེས་པའོ། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །ཞེས་པ་ནི་དེ་ཁོ་ན་ཉིད་ཐེག་པ་ཆེན་པོའི་མཚན་ཉིད་གཅིག་གི་ཚུལ་དུ་སྟོན་པའོ། །རྟོག་པ་ཀུན་དུ་འཇོམས་པ་དང༌། །ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་རྟོག་པ་ཡང་དག་པར་འཇོམས་པའོ། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང༌། །ཞེས་པ་ནི་མཚན་མ་རྣམས་སྤོང་བ་དང༌། ལྟ་བ་ལྔ་པོ་རྣམས་སྤོང་བ་དང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སྤོང་བའོ། །ཞི་གནས་ངེས་པར་སེམས་པ་དང༌། ཞེས་པ་ནི་སེམས་རྩེ་གཅིག་ཏུ་བྱས་ནས་སྒོམ་པའོ། །ལྷག་མཐོང་ལ་ནི་མཁས་པ་དང༌། ཞེས་པ་ལ་ལྷག་མཐོང་ནི་ཤེས་རབ་བོ། །མཁས་པ་ནི་ལྷག་མཐོང་དེ་ལ་མཁས་ཞེས་པའི་དོན་ཏོ། །སེམས་དུལ་ཞེས་པ་ནི་སེམས་ཡོངས་སུ་ཞི་བའོ། །ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཞེས་པ་ནི་གཟུགས་ལ་སོགས་པ་ལ་མི་ཐོགས་པའི་ཡེ་ཤེས་སོ། །ཆགས་པའི་ས་མིན་ཞེས་པ་ནི་མངོན་པར་ཞེན་པའི་གནས་མ་ཡིན་པའོ། །གར་འདོད་པར་ཞིང་གཞན་དུ་ནི་མཉམ་འགྲོ་བ་ཞེས་པ་ལ། ཇི་ལྟར་འདོད་པར་དུས་མཉམ་པར་སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་འགྲོ་བའོ། །ཀུན་དུ་བདག་གི་ངོ་བོ་ནི། །


DTG087_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཉིད་དང་ཞེས་པ་ནི་གདུལ་བྱའི་རྗེས་སུ་མཐོན་པར་ཐམས་ཅད་དུ་བདག་གི་ངོ་བོ་ཡང་སྟོན་པ་ཞེས་པའོ། །ཡོན་ཏན་ཉིད་ཤུ་ཡོངས་སུ་རྫོགས་ཤིང་སྔོན་དུ་གསུངས་པའི་སྐྱོན་ཉིད་ཤུ་པོ་རྣམས་ཡོངས་སུ་སྤངས་པས་ས་བདུན་པ་རིང་དུ་སོང་བ་ཐོབ་པར་འགྱུར་རོ། །སེམས་ཅན་ཀུན་ཡིད་ཤེས་པ་དང༌། མངོན་པར་ཤེས་པས་རྩེ་བ་དང༌། །སངས་རྒྱས་ཞིང་བཟང་བསྒྲུབ་པ་དང༌། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང༌། །བསམས་བཞིན་སྲིད་པ་ལེན་པ་དང༌། །ལས་ནི་རྣམ་པ་འདི་བརྒྱད་བཤད། །ཅེས་པ་སྟེ། སེམས་ཅན་ཀུན་ཡིད་ཤེས་པ་དང༌། །ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པའོ། །མངོན་པར་ཤེས་པས་རྩེ་བ་དང༌། །ཞེས་པ་ནི་འཇིག་རྟེན་གྱི་ཁམས་རྣམས་སུ་རྩེ་བ་ནི་སངས་རྒྱས་ཀྱི་རྣམ་འཕྲུལ་གྱིས་སོ། །མཛེས་པའི་མངོན་པར་ཤེས་པ་ནི་སོ་སོར་གཞོམ་དུ་མེད་པའོ། །སངས་རྒྱས་ཞིང་བཟང་སྒྲུབ་པ་ཞེས་པ་ནི་རྟེན་གྱི་སངས་རྒྱས་ཀྱི་ཞིང་གསེར་གྱི་བྱེ་མ་བརྡལ་བ་ལ་སོགས་པའི་རང་བཞིན་དུ་ཡོངས་སུ་གྱུར་པའོ། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །ཞེས་པ་ནི་རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཡོངས་སུ་བརྟག་པ་བྱས་པར་གྱུར་པའོ། །དེ་ཡོངས་སུ་བརྟག་པའི་མཚན་ཉིད་ནི་སངས་རྒྱས་ལ་གུས་པའོ། །དབང་པོ་ཤེས་ཞེས་པ་ནི་དད་པ་ལ་སོས་པའི་དབང་པོ་མཆོག་དམན་ཤེས་པའོ། །རྒྱལ་བའི་ཞིང་སྦྱོང་ཞེས་པ་ནི་བསྟེན་པའི་སངས་རྒྱས་ཀྱི་ཞིང་གི་བདག་ཉིད་ཀྱི་སེམས་ཅན་ཡོངས་སུ་དག་པར་བྱེད་པའོ། །སྒྱུ་མ་ལྟར་གནས་ཞེས་པ་ནི་ཐམས་ཅད་དུ་སྒྱུ་མ་ལྟ་བུར་ཤེས་པའོ། །བསམས་བཞིན་སྲིད་པ་ལེན་པ་དང༌། །ཞེས་པ་ནི་སེམས་ཅན་གྱི་དོན་དུ་ལྟ་བའི་བློ་མངོན་དུ་སོང་བས་སྐྱེ་བ་ལེན་པ་སྟེ། དངོས་པོ་བརྒྱད་པོ་འདི་རྣམས་ཀྱིས་ས་བརྒྱད་པ་མི་གཡོ་བ་ཐོབ་པར་འགྱུར་རོ། །སྨོན་ལམ་དག་ནི་མཐའ་ཡས་དང༌། །ལྷ་ལ་སོགས་པའི་སྐད་ཤེས་དང༌། །སྤོབས་པ་ཆུ་བོ་ལྟ་བུ་དང༌། །མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང༌། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་པ་སྟེ། སྨོན་ལམ་དག་ནི་མཐའ་


DTG087_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཞེས་པ་ནི་སྨོན་ལམ་གྱི་དོན་མཐའ་ཡས་པ་ཐོབ་པའོ། ལྷ་ལ་སོགས་པའི་སྐད་ཤེས་པ་ནི་ལྷ་རྣམས་དང༌། སེམས་ཅན་ཐམས་ཅད་ཀྱི་སྐད་ཡོངས་སུ་ཤེས་པའོ། །སྤོབས་པ་ཆུ་བོ་ལྟ་བུ་དང༌། །ཞེས་པ་ནི་ཆུ་བོའི་རྒྱུན་ལྟར་དངོས་པོ་སོ་སོ་རྣམས་ལ་མི་ཟད་པའི་སྤོབས་པ་ཕུན་སུམ་ཚོགས་པ་སྟེ། མཐའི་ཕུན་སུམ་ཚོགས་པ་ཞེས་པ་འདི་ནས་བཟུང་ནས་ཐམས་ཅད་དུ་སྦྱར་བར་བྱའོ། །མངལ་དུ་འཇུག་པ་མཆོག་དང་ནི། །ཞེས་པ་ལ། སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པའི་མངལ་དུ་འཇུག་པ་ཕུན་སུམ་ཚོགས་པའོ། །རིགས་དང་རུས་དང་ཞེས་པ་ནི་རྒྱལ་པོ་ལ་སོགས་པའི་མཚན་ཉིད་ནི་རིགས་ཕུན་སུམ་ཚོགས་པའོ། །རྗེའུ་རིགས་ལ་སོགས་པའི་མཚན་ཉིད་ནི་རུས་ཕུན་སུམ་ཚོགས་པའོ། །ཆོ་འབྲང་ཞེས་པ་ནི་ཉེ་དུ་ལ་སོགས་པའི་རྗེས་སུ་འབྲང་བའི་མཚན་ཉིད་ཀྱིས་ཆོ་འབྲང་ཕུན་སུམ་ཚོགས་པའོ། །འཁོར་དང་ཞེས་པ་ནི་རང་གི་བྱང་ཆུབ་ཀྱི་འཁོར་ཕུན་སུམ་ཚོགས་པའོ། །སྐྱེ་བ་ཞེས་པ་ནི་དབང་པོ་ལ་སོགས་པར་སྐྱེས་པ་ནི་སྐྱེ་བ་ཕུན་སུམ་ཚོགས་པའོ། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི། །ཞེས་པ་ནི་སངས་རྒྱས་ལ་སོགས་པས་བསྐུལ་བའི་ངེས་པར་འབྱུང་བ་སྟེ། ངེས་འབྱུང་ཕུན་སུམ་ཚོགས་པའོ། །ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཤིང་ཨ་ཤྭད་ཐ་ལ་སོགས་པ་ནི་བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པའོ། །ཡོན་ཏན་ཕུན་སུམ་ཚོགས་པ་ཞེས་པ་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། ཡོན་ཏན་ཕུན་སུམ་ཚོགས་པའོ། །དངོས་པོ་བཅུ་གཉི་པོ་འདི་རྣམས་ཀྱིས་ས་དགུ་པ་ལེགས་པའི་བློ་གྲོས་ཐོབ་པར་འགྱུར་རོ། །འཆད་པར་འགྱུར་བ་ས་དགུ་པོ་གང་རྣམས་ཀྱིས་ཚོགས་དེ་རྣམས་ཐམས་ཅད་བསྡོམས་པ་ནི་ས་བཅུ་པའི་ཚོགས་ཡིན་ཞིང༌། དོན་གྱི་ཤུགས་ཀྱིས་ཤེས་པར་བྱ་བས་དེའི་ཚོགས་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །ས་བཅུ་པ་ནི་རང་བཞིན་བསྟན་པའི་ཕྱིར་གསུངས་པ། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་པ་སྟེ། ས་དགུ་འདས་ནས་ཞེས་པ་ནི། །རིགས་ལ་སོགས་པའི་ས་དགུ་སྟེ། དེ་ལ་རིགས་ཀྱི་ས་ནི་མྱ་ངན་ལས་འདས་པའི་


DTG087_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཅན་ནོ། །བརྒྱད་པའི་ས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོ་སོར་ཞུགས་པའོ། །མཐོང་བའི་ས་ནི་རྒྱུན་དུ་ཞུགས་པ་རྣམས་ཀྱིའོ། །བསྲབས་པའི་ས་ནི་ལན་ཅིག་ཕྱིར་འོང་བ་རྣམས་ཀྱིའོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བ་རྣམས་ཀྱིའོ། །བྱས་པས་བསྲུང་བའི་ས་ནི་སོ་སོར་ཞུགས་པ་གསུམ་གྱིའོ། །ཉན་ཐོས་ཀྱིས་ས་ནི་ཉན་ཐོས་ཀྱི་སའོ། །རང་སངས་རྒྱས་ཀྱི་ས་ནི་རང་སངས་རྒྱས་ཀྱིའོ། །བྱང་ཆུབ་སེམས་དཔའི་ས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། སྔོན་དུ་བརྗོད་པའི་ས་དགུ་པོ་རྣམས་གཅིག་ཏུ་བསྡུས་ནས་སོ། །ས་དགུ་པོ་འདི་རྣམས་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་དཔའི་ཡེ་ཤེས་གང་གིས་ཀུན་དུ་འོད་སངས་རྒྱས་པའི་སར་གནས་པར་འགྱུར་བའི་ཡེ་ཤེས་ཀྱི་བདག་ཉིད་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པའོ། །ས་རྣམས་ཀྱི་ཚོགས་དག་བརྗོད་ནས། ད་ནི་གཉེན་པོའི་ཚོགས་རྣམས་བརྗོད་པར་བྱ་བས་དེའི་དབང་དུ་བྱས་ནས་གསུངས་པ། མཐོང་དང་བསྒོམ་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་པ་སྟེ། མཐོང་བའི་ལམ་ལ་གནས་སྐབས་ཀྱི་བྱེ་བྲག་བཞིའི་བདག་ཉིད་ཀྱིས་གཉེན་པོ་རྣམ་པ་བཞིའོ། །བསྒོམ་པའི་ལམ་ལ་གནས་སྐབས་བཞིའི་བྱེ་བྲག་གི་བདག་ཉིད་ཀྱིས་གཉེན་པོའི་རྣམ་པ་བཞི་རྣམས་སོ། །མཐོང་བ་དང་བསྒོམ་པའི་ལམ་དག་གནས་སྐབས་བྱེ་བྲག་གི་བདག་ཉིད་ཀྱིས་གཉེན་པོ་རྣམ་པ་བརྒྱད་དུ་ཤེས་པར་བྱའོ། །དེ་ཅིའི་དོན་དུ་ཤེས་པར་བྱ་ཞེས་བྱ་བ་ལ་གསུངས་པ། གཟུང་བ་ཞེས་པ་ལ་སོགས་པ་ལ་དངོས་པོ་ཙམ་གྱི་རང་བཞིན་དུ་གནས་པ་དང༌། གཉེན་པོའི་དངོས་པོར་གནས་པ་སྟེ། གཟུང་བའི་རྣམ་རྟོག་གཉིས་སོ། །གང་ཟག་རྫས་ཀྱི་རང་བཞིན་དང༌། གང་ཟག་བཏགས་པ་ལ་བརྟེན་པའི་རང་བཞིན་ཏེ། འཛིན་པའི་རྣམ་རྟོག་རྣམ་པ་གཉིས་སོ། །མཐོང་བའི་ལམ་ལ་གཟུང་བ་དང་འཛིན་པའི་རྣམ་རྟོག་རྣམ་པ་བཞིའོ། །བསྒོམ་པའི་ལམ་ལ་ཡང་གཟུང་བ་དང་འཛིན་པའི་རྣམ་རྟོག་རྣམ་པ་བཞི་སྟེ། གཟུང་བ་དང་འཛིན་པའི་རྣམ་རྟོག་བརྒྱད་པོ་མི་མཐུན་པའི་ཕྱོགས་དེ་རྣམས་ཉེ་བར་ཞི་བར་བྱ་བ་དང་སྤང་པའི་ཕྱིར་གཉེན་པོ་རྣམ་པ་


DTG087_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དུ་རྟོགས་པར་བྱའོ། །སྒྲུབ་པའི་ངེས་པར་འབྱུང་བ་སྟེ་བཞི་པ་གསུངས་པ། ཆེད་དུ་བྱ་དང་མཉམ་ཉིད་དང༌། །སེམས་ཅན་དོན་དང་འབད་མེད་དང༌། །ཤིན་ཏུ་ངེས་པར་འབྱུང་བ་དང༌། རྣམ་པའི་མཚན་ཉིད་ངེས་འབྱུང་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དུ། །ངེས་འབྱུང་ལམ་གྱི་སྤྱོད་ཡུལ་ཅན། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་པ་སྟེ། ཆེད་དུ་བྱ་ཞེས་པ་ནི་སེམས་ཅན་ཆེན་པོ་ལ་སོགས་པ་རྣམ་པ་གསུམ་གྱི་བྱེ་བྲག་གིས་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་མཆོག་གི་བདག་ཉིད་བྱེད་པའོ། །མཉམ་ཉིད་ཅེས་པ་ནི་རང་གསལ་བའི་བདག་ཉིད་ཀྱི་ཆོས་ཐམས་ཅད་གཟུང་བ་དང་འཛིན་པས་སྟོང་པར་མཉམ་པའོ། །སེམས་ཅན་དོན་ཞེས་པ་ནི་ཇི་སྲིད་ནམ་མཁར་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་བྱེད་པའོ། །འབད་མེད་ཅེས་པ་ནི་ཚིགས་མེད་པར་སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པའོ། །ཤིན་ཏུ་ཞེས་པ་ནི་རྟག་པ་དང་ཆད་པའི་མཐའ་གཉིས་ལ་མཉམ་པའི་རང་བཞིན་ལ་གནས་པའི་ངེས་འབྱུང་ཐོབ་པའི་མཚན་ཉིད་ཅེས་པ་ནི་ཐེག་པ་གསུམ་གྱི་དོན་ཐོབ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཞེས་པ་ནི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པའོ། །ངེས་འབྱུང་ལམ་གྱི་སྤྱོད་ཡུལ་ཅན་ཞེས་པ་ནི་ཉན་ཐོས་ལ་སོགས་པ་དང༌། ཐུན་མོང་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི་བདག་ཉིད་ནི་བྱང་ཆུབ་སེམས་དཔའི་ཡུལ་ཡིན་ནོ། །དེ་ལྟར་ཆེད་དུ་བྱའི་ངེས་པར་འབྱུང་བ་དང༌། མཉམ་པ་ཉིད་དུ་ངེས་པར་འབྱུང་བ་དང༌། སེམས་ཅན་གྱི་དོན་དུ་ངེས་བར་འབྱུང་བ་དང༌། ཚོགས་མེད་པར་ངེས་པར་ངེས་པར་འབྱུང་བ་དང༌། ཤིན་ཏུ་ངེས་པར་འབྱུང་བ་དང༌། ཐོབ་པའི་ངེས་པར་འབྱུང་བ་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ངེས་པར་འབྱུང་བ་དང༌། ལམ་གྱི་ངེས་པར་འབྱུང་བ་ཞེས་པ་སྟེ། ཡུལ་གྱི་དབྱེ་བས་བསྒྲུབ་པའི་ངེས་པར་འབྱུང་བ་རྣམ་པ་བརྒྱད་གསུངས་སོ། །མངོན་པར་རྟོགས་པའི་རྒྱུན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་ལས་སྐབས་དང་པོའི་འགྲེལ་པའོ།། །།

སྐབས་གཉིས་པའི་འགྲེལ་པ།


DTG087_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ལམ་ཤེས་བསྟན་པའི་ཕྱིར་གསུངས་པ། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་བོར་མཛད་དང༌། །ཡུལ་ངེས་པ་དང་ཁྱབ་པ་དང༌། །


DTG087_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དང་ནི་དེ་ཡི་ལས། །ཞེས་པ་སྟེ། མོག་མོག་པོར་མཛད་ཅེས་པ་ནི་ང་རྒྱལ་གྱིས་རབ་ཏུ་མྱོས་པའི་ལྷའི་རིགས་རྣམས་ཀྱི་འོད་མེད་པར་མཛད་པའོ། །འོད་ཀྱིས་ཞེས་པ་ནི་སངས་རྒྱས་ཀྱི་སྐུའི་འོད་ཀྱིས་སོ། །དོན་ཅིའི་ཕྱིར་ཞེས་པ་ལ་གསུངས་པ། རུང་བར་བྱ་བའི་ཕྱིར་ཞེས་པ་སྟེ། རུང་བ་ནི་གཅིག་ནས་གཅིག་ཏུ་བརྒྱུད་ནས་སངས་རྒྱས་ཉིད་དུ་བྱེད་པའི་ཕྱིར་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཉིད་དོ། །དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བའི་ཕྱིར་མོག་མོག་པོར་བྱས་ཞེས་པའི་དོན་ཏོ། །འཇིག་རྟེན་པ་ཐམས་ཅད་ལས་མཐོ་ཞིང་ཕུལ་དུ་གྱུར་པའི་བཅོམ་ལྡན་འདས་ཏེ། དེས་ན་དེའི་རང་བཞིན་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ཞེས་པའི་དོན་ཏོ། །ཡུལ་ངེས་པ་དང་ཞེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡུལ་ལ་སྐལ་པ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་ཡིན་གྱི། ཉན་ཐོས་ལ་སོགས་པའི་རིགས་ཅན་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཁྱད་པ་ཞེས་པ་ནི་ཞི་བ་བགྲོད་པ་གཅིག་པའི་ཉན་རང་གི་བྱང་ཆུབ་ཉིད་ལ་ངེས་པས་ན་དེ་མ་གཏོགས་པ་གཞན་བྱང་ཆུབ་ཏུ་གྱུར་པའི་ཉན་ཐོས་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ཞེས་པ་སྟེ། དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པས་འདི་རྣམས་ཐམས་ཅད་ལ་ཁྱབ་པའོ། །རང་བཞིན་ཞེས་པ་ནི་སེམས་ཅན་གྱི་དོན་དུ་མྱ་ངན་ལས་འདས་པ་ལ་ཞེན་པ་སྤོང་བ་དང་ཉོན་མོངས་པ་ཐམས་ཅད་ཡོངས་སུ་མི་གཏོང་བའི་རང་བཞིན་ནོ། །དེའི་ལས་ཞེས་པ་ནི་ཇི་སྲིད་ནམ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་རྣམས་ཀྱི་དོན་སྐལ་བ་ཇི་ལྟ་བ་བཞིན་དུ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ལས་སོ། །ལམ་ཤེས་པ་ནི་བྱང་ཆུབ་སེམས་དཔའ་འབའ་ཞིག་གི་ཡིན་ཏེ། དེས་ན་ཉན་ཐོས་ལ་སོགས་པའི་ལམ་འདིར་བསྟན་པར་མི་རིགས་སོ་སྙམ་པ་ལ། བྱང་ཆུབ་སེམས་དཔས་ཉན་ཐོས་ལ་སོགས་པའི་ལམ་ལ་རང་གི་ཤེས་རབ་ཀྱིས་དག་པར་བྱས་ཏེ་གོམས་པར་བྱ་བ་ཡིན་པས་དེས་ན་ཉན་ཐོས་ཀྱི་ལམ་གསུངས་པ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་པ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་ཉིད་དང༌། སྡུག་


DTG087_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བ་ཉིད་དང༌། སྟོང་པ་ཉིད་དང༌། ཞི་བ་ཉིད་དང་ཞེས་པ་སྟེ་རྣམ་པ་བཞིའོ། །ཞི་བ་ཞེས་པ་ནི་བདག་མེད་པའི་དོན་ཏོ། །ཀུན་འབྱུང་གི་བདེན་པ་ལ་ཀུན་འབྱུང་བ་དང༌། རྒྱུ་ཉིད་དང༌། རབ་ཏུ་སྐྱེ་བ་ཉིད་དང༌། རྐྱེན་ཉིད་དང༌། ནད་དང༌། འབྲས་དང༌། ཕོལ་མིག་དང༌། མི་སྡུག་པ་ཞེས་པ་སྟེ། རྣམ་པའི་དབྱེ་བ་བརྒྱད་དོ། །ཡང་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དག་ལ་གཞན་པ་ཉིད་དང༌། འཇིག་པའི་ཆོས་ཅན་ཉིད་དང༌། མི་རྟག་པ་ཉིད་དང༌། ཞི་གནས་ཉིད་དང་ཞེས་པ་ནི་རྣམ་པའི་དབྱེ་བ་བཞིའོ། །ཡང་དེ་དག་ལ་འཇིགས་པ་ཉིད་དང༌། འཚེ་བ་ཉིད་དང༌། འདྲེན་པ་ཉིད་དང་ཞེས་པ་སྟེ་རྣམ་པའི་དབྱེ་བ་གསུམ་མོ། །འགོག་པའི་བདེན་པ་ལ་བདག་ཉིད་ཉིད་དང༌། ཞི་བ་ཉིད་དང༌། རྣམ་པར་བྲལ་བ་ཉིད་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་ཉིད་དང༌། སྨོན་པ་མེད་པ་ཉིད་དང༌། མངོན་པར་འདུས་མ་བྱས་པ་ཉིད་དང་ཞེས་དཔ་སྟེ་རྣམ་པའི་དབྱེ་བ་བདུན་ནོ། །ལམ་གྱི་བདེན་པ་ལ་ལམ་ཉིད་དང༌། རིག་པ་ཉིད་དང༌། སྒྲུབ་པ་ཉིད་དང༌། ངེས་པར་འབྱིན་པ་ཉིད་དང་ཞེས་པ་རྣམ་པའི་དབྱེ་བ་བཞི་སྟེ། དེ་རྣམས་ནི་ཉན་ཐོས་རྣམས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་པའི་ལམ་མོ། །བྱང་ཆུབ་སེམས་དཔས་རྣམ་པ་དེ་རྣམས་ལ་གཟུང་བ་དང་འཛིན་པའི་རང་བཞིན་དུ་མི་དམིགས་ཤིང་གཉིས་སུ་མེད་པ་ཡོངས་སུ་དམིགས་པའི་བདག་ཉིད་ཀྱིས་དེ་ཁོ་ན་ཉིད་སོ་སོར་རིག་པའི་ལམ་འདིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་དོ། །ཉན་ཐོས་རྣམས་ཀྱི་དྲོད་ལ་སོགས་པའི་ལམ་གཞན་ལོགས་ཤིག་ཏུ་གསུངས་པ། དེ་ལྟར་བྱང་ཆུབ་སེམས་དཔའི་ཡང་དག་པར་བྱ་སྟེ་དེ་ལྟར་གསུངས་པ། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །དྲོ་བ་དེ་དག་མི་དམིགས་པས། །རྩེ་མོར་གྱུར་བ་དག་ཏུ་འདོད། །དེ་ལ་རྟགས་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ། །ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམ་མ་གཟིགས་ཕྱིར། །ཞེས་པ་སྟེ། གཟུགས་ལ་སོགས་པ་


DTG087_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་དེ་དེའི་སྟོང་པ་ཉིད་དང༌། གཟུགས་ལ་སོགས་པའི་སྟོང་པ་རྣམས་དབྱེར་མེད་པ་དག་དྲོད་དུ། །དེ་རྣམས་ཤེས་པ་ནི་གཟུགས་ལ་སོགས་པ་མི་དམིགས་པས་རྩེ་མོར་གྱུར་པའོ། །དེ་ལ་ཞེས་པ་ནི་གཟུགས་ལ་སོགས་པ་ལ་རྟག་པ་དང་མི་རྟག་པར་གནས་པ་བཀག་པ་ནི་བཟོད་པར་བཞེད་དོ། །ས་བཅུ་ཞེས་པ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་དང་པོར་བྱས་ནས་ཆོས་ཐམས་ཅད་ལ་ངག་གི་ཚོགས་རྒྱས་པར་མི་གནས་པར་བསྟན་པ་སྟེ། གཟུང་བ་དང་འཛིན་པར་བརྟགས་པའི་ཚུལ་གྱིས་ཐམས་ཅད་ཁས་བླང་དུ་མེད་པར་སྟོན་པའོ། །འོན་ཆོས་ཐམས་ཅད་བརྟགས་པའི་ཚུལ་ཅན་དུ་མི་གནས་པ་དང༌། སོ་སོར་རིག་པའི་བདག་ཉིད་གསལ་བ་ཙམ་གྱི་ཚུལ་ལོ་ཞེས་པ་འདི་དག་ཇི་ལྟར་ཤེས་སྙམ་པ་ལ་གསུངས་པ། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས་ཞེས་པ་སྟེ། བཅོམ་ལྡན་འདས་ཀྱིས་བརྟགས་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་ཆོས་རྣམས་ཡང་དག་པར་མ་གཟིགས་པ་ཉིད་ཡིན་གྱི། ཡང་གསལ་བའི་བདག་ཉིད་ཙམ་གྱིས་གཟིགས་པ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དབང་པོར་བྱས་པ་མེད་པར་ཐལ་བའི་ཕྱིར་རོ། །ཀུན་རྫོབ་ཏུ་སངས་རྒྱས་བཅོམ་ལྡན་འདས་མེད་པ་མ་ཡིན་ནོ་ཞེ་ན། གཞན་བེམས་པོ་ལས་ལོག་པ་ཚོགས་པ་གཉིས་སུ་མེད་པ་དེ་མ་གྲུབ་ན་ཀུན་རྫོགས་ཀུན་ལྟོས་པ་མེད་པས་མ་གྲུབ་པར་ཐལ་བར་འགྱུར་རོ་ཞེས་པ་ནི་ཆོས་མཆོག་གི་རྟོགས་པར་གསུངས་སོ། །འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་པ་ཉན་ཐོས་ཀྱི་ལམ་ལ་ཡང་བྱང་ཆུབ་སེམས་དཔས་རྣམ་པར་གཞག་པར་ཤེས་པར་བྱ་བའི་དོན་ཏོ། །ཉན་ཐོས་ཀྱི་ལམ་ལས་རང་སངས་རྒྱས་ཀྱི་ལམ་ཁྱད་པར་དུ་འཕགས་པར་བསྟན་པ་འདོད་ནས་ཉན་ཐོས་ཀྱི་སངས་རྒྱས་ལས་རང་སངས་རྒྱས་ཀྱི་སངས་རྒྱས་ཉིད་ཁྱད་པར་དུ་གསུངས་པ། རང་བྱུང་བ་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཀྱང་མི་དགོས་ལ། བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པ་བརྗོད། །ཅེས་པ་སྟེ། །ཅེས་པ་སྟེ། ཉན་ཐོས་རྣམས་ནི་གཞན་ལས་ཐོས་ནས་རྣམ་པར་གྲོལ་པའོ། །རང་སངས་རྒྱས་ནི་གཞན་ནི་གཞན་གྱིས་བསྟན་པ་ལ་མི་ལྟོས་པ་ཉིད་དེ་སྔོན་གོམས་པར་བྱས་པའི་སྟོབས་ཀྱིས་


DTG087_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བར་འགྱུར་རོ། །དེ་བས་ན་དེ་རྣམས་ལ་གཞན་གྱིས་བསྟན་མི་དགོས་ཞེས་པ་ནི་ཁྱད་པར་འཕགས་པ་གཅིག་གོ །ཉན་ཐོས་ནི་ཚིག་གི་སྒོ་ནས་གཞན་རྣམས་ལ་ཆོས་རྣམས་གོ་བར་བྱེད་པའོ། །རང་སངས་རྒྱས་ནི་ཚིག་མེད་པར་སྨོན་ལམ་གྱི་སྟོབས་ཀྱིས་ཡེ་ཤེས་ཀྱི་ནུས་པས་གཞན་རྣམས་ལ་ཆོས་ཀྱིས་གོ་བ་སྟོན་པར་བྱེད་དོ་ཞེས་པ་སྟེ། ཡེ་ཤེས་ཟབ་པ་འདིས་ནི་ཁྱད་པར་འཕགས་པ་གཉིས་པའོ། །ཚིག་མེད་པར་ཆོས་རྣམས་བསྟན་པར་ཇི་ལྟར་ནུས་ཞེས་དོགས་པ་ལ་གསུངས་པ། གང་གང་དོན་ནི་གང་གང་ལ། །ཇི་ལྟར་ཉན་དེ་དང༌། །དེ་ལ་སྒྲ་མེད་ཀྱང་དོན་དེ། །དེ་ནི་དེ་ལྟ་དེ་ལྟར་སྣང༌། །ཞེས་པ་སྟེ། ཚིགས་བཅད་འདིའི་དོན་ནི་གོ་སླའོ། །རང་སངས་རྒྱས་ཀྱི་བྱེ་བྲག་མངོན་པར་བསྟན་ནས། དེའི་ལམ་གྱི་བྱེ་བྲག་ཀྱང་གསུངས་པ། གཟུང་བའི་རྟོག་པ་ཉམས་ཕྱིར་དང༌། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་པ་སྟེ། གཟུངས་བའི་དོན་གྱི་རྟོག་པ་དང༌། འཛིན་པའི་དོན་གྱི་རྟོག་པ་རིམ་པ་ཇི་ལྟ་བ་བཞིན་དུ་སྤངས་པ་དང༌། མ་སྤངས་པ་དང༌། རང་སངས་རྒྱས་ཀྱི་ཐེག་པས་ཡང་དག་པར་བསྡུས་པའི། །བརྟེན་པའི་ཆོས་ཀྱི་རྟེན་དུ་གྱུར་པ་དང༌། ཇི་ལྟར་གསུངས་པའི་བདེན་པ་བཞིའི་བདག་ཉིད་རྣམས་ནི་རང་སངས་རྒྱས་ཀྱི་ལམ་མོ། །དེ་ཡང་བྱང་ཆུབ་སེམས་དཔས་སྟོང་པ་ཉིད་ཀྱིས་རྣམ་པར་དག་པར་བྱ་བར་རྟོགས་པར་བྱའོ། །རང་སངས་རྒྱས་ཀྱི་ལམ་གྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཇི་ལྟ་བ་ཡིན་པ་དེ་བྱང་ཆུབ་སེམས་དཔས་རྟོགས་པར་བྱ་བ་དེ་ལྟ་བུ་གསུངས་པ། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོ་གྱུར་པ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །ཅེས་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་བཏགས་པའི་ཡོད་པ་ཀུན་རྫོབ་ཀྱི་གནས་སྐབས་དེའི་མི་འགལ་བ་ནི་གཟུགས་ལ་སོགས་པའི་ཕུང་པོའི་ཆོས་ཉིད་


DTG087_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་སྟེ། གཟུགས་བསྟན་པ་ལས་དེའི་རྣམ་པ་ནི་དྲོད་ཀྱི་རྟོགས་པའོ། །བཏགས་པའི་ཡོད་པ་གཉིས་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་འཕེལ་བ་མེད་ཅིང་འབྲི་བ་མེད་པ་ཞེས་པ་རྩེ་མོར་གྱུར་པའི་རྟོགས་པའོ། །ཇི་སྐད་གཟུངས་པའི་སྟོང་པ་ཉིད་ཉི་ཤུ་པོ་རྣམས་ཀྱིས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཁས་མི་ལེན་བ་ནི་བཟོད་པའི་རྟོགས་པའོ། །གཟུགས་ལ་སོགས་པའི་ཕུང་པོ་རྣམས་སོ་སོར་མ་སྐྱེས་ཤིང་མི་འགག་པའི་ཚུལ་ནི་ཆོས་ཀྱི་མཆོག་གི་རྟོགས་པའོ། །འདི་ནས་གཟུང་སྟེ་བྱང་ཆུབ་སེམས་དཔའི་ལམ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་མཐོང་བའི་ལམ་གསུངས་པ། བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །ཞེས་པ་སྟེ། བདེན་པ་སོ་སོ་ལ་སྐད་ཅིག་མ་བཞི་བཞི་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པ་སྟེ། དེ་ལྟར་ཀུན་འབྱུང་གི་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་རྣམས་ལ་ཡང་སྟེ། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ལ་སྐད་ཅིག་མ་འདི་རྣམས་ཀྱིས་མཐོང་ལམ་འདི་བརྗོད་པའོ། །ཕན་ཡོན་བཅས་པ་འདི་ཞེས་པ་ནི་མདོ་རྣམས་ལས་ཕན་ཡོན་རྒྱས་པར་གསུངས་པ་དེ་འདིར་མདོར་བསྡུས་ནས་བརྗོད་ཅེས་པའི་དོན་ཏོ། །ཚིགས་སུ་བཅད་པ་ལྔས་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་སྐད་ཅིག་མ་བཅུ་དྲུག་པོ་འདི་རྣམས་ཀྱི་རང་བཞིན་བསྟན་པའི་ཕྱིར་གསུངས་པ་བཞིན་བསྟན་པའི་ཕྱིར་གསུངས་པ། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །ཆེན་པོ་ཚད་མེད་ཉིད་དང་བཅས། །དཔག་མེད་མཐའ་གཉིས་མེད་པ་དང༌། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །བླང་མེད་དོར་བ་མེད་སོགས་དང༌། །བྱམས་ལ་སོགས་དང་སྟོང་ཉིད་དང༌། །སངས་རྒྱས་ཉིད་ནི་ཐོབ་པ་དང༌། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང༌། །ཉམ་ང་བ་དང་ནད་ཀུན་


DTG087_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སེལ། །མྱ་ངན་འདས་འཛིན་ཞི་ཉིད་དང༌། །སངས་རྒྱས་རྣམས་ཀྱིས་སྲུང་ལ་སོགས། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། ལམ་ཤེས་ཉིད་སྐད་ཅིག་མ། །ཞེས་པ་སྟེ། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་དང་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །ཞེས་པ་ལ་སོགས་པ་ལ། །གཟུགས་ལ་སོགས་པའི་སྟོང་པ་ཉིད་དང་སངས་རྒྱས་དག་རྟེན་དང་བརྟེན་པ་མེད་པས་དེའི་བདག་ཉིད་དེ། །དེ་བས་ན་རྣམ་གྲངས་ཀྱི་དབྱེ་བ་ཁས་མི་ལེན་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོ་པའོ། །ཆེན་པོ་ཚད་མེད་ཉིད་དང་བཅས། །ཞེས་པ་ནི་ཚད་མེད་པ་དང་བཅས་པ་དེས་འཇུག་ཅེས་པས་ཚད་མེད་བཅས་ཏེ་ཆེན་པོ་དང་ཚད་མེད་པ་ཞེས་པའི་དོན་ཏོ། །གཟུགས་ལ་སོགས་པ་ཐམས་ཅད་དུ་ཡུལ་དང་དུས་ཀྱི་དངོས་པོ་མེད་པར་ཡོངས་སུ་མ་ཆད་པས་ཆེན་པོ་ཞེས་པ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའོ། །གཟུགས་ལ་སོགས་པ་ཚད་འདི་དག་ཙམ་མོ་ཞེས་ཡོངས་སུ་བཅད་པས་ཚད་གཟུང་དུ་མེད་པས་ཚད་མེད་པ་ཞེས་པ་སྟེ། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དཔག་མེད་མཐའ་ཉིད་མེད་པ་དང༌། །ཞེས་པ་ལ་མཐའ་ཉིད་ནི་མཐའ་སྟེ། དཔག་པ་དང་མཐའ་དག་མེད་པ་ཞེས་དཔག་མེད་མཐའ་མེད་ཅེས་པའི་དོན་ཏོ། །གཟུགས་ལ་སོགས་པ་རྣམ་གྲངས་སུ་བགྲང་བས་ཡོངས་སུ་གཅད་དུ་མེད་པས་ན་དཔག་མེད་ཅེས་པ་སྟེ། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །གཟུགས་ལ་སོགས་པ་རྣམས་ཀྱི་མཐའ་མེད་པས་ན་མཐའ་མེད་ཅེས་པ་སྟེ། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ། །གཟུགས་ལ་སོགས་པ་ཞེས་པའི་ཚིག་ནི་ཐམས་ཅད་དུ་ཚིག་རྐང་ལ་སྦྱར་བར་བྱའོ། །དེར་གནས་སངས་རྒྱས་ཉིད་ཅེས་པ་ནི་དེ་ལ་གཟུགས་ལ་སོགས་པའི་དེ་བཞིན་ཉིད་འདི་ལ་གནས་པ་རྟེན་པ་སྟེ། སངས་རྒྱས་ཉིད་དུ་བལྟ་བར་བྱ། །ཞེས་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའོ། །བླང་མེད་དོར་བ་མེད་སོགས་དང༌། ཞེས་པ་ལ། གཟུགས་ལ་སོགས་པ་བླང་བར་མི་བྱ་ཤིང་དོར་བར་མི་བྱའོ། །སོགས་


DTG087_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲས་སོ་སོ་བདག་ཉིད་རིག་པ་ཉིད་ཀྱིས་གཟུགས་ལ་སོགས་པ་རྣམས་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ། །བྱམས་ལ་སོགས་ཞེས་པ་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །སྟོང་ཉིད་ཐོབ་པ་ཤེས་ཞེས་པ་ནི་སྟོང་པ་ཉིད་ཉི་ཤུ་པོ་རྣམས་མཐོང་བ་སྟེ། འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །ཞེས་པ་ནི་སངས་རྒྱས་མེད་པའི་ཞིང་ཁམས་རྣམས་སུ་སེམས་ཅན་གྱི་དོན་བྱེད་པའི་སངས་རྒྱས་ཀྱི་སྐུར་སྟོན་པ་ནི་འགོག་པ་ལ་ཆོས་ཤེས་པའོ། །རྣམ་པར་བྱང་ཀུན་ཤེས་པ་ལ་འདིར་ཡང་ངེས་འཛིན་ཞེས་པ་གོང་མའི་སྐབས་དང་སྦྱར་བ་སྟེ། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །ཉམ་ང་བ་དང་ནད་ཀུན་སེལ། །ཞེས་པ་ལ་ཉ་མང་བ་ནི་སེམས་ཀྱི་སྡུག་བསྔལ་ལོ། །ནད་ནི་ལུས་ཀྱི་སྡུག་བསྔལ་ཏེ་དེ་དག་སེལ་བ་ནི་ཀུན་དུ་བསལ་བ་ཞེས་པ་སྟེ། འགོག་པ་ལ་རྗེས་སུ་ཤེས་པའོ། །མྱ་ངན་འདས་འཛིན་ཞི་ཉིད་དང༌། །ཞེས་པ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ། །སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཞུགས་པའི་གནས་དག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གནས་སྐབས་ཐམས་ཅད་དུ་ཤིན་ཏུ་ཡོངས་སུ་སྲུང་བར་འགྱུར་རོ། །སོགས་པའི་སྒྲས་ནི་དགེ་བ་རྣམས་འཕེལ་བར་བྱེད་པ་སྟེ་ལམ་ལ་ཆོས་ཤེས་པའོ། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག ། འགོད་དང་ཞེས་པ་ལ་སྲོག་གཅོད་པ་ལས་སླར་ལྡོག་པ་དང་པོར་བྱས་ནས་ཇི་སྲིད་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལ་བདག་ཉིད་གནས་ནས་གཞན་དག་ཀྱང་དེ་རྣམས་ཉིད་ལ་འགོད་པར་བྱེད་པ་ཞེས་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །སྦྱིན་པ་ལ་སོགས་པ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ཞེས་པ་ནི་ལམ་ལ་རྗེས་སུ་ཤེས་པ་ཏེ། སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་བཤད་དོ། །བསྒོམ་པའི་ལམ་བརྗོད་པར་བྱ་བ་ལ། དེའི་བྱེད་པ་རྣམ་པ་དྲུག་མདོ་ལས་དང་པོར་གསུངས་པ་འདིས་ན་དེ་ལ། རེ་ཞིག་བྱེད་པ་ཉིད་གསུངས་པ། །


DTG087_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཞི་དང་ཐམས་ཅད་ལ། །འདུད་དང་ཉོན་མོངས་ལས་རྒྱལ་དང༌། །གནོད་པས་རྫི་བ་མེད་ཉིད་དང༌། །བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་པ་ལ། ཀུན་ནས་ཞི་ཞེས་པ་ནི་རྣམ་པ་རྣམས་ཀྱིས་རང་གི་སེམས་འདུལ་བར་བྱེད་པ་ཉིད་ཀྱིས་ནི་ཞི་བའོ། །འདུད་ཅེས་པ་ནི་དགེ་བའི་བཤེས་གཉེན་ལ་སོགས་པ་ལ་ཕྱག་བྱེད་པའོ། །ཉོན་མོངས་ལས་རྒྱས་རྒྱལ་ཞེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་རྣམས་རྣམ་པར་བཅོམ་པའོ། །གནོད་པས་རྫི་བ་མེད་ཉིད་དང༌། །ཞེས་པ་གཞན་དག་གིས་གནོད་པ་བྱས་པ་ཡུལ་དུ་མི་བྱེད་པས་སྡུག་བསྔལ་མེད་པར་གྱུར་པའོ། །བྱང་ཆུབ་ཅེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྫོགས་པའོ། །རྟེན་མཆོད་ཅེས་པ་ནི་ཤེས་རབ་ཀྱི་ཕར་རོལ་ཏུ་ཕྱིན་པ་ལ་ཀློག་པ་ལ་སོགས་པའི་གནས་དེ་རྣམས་སུ་ལྷ་དང་ལྷག་མ་ཡིན་དང་མི་རྣམས་ཀྱིས་མཆོད་པར་འགྱུར་བ་སྟེ། རྣམ་པ་དྲུག་པོ་འདི་རྣམས་ནི་བསྒོམ་པའི་ལམ་གྱི་བྱེད་པའམ་ལས་སོ། །ད་ནི་བསྒོམ་པའི་ལམ་གྱི་དབྱེ་བ་བརྗོད་པར་བྱ་སྟེ། དེ་ཡང་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་ཀྱི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལ་ཟག་པ་དང་བཅས་པ་ནི་མོས་པ་དང༌། བསྔོ་བ་དང༌། རྗེས་སུ་ཡི་རང་བ་ཞེས་བྱ་བའི་བསྒོམ་པའི་ལམ་མོ། །དེ་རྣམས་ལ་མོས་པ་ཡིད་ལ་བྱེད་པ་ཞེས་བྱ་བ་བསྒོམ་པའི་ལམ་གསུངས་པ། མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང༌། རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམས་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་པ་སྟེ། འདིར་གཟུང་གི་བདག་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཆེས་ལྷག་པར་ཡིད་ཆེས་པ་ནི་མོས་པ་སྟེ། དེ་ཡང་རྣམ་པ་གསུམ་དུ་ཤེས་པར་བྱའོ། །རང་གི་དོན་རྣམ་པ་གསུམ་དུ་ཤེས་པར་བྱ་ཞེས་པ་ལ། །ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ་ཞེས་པས་ཏེ། །ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་དེ་རྣམས་ཀྱང་སོ་སོར་རྣམ་པ་གསུམ་གསུམ་བུ་འགྱུར་རོ། །དེ་ལྟར་ན། རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་པ་ནི་རྣམ་པ་འདིའི་ཚུལ་གྱིས་རབ་ཏུ་བྱེད་པའོ། །དེ་ལ་རང་གི་དོན་གྱི་མོས་པ་རྣམས་ནི་འདི་ལྟ་སྟེ། ཆུང་དུའི་ཆུང་


DTG087_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ངུ་དང༌། ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་པོ་དང༌། འབྲིང་གི་ཆེན་པོ་དང༌། ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་འབྲིང་དང༌། ཆེན་པོའི་ཆེན་པོའོ། །དེ་ལྟར་རང་གཞན་ཉིད་ཀྱི་མོས་པ་དང༌། གཞན་གྱི་མོས་པ་དག་ཀྱང་རིག་པར་བྱ་སྟེ། མོས་པའི་དབྱེ་བ་ཉིད་ཤུ་རྩ་བདུན་ནོ། །ཇི་ལྟ་བ་བཞིན་དུ་གསུངས་པའི་མོས་པ་བསྒོམ་པའི་བྱང་ཆུབ་སེམས་དཔའ་སྤྲོ་བར་བྱ་བའི་དབང་དུ་མོས་པ་ལ་འདི་ལྟར་སངས་རྒྱས་ལ་སོགས་པས་སྟོད་པར་བྱེད་དེ། དེ་བསྟན་པའི་ཕྱིར་བསྟོད་པ་དང་བཀུར་བ་དང་བསྔགས་པ་རྣམས་གསུངས་པ། ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་པ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱང་ཆུབ་སེམས་དཔའ་གང་ཞིག་མོས་པ་དེའི་མོས་པ་རྣམས་ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བས་དགུ་ཚན་གསུམ་གྱིས་ཉི་ཤུ་རྩ་བདུན་གྱི་རྣམ་པར་ཇི་ལྟར་ཕྱེ་བ་དེ་ལྟར་བསྟོད་པ་དག་ཀྱང་ཤེས་པར་བྱ་སྟེ། དེ་ལ་བསྟོད་པ་ནི་བསྟོད་པ་ཙམ་མོ། །བཀུར་བ་ནི་འབྲིང་ངུ་བསྟོད་པའོ། །བསྔགས་པ་ནི་ཆེར་བསྟོད་པའོ། །བསྔོ་བ་ཡིད་ལ་བྱེད་པ་ཞེས་བྱ་བའི་བསྒོམ་པའི་ལམ་གསུངས་པ། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམས་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་མཁས་མཚན་མ་མེད་པ་དང། །སངས་རྒྱས་རྗེས་སུ་ཡི་རང་དང༌། །ཁམས་གསུམ་གཏོགས་པ་མ་ཡིན་དང༌། །ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་སྟེ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་པ་སྟེ། ཉན་ཐོས་ལ་སོགས་པའི་བསོད་ནམས་ཀྱི་ཕུང་པོ་ལས་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བསྔོ་བ་འདིས་ཁྱད་པར་དུ་བྱེད་པས་ཁྱད་པར་ཅན་ཏེ། དེས་ཡོངས་སུ་བསྔོ་བ་ནི་ཁྱད་པར་ཅན་གྱིས་ཡོངས་སུ་བསྔོ་བའོ། །དེའི་ཁྱད་པར་འདི་གང་གི་ཞེས་པ་ལ་གསུངས་པ། དེ་ནི་ཞེས་པ་སྟེ། བྱང་ཆུབ་སེམས་དཔའོ། །བྱེད་པ་མཆོག་ནི་སེམས་ཅན་ཐམས་


DTG087_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཐུན་མོང་དུ་བྱས་ཏེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསོད་ནམས་ཡོངས་སུ་བསྔོ་བའི་མཚན་ཉིད་དེ། བྱ་བའི་ཁྱད་པར་གྱིས་ཁྱད་པར་དུ་ཡོངས་སུ་བསྔོ་བའོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཞེས་པ་ནི་བསོད་ནམས་གང་ཞིག་ཡོངས་སུ་བསྔོ་བ་དང༌། བྱང་ཆུབ་གང་ཞིག་ཏུ་དང༌། སེམས་གང་གིས་དང༌། བསྔོ་བ་གང་གིས་དང༌། སྔོ་བར་བྱེད་པ་ལ་སོགས་པ་དེ་རྣམས་ཐམས་ཅད་ཇི་ལྟ་བ་བཞིན་གྱི་མཚན་ཉིད་དུ་མེད་པས་མི་དམིགས་པར་ཡོངས་སུ་བསྔོའོ། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་པ་ལ། ཇི་བཞིན་པའི་དོན་རྟོགས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། དེས་ཡོངས་སུ་བསྔོ་བ་ནི་ཕྱིན་ཅི་མ་ལོག་པས་ཡོངས་སུ་བསྔོ་བའོ། །དབེན་དང་ཞེས་པ་ནི་འདུ་ཤེས་ཐམས་ཅད་ལས་རྣམ་པར་གྲོལ་བའི་སེམས་ཀྱིས་ཡོངས་སུ་བསྔོ་བ་ནི་དབེན་དང་ཡོངས་སུ་བསྔོ་བ་ནི་དབེན་དང་ཡོངས་སུ་བསྔོ་བའོ། །སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཞེས་པ་ལ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་དེའི་རང་བཞིན་ནི་མི་རྟག་པ་ལ་སོགས་པའོ། །དེ་དྲན་པའི་སྤྱོད་ཡུལ་དུ་གང་གིས་ཡོངས་སུ་བསྔོ་བ་དེ་ནི་སངས་རྒྱས་བསོད་ནམས་ཚོགས་ཀྱི་རང་བཞིན་དྲན་པའི་སྤྱོད་ཡུལ་དུ་ཡོངས་སུ་བསྔོ་བའོ། །ཐབས་བཅས་ཤེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མ་འདས་པས་ཡོངས་སུ་བསྔོ་བ་ནི་ཐབས་དང་བཅས་པས་ཡོངས་སུ་བསྔོ་བའོ། །མཚན་མ་མེད་ཅེས་པ་ནི་མཚན་མར་མི་རྟོག་པས་ཡོངས་སུ་བསྔོ་བ་ནི་མཚན་མ་མེད་པ་ཡོངས་སུ་བསྔོ་བའོ། །སངས་རྒྱས་རྗེས་སུ་ཡི་རང་དང༌། །ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་གནང་ནས་ཡོངས་སུ་བསྔོ་བའོ། །ཁམས་གསུམ་གཏོགས་པ་མ་ཡིན་དང༌། །ཞེས་པ་ལ། སྲིད་པའི་དངོས་པོ་ལ་མ་ཆགས་པས་ཡོངས་སུ་བསྔོ་བ་ནི་ཁམས་གསུམ་གཏོགས་པ་མ་ཡིན་པས་ཡོངས་སུ་བསྔོ་བའོ། །བསྔོ་བ་གཞན་ནི་རྣམ་གསུམ་མོ། །ཞེས་པ་ལ་སོགས་པ་ནི་གཞན་ཡོངས་སུ་བསྔོ་བའོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་པ་ནི་ཡོངས་སུ་མ་གོས་པ་སྟེ། དེ་ཡང་ཆུང་ངུ་དང་འབྲིང་དང༌། ཆེན་པོའི་དབྱེ་བས་རྣམ་པ་གསུམ་མོ། །མཚན་མ་མེད་པའི་རྣལ་འབྱོར་གྱིས་ཡོངས་སུ་བསྔོ་བ་ནི་ཆུང་ངུའོ། །མི་དམིགས་པའི་


DTG087_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱིས་ཡོངས་སུ་བསྔོ་བ་ནི་འབྲིང་ངོ༌། །གཞན་མ་ཡིན་པའི་དེ་བཞིན་ཉིད་ཀྱི་རྣལ་འབྱོར་གྱིས་ཡོངས་སུ་བསྔོ་བ་ནི་ཆེན་པོ་སྟེ། ཡོངས་སུ་བསྔོ་བའི་དབྱེ་བ་རྣམ་པ་བཅུ་གཉིས་སུ་བཤད་དོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་གསུངས་པ། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཉིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་པ་སྟེ། ཐབས་ཀྱིས་ཀུན་རྫོབ་ཏུ་བསོད་ནམས་ཀྱི་ཚོགས་ལ་དམིགས་པར་བྱ་ཞིང་མི་དམིགས་པར་གཟུང་བ་དང་འཛིན་པ་དག་མི་དམིགས་པར་རྣམ་པར་དག་པར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་ནི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའོ། །མོས་པ་ཡིད་ལ་བྱེད་པ་དང༌། ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་དང༌། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་བདག་ཉིད་རྣམ་པ་གསུམ་ནི་ཟག་པ་དང་བཅས་པའི་བསྒོམ་པའི་ལམ་མོ། །ད་ནི་ཟག་པ་མེད་པའི་བསྒོམ་པའི་ལམ་བརྗོད་པར་བྱ་སྟེ། དེ་ཡང་རྣམ་པ་གཉིས་ཏེ། མངོན་དུ་གྱུར་པ་དང༌། ཤིན་ཏུ་དག་པའོ། །དེ་ལ་མངོན་དུ་གྱུར་པ་གསུངས་པ། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་དུ་མི་བྱེད་དང༌། །ཆོས་རྣམས་དམིགས་པ་མིད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་པ་སྟེ། ངོ་བོ་ཞེས་པ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དུ་སྟོན་པ་ནི་བསྒོམ་པའི་ལམ་གྱི་རང་བཞིན་ནོ། །མཆོག་ཅེས་པ་ནི་བསྒོམ་པའི་ལམ་མ་གཏོགས་པར་སངས་རྒྱས་ཐོབ་པར་མི་འགྱུར་ཞེས་པ་འདིས་ན་མཆོག་གོ །ཀུན་ལ་མངོན་དུ་མི་བྱེད་ཅེས་པ་ནི་བསྒོམ་པའི་ལམ་གྱི་བྱེ་བྲག་རྟོགས་པས་རབ་ཏུ་སྦྱོང་བ་ཡང་དེ་ཁོ་ན་ཉིད་ལ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་མ་སྐྱེས་པས་སོ། །ཆོས་རྣམས་དམིགས་པ་མེད་པ་ནི། །ཞེས་པ་ལ་མི་དམིགས་པར་རྣམ་པར་དག་པར་བྱས་ཏེ། ཀུན་རྫོབ་ཏུ་རྣལ་འབྱོར་པས་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་བསྐྱེད་པར་བྱའོ། །དོན་ཆེན་ཞེས་པ་ལ་ཆེན་པོ་ནི་སངས་རྒྱས་ཉིད་ཀྱི་དོན་ཏེ། འདིས་ན་དོན་ཆེན་ནི་བསྒོམ་པའི་ལམ་སྟེ། དེའི་སྒོམ་པ་ནི་མངོན་དུ་གྱུར་པའི་མཚན་ཉིད་ཀྱི་བསྒོམ་པའི་ལམ་མོ། །བསྒོམ་


DTG087_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མཐའ་དག་ཁས་ལེན་པའི་རྩ་བ་ནི་མོས་པའོ། །མོས་པ་དེ་ཉིད་གང་གི་རྒྱུ་མཚན་ཉིད་ཀྱིས་ཞེས་པ་ལ་གསུངས་པ། །སངས་རྒྱས་བསྟེན་དང་སྦྱིན་སོགས་དང༌། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཟིན་པའོ། །ཞེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་བསྟེན་ཅིང་བཀུར་བ་དང༌། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གོམས་པར་བྱ་བ་དང༌། ཐབས་ནི་སངས་རྒྱས་ཉིད་འགྲུབ་པའི་རྒྱུ་རྐྱེན་ཏེ། དེ་ལ་མཁས་པ་ནི་སངས་རྒྱས་ཀྱི་ཆོས་ལ་མོས་པའི་རྒྱུ་དག་ཡིན་ནོ། །བདུད་ཀྱི་ཐིབས་ཀྱིས་ནོན་ཅིང་འཚེ་བ་དང༌། ཟབ་མོའི་ཆོས་ལ་མི་མོས་པ་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མངོན་པར་ཞེན་པ་དང༌། སྡིག་པའི་གྲོགས་པོས་ཟིན་པ་ཞེས་པ་ནི་ཆོས་ཀྱི་ཕོངས་པའི་རྒྱུ་ཡིན་ནོ། །རྣམ་པར་དག་པའི་མཚན་ཉིད་ཀྱི་བསྒོམ་པའི་ལམ་གསུངས་པ། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །བཅད་དུ་མེད་པས་དག་པར་བརྗོད། །ཅེས་པ་སྟེ། འབྲས་བུ་ནི་བྱང་ཆུབ་སྟེ། ཟག་པ་མེད་པ་རྣམ་པར་དག་པ་གང་ཞིག་མི་མཐུན་པའི་ཕྱོགས་ལ་ངེས་པར་གྲོལ་བ་དེ་ནི་གཞན་མ་ཡིན་ཏེ། འོན་ཀྱང་གཟུགས་ལ་སོགས་པ་དག་པ་ཉིད་དོ། །གཟུགས་ལ་སོགས་པའི་ཕུང་པོ་ཟག་པ་དང་བཅས་པ་གང་ཞིག་དག་པ་ནི་དེ་ཉིད་དེའི་ཕྱིར་འབྲས་བུ་དག་པ་དང་གཟུགས་དག་པ་ལ་སོགས་པ་དག་པ་དེ་གཉིས་དབྱེར་མེད་གཅད་དུ་མེད་པའི་ཕྱིར་ཐ་དད་མ་ཡིན་ཞེས་པ་ནི་འབྲས་བུ་དང༌། གཟུགས་ལ་སོགས་པ་གཉིས་ཀ་རྣམ་པར་དག་པས་ན་ཐ་དད་དུ་མ་གྲུབ་པའོ། །གཅད་དུ་མེད་ཅེས་པ་ནི་འབྲས་བུ་དག་པ་དང༌། གཟུགས་ལ་སོགས་པ་དག་པ་གཉིས་སུ་མེད་པའི་རང་བཞིན་བའི་དོན་ཏོ། །ཐུན་མོང་གི་རྣམ་པར་དག་པའི་མཚན་ཉིད་བསྟན་ནས་བྱེ་བྲག་རྣམས་གསུངས་པ། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང༌། །རྒྱལ་སྲས་རྣམས་ཀྱི་དག་པ་


DTG087_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་པ་སྟེ། འདོད་ཆགས་པའི་ཉོན་མོངས་པ་རྣམས་སྤངས་པ་ལས་ཉན་ཐོས་ཀྱི་རྣམ་པར་དག་པའོ། །ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བའི་རྣམ་པར་རྟོག་པ་སྤངས་པ་ལས་རང་སངས་རྒྱས་ཀྱི་རྣམ་པར་དག་པའོ། །ཐེག་པ་གསུམ་ཐོབ་པར་བྱེད་པ་ལ་སྒྲིབ་པ་སྤངས་པ་ལས་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པ་ལས་ཤིན་ཏུ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་དག་པའོ། །ས་དགུ་ནི་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བརྒྱད་དེ། དེ་རྣམས་རྣམ་པར་དག་པ་ནི་བསྒྲུབ་པར་བྱའོ། །དེ་བས་ན་ས་དགུ་ལ་བསྒོམ་པའི་ལམ་རྣམ་པ་དགུར་བསྟན་པར་བྱ་སྟེ། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོའི་སྒོ་ནས་ཆུང་ངུ་ཡི། །ཆུང་ངུ་ལ་སོགས་ལམ་ཡིན་ནོ། །ཞེས་པ་སྟེ་དག་པར་བྱེད་པས་ན་དག་པའོ། །ཆེན་པོའི་ཆེན་པོ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམ་པ་དགུའི་གཉེན་པོའི་ཕྱོགས་ཉིད་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པའི་ལམ་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པ་དགུའོ། །སངས་རྒྱས་ཀྱི་དག་པ་སྟེ་ཇི་ལྟར་ཤིན་ཏུ་བ་ཞེས་པ་ལ་གསུངས་པ། ཀླན་ཀ་དེ་ནི་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དག །མཉམ་པ་ཉིད་ཀྱི་ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་པ་སྟེ། འཇལ་བྱེད་དང་གཞལ་བྱ་མཉམ་པ་ཉིད་ཅེས་པ་ལ་འཇལ་བྱེད་ནི་འཛིན་པའོ། །གཞལ་བྱ་ནི་གཟུང་བ་སྟེ། དེ་དག་གི་མཉམ་པ་ཉིད་ནི་གཅིག་ཏུ་ཡང་མེད་ཅིང་གཉིས་སུ་ཡང་མེད་པས་མ་གྲུབ་པ་ཉིད་ཀྱི་ཕྱིར་མཉམ་པའོ། །དེ་དག་ཉིད་ཁམས་གསུམ་པའི་གཉེན་པོའི་ཕྱོགས་ཉིད་ཀྱིས་ཏེ། ཇི་སྐད་གསུངས་པའི་ཤིན་ཏུ་བའི་བསྒོམ་པའི་ལམ་ཞེས་པས་ཤིན་ཏུ་དག་པའི་སངས་རྒྱས་བཅོམ་ལྡན་འདས་སོ། །ཀླན་ཀ་དེ་ནི་སྤངས་པ་ཡིས། །ཞེས་པ་ནི་ཆུང་ངུའི་ཆུང་ངུ་ལ་སོགས་གཉེན་པོའི་ཕྱོགས་ཀྱི་ཆུང་ངུའི་ཆུང་ངུ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཉིད་ལའོ་ཞེས་པ་ནི་མི་རིགས་ཏེ། གཉེན་པོའི་ཕྱོགས་ཆེན་པོའི་


DTG087_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལ་སོགས་པས་མི་མཐུན་པའི་ཕྱོགས་ཆུང་ངུའི་ཆུང་ངུ་ལ་སོགས་པ་སྤོང་བ་ནི་རིགས་ཏེ། དཔེར་ན་གོས་ལ་ཞེན་པའི་དྲི་མ་ཕྲ་མོ་དག་བཀྲུ་བ་ནི་ཁྲུས་མཁན་གྱི་བརྩོན་པ་ཆེན་པོས་སྤང་བར་ནུས་སོ། །དེ་བས་ན་ཇི་ལྟར་གསུངས་པའི་རིམ་པར་རྟོགས་པར་བྱའོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་གྲགས་པའི་ཆ་ཞེས་བྱ་བ་ལས་སྐབས་གཉིས་པའི་འགྲེལ་པའོ།། །།

སྐབས་གསུམ་པའི་འགྲེལ་པ།


DTG087_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཉན་ཐོས་ལ་སོགས་པའི་གང་ཞིག་ཐམས་ཅད་ཤེས་པ་དེའི་སྡེ་སྣོད་ལས་བཤད་པ་བདེན་པ་བཞི་ལ་རྣམ་པ་བཅུ་དྲུག་གི་བདག་ཉིད་ལ་སོགས་པ་དེ་ལ་ཇི་ལྟ་བ་བཞིན་དུ་འདིར་བྱང་ཆུབ་སེམས་དཔའི་ལམ་ལ་རྟོགས་པར་བྱའོ། །དེ་ལྟ་བས་ན་རྟོགས་པའི་ཕྱིར་གསུངས་པ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདིར་ཐམས་ཅད་ཤེས་པའོ། །འདི་ལ་ཉན་ཐོས་ཀྱི་དུས་རྣམས་མཉམ་པ་ཉིད་ཡོངས་སུ་ཤེས་པ་མེད་པས་ན་འཁོར་བ་དང་མྱ་ངན་ལས་འདས་པ་དང་དབུས་སུ་ཡང་ཁས་མི་ལེན་ཏེ། བྱང་ཆུབ་སེམས་དཔས་འདི་ལྟ་བུར་ཁས་བླང་བར་མི་བྱ་ཞེས་རྟོགས་པར་བྱ་སྟེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚུ་རོལ་མིན་ཞེས་པ་ནི་འཁོར་བ་ལའོ། །ཕ་རོལ་མིན་ཞེས་པ་ནི་མྱ་ངན་ལས་འདས་པའོ། །དེ་དག་བར་ན་མི་གནས་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །འདོད་པ་ནི་ཡང་དག་པར་འདོད་པའོ། །གང་ཞེས་པ་ལ་གསུངས་པ། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཞེས་པ་སྟེ། དུས་གསུམ་པོ་རྣམས་ཀྱི་དངོས་པོ་ཀུན་རང་གསལ་བའི་བདག་ཉིད་གཟུང་བ་དང་འཛིན་པས་སྟོང་པ་དེ་ཉིད་མཉམ་པ་ཉིད་དེ་དག་དངོས་སུ་མངོན་དུ་བྱས་པས་འཁོར་བ་ལ་རབ་ཏུ་མི་གནས་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་ཞེས་བཤད་དོ། །འོ་ན་སྟོང་པ་ཉིད་ནི་ཐམས་ཅད་དུ་ཡོད་པ་ཉིད་དེ་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཐམས་ཅད་དུ་ཡོད་པ་ཡིན་ན་དེ་དག་ཉན་ཐོས་རྣམས་ཀྱིས་ཅི་སྟེ་མི་རྟོགས་བྱང་ཆུབ་སེམས་དཔའ་ཁོ་ནས་ཅི་སྟེ་རྟོགས་ཞེས་སེམས་པ་ལ་གསུངས་པ། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་


DTG087_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་པ་སྟེ། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་པ་ནི་ཕུང་པོ་ལ་སོགས་པ་གཟུང་བ་དང་འཛིན་པ་དག་ཏུ་ཡོངས་སུ་འཛིན་པ་སྟེ། དེ་ཡང་མཚན་མར་འཛིན་པས་སོ། །གཟུང་བ་དང་འཛིན་པར་དམིགས་པས་ཐབས་མ་ཡིན་ནོ། །ཐབས་མ་ཡིན་པ་དེས་ན་ཉན་ཐོས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་བ་སྟེ། མི་རྟག་པ་ལ་སོགས་པ་བཞིན་དུ་མངོན་སུམ་དུ་བྱས་ཀྱང་ངེས་པ་མ་སྐྱེས་པའོ། །སངས་རྒྱས་ལ་སོགས་པ་རྣམས་ནི་ཐབས་ལ་མཁས་པས་གཟུང་བ་དང་འཛིན་པ་བཀག་པའོ། །མཚན་ཉིད་ཀྱི་སྟོང་པ་ཉིད་མངོན་སུམ་དུ་བྱེད་པའི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་དུ་ཉེ་བར་བརྗོད་དོ། །འདིས་ནི་ཉེ་བ་དང་རིང་བ་དག་བཤད་དོ། །ཉན་ཐོས་ལ་སོགས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པ་ལ་སོགས་པའི་ཕུང་པོ་རྣམས་ལ་བདག་གིས་བྱིན་གྱིས་བརླབས་པར་ཤེས་པ་ནི་མི་མཐུན་པའི་ཕྱོགས་སོ། །དེ་དག་སྟོང་པ་ཉིད་དུ་ངེས་པར་བྱས་པ་ཉིད་གཉེན་པོའི་ཕྱོགས་སོ། །དུས་གསུམ་གྱི་རང་བཞིན་གཅིག་ཏུ་ཤེས་པ་ནི་མི་མཐུན་པའི་ཕྱོགས་སོ། །འདི་ནི་འདས་པའོ། །འདི་ནི་མ་འོངས་པའོ། །འདི་ནི་ད་ལྟར་རོ་ཞེས་དབྱེ་བ་ངེས་པར་ཤེས་པ་ནི་གཉེན་པོའི་ཕྱོགས་སོ། །སེར་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་སོ། །སྦྱིན་པ་ལ་སོགས་པ་ལ་ཆགས་པ་དང༌། བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་ཆགས་པ་ནི་གཉེན་པོའི་ཕྱོགས་སོ། །འདི་དག་ཀྱང་བྱང་ཆུབ་སེམས་དཔའི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །དུས་གསུམ་རྟོགས་པའི་ཆོས་རྣམས་དང༌། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པའོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་གཉེན་པོའི་ཕྱོགས་གང་ཡིན་ཞེས་སེམས་པ་གསུངས་པ། སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་སྦྱོར་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པ་སྟེ། སྦྱིན་པ་ལ་སོགས་པ་ལ་རང་ཉིད་ཀྱང་ཀུན་དུ་སྤྱོད་པ་དང༌། གཞན་དག་ཀྱང་དེ་ལ་འགོད་པར་བྱེད་པ་དང༌།


DTG087_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བདག་གི་མེད་པར་རྟོགས་པས་ངར་འཛིན་མེད་པ་ནི་ཆགས་པ་མེད་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའི་གཉེན་པོའི་ཕྱོགས་སོ། །འདི་ཞེས་པའམ། འདི་ཉིད་ཅེས་པའི་ཆགས་པ་མེད་པ་ལ་ཞུགས་པའི་མཚན་ཉིད་ནི་ང་རྒྱལ་མེད་པའོ། །ཆགས་པའི་མཐའ་འགོག་པ་ནི་ཆགས་པའི་ཚོགས་རྣམས་ཟད་པར་བྱེད་ཅིང་འགོག་པར་བྱེད་པས་ན་འགོག་པའོ། །གལ་ཏེ་བྱང་ཆུབ་སེམས་དཔས་ཆགས་པ་མེད་པ་ཁོ་ན་ལ་འཇུག་པར་བྱེད་ན་དེ་ལྟ་ན་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་མཆོད་པ་བྱ་བ་དང༌། གུས་པ་བྱ་བ་དང༌། ཕྱག་བྱ་བ་དང། སྦྱིན་པ་ལ་སོགས་པ་ཡང་མངོན་པར་ཆགས་པ་ཡིན་པས་མི་མཐུན་པའི་ཕྱོགས་སུ་ཐལ་བར་འགྱུར་རོ་ཞེས་སེམས་ན་བདེན་ཏེ། བླ་ན་མེད་པའི་ཚོགས་ཀྱི་རྒྱུར་ཆགས་པ་ཕྲ་མོ་འདི་ཡང་མི་མཐུན་པའི་ཕྱོགས་ཉིད་དོ་ཞེས་པ་འདི་ལ་སྐྲག་པར་མི་བྱའོ། །ཆགས་པ་ཕྲ་མོ་འདི་མི་མཐུན་པའི་ཕྱོགས་ཉིད་ཡིན་པ་དེ་ཇི་ལྟར་ཞེས་པ་ལ་གསུང་པ། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་པ་སྟེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཟབ་པ་ནི་གཟུང་བ་དང་འཛིན་པས་སྟོང་པའི་ཡུལ་ཏེ་ངོ་བོ་ཉིད་ཀྱིས་སོ། །ཆོས་ཀྱི་ལམ་ནི་བརྟགས་པའི་ཚོགས་ཏེ། བདེན་པ་མེད་པའོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཆགས་པ་ཐམས་ཅད་དང་བྲལ་བས་ན་ཆགས་པ་ཕྲ་མོ་ཡང་མི་མཐུན་པའི་ཕྱོགས་ཉིད་དོ། །དེ་ལ་ཆགས་པ་ཕྲ་མོ་རྣམས་ཇི་ལྟར་སྤོང་ཞེས་སེམས་པ་ལ་གསུངས་པ། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཉིད། །ཅེས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་རྟོགས་པར་དཀའ་ཞེས་པ་ལ་གསུངས་པ། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །ཆེས་པ་སྟེ། མཐོང་བ་ནི་མཐོང་བྱའམ་མཐོང་བྱེད་དོ། །སོགས་པའི་སྒྲས་བྱེད་པ་པོ་སྒྲས་བྱེད་པ་པོ་ལ་སོགས་པ་གཟུང་ངོ༌། །དེ་བཀག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་གསལ་བའི་བདག་ཉིད་དེ་ནི་རྟོགས་པར་དཀའ་བར་བརྗོད་དོ། །དེས་ན་རྟོགས་པར་དཀའ་བའི་ཕྱིར། བཅོམ་ལྡན་འདས་མ་ནི་ཤིན་ཏུ་ཟབ་བོ། །ཡང་ཤེས་


DTG087_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང༌། འཛིན་པ་ལ་སོགས་པའི་དངོས་པར་བསམ་གྱིས་མི་ཁྱབ་པ་དེ་ཇི་ལྟར་ཞེས་པ་ལ་གསུངས་པ། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་པ་སྟེ། གཟུགས་ལ་སོགས་པར་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ནས་གཟུང་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཐར་ཐུག་པ་དེའི་བདག་ཉིད་དུ་འདུས་ཏེ། གཟུང་བ་དང་འཛིན་པའི་དངོས་པོ་དང་བཅས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གྱིས་མི་ཁྱབ་པར་འདོད་དེ། དེ་ལྟ་བས་ན་གཟུང་བ་ལ་སོགས་པའི་དངོས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་མི་མཐུན་པའི་ཕྱོགས་སོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དག་གིས་ཉེ་བར་བསྡུ་པ་གསུངས་པ། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་ཕྱོགས་དང་གཉེན་པོ་དག །རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདི་ཤེས་བྱ། །ཞེས་པ་སྟེ། ཐམས་ཅད་ཅེས་པའི་དབང་དུ་བྱས་པའི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དག་གིས་ཇི་སྐད་གསུངས་པའི་རིམ་པས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་དབྱེ་བ་ཤེས་པར་བྱའོ། །ཇི་ལྟར་ཐམས་ཅད་ཤེས་པ་ལ་གནས་པའི་ཉན་ཐོས་ཀྱི་རབ་ཏུ་སྦྱོར་བ་དེ་ལ་བྱང་ཆུབ་སེམས་དཔའ་ནི་ཀུན་དུ་སྤྱད་པར་མི་བྱ་སྟེ། དེ་ཉིད་བསྟན་པའི་ཕྱིར་གསུངས་པ། གཟུགས་སོགས་དེ་མི་རྟག་སོགས་དང༌། །དེ་མ་རྫོགས་དང་རབ་རྫོགས་དང༌། །དེ་ལ་ཆགས་པ་མེད་ཉིད་ལ། །སྦྱོར་བ་བཀག་པས་སྤྱོད་པ་ནི། །མི་འགྱུར་བྱེད་པོ་མེད་ཉིད་དང༌། །སྦྱོར་བ་བཀག་པ་རྣམ་གསུམ་དང༌། །སྐལ་བས་ཇི་བཞིན་འབྲས་ཐོབ་པས། །དེ་ནི་འབྲས་བུ་ཡོད་འདོད་དང༌། །གཞན་ལ་རག་ལས་མིན་གང་དང༌། །ཤེས་བྱེད་རྣམ་བདུན་སྣང་བ་ལ། །ཞེས་པ་སྟེ། གཟུགས་སོགས་ཞེས་པ་ནི་གཟུགས་དང་ཚོར་བ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་པའོ། །དེ་མི་རྟག་སོགས་ཞེས་པ་ནི་གཟུགས་ལ་སོགས་པ་དེ་རྟག་པ་དང་མི་རྟག་པ་ལ་སོགས་པར་དབྱེ་བའོ། །དེ་མ་རྫོགས་དང་རབ་རྫོགས་དང༌། །ཞེས་པ་ལ་གཟུགས་ལ་སོགས་པ་མ་རྫོགས་པ་དང་རབ་ཏུ་རྫོགས་པ་ཉིད་ཀྱིས་སོ། །དེ་ལ་ཆགས་པ་མེད་


DTG087_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ། །ཞེས་པ་ནི་གཟུགས་ལ་སོགས་པ་ལ་མ་ཞེན་པ་ཉིད་ཀྱིས་ཏེ། དེ་ལ་གསུང་སའི་ཡུལ་རྣམ་པ་བཞི་དང་འཆད་པར་འགྱུར་བ་རྣམ་པ་བཞི་སྟེ་དེ་ལྟར་ན་རྣམ་པ་བརྒྱད་ལའོ། །སྦྱོར་བ་བཀག་པས་སྤྱོད་པ་ནི་ཞེས་པ་ལ། སྤྱོད་པ་ནི་ཉམས་སུ་བླང་བའོ། །སྦྱོར་བ་ནི་རྟོགས་པའོ། །དེའི་དགག་པ་ནི་དེ་དག་སྤོང་བ་སྟེ། རྣམ་པར་རྟོག་པ་མེད་པ་ཉིད་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་སྦྱོར་བའོ། །དེའི་ཤུགས་ཀྱིས་ན་ཉན་ཐོས་ལ་སོགས་པའི་རྣམ་པར་རྟོག་པ་དང་བཅས་པ་ཉིད་ནི་རབ་ཏུ་སྦྱོར་བ་སྟེ། དེའི་སྡེ་སྣོད་དུ་ཤེས་པར་བྱའོ། །མི་འགྱུར་ཞེས་པ་ནི་གཟུགས་ལ་སོགས་པ་འགྱུར་བར་སྒྲོ་འདོགས་པར་མི་བྱེད་པའོ། །བྱེད་པོ་མེད་ཉིད་ཅེས་པ་ནི་གཟུགས་ལ་སོགས་པ་ནམ་ཡང་བྱེད་པ་པོར་རྟོག་པར་མི་བྱེད་པའོ། །སྦྱོར་བ་དཀའ་བ་རྣམ་གསུམ་དང༌། །ཞེས་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་རྟོགས་པར་བྱ་བའི་ཕྱིར་གོ་ཆེའི་དཀའ་སྤྱོད་དང༌། འཇུག་པའི་དཀའ་སྤྱོད་དང༌། སྟོན་པའི་མཚན་ཉིད་ཀྱི་བྱེད་པའི་དཀའ་སྤྱོད་དོ། །དེའི་འབྲས་བུ་ཡོད་འདོད་དང༌། །ཞེས་པ་ནི་ཆོས་ཐམས་ཅད་སྟོན་པའི་མཚན་ཉིད་ཀྱི་དཀའ་བ་སྤྱོད་པ་ནི་འབྲས་བུ་མེད་པ་མ་ཡིན་ནོ། །དེ་བས་ན་སྐལ་བ་ཇི་ལྟར་བ་བཞིན་དུ་འབྲས་བུ་ཐོབ་པར་བྱེད་པའོ། །གཞན་ལ་རག་ལས་མིན་གང་དང༌། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རང་ཉིད་ཀྱིས་ཆོས་ཉིད་རྟོགས་པ་ནི་གཞན་ལ་རག་མ་ལས་པ་སྟེ། གཞན་ལས་རྟོགས་པ་ནི་མ་ཡིན་ཞེས་པ་འདིས་སོ། །ཤེས་བྱེད་རྣམ་བདུན་ཞེས་པ་ནི་ཆོས་ཐམས་ཅད་ནི་རྨི་ལས་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། གཟུགས་བརྙན་དང༌། དྲི་ཟའི་གྲོང་ཁྱེར་དང༌། སྒྲ་བརྙན་དང༌། སྤྲུལ་པ་ལྟ་བུར་ཤེས་པར་བྱེད་པ་ཉིད་ཀྱིས་ཏེ། རྣམ་བདུན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་ལ་གཟུགས་ལ་སོགས་པའི་རབ་ཏུ་སྦྱོར་བ་དང༌། གཟུགས་ལ་སོགས་པ་མི་རྟག་པ་ལ་སོགས་པའི་རབ་ཏུ་སྦྱོར་བ་དང༌། གཟུགས་ལ་སོགས་པ་ཡོངས་སུ་མ་རྫོགས་པ་དང་རྫོགས་པའི་རབ་ཏུ་སྦྱོར་བ་དང༌། གཟུགས་ལ་སོགས་པ་ལ་ཆགས་པ་མེད་པའི་རབ་ཏུ་སྦྱོར་བ་དང༌། གཟུགས་ལ་སོགས་པ་མི་འགྱུར་བར་རབ་ཏུ་སྦྱོར་བ་དང༌། ཆོས་ཐམས་ཅད་ནི་བྱེད་པ་པོ་མེད་པའི་རབ་ཏུ་སྦྱོར་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་ཐོབ་


DTG087_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་ཆེད་དུ་གོ་ཆའི་དཀའ་སྤྱོད་ཀྱི་རབ་ཏུ་སྦྱོར་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཆེད་དུ་འཇུག་པའི་དཀའ་སྤྱོད་ཀྱིས་རབ་ཏུ་སྦྱོར་བ་དང༌། སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་སྟོན་པའི་བདག་ཉིད་ཀྱི་ཕྲིན་ལས་ཀྱི་དོན་དུ་འདུག་པ་ཉིད་ཀྱིས་ན་ཕྲིན་ལས་ཀྱི་དཀའ་སྤྱོད་ཀྱི་རབ་ཏུ་སྦྱོར་བའོ། །ངེས་པར་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་བྱེད་པ་ཉིད་ཀྱིས་ན་འབྲས་བུ་ཡོད་པའི་རབ་ཏུ་སྦྱོར་བའོ། །རང་ཉིད་ཀྱིས་ཡུལ་ཐམས་ཅད་ཡོངས་སུ་ཤེས་པས་གཞན་ལ་རག་མ་ལས་པའི་རབ་ཏུ་སྦྱོར་བ་དང། ཇི་སྐད་གསུངས་པའི་རྣམ་པ་བདུན་པོའི་རབ་ཏུ་སྦྱོར་བ་ཞེས་པ་སྟེ། བྱང་ཆུབ་སེམས་དཔའི་ཆགས་པ་མེད་པའི་རབ་ཏུ་སྦྱོར་བ་རྣམ་པ་བཅུ་གཉིས་སོ། །མཉམ་པ་ཉིད་ཀྱི་སྒོ་ནས་རབ་ཏུ་སྦྱོར་བ་བསྒོམ་པར་བྱ་ཞེས་པས་མཉམ་པ་ཉིད་གསུངས་པ། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་བཅུ་གཉིས་ཀྱིས་རབ་ཏུ་སྦྱོར་བ་ཞེས་པ་སྟེ། དེའི་རབ་ཏུ་སྦྱོར་བས་མཉམ་པ་ཉིད་ཅེས་པར་འབྲེལ་ཏོ། །གཟུགས་ལ་སོགས་པ་ལ་རྣམ་པར་རྟོག་པར་མི་བྱེད་པ་དང༌། གཟུགས་ལ་སོགས་པས་ཅུང་ཟད་ཀྱང་རྣམ་པར་རྟོག་པར་མི་བྱེད་པ་དང༌། གཟུགས་ལ་སོགས་པ་ལ་གཞན་དུ་གཞན་དུ་རྣམ་པར་མི་འབྱེད་པ་དང༌། གཟུགས་ལ་སོགས་པ་བདག་གིས་རྟོགས་ཞེས་རྣམ་པར་རྟོག་པར་མི་བྱེད་ཅེས་པ་སྟེ། རློམ་མེད་བཞིའི་རབ་ཏུ་སྦྱོར་བས་མཉམ་པ་ཉིད་དོ། །རབ་ཏུ་སྦྱོར་བ་དང་མཉམ་པ་ཉིད་བརྗོད་ནས་མཐོང་བའི་ལམ་ཤེས་པར་བྱ་བའི་ཕྱིར་མཐོང་བའི་ལམ་དེ་ཉིད་དུ་གསུངས་པ། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང༌། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །ཞེས་པ་སྟེ། བདེན་པ་སོ་སོ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་བཟོད་པ་དང༌། རྗེས་སུ་ཤེས་པ་སྟེ། དེ་ལྟར་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ནི་ཐམས་ཅད་ཤེས་པའི་དབང་དུ་བྱས་པའི་མཐོང་བའི་ལམ་མོ། །སྐད་ཅིག་མ་བཅུ་དྲུག་པོ་རྣམས་རིམ་པ་བཞིན་དུ་བསྟན་པའི་ཕྱིར་གསུངས་པ།


DTG087_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་རྣམ་དག་དང༌། །མ་སྐྱེས་མ་འགགས་ལ་སོགས་དང༌། །མཁའ་འདྲ་ཆགས་པ་སྤངས་པ་དང༌། །ཡོངས་སུ་འཛིན་ལས་གྲོལ་བ་དང༌། །ངོ་བོ་ཉིད་ཀྱི་བརྗོད་མེད་དང༌། །གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང༌། །དམིགས་པ་མེད་པར་བྱེད་པ་དང༌། །ཤིན་ཏུ་རྣམ་དག་ནད་མི་འབྱུང༌། །ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འབྲེལ་དང༌། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་པ་སྟེ། གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་པ་ནི། གཟུགས་དང་ཚོར་བ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་པ་རྣམས་རང་བཞིན་གྱིས་འོད་གསལ་ཞིང་བརྟགས་པའི་རང་བཞིན་མེད་པ་ཉིད་ཀྱིས་རྟག་པ་མ་ཡིན་ཞིང་མི་རྟག་པ་ཡང་མ་ཡིན་ཞེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །མཐའ་ལས་འདས་དང་ཞེས་པ་ནི་བརྟགས་པ་ཉིད་དང་བྲལ་བས་རྟག་པ་དང་ཆད་པའི་མཐའ་གཉིས་ལས་འདས་ཞེས་པ་སྡུག་བསྔལ་ལ་ཆོས་ཤེས་པའོ། །རྣམ་དག་དང་ཞེས་པ་ནི་གཟུགས་ལ་སོགས་པ་རང་བཞིན་གྱིས་ཡོངས་སུ་དག་པ་ཞེས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །མ་སྐྱེས་མ་འགགས་ལ་སོགས་དང༌། །ཞེས་པ་ནི་གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་པ་རྣམས་མ་སྐྱེས་པ་དང་མ་འགགས་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །མཁའ་འདྲ་ཞེས་པ་ནི་གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་པ་རྣམས་འོད་གསལ་བ་ཉིད་ཀྱིས་སྒྲོ་བཏགས་པའི་སྤྲོས་པ་ཐམས་ཅད་ལས་གྲོལ་ཞེས་པ་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ། །ཆགས་པ་སྤངས་པ་ནི་གཟུགས་ལ་སོགས་པ་རྣམས་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཀྱིས་ནམ་མཁའ་ལྟར་གོས་པ་མེད་པ་ཞེས་པ་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །ཡོངས་སུ་འཛིན་ལས་གྲོལ་བ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་ནམ་མཁའ་ལྟར་གཟུང་བ་དང་འཛིན་པ་མེད་པ་ཞེས་པ་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་


DTG087_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པའོ། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང༌། །ཞེས་པ་ནི་གཟུགས་ལ་སོགས་པ་རྣམས་རང་བཞིན་གྱིས་རྣམ་པར་རྟོག་པ་མེད་པར་གསལ་བས་བརྗོད་དུ་མེད་པ་སྟེ། བརྗོད་བྱ་དང་རྗོད་བྱེད་དུ་མེད་པ་ཞེས་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །བརྗོད་པ་ཡིས་ཞེས་པ་དང་གྲོལ་བ་ཞེས་པ་སྦྱར་ཏེ། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་རྒྱུ་རྣམས་ཀྱིས་གཟུགས་ལ་སོགས་པ་ནི་གྲོལ་བའོ། །ཅི་སྟེ་ཞེས་པ་ལ་གསུངས་པ། གང་ཕྱིར་འདི་དོན་རྗོད་པའི་རྒྱུས་གཞན་དག་ལ་ཐོབ་པ་མེད་པ་དེས་ན་གཟུགས་ལ་སོགས་པ་རྣམས་བརྗོད་དུ་མེད་ཅིང་རྒྱུར་མེད་ཅེས་པ་འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ། །དམིགས་པ་མེད་པར་བྱེད་པ་དང༌། །ཞེས་པ་ནི་གཟུགས་ལ་སོགས་པ་རྣམས་དམིགས་པར་བྱ་བའི་བདག་ཉིད་དུ་བྱེད་པ་མེད་པ་ནི་འགོག་པ་ལ་ཆོས་ཤེས་པའོ། །ཤིན་ཏུ་རྣམ་དག་ཅེས་པ་ནི་གཟུགས་ལ་སོགས་པ་རྣམས་ཏེ། དེ་ཁོ་ན་ཉིད་དུ་དྲི་མའི་ཞད་ཙམ་ཡང་མེད་པས་ན་ཤིན་ཏུ་རྣམ་དག་སྟེ། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །ནད་མི་འབྱུང་ཞེས་པ་ནི་གཟུགས་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པས་ནད་ལ་སོགས་པ་འབྱུང་བར་མི་འགྱུར་ཏེ། འགོག་པ་ལ་རྗེས་སུ་ཤེས་པའོ། །ངན་སོང་ཆད་དང་ཞེས་པ་ལ། ངན་སོང་རྣམས་ཆད་པ་ནི་ངན་འགྲོ་ལས་འདས་པ་སྟེ། གཟུགས་ལ་སོགས་པ་རྣམས་ཤིན་ཏུ་རྣམ་པར་དག་པར་མོས་པ་ཉིད་ཀྱིས་ངན་སོང་ཆད་པར་འགྱུར་ཏེ། ལམ་ལ་ཆོས་ཤེས་པའི་བཟོད་པའོ། །མི་རྟོག་ཉིད་ཅེས་པ་ནི་ཆོས་ཐམས་ཅད་སྐྱེ་བ་དང་འགག་པའི་རྣམ་པར་རྟོག་པ་ཟད་པ་སྟེ། དེ་ལྟ་མོད་ཀྱི་གཟུགས་ལ་སོགས་པ་རྣམས་ལ་ཤིན་ཏུ་རྣམ་པར་དག་པར་མོས་པ་ཉིད་ཀྱིས་ལམ་ལ་ཆོས་ཤེས་པའོ། །འབྲས་བུ་མངོན་དུ་བྱ་བ་དང༌། །མཚན་མ་དག་དང་མ་འབྲེལ་དང༌། །ཞེས་པ་ལ། སངས་རྒྱས་ལ་སོགས་པའི་འབྲས་བུ་རྣམས་མངོན་དུ་བྱ་བའི་དོན་དུ་རྣམ་པར་རྟོག་པའི་རྒྱུ་མཚན་མ་རྣམས་ཡོངས་སུ་སྤོང་བ་ཞེས་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཞེས་པ་ལ། དངོས་ཞེས་པ་ནི་བརྗོད་པར་བྱ་བ་སྟེ། དོན་གྱི་དངོས་པོའོ། །


DTG087_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཞེས་པ་ནི་དེ་རྗོད་བྱེད་དེ་ཚིག་གོ །གཉིས་པོ་ཞེས་པ་ནི་གཟུང་བ་དང་འཛིན་པ་དག་གོ །ཤེས་པ་ཞེས་པ་ནི་གསུངས་པའི་དོན་རྣམས་གང་གིས་ཤེས་པའི་དོན་དོན་དམ་པར་མ་སྐྱེས་པའོ། །དང་ཡིག་ནི་སྡུད་པ་སྟེ། བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་དང༌། གཟུང་བ་དང་འཛིན་པ་རྣམས་ཀྱང་མ་སྐྱེས་པ་སྟེ་ལམ་ལ་རྗེས་སུ་ཤེས་པ་དང༌། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་པའོ། །འདི་རྣམས་བྱང་ཆུབ་སེམས་དཔས་ཐམས་ཅད་ཅེས་པ་འདིའི་མཐོང་བའི་ལམ་གྱི་བདག་ཉིད་སྐད་ཅིག་མ་བཅུ་དྲུག་ཏུ་རྟོགས་པར་བྱའོ། །ཉན་ཐོས་ཀྱིས་ཇི་ལྟར་རྟོགས་པར་བྱ་བའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དེ་ལྟར་ཉན་ཐོས་ཀྱི་ལམ་ཉིད་དུ་བརྗོད་དོ། །ཐམས་ཅད་ཤེས་པ་ཉིད་ལ་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་ཤེས་པར་ནི་བྱ་སྟེ། མངོན་དུ་བྱ་བ་ནི་མ་ཡིན་ནོ། །དེས་ན་འདིར་བསྒོམ་པའི་ལམ་མ་བསྟན་ཏོ། །ཀུན་མཁྱེན་རྣམ་པ་གསུམ་རྒྱས་པའི་ཚུལ་གྱིས་བསྟན་ནས་ཉེ་བར་བསྡུ་བའི་ཕྱིར་གསུངས་པ། དེ་ལྟར་འདི་དང་ཡང་འདི་དན། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདིས་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཞེས་པ་སྟེ། ཇི་སྐད་གསུངས་པའི་རིགས་པས་འདི་དང་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའོ། །ཡང་འདི་ཞེས་པ་ནི་ལམ་ཤེས་པའོ། །ཡང་འདི་ཡིན་ཏེ་ཞེས་པ་ནི་ཐམས་ཅད་ཤེས་པ་སྟེ། ལེའུ་གསུམ་རྫོགས་པར་བསྟན་པའོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་ལས་སྐབས་གསུམ་པའི་འགྲེལ་པའོ།། །།

སྐབས་བཞི་བའི་འགྲེལ་པ།


DTG087_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་པ་གསུམ་ཡོངས་སུ་ཤེས་པར་དབང་དུ་བྱ་བའི་དོན་དུ་ཡང་དངོས་པོ་དང་ལམ་དང་རྣམ་པ་རྣམས་བསྡུས་ནས། ཀུན་མཁྱེན་རྣམ་པ་གསུམ་བསྒོམ་པར་བྱ་ཞེས་པས་རྣམ་པ་ཀུན་མངོན་པར་བྱང་ཆུབ་པ་གསུངས་པ། གཞི་དང་ཡེ་ཤེས་རྣམ་པ་ཡི། །རྣམ་པ་ཞེས་བྱ་མཚན་ཉིད་དོ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་པ་སྟེ། གཞི་དང་ཞེས་པ་ནི་ཆོས་ཅན་ཉིད་དུ་ཀུན་བརྟགས་པའི་བདེན་པ་བཞི་ལ་སོགས་པར་དམིགས་པའོ། །དེ་ལ་གང་ཞིག་ཡེ་ཤེས་ཀྱི་རྣམ་པ་ཡེ་ཤེས་ཀྱི་བྱ་བར་


DTG087_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང༌། རྟོགས་པར་འགྱུར་བའི་མི་རྟག་པ་ལ་སོགས་པའི་ཆོས་ཀྱི་རབ་ཏུ་དབྱེ་བ་སྟེ། དེ་རྣམས་ཀྱི་རྣམ་པ་ནི་མཚན་ཉིད་ཅེས་པ་ནི་མཚན་མའོ། །ཀུན་མཁྱེན་རྣམས་རྣམ་པ་གསུམ་ཡིན་པ་ཉིད་ཀྱིས་ན་དེའི་རྣམ་པ་ཡང་གསུམ་ཉིད་དོ། །དེ་ལ་ཐམས་ཅད་ཤེས་པར་རྟོགས་པའི་རྣམ་པ་དག་གསུངས་པ། མེད་པའི་རྣམ་པ་ནས་གཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང༌། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་པ་སྟེ། མེད་པའི་རྣམ་པ་ནས་གཟུང་སྟེ་ཇི་སྲིད་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་རྣམ་པ་ཉི་ཤུ་རྩ་བདུན་ཏེ། སྡུག་བསྔལ་བ་དང༌། ཀུན་འབྱུང་དང༌། འགོག་པའི་བདེན་པ་རྣམས་ལ་བཞི་བཞིའོ། །ལྷག་མ་བཅོ་ལྔ་ནི་ལམ་གྱི་བདེན་པའོ། །དེ་ལ་སྡུག་བསྔལ་ལ་མེད་པ་ཉིད་དང༌། མཉམ་པ་ཉིད་དང༌། དབེན་པ་ཉིད་དང༌། ཀུན་གཉེར་མེད་པ་ཉིད་དེ་རྣམ་པ་བཞིའོ། །ཀུན་འབྱུང་ལ་གནས་མེད་པ་ཉིད་དང༌། ནམ་མཁའ་མེད་པ་ཉིད་དང༌། བརྗོད་དུ་མེད་པ་ཉིད་དང༌། རློམ་པ་མེད་པ་ཞེས་པ་སྟེ་བཞིའོ། །འགོག་པ་ལ་འོང་བ་མེད་པ་ཉིད་བསྡུར་མེད་པ་དང༌། ཟད་པ་མེད་པ་དང༌། སྐྱེ་བ་མེད་པ་ཉིད་དེ་རྣམ་པ་བཞིའོ། །ལམ་ལ་བྱེད་པ་པོ་མེད་པ་དང༌། ཤེས་པ་པོ་མེད་པ་དང༌། འཕོ་བ་མེད་པ་དང༌། ཉམས་པ་མེད་པ་དང༌། རྨི་ལམ་དང༌། གཟུགས་བརྙན་དང༌། སྨིག་རྒྱུ་དང༌། སྒྱུ་མ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། ཡོངས་སུ་མ་གོས་པ་དང༌། ང་རྒྱལ་མེད་པ་དང༌། གཡོ་བ་མེད་པ་དང༌། རྨི་ལམ་སྟེ་བཅོ་ལྔའོ། །སྤྱིར་བསྡོམས་ན་ཉིད་ཤུ་རྩ་བདུན་ཏེ། ཐམས་ཅད་ཤེས་པའི་རྣམ་པའོ། །ལམ་ཤེས་ཀྱི་དབང་དུ་བྱས་ནས་གསུངས་པ། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་ལ་ནི་གོ་རིམས་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་གྲགས་སོ། །ཞེས་པ་སྟེ། རྒྱུ་ནི་ཀུན་འབྱུང་ངོ༌། །འདིར་ཀུན་འགྱུར་ཐོག་མར་གསུངས་པ་ནི། འབྲས་བུའི་ཐབས་སུ་གྱུར་པ་ཉིད་ཀྱིས་ནའོ། །སྡུག་བསྔལ་དང་འགོག་པ་ཕྱིས་གསུངས་པ་ནི་འབྲས་བུར་གྱུར་བ་ཉིད་ཀྱིས་ནའོ། །དེ་རྣམས་ཀྱི་རྣམ་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་བརྒྱད་དང༌། བདུན་དང༌།


DTG087_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང༌། བཅུ་དྲུག་ཏུ་མདོ་ལས་གསུངས་པའོ། །དེ་ལ་ཀུན་འབྱུང་ལ་ཆགས་པ་དང་བྲལ་བ་དང༌། གནས་པ་མེད་པ་དང༌། ཞི་བ་དང༌། འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། བདེན་པ་མེད་པ་སྟེ་བརྒྱད་དོ། །ལམ་ལ་ཚད་མེད་པ་དང༌། མཐའ་གཉིས་ཀྱི་རྗེས་སུ་མི་འགྲོ་བ་དང༌། སོ་སོ་བ་མེད་པ་དང༌། གཞན་ལ་རག་ཏུ་མེད་པ་དང༌། རྣམ་པར་རྟོག་པ་མེད་པ་དང༌། གཞལ་བྱ་མེད་པ་དང༌། གོ་སྐབས་མེད་པའི་རྣམ་པ་དང་བདུན་ནོ། །སྡུག་བསྔལ་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་ཉིད་དང། བདག་མེད་པ་དང༌། མཚན་ཉིད་མེད་པའི་རྣམ་པ་དང་ལྔའོ། །འགོག་པ་ལ་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བཅུ་དྲུག་གི་རྣམ་པ་བཅུ་དྲུག་སྟེ། སྤྱིར་བསྡོམས་ན་རྣམ་པ་སུམ་ཅུ་རྩ་དྲུག་གོ །རྣམ་པ་ཐམས་ཅད་མཁྱེན་པར་རྟོགས་པའི་རྣམ་པ་རྣམས་གསུངས་པ། །ཀུན་མཁྱེན་ཉིད་གསུམ་བྱེ་བྲག་གིས། །ལམ་གྱི་བདེན་པ་དང་མཐུན་པར་པར། །དྲན་པ་ཉེར་གཞག་ནས་གཟུང་སྟེ། །ཐ་མ་སངས་རྒྱས་ཉིད་རྣམ་པར། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་པ་སྟེ། འཕགས་པའི་གང་ཟག་ཐམས་ཅད་ཡང་དག་པར་བསྡུས་པ་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། ཀུན་མཁྱེན་གསུམ་ཡང་དག་པར་བསྡུས་པའི་ལམ་གྱི་གྲངས་ཇི་ལྟ་བ་བཞིན་དུ་ཉན་ཐོས་རྣམས་ཀྱི་སུམ་ཅུ་རྩ་བདུན་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སུམ་ཅུ་རྩ་བཞི་དང༌། སངས་རྒྱས་རྣམས་ཀྱི་སུམ་ཅུ་རྩ་དགུར་བཞེད་དོ། །


DTG087_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་དང༌། ཚོར་བ་དྲན་པ་ཉེ་བར་གཞག་པ་དང༌། སེམས་དྲན་པ་ཉེ་བར་གཞག་པ་དང༌། ཆོས་དྲན་པ་ཉེ་བར་གཞག་པ་སྟེ། དྲན་པ་ཉེ་བར་གཞག་པ་བཞིའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང༌། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང༌། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང༌། དགེ་བའི་ཆོས་སྐྱེས་པ་རྣམས་འཕེལ་བར་བྱེད་པ་སྟེ། ཡང་དག་པར་སྤོང་བ་བཞི་རྣམས་སོ། །འདུན་པའི་ཏིང་ངེ་འཛིན་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང༌། སེམས་ཀྱི་ཏིང་ངེ་འཛིན་དང༌། དཔྱོད་པའི་ཏིང་ངེ་འཛིན་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་སོ། །དད་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་དང༌། དྲན་པའི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རར་གྱི་དབང་པོ་ལང་རྣམས་སོ། །འདི་རྣམས་ཉིད་མི་མཐུན་པའི་ཕྱོགས་ཀྱིས་མི་བརྫི་བས་ན་དད་པའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང༌། དྲན་པའི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་དང་ལྔ་པོ་རྣམས་སོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཞེས་བྱ་བ་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །འདི་རྣམས་ནི་ཐམས་ཅད་ཤེས་པ་ཉིད་དུ་རྟོགས་པའི་རྣམ་པ་སུམ་ཅུ་རྩ་བདུན་ཏེ་སློབ་མ་རྣམས་ཀྱིའོ། །སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ་རྣམ་པར་ཐར་པའི་སོ་གསུམ་དང༌།


DTG087_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་རྣམས་ལ་གཟུགས་སུ་ལྟ་བ་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་ཅན་གྱི་མཚན་མ་ལ་ཕྱིའི་གཟུགས་སུ་ལྟ་བ་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་དུ་བྱས་ཏེ་གནས་པ་ནི་རྣམ་པར་ཐར་པ་གསུམ་པའོ། །འདིར་ལུས་ཀྱིས་ཞེས་པ་ནི་ཤེས་རབ་ཀྱི་ཞེས་པར་རྟོགས་པར་བྱའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང༌། འདུ་ཤེས་དང་ཚོར་བ་དག་འགོག་པ་སྟེ་ལྔ་དང༌། སྔར་གྱི་གསུམ་དང་བསྡོམས་པས་རྣམ་པར་ཐར་པ་བརྒྱད་དོ། །བསམ་གཏན་དང་པོ་དང༌། བསམ་གཏན་གཉིས་པ་དང༌། བསམ་གཏན་གསུམ་པ་དང༌། བསམ་གཏན་བཞི་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང༌། འགོག་པའི་སྙོམས་པར་འཇུག་པ་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །སྡུག་བསྔལ་བ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་སྟེ་བདེན་པ་བཞི་པོ་རྣམས་དང༌། སྦྱིན་པ་ལ་སོགས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་ཏེ། རྣམ་པ་སུམ་ཅུ་རྩ་བཞི་པོ་ལམ་ཤེས་ཀྱིས་ཡང་དག་པར་བསྡུས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པའི་སྟོབས་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་བཅུ་པོ་རྣམས་སོ། །མངོན་པར་བྱང་ཆུབ་བ་ལ་མི་འཇིགས་པ་དང༌། ཟག་པ་རྣམས་ཟད་པ་ལ་མི་འཇིགས་པ་དང༌། བར་དུ་


DTG087_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པའི་ཆོས་རྣམས་ཀྱིས་མི་འཇིགས་པ་དང༌། ངེས་པར་འབྱུང་བའི་ཆོས་རྣམས་ཀྱིས་མི་འཇིགས་པ་བཞི་རྣམས་སོ། །ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞིའོ། །འཁྲུལ་བ་མི་མངའ་བ་དང༌། ཅ་ཅོ་མི་མངའ་བ་དང༌། དྲན་པ་ཉམས་པ་མི་མངའ་བ་དང༌། སེམས་མཉམ་པར་མ་བཞག་པ་མི་མངའ་བ་དང༌། འདུ་ཤེས་སྣ་ཚོགས་མི་མངའ་བ་དང༌། སེམས་ཅན་རྣམས་ལ་བཏང་སྙོམས་སུ་གཞག་པ་མི་མངའ་བ་དང༌། འདུན་པ་ཉམས་པ་མི་མངའ་བ་དང༌། བརྩོན་འགྲུས་ཉམས་པ་མི་མངའ་བ་དང༌། དྲན་པ་ཉམས་པ་མི་མངའ་བ་དང༌། ཏིང་ངེ་འཛིན་ཉམས་པ་མི་མངའ་བ་དང༌། ཤེས་རབ་ཉམས་པ་མི་མངའ་བ་དང༌། རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་དང༌། ལུས་ཀྱི་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་བ་དང༌། ངག་གི་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་བ་དང༌། ཡིད་ཀྱི་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་བ་དང༌། འདས་པ་ལ་མ་ཆགས་ཤིང་མ་མཉམས་པའི་ཡེ་ཤེས་དང༌། མ་འོངས་པ་རྣམས་ལ་མ་ཆགས་ཤིང་མ་ཉམས་པའི་ཡེ་ཤེས་དང༌། ད་ལྟར་བ་རྣམས་ལ་མ་ཆགས་ཤིང་མ་ཉམས་པའི་ཡེ་ཤེས་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །སངས་རྒྱས་ཀྱིས་གསུངས་པའི་དེ་བཞིན་ཉིད་དང༌། ཆོས་ཐམས་ཅད་ཀྱི་གཙོར་རང་བྱུང་བ་དང༌། རྣམ་པ་ཀུན་མངོན་པར་བྱང་ཆུབ་པ་ཞེས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རྣམ་པ་དག་སུམ་ཅུ་རྩ་དགུའོ། །དེ་ལྟར་ཐམས་ཅད་ཤེས་པ་ཉིད་ཀྱིས་བསྡུས་པའི་རྣམ་པ་ཉིད་ཤུ་རྩ་བདུན་ནོ། །ལམ་ཤེས་པ་ཉིད་ཀྱིས་བསྡུས་པའི་རྣམ་པ་སུམ་ཅུ་རྩ་དྲུག་གོ །རྣམ་པ་ཐམས་ཅད་མཁྱེན་པས་ཡང་དག་པར་བསྡུས་པ་ལ་གང་ཟག་གི་རབ་ཏུ་དབྱེ་བས་སུམ་ཅུ་རྩ་བདུན་དང༌། སུམ་ཅུ་རྩ་བཞི་དང༌། སུམ་ཅུ་རྩ་དགུ་ཞེས་པ་སྟེ་བཅུ་ལྷག་པའི་བརྒྱའོ། །ཐམས་ཅད་གཅིག་ཏུ་བསྡུས་ན་བདུན་ཅུ་རྩ་གསུམ་ལྷག་པའི་བརྒྱ་ཐམ་པའི་རྣམ་པ་རྣམས་སོ། །རྣམ་པ་དག་


DTG087_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས། ད་ནི་ཇི་ལྟར་རབ་ཏུ་སྦྱོར་བ་མདོར་བསྟན་པ་དེ་རྣམས་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་མ་ཡང་ཤེས་རབ་ཏུ་སྦྱོར་བ་ཉིད་ཤུ་བརྗོད་པར་བྱ་བ་དེ་ལ་རབ་ཏུ་སྦྱོར་བར་བྱེད་པ་ཡང་སྦྱོར་བ་པོ་ཉིད་ལས་འགྱུར་ཏེ། དེ་བས་ན་ཐོས་པར་འགྱུར་བ་ཡང་རྙེད་པར་དཀའ་ཞེས་བསྟན་པའི་ཕྱིར་གསུངས་པ། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལས་དགེ་བའི་རྩ་བས་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་པ་སྟེ། དེས་ངེས་པར་བདག་ཉིད་ཆོས་ཉན་པ་པོ་གང་གིས་སྔོན་དུ་སངས་རྒྱས་རྣམས་ལ་སྐྱབས་སུ་འགྲོ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས་པས་སྐལ་བས་དང་ལྡན་པར་འགྱུར་བ་སྟེ་སངས་རྒྱས་ནི་ཆགས་པ་དང་ཞེ་སྡང་དང་གཏི་མུག་མེད་པའི་མཚན་ཉིད་ཅན་ཏེ། དེ་རྣམས་ལ་དགེ་བའི་རྩ་བ་བསྐྲུན་པས་ན། དགེ་བའི་བཤེས་གཉེན་གྱིས་བྱིན་གྱིས་བརླབས་པ་ལ་སོགས་པ་བཞི་པོ་རྣམས་ཉིད་ཀྱིས་འདི་ཉན་པའི་སྐལ་བ་དང་ལྡན་ཞིང་སྣོད་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཡང་གང་གིས་སྐྱེ་བ་སྔ་མ་ལ་སངས་རྒྱས་རྣམས་ལ་ལན་མང་དུ་བཀུར་སྟི་བྱས་པ་དང༌། ཡང་དག་པར་དྲིས་པ་དང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅས་པ་ལ་ལེགས་པར་གོམས་པར་བྱས་ན་དེ་དག་ཉིད་ལེན་པ་དང་འཛིན་པ་དང་དོན་རྟོགས་པ་ལ་སོགས་པའི་སྣོད་དུ་འགྱུར་ཞེས་པ་ནི་ཚིགས་བཅད་དག་གི་དོན་ཏོ། །ད་ནི་རབ་ཏུ་སྦྱོར་བ་རྣམས་བསྟན་པའི་ཕྱིར་གསུངས་པ། གཟུགས་ལ་སོགས་ལ་མི་གནས་ཕྱིར། །དེ་ལ་སྦྱོར་བ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང༌། །ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་པ་དང༌། །ངེས་འབྱུང་བར་ཆད་མེད་བཅས་དང༌། །བྱང་ཆུབ་ཉེ་དང་མྱུར་བ་དང༌། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང༌། །


DTG087_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །དེ་ནི་དག་པ་མཚམས་དང་བཅས། །ཞེས་པ་སྟེ། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་པ་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཁས་མི་ལེན་པ་སྟེ། གཟུགས་ལ་སོགས་པ་ལ་མི་གནས་པའི་རབ་ཏུ་སྦྱོར་བའོ། །དེ་ལ་སྦྱོར་བ་བཀག་པའི་ཕྱིར་ཞེས་པ་ནི་གཟུགས་ལ་སོགས་པ་ལ་ཆགས་པའི་མཚན་ཉིད་ཀྱི་སྦྱོར་བ་བཀག་པ་ནི་གཟུགས་ལ་སོགས་པ་ལ་རྣལ་འབྱོར་བཀག་པའི་རབ་ཏུ་སྦྱོར་བའོ། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །ཞེས་པས་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་བཅོམ་ལྡན་འདས་མ་ནི་ཟབ་པ་སྟེ། ཟབ་པའི་རབ་ཏུ་སྦྱོར་བའོ། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར་ཞེས་པ་གཟུགས་ལ་སོགས་པ་གཏིང་དཔག་དཀའ་བ་ཉིད་ཀྱིས་ན་བཅོམ་ལྡན་འདས་མ་ནི་གཏིང་དཔག་དཀའ་སྟེ་གཏིང་དཔག་དཀའ་བའི་རབ་ཏུ་སྦྱོར་བའོ། །དེ་དག་ཚད་ནི་མེད་ཕྱིར་དང༌། །ཞེས་པ་ནི་གཟུགས་ལ་སོགས་པ་ཚད་མེད་པའི་ཕྱིར་བཅོམ་ལྡན་འདས་མ་ནི་ཚད་མེད་པ་སྟེ་ཚད་མེད་པའི་རབ་ཏུ་སྦྱོར་བའོ། །ཚེགས་ཆེན་ཡུན་རིང་རྟོགས་པའི་པའི་ཕྱིར། །ཞེས་པ་ནི་བཅོམ་ལྡན་འདས་མ་དེས་སྤྱོ་བ་བྱས་པའི་སྡིག་པ་རྣམས་དག་པ་ནི་ཚེགས་ཆེན་པོ་ཡུན་རིང་གིས་མངོན་པར་རྟོགས་ཞེས་པ་སྟེ། ཚེགས་ཆེན་ཡུན་རིང་གིས་རྟོགས་པའི་རབ་ཏུ་སྦྱོར་བའོ། །ལུང་བསྟན་ཞེས་པ་ནི་གང་གིས་འདི་ལྟ་བུའི་བཅོམ་ལྡན་འདས་མ་ཐོས་ནས་མི་སྐྲག་ཅིང་ཇི་ལྟར་ནུས་པ་བཞིན་དུ་རབ་ཏུ་འཇུག་པ་དེ་ནི་སངས་རྒྱས་ཉིད་གསུམ་གྱི་རྗེས་ལ་ལུང་བསྟན་པ་ཐོབ་པ་ཞེས་པ་ནི་ལུང་བསྟན་པ་རབ་ཏུ་ཐོབ་པའི་སྦྱོར་བའོ། །ཕྱིར་མི་ལྡོག་ཅེས་པ་ནི་གང་གིས་བཅོམ་ལྡན་འདས་མ་འདི་དག་ལ་རྟོག་པ་མེད་པ་ཐོབ་པར་འདོད་པ་དང། ཇི་སྲིད་དུ་དོན་འདི་རྣམས་ཡིད་ལ་བྱེད་པར་འགྱུར་བ་དེ་ནི་ཕྱིར་མི་ལྡོག་པར་འགྱུར་ཏེ། ཕྱིར་མི་ལྡོག་པའི་རབ་ཏུ་སྦྱོར་བའོ། །ངེས་འབྱུང་ཞེས་པ་ནི་གང་ཞིག་འདི་ལྟ་བུའི་བཅོམ་ལྡན་འདས་མ་ཐོབ་པར་བྱ་བའི་ཕྱིར་ཇི་སྲིད་དུ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དེ་ནི་བྱ་དཀའ་བའི་མཐའ་ལས་


DTG087_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བ་སྟེ། ངེས་པར་འབྱུང་བའི་རབ་ཏུ་སྦྱོར་བའོ། །བར་ཆད་མེད་བཅས་ཞེས་པ་ནི་བར་ཆད་མེད་པ་དང་བཅས་པར་འཇུག་པ་སྟེ། ངེས་པར་འབྱུང་བ་དང་བཅས་པ་ནི་ངེས་པར་འབྱུང་བ་དང་བར་ཆད་མེད་པའི་དོན་ཏོ། །གང་གིས་བཅོམ་ལྡན་འདས་མ་མཐོང་བ་ལ་སོགས་པ་ཐོབ་པ་དེས་བར་ཆད་མེད་པ་ཉིད་དུ་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ཅེས་པ་སྟེ། བར་ཆད་མེད་པའི་རབ་ཏུ་སྦྱོར་བའོ། །བྱང་ཆུབ་ཉིད་དང་ཞེས་པ་ནི་གང་གིས་བཅོམ་ལྡན་འདས་མ་ལ་ལྟ་བ་ལ་སོགས་པའི་དོན་ཐོབ་པ་དེས་ཉེ་བ་ཉིད་དུ་མངོན་པར་བྱང་ཆུབ་པ་ཐོབ་ཅེས་པ་སྟེ། ཉེ་བར་མངོན་པར་བྱང་ཆུབ་པའི་རབ་ཏུ་སྦྱོར་བའོ། །མྱུར་བ་ཞེས་པ་ནི་བྱང་ཆུབ་ཏུ་ཞེས་པ་དང་སྦྱར་ཏེ་གང་གིས་བཅོམ་ལྡན་འདས་མ་ལྟ་བ་ལ་སོགས་པ་ཐོབ་པ་ངེས་ཡུན་རིང་པོ་མ་ཡིན་པས་ཡང་དག་པར་བྱང་ཆུབ་ཅེས་པ་སྟེ། མྱུར་བར་མངོན་པར་བྱང་ཆུབ་པའི་རབ་ཏུ་སྦྱོར་བའོ། །གཞན་དོན་ཞེས་པ་ནི་གཞན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་དུ་མའི་རབ་ཏུ་སྦྱོར་བས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་ཅེས་པ་སྟེ་གཞན་དོན་གྱི་རབ་ཏུ་སྦྱོར་བའོ། །འཕེལ་མེད་འགྲིབ་མེད་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་འདི་ལ་གང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འཕེལ་བ་དང་འགྲིབ་པར་མ་མཐོང་བ་དེ་ནི་འཕེལ་མེད་འགྲིབ་མེད་ཀྱི་རབ་ཏུ་སྦྱོར་བའོ། །ཆོས་དང་ཆོས་མིན་སོགས་མི་མཐོང༌། །ཞེས་པ་ནི་གང་ཞིག་གཟུགས་ནས་ཇི་སྲིད་ཐམས་ཅད་མཁྱེན་པའི་བར་དུ་ཆོས་ཞེས་པ་དེ་ནི་རྗེས་སུ་མི་མཐོང་ངོ༌། །ཆོས་མིན་ཞེས་རྗེས་སུ་མི་མཐོང་བ་དེ་ནི་ཆོས་དང་ཆོས་མིན་ལ་སོགས་པ་མི་དམིགས་པའི་རབ་ཏུ་སྦྱོར་བའོ། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །ཞེས་པ་ནི་གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ནས་ཇི་སྲིད་ཐམས་ཅད་མཁྱེན་པའི་བར་དུ་བསམ་གྱིས་མི་ཁྱབ་སྟེ། དེའི་དོན་མི་མཐོང་བ་ནི་མཚན་མ་མེད་པའི་རབ་ཏུ་སྦྱོར་བའོ། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམས་མི་རྟོག །ཅེས་པ་ནི་ཏིང་ངེ་འཛིན་ལ་གནས་ཏེ་གཟུགས་ལ་སོགས་པ་ནས་ཇི་སྲིད་ཐམས་ཅད་མཁྱེན་པའི་བར་དུ་རྣམ་པར་རྟོག་པ་མེད་པ་ནི་རྣམ་པར་རྟོག་པ་མེད་པའི་རབ་ཏུ་སྦྱོར་བའོ། །འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །ཞེས་པ་ལ། འབྲས་


DTG087_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རིན་ཆེན་ནི་རྒྱུན་དུ་ཞུགས་པ་ནས་ཇི་སྲིད་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུའོ། །དེ་སྟེར་བ་ནི་བཅོམ་ལྡན་འདས་མ་སྟེ་འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱི་རབ་ཏུ་སྦྱོར་བའོ། །དག་པ་ཞེས་པ་ལ། དག་པའི་ཕྱུང་པོ་ནི་བཅོམ་ལྡན་འདས་མ་སྟེ། གཟུགས་ལ་སོགས་པ་དག་པ་ནས་ཇི་སྲིད་ཐམས་ཅད་མཁྱེན་པའི་བར་དུ་བྱེད་དེ། རྣམ་པར་དག་པའི་རབ་ཏུ་སྦྱོར་བའོ། །མཚམས་དང་བཅས་ཞེས་པ་ནི་སྐྱེས་བུའི་དོན་མཆོག་ཡིན་པ་ཉིད་ཀྱིས་བཅོམ་ལྡན་འདས་མ་ནི་བར་དུ་གཅོད་པ་མང་བ་སྟེ། དེས་ན་ལོ་གཅིག་གི་བར་གྱིས་རྫོགས་པ་ནི་བཟང་པོའོ། །རབ་ཏུ་སྦྱོར་བ་ཉི་ཤུ་པོ་རྣམས་བརྗོད་ནས་ད་ནི་རབ་ཏུ་སྦྱོར་བ་བྱེད་པའི་ཡོན་ཏན་བསྔགས་པ་དེ་དག་གསུངས་པ། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་པས་ཏེ། བདུད་རྣམས་ཀྱི་ནུས་པ་བཅོམ་པའི་ཡོན་ཏན་དང༌། སངས་རྒྱས་རྣམས་ཀྱིས་དགོངས་པའི་ཡོན་ཏན་དང༌། སངས་རྒྱས་རྣམས་ཀྱིས་གཟིགས་པའི་ཡོན་ཏན་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པའི་ཡོན་ཏན་དང༌། དོན་ཆེན་པོ་ལ་སོགས་པའི་ཡོན་ཏན་དང༌། ཕྱོགས་རྣམས་སུ་གཟིགས་པའི་ཡོན་ཏན་དང༌། དཀར་པོའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཡོན་ཏན་དང༌། ཆོས་ཐམས་ཅད་བརྗོད་པའི་ཡོན་ཏན་དང༌། མི་ཕྱེད་པའི་ཡོན་ཏན་དང༌། སྐྱེ་བོ་མང་པོ་ལ་དགེ་བའི་རྩ་བ་རྣམས་བསྐྱེད་པའི་ཡོན་ཏན་དང༌། དམ་བཅས་པའི་དོན་རྫོགས་པར་བྱེད་པའི་ཡོན་ཏན་དང༌། འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་དང༌། མདོའི་དོན་རྣམས་རབ་ཏུ་རྟོགས་པའི་ཡོན་ཏན་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ངེས་པར་ཐོབ་པའི་ཡོན་ཏན་ཏེ་ཡོན་ཏན་བཅུ་བཞི་པོ་རྣམས་བརྗོད་པའོ། །རབ་ཏུ་སྦྱོར་བ་རྣམས་ཀྱི་ཡོན་ཏན་བཤད་ནས། སྐྱོན་རྣམས་བརྗོད་པར་བྱ་སྟེ། རབ་ཏུ་སྦྱོར་བ་རྣམས་ལ་བར་ཆད་བྱེད་པ་ནི་སྐྱོན་ཏེ་དེ་དག་གསུངས་པ། སྐྱོན་ནི་བཅུ་ཚན་བ་ཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་པ་སྟེ། སྐྱོན་བཞི་བཅུ་རྩ་དྲུག་ཅེས་པའི་དོན་ཏེ་དུས་ཡུན་རིང་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་དང༌། ཤིན་ཏུ་མྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཀྱི་རྣམ་


DTG087_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཡེང་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པ་སྟེ། འདི་ཡང་སྐྱོན་ཡིན་ཏེ་ཡུན་རིང་དུ་གོམས་པར་མ་བྱས་པས་རྩ་བ་མ་བཅོམ་པའི་ཞིང་ངམ་གློག་ལྟར་གཡོ་ཞིང་མི་བརྟན་པས་སོ། །བཅོམ་ལྡན་འདས་མ་མཉན་པ་ལ་སོགས་པ་ལ་ལུས་རྣམ་པར་གཡེང་བ་དང༌། སེམས་རྣམ་པར་གཡེང་བ་དང༌། ཀློག་པ་ལ་སོགས་པ་མ་དད་པ་ལ་སོགས་པས་བྱས་པ་དང༌། བཅོམ་ལྡན་འདས་མ་ལ་མི་མོས་པའི་རྒྱུས་སྤྱོད་པ་ལ་སོགས་པའི་ཚིག་འཛིན་པ་དང༌། བཅོམ་ལྡན་འདས་མ་ཐོབ་པའི་རྒྱུར་མངོན་པར་ཞེན་པ་ཉམས་པ་དང༌། བླ་ན་མེད་པའི་ཆོས་ཀྱི་བདུད་རྩི་ཉིད་ནི་བཅོམ་ལྡན་འདས་མ་སྟེ། དེ་ལ་མཆོག་ཏུ་མྱང་བ་ཉམས་པ་དང༌། ཐེག་པ་ཆེན་པོ་ཐེག་པ་ཐམས་ཅད་ཀྱི་བླ་ན་མེད་པར་འཛིན་པ་ཉམས་པ་དང༌། བཅོམ་ལྡན་འདས་མ་ལ་ཞུགས་པའི་བྱ་བ་ཉམས་པ་སྟེ། བཅུ་ཚན་དང་པོའོ། །བཅོམ་ལྡན་འདས་མ་ཐོབ་པའི་ཐབས་ལ་རྨོངས་པ་དང༌། ཚིག་རྐང་དམན་པ་དང༌། མཆོག་དག་ལ་ཡང་དག་པར་རྨོངས་པ་དང༌། བཅོམ་ལྡན་འདས་མ་ལ་དོན་ཐ་དད་པ་དུ་མར་ཡོངས་སུ་རྟོགས་པ་དང༌། བཅོམ་ལྡན་འདས་མ་འདྲི་བ་ལ་མངོན་པར་ཞེན་པ་དང༌། བཅོམ་ལྡན་འདས་མ་ལ་དངོས་པོ་མེད་པར་མངོན་པར་ཞེན་པ་དང༌། བཅོམ་ལྡན་འདས་མ་ལ་ཡི་གེར་མངོན་པར་ཞེན་པ་དང༌། བཅོམ་ལྡན་འདས་མ་ལ་ཡི་གེ་མེད་པར་མངོན་པར་ཞེན་པ་དང༌། སྐྱེ་བོའི་གནས་ལ་སོགས་པ་ཡིད་ལ་བྱེད་པ་དང༌། རྙེད་པ་དང་བཀུར་སྟི་དང་བསྟོད་པ་ལ་སོགས་པ་ཉམས་སུ་ལེན་པ་དང་ཉན་ཐོས་ལ་སོགས་པའི་མདོ་ལས་མ་ཡིན་པ་དག་ལ་བྱང་ཆུབ་ཐོབ་པའི་ཐབས་ལ་མཁས་པའི་ལམ་མོ་ཞེས་པ་ནི་བཅུ་ཚན་གཉིས་པའོ། །ཆོས་སྟོན་པ་པོ་དང་ཉན་པ་པོ་དག་ཆོས་བསྟན་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་མི་མཐུན་པའི་འདོད་པའོ། །འདུན་པའི་ཡུལ་གྱི་དབྱེ་བས་མི་མཐུན་པའི་ཕྱོགས་ལ་འདོད་པའོ། །བླ་མ་རྙེད་པ་མི་འདོད་ལ་སློབ་མ་ཅུང་ཟད་ཙམ་འདོད་པ་མི་མཐུན་པའི་ཕྱོགས་འདོད་པའོ། །སྦྱངས་པའི་ཡོན་ཏན་ལ་སྦྱོར་བ་དང་མི་སྦྱོར་བ་མི་མཐུན་པའི་འདོད་པའོ། །དགེ་བ་དང་མི་དགེ་བ་འདོད་པ་མི་མཐུན་པའི་འདོད་པའོ། །དགེ་བ་དང་མི་དགེ་བ་འདོད་པ་མི་མཐུན་པའི་འདོད་པའོ། །


DTG087_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བ་དང་སེར་སྣ་མི་མཐུན་པའི་འདོད་པའོ། །སྦྱིན་པ་དང་མི་ལེན་པ་མི་མཐུན་པའི་འདོད་པའོ། །མདོར་བསྟན་རྒྱས་པས་གོ་ཡང་མི་མཐུན་པའི་འདོད་པའོ། །མདོ་ལ་སོགས་པའི་ཆོས་ཤེས་པ་དང་མངོན་པར་མི་ཤེས་པ་དག་ཀྱང་མི་མཐུན་པའི་འདོད་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་མཉམ་པར་རྟོགས་པ་དང་མཉམ་པར་མ་རྟོགས་པ་དག་མི་མཐུན་པའི་འདོད་པ་སྟེ་བཅུ་ཚན་གསུམ་པའོ། །ཐབས་ལ་མཁས་པ་དང་མི་མཁས་པ་དག་མི་མཐུན་པའི་འདོད་པའོ། །གཟུངས་སོ་སོར་ཐོབ་པ་དང་མ་ཐོབ་པ་དག་མི་མཐུན་པའི་འདོད་པའོ། །ཡི་གེ་འབྲི་བར་འདོད་པ་དང་མི་འདོད་པ་དག་མི་མཐུན་པའི་འདོད་པའོ། །འདོད་པའི་འདུན་པ་དང་བྲལ་བར་འདོད་པ་དང་མི་འདོད་པ་དག་མི་མཐུན་པའི་འདོད་པའོ། །ངན་འགྲོ་ལས་དབེན་པ་དང་མི་དབེན་པ་དག་མི་མཐུན་པའི་འདོད་པའོ། །བདེ་འགྲོར་འགྲོ་བ་ལ་ཡིད་དགའ་བ་དང་ཡིད་མི་དགའ་བ་མི་མཐུན་པའི་འདོད་པའོ། །གཅིག་ཕུར་གནས་བར་འདོད་ཅིང་འཁོར་རྣམས་སུ་འགྲོ་བར་དགའ་བ་ཡང་མི་མཐུན་པའི་འདོད་པའོ། །སྐབས་འབྱེད་པར་འདོད་པ་དང་སྐབས་འབྱེད་པར་མི་འདོད་པ་དག་ཀྱང་མི་མཐུན་པའི་འདོད་པའོ། །ནོར་རྫས་དོན་དུ་གཉེར་བ་དང་ནོར་རྫས་དོན་དུ་མི་གཉེར་བ་ཡང་མི་མཐུན་པའི་འདོད་པའོ། །འཆི་བ་ལ་སོགས་པའི་ཆེད་ཀྱིས་ཡུལ་རྣམས་སུ་འགྲོ་བར་འདོད་པ་དང་འགྲོ་བར་མི་འདོད་པ་ཡང་མི་མཐུན་པའི་འདོད་པ་ཞེས་པ་སྟེ་བཅུ་ཚན་བཞི་བའོ། །མུ་གེའི་ཡུལ་དུ་འགྲོ་བར་འདོད་པ་དང་མི་འདོད་པ་ཡང་མི་མཐུན་པའི་འདོད་པའོ། །ཆོམ་རྐུན་ལ་སོགས་པ་ཡོད་པའི་ཡུལ་ཕྱོགས་སུ་འགྲོ་བར་འདོད་པ་དང་མི་འདོད་པ་ཡང་མི་མཐུན་པའི་འདོད་པའོ། །ཁྱིམ་བདག་དང་པ་ཅན་གྱི་ཕྱོགས་སུ་འགྲོ་བར་ཡིད་དགའ་བ་དང་ཡིད་མི་དགའ་བ་ཡང་ཡི་མཐུན་པའི་འདོད་པའོ། །བདུད་ཀྱིས་རབ་ཏུ་སྦྱོར་བའི་བར་ཆད་བྱས་པ་ཡང་མི་མཐུན་པའི་འདོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་འཛིན་པ་ཡང་མི་མཐུན་པའི་འདོད་པའོ། །བདུད་ཀྱིས་སྤྲུལ་བའི་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་ལ་མངོན་པར་འདོད་པ་ཡང་བདུད་ཀྱི་ལས་ཏེ་སྐྱོན་བཞི་བཅུ་རྩ་དྲུག་པ་རྣམས་བརྗོད་པའོ། །རབ་ཏུ་སྦྱོར་བ་རྣམས་ཀྱི་


DTG087_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་བསྟན་པའི་ཕྱིར་གསུངས་པ། གང་གིས་མཚོན་དེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་ཤེས་པ་དང་།ཁྱད་པར་བྱེད་དང་རྣམ་གསུམ་སྟེ། །མཚོན་བྱ་ངོ་བོ་ཉིད་གང་ཡང༌། །ཞེས་པ་སྟེ། མཚོན་པར་བྱེད་པར་འདོད་པ་མཚན་ཉིད་དེ་གང་ཞིག་བྱེད་པར་སྒྲུབ་པའི་མཚན་ཉིད་དེ་ནི་རྣམ་པ་གསུམ་སྟེ། ཤེས་པ་དང༌། བྱེ་བྲག་དང༌། བྱེད་པའོ། །གང་ཞིག་མཚོན་པར་བྱ་བའི་མཚན་ཉིད་དེ་ལས་སྒྲུབ་པའོ། །དེ་ཡང་རང་བཞིན་ཉིད་ཅེས་མཚན་ཉིད་རྣམ་པ་བཞིའོ། །དེ་ལ་ཐམས་ཅད་ཤེས་པའི་དབང་དུ་བྱས་ཏེ་རྣམ་པར་ཤེས་པའི་བདག་ཉིད་རྣམ་པ་བཅུ་དྲུག་མཚན་ཉིད་དུ་བསྟན་པའི་ཕྱིར་གསུངས་པ། དེ་བཞིན་གཤེགས་པ་འབྱུང་བ་དང༌། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །དེ་བསྡུས་པ་དང་ཕྱིར་བལྟས་དང༌། །མི་ཟད་པ་ཡི་རྣམ་པ་དང༌། །ཆགས་བཅས་སོགས་དང་རྒྱ་ཆེན་དང༌། །ཆེན་པོར་གྱུར་དང་ཚད་མེད་དང༌། རྣམ་ཤེས་བསྟན་དུ་མེད་པ་དང༌། །སེམས་བལྟར་མེད་དང་ཤེས་པ་སྟེ། །གཡོ་བ་ལ་སོགས་ཤེས་བྱ་དང༌། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་བསྟན་པ་ཞེས་བྱ་བ་ལ། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་པ་སྟེ། ཤེས་པ་ཞེས་པ་ནི་ཚིག་འདི་རྣམས་ལ་བདུན་པའི་མཐའ་ཅན་དུ་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་འབྱུང་བ་དང༌། །ཞེས་པ་ནི་བཅོམ་ལྡན་འདས་མ་ལས་དེ་བཞིན་གཤེགས་པ་རྣམས་སྐྱེ་བར་ཤེས་པའོ། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །ཞེས་པ་ནི་འཇིག་རྟེན་རྣམས་ཀྱི་རྒྱུན་གནས་པ་མི་ཉམས་པར་ཤེས་པའོ། །སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་ཡུལ་ཤེས་པའོ། །དེ་བསྡུས་པ་དང་ཕྱིར་བལྟས་དང༌། །ཞེས་པ་ནི་སེམས་ཀྱི་རྣམ་པར་གཡེང་བ་དང་མི་གཡེང་བ་ཤེས་པའོ། །མི་ཟད་པ་ཡི་རྣམ་པ་དང༌། །ཞེས་པ་ནི་སེམས་མི་ཟད་པའི་རྣམ་པར་ཤེས་པའོ། །ཆགས་བཅས་སོགས་ཞེས་པ་ནི་འདོད་ཆགས་དང་བཅས་པའི་སེམས་དང༌། འདོད་


DTG087_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་བྲལ་བ་ལ་སོགས་པའི་སེམས་ཤེས་པའོ། །རྒྱ་ཆེན་ཞེས་པ་ནི་སེམས་རྒྱ་ཆེ་བ་ཞེས་པའོ། །ཆེན་པོར་གྱུར་དང་ཞེས་བྱ་བ་ནི་ཆེན་པོ་སྟོང་པ་ཉིད་དུ་གྱུར་པའི་སེམས་ཏེ་ཆེན་པོར་གྱུར་པའི་སེམས་ཤེས་པའོ། །ཚད་མེད་ཅེས་པ་ནི་ཚད་མེད་པའི་སེམས་ཤེས་པའོ། །རྣམ་ཤེས་བསྟན་དུ་མེད་པ་དང༌། །ཞེས་པ་ནི་བསྟན་དུ་མེད་པའི་མིག་ཤེས་པ་སྟེ། གང་ཞིག་གཟུགས་ལ་བསྟན་དུ་མེད་པ་དེ་ནི་བསྟན་དུ་མེད་པའི་སེམས་ཤེས་པའོ། །སེམས་བལྟར་མེད་དང་ཤེས་པ་སྟེ། །ཞེས་པ་ནི་གང་གི་སེམས་བལྟར་མེད་པ་སྟེ་ཤེས་པ་ནི་བལྟར་མེད་པའི་སེམས་ཤེས་པའོ། །གཡོ་བ་ལ་སོགས་ཤེས་བྱ་དང༌། །ཞེས་པ་ལ་སེམས་དེའི་གཡོ་བ་དང་མི་གཡོ་བ་དང་གཉིས་ཀ་དང་རབ་ཏུ་འགེགས་པ་ཤེས་པའོ། །དེ་ལ་གཡོ་བ་ནི་རྣམ་པར་གྱུར་པའོ། །མི་གཡོ་བ་ནི་འགོག་པ་སྟེ་མ་གྱུར་པའོ། །གཉིས་ཀ་ནི་གྱུར་པ་དག་གིས་རབ་ཏུ་འགེགས་པ་ནི་གཉིས་ཀ་འགེགས་པ་སྟེ། གྱུར་པ་ཡང་མ་ཡིན་མ་གྱུར་པ་ཡང་མ་ཡིན་ཞེས་པའོ། །དེ་རྣམས་ནི། དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས། །ཞེས་བྱ་བ་སྟེ་གཡོ་བ་ལ་སོགས་པ་རྣམས་ཉིད་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པའོ། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཞེས་བྱ་འདི། །ཞེས་པ་ལ་ཐུབ་པས་དེ་ཉིད་ཡང་དག་པར་རྟོགས་ནས་གང་ཞིག་ཡང་དག་པར་རྟོགས་པ་དེ་ཉིད་གཞན་རྣམས་ལ་སྟོན་པ་ཏེ་ཆོས་སྟོན་པ་ཤེས་པའོ། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་པ་ནི་ཉེ་བར་བསྡུ་བ་ཡིན་ནོ། །ལམ་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་ཤེས་པའི་མཚན་ཉིད་རྣམ་པ་བཅུ་དྲུག་རྟོགས་པར་བྱ་བའི་ཕྱིར་གསུངས་པ། སྟོང་ཉིད་མཚན་མ་མེད་བཅས་དང༌། །སྨོན་པ་རྣམ་པར་སྤངས་པ་དང༌། །སྐྱེ་མེད་འགགས་པ་མེད་སོགས་དང༌། །ཆོས་ཉིད་རྣམ་པར་འཁྲུག་མེད་དང༌། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །ཅེས་པ་སྟེ། ཤེས་པའི་སྒྲ་ནི་བདུན་པའི་མཐའ་ཅན་དེ་ཀུན་དུ་རྣམ་པར་འཁྲུག་མེད་དང༌། །འདུ་མི་བྱེད་།མཚན་མ་མེད་བཅས་ཞེས་པ་ནི་མཚན་


DTG087_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་བར་ཤེས་པའོ། །སྨོན་པ་རྣམ་པར་སྤངས་པ་དང༌། །ཞེས་པ་ནི་སྨོན་པ་མེད་པར་ཤེས་པའོ། །སྐྱེ་མེད་འགག་པ་མེད་སོགས་དང༌། །ཞེས་པ་ལ་སོས་པའི་སྒྲས་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པ་ལ་སོགས་པ་སྟེ། གཟུགས་དེ་ནི་མ་སྐྱེས་པ་དང༌། མ་འགགས་པ་ལ་སོགས་པ་ཞེས་པའོ། །ཆོས་ཉིད་རྣམ་པར་འཁྲུག་མེད་དང༌། །ཞེས་པ་ལ་ཐམས་ཅད་དུ་ཆད་པ་སྤངས་པ་ཉིད་ཀྱིས་བསམ་པ་བརྟགས་པས་སྟོང་པ་ཁས་བླངས་པས་ཆོས་ཉིད་འཁྲུག་པ་མེད་པར་ཤེས་པའོ། །འདུ་མི་བྱེད་ཅེས་པ་ནི་བརྟགས་པའི་ཆོས་ཐམས་ཅད་འདུ་བྱ་བ་མེད་པས་འདུ་མི་བྱེད་པ་ཞེས་པའོ། །རྣམ་མི་རྟོག་ཅེས་པ་ནི་ཆོས་ཐམས་ཅད་ལ་མི་རྟོག་ཅེས་པས་མི་རྟོག་པར་ཤེས་པའོ། །རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ཞེས་པ་ནི་ཆོས་ཐམས་ཅད་རབ་ཏུ་དབྱེ་བ་མེད་པར་ཤེས་པ་དང༌། ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་པའོ། །ལམ་ཤེས་ཞེས་པ་ནི་ཉེ་བར་བསྡུ་བའོ། །རྣམ་པ་ཐམས་ཅད་མཁྱེན་པའི་དབང་དུ་བྱས་ཏེ་ཤེས་པའི་མཚན་ཉིད་རྣམ་པ་བཅུ་དྲུག་ཏུ་བསྟན་པར་བྱ་སྟེ། རང་གི་ཆོས་བརྟེན་ཉེར་གནས་པས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་བྱེད་པ་པོ། །ཀུན་འཇུག་མཁྱེན་པ་གང་ཡིན་དང༌། །མ་མཐོང་སྟོན་པར་མཛད་པ་དང༌། འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་དང༌། །བསམ་མི་ཁྱབ་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་པ་སྟེ། ཤེས་པ་ཞེས་པ་ནི་ཐམས་ཅད་དུ་སྦྱར་བར་བྱའོ། །རང་གི་ཆོས་བརྟེན་ཉེར་གནས་པས། །གནས་དང་ཞེས་པ་ལ་རང་གི་ཆོས་ནི་འགྲོ་བའི་དོན་ཏེ། དེ་ལ་ཉེ་བར་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་གནས་ཞེས་ངེས་པར་བྱས་པ་ནི་རང་གི་ཆོས་ལ་ཉེ་བར་བརྟེན་ཏེ་གནས་པར་ཤེས་པའོ། །གུས་པར་བྱ་བ་དང༌། བླ་མ་ཉིད་དང༌། མཉེས་པ་དང་ཞེས་པ་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་གུས་པར་བྱ་བ་ལ་སོགས་པར་ཤེས་པའོ། །དེ་ལ་མཆོད་དང་བྱེད་པ་པོ། །ཞེས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་ཆོས་དེ་ལ་མཆོད་


DTG087_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པ་དང༌། མཆོད་པར་བྱེད་པ་པོ་ཤེས་པ་གཉིས་སོ། །ཀུན་འཇུག་མཁྱེན་པ་གང་ཡིན་དང༌། །ཞེས་པ་ནི་འཇིག་རྟེན་ཐམས་ཅད་ཀྱི་རང་བཞིན་ཤེས་པའོ། །མ་མཐོང་སྟོན་པར་མཛད་པ་དང༌། །ཞེས་པ་ནི་མ་མཐོང་བའི་དོན་སྟོན་པར་ཤེས་པའོ། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་དང༌། །ཞེས་པ་ནི་འཇིག་རྟེན་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་རྣམ་པར་ཤེས་པ་དང༌། འཇིག་རྟེན་ཐམས་ཅད་ཀྱི་སྟོང་པ་ཉིད་དུ་བརྗོད་པ་ཤེས་པ་དང༌། འཇིག་རྟེན་ཐམས་ཅད་ཀྱི་སྟོང་པ་ཉིད་དབང་པོས་ཤེས་པའོ། །དབང་པོ་ལ་བརྟེན་པས་ན་དབང་པོ་སྟེ་མངོན་སུམ་དུ་སྟོན་པ་པོ་ཞེས་པའི་དོན་ཏོ། །བསམ་མི་ཁྱབ་དང་ཞི་ཉིད་སྟོན། །ཞེས་པ་ནི་འཇིག་རྟེན་ཐམས་ཅད་ཀྱི་བསམ་གྱིས་མི་ཁྱབ་པ་དང་ཞི་བ་ཉིད་ཤེས་པའོ། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །ཞེས་པ་ནི་འཇིག་རྟེན་གྱི་མཚན་མ་འགོག་པ་ཤེས་པའོ། །ཤེས་པའི་མཚན་ཉིད་ཅེས་པ་ནི་ཉེ་བར་བསྡུ་བ་སྟེ། ཤེས་པའི་མཚན་ཉིད་གསུངས་པའི་སྔོན་དུ་གསུངས་པའི་རབ་ཏུ་སྦྱོར་བ་རྣམས་ཀྱི་ཤེས་པའི་མཚན་ཉིད་བརྗོད་ནས། ཁྱད་པར་གྱི་མཚན་ཉིད་གསུངས་པ། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་པ་སྟེ། བསམ་གྱིས་མི་ཁྱབ་པ་ལ་སོགས་པ་འཆད་པར་འགྱུར་བའི་ཁྱད་པར་རྣམས་ཀྱིས་ཉན་ཐོས་ལ་སོགས་པའི་ལམ་ལས་ཁྱད་པར་དུ་འཕགས་ཏེ། བདེན་པ་བཞིའི་ཡུལ་ལ་སྐད་ཅིག་མ་བཅུ་དྲུག་གིས་ཁྱད་པར་གྱི་མཚན་ཉིད་མདོ་ལས་གསུངས་པའོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་གང་ཞིག་ཅེས་པ་ལ་སོགས་གསུངས་པ། །བསམ་མི་ཁྱབ་དང་མི་མཉམ་དང༌། །གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་སྡུད་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཞེས་ཉིད། །ཤེས་མྱུར་ཉུང་དང་མང་མེད་དང༌། །སྒྲུབ་དང་ཡང་དག་འགྲུབ་པ་དང༌། །དམིགས་པ་རྟེན་དང་བཅས་པ་དང༌། །མཐའ་དག་པ་དང་ཡོངས་འཛིན་དང༌། །རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ། །


DTG087_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་པ་སྟེ། བསམ་མི་ཁྱབ་དང་མི་མཉམ་དང༌། །ཞེས་པ་ནི། སངས་རྒྱས་ལ་སོགས་པའི་ཆོས་ཐམས་ཅད་ནི་བསམ་པ་ལས་འདས་པས་ན་བསམ་གྱིས་མི་ཁྱབ་ཅེས་པའི་དོན་ཏོ། །མཉམ་པ་ལས་འདས་པས་ན་མི་མཉམ་པ་ཉིད་དོ། །གཞལ་དང་བགྲང་ལས་ཡང་དག་འདས། །ཞེས་པ་ནི། ཚད་ལ་སོགས་པ་ལས་འདས་པས་ན་གཞལ་དུ་མེད་པའོ། །བགྲང་བ་ལས་འདས་པས་ན་གྲངས་མེད་པ་ཉིད་དོ། །ཁྱད་པར་བཞི་པོ་འདིས་རིམ་པ་ཇི་ལྟ་བ་བཞིན་དུ་ཁྱད་པར་འཕགས་པ་སྡུག་བསྔལ་གྱི་བདེན་པར་འགྱུར་བའི་སྐད་ཅིག་མ་བཞིའོ། །འཕགས་པ་ཀུན་སྡུད་ཅེས་པ་ནི་འཕགས་པ་ཀུན་ཀྱང་བཅོམ་ལྡན་འདས་མའི་ནང་དུ་འདུས་ཞེས་པ་ནི་ཁྱད་པར་གཅིག་གོ །མཁས་པ་ཡིས། རིག་བྱ་ཐུན་མོང་མིན་ཞེས་ཉིད། །ཞེས་པ་ནི་བཅོམ་ལྡན་འདས་མ་ནི་མཁས་པའི་རིག་བྱ་སྟེ་གཉིས་པའོ། །དེ་ཡང་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་ཀྱི་དངོས་པོ་ཤེས་པ་སྟེ་གསུམ་པའོ། །ཤེས་མྱུར་ཉུང་དང་མང་མེད་དང༌། །ཞེས་པ་ལ་མྱུར་བར་མངོན་པར་ཤེས་པ་ཉིད་ཅེས་པ་བཞི་པ་སྟེ། ཁྱད་པར་རྣམ་པ་བཞིས་ཁྱད་པར་དུ་འཕགས་པ་ནི་ཀུན་འབྱུང་གི་བདེན་པར་རྟོགས་པའི་སྐད་ཅིག་མ་བཞིའོ། །ཉུང་བ་དང་མང་བ་མེད་པ་ནི་ཉུང་དང་མང་མེད་ཅེས་པ་ཁྱད་པར་གཅིག་གོ །སྒྲུབ་དང་ཡང་དག་འགྱུར་པ་དང༌། །ཞེས་པ་ནི་བཅོམ་ལྡན་འདས་མ་སྒྲུབ་པ་ནི་ཐོས་པ་ལས་གོང་ནས་གོང་དུ་ཉམས་སུ་མྱོང་བ་ནི་གཉིས་པའོ། །ཡང་དག་འགྲུབ་པ་ནི་གོང་ནས་གོང་དུ་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པ་སྟེ་གསུམ་པའོ། །དམིགས་པ་ཞེས་པ་ནི་བཅོམ་ལྡན་འདས་མ་ལ་བདག་ཉིད་ཐམས་ཅད་ཀྱི་དངོས་པོས་དམིགས་པའོ། །ཁྱད་པར་བཞི་པོ་འདིས་ཁྱད་པར་དུ་འཕགས་པ་ནི་འགོག་པའི་བདེན་པར་གཏོགས་པའི་སྐད་ཅིག་མ་བཞི་པོ་རྣམས་སོ། །རྟེན་དང་བཅས་ཞེས་པ་ནི་རྟེན་དང་བཅས་པར་བྱང་ཆུབ་སེམས་དཔའ་གནས་པས་རྟེན་བཅས་སོ། །རྟེན་གྱི་སྒྲས་འདིར་བྱང་ཆུབ་སེམས་དཔས་ལམ་དང་བཅས་པར་གཟུང་བར་བྱ་ཞེས་པ་སྟེ་ཁྱད་པར་གཅིག་གོ །མཐའ་དག་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དོ། །མཐའ་


DTG087_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་ཁྱད་པར་ཏེ་གཉིས་པའོ། །ཡོངས་སུ་འཛིན་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ངེས་པར་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་པ་ནི་གསུམ་པའོ། །རོ་མྱང་མེད་ཅེས་པ་འདི་ནི་བྱང་ཆུབ་སེམས་དཔས་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ཀྱི་ཆོས་ཐམས་ཅད་གཟུང་བ་དང་འཛིན་པར་དེས་རོ་མྱོང་བར་མི་བྱེད་ཅེས་པ་སྟེ། ཁྱད་པར་རྣམ་པ་བཞིས་ཁྱད་པར་འཕགས་པ་ནི་ལམ་གྱི་བདེན་པའི་སྐད་ཅིག་མ་བཞི་པའོ། །ཁྱད་པར་ལམ་ཞེས་པ་ལ་སོགས་པ་ནི་ཁྱད་པར་གྱི་སྒྲའི་དོན་དུ་བསྟན་པ་སྟེ་ཉེ་བར་བསྡུ་བའོ། །ཁྱད་པར་གྱི་མཚན་ཉིད་གསུངས་པའི་སྔོན་དུ་གསུངས་པའི་རབ་ཏུ་སྦྱོར་བ་ནི་བདག་བྱང་ཆུབ་སེམས་དཔའི་གང་ཞིག་འཆད་པར་འགྱུར་བ་ཕན་པ་ལ་སོགས་པའི་བྱ་བ་བྱེད་པའོ། །དེ་ལ་རབ་ཏུ་སྦྱོར་བའི་བྱེད་པའི་མཚན་ཉིད་དེ་དག་གསུངས་པ། ཕན་དང་བདེ་དང་སྐྱོབ་པ་དང༌། །མི་རྣམས་ཀྱི་ནི་སྐྱབས་དག་དང༌། །གནས་དང་མགོན་དང་གླིང་དང་ནི། །ཡོངས་སུ་འདྲེན་པ་ཞེས་བྱ་བ་དང༌། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་སུམ་མི་བྱེད་བདག །ཐ་མར་གྱུར་པའི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་པ་སྟེ། མི་རྣམས་ཞེས་པ་ནི་ཚིག་རྐང་ཐམས་ཅད་དུ་སྦྱར་བར་བྱའོ། །ཕན་པ་དང་ཞེས་པ་ནི་མྱ་ངན་ལས་འདས་པའི་ལམ་ཕན་པ་ཉིད་དུ་ཉེ་བར་སྟོན་པ་ནི་ཕན་པའི་བྱེད་པའོ། །བདེ་བ་ཞེས་པ་ནི་མྱ་ངན་ལས་འདས་པའི་བདེ་བ་ལ་རྣམ་པར་འཇོག་པ་སྟེ་བདེ་བའི་བྱེད་པའོ། །སྐྱོབ་པ་ཞེས་པ་ནི་སེམས་ཅན་ཐམས་ཅད་རྣམས་པར་ལྷུང་བ་ལས་སྐྱོབ་པར་བྱེད་པ་སྟེ། འདིས་ནི་སྐྱོབ་པ་ནི་ཆོས་སྟོན་པ་སྟེ་སྐྱོབ་པའི་བྱེད་པའོ། །སྐྱོབས་པ་ཞེས་པ་ནི་འཇིགས་པར་ཉེ་བར་གནས་པ་རྣམས་འཇིགས་པ་ལས་སྒྲོལ་སྟེ་སྐྱབས་ཀྱི་བྱེད་པའོ། །གནས་དང་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་གནས་ཀྱི་རང་བཞིན་དུ་ཉེ་བར་གནས་པ་སྟེ་གནས་ཀྱི་བྱེད་པའོ། །མགོན་དང་ཞེས་པ་ནི་འཁོར་བར་སོང་བ་རྣམས་ཡོན་ཏན་ཐམས་ཅད་དང་ལྡན་པར་བྱེད་པ་སྟེ་མགོན་གྱི་བྱེད་པའོ། །གླིང་དང་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་


DTG087_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོར་བྱིང་བ་རྣམས་ཆོས་ཀྱི་སྐམས་སར་འཇོག་པ་སྟེ་གླིང་གི་བྱེད་པའོ། །ཡོངས་སུ་འདྲེན་པ་ཞེས་བྱ་བ་དང་ཞེས་པ་ནི་རྣམ་པར་ལྷུང་བའི་སེམས་ཅན་ཐམས་ཅད་ཆོས་བསྟན་པས་སྡུད་པ་སྟེ་ཡོངས་སུ་འདྲེན་པའི་བྱེད་པའོ། །ལྷུན་གྱིས་གྲུབ་དང་ཞེས་པ་ནི་འབད་པ་མི་དགོས་པར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་སྟེ་ལྷུན་གྱིས་གྲུབ་པའི་བྱེད་པའོ། །ཐེག་གསུམ་གྱི་ཞེས་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི། འདྲས་བུ་མངོན་སུམ་མི་བྱེད་བདག །ཅེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་འབྲས་བུ་དག་རྣམ་པ་ཐམས་ཅད་དུ་མངོན་སུམ་མི་བྱེད་པ་དང༌། སེམས་ཅད་ཀྱི་དོན་བྱ་བའི་ཕྱིར་ཚོགས་ཡོངས་སུ་རྫོགས་པར་མི་བྱེད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཡང་མངོན་སུམ་དུ་མི་བྱེད་པ་སྟེ། ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་དེའི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་དེ་ནི་ངེས་པར་འབྱུང་བའི་བྱེད་པའོ། །ཐ་མར་གྱུར་པའི་མཛད་པ་སྟེ། །ཞེས་པ་ལ། གྱུར་པ་ནི་འབྲས་བུ་ཐོབ་པ་སྟེ་གྱུར་པའི་མཛད་པ་ནི་ཐ་མའོ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་པ་ནི་ཉེ་བར་བསྡུ་བའོ། །ཀུན་མཁྱེན་རྣམ་པ་གསུམ་གྱི་རབ་ཏུ་སྦྱོར་བ་རྣམས་ཀྱི་བྱེད་པར་བསྒྲུབ་པའི་མཚན་ཉིད་རྣམ་པ་གསུམ་བརྗོད་ནས། ད་ནི་ལས་སུ་སྒྲུབ་པའི་རང་བཞིན་གྱི་མཚན་ཉིད་གསུངས་པ། ཉོན་མོངས་རྟགས་དང་མཚན་མ་དང༌། མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་དཀའ་དང་ངེས་པ་དང༌། །ཆེད་དུ་བྱ་དང་མི་དམིགས་དང༌། །མངོན་པར་ཞེན་པ་བཀག་པ་དང༌། །དམིགས་པ་ཞེས་བྱ་གང་ཡིན་དང༌། །མི་མཐུན་ཐོགས་པ་མེད་པ་སྟེ། །གཞི་མེད་འགྲོ་མེད་སྐྱེ་མེད་དང༌། །དེ་བཞིན་ཉིད་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚན་གཞི་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་བར་བཞེད་པ་ཡིན། །ཞེས་པ་སྟེ། ཉོན་མོངས་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་དབེན་པའི་རང་བཞིན་ནོ། །རྟགས་དང་ཞེས་པ་ནི་གང་ཞིག་ཉོན་མོངས་པ་རྣམས་ཀྱི་རྟགས་དེ་དག་དང་བྲལ་བའི་རང་བཞིན་ནོ། །མཚན་མ་ཞེས་པ་ནི་ཉོན་མོངས་པའི་མཚན་མ་གང་རྣམས་ཡོངས་སུ་འཛིན་པ་དེ་རྣམས་ཀྱིས་དབེན་པའི་རང་བཞིན་ནོ། །མི་མཐུན་ཕྱོགས་དང༌།


DTG087_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་དག །ཅེས་པ་ལ། མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དག་ནི་འདོད་ཆགས་ལ་སོགས་པ་དང༌། འདོད་ཆགས་མེད་པ་ལ་སོགས་པ་སྟེ། དེ་གཉིས་ལས་དབེན་པའི་རང་བཞིན་ནོ། །དཀའ་དང་ཞེས་པ་ནི་སེམས་ཅན་ཡོངས་སུ་བསྒྲལ་བའི་ཕྱིར་དཀའ་བའི་རང་བཞིན་ནོ། །ངེས་པ་དང་ཞེས་པ་ནི་ཐེག་པ་གཞན་རྣམས་ལས་དབེན་པས་ཐེག་པ་ཆེན་པོ་ཉིད་ལ་དགའ་བའི་རང་བཞིན་ནོ། །ཆེད་དུ་བྱ་དང་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ལ་སོགས་པའི་ཆེད་དུ་བྱེད་པ་སྟེ། ཆེད་དུ་བྱ་བ་དེའི་རང་བཞིན་ནོ། །མི་དམིགས་དང་ཞེས་པ་ནི་བསྒོམ་བྱ་དང་སྒོམ་པའི་ཆོས་དག་མི་དམིགས་པའི་དང་བཞིན་ནོ། །མངོན་པར་ཞེ་ན་པ་བཀག་པ་དང༌། །ཞེས་པ་ནི་མངོན་པར་མ་ཞེན་པའི་རང་བཞིན་ནོ། །དམིགས་པ་ཞེས་བྱ་གང་ཡིན་དང༌། །ཞེས་པ་ལ་དམིགས་པར་བྱ་བར་དམིགས་པ་སྟེ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དེ། དེ་ཉིད་ཀྱི་རང་བཞིན་ནི་འདི་ཡིན་པས་དམིགས་པའི་རང་བཞིན་ནོ། །མི་མཐུན་ཞེས་པ་ནི་འཇིག་རྟེན་པ་ཐམས་ཅད་དང་མི་མཐུན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་ཆོས་བསྟན་པ་ན་འཇིག་རྟེན་པ་རྣམས་ནི་མངོན་པར་བརྗོད་པ་ལ་འཇུག་སྟེ་དེ་བས་མངོན་པ་བརྗོད་པ་དེ་མེད་པའི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་བསྟན་པས་འཇིག་རྟེན་པ་ཐམས་ཅད་ལས་མི་མཐུན་པར་གྱུར་བའི་རང་བཞིན་ནོ། །ཐོགས་པ་མེད་པ་ཞེས་པ་ནི་གཟུགས་ནས་ཇི་སྲིད་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཐོགས་པ་མེད་པ་སྟེ། ཐོགས་པ་མེད་པའི་རང་བཞིན་ནོ། །གཞི་མེད་འགྲོ་མེད་སྐྱེ་མེད་དང༌། །ཞེས་པ་ནི་དེ་ཆོས་སྟོན་པར་གྱུར་པ་ན་གནས་མེད་པ་དང་འགྲོ་བ་མེད་པ་དང་སྐྱེ་བ་མེད་པ་སྟེ། གནས་འདི་ལ་གཟུགས་ལ་སོགས་པ་མེད་ཅེས་པ་ནི་གནས་མེད་པའི་རང་བཞིན་ནོ། །འདིར་འགྲོ་མེད་ཅེས་པ་ནི་འགྲོ་བ་མེད་པའི་རང་བཞིན་ནོ། །སྐྱེ་མེད་ཅེས་པས་སྐྱེ་བ་མེད་པའི་རང་བཞིན་ནོ། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ཞེས་པ་ལ། དེ་བཞིན་ཉིད་ནི་སྟོང་པ་ཉིད་དེ། སྟོང་པ་ཉིད་དེ་ལས་ལྷག་པར་གྱུར་པ་ཉམས་སུ་མྱོང་བ་མེད་པ་དེ་ནི་རྟོག་པ་ལ་སོགས་པ་བཞིན་དུ་ཐ་སྙད་དུ་བཏགས་པ་ཉིད་ཅེས་པ་


DTG087_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་བཞིན་དུ་དམིགས་སུ་མེད་པའི་རང་བཞིན་ནོ། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །ཅེས་པ་ནི་གང་ཞིག་འདིའི་དེ་མ་ཐག་ཏུ་གསུངས་པའི་རྣམ་པ་བཅུ་དྲུག་གི་རང་བཞིན་ནོ། །བཞི་པའི་མཚན་ཉིད་དེ་འདིར་ཇི་ལྟར་མཚན་ཉིད་ཡིན། འདིས་མཚོན་པས་ཞེས་སེམས་པ་ལ་གསུངས་པ་མཚོན་གཞི་ལྟ་བུར་མཚོན་པས་ན། ཞེས་པ་ལ་མཚན་གཞིའམ་མཚན་ཉིད་དག་ཀྱང་སྟེ། དེས་ན་ཆོས་གཉིས་ནི་བརྟགས་པའི་རང་བཞིན་གྱི་མཚན་ཉིད་དུ་བརྗོད་དོ། །ད་ནི་ཐར་པའི་ཆ་དང་མཐུན་པ་བསྟན་པའི་ཕྱིར་གསུངས་པ། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་བསྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་པ་སྟེ། མཚན་མར་དབྱེ་བའི་གནས་སྐབས་རྒྱུའི་ཡུལ་དུ་མེད་པའི་ཤེས་པ་གང་ཡིན་པ་དེ་ནི་མཚན་མ་མེད་པ་སྟེ། དེ་ཁོ་ན་ཉིད་དུ་དམིགས་པ་མེད་པའི་ཤེས་པའོ། །དེས་ཁྱད་པར་དུ་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་པ་དེ་རྣམས་རང་གི་སེམས་ལ་ཡང་གྲུབ་པ་དེའི་དོན་འདི་སྟེ། མཚན་མ་མེད་པའི་སྦྱིན་པ་ལ་སོགས་པའི་རྣམ་པར་རང་གི་སེམས་ལ་བསྐྱེད་པའི་དོན་དུ་མཁས་པ་སྟེ། དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །དེ་ལ་རྣམ་པ་ཐམས་ཅད་མངོན་པར་བྱང་ཆུབ་པ་འདིར་ཐར་པའི་ཆ་དང་མཐུན་པ་ཐར་པ་ཐོབ་པར་བྱེད་པའི་དགེ་བའི་རྩ་བ་རྣམས་ལ་འདོད་དོ། །གཞན་དུ་ཐར་པར་བསྔོ་བའི་དགེ་བ་རྣམས་ལ་ཐར་པའི་ཆ་དང་མཐུན་པ་ཞེས་དགོངས་སོ། །གང་ཞིག་འདིར་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ལ་མཁས་པ་དུ་ཞིག་ཅེས་པ་ལ་གསུངས་པ། སངས་རྒྱས་སོགས་དམིགས་དད་པ་དང༌། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །བསམ་པ་ཕུན་ཚོགས་དྲན་པ་དང༌། །རྣམ་པར་མི་རྟོག་ཏིང་འཛིན་དང༌། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པ་སྟེ། སངས་རྒྱས་དམིགས་སོགས་དད་པ་དང༌། །ཞེས་པ་ནི་དང་པོའོ། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །ཞེས་པ་ནི་གཉིས་པའོ། །བསམ་པ་ཕུན་ཚོགས་དྲན་པ་ནི་སེམས་ཅན་ཐམས་ཅད་ལ་ཡི་རང་བས་དགེ་བར་འདོད་པ་སྟེ་གསུམ་པའོ། །


DTG087_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་རྟོག་ཏིང་འཛིན་ནི་བཞི་པའོ། །དངོས་པོ་ཐམས་ཅད་ཀྱི་ཆོས་ལ་རྣམ་པ་ཐམས་ཅད་དུ་ཤེས་པ་ནི་ཤེས་རབ་སྟེ་ལྔ་པའོ། །དགེ་བའི་རྣམ་པ་ལྔ་ནི་ཐར་པའི་ཆ་དང་མཐུན་པར་བཞེད་དོ། །དད་པ་ལ་སོགས་པ་འདི་རྣམས་རྣོ་བའི་ཆེན་པོ་ཉིད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །འབྲིང་གིས་རང་སངས་རྒྱས་ཀྱི་བྱང་ཆུབ་བོ། །ཆུང་ངུས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་གསུངས་སོ། །ད་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུངས་པ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་པས་གནས་པ་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར་དེ་བཞིན་བཟོད་པ་ནི། རང་བཞིན་རྟེན་ཅན་བདེན་ཤེས་པ། །ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་པ་སྟེ། འདི་ཞེས་པ་ནི་རྣམ་པ་ཀུན་མངོན་པ་བྱང་ཆུབ་པར་རོ། །དྲོ་བ་རྣམས་ཀྱི་དམིགས་པ་ནི་སེམས་ཅན་ཐམས་ཅད་དོ། །རྣམ་པ་དག་ནི་སེམས་ཅན་ཐམས་ཅད་ལ་རྣམས་པ་བཅུར་བལྟ་སྟེ། མཉམ་པ་དང༌། བྱམས་པ་དང༌། ཕན་པ་དང༌། ཞེ་སྡང་བ་མེད་པ་དང༌། བརྙས་པ་མེད་པ་དང༌། མ་དང༌། ཕ་དང༌། སྲིང་མོ་དང༌། སྤུན་ཟླ་དང༌། བུ་དང༌། བུ་མོ་དང༌། མཛའ་བོ་དང༌། བཤེས་དང༌། གཉེན་དང༌། སྔག་གི་གཉེན་མཚམས་ཀྱི་རྣམ་པའི་རང་བཞིན་ནོ། །སྔག་གི་གཉེན་མཚམས་ནི་ཤ་ཁྲག་གིས་འབྲེལ་བ་སྟེ་དྲོད་དུ་གྱུར་པའོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་པ་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར་ཞེས་པ་ནི་རང་ཉིད་མི་དགེ་བ་བཅུ་ལས་ལྡོག་ཅིང་སྦྱིན་པ་ལ་སོགས་པ་ལ་གནས་པས་གཞན་དག་ཀྱང་མི་དགེ་བ་བཅུ་ལས་ཟློག་པ་དང༌། སྦྱིན་པ་ལ་སོགས་པ་ལ་འགོད་པ་དང༌། དེ་ལྟར་གནས་པའི་བསྔགས་པ་བརྗོད་པའོ། །མཐུན་པ་ནི་དེ་དག་ལ་ཐབས་སྣ་ཚོགས་ཀྱིས་ཕན་པར་བྱེད་པ་སྟེ་རྩེ་མོར་གྱུར་པའོ། །དེ་བཞིན་བཟོད་པ་ནི། རང་གཞན་རྟེན་ཅན་བདེན་ཤེས་པ། །


DTG087_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལ། རང་དང་གཞན་རྣམས་ལ་བདེན་པའི་ཤེས་པ་བསྐྱེད་པ་ནི་བཟོད་པའོ། །ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་པ་སྟེ། དེ་བཞིན་ཞེས་པ་ནི་རང་དང་གཞན་གྱི་རྟེན་གྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅེས་པ་སྟེ། འདིར་ཞེས་པ་ནི་ཐེག་པ་ཆེན་པོར་རོ། །གཞན་ནི་གོ་སླའོ། །ཕྱིར་མི་ལྡོག་པའི་མཚན་ཉིད་གསུངས་པ། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུས་བསྐྱེད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །ཞེས་པ་སྟེ། གཟུགས་ལ་སོགས་པ་ལས་ལྡོག་པ་ཉིད་ལ་སོགས་པའི་རྟགས་ཉི་ཤུས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པའི་ཕྱིར་མི་ལྡོག་པར་ངེས་པར་འབྱེད་དོ། །མཚན་ཉིད་ཉི་ཤུ་པོ་དེ་རྣམས་ཀྱང་གང་ཡིན་ཞེས་སེམས་པ་ལས་གསུངས་པ། གཟུགས་ལ་སོགས་ལས་ལྡོག་པ་དང། །ཐེ་ཚོམ་མི་དལ་ཟད་པ་དང༌། །བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང༌། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །ཟབ་མོའི་དོན་ལའང་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། བག་ལ་ཉལ་ཀུན་འཇོམས་པ་དང༌། །དྲན་པ་དང་ནི་ཤེས་བཞིན་དང༌། །གོས་ལ་སོགས་པ་གཙང་བ་དང༌། །ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །གྱ་གྱུ་མེད་སེམས་སྦྱང་པ་ནི། །ལེན་དང་སེར་སྣ་མེད་སོགས་དང༌། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །གཞན་གྱིས་བཀྲི་བར་མི་བཏུབ་དང༌། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །སངས་རྒྱས་དབྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས་པ་སྟེ། གཟུགས་ལ་སོགས་ལས་ལྡོག་པ་དང༌། །ཞེས་པ་ནི་ཆོས་ཐམས་ཅད་འོད་གསལ་བ་ཉིད་ཀྱིས་གཟུང་བ་ལ་སོགས་པའི་དངོས་པོ་མེད་པར་རྟོགས་པ་སྟེ་མཚན་ཉིད་གཅིག་གོ །ཐེ་ཚོམ་མི་དལ་ཟད་པ་དང༌། །ཞེས་པ་ནི་ཐེ་ཚོམ་ཟད་པ་དང་མི་དལ་པ་ཟད་པའོ། །དེ་ལ་བདེན་པ་དང་དཀོན་


DTG087_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ལས་དང་འབྲས་བུ་རྣམས་ལ་ཡིད་གཉིས་ཡོད་པ་སྟེ་ཐེ་ཚོམ་མོ། །དེ་ཟད་པ་ནི་གཉིས་པའོ། །ལོག་པར་རྟོག་པ་དང༌། དམྱལ་བ་དང༌། ཡི་དྭགས་དང༌། བྱོལ་སོངས་དང༌། ལྷ་ཚེ་རིང་པོ་དང༌། སངས་རྒྱས་ཀྱི་གསུང་མི་གྲག་པ་དང༌། མཐའ་འཁོབ་ཏུ་སྐྱེས་པ་དང༌། དབང་པོ་མ་ཚང་བ་སྟེ་མི་ཁོམ་པ་བརྒྱད་དོ། །དེ་རྣམས་ཟད་པ་ནི་གསུམ་པའོ། །བདག་ཉིད་དགེ་བ་ལ་གནས་ཤིང༌། །ཞེས་པ་ནི་རང་ཉིད་དགེ་བ་རྣམས་ལ་གནས་ནས་གཞན་རྣམས་ཀྱང་དེ་ལ་འགོད་པ་ནི་བཞི་པའོ། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལ་སོགས་པ་སྡོད་པར་བྱེད་པ་ནི་ལྔ་པའོ། །ཟབ་མོའི་དོན་ལའང་སོམ་ཉི་མེད། །ཅེས་པ་ནི་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་རྟོགས་པར་བྱ་བ་ལ་དགེ་བའི་བཤེས་གཉེན་ལ་མི་ལྟོས་པ་སྟེ་དྲུག་པའོ། །བྱམས་པ་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཏེ་བདུན་པའོ། །སྒྲིབ་པ་ནི་རྣམ་པ་ལྔ་དང་མི་འགྲོགས་དང༌། །ཞེས་པ་ནི་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། གཉིད་དང༌། རྨུགས་པ་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་སྟེ། སྒྲིབ་པ་རྣམ་པ་ལྔ་དང་མི་འགྲོགས་པ་ནི་བརྒྱད་པའོ། །བག་ལ་ཉལ་ཀུན་འཇོམས་པ་དང༌། །ཞེས་པ་ནི་བག་ལ་ཉལ་དང་ཉོན་མོངས་པ་དེ་རྣམས་སྤོང་བ་ནི་དགུ་པའོ། །དྲན་པ་དང་ནི་ཤེས་བཞིན་དང༌། །ཞེས་པ་ནི་དྲན་པ་དང་བཅས་པའི་ཤེས་བཞིན་ནོ། །དྲན་པ་ནི་སྔོན་ཉམས་སུ་མྱོང་བ་རྣམས་མངོན་དུ་བྱེད་པའོ། །ཤེས་བཞིན་ནི་ཡང་དང་ཡང་དུ་ལུས་དང་ངག་རྣམས་ལ་སོ་སོར་རྟོགས་པ་སྟེ། དྲན་པ་དང་བཅས་པའི་ཤེས་བཞིན་ནི་བཅུ་པའོ། །གོས་ལ་སོགས་པ་གཙང་བ་ནི་བཅུ་གཅིག་པའོ། །ལུས་ལ་སྲིན་བུ་རྣམས་མི་འབྱུང་བ་ནི་བཅུ་གཉིས་པའོ། །གྱ་གྱུ་མེད་སེམས་ཅེས་པ་ནི་སེམས་དང་ལུས་དང་ངག་རྣམས་ཡོན་པོ་མ་ཡིན་པ་སྟེ་བཅུ་གསུམ་པའོ། །སྦྱང་པ་ནི་ལེན་ཞེས་པ་ནི་སྦྱངས་པའི་ཡོན་ཏན་རྣམས་ཡང་དག་པར་ལེན་པ་དེ་ཡང་བཅུ་གཉིས་ཏེ། ཕྱག་དར་ཁྲོད་པ་དང༌། ཆོས་གོས་གསུམ་པ་དང༌། ཕྱིང་པ་པ་དང༌། བསོད་སྙོམས་པ་དང༌། སྟན་གཅིག་པ་དང༌། ཕྱིས་མི་ལེན་པ་དང༌། དགོན་བ་པ་དང༌། ཤིང་དྲུང་པ་དང༌། བླ་གབ་མེད་པ་དང༌། དུར་ཁྲོད་པ་དང༌། གཞི་ཇི་བཞིན་པ་དང༌།


DTG087_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་བཀུས་ཏེ་བོར་བ་སྟེ་བཅུ་བཞི་པའོ། །སེར་སྣ་མེད་སོགས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སེར་སྣ་ལ་སོགས་པ་དེ་དག་མེད་པ་བཅོ་ལྔ་པའོ། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །ཞེས་པ་ནི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་མི་འགོག་པས་གོང་ནས་གོང་དུ་འགྲོ་བ་སྟེ་བཅུ་དྲུག་པའོ། །སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །ཞེས་པ་ནི་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་དམྱལ་བར་འགྲོ་བ་ནི་བཅུ་བདུན་པའོ། །གཞན་གྱིས་བཀྲི་བར་མི་བཏུབ་པ་དང༌། །ཞེས་པ་ནི་བཅོ་བརྒྱད་དོ། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོག་པ་དང༌། །ཞེས་པ་ལ། དེ་བཞིན་གཤེགས་པས་གསུངས་པའི་ལམ་ལས་ལམ་གཞན་ཉིད་བདུད་ཀྱི་ལམ་དུ་བརྗོད་པར་བྱ་སྟེ། དེ་དག་གིས་བདུད་ཉིད་དུ་ཤེས་པ་དེ་ནི་བཅུ་དགུ་པའོ། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །ཞེས་པ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པ་དེ་དག་ལས། སངས་རྒྱས་ཐམས་ཅད་དགྱེས་པར་འགྱུར། །ཞེས་པ་སྟེ་ཉི་ཤུ་པའོ། །དྲོད་དང་རྩེ་མོ་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བའི་ཚིགས་སུ་བཅད་པ་སྟེ། ངེས་པ་འབྱེད་པའི་ཡན་ལག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་རྟགས་ཉི་ཤུ་པོ་འདིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཚོན་ཞེས་པའི་དོན་ཏོ། །མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད་གསུངས་པ། མཐོང་བའི་ལམ་ལ་བཟོད་པ་དང༌། །ཞེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པ་ཤེས་པར་བྱ། །ཞེས་པ་ནི་མཐོང་བའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་རྟགས་སུ་རིག་པར་བྱ་བ་རྣམས་ནི་བཟོད་པ་དང་ཤེས་པའི་སྐད་ཅིག་བཅུ་དྲུག་ཅེས་པའི་དོན་ཏོ། །སྐད་ཅིག་མ་བཅུ་དྲུག་པོ་དེ་རྣམས་ཀྱང་གང་ཞེས་པ་ལ་གསུངས་པ། གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལྡོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་ལ་སྤྱོད་ལ་ཐབས་མཁས་དང༌། །རྟག་ཏུ་ཚངས་པར་སྤྱོད་


DTG087_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། །འཚོ་བ་རྣམ་པར་དག་ཉིད་དང༌། །ཕུང་སོགས་བར་ཆད་བྱེད་རྣམས་དང༌། །ཚོགས་དང་དབང་སོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང༌། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་པ་སྟེ། གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །ཞེས་པ་ནི་གཟུགས་ལ་སོགས་པ་ནས་ཇི་སྲིད་སངས་རྒྱས་ཀྱི་བར་དུ་འདུ་ཤེས་མཚན་མ་སྟེ། རྟོགས་བྱ་དང་རྟོགས་བྱེད་ཀྱི་དངོས་པོ་དེ་དག་ལྡོག་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །སེམས་བརྟན་ཞེས་པ་ནི་བདུད་ལ་སོགས་པས་མི་ཕྱེད་པའམ། བྱང་ཆུབ་ཀྱི་སེམས་བརྟན་པ་དེར་སྡུག་བསྔལ་ལ་ཆོས་ཤེས་པའོ། །ཐེག་པ་དམན་དག་ལས། རྣམ་ལྡོག་ཅེས་པ་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་དག་ཡོངས་སུ་སྤོང་བ་སྟེ། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །བསམ་གཏན་ལ་སོགས་པའི། ཡན་ལག་ཡོངས་སུ་ཟད་པ་དན། །ཞེས་པ་སྟེ་བསམ་གཏན་དང་གཟུགས་མེད་པ་ལ་སོགས་པ་གང་རྣམས་ཀྱི་ཡན་ལག་ནི་དེ་ཐོབ་པར་བྱེད་པའི་རྟགས་ཏེ། དེ་རྣམས་ཡོངས་སུ་ཟད་ཅིང་ཉམས་དམའ་བར་བྱས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །ལུས་སེམས་ཡན་བ་ཉིད་དང་ཉི། །ཞེས་པ་ལ་ལུས་ཡང་བ་ན་ལུས་ཀྱི་ལས་ལ་ཟོ་མདོག་ཡང་བར་འཇུག་པའོ། །སེམས་ཡང་བ་ནི་ཡུལ་ལ་འཛིན་པ་ལ་མཁས་ཤིང་རྒྱལ་བ་སྟེ། དེ་གཉིས་ཀ་ཡང་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ། །འདོད་ལ་སྤྱོད་ལ་ཐབས་མཁས་དང༌། །ཞེས་པ་ནི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པ་ཉིད་ཀྱིས་མ་ཆགས་པར་འདོད་པ་སྟེན་པར་བྱེད་ཅེས་པ་སྟེ། ཀུན་འབྱུང་ལ་ཆོས་ཤེས་པའོ། །རྟག་ཏུ་ཚངས་པར་སྤྱོད་པ་དང༌། །ཞེས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ། །འཚོ་བ་རྣམ་པར་དག་ཉིད་དན། །ཞེས་པ་ནི་དག་ཅིང་ཕན་པར་བྱེད་པས་འཚོ་བ་སྟེ་ཀུན་འབྱུང་ལ་རྗེས་


DTG087_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤེས་པའོ། །ཕུང་སོགས་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ། སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པས་སོར་བཀག་པ་དང༌། །ཞེས་འཆད་པར་འགྱུར་བ་དེ་འདིར་ཡང་བལྟ་བར་བྱའོ། །དེ་ལ་སྦྱོར་བ་ནི་མངོན་པར་ཆགས་པའོ། །རྗེས་སུ་སྦྱོར་བ་ནི་མངོན་པར་མ་ཆགས་པའོ། །དེ་དག་གི་གནས་པ་ནི་སེམས་ཀྱི་སྤྱོད་པའོ། །དེ་དག་སོ་སོར་བཀག་པ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ། །བར་ཆད་བྱེད་རྣམས་ཞེས་པ་ནི་རྟོགས་པའི་བར་དུ་གཅོད་པའི་ཆོས་རྣམས་ལ་ཇི་ལྟར་གསུངས་པའི་སྦྱོར་བས་གནས་པ་སོ་སོར་བཀག་པ་ནི་འགོག་པ་ལ་ཆོས་ཤེས་པའོ། །ཚོགས་ཞེས་པ་ནི་བྱང་ཆུབ་ཀྱི་ཚོགས་ཏེ། སྦྱིན་པ་ལ་སོགས་ལ་ཇི་ལྟར་བརྗོད་པའི་སྦྱོར་བ་དང་རྗེས་སུ་སྦྱོར་བས་གནས་པ་སོ་སོར་བཀག་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དབང་སོ་བཅས་པ་ཡི། །གཡུལ་འགྱེད་ཅེས་པ་ལ་དབང་པོར་བཅས་པར་འཇུག་པ་ཞེས་པས་དབང་བཅས་ནི་ཡུལ་དང་སྟེ། གང་དང་གང་དུ་དབང་སོགས་བཅས་པར་གཡུལ་འགྱེད་པ་ནི་དབང་པོ་དང་ཡུལ་དག་གཡུལ་འགྱེད་པ་དེ་དང་དེར་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའོ། །སེར་སྣ་ལ་སོག་པ་ཞེས་པ་ནི་སེར་སྣ་ལ་སོགས་པ་ནི་སྦྱིན་པ་ལ་སོག་ས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ལ་སྦྱོར་བ་དང༌། རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །ཅེས་པ་ནི་གཟུང་བ་དང་འཛིན་པའི་ཆོས་ཀྱི་མཚན་ཉིད་མི་དམིགས་པ་སྟེ། ལམ་ལ་ཆོས་ཤེས་པའོ། །རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང༌། ཞེས་པ་ལ། ཀུན་མཁྱེན་གསུམ་གྱི་བདག་ཉིད་ཀྱི་རང་གི་ས་གསུམ་ལ་ཇི་ལྟ་བ་བཞིན་དུ་ངེས་པར་བྱེས་ཏེ་གནས་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །ཞེས་པ་ལ་ཆོས་ནི་མདོ་སྡེ་དང་མངོན་པ་དང་འདུལ་བའི་གཞུང་གིས་བདག་ཉིད་དང་དེའི་དོན་ཏེ། དེའི་ཆེད་དུ་སྲོག་ཀྱང་གཏོང་བ་སྟེ་ལམ་ལ་རྗེས་སུ་ཤེས་པའོ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་པ་ནི་ཉེ་བར་བསྡུ་བའོ། །


DTG087_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་དེའི་བྱེ་བྲག་བསྒོམ་པའི་ལམ་བརྗོད་པར་འདོད་ནས་དེའི་བྱེ་བྲག་རྣམས་རེ་ཞིག་གསུངས་པ། བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། །ཅེས་པ་སྟེ། བསྒོམ་པའི་ལམ་ཟབ་པ་ནི་རྟོགས་པར་དཀའ་བ་སྟེ། ཟབ་པ་དེ་ནི་སྟོང་པ་ཉིད་ལ་སོགས་པའི་སྒྲས་ནི་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། རང་བཞིན་གྱིས་འོད་གསལ་བ་རྣམས་གཟུང་ངོ༌། །བསྒོམ་པའི་ལམ་གྱི་ཟབ་པ་ནི་སྟོང་པ་ཉིད་དུ་བརྗོད་ན་སྟོང་པ་ཉིད་ཇི་ལྟ་བུ་ཞེས་པ་ལ་གསུངས་པ། སྒྲོ་འདོགས་དང༌། སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་པ་སྟེ། སྒྲོ་འདོགས་ཀྱིས་མཐའ་ལས་གྲོལ་བའི་སྟོང་པ་ཉིད་ནི་ཟབ་མོ་ཞེས་པའི་དོན་ཏོ། །སྒྲོ་འདོགས་པ་ནི་བརྟགས་པ་རྣམས་སུའོ། །སྐུར་པ་ནི་གསལ་བ་རྣམས་ལའོ། །གཉིས་ཀ་ལས་གྲོལ་བ་སྟོང་པ་ཉིད་ནི་བསྒོམ་པའི་ལམ་གྱི་བྱེ་བྲག་ཏུ་བརྗོད་དོ། །བསྒོམ་པའི་ལམ་གྱི་ཁྱད་པར་གསུངས་པ། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་བསྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོགས་བསྒོམ་པའི་ལམ། །ཞེས་པ་སྟེ། ངེས་པར་འབྱེད་པའི་ཡན་ལག་དང༌། །མཐོང་བའི་ལམ་དང༌། བསྒོམ་བའི་ལམ་ལ་གནས་ནས་དེའི་གནས་སྐབས་སུ་མཐོང་བའི་དོན་དག་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་ཤེས་པས་རིམ་པ་ཇི་ལྟ་བ་བཞིན་དུ་ཡང་ནས་ཡང་དུ་སེམས་པ་དང་འཇལ་བ་དང་ངེས་པར་རྟོགས་པ་རྣམས་ཀྱི་རྒྱུན་ལས་བྱུང་བ་ནི་བསྒོམ་པའི་ལམ་མོ། །འདི་རྣམས་དུ་ཞེས་སེམས་པ་ལ་གསུངས་པ། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་པ་ནི་བསྒོམ་པའི་ལམ་ནི་རྣམ་པ་དགུར་བཞེད་དོ། །ཡང་དེ་ཉིད་ཀྱིས་དེའི་མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་ཡང་དགུར་བརྗོད་དོ། །ཇི་ལྟར་ཞེས་པ་ལ་གསུངས་པ། ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུན་སོགས་དབྱེ་བ་ཡིས། །ཞེས་པ་


DTG087_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །དེ་ལ་ཆུང་ངུའི་ཆུང་དུ་དང༌། ཆུང་ངུའི་འབྲིང་དང་ཆུང་ངུའི་ཆེན་པོ་དང༌། འབྲིང་གི་ཆུང་ངུ་དང་འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོ་དང༌། ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་པོའོ། །རིམ་པ་འདི་གཉིས་ཀྱིས་མི་མཐུན་པའི་ཕྱོགས་རྣམས་ཀྱང་རྣམ་པ་དགུར་རིག་པར་བྱའོ། །གཉེན་པོའི་ཕྱོགས་ནི་གོ་རིམས་ཇི་ལྟ་བས་འཇོམས་པར་བྱེད་དོ། །མི་མཐུན་པའི་ཕྱོགས་ནི་གོ་རིམས་ལས་ལྡོག་པ་གཞོམ་བྱ་སྟེ། མར་མེའི་སྣང་བ་ཕྲ་མོས་མུན་ནག་ཆེན་པོ་རྣམས་སོ་སོར་འཇོམས་ཞེས་པའི་དཔེ་ཉིད་ཀྱིས་ཏེ། བསྒོམ་པའི་ལམ་ནི་རྣམ་པ་དགུའོ། །འོ་ན་རྒྱལ་བའི་ཡུམ་དེ་དང་དེར་བསྒོམ་པའི་ལམ་རེ་རེའི་རབ་ཏུ་དབྱེ་བ་ལས་ཀྱང་བསོད་ནམས་གྲངས་མེད་ཅིང་གཞལ་དུ་མེད་པ་ཚད་མེད་པ་སྐྱེའོ། །བསྒོམ་པའི་ལམ་ཡང་གྲངས་མེད་ཅིང་གཞལ་དུ་མེད་པ་དང་ཚད་མེད་པའི་དབྱེ་བར་གསུངས་ན། དེ་ལ་འདིར་རྣམ་པ་དགུར་ཇི་ལྟར་འགྱུར་ཞེས་པ་ལ་གསུངས་པ། གྲང་མེད་ལ་སོགས་པ་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་དེ་དག་ཐུགས་བརྩེ་བས། །རྒྱུ་མཐུན་གྱུར་པར་ཐུབ་པ་བཞེད། །ཆེས་པ་སྟེ། བསྒོམ་པའི་ལམ་ལས་བསོད་ནམས་གྲངས་མེད་པ་ལ་སོགས་པ་སྐྱེ་བར་འགྱུར་ཞེས་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། དེ་རྣམས་ནི་དོན་དམ་པར་བསྟན་པར་མི་ནུས་པ་དང༌། བསྒོམ་པའི་ལམ་ཡང་གཞལ་དུ་མེད་པ་ལ་སོགས་པ་རབ་ཏུ་དབྱེ་བར་མི་ནུས་པའོ། །འོ་ན་དོན་ཅིའི་ཕྱིར་དེར་གསུངས་སྙམ་པ་ལ། ཐུགས་རྗེ་ཆེན་པོས་བྱིས་པའི་སྐྱེ་བོ་རྣམས་གཞུག་པའི་ཕྱིར་ཐུབ་པ་རྣམས་ཀྱིས་གསུངས་ཞེས་པ་སྟེ། དེ་བས་ན་བསྒོམ་པའི་ལམ་ནི་རྣམ་པ་དགུ་ཉིད་དོ། །དེ་ན་རྣམས་པར་རྟོག་པའི་བདག་ཉིད་ཡིན་པས་དེ་ཁོ་ན་ཉིད་དུ་རང་བཞིན་མེད་པའི་ཕྱིར་བསྒོམ་པའི་ལམ་ནི་དོན་མེད་པ་ཉིད་དུས་སྟོན་པའི་ཕྱིར་གསུངས་པ། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་ཐོབ། །ཅེས་པ་སྟེ། དངོས་པོ་ཞེས་པ་ནི་སེམས་པ་དང་འཇལ་བ་ལ་སོགས་པ་ཇི་ལྟར་གསུངས་པའི་བསྒོམ་པའི་ལམ་ནི་དངོས་པོའོ། །བརྗོད་དུ་མེད་ཅེས་པ་ནི་གང་ཟག་ལ་སོགས་པ་བཞིན་དུ་བརྗོད་དུ་མེད་པའི་


DTG087_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོར་གྱུར་པའོ། །ཉམས་པ་དང་ནི་འཕེལ་མི་རུང༌། །ཞེས་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་བདག་ཉིད་དེ་དག་ཉམས་པ་དང་འཕེལ་བ་དག་མེད་པའོ། །དེ་ལ་བསྒོམ་པའི་ལམ་འདིས་ཅི་ཞིག་འཇོམས་ཤིང་ཅི་ཞིག་ནི་འཕེལ་ཏེ་ཅུང་ཟད་ཀྱང་མེད་པས་ཅི་ཡང་མི་བྱེད་དོ་ཞེས་པ་ནི་བརྒལ་བའི་དོན་ཏོ། །འདིར་ལན་ནི། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །ཅེས་པ་སྟེ། ཇི་ལྟར་བྱང་ཆུབ་དེ་བཞིན་དུ། །ཞེས་པ་ནི་དེ་ཁོ་ན་ཉིད་དུ་གཉིས་སུ་མེད་པའི་ཤེས་པའི་བདག་ཉིད་ཡང་ཀུན་རྫོབ་ཏུ་ཡང་སངས་རྒྱས་ཀྱི་ཆོས་མཐའ་དག་འཛིན་པ་དང་འགྲོ་བའི་དོན་བྱེད་པ་སྟེ། དེ་བཞིན་དུ་བསྒོམ་པའི་ལམ་འདི་ཡང་ཀུན་རྫོབ་ཏུ་རང་གི་ཡུལ་ལ་ཡང་དག་པར་ངེས་པར་བྱེས་ཏེ་མངོན་པ་འདོད་པའི་དོན་སྒྲུབ་པ་དང༌། ཉོན་མོངས་པ་ཟད་པའི་བྱ་བ་དང་བྱང་ཆུབ་སྐྱེད་པར་བྱེད་པའི་མཚན་ཉིད་སྒྲུབ་པར་བྱེད་ཅེས་པས་བསྒོམ་པའི་ལམ་འདི་དོན་མེད་པ་མ་ཡིན་ནོ། །འོན་ཀྱང་བྱང་ཆུབ་ཉིད་ནི་ཇི་ལྟ་བུ་བསྒོམ་པའི་ལམ་འདི་ཇི་ལྟ་བུར་རྟོགས་པར་བྱ་ཞེས་པ་ལ་གསུངས་པ། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་པ་སྟེ་དེ་བཞིན་ཉིད་འདི་སྟོང་པ་ཉིད་དོ། །མཚན་ཉིད་ནི་རང་བཞིན་ནོ། །གང་ཞིག་བསྒོམ་པའི་ལམ་དེ་ཡང་དེའི་མཚན་ཉིད་དེ། གང་གི་རང་བཞིན་དེ་བཞིན་ཡིན་པ་དེ་ལྟར་དེའི་མཚན་ཉིད་ཀྱང་དེ་བཞིན་ནོ། །ཇི་ལྟར་བྱང་ཆུབ་སྟོང་པ་ཉིད་ཡིན་ཡང་ཀུན་རྫོབ་ཏུ་མངོན་པར་འདོད་པའི་དོན་རྣམས་བྱེད་དོ། །དེ་བཞིན་དུ་བསྒོམ་པའི་ལམ་འདི་ཡང་གནས་པ་ཉིད་ཅེས་པའི་དོན་ཏོ། །འོ་ན་བྱང་ཆུབ་གྲུབ་པར་གྱུར་ནས་དཔེར་བྱ་བ་ཡིན་གྱི་མ་གྲུབ་པ་ནི་དཔེར་སྦྱར་བར་མི་བྱའོ་ཞེས་བསྟན་པའི་ཕྱིར་གསུངས་པ། སེམས་ནི་སྔ་མས་བྱང་ཆུབ་པར། །ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་ནི་རྣམ་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་པ་ཅན་རྣམ་པར་མི་རྟོག་པའི་ཤེས་རབ་བོ། །དེ་ཡང་བསྒོམ་པའི་ལམ་གྱི་བདག་ཉིད་རྣམ་པར་རྟོག་པ་རྣམས་འདུས་པ་ཉིད་དུ་གོ་སྟེ། རྣམ་པར་རྟོག་པ་རྣམས་ནི་དུས་གཅིག་པ་ཡང་མ་གྲུབ་སྟེ་དུས་གཅིག་ལ་འདུས་པ་མེད་པས་སོ། །རིམ་གྱིས་སོ་སོར་བྱེད་པ་ཡང་མེད་དེ། །དེ་


DTG087_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ཉིད་རྒྱུ་ཡིན་པས་གཞན་རྣམས་དོན་མེད་པར་ཐལ་བར་འགྱུར་ཞེས་པའི་སུན་འབྱིན་ནི་གྲགས་པས་བཏང་སྙོམས་སུ་བཞག་པའོ། །སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཞེས་པ་སྟེ། དེ་ལ་རེ་ཞིག་བསྒོམ་པའི་ལམ་གྱིས་སེམས་སྔ་མས་ཀྱང་བྱང་ཆུབ་མི་སྐྱེད་དེ། ཕྱི་མ་རྣམས་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱི་མས་ཀྱང་མ་ཡིན་ཏེ། བསྒོམ་པའི་ལམ་སྔ་མ་རྣམས་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་བསྐྱེད་པ་ནི་ཤིན་ཏུ་དཀའོ་ཞེས་པ་ནི་བརྒལ་བའོ། །མར་མེའི་དཔེ་ཡི་ཚུལ་གྱིས་ནི། །བྱང་ཆུབ་བར་དུ་འགྱུར་བ་ཡིན། །ཞེས་པ་འདི་ནི་ལན་ནོ། །འདིའི་དོན་ནི་འདི་ལྟ་སྟེ། དཔེར་ན་མར་མེའི་སྐད་ཅིག་དང་པོས་སྡོང་བུ་ཚིག་པ་ནི་མ་ཡིན་ཏེ། ཕྱི་མ་རྣམས་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱི་མས་ཚིག་པ་ཡང་མ་ཡིན་ཏེ། སྔ་མ་རྣམས་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་མར་མེའི་རྒྱུན་གྱིས་ཚིག་ཅེས་མར་མེའི་དཔེས་གསུངས་ཏེ། དེ་ལྟར་བསྒོམ་པའི་ལམ་ཡང་རྒྱུན་ཉིད་ཀྱིས་བྱང་ཆུབ་བསྐྱེད་ཅེས་པའོ། །བསྐྱེད་པའི་ལམ་བརྒལ་བ་སྔོན་དུ་སོང་བའི་ལན་གདབ་པས་རྣམ་པར་གཞག་པར་བྱས་ནས། ད་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད་གསུངས་པ། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །སྐྱེ་བ་དང་ནི་འགག་པ་དང༌། །དེ་བཞིན་ཉིད་དང་ཤེས་བྱ་དང༌། །ཤེས་དང་སྤྱོད་པ་གཉིས་མེད་དང༌། །ཐབས་མཁས་པ་ལ་ཟབ་པ་ཉིད། །ཅེས་པ་སྟེ། ཆོས་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །གང་ཞིག་རྣམ་པ་བརྒྱད་པོ་ཕན་ཚུན་འགལ་བས་ཉམས་སུ་ལེན་པས་ན་ཟབ་པའོ། །དེ་སྒོམ་པ་པོའི་བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཡུལ་རྣམ་པ་བརྒྱད་ཟབ་པ་སྟེ། གང་དང་དང་ཞེས་པ་ལ་གསུངས་པ། སྐྱེ་བ་དང་ཞེས་པ་ལ་སོགས་པའོ། །སྐྱེ་བ་ནི་ཟབ་པ་སྟེ་གཉིས་སུ་མེད་ཀྱང་འཁོར་བའི་ཐོག་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་པས་སོ། །འགོག་པ་ཡང་ཟབ་པ་སྟེ། མ་སྐྱེས་ཀྱང་འགོག་པ་ཡོད་པས་ནའོ། །དེ་བཞིན་ཉིད་འདི་ཡང་ཟབ་པ་སྟེ། དེའི་བདག་ཉིད་ཡིན་ཡང་དེ་སྒོམ་པས་ནའོ། །ཤེས་


DTG087_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡང་ཟབ་པ་སྟེ། ཤེས་པ་མེད་ཀྱང་དེ་རྣམ་པར་གནས་པས་སོ། །ཤེས་པ་ཡང་ཟབ་སྟེ། ཤེས་བྱ་མེད་ཀྱང་ཤེས་པ་ཡོད་ནའོ། །སྤྱོད་པ་ཡང་ཟབ་པ་སྟེ། ཆོས་ཐམས་ཅད་ལ་བྱ་བ་མེད་ཀྱང་བྱང་ཆུབ་ཀྱི་སྤྱོད་པ་སྤྱོད་པས་ནའོ། །གཉིས་སུ་མེད་པ་ཡང་ཟབ་པ་སྟེ། གཉིས་སྒྲོ་འདོགས་པ་ཡིན་ཡང་གཉིས་སུ་མེད་པའི་སེམས་སུ་གསལ་བར་ངེས་པས་སོ། །ཐབས་ལ་མཁས་པ་ཡང་ཟབ་སྟེ། འགྲོ་བ་རྣམས་མ་གྲུབ་ཀྱང་རྒྱུན་མེ་འཆད་པར་འགྲོ་བ་མཐའ་དག་གི་དོན་བྱེད་པས་སྟེ། འདི་རྣམས་ཐམས་ཅད་ནི་མི་འགལ་བ་སྟེ། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་དག་ལ་མཉམ་པར་བསྟེན་པ་ཉིད་ཀྱིས་ན་ཞེས་བརྗོད་དོ། །བསླབ་པ་ཕྱིར་མི་ལྡོག་པའི་ཚོགས་རྣམས་སོ། །ད་ནི་སྲིད་དང་ཞི་བ་མཉམ་ཉིད་དང༌། །ཞེས་མདོར་བསྟན་པ་བཤད་པའི་ཕྱིར་གསུངས་པ། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཞད་པར་ཟད། །ཅེས་པ་སྟེ། སྲེད་པ་ཞེས་པ་ནི་ཉོན་མོངས་པ་དང་བཅས་པའི་ཁམས་གསུམ་པའི་རྣམ་པའི་སེམས་སུ་སྣང་བའོ། །ཞི་བ་ཞེས་པ་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་གསུམ་གྱི་རྣམ་པ་ཉོན་མོངས་པ་མེད་པའི་སེམས་སུ་སྣང་བ་སྟེ། ཁྱད་པར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ། །དེ་དག་ཏུ་ཏོག་པ་མེད་པ་ནི་དབྱེ་བར་མི་ཤེས་པ་སྟེ། སྟོང་པ་ཉིད་ཀྱིས་བྱིན་གྱིས་བརླབས་པ་རང་རང་གི་སེམས་སུ་སྣང་བ་ཙམ་གྱི་བདག་ཉིད་ཡིན་པ་དེས་ན་སྤྱིའི་ཤེས་པའི་ཞེས་པའི་དོན་ཏོ། །དེ་ལྟར་ཡིན་པ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་རྨི་ལམ་ལྟ་བུ་ཉིད་ཀྱིས་སོ། །སད་པའི་གནས་སྐབས་ཀྱི་བདག་ཉིད་ཀྱི་སེམས་ཀྱི་སྣང་བ་རྣམས་རྨི་ལམ་ལྟ་བུ་སྟེ། རྨི་ལམ་ནི་གཉིད་ཀྱི་གནས་སྐབས་ལ་ཉེ་བར་དམིགས་པར་གྱུར་པ་ན་ལག་པ་དང་གླང་པོ་ལ་སོགས་པའི་རྣམ་པ་སེམས་སུ་སྣང་བའོ། །ཆོས་རྣམས་ཀྱང་དེ་དང་དེ་འདྲ་བ་ཉིད་ཀྱིས་ཐ་མལ་གྱི་རང་བཞིན་ལས་རིང་དུ་འདས་པས་དེ་རྟོགས་པ་ཉིད་ནི་སངས་རྒྱས་ཞེས་དགོངས་པའོ། །ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་པ་ལ། ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་ཡིན་པས་ཇི་ལྟར་མདོ་སྡེ་ལས་གསུངས་པ།


DTG087_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་རྨི་ལམ་དུ་སྦྱིན་པ་དང་རྣམ་པར་འཚེ་བར་འཚེ་བ་ལ་སོགས་པས་བསོད་ནམས་དང་སྡིག་པར་འགྱུར་བ་མེད་དོ། །དེ་བཞིན་དུ་གཉིད་མ་ལོག་པའི་གནས་སྐབས་སུ་ཡང་ཐལ་བར་འགྱུར་རོ་ཞེས་པ་ནི་བརྒལ་བའོ། །ལན་ནི་ཇི་ལྟར་མདོ་ལས་གསུངས་པ་དེ་བཞིན་དུ་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་དམིགས་པ་དང་བཅས་པ་ཉིད་ལས་ལས་རྣམས་སྐྱེ་བར་འགྱུར་གྱི་གཞན་དམིགས་པ་མེད་པ་ལས་ནི་མ་ཡིན་ནོ་ཞེས་སོ། རྨི་ལམ་གྱི་སྐབས་འདིར་དམིགས་པ་མེད་པའི་སེམས་ཏེ། དེ་བས་ན་གཞན་གྱི་རྒྱུད་དུ་གྲུབ་པ་མེད་པས་དེ་དག་ཚར་བཅད་པ་དང་ཕན་གདགས་པར་བྱས་པ་ལས་སྡིག་པ་དང་བསོད་ནམས་དག་མེད་པ་ནི་རིགས་པའོ། །ཐ་མ་ལ་གཉིད་ལོག་པའི་གནས་སྐབས་ནི་དངོས་པོར་གྱུར་པ་མི་སླུ་བའི་ཡུལ་ཅན་ཉིད་ཀྱིས་སེམས་སུ་སྣང་བ་གཞན་གྱི་རྒྱུད་ལས་སྐྱེས་པར་གྱུར་པ་ཉིད་ཀྱིས་དམིགས་པ་དང་བཅས་པའོ། །སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་ཇི་ལྟར་གསུངས་པ། ཕུན་ཚུན་བདག་པོ་ཉིད་ཀྱིས་ན། །རྣམ་པར་ཤེས་པ་ངེས་པ་ཡིན། །ཞེས་པའོ། །དེ་དག་འདིར་ཐ་མལ་གཉིད་མ་ལོག་པའི་གནས་སྐབས་གཞན་གྱི་རྒྱུད་དུ་གྲུབ་པ་དེ་རྣམས་ཕན་གདགས་པ་དང་ཚར་བཅད་པ་བྱས་ན་བསོད་ནམས་དང་སྡུག་པ་དག་གིས་རྣམ་པར་གཞག་པ་ནི་ལེགས་པར་གནས་པ་ཉིད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དབང་དུ་བྱས་ཏེ་གསུངས་པ། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པ་བསྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་པ་སྟེ། སེམས་ཅན་འཇིག་རྟེན་ནི། སེམས་ཅན་དང་བཅས་པའི་མཚན་པ་སྟེ། གང་ཞིག་མ་དག་པ་ནི་སྐོམ་པ་དང་ལྟོགས་པ་ལ་སོགས་པའོ། །དེས་གཞན་དག་མཐོང་ནས་རང་གི་སངས་རྒྱས་ཀྱི་ཞིང་གི་སེམས་ཅན་རྣམས་དག་པ་ཉེ་བར་སྡུད་པར་བྱེད་པ། སྨོན་ལམ་ལ་སོགས་པས། ལྷའི་ལོངས་སྤྱོད་ལ་ཉེ་བར་བསྡུས་པས། སེམས་ཅན་གྱི་འཇིག་རྟེན་དག་པར་བྱེད་དོ། །དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་ནི་སེམས་མེད་པའི་སྡེ་ཚན་སྟེ། གང་ཞིག་མ་དག་པ་ཞེས་པ་འདིར་ཡང་སྦྱར་བར་བྱ་བ་སྟེ། ཚེར་མ་དང་རྡོ་བ་དང་ངམ་གྲོག་ལ་སོགས་པ་དེས་གཞན་དག་མཐོང་བས། རང་གི་


DTG087_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་གི་སྣོད་ཀྱི་འཇིག་རྟེན་དག་ཉེ་བར་སྡུད་པ་གསེར་ལ་སོགས་པའི་རང་བཞིན་གྱི་ལ་གཞི་མཉམ་པར་བསྐྱེད་པ་ནི། སྣོད་ཀྱི་འཇིག་རྟེན་དག་པར་བྱེད་པའོ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དག་པ་ཉིད་ནི། སངས་རྒྱས་ཀྱི་ཞིང་དག་པར་གསུངས་ཏེ། དེ་ཉིད་ཀྱི་བདག་ཉིད་ནི་དེ་ཡིན་པའི་ཕྱིར་རོ། །ཐབས་མཁས་པ་བསྟན་པའི་ཕྱིར་གསུངས་པ། འདི་ཡུལ་རབ་ཏུ་སྦྱོར་བ་སྟེ། །དགྲ་རྣམས་ལས་ནི་འདས་པ་དང༌། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང༌། མ་ཆགས་པ་དང་མི་དམིགས་དང༌། །མཚན་མ་སྨོན་ལམ་ཟད་པ་དང༌། །དེ་ཡི་རྟགས་དང་ཚད་མེད་པ། །ཐབས་ལ་མཁས་པ་རྣམས་པ་བཅུ། །ཞེས་པ་སྟེ། ཐབས་ནི་སངས་རྒྱས་ཉིད་ཀྱི་སྒྲུབ་ཐབས་སོ། །དེ་ལ་མཁས་པ་ནི་ཕྱིན་ཅི་མ་ལོག་པའི་ཤེས་པ་སྟེ། ཐབས་ལ་མཁས་པའོ། །འདི་ཡི་ཞེས་པ་ནི་ཐབས་ལ་མཁས་པ་སྟེ། དེའི་ཡུལ་དང་རབ་ཏུ་སྦྱོར་བ་བརྗོད་པར་བྱ་བ་སྟེ། དེ་ལ་ཏིང་ངེ་འཛིན་རྣམ་པ་གསུམ་དང༌། བྱང་ཆུབ་ཀྱི་ཕྱོགས་རྣམས་ཞེས་པ་སྟེ། ཡུལ་ནི་མདོ་ཉིད་ཀྱིས་རྒྱས་པར་གསུངས་སོ། །རབ་ཏུ་སྦྱོར་བ་ཞེས་པ་ནི། །དགྲ་རྣམས་ལས་ནི་འདས་པ་དང༌། །ཞེས་པ་ལ་སོགས་པའི་རྐང་པ་བཅུ་པོ་རྣམས་ལ་སོ་སོ་ཡང་དག་པར་སྦྱོར་བས་རྣམ་པ་བཅུར་རིག་པར་བྱའོ། དགྲ་རྣམས་ནི་དགྲ་ཉིད་དེ་བདུན་བཞི་ལ་སོགས་པ་སྟེ། རབ་ཏུ་སྦྱོར་བ་གང་ཞིག་དེ་རྣམས་ལས་འདས་པ་དེ་ནི་དགྲ་རྣམས་ལས་འདས་པའི་རབ་ཏུ་སྦྱོར་བའོ། །གང་གིས་ཆོས་ཐམས་ཅད་ལ་གནས་ཀྱང་ལ་ལར་རབ་ཏུ་མི་གནས་པ་དེ་ནི་མི་གནས་པའི་རབ་ཏུ་སྦྱོར་བའོ། །གང་གིས་ཇི་ལྟར་སྨོན་ལམ་བཞིན་དུ་འགྲོ་བའི་དོན་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ལམ་ལ་གོམས་པར་བྱེད་པ་དེ་ནི་ཇི་བཞིན་ཤུགས་ཀྱིས་རབ་ཏུ་སྦྱོར་བའོ། །གང་གིས་ཡང་དག་པར་རྫོགས་པའི་སྤྱོད་པ་ཉིད་ལ་གོམས་པར་བྱེད་པ་དེ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་རབ་ཏུ་སྦྱོར་བའོ། །གང་གིས་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་བསལ་བའི་ཕྱིར། བྱང་ཆུབ་ཀྱི་སྤྱོད་པ་ཀུན་དུ་སྤྱོད་པ་དེ་ནི་མ་ཆགས་པའི་རབ་ཏུ་སྦྱོར་བའོ། །གང་གིས་བཏགས་པའི་ཆོས་ཐམས་ཅད་མི་དམིགས་པར་བསྟན་པའི་དོན་དུ་


DTG087_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་རྒྱུ་ལ་གོམས་པར་བྱེད་པ་དེ་ནི་མི་དམིགས་པའི་རབ་ཏུ་སྦྱོར་བའོ། །གང་གིས་སེམས་ཅད་ཐམས་ཅད་ཀྱིས་མཚན་མར་གཟུང་བ་གསལ་བའི་དོན་དུ་སངས་རྒྱས་ཉིད་ཀྱི་རྒྱུ་ལ་རབ་ཏུ་གོམས་པར་བྱེད་པ་དེ་ནི། མཚན་མ་མེད་པའི་རབ་ཏུ་སྦྱོར་བའོ། །གང་གིས་སེམས་ཅན་ཐམས་ཅད་སྲིད་པ་གསུམ་དུ་སྨོན་ལམ་གདབ་ཅིང་ཟད་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་རྒྱུ་ལ་སྤྱོད་པ་དེ་ནི་སྨོན་པ་མེད་པའི་རབ་ཏུ་སྦྱོར་བའོ། །དེ་ཡི་ཞེས་པ་ནི་ཕྱིར་མི་ལྡོག་པའིའོ། །གང་ཞིག་ལ་སོགས་པས་དེ་མཚོན་པར་བྱེད་ཅིང་ཤེས་པར་བྱེད་པ་དེ་ནི་རྟགས་ཀྱི་རབ་ཏུ་སྦྱོར་བའོ། །གང་གིས་ཚད་མེད་པའི་ཡུལ་དང་དུས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པའི་ཕྱིར། བྱང་ཆུབ་ཀྱི་རྒྱུ་ལ་གོམས་པར་བྱེད་པ་དེ་ནི། ཚད་མེད་པའི་རབ་ཏུ་སྦྱོར་བའོ། །རབ་ཏུ་སྦྱོར་བ་རྣམ་པ་བཅུར་ཕྱེ་བས་ཐབས་ལ་མཁས་པ་གསུངས་སོ། །མངོན་པར་རྟོགས་པའི་རྒྱུན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་ལས་སྐབས་བཞི་པའི་འགྲེལ་པའོ།། །།

སྐབས་ལྔ་པའི་འགྲེལ་པ།


DTG087_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོའི་མངོན་པར་རྟོགས་པ་ལ་དེའི་རྟགས་དང་ཞེས་པ་ལ་སོགས་པའི་དངོས་པོ་དགུ་མདོར་བསྟན་པ་དེ་ལས་རྟགས་བཤད་པའི་ཕྱིར་གསུངས་པ། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྣམ་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་པ་སྟེ། རྩེ་མོའི་མངོན་རྟོགས་ཀྱི་རྟགས་རྣམས་རྣམ་པ་བཅུ་གཉིས་པོ་དེ་རྣམས་ལས་གང་གི་རྨི་ལམ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་པ་ནི་རྟགས་གཅིག་གོ །སོགས་པའི་སྒྲས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དང་སྲིད་པ་གསུམ་དུ་སེམས་མི་བསྐྱེད་པ་ནི་གཉིས་པའོ། །རྨི་ལམ་ན་དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བ་ནི་གསུམ་པའོ། རྨི་ལམ་ན་ནམ་མཁའ་ལས་སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་འཕྲུལ་བ་མཐོང་བ་ནི་བཞི་བའོ། །རྨི་ལམ་ན་ཆོས་སྟོན་པའི་སེམས་བསྐྱེད་པ་ནི་ལྔ་པའོ། །དམྱལ་བ་ལ་སོགས་པའི་ངན་འགྲོ་གསུམ་མཐོང་བ་ལས་རང་གི་སངས་རྒྱས་ཀྱི་ཞིང་དུ་དེ་དག་སྤངས་པའི་སེམས་ནི་དྲུག་པའོ། །རྨི་ལམ་སད་པའི་གནས་སྐབས་སུ་གལ་ཏེ་བདག་སྔོན་གྱི་སངས་རྒྱས་ཀྱིས་ལུང་བསྟན་པ་ཡིན་ན་གྲོང་ཁྱེར་ལ་སོགས་པའི་ཚིག་པ་རབ་ཏུ་ཞི་བར་གྱུར་ཅིག་ཅེས་པས་བདེན་


DTG087_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱིན་གྱི་རླབས་ཀྱིས་རབ་ཏུ་ཞི་བ་ནི་བདུན་པའོ། །གལ་ཏེ་བདག་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྷག་པར་མོས་པའི་སེམས་དང་བཅས་པར་གྱུར་ན་དེ་མི་འདི་ལས་མི་མ་ཡིན་པར་རིང་དུ་སོང་ཤིག་ཅེས་པས་བདུད་ཀྱིས་བྱིན་གྱི་བརླབས་པ་མིན་པར་བདེན་པའི་བྱིན་རླབས་ཀྱིས་མི་མ་ཡིན་པར་རིང་དུ་འབྲོས་པ་ནི་བརྒྱད་པའོ། །རང་ཉིད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་ཉིད་མངོན་པར་ཤེས་ནས་དགེ་བའི་བཤེས་གཉེན་དུ་བསྟེན་པ་ནི་དགུ་པའོ། །རྣམ་པ་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་བཅུ་པའོ། །ཐམས་ཅད་ལ་མངོན་པར་མ་ཞེན་པ་ནི་བཅུག་ཅིག་པའོ། །སངས་རྒྱས་ཀྱི་བྱང་ཆུབ་ཉེ་བར་གྱུར་པ་ནི་བཅུ་གཉིས་པ་སྟེ། དེ་ལྟར་རྟགས་བཅུ་གཉིས་སོ། །རྩེ་མོར་ཕྱིན་པའི་རྣལ་འབྱོར་བའི་རྟགས་རྣམས་མངོན་པར་བརྗོད་ནས། དེའི་རྣམ་འཕེལ་གསུངས་པ། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོག་པའི་དགེ་ལ་སོགས། །དཔེར་མཛད་ནས་ནི་རྣམ་མང་དུ། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་པ་སྟེ། ཏིང་ངེ་འཛིན་གོང་དུ་གྱུར་པའི་གནས་སྐབས་ཀྱི་བྱེ་བྲག་རྣམས་ནི་རྣམ་འཕེལ་ལོ། །རྣམ་པ་བཅུ་དྲུག་ཇི་ལྟར་ཤེས་པར་བྱ་སྙམ་པ་ལ་གསུངས་པ། འཛམ་བུའི་གླིང་ཞེས་པ་ལ་སོགས་པ་སྟེ། འཛམ་བུའི་གླིང་ན་གནས་པའི་སེམས་ཅན་གྱི་གྲངས་ཇི་སྙེད་པ་དེ་སྙེད་ཀྱིས་མཚོན་པའི་སངས་རྒྱས་དེ་སྙེད་ལ་མཆོད་པ་བྱས་པའི་བསོད་ནམས་གང་ཞིག་དཔེར་བྱས་པ་ནི་དེ་བཞིན་ནོ། །སངས་རྒྱས་དེ་རྣམས་ལ་མཆོད་པའི་དགེ་བ་ལ་སོགས་པ་དཔེར་ལན་མང་དུ་མཛད་དེ། དཔེས་རྣམ་པ་བཅུ་དྲུག་ཏུ་དབྱེ་བས་བྱས་པས་རྣམ་འཕེལ་རྣམ་པ་བཅུ་དྲུག་ཏུ་རྟོགས་པར་བྱའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་རྣམ་འཕེལ་གཅིག་གོ །ཆོས་རྣམས་མ་སྐྱེས་པར་བཟོད་པ་སོ་སོར་ཐོབ་པ་ནི་གཉིས་པའོ། །རྟགས་བྱ་དང་རྟོགས་པ་པོའི་ཆོས་དག་མི་དམིགས་པ་ནི་གསུམ་པའོ། །ཁྱད་པར་དུ་འཕགས་པའི་དགེ་བ་བཅུ་ལ་སོགས་པ་ཐོབ་པ་ནི་བཞི་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་ནི་ལྔ་པའོ། །ལྷ་ཐམས་ཅད་ཀྱི་སྔར་ཉེ་བར་འཕོ་བ་ནི་དྲུག་པའོ། །བདུད་ཐམས་ཅད་ཟིལ་གྱིས་གནོན་


DTG087_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བདུན་པའོ། །བྱང་ཆུབ་སེམས་དཔའི་གནས་སྐབས་ཉིད་དུ་ཆོས་སྟོན་པ་ལ་སོགས་པ་སངས་རྒྱས་དང་འདྲ་བ་དེ་དག་གི་གནས་སྐབས་ནི་བརྒྱད་པའོ། །ཡོངས་སུ་དག་པ་ལ་སློབ་པ་ནི་དགུ་པའོ། །སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ནི་བཅུ་པའོ། །སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པའི་མཚན་མ་ནི་བཅུ་གཅིག་པའོ། །ཕ་རོལ་ཏུ་ཕྱིན་པའི་མཐུན་པའི་ཕྱོགས་ཀྱི་སེམས་མི་བསྐྱེད་པ་ནི་བཅུ་གཉིས་པའོ། །གཟུགས་ལ་སོགས་པ་རྣམས་རང་རིག་པར་གྲུབ་པ་ཉིད་ཀྱིས་གཟུགས་ལ་སོགས་པ་དང་ལྷན་ཅིག་ཏུ་གྱུར་པའི་དབང་པོའི་ཤེས་པ་མི་སྐྱེ་བ་ནི་བཅུ་གསུམ་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་སྡུད་པའི་ཤེས་པ་ནི་བཅུ་བཞི་པའོ། །ཕུན་སུམ་ཚོགས་པ་ཐམས་ཅད་སོ་སོར་ཐོབ་པ་ནི་བཅོ་ལྔ་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཀུན་དུ་ཉེ་བར་གྱུར་པ་ནི་བཅུ་དྲུག་པ་སྟེ། དེ་ལྟར་ན་རྣམ་འཕེལ་རྣམ་པ་བཅུ་དྲུག་གོ །ད་ནི་བསྟན་པ་གསུངས་པ། སེམས་ཅན་དོན་ཡོངས་མི་གཏོང་བ། །ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །ངེས་པ་ཞེས་པ་ནི་མངོན་པར་བརྗོད་ཅེས་པ་སྟེ། ཇི་སྐད་གསུངས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཀུན་མཁྱེན་གསུམ་དུ་གཏོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་ཆོས་རྣམས་ཡོངས་སུ་རྫོགས་པ་བླ་ན་མེད་པར་གྱུར་པ་དེ་ཡང་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བར་གྱུར་བ་དེ་ནི་རྩེ་མོའི་མངོན་རྟོགས་ཀྱི་ངེས་པར་བརྗོད་དོ། །སེམས་ཀུན་གནས་ཞེས་སྔོན་དུ་མདོར་བསྟན་པ་དེ་ཡང་ཏིང་ངེ་འཛིན་ཉིད་དོ། །དེ་བས་ན་ཏིང་ངེས་འཛིན་གྱི་དབང་དུ་བྱས་ཏེ་གསུངས་པ། གླིང་བཞི་པ་དང་སྟོང་པ་དག་དང༌། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་པ་སྟེ། འདིའི་དོན་ནི་འདི་ལྟར་འདོད་དེ། གླིང་བཞི་པ་ལ་སོགས་པ་སྟོང་དང༌། སྟོང་གཉིས་པ་དང༌། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་གནས་པའི་སེམས་ཅན་དེ་རྣམས་ཀྱི་གང་ཞིག་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཚོགས་ནས་སྙིང་རྗེ་ལ་སོགས་པའི་ཚོགས་དང་གང་ཞིག་དེའི་རང་བཞིན་གྱི་ཏིང་ངེ་འཛིན་དཔག་ཏུ་མེད་པ་དེ་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ་རྣམས་


DTG087_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་བྱས་ཏེ། དེ་བས་ཀྱང་བསོད་ནམས་དུ་མའི་བདག་ཉིད་ན་གཡོ་བའི་ཏིང་ངེ་འཛིན་ཏེ་སེམས་ཀུན་དུ་གནས་པ་ཞེས་བྱའོ། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་པ་སྔོན་དུ་མདོར་བསྟན་པ་དེ་ནི་དེའི་དབང་དུ་བྱས་ཏེ་གསུངས་པ། འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། ཞེས་པ་སྟེ། དེ་ལ་རེ་ཞིག་གཟུང་བའི་རྣམ་རྟོག་རྣམ་པ་གཉིས་སོ། །གཟུང་བའི་ཡུལ་ཇི་ལྟ་བུ་ཞེས་སེམས་པ་ལ་གསུངས་པ། ཇི་བཞིན་ཡུལ་མིན་བདག་ཉིད་ཅེས་པ་སྟེ། མི་བདེན་པ་ལ་འདོད་པའི་བདག་ཉིད་དོ། །རྣམ་པར་རྟོག་པ་འདི་ཡུལ་ལ་འཇུག་པ་ནི་བྱང་ཆུབ་སེམས་དཔའི་བླང་བར་བྱ་བའི་ཕྱོགས་སོ། །ལྡོག་པ་ནི་བྱང་ཆུབ་སེམས་དཔའི་དོར་བར་བྱ་བའི་ཕྱོགས་སོ། །དེ་ཡང་སོ་སོར་ཡུལ་གྱིས་དབྱེ་བས་རྣམ་པ་དགུའོ། །གཟུང་བའི་རྣམ་པར་རྟོག་པ་མངོན་པར་བརྗོད་ནས། འཛིན་པའི་རྣམ་པར་རྟོག་པ་གསུངས་པ། སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སོ་སོར་དེ་དག་དགུ་བདག་ཉིད། །ཅེས་པ་སྟེ། གཞན་དུ་འཇུག་པ་ནི་རྣམ་རྟོག་གཉིས་ཀྱང་འཛིན་པ་པོ་ཡུལ་གྱིས་སོ། །གཉིས་ཇི་ལྟར་སྙམ་པ་ལ་རིམ་པ་ཇི་ལྟ་བར་རྫས་དང་བཏགས་པའི་ཡོད་པ་སྟེ། སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པས་སོ། །དེ་ལ་དང་པོ་ནི་སོ་སོའི་སྐྱེ་བོའིའོ། །གཉིས་པ་ནི་འཕགས་པ་རྣམས་ཀྱིའོ། །དེ་ཡང་སོ་སོར་རྣམ་པ་དགུའོ། །འདི་ཇི་ལྟར་མི་བདེན་པ་ལ་འདོད་པའི་བདག་ཉིད་ཀྱི་རྟོག་པར་མ་ཡིན་ཞེ་ན། མི་བདེན་པ་ཉིད་ལ་འཛིན་པོའི་རྣམ་རྟོག་གཉིས་སོ། །འདི་དག་ཉིད་གསུངས་པ། གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གིས་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་མེད། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ཞེས་པ་སྟེ། འཛིན་པའི་ངོ་བོས་ཞེས་པ་ནི་འཛིན་པ་པོའི་ཚུལ་གྱིས་སོ། །དེ་དག་ཅེས་པ་ནི་འཛིན་པའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་བཞི་པོ་འདི་ཡང་སོ་སོར་རྣམ་པ་དགུར་གསུངས་པ།


DTG087_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དང་པོ་རྣམ་པ་དགུ་པོའི་ཇི་ལྟ་བུ་ཞེས་སེམས་པ་ལ་གསུངས་པ། ངོ་བོ་ཉིད་དང་རིགས་དང་ནི། ལམ་ནི་ཡང་དག་འགྲུབ་པ་དང༌། །ཤེས་པའི་དམིགས་པ་མ་འཁྲུལ་དང༌། མི་མཐུན་ཕྱོགས་དང་གཉེན་པོ་དང༌། །རང་གིས་རྟོགས་དང་བྱེད་པ་དང༌། །དེ་ཡི་ལས་བྱའི་འབྲས་བུ་ལ། །འཇུག་པའི་ཕྱགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་པ་སྟེ། འདི་རྣམས་ཤེས་པ་ནི་ཐོག་མའི་གཟུང་རྟོག་རྣམས་སོ། །ངོ་བོ་ཉིད་ཅེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་བོ་སྟེ། ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་པའོ། །རིགས་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རིགས་ལ་རིགས་སུ་རྣམ་པར་རྟོག་པའོ། །ལམ་ནི་ཡང་དག་འགྲུབ་པ་དང༌། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་བྱེད་པ་ལ་ལམ་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པའོ། །ཤེས་པའི་དམིགས་པ་མ་འཁྲུལ་དང༌། །ཞེས་པ་ནི་ཤེས་པའི་དམིགས་པ་མེད་པ་ཉིད་ཀྱིས་ཏེ་ཞེས་པའི་དམིགས་པ་མ་འཁྲུལ་བའི་རྣམ་པར་རྟོག་པའོ། མི་མཐུན་ཕྱོགས་དང་གཉེན་པོ་དང༌། །ཞེས་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་གཉེན་པོའི་ཕྱོགས་སོ། །རྣམ་པར་རྟོག་པ་ནི་མི་མཐུན་པའི་ཕྱོགས་ཏེ། གཉེན་པོའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པའོ། །རང་གིས་རྟོགས་ཞེས་པ་ནི་ཉན་ཐོས་ལ་སོགས་པའི་ཆོས་ཡང་ནས་བྱང་ཆུབ་སེམས་དཔའི་ཆོས་རང་གིས་རྟོགས་པ་སྟེ། རང་གིས་རྟོགས་པའི་རྣམ་པར་རྟོག་པའོ། །བྱང་བ་དང༌། དེ་ཡས་ལས་བྱའི་འབྲས་བུ་དང༌། །ཞེས་པ་ལ། བྱང་ཆུབ་སེམས་དཔའ་འབྱེད་པ་པོ། །ཞེས་འདིར་བྱེད་པར་རྣམ་པར་རྟོག་པའོ། །དེའི་ལས་ནི་གཉེན་པོའི་ཕྱོགས་བསྒོམ་པ་སྟེ། དེའི་ལས་ཀྱི་རྣམ་པར་རྟོག་པའོ། །བྱ་བའི་འབྲས་བུ་ནི་མི་མཐུན་པའི་ཕྱོགས་ཟད་པ་སྟེ། བྱ་བའི་འབྲས་བུའི་རྣམ་པར་རྟོག་པའོ། །དང་པོར་གཟུང་བའི་རང་བཞིན་གྱི་དངོས་པོ་དགུ་སྤངས་པ་ལས་ཐོག་མར་གཟུང་བའི་རྣམ་པར་རྟོག་པ་དགུའོ། །ངོ་བོ་ཉིད་ལ་སོགས་པས་བླང་བར་བྱ་བ་ཉིད་ཀྱིས་འཇུག་པའི་ཕྱོགས་ཀྱིས་བྱིན་གྱིས་བརླབས་པར་འདི་དག་ཤེས་པར་བྱའོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པ་འདི་ཡང་རྣམ་པ་དགུར་ཇི་ལྟར་འགྱུར་ཞེས་པ་ལ་གསུངས་


DTG087_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྲིང་དང་ཞི་བར་ལྷུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང༌། །ལམ་གྱི་རྣམ་པ་མ་ཚང་དང༌། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །ཆེད་དུ་བྱ་བ་ལོག་པ་དང༌། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང༌། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོག་ས་ཡིད་ལ་འབྱུང༌། །ཞེས་པ་སྟེ། སྲིད་དང་ཞི་པར་ལྷུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །ཞེས་པ་ལ་འཁོར་བ་དང་མྱ་ངན་ལས་འདས་པར་ལྷུང་བ་ཉིད་ཀྱིས་སྲིད་པ་དང་ཞི་བའི་མཚན་ཉིད་ཡོངས་སུ་མ་ཤེས་པས་རྟོགས་པ་དམན་པ་སྟེ། རྟོགས་པ་དམན་པའི་རྣམ་པ་རྟོགས་པའོ། །ཡོངས་སུ་འཛིན་པ་མེད་པ་དང༌། །ཞེས་པ་ལ་ཡོངས་སུ་འཛིན་པ་ནི་ཇི་སྐད་གསུངས་པའི་དགེ་བའི་བཤེས་གཉེན་ཏེ། ཡོངས་སུ་འཛིན་པ་མེད་པའི་རྣམ་པར་རྟོག་པའོ། །ལམ་གྱིས་རྣམ་པ་མ་ཚང་དང༌། །ཞེས་པ་ནི་ཤེས་བྱ་བའི་སྒྲིབ་པ་མཐའ་དག་གི་གཉེན་པོའི་ཕྱོགས་ཀྱི་ལམ་མ་ཚང་བ་ནི་ལམ་མ་ཚང་བའི་རྣམ་པར་རྟོག་པའོ། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་ལྟོས་ནས་རང་གི་ལམ་རྟོགས་པ་ཉིད་ཀྱིས་གཞན་གྱིས་འགྲོ་བའི་རྣམ་པར་རྟོག་པའོ། །ཆེད་དུ་བྱ་བ་ལོག་པ་དང༌། །ཞེས་པ་ནི་སྙིང་རྗེ་མེད་པས་ཇི་སྐད་གཟུངས་པའི་ཆེད་དུ་བྱ་བ་ལོག་པའི་རྣམ་པར་རྟོག་པའོ། །ཉི་ཚེ་བ་ཞེས་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་ལམ་ཙམ་ཉིད་རྟོགས་པ་ནི་ཉེ་ཚེ་བའི་རྣམ་པར་རྟོག་པའོ། །སྣ་ཚོགས་ཉིད་ཅེས་པ་ནི་འབྲས་བུ་དང་པོ་ལ་སོགས་པ་རྟོགས་པ་ནི་སྣ་ཚོགས་ཀྱི་རྣམ་པར་རྟོག་པའོ། །གནས་དང་འཇུག་ལ་རྨོངས་པ་དང༌། །ཞེས་པ་ནི་བདེ་འགྲོ་དང་ངན་འགྲོ་དག་ལ་གནས་པ་དང་འབྱུང་བ་ལ་རྨོངས་པ་ནི་གནས་པ་དང་འཇུག་པ་མེ་ཤེས་པའི་རྣམ་པར་རྟོག་པའོ། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །ཞེས་པ་ནི་རང་ཉིད་ཀྱིས་ཡོངས་སུ་མི་ཤེས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གི་རྗེས་སུ་འགྲོ་བ་ནི་རྗེས་སུ་འགྲོ་བའི་རྣམ་པར་རྟོག་པ་སྟེ། གཟུང་རྟོག་གཉིས་པའི་དགུ་ཚན་ནོ། །ཡུལ་འདི་རྣམས་ཀྱང་བྱང་ཆུབ་སེམས་དཔས་སྤང་བར་བྱ་བ་གཉིད་


DTG087_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་ཕྱོགས་ཡིན་པར་ཤེས་པར་བྱའོ། །རྗེས་སུ་ཡོད་པར་སོ་སོའི་སྐྱེ་བོས་བརྟགས་པར་འཛིན་པའི་རྣམ་པར་རྟོག་པ་དང་པོ་རྣམས་ལ་དགུར་ཇི་ལྟར་འགྱུར་ཞེས་པ་ལ་གསུངས་པ། འཛིན་དང་སོ་སོར་ཐར་པ་དང༌། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་ཆར་ཉེ་བར་འབྲེལ་བ་དང། །གནས་དང་མངོན་པར་ཞེན་པ་དང༌། །ཆོས་ཀྱི་དངོས་པོ་བཏགས་པ་དང༌། །ཆག་པ་དང་ནི་གཉེན་པོ་དང༌། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་པ་སྟེ། བསྒོམ་པའི་ལམ་གྱི་རབ་ཏུ་སྦྱོར་བའི་གནས་སྐབས་ཀྱི་སྤང་བྱ་འཛིན་པ་རྗེས་སུ་ཡོད་པའི་བདག་ཉིད་དུ་འཛིན་པ་དང་ཐར་པ་ལ་སོགས་པའི་ཆོས་རྣམས་ལ་དགུ་སྟེ། དེའི་རྣམ་པར་རྟོག་པ་ཡང་འཛིན་པའི་རྣམ་པར་རྟོག་པ་རྣམས་པ་དགུའོ། །དེ་ཡང་འཕགས་པ་རྣམས་ཀྱིས་རབ་ཏུ་སྤངས་པ་ཉིད་ཀྱིས་ན་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་སོ། །དེ་ལ་ཏིང་ངེ་འཛིན་དང་སོ་སོར་ཐར་པ་དང༌། །ཞེས་པ་ནི་རྫས་སུ་ཡོད་པའི་བདག་པའི་ཉིད་སྡུག་པ་དང་མི་སྡུག་པ་བདག་ཉེ་བར་ལེན་པ་དང་ཡོངས་སུ་གཏོང་པ་ནི་འཛིན་པ་དང་སོ་སོར་ཐར་པའི་རྣམ་པར་རྟོག་པའོ། །དེ་ལྟར་གཞན་རྣམས་ལ་ཡང་བདག་གི་དབང་དུ་བྱས་པ་ཉིད་ཀྱིས་ཐམས་ཅད་ལ་བསྒྲུབ་པར་བྱ་བ་ནི་ཇི་ལྟར་རིགས་པ་བལྟ་བར་བྱའོ། །ཡིད་ལ་བྱེད་དང་ཞེས་པ་ནི་བརྟགས་པའི་དོན་གང་ཞིག་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ། །ཁམས་རྣམས་ནི། གསུམ་ཆར་ཉེ་བར་འབྲེལ་བ་དང༌། །ཞེས་པ་ནི་ཤི་བའི་དེ་མ་ཐག་ཏུ་བདག་རྫས་སུ་ཡོད་པ་ཁམས་གསུམ་པར་འཇུག་པ་ནི་ཁམས་གསུམ་པ་དང་འབྲེལ་བའི་རྣམ་པར་རྟོག་པ་དེ་གནས་ཞེས་པ་ནི་སྟོང་པ་ཉིད་ཀྱི་གནས་སྐབས་ཏེ་གནས་ལ་རྣམ་པར་རྟོག་པའོ། །མངོན་པར་ཞེན་པ་ཞེས་པ་ལ་སངས་རྒྱས་ལ་སོགས་པ་ལ་མངོན་པར་ཞེན་པ་ནི་མངོན་པར་ཞེན་པའི་རྣམ་པར་རྟོག་པའོ། །ཆོས་ཀྱི་དངོས་པོ་བཏགས་པ་དང། །ཞེས་པ་ལ་བཏགས་པའི་ཆོས་རྟགས་པའི་དངོས་པོ་ནི་བཏགས་པའི་རྣམ་པར་རྟོག་པའོ། །ཆགས་པ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བསྐྱེད་པ་ལ་ཆགས་པ་སྟེ། ཆགས་པའི་རྣམ་པར་རྟོག་པའོ། །གཉེན་པོ་ཞེས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོའི་ཕྱོགས་ཉན་ཐོས་དང་རང་སངས་རྒྱས་ཀྱི་


DTG087_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་བདག་ཉིད་ནི་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པའོ། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །ཞེས་པ་ནི་མངོན་པར་ཤེས་པ་ལ་སོགས་པ་མེད་པར་ཇི་ལྟར་འདོད་པ་བཞིན་འགྲོ་བ་ཉམས་པ་སྟེ། ཇི་ལྟར་འདོད་པ་བཞིན་འགྲོ་ཉམས་ཀྱི་རྣམ་པར་རྟོག་པའོ། །འཛིན་པའི་རྣམ་པར་རྟོག་པ་དང་པོའི་དགུ་ཚན་ནོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པ་བཏགས་པའི་ཡོད་པ་ནི་རྣམ་པ་དགུར་ཇི་ལྟར་འགྱུར་ཞེས་པ་ལ་གསུངས་པ། ཆེས་བཞིན་ངེས་པར་མི་འབྱུང་དང༌། །ལམ་ལ་ལམ་མིན་འཛིན་པ་དང༌། འགག་དང་བཅས་པའི་སྐྱེ་བ་དང། །དངོས་པོ་ལྡན་དང་མི་ལྡན་དང༌། །གནས་དང་རིགས་ནི་འཇིག་པ་དང༌། །དོན་དུ་གཉེར་དང་དོན་དུ་གཉེར་དང་རྒྱུ་མེད་དང༌། །ཕྱིར་སྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་པ་སྟེ། ཆེད་བཞིན་ངེས་པར་མི་འབྱུང་དང༌། །ཞེས་པ་ནི་ཉན་ཐོས་ཀྱི་ལྟ་བར་གྱུར་པ་ཉིད་ཀྱིས་ཇི་ལྟར་གསུངས་པའི་ཆེད་དུ་བྱ་བ་རྣམས་པ་གསུམ་པོ་རྣམས་ལ་སོ་སོར་མི་འགྲོ་བ་ནི་ཆེད་བཞིན་ངེས་པར་མི་འབྱུང་བའི་རྣམ་པར་རྟོག་པའོ། །ལམ་ལ་ལམ་མིན་འཛིན་པ་དང༌། །ཞེས་པ་ནི་རང་གི་མངོན་པར་འདོད་པའི་ལམ་ཡོངས་སུ་མི་ཤེས་པས་ལམ་གཞན་ལ་ལམ་དུ་འཛིན་པ་ནི་ལམ་ལ་ལམ་མིན་དུ་འཛིན་པའི་རྣམ་པར་རྟོག་པའོ། །འགག་དང་བཅས་པའི་སྐྱེ་བ་དང༌། །ཞེས་པ་ནི་བཏགས་པའི་ཆོས་ཐམས་ཅད་ནི་སྐྱེ་བ་དང་འགག་པའི་རྣམ་པར་རྟོག་པའོ། །དངོས་པོ་ལྡན་དང་མི་ལྡན་དང༌། །ཞེས་པ་ནི་དངོས་པོ་མཐའ་དག་མཚམས་མེད་པ་དང་བར་མཚམས་དང་བཅས་པར་སོ་སོར་སྣང་བ་ཉིད་ཀྱིས་ལྡན་པ་དང་མི་ལྡན་པ་སྟེ། ལྡན་པ་དང་མི་ལྡན་པའི་རྣམ་པར་རྟོག་པའོ། །གནས་ཞེས་པ་ནི་གཟུགས་ལ་སོགས་པའི་གནས་རྣམས་ནི་ནམ་མཁའ་ལ་ཀུན་དུ་གནས་པའི་ནམ་མཁའ་ལྡིང་ལྟ་བུ་ཉིད་ཀྱིས་ཏེ་གནས་ཀྱི་རྣམ་པར་རྟོག་པའོ། །རིགས་ནི་འཇིག་པ་དང་ཞེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཉན་ཐོས་ལ་སོགས་པའི་རིགས་འཇིག་པ་སྟེ། ཉན་ཐོས་ལ་སོགས་པའི་རིགས་འཇིག་པའི་རྣམ་པར་རྟོག་པའོ། །དོན་དུ་གཉེར་དང་རྒྱུ་མེད་དང༌། །ཞེས་པ་དོན་དུ་གཉེར་བ་ནི་སྟོང་པ་ཉིད་དེ་ལ་དོན་དུ་གཉེར་བ་མེད་པ་སྟེ། དོན་དུ་གཉེར་བ་


DTG087_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་རྣམ་པར་རྟོག་པའོ། །རྒྱུ་མེད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མེད་པ་སྟེ། རྒྱུ་མེད་ཀྱི་རྣམ་པར་རྟོག་པའོ། །ཕྱིར་རྒོལ་བ་ནི་དམིགས་པ་ལ་ཞེས་པ་ནི་ང་རྒྱལ་ལ་སོགས་པ་དམིགས་པ་སྟེ། ཕྱིར་རྒོལ་བ་དམིགས་པའི་རྣམ་པར་རྟོག་པའོ། །གསུངས་པའི་མཐོང་བའི་ལམ་གྱི་སྤང་བར་བྱ་བའི་རྟོག་པ་སུམ་ཅུ་རྩ་དྲུག་པོ་རྣམས་ནི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དང་གཉེན་པོའི་ཕྱོགས་ཏེ་འདི་རྣམས་ཉིད་དོ། །མཐོང་བའི་ལམ་གྱི་གནས་སྐབས་ཀྱི་ཁྱད་པར་གྱིས་བདག་ཉིད་རྣམས་ནི་ཇི་ལྟར་མདོ་བཞིན་དུ་རྟོགས་པར་བྱའོ། །འོ་ན་མཐོང་བའི་ལམ་ནི་དང་པོར་དེ་ཁོ་ན་ཉིད་ཤེས་པའི་ཡེ་ཤེས་ཡིན་ཏེ། དེ་ཡང་ཡེ་ཤེས་ཀྱི་ཚོགས་ཀྱི་ནང་དུ་འདུས་པས་བསོད་ནམས་ཀྱི་ཚོགས་མེད་པར་དེ་དག་ཙམ་གྱིས་ནི་བྱང་ཆུབ་ཏུ་མི་འགྱུར་རོ་སྙམ་པ་ལ་གསུངས་པ། །དེ་བས་ན་བསོད་ནམས་ཀྱི་ཚོགས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་རྒྱུད་ལ་གཞན་གསུམ་བསྟན་པའི་ཕྱིར་གསུངས་པ། །བྱང་ཆུབ་གཞན་ལ་སྟོན་པ་དང༌། དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །དེ་ཐོབ་པར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་པ་སྟེ། བྱང་ཆུབ་གཞན་ལ་སྟོན་པ་དང༌། །ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་གཞན་དག་ལ་སྟོན་པ་ནི་གཅིག་གོ །དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །ཞེས་པ་ནི་དེའི་རྒྱུ་ནི་བྱང་ཆུབ་ཀྱི་རྒྱུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་བདག་ཉིད་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་གཏོད་པ་ནི་གཉིས་པའོ། །དེ་ཐོབ་པར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་པ་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་བར་ཆད་མེད་པ་ཇི་སྲིད་རབ་ཏུ་དབྱེ་བ་བྱེད་པར་གྱུར་པ་རང་གི་རྒྱུ་ལ་ཡོད་པའི་བསོད་ནམས་ཀྱི་ཚོགས་ཀྱི་མཚན་ཉིད་ནི་གསུམ་པའོ། །རྒྱུ་ཞེས་བྱ་བ་ནི་ཚོགས་རྣམ་པ་གཉིས་ཀྱིས་བསྒྲུབས་པའི་བྱང་ཆུབ་ཀྱིའོ། །འོ་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཐོབ་པར་བྱ་བའི་ཆེད་དུ་ཅི་ཞིག་གསུངས་ཞེས་པ་ལ་གསུངས་པ། དྲི་མ་ཟད་དང་མི་སྐྱེ་བའི། །ཡེས་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་པ་སྟེ། འདིར་ཚིགས་བཅད་ཕྱེད་དང་པོས་ཉན་ཐོས་ཀྱིས་ལ་གནས་ནས་རྗེས་སུ་ཚོལ་བའི་བྱང་ཆུབ་ཀྱི་མཚན་ཉིད་གསུངས་སོ། །ཕྱེད་ཕྱི་


DTG087_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཐེག་པ་ཆེན་པོ་རྗེས་སུ་ཚོལ་བའི་བྱང་ཆུབ་ཀྱི་མཚན་ཉིད་དེ་གཉིས་ཉེ་བར་བཀོད་པའོ། །དྲི་མ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་སོ། །ཟད་པ་དང་མི་སྐྱེ་བ་ནི་སྐྱེས་པ་རྣམས་ཟད་པ་དང་མ་སྐྱེས་པ་རྣམས་མི་སྐྱེ་བའོ། །དེ་དག་ནི་ཟད་པ་དང་མི་སྐྱེ་བའི་ཤེས་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་ཅེས་པ་བརྗོད་དོ། །དྲི་མ་རྣམས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཀྱི་མཚན་ཉིད་ནི་བྱང་ཆུབ་ཅེས་པའི་དོན་ཏོ། །བྱང་ཆུབ་ཀྱི་མཚན་ཉིད་གཅིག་གོ །འདི་དག་སྤངས་ནས་གཞན་རིགས་པས་ལེན་པར་བྱེད་པ་ནི་ཐེག་པ་ཆེན་པོར་གྱུར་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅེས་བརྗོད་དོ། །དྲི་མ་རྣམས་ནི་སྒྲོ་བཏགས་པ་ཉིད་ཀྱི་བདག་ལ་སོགས་པ་ལྟ་བུ་སྟེ། གང་གི་ཕྱིར་ཟད་པ་དང་མི་སྐྱེ་བ་དག་མེད་པས་སོ། །དེ་བས་ན་ཟད་པ་མེད་པས་མ་སྐྱེས་པ་སྟེ། དཔེ་མེད་པ་ཉིད་དང་མི་སྐྱེ་བ་མེད་པ་ཉིད་དུ་ཤེས་པར་བྱ་སྟེ་དེ་ཉིད་ནི་ཐེག་པ་ཆེན་པོ་པའི་བྱང་ཆུབ་ཏུ་རྟོགས་པར་བྱའོ། །ཐེག་པ་ཆེན་པོ་ནི་རང་བཞིན་གྱིས་ཡོངས་སུ་དག་པར་བྱའོ། །ཐེག་པ་ཆེན་པོའི་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་དྲི་མ་ཞེས་བྱ་བ་གློ་བྲུ་བ་ཉིད་པས་དེ་ཁོ་ན་ཉིད་ཟད་པ་དང་མི་སྐྱེ་བ་མེད་པར་ཤེས་པའི་མཚན་ཉིད་ནི་བྱང་ཆུབ་ཅེས་པའི་དོན་ཏོ། །ད་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་ཅེས་པ་སྔོན་དུ་བསྟན་པའི་གཞན་གྱི་མཚན་ཉིད་སུན་དབྱུང་བའི་ཕྱིར་གསུངས་པ། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིག་ཅེ་ཞིག་ཟད། །སྐྱེ་མེད་རྣམས་པ་ཅི་ཞིག་ཐོབ། །ཅེས་པ་སྟེ། གང་གི་ཕྱིར་ཆོས་རྣམས་ཀྱི་བདག་ཉིད་གཟུང་བ་དང་འཛིན་པས་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། དེ་ཡང་ཐོག་མ་དང་ཐ་མ་མེད་པའི་ཐམས་ཅད་དུ་ཡོད་པ་ཉིད་དོ། །དེ་ན་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྒྲོ་བཏགས་པའི་གཟུང་བ་དང་འཛིན་པའི་བདག་ཉིད་ཀྱིས་ནི་ཉོན་མོངས་པ་ལ་སོགས་པའི་དྲི་མ་ཐམས་ཅད་འདིར་མེད་པ་ཉིད་དོ། །དེ་བས་མཐོང་བའི་ལམ་གྱི་རྣམ་པར་རྟོག་པའི་རིགས་ནི་ཅི་ཞིག་ཟད་པ་ལ་སྐྱེ་བ་མེད་པ་ཅི་ཞིག་ཐོབ་སྟེ། ཅི་ཡང་མེད་པས་ཞེས་པར་དགོངས་སོ། །འོ་ན་ཆོས་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་བདག་ཉིད་ལ་ཤེས་བྱ་ཉིད་ཀྱི་སྒྲིབ་པ་ཟད་པར་བརྗོད་པར་བྱ་བ་ཡིན་


DTG087_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་དེ་བཞིན་དུ་ཇི་ལྟར་བཤད་ཅེས་པ་ལ་གསུངས་པ། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡིན། །སྒྲིབ་པ་ཟད་པར་བརྗོད་པ་གང༌། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་པ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཆོས་རྣམས་དངོས་པོ་ཞེས་བྱ་བར་ཡོད་ཅིང་དེ་འཛིན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཤེས་བྱའི་སྒྲིབ་པ་རྣམས་ཟད་པ་ཞེས་པ་འདི་ལ་ཁོ་བོས་མཚར་དུ་བརྩིས་པའོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་བརྟག་བཟོད་པ་ཉིད་དེར་སྒྲོ་བཏགས་པའི་ཤེས་བྱའི་སྒྲིབ་པ་ངའི་ནུས་མཐུས་ཏེ། དེས་ན་ཤེས་བྱའི་སྒྲིབ་པ་རྣམས་ཇི་ལྟར་ཟད་ཅེས་པར་དགོངས་སོ། །འོ་ན་ཤེས་བྱའི་སྒྲིབ་པ་རྣམས་ཇི་ལྟར་ཟད་ཅེས་པ་ལ་གསུངས་པ། །འདི་ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་དུ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་སྟེ་འདི་ལ་ཞེས་པ་ནི་གཉིས་སུ་མེད་པའི་སེམས་གསལ་བའི་རྒྱུན་གྱིས་བདག་ཉིད་ཀྱི་ཆོས་ཐམས་ཅད་ལྡོག་པས་བྱས་པའི་དབྱེ་བས་ཡོངས་སུ་བརྟགས་པའི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་དེ། དེས་ན་སྟོང་པ་ཉིད་འདི་ལ་བསལ་བར་བྱ་བ་ཅི་ཡང་མེད་དོ། །དེའི་རྟེན་དུ་གྱུར་བའི་སེམས་ཀྱི་རང་བཞིན་དེ་ལ། །དེ་ལས་ནི་སྟོང་པ་ཉིད་ཀྱང་བསལ་བར་ཐལ་བར་འགྱུར་རོ། །འདི་ལ་བསྣན་པར་བྱ་བ་ཅུང་ཟད་མེད་པ་ནི་སེམས་པོ་ལ་སོགས་པའི་རང་བཞིན་ནོ། །འོ་ན་ཇི་ལྟར་བྱ་ཞེས་སེམས་ལ་གསུངས་པ། ཡང་དག་ཉིད་དུ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་སྟེ། བལྟ་བ་ནི་རང་རིག་པས་མངོན་སུམ་དུ་བྱའོ། །ཡང་དག་ཉིད་ཀྱིས་ནི་ཚད་མས་སོ། །ཡང་དག་ཉིད་ནི་དེ་ཁོ་ན་ཉིད་དེ་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །གང་གིས་ཡང་དག་མཐོང་ནས་རྣམ་པར་གྲོལ་བ་དེ་ནི་འཁོར་བའི་འཆིང་བ་ལས་གྲོལ་བར་འགྱུར་བའོ། །བྱང་ཆུབ་ལ་སོགས་པ་གོ་སྐབས་ལས་འོངས་པ་རྣམས་བཤད་ནས། གཙོར་བསྟན་པར་བྱ་བ་མཐོང་བའི་ལམ་གསུངས་པ། སྦྱིན་པ་ལ་སོགས་པ་རེ་རེར་ནི། །དེ་དག་ཕན་ཚུན་སྡུད་པ་གང༌། །སྐད་ཅིག་ཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་


DTG087_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་པ་སྟེ། སྦྱིན་པ་ལ་སོགས་པ་ཞེས་བྱ་བ་ནི་བདུན་པའི་མཐའ་ཅན་ནོ། །སྦྱིན་པ་ལ་སོགས་པ་གཅིག་གི་ནང་དུ་གཞན་རྣམས་འདུས་པའོ། །དེ་དག་ཅེས་པ་ནི་རང་ལས་གཞན་པའི་ལྔ་པོ་རྣམས་སོ། །ཕན་ཚུན་ནི་གཅིག་ལ་གཅིག་གོ །བསྡུས་པ་ནི་རྩེ་མོའི་མངོན་རྟོགས་འདིར་རོ། །མཐོང་བའི་ལམ་སྐད་ཅིག་མ་གཅིག་ཏུ་རྟོགས་པར་བྱའོ། །དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ཡིན་པར་གཟུང་གི་གཞན་ནི་མ་ཡིན་པར་ངེས་སོ། །དེ་འདིར་མཐོང་བའི་ལམ་ཞེས་པ་ནི་སེམས་དབང་དུ་བྱས་པའི་དོན་དེ་ལུང་ལས་རབ་ཏུ་གྲགས་པའོ། །དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་པའི་ཏིང་ངེ་འཛིན་ལ་བྱང་ཆུབ་སེམས་དཔའ་སྙོམས་པར་ཞུགས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལས་ལུགས་སུ་འབྱུང་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལ་སོགས་པ་དང༌། མི་མཐུན་པ་ནི་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ལ་སོགས་པའོ། །རྟོག་པར་བྱེད་ཅེས་པ་ནི་དཔྱོད་པར་བྱེད་པ་སྟེ་མཐོང་བའི་ལམ་བརྗོད་པའོ། །ད་ནི་བསྒོམ་པའི་ལམ་འདི་ལ་ཐོད་རྒལ་གྱི་སྙོམས་པར་འཇུག་པ་བསྟན་པའི་ཕྱིར་གསུངས་པ། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོངས་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པས་མཚམས་གཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པ་སྟེ། འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པས་མཚམས་གཟུངས་ཏེ། །ཞེས་པ་ནི་འདོད་པའི་ཁམས་རྣམས་ནི་ངོ་བོ་ཉིད་ཀྱི་རྣམ་པར་གཡོ་བ་ཡིན་པས་རྣམ་པར་རྟོག་པའི་ཡེ་ཤེས་ནས་མཚམས་གཟུང་བ་བྱས་པའོ། །འགོག་དང་བཅས་པའི་སྙོམས་འཇུག་ཅེས་པ་ནི་འགོག་པའི་སྙོམས་པར་འཇུག་པ་མཐར་བྱས་ཏེ། །བསམ་གཏན་བཞི་དང་གཟུགས་མེད་པ་བཞིའོ། །འགོག་པའི་སྙོམས་པར་འཇུག་པ་དང༌། །ཞེས་པ་ནི་སྙོམས་པར་འཇུག་པ་དགུའོ། །སོངས་འོངས་ནས་ཞེས་པ་ནི་བསམ་གཏན་དང་པོ་ནས་གཟུང་ནས་གོ་རིམས་སུ་བསྒོམ་པའི་


DTG087_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འགོག་པའི་བར་དུ་སོང་བའོ། །དེ་ནས་ཡང་འགོག་པ་ནས་བརྩམས་ཏེ་གོ་རིམས་ལས་བཟློག་ཏེ་བསྒོམ་པའི་ཕྱིར་བསམ་གཏན་དང་པོའི་བར་དུ་སླར་འོངས་པའོ། །རྣམ་པ་གཉིས་སུ་ཤེས་པ་ནི་གོ་རིམས་པས་བཟློག་པའི་ཚུལ་གྱིས་འགྲོ་བ་དང་འོང་བ་ཞེས་བྱ་བའི་དོན་ཏོ། །འགོག་པ་ནས་བསམ་གཏན་དང་པོར་འོངས་ཏེ་སླར་ཡང་གང་གིས་གཅིག་དང་གཉིས་གསུམ་བཞི་དང་ལྔ། དྲུག་དང་བདུན་དང་བརྒྱད་དུ་ཐོད་རྒལ་དུ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་སྟེ་ཇི་སྲིད་དེར་ཞུགས་པའོ། །དེ་ལ་རྟོག་པའི་གོ་རིམས་པ་འདི་ནི་མི་འདྲ་བར་འགྲོ་བས་ན་མི་འདྲ་བ་སྟེ། ཐོད་རྒལ་གྱི་སྙོམས་པར་འཇུག་པར་བརྗོད་དོ། །དེ་ཉིད་འདིར་བྱང་ཆུབ་སེམས་དཔའི་བསྒོམ་པའི་ལམ་དུ་བརྗོད་དོ། །བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་རྟོག་པ་སུམ་ཅུ་རྩ་དྲུག་ཡོད་པ་དེ་ལས་ཐོག་མར་གཟུང་བའི་རྣམ་རྟོག་རྣམ་པ་དགུ་གསུངས་པ། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །བསྟང་བས་ཡོངས་སུ་མ་བཟུང་དང༌། །དུས་གསུམ་ཡིན་ཏན་མེད་པ་དང༌། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་པ་སྟེ། མདོར་བསྡུས་ཞེས་པ་ནི་སེམས་ཅན་གྱི་ངོར་ཆོས་སྟོན་པ་མདོར་བསྡུས་པ་སྟེ། མདོར་བསྡུས་པའི་རྣམ་པར་རྟོག་པའོ། །རྒྱས་དང་ཞེས་པ་ནི་དེ་ཉིད་ལ་ཆོས་སྟོན་པ་སྟེ་རྒྱས་པའི་རྣམ་པར་རྟོག་པའོ། །སངས་རྒྱས་ཀྱི། བསྟང་བས་ཡོངས་སུ་མ་བཟུང་དང༌། །ཞེས་པ་ནི་སངས་རྒྱས་ཀྱི་བསྟང་བས་གང་ཞིག་ཡོངས་སུ་མ་བཟུང་བ་དེ་ནི་མེད་པའི་རྣམ་པར་རྟོག་པའོ། །དུས་གསུམ་ཡོན་ཏན་མེད་པ་དང༌། །ཞེས་པ་ལ་ཡོན་ཏན་ནི་རྗེས་སུ་བསྔགས་པ་སྟེ། དེ་དག་མེད་པའོ། །དེས་ཅིར་འགྱུར་ཞེས་པ་ལ་དུས་གསུམ་ཏེ་རབ་ཏུ་སྦྱོར་བའི་ལམ་གྱི་དུས་སུ་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་དང༌། མཐོང་བའི་ལམ་གྱི་དུས་སུ་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་དང༌། བསྒོམ་པའི་ལམ་གྱི་དུས་སུ་ཡོན་ཏན་མེད་པའི་རྣམ་པར་རྟོག་པའོ། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །ཞེས་པ་ནི་བྱང་ཆུབ་རྣམ་གསུམ་གྱི་ལམ་སྟེ། རབ་ཏུ་སྦྱོར་བའི་ལམ་གྱི་རྣམ་པར་རྟོག་པ་དང༌། མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དང༌། བསྒོམ་པའི་ལམ་གྱི་རྣམ་


DTG087_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པའོ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །ཞེས་བྱ་བ་ནི་གཟུང་བའི་རྣམ་རྟོག་ཐོག་མའི་གཅིག་པོ་ཉིད་རྣམ་པ་དགུར་ཕྱེ་བའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན་གསུངས་པ། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་དེ་བསྒོམ་པའི་ལམ་གྱི་སྦྱོར་བ་གང་གི་རྣམ་པའི་ཁྱད་པར་ཡིན་པ་དེའི་སྤྱོད་ཡུལ་ནི་གཞོམ་བྱ་ཉིད་ཀྱི་ཡུལ་ཏེ། ཐོག་མའི་གཟུང་རྟོག་རྣམ་པ་དགུ། །ཞེས་པའོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་ཡུལ་གང་ཞིག་ཅེས་པ་ལ་གསུངས་པ། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་སྐྱེ་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། །ཐེག་པ་དམན་པ་ཡིད་བྱེད་དང༌། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་སྒོམ་པ་མེད་པ་དང༌། །དེ་དག་ལས་ནི་བཟློག་ཉིད་དང༌། །ཇི་བཞིན་དོན་མིན་རྣམ་རྟོག་པ། །བསྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་པ་སྟེ། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས་པ་ནི་བསྒོམ་པའི་ལམ་དང་ལྷན་ཅིག་ཏུ་སྤྱོད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་མི་སྐྱེ་བ་ལ་སོགས་པའི་གནས་སྐབས་ལ་གང་ཞིག་ལ་ལར་འཇུག་པའི་ཡུལ་ཅན་དེ་ནི་གཟུང་བའི་རྣམ་རྟོག་གཉིས་ཞེས་པའི་དོན་ཏོ། །དེ་ནས་སེམས་མི་སྐྱེ་དང་ཞེས་པ་ལ་སོགས་པ་འདི་རྣམས་ཉིད་རྣམ་རྟོག་རྣམ་པ་དགུ་པོའི་ཡུལ་དུ་བརྗོད་དོ། །སེམས་མི་སྐྱེ་དང་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་མི་སྐྱེ་བའི་རྣམ་པར་རྟོག་པའོ། །བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། །ཞེས་པ་ལ་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པའོ། །ཐེག་པ་དམན་པ་ཡིད་བྱེད་དང༌། །ཞེས་པ་ནི་ཉན་ཐོས་ཀྱི་ཐེག་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །ཅེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པའོ། །བསྒོམ་དང་ཞེས་པ་ནི་བསྒོམ་པའི་རྣམ་པར་རྟོག་པའོ། །བསྒོམ་པ་མེད་པ་དང་ཞེས་པ་ནི་སྒོམ་པ་མེད་པའི་རྣམ་པར་རྟོག་པའོ། །དེ་དག་ལས་ནི་བཟློག་ཉིད་དང༌། །ཞེས་པ་ནི་སྒོམ་པ་ཡང་མིན་སྒོམ་པ་མིན་པ་ཡང་མིན་པའི་རྣམ་པར་རྟོག་པའོ། །ཇི་བཞིན་དོན་


DTG087_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཞེས་པ་ནི་ཡུལ་མེད་པ་ཉིད་ཀྱིས་ཇི་བཞིན་དོན་མིན་པའི་རྣམ་པར་རྟོག་པར་རྟོག་པའོ། །གཟུང་བའི་རྣམ་རྟོག་གཉིས་པའི་དགུ་ཚན་ནོ། །འཛིན་པའི་རྣམ་རྟོག་དང་པོ་རྣམ་པ་དགུར་ཇི་ལྟར་འགྱུར་ཞེས་པ་ལ་གསུངས་པ། །སེམས་ཅན་བཏགས་པའི་སྤྱོད་ཡུལ་ཅན། །ཆོས་བཏགས་པ་དང་སྟོང་ཉིད་མིན་ཆགས་དང་རབ་འབྱེད་བདག་ཉིད་དང༌། །དངོས་པོར་བྱེད་དང་ཐེག་གསུམ་དང༌། །ཡོན་ནི་དག་པ་མ་ཡིན་དང༌། །སྤྱོད་པ་རྣམ་པར་འཁྲུག་པ་ལ། །འཛིན་པར་བྱེད་པ་དང་པོར་དེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །ཞེས་པ་སྟེ། སེམས་ཅན་བཏགས་པའི་སྤྱོད་ཡུལ་ཅན། །ཞེས་པ་ནི་སེམས་ཅན་རྣམས་རྫས་སུ་ཡོད་པར་མ་གྲུབ་པས་སེམས་ཅན་རྣམས་ནི་བཏགས་པའི་རྣམ་པར་རྟོག་པའོ། །ཆོས་བཏགས་པ་ཞེས་པ་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་འདི་རྫས་སུ་ཡོད་པར་མ་གྲུབ་པས་ཆོས་རྣམས་ནི་བཏགས་པའི་ཡོད་པ་ཞེས་པ་ཆོས་བཏགས་པའི་རྣམ་པར་རྟོག་པའོ། །སྟོང་མིན་ཉིད་ཅེས་པ་ནི་འཁོར་བ་ནས་གཟུང་སྟེ་བཏགས་པའི་ཆོས་རྣམས་ཡོངས་སུ་མི་གཏོང་བས་སྟོང་པ་ཉིད་མིན་པའི་རྣམ་པར་རྟོག་པའོ། །ཆགས་དང་ཞེས་པ་ནི་གཟུང་བ་དང་འཛིན་པ་དག་མེད་ཀྱང་གཟུང་བ་དང་འཛིན་པར་སོ་སོར་སྣང་བའི་བསམ་པའི་རྒྱུར་ཡོད་པས་ཆགས་པར་རྣམ་པར་རྟོག་པའོ། །རབ་འབྱེད་བདག་ཉིད་ཅེས་པ་འདི་ནི་གཟུགས་སོ་ཞེས་པ་ནས་གཟུང་སྟེ། ཇི་སྲིད་དུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པའོ་ཞེས་པའི་བར་ཏེ་ཆོས་རབ་ཏུ་འབྱེད་པའི་རྣམ་པར་རྟོག་པའོ། །དངོས་པོར་བྱེད་ཅེས་པ་ལ་དངོས་པོར་ནི་གཟུགས་ལ་སོགས་པའོ། །བྱེད་པ་ནི་གཟུགས་ལ་སོགས་པའི་དངོས་པོའི་ཆེད་དུ་བཅོམ་ལྡན་འདས་མ་ལ་ཀུན་དུ་སྦྱོར་བ་སྟེ། དངོས་པོའི་ཆེད་དུ་རྣམ་པར་རྟོག་པའོ། །ཐེག་པ་གསུམ་དང་ཞེས་པ་ནི་ངེས་པར་རྟོག་པ་ལ་རྣམ་པར་གནས་པའི་ཐེག་པ་གསུམ་པོ་ནི་ཐེག་པ་གསུམ་དུ་རྣམ་པར་རྟོག་པའོ། །ཡོན་ནི་དག་པ་མ་ཡིན་དང༌། །ཞེས་པ་ནི་གལ་ཏེ་དེ་བཞིན་གཤེགས་པ་རྣམས་སྤྲུལ་པ་ལྟ་བུ་ཡིན་ན་དེ་ལ་ཡོན་ཕུལ་བས་ཇི་ལྟ་བུར་ཡང་དག་པར་འགྱུར་ཞེས་པ་ནི་ཡོན་དག་པ་མ་ཡིན་པའི་རྣམ་པར་རྟོག་པའོ། །སྤྱོད་པ་རྣམ་པར་འཁྲུག་པ་ལ། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་གཞུང་དེས་ཡང་དག་པར་རྗེས་སུ་འཛིན་པ་ནི་སྤྱོད་


DTG087_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་འཁྲུག་པའི་རྣམ་པར་རྟོག་པ་སྟེ། འཛིན་པའི་རྣམ་རྟོག་ཐོག་མའི་དགུ་ཚན་རྣམས་སོ། །འཛིན་པའི་རྣམ་རྟོག་གཉིས་པ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། སེམས་ཅན་བརྟགས་དང་དེ་རྒྱུ་ཡི། །ཡུལ་ཅན་བསྒོམ་པའི་ལམ་འབྲེལ་བ། །དེ་ལ་གནོད་པར་བྱེད་པ་ཡིས། །མི་མཐུན་ཕྱོགས་གཞན་རྣམ་པར་དགུ། །ཞེས་པ་སྟེ། སེམས་ཅན་བརྟགས་དང་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཡང་བརྟགས་པའོ། །དེའི་རྒྱུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་ཡང་བཏགས་པའོ། །དེའི་ཡུལ་ཞེས་པ་ནི་སེམས་ཅན་བཏགས་པ་དེའི་རྒྱུའི་ཡུལ་ལོ། །གཞན་ཞེས་པ་ནི་འཛིན་པའི་རྣམ་རྟོག་གཉིས་པའོ། །བསྒོམ་པའི་ལམ་འབྲེལ་བ། །མི་མཐུན་ཕྱོགས་ཞེས་པ་ནི་བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་སོ། །དེ་ལ་གནོད་པ་བྱེད་པ་ཡིས། །ཞེས་པ་ནི་དེ་ལ་གནོད་པ་བྱེད་པ་ཉིད་ཀྱིས་ནའོ། །འདི་རྣམ་པ་དགུར་ཇི་ལྟར་འགྱུར་སྙམ་པ་ལ་གསུངས་པ། ཐམས་ཅད་མཁྱེན་ཉིད་གསུམ་དག་གི །བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ། །ཞི་ལམ་དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། །མི་མཉམ་སྡུག་བསྔལ་ལ་སོགས་དང༌། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་པ་སྟེ། འཛིན་པའི་རྣམ་རྟོག་ཕྱི་མའོ། །ཐམས་ཅད་མཁྱེན་ཉིད་གསུམ་དག་གི །བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ། །ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སྒྲིབ་པ་ལ་གང་ཞིག་ཀུན་དུ་རྨོངས་པ་དེར་ནི་མཐའ་ན་ཡོད་པའི་ཀུན་རྨོངས་ཀྱི་ཚིག་སྦྱར་བར་བྱ་སྟེ། དེ་ལྟར་ཐམས་ཅད་དུ་གཞན་རྣམས་ལ་ཡང་ཀུན་རྨོངས་ཀྱི་ཚིག་སྦྱར་བར་བྱའོ། རྣམ་པ་ཐམས་ཅད་མཁྱེན་པའི་སྒྲིབ་པ་ལ་ཀུན་དུ་རྨོངས་པ་དང༌། ལམ་མཁྱེན་པའི་སྒྲིབ་པ་ལ་ཀུན་དུ་རྨོངས་པ་དང༌། ཐམས་ཅད་ཤེས་པའི་སྒྲིབ་པ་ལ་ཀུན་དུ་རྨོངས་པའོ། །ཞི་ལམ་ཞེས་པ་ནི་ཉན་ཐོས་ལ་སོགས་པའི་ལམ་ལ་ཀུན་དུ་རྨོངས་པའོ། །དེ་བཞིན་ཉིད་སོགས་དང༌། མཚུངས་པར་ལྡན་དང་མི་ལྡན་དང༌། །ཞེས་པ་ནི་དེ་བཞིན་ཉིད་དང་སོགས་པའི་སྒྲས་སྐད་ཅིག་མ་ཉིད་ལ་སོགས་པ་སྟེ། འདིས་ཆོས་ཐམས་ཅད་དང་མཚུངས་པར་ལྡན་པ་དང་མི་ལྡན་པར་ཀུན་དུ་རྨོངས་པའོ། །མི་མཉམ་


DTG087_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་དཀོན་མཆོག་ཡིན་པ་ཉིད་ཀྱིས་འདྲ་བ་ལ་ཀུན་དུ་རྨོངས་པའོ། །སྡུག་བསྔལ་ལ་སོགས་པ་ཞེས་པ་ནི་སྡུག་བསྔལ་གྱི་བདེ་བ་ལ་སོགས་པ་ལ་ཀུན་དུ་རྨོངས་པའོ། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །ཞེས་པ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ལ་ཀུན་དུ་རྨོངས་པའོ། །གཉིས་སུ་མེད་པ་ལ་ཞེས་པ་ནི་གཟུངས་བ་དང་འཛིན་པ་སྟོང་པ་ཉིད་ལ་ཀུན་དུ་རྨོངས་པའོ། །ཀུན་དུ་རྨོངས་པའི་ཚིག་རྐང་དགུ་པོ་རྣམས་ལ་རྣམ་པར་རྟོག་པའི་སྒྲ་ཡང་ཀུན་དུ་སྦྱོར་རོ། །འཛིན་པའི་རྣམ་རྟོག་གཉིས་པ་རྣམ་པ་དགུར་གསུངས་པའོ། །འདིར་མཐོང་བའི་ལམ་ལ་སྤང་བར་བྱ་བའི་གཟུང་པའི་རྣམ་པར་རྟོག་པ་གཉིས་དང་འཛིན་པའི་རྣམ་པར་རྟོག་པ་ཡང་གཉིས་སུ་གསུངས་སོ། །འདི་ཉིད་ཀྱིས་ན་རྣམ་པར་རྟོག་པ་རྣམ་པ་བཞིའོ། །དེ་རྣམས་སོ་སོར་དགུ་དགུ་སྟེ་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །འདི་རྣམས་ཉིད་ཡང་འདོང་པ་དང་གཟུགས་དང་གཟུགས་མེད་པའི་དབྱེ་བས་རྣམ་པ་གསུམ་དུ་ཕྱེ་ན་རྣམ་རྟོག་བརྒྱ་རྩ་བརྒྱད་དུ་འགྱུར་རོ། །དེ་ལྟར་བསྒོམ་པའི་ལམ་གྱི་སྤང་བར་བྱ་བའི་རྣམ་པར་རྟོག་པ་ཡང་བརྒྱ་རྩ་བརྒྱད་དུ་རྟོགས་པར་བྱའོ། །འདི་རྣམས་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་ཡིན་པ་ཉིད་ཀྱིས་མཐོང་བའི་ལམ་དང་བསྒོམ་པའི་ལམ་གྱི་གནས་སྐབས་ཀྱི་ཁྱད་པར་གྱི་གཉེན་པོའི་ཕྱོགས་ཀྱིས་སྤང་བར་བྱ་བ་ནི་ལུང་ལས་གསལ་ལོ། །གཉེན་པོའི་ཕྱོགས་དང་བཅས་པའི་མཐོང་བའི་ལམ་དང་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་རྟོག་པ་ཉིས་བརྒྱད་དང་བཅུ་དྲུག་ཏུ་བསྟན་ཏོ། །ཇི་ལྟར་གསུངས་པའི་རྣམ་པར་རྟོག་པ་དེ་རྣམས་ཟད་ནས་བྱང་ཆུབ་སེམས་དཔའ་ཅིར་འགྱུར་ཞེས་པ་ལ་གསུངས་པ། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་འབྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡིན། །བདེ་བསྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྦ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་ཀུན་དུ་རྟེན་པར་བྱེད། །ཅེས་པ་ནི་གསུངས་པའི་རྣམ་པར་རྟོག་པ་རྣམས་སོ། །ཡམས་ནད་ནི་ཡོན་ཏན་ཉེ་བར་འཇོམས་པ་སྟེ། འདི་རྣམས་ཟད་པར་འགྱུར་ནས་སོ། །ཡུན་རིངས་ལོན་ནས་ཞེས་


DTG087_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དུས་ཡུན་རིང་པོས་སོ། །དབུགས་འབྱིན་ལྟར་ཞེས་པ་ནི་སླར་འོངས་པའི་སྲོག་ལྟ་བུའོ། །སེམས་དཔའ་ཆེན་པོ་ཞེས་པ་ནི་བསྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། །བསྒོམ་པའི་ལམ་གྱི་དེ་མ་ཐག་ཏུ་བར་ཆད་མེད་པའི་ལམ་ཞེས་པས་ན་བར་ཆད་མེད་པའི་ཏིང་ངེ་འཛིན་གསུངས་པ། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོག་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་པ་སྟེ། སྟོང་གསུམ་ན་གང་ཞིག་སེམས་ཅན་གྱི་འཇིག་རྟེན་གནས་པ་དེ་རྣམས་ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའི་རྟོགས་པ་རྣམས་ལ་བཀོད་པས་དགེ་བ་གང་དག་ཐོབ་པ་དཔེར་ཉེ་བར་མཚོན་པར་བྱས་ཏེ། དེ་བས་ཀྱང་བདོས་ནམས་ཆེས་མང་ཞིང་བསོད་ནམས་གྱ་ནོམ་པའི་གྱུར་བས་གང་མཚོན་པའི་ཏིང་ངེ་འཛིན་གྱི་ཁྱད་པར་དེ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ལྟ་བུར་གྱུར་པ་ཞིག་སྙམ་པ་ལ་གསུངས་པ། སངས་རྒྱས་ཉིད་ཀྱི་བར་མེད་དེ། །ཞེས་པ་སྟེ། བར་ཆད་མེད་པའི་སངས་རྒྱས་ཉིད་ཐོབ་པའི་རྒྱུ་ཞེས་པའི་དོན་ཏོ། །བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་རྒྱུས་ཐོབ་པའི་སངས་རྒྱས་ཉིད་ཇི་ལྟ་བུ་ཞེས་སེམས་པ་ལ་གསུངས་པ། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་པ་སྟེ། སངས་རྒྱས་ཉིད་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་གྱི། གཞན་ནི་མ་ཡིན་ཞེས་པའི་དོན་ཏོ། འོ་ན་སངས་རྒྱས་ཉིད་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པར་གསུངས་པ། དེའི་དམིགས་པ་ནི་གང་ཞིག་ཡིན། བདག་པོའི་རྒྱུ་ནི་ཅི་ཞིག་ཡིན། རྣམ་པ་ནི་ཇི་ལྟ་བུ་ཞེས་ཤེས་པར་འདོད་པ་ལ་བསྟན་པའི་ཕྱིར་གསུངས་པ། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་པ་སྟེ། འདི་ཡི་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའིའོ། །དེའི་དམིགས་པ་དངོས་པོ་མེད་པ་ནི་ཆོས་ཐམས་ཅད་


DTG087_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པས་སྟོང་པ་ཉིད་དོ། །བདག་པོ་དྲན་པ་ཡིན་པར་བཞེད། །ཅེས་པ་ནི་ཏིང་ངེ་འཛིན་ཉིད་བསྐྱེད་པའི་རྒྱུར་གྱུར་པས་སོ། །རང་བཞིན་གྱིས་ཞི་བ་ནི་རྣམ་པའོ། །འདི་ལ་ཞེས་པ་ནི་གནས་པའོ། །རབ་ཏུ་སྒྲ་རྣམས་བརྒྱུད་མར་རྒོལ། །ཞེས་པ་ནི་ཕྱིར་རྒོལ་བ་ལ་སོགས་པ་རྣམས་ཡོད་པའི་དོན་གང་ཞིག་ལ་ཕྱིར་རྒོལ་བ་རྣམས་དང༌། ཕན་ཚུན་རྩོད་པར་འགྱུར་སྙམ་པ་ལ་གསུངས་པ། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང༌། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །དམ་པའི་དོན་དང་ཀུན་རྫོབ་དང༌། །སྦྱོར་དང་དཀོན་མཆོག་གསུམ་པོ་དང༌། ཐབས་མཁས་ཐུག་པའི་རྟོགས་པ་དང༌། །ཕྱིན་ཅི་ལོག་ནི་ལམ་བཅས་དང༌། །གཉེན་པོ་མི་མཐུན་ཕྱོགས་དག་དང༌། །མཚན་ཉིད་དང་ནི་སྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོགས་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་པ་སྟེ། དམིགས་པ་འཐད་དང་ཞེས་པ་ནི་གཟུགས་ལ་སོགས་པ་མེད་པ་ལ་ཇི་ལྟར་དམིགས་པ་འཐད་ཅེས་པ་སྟེ། དམིགས་པ་འཐད་པ་ལ་རྩོད་པའོ། །དེའི་ངོ་བོ་ཉིད་ཅེས་པ་ནི་གཟུགས་ལ་སོགས་པ་ལ། ཇི་ལྟར་དེ་ཡི་ངོ་བོར་འཛིན། །ཞེས་པ་སྟེ། དེའི་ངོ་བོ་ཉིད་ངེས་པར་རྒོལ་བའོ། །རྣམ་ཀུན་མཁྱེན་པ་ཉིད་ཡེ་ཤེས་དང༌། །ཞེས་པ་ནི་དངོས་པོ་ཐམས་ཅད་མེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མེད་ན་ཇི་ལྟར་དེ་རྟོགས་པའི་བདག་ཉིད་ཀྱི་ཡེ་ཤེས་ཡོད་ཅེས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྒོལ་བའོ། །དམ་པའི་དོན་ཞེས་པ་ནི་སྟོང་པའི་དངོས་པོ་མེད་པ་ལ་སྟོང་པ་ཉིད་དོན་དམ་པའི་རང་བཞིན་དུ་མེད་ཅེས་པ་ནི་དོན་དམ་པ་ལ་རྒོལ་བའོ། །ཀུན་རྫོབ་ཅེས་པ་ནི་བདེན་པ་ལ་ལྟོས་ནས་བརྫུན་པ་ཡིན་ལ། བདེན་པ་མ་གྲུབ་པས་དེ་ཡང་མི་འགྲུབ་སྟེ། དེ་བས་ན་གཉིས་ཀ་ཡང་མ་གྲུབ་ཅེས་པ་ནི་བདེན་པ་གཉིས་ལ་བརྒལ་བའོ། །སྦྱོར་དང་ཞེས་པ་ཉི་སྦྱོར་བ་ལ་སོགས་པ་མི་དམིགས་པས་ཇི་ལྟར། དེ་རྣམས་ངེས་ཤིང་ཀུན་ཏུ་སྤྱོད། །ཇི་ལྟར་དེ་དག་ཉེ་བར་དམིགས། །ཞེས་པ་ནི་སྦྱོར་བ་ལ་བརྒལ་བའོ། །དཀོན་མཆོག་གསུམ་པོ་ཞེས་པ་ནི་རྟོགས་བྱ་ལ་སོགས་པ་མེད་པས་ཇི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པའི་སངས་རྒྱས་ཡིན་ཞེས་པ་ནི་སངས་རྒྱས་དཀོན་མཆོག་ལ་བརྒལ་བའོ། །ཚིག་ཏུ་མ་


DTG087_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པས་ཇི་ལྟར་དེའི་རྒྱུན་གྱི་བྱེ་བྲག་རྣམས་ཆོས་རྣམས་ཡིན་ཞས་པས་ནི་ཆོས་དཀོན་མཆོག་ལ་བརྒལ་བའོ། །ཆོས་མ་གྲུབ་ན་ཇི་ལྟར་དེའི་དོན་རྟོགས་པའི་དགེ་འདུན་ཡིན་ཞེས་པ་ནི་དགེ་འདུན་དཀོན་མཆོག་ལ་བརྒལ་བའོ། །ཐབས་མཁས་ཞེས་པ་ནི་སངས་རྒྱས་ཉིད་མེད་ན་ཇི་ལྟར་དེའི་ཐབས་ལ་མཁས་པ་ཡིན་ཞེས་པ་ནི་ཐབས་ལ་མཁས་པ་ལ་བརྒལ་བའོ། །ཐུབ་པའི་རྟོགས་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ཉིད་མེད་ན་ཇི་ལྟར་དེའི་རྟོགས་པའམ་བསྟན་པ་ཡིན་ཞེས་པ་ནི་རྟོགས་པ་ལ་བརྒལ་བའོ། །ཕྱིན་ཅི་ལོག་ཅེས་པ་ནི་ཡོད་པ་ཉིད་དང༌། མེད་པ་ཉིད་དང༌། རྟག་པ་ཉིད་དང༌། མི་རྟག་པ་ཉིད་ལ་སོགས་པ་དུ་མར་ཕྱིན་ཅི་ལོག་ཏུ་རྟོགས་པའི་གནས་སྐབས་ཞེས་པ་ནི་ཕྱིན་ཅི་ལོག་ལ་བརྒལ་བའོ། །ལམ་ཞེས་པ་ནི་ཉན་ཐོས་ལ་སོགས་པའི་ལམ་དུ་མར་གསུངས་ན། གང་ལ་ཡིད་བརྟན་པར་བྱ་ཞེས་བྱ་བ་ནི་ལམ་ལ་བརྒལ་བའོ། །གཉེན་པོ་མི་མཐུན་ཕྱོགས་དག་དང༌། །ཞེས་པ་ནི་དམ་བཅས་པ་ཙམ་ཉིད་ཀྱིས་གཉེན་པོའི་ཕྱོགས་དང་མི་མཐུན་པའི་ཕྱོགས་སུ་འགྱུར་རམ་ཞེས་པ་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ལ་བརྒལ་བའོ། །མཚན་ཉིད་ཅེས་པ་ནི་ཆོས་ཉིད་མེད་པའི་མཚན་ཉིད་ཅེས་པ་ནི་ཆོས་ཀྱི་མཚན་ཉིད་ལ་བརྒལ་བའོ། །བསྒོམ་པ་ལ་ཞེས་པ་ནི་རྣམ་པ་དུ་མར་གསུངས་པས་གང་ལ་བསྒོམ་པར་བྱ་ཞེས་པ་ནི་བསྒོམ་པར་བྱ་བ་ལ་བརྒལ་བའོ། །ལོག་རྟོག་ཅེས་པ་ནི་རྣམ་པ་བདུན་ནའོ། །ཡུལ་གང་ཞེས་པ་ལ་གསུངས་པ། རྣམ་པ་ཀུན་མཁྱེན་པ་ཉིད་རྟེན་ཅན། །ཞེས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ལོགས་པར་རྟོག་པའོ། །དྲུག་དང་བཅུ་ནི་བཅུ་དྲུག་ཞེས་པའི་དོན་ཏོ། །འདིར་དོན་དམ་པའི་བདེན་པ་ལ་ལྟོས་ནས་བརྒལ་བའོ། །ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་ནི་ལན་གདབ་པར་བྱའོ། །ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་ནི་བརྒལ་བའོ། །དོན་དམ་པའི་བདེན་པ་ལ་ལྟོས་ནས་ནི་ལན་གདབ་པར་བྱའོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་གྲགས་པའི་ཆ་ཞེས་བྱ་བ་ལས། སྐབས་ལྔ་པའི་འགྲེལ་པའོ།། །།

སྐབས་དྲུག་པའི་འགྲེལ་པ།


DTG087_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པར་རྟོགས་པའི་དོན་རྣམས་གོ་རིམས་བཞིན་བསྟན་པར་བྱ་བའི་ཕྱིར། མཐར་གྱིས་པའི་མངོན་པར་རྟོགས་པ་གསུངས་པ། སྦྱིན་པ་ཤེས་རབ་བར་དག་དང༌། །སངས་རྒྱས་ལ་སོགས་པ་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་ཏེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་པ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང༌། བཟོད་པ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། །སངས་རྒྱས་དང༌། ཆོས་དང་དགེ་འདུན་དང༌། ཚུལ་ཁྲིམས་དང༌། གཏོང་པ་དང༌། ལྷ་རྣམས་རྗེས་སུ་དྲན་པ་དང༌། བརྟགས་པའི་ཆོས་ཐམས་ཅད་མ་གྲུབ་པ་དང་ཞེས་པ་ནི་དངོས་པོ་བཅུ་གསུམ་པོ་རྣམས་ཀྱི་མཐར་གྱིས་པའི་མངོན་པར་རྟོགས་པ་བརྗོད་དོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་ལས། སྐབས་དྲུག་པའི་འགྲེལ་པའོ།། །།

སྐབས་བདུན་པའི་འགྲེལ་པ།


DTG087_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་གྱིས་པའི་མངོན་པར་རྟོགས་པའི་དེ་མ་ཐག་ཏུ་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའོ། །དེ་ཡང་མཚན་ཉིད་ཀྱིས་རྣམ་པ་བཞི་སྟེ། ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང༌། དཀར་པོའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང༌། མཚན་ཉིད་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང༌། གཉིས་སུ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའོ། །འདི་རྣམས་ལ་ཐོག་མ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། སྦྱིན་པ་ལ་སོགས་རེ་རེས་ཀྱང༌། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་མ་གཅིག་པའི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཞེས་པ་སྟེ། ཟག་མེད་ཆོས་ཀུན་ནི་སངས་རྒྱས་ཀྱི་ཟག་པ་མེད་པའི་ཆོས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། མཚན་དང་དཔེ་བྱད་རྣམས་དང༌། སྤྲུལ་པའི་མཛད་པའི་མཐར་ཐུག་པའོ། །དེ་རྣམས་ཀྱི་ནང་ནས་སྦྱིན་པ་ལ་སོགས་པ་རེ་རེས་ཀྱང༌། ཟག་པ་མེད་པའི་ཆོས་འདི་རྣམས་ཡང་དག་པར་བསྡུས་ཏེ། སྦྱིན་པ་ལ་སོགས་པའི་སེམས་གཅིག་གིས་སྐད་ཅིག་གི་དུས་སུ་ཟག་པ་མེད་པའི་ཆོས་གཞན་ཐམས་ཅད་ཀྱང་རྟོགས་པས་ན་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །དེ་ཡང་ཐུབ་པ་ཉིད་ཀྱི་ཡིན་གྱི་ཉན་ཐོས་ལ་


DTG087_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣམས་ཀྱི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ལམ་གྱི་གནས་སྐབས་སུ་བརྗོད་དོ། །ཟག་པ་མེད་པའི་ཆོས་གཅིག་ཤེས་པའི་དུས་སུ་ཟག་པ་མེད་པའི་ཆོས་ཐམས་ཅད་ཇི་ལྟར་ཤེས་ཞེས་པ་ལ་འཇིག་རྟེན་པའི་དཔེས་རྟོགས་པར་བྱ་བའི་ཕྱིར་གསུངས་པ། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པས་ན། །ཐམས་ཅད་ཅིག་ཅར་འགུལ་བ་ལྟར། །སྐད་ཅིག་ཡེ་ཤེས་དེ་བཞིན་ནོ། །ཞེས་པ་སྟེ། དཔེར་ན་སྐྱེས་བུས་ཟོ་ཆུའི་དང་བུ་གཅིག་རྡོག་ཐབས་གཅིག་གིས་བསྐྱོད་པར་གྱུར་ན་ཟོ་ཆུན་ཐམས་ཅད་དུས་གཅིག་ལ་འགུལ་བར་འགྱུར་རོ། །དེ་ལྟར་སྦྱིན་པ་ལ་སོགས་པའི་སེམས་གཅིག་གི་དུས་སུ་ཡང་ཟག་པ་མེད་པའི་ཆོས་ཐམས་ཅད་རབ་ཏུ་ལྡང་ཞིང་སྔོན་གོམས་པར་བྱས་པའི་ཤུགས་ཉིད་ཀྱིས་ཐམས་ཅད་དུས་གཅིག་ཏུ་རྟོགས་པར་འགྱུར་རོ། གཉིས་པ་བསྟན་པའི་ཕྱིར་གསུངས་པ། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་པ་སྟེ། རྣམ་སྨིན་ཆོས་ཉིད་ཅེས་པ་ནི་ལྷུན་གྱིས་གྲུབ་པར་རབ་ཏུ་གནས་པ་ཞེས་པ་ནི་རྣམ་སྨིན་ཆོས་ཉིད་ཀྱི་གནས་སྐབས་སོ། །དཀར་པོའི་ཆོས་ཐམས་ཅད་བདག་ཉིད་ཇི་ལྟར་བུ་ཞེས་པ་ལ་དཀར་པོའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིགས་ཏེ། འདི་ལྟར་ཡེ་ཤེས་བསྐྱེད་པ་སྐད་ཅིག་གཅིག་གི་ཡེ་ཤེས་ཀྱིས་དངོས་སུ་དཀར་པོའི་ཆོས་ཐམས་ཅད་རྟོགས་པས་སོ། །གསུམ་པ་བསྟན་པར་བྱ་བའི་ཕྱིར་གསུངས་པ། སྦྱིན་པ་ལ་སོགས་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་མ་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་པ་སྟེ། ཆོས་རྣམས་ཞེས་པ་ནི་གཟུགས་ལ་སོགས་པ་རྣམས་སོ། །གང་དག་གི་མཚན་ཉིད་ནི་གཟུགས་ཀྱི་ཐོགས་པ་དང་བཅས་པའི་བདག་ཉིད་དོ་ཞེས་པ་ལ་སོགས་པ་སྟེ་མེད་པའོ། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་པ་ནི་མངོན་སུམ་དུ་བྱེད་པ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །བཞི་པ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་


DTG087_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང༌། །ཞེས་པ་སྟེ། གཉིད་ལོག་པའི་གནས་སྐབས་སུ་ཉེ་བར་ཐོབ་པའི་ཡུལ་དེ་རྣམས་ནི་བདག་ཉིད་སོ་སོར་རིག་པ་ཉིད་དེ། །གཟུང་བར་བྱ་བའི་ཡུལ་མེད་ཀྱང་དེས་གཟུང་བར་ལོགས་ཤིག་ཏུ་ཤིང་དང་རི་དང་རྒྱ་མཚོ་ལ་སོགས་པར་ཉེ་བར་བརྟགས་ཏེ་ནམ་མཁའི་ཁམས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱི་བེམས་པོར་ཆད་པ་ལྟར་མངོན་ནོ། །དེ་མཐོང་ཞེས་པ་ལ་རྨི་ལམ་མཐོང་བའི་སྐྱེས་བུ་སེམས་གསལ་བའི་བདག་ཉིད་དེས་འཛིན་པ་པོ་མེད་ཀྱང་འཛིན་པ་པོར་ལོགས་ཤིག་ཏུ་བརྟགས་པ་ལགས་པ་དང་རྐང་པ་ལ་སོགས་པའི་རྣམ་པར་འཁོར་ལོའོ། །གཉིས་པ་འདི་ནི་བརྫུན་པས་ཉེ་བར་གཞག་པ་སྟེ། གང་ཞིག་གཟུང་བ་དང་འཛིན་པའི་དབྱེ་བར་མི་ལྟ་བས་དེས་ན་ཆོས་ཀྱི་རྣམ་པ་གཟུགས་བརྙན་ལྟ་བུ་དང་གཉིས་སུ་མེད་པའི་སེམས་རང་གསལ་བའི་རྒྱུན་གྱི་བདག་ཉིད་དོ། །གཉིས་སུ་མེད་པ་ནི་བརྟགས་པའི་གཟུང་བ་དང་འཛིན་པ་ལ་སོགས་ངེས་པར་གྲོལ་བའི་མཚན་ཉིད་དེ་སྐད་ཅིག་མ་གཅིག་གིས་མཐོང་བ་སྟེ། སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་རྣམ་པ་བཞིའོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་ལས་སྐབས་བདུན་པའི་འགྲེལ་བའོ།། །།

སྐབས་བརྒྱད་པའི་འགྲེལ་པ།


DTG087_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པ་བརྒྱད་པ་མངོན་དུ་བསྟན་པ་གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པ་དེའི་དོན་དེ་ནི་འདི་ཡིན་ཏེ། ཆོས་ཀྱི་སྐུའི་སྒྲས་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་བཤད་བྱ་རྗེས་སུ་གཟུང་སྟེ། དེས་ནི་ངོ་བོ་ཉིད་སྐུ་དན། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྐུ་གསུམ་གྱི་མཛད་པ་འགྲོ་བའི་དོན་བྱེད་པའི་བྱ་བ་དང་བཅས་པས་རྣམ་པ་བཞིར་ཡོངས་སུ་གཟུང་བའོ། །དཔེར་ན་བུ་བཅུ་དྲུག་ཏུ་དམ་བཅས་པ་ལས་གྲང་མ་ཚང་བས་ཚ་བོ་བསྟན་སྟེ། གྲང་བས་བླངས་པ་ལྟར་མདོར་བསྟན་པའི་ཚིག་དང་བཅས་པས་སྐུ་བཞིར་ཁས་བླངས་པ་དེ་རང་དགའ་བྱེད་པ་སྟེ། སྙིང་རྗེའི་གནས་ཡིན་ནོ། །ཐེག་པ་གཞན་དུ་སྐུ་བཞི་དང་སྐུ་ལྔ་དང་རྣམ་པར་གཞག་པ་ཐེག་པ་གཞན་གྱི་ཚུལ་ཡིན་ལ། འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡིན་


DTG087_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་འདིར་ཡང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཡོན་ཏན་གྱི་ཚོགས་རྣམས་ནི་ལོངས་སྤྱོད་རྫོགས་པའི་ཕྱོགས་ཉིད་ཡིན་པས་ན་སྐུ་གསུམ་དུ་རྣམ་པར་གཞག་པ་ཉིད་ཡིན་ཏེ། གཞན་དུ་ན་བཅོམ་ལྡན་འདས་ཀྱི་གདུང་ལ་སོགས་པ་ཡང་སྐུ་ལོགས་ཤིག་པར་རྣམ་པར་གཞག་པར་ཐལ་བར་འགྱུར་ཏེ། དེ་བས་ན་སྐུ་གསུམ་དུ་བཤད་པ་ཉིད་ནི་རིགས་པའོ། །དེ་རྣམས་ལས་ངོ་བོ་ཉིད་ཀྱི་སྐུ་བསྟན་པའི་ཕྱིར་གསུངས་པ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་ཆོས་རྣམ་ཀུན་དུ། །རྣམ་པར་དག་གྱུར་གང་དག་ཡིན། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་པ་སྟེ། ཆོས་གང་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེའི་བསྟེན་པའི་ཡིད་ཀྱི་ཡོན་ཏན་གྱི་ཚོགས་དང༌། སྤྲུལ་པའི་སྐུ་དང་དེ་དག་གི་མཛད་པའི་མཚན་ཉིད་དང་དངོས་པོ་རྣམ་པ་བཞི་པའོ། །རྣམ་པ་ཀུན་རྣམ་པར་དག་པ་ཟད་པ་མེད་པ་གང་ཞིག་ཆོས་དེ་རྣམས་ཀྱི་རང་བཞིན་དེ་ནི་རྣམ་པར་དག་པ་སྟེ་བརྟགས་པའི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་དོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང༌། དེ་དག་གི་མཛད་པ་རྣམས་ཡོངས་སུ་མ་དག་པ་མེད་པའིའམ་ཟག་པ་དང་བཅས་པ་མེད་དེ། ཟག་པ་མེད་ཆོས་རྣམ་ཀུན་དུ། །རྣམ་པར་དག་གྱུར་ཡང་དག་ཡིན། །ཞེས་པའི་ཚིག་གིས་ཡང་དག་པར་གཟུང་བར་བྱ་བ་ཡིན་ནོ། །དེ་ལ་འདི་ལྟར་ལྡོག་པར་བྱས་པའི་ཐ་དད་ཀྱིས་ཡོངས་སུ་བརྟགས་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ནི་ངོ་བོ་ཉིད་ཀྱི་སྐུར་རྟོགས་པར་བྱའོ། །ཆོས་གང་ཞེས་པ་ལ་བྱང་ཆུབ་ཀྱི་ཕྱོགས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་དང༌། དེ་དག་གི་མཛད་པའི་མཚན་ཉིད་དེ། གང་རྣམས་ཀྱི་རང་བཞིན་ནི་ངོ་བོ་ཉིད་ཀྱི་སྐུར་རྟོགས་པར་བྱ་བ་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་པའི་ཕྱིར་གསུངས་པ། བྱང་ཆུབ་ཅེས་པ་ལ་སོགས་པ་སྟེ། བྱང་ཆུབ་ཕྱོགས་ཞེས་པ་ལུས་དྲན་པ་ཉེ་བར་གཞག་པ་དང༌། ཚོར་བ་རྣམ་པ་ཉེ་བར་གཞག་པ་དང༌། སེམས་དྲན་པ་ཉེ་བར་གཞག་པ་དང༌། ཆོས་དྲན་པ་ཉེ་བར་གཞག་པ་བཞི་པོ་རྣམས་སོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང༌། མི་དགེ་


DTG087_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་སྐྱེས་པ་རྣམས་ཕྱིར་སྤོང་བའི་བརྩོན་པ་དང༌། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་བརྩོན་པ་དང༌། དགེ་བའི་ཆོས་སྐྱེས་པ་རྣམས་འཕེལ་བར་བྱེད་པའི་ཕྱིར་བརྩོན་པ་སྟེ། ཡང་དག་པར་སྤོང་བ་བཞི་རྣམས་སོ། །འདུན་པའི་ཏིང་ངེ་འཛིན་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང༌། སེམས་པའི་ཏིང་ངེ་འཛིན་དང༌། དཔྱོད་པའི་ཏིང་ངེ་འཛིན་ཏེ། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་སོ། །དད་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་དང༌། དྲན་པའི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རབ་ཀྱི་དབང་པོ་སྟེ་དབང་པོ་རྣམས་སོ། །འདི་རྣམས་ཉིད་མི་མཐུན་པའི་ཕྱོགས་ཉིད་ཀྱིས་ཟིལ་གྱིས་མནན་པར་མི་ནུས་པས་སྟོབས་སུ་གྱུར་པ་སྟེ། དད་པའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང༌། དྲན་པའི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་ཏེ་སྟོབས་རྣམ་པ་ལྔའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་རྣམ་པ་བདུན་ནོ། །ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །ཚད་མེད་ཅེས་པ་ནི་ཚད་གཟུང་དུ་མེད་པར་སེམས་ཅན་ལ་དམིགས་པ་ཉིད་ཀྱི་སྟེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚད་མེད་པ་བཞིའོ། །རྣམ་པར་ཐར་པ་དང་ཞེས་པ་ནི་ནང་གཟུགས་སུ་འདུས་ཤེས་པས་ཕྱི་རོལ་གྱི་གཟུགས་སུ་ལྟ་བ་ནི་གཅིག་གོ །ནང་གཟུགས་ཀྱི་མཚན་མ་མེད་པ་ལ་ཕྱིའི་གཟུགས་སུ་ལྟ་བ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་གནས་པ་འདི་ནི་གསུམ་པའོ། །


DTG087_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་པ་བཞི་རྣམས་དང༌། འདུ་ཤེས་དང་ཚོར་བ་འགོག་པ་སྟེ་རྣམ་པར་ཐར་པ་བརྒྱད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་པ་ནི་བསམ་གཏན་བཞི་རྣམས་དང༌། གཟུགས་མེད་པ་བཞི་པོ་རྣམས་དང༌། འདུ་ཤེས་དང་ཚོར་བ་འགོག་པ་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་རྣམས་སོ། །ཟད་པར་བཅུའི་བདག་ཉིད་དང་ཞེས་པ་ནི་ཟད་པར་གྱི་སྐྱེ་མཆེད་ནི་ཟད་པར་སའི་སྐྱེ་མཆེད་དང་ཟད་པར་ཆུ་དང་ཟད་པར་མེ་དང་ཟད་པར་རླུང་དང༌། ཟད་པར་སྔོན་པོ་དང་ཟད་པར་སེར་པོ་དང་ཟད་པར་དམར་པོ་དང་ཟད་པར་དཀར་པོ་དང་ཟད་པར་ནམ་མཁའ་དང༌། ཟད་པར་རྣམ་པར་ཤེས་པ་སྟེ་ཟད་པར་གྱི་སྐྱེ་མཆེད་བཅུའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་རབ་ཏུ་དབྱེ་བས་རྣམ་པ་བརྒྱད་ཅེས་པ་ནི། ནང་གི་གཟུགས་ལ་མཚན་མར་འདུ་ཤེས་ཤིང་ཕྱིའི་གཟུགས་ལ་ནི་བསྡུས་པའི་ང་རྒྱལ་ཅན་དུ་ལྟ་བ་སྟེ། དེ་ཟིལ་གྱིས་གནོན་པར་ཤེས་པ་ནི་ཕྱི་སྟེ་གཅིག་གོ །ནང་གི་གཟུགས་ལ་མཚན་མར་འདུ་ཤེས་ཤིང་ཕྱིའི་གཟུགས་ཅན་ལ་རྒྱས་པར་ལྟ་བ་སྟེ། དེ་ཟིལ་གྱིས་གནོན་པར་ཤེས་པ་ནི་གཉིས་པའོ། །ནང་གི་གཟུགས་ནི་གཟུགས་མེད་པར་འདུ་ཤེས་ལ་ཕྱིའི་གཟུགས་ལ་བསྡུས་ནས་ལྟ་བ་དེ་ཟིལ་གྱིས་གནོན་པར་ཤེས་པ་ནི་གསུམ་པའོ། །ནང་གི་གཟུགས་ལ་གཟུགས་མེད་པར་འདུ་ཤེས་ཤིང་ཕྱིའི་གཟུགས་ཅན་ལ་རྒྱས་པར་ལྟ་བ་སྟེ་ཟིལ་གྱིས་གནོན་པར་ཤེས་པ་ནི་བཞི་པའོ། །ནང་གི་གཟུགས་ལ་མཚན་མར་འདུ་ཤེས་ཤིང་ཕྱིའི་གཟུགས་ལ་སྔོན་པོར་ལྟ་བ་ནི་ལྔ་པའོ། །དེ་ལྟར་སེར་པོར་མཐོང་བ་ནི་དྲུག་པའོ། །དམར་པོར་མཐོང་བ་ནི་བདུན་པའོ། །དཀར་པོར་མཐོང་བ་ནི་བརྒྱད་པ་སྟེ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དོ། །ཉོན་མོངས་མེད་དང་ཞེས་པ་ནི་ཉོན་མོངས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གང་ཞིག་ལ་སྙོམས་པར་ཞུགས་ནས་གཞན་གྱི་རྒྱུད་ལ་བསྟེན་ནས་ཀྱང་ཉོན་མོངས་པ་རྣམ་པ་ཀུན་དུ་འབྱུང་བར་མི་འགྱུར་བའོ། །སྨོན་ནས་མཁྱེན་ཞེས་པ་ནི་དོགས་པ་ཐམས་ཅད་ལས་ངེས་པར་གྲོལ་ནས་ཐེ་ཚོམ་མ་ལུས་པ་སེལ་བའི་ཤེས་པ་ནི་སྨོན་ནས་མཁྱེན་ནོ། །མངོན་ཤེས་ཞེས་པ་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་


DTG087_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། ལྷའི་རྣ་བའི་མངོན་པར་ཤེས་པ་དང༌། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང༌། ལྷའི་མིག་གི་མངོན་པར་ཤེས་པ་དང༌། ཟག་པར་ཟད་པའི་མངོན་པར་ཤེས་པ་སྟེ་མངོན་པར་ཤེས་པ་དྲུག་གོ །སོ་སོ་ཡང་དག་རིག་ཅེས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་དང༌། ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། སོ་སོ་ཡང་དག་པར་ཤེས་པ་རྣམ་པ་བཞིའོ། །རྣམ་པ་ཐམས་ཅད་དག་བཞི་དང༌། །ཞེས་པ་ནི་རྟེན་རྣམ་པར་དག་པ་དང༌། དམིགས་པ་རྣམ་པར་དག་པ་དང༌། སེམས་རྣམ་པར་དག་པ་དང༌། ཡེ་ཤེས་རྣམ་པར་དག་པ་སྟེ། དག་པ་རྣམ་པ་བཞི་རྣམས་སོ། །དབང་བཅུ་ཞེས་པ་ནི་ཚེ་ལ་དབང་བ་དང༌། སེམས་ལ་དབང་བ་དང༌། ཡོངས་སུ་ཤེས་པ་ལ་དབང་བ་དང༌། ལས་ལ་དབང་བ་དང༌། སྐྱེ་བ་ལ་དབང་བ་དང། མོས་པ་ལ་དབང་བ་དང༌། སྨོན་ལམ་ལ་དབང་བ་དང༌། རྫུ་འཕྲུལ་ལ་དབང་བ་དང༌། ཡེ་ཤེས་ལ་དབང་བ་དང༌། ཆོས་ལ་དབང་བ་སྟེ་དབང་བཅུའོ། །སྟོབས་བཅུ་ཞེས་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། དབང་པོ་མཆོག་དང་མཆོག་མ་ཡི་པ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་བཅུའོ། །མི་འཇིགས་པ་བཞི་ཞེས་པ་ནི་མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང༌། ཟག་པ་རྣམས་ཟད་པ་ལ་མི་འཇིགས་པ་དང༌། བར་ཆད་ཀྱི་ཆོས་རྣམས་ཀྱིས་མི་འཇིགས་པ་དང༌། མྱ་ངན་ལས་འདས་པའི་ཆོས་ལ་མི་འཇིགས་པ་སྟེ་མི་འཇིགས་པ་རྣམ་པ་བཞིའོ། །བསྲུང་བ་མེད་པ་རྣམ་གསུམ་དང༌། །ཞེས་པ་ནི་སྐྱོན་མེད་པ་ཉིད་ཀྱི་དེ་བཞིན་གཤེགས་པ་ལ་གཞན་གྱིས་ཡོངས་སུ་འཇིགས་པ་མེད་དེ། དེས་ན་སྐུ་ལ་བསྲུང་བ་མེད་པ་དང༌།


DTG087_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ལ་བསྲུང་བ་མེད་པ་དང༌། ཐུགས་ལ་བསྲུང་བ་མེད་པ་སྟེ། བསྲུང་བ་མེད་པ་རྣམ་པ་གསུམ་མོ། །དྲན་པ་ཉེར་གཞག་རྣམ་གསུམ་དང༌། །ཞེས་པ་ནི་ཆོས་རྣམས་སྟོན་པ་ན་ཉན་པར་འདོད་པ་དང༌། ཉན་པར་མི་འདོད་པ་དང༌། གཉི་གར་འདོད་པ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་ཆགས་པ་དང་ཞེ་སྡང་བ་དང་གཉི་ག་དག་བྲལ་བ་སྟེ། དེ་ལྟར་བཅོམ་ལྡན་འདས་དྲན་པ་དང་ལྡན་པར་གནས་པ་ནི་དྲན་པ་ཉེ་བར་གཞག་པ་རྣམ་པ་གསུམ་མོ། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །ཞེས་པ་ནི་སེམས་ཅན་གྱི་དོན་བྱེད་པའི་དུས་ལས་མ་འདས་པའི་མཚན་ཉིད་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་དོ། །བག་ཆགས་ཡང་དག་བཅོམ་པ་དང༌། །ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཡང་དག་པར་བཅོམ་པའོ། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་དེའི་རྒྱུ་རྣམས་བསལ་བར་བཞེད་པའོ། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་པ་དང༌། །ཞེས་པ་ནི་སྐུ་ལ་འཁྲུལ་པ་མི་མངའ་བ་དང༌། གསུངས་ལ་ཅ་ཅོ་མི་མངའ་བ་དང༌། དྲན་པ་ཉམས་པ་མི་མངའ་བ་དང་སེམས་མཉམ་པར་མ་བཞག་པ་མི་མངའ་བ་དང༌། འདུ་ཤེས་སྣ་སོགས་མི་མངའ་བ་དང༌། གྲངས་སོ་སོ་ལ་གཏང་སྙོམས་མི་མངའ་བ་དང༌། འདུན་པ་ཡོངས་ཉམས་པ་མི་མངའ་བ་དང༌། བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའ་བ་དང༌། དྲན་པ་ཡོངས་སུ་ཉམས་པ་མི་མངའ་བ་དང༌། ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའ་བ་དང༌། ཤེས་རབ་ཡོངས་སུ་ཉམས་པ་མི་མངའ་བ་དང༌། རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའ་བ་དང། ལུས་ཀྱི་ལས་ཀྱི་སྔོན་དུ་ཡེ་ཤེས་འགྲོ་བ་དང༌། ངག་གི་ལས་ཀྱི་སྔོན་དུ་ཡེ་ཤེས་འགྲོ་བ་དང༌། ཡིད་ཀྱི་ལས་ཀྱི་སྔོན་དུ་ཡེ་ཤེས་འགྲོ་བ་དང༌། འདས་པ་རྣམས་ལ་མ་ཆགས་ཤིང་མ་ཐོགས་པའི་ཡེ་ཤེས་དང༌། མ་འོངས་པ་རྣམས་ལ་མ་ཆགས་ཤིང་མ་ཐོགས་པའི་ཡེ་ཤེས་དང༌། ད་ལྟར་བ་རྣམས་ལ་མ་ཆགས་ཤིང་མ་ཐོགས་པའི་ཡེ་ཤེས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཞེས་པ་ནི་ཇི་ལྟར་གསུངས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་བདག་ཉིད་ཀྱི་མངོན་པར་རྟོགས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ཆོས་ཅན་ལ་ཆོས་ཀྱི་ཕྱུང་པོར་


DTG087_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བརྗོད་དེ་ལྡོག་པས་བྱས་པའི་ཐ་དད་དུ་ཡོངས་སུ་བརྟགས་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་ཡོན་ཏན་གྱི་ཆོས་སོ། །ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་འབྲས་བུའི་སྒོ་ནས་བྱེ་བྲག་ཏུ་བསྟན་པའི་ཕྱིར་གསུངས་པ། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤང་ཉིད། །རྒྱལ་བ་གྲོང་སོགས་དེ་དག་གི །ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད། །ཅེས་པ་སྟེ། ཉོན་མོངས་མེད་ཅེས་པ་ནི་ཉོན་མོངས་པ་རྣམས་མེད་པ་དང་གང་ཞིག་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དེ་ནི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་སྟེ། ཉན་ཐོས་རྣམས་གང་ཞིག་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་པའི་ཉན་ཐོས་དེ་རྣམས་ཀྱིས་མཐོང་ན་མིའི་ཉན་མོངས་པ་རྣམས་འབྱུང་བར་མི་འགྱུར་ཞིང་མི་སྐྱེའོ། །དེ་བཞིན་གཤེགས་པ་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ནི་གང་ཞིག་མཐོང་བ་དང་མ་མཐོང་བ་རྣམས་ཀྱང་རུང་སྟེ་གྲོང་ཁྱེར་ལ་སོགས་པའི་སེམས་ཅན་གྱི་ཉོན་མོངས་པའི་རྒྱུན་གཅོད་པ་ནི་བྱེ་བྲག་གོ །ཉན་ཐོས་ལ་སོགས་པའི་སྨོན་ནས་མཁྱེན་པ་བས་དེ་བཞིན་གཤེགས་པའི་སྨོན་ནས་མཁྱེན་པ་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར་གསུངས་པ། སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། །དྲིས་ལ་ཀུན་ལན་འདེབས་པར་བཞེད། །ཅེས་པ་སྟེ་སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ལྷུན་གྱིས་གྲུབ་པ་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་སོ། །ཆགས་སྤངས་ནི་ལྟོས་པ་མེད་པ་ཉིད་ཀྱིས་སོ། །ཐོགས་མེད་ནི་ཐམས་ཅད་དུ་ཐོགས་པ་མེད་པས་སོ། །རྟག་གནས་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་ཀུན་དུ་གནས་པས་ནའོ། །དྲི་བ་ཀུན་ལན་འདེབས་པར་བཞེད། །ཅེས་པ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཐོས་པས་ཏེ། ཉན་ཐོས་ལ་སོགས་པ་རྣམས་ཀྱིས་ནི་འདི་རྣམས་ལས་ཕྱིན་ཅི་ལོག་པའོ། །འོ་ན་རྟག་པར་འགྲོ་བའི་དོན་བྱེད་པའི་ནུས་པ་ཡོད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ཀུན་དུ་གནས་པ་ཡིན་ཡང་རྟག་པར་དོན་མི་བྱེད་པ་ཅི་སྟེ་ཞེས་བརྒལ་བའི་ལན་


DTG087_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པའི་ཕྱིར་གསུངས་པ། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །དེ་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ༌། །ཞེས་པ་སྟེ། རྒྱུ་ནི་དགེ་བའི་རྩ་བ་སྔོན་དུ་བསྐྱེད་པ་རྣམས་སོ། །ཡོངས་སུ་སྨིན་པ་ནི་གྱུར་པའོ། །སེམས་ཅན་གང་ལ་དུས་གང་ཆོས་བསྟན་པ་ལ་སོགས་པའི་བྱ་བ་ནི་ཕྱིས་ཕན་པར་འགྱུར་ཏེ། དེས་ན་དེའི་དོན་བྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པར་བརྗོད་དེ། ཆོས་སྟོན་པ་ལ་སོགས་པར་ཉེ་བར་གནས་པ་ཉིད་ཀྱིས་སོ། །འདི་རྣམས་ཀྱི་རྗེས་སུ་མཐུན་པའི་དཔེ་བསྟན་པའི་ཕྱིར་གསུངས་པ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ཞེས་པ་སྟེ་གོ་སླའོ། །འོ་ན་ཡོན་ཏན་ཐམས་ཅད་ཀྱི་གནས་ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཉིད་དེ། དེ་ཡང་དངོས་པོར་གྱུར་པ་ཉིད་ཀྱིས་ཕྱོགས་གཅིག་ཉིད་དང༌། སྐད་ཅིག་མའི་རྒྱུན་གྱིས་བདག་ཉིད་ཡིན་ན་དེ་ཇི་ལྟར་འདིས་ཀུན་དུ་ཁྱབ་པ་དང་རྟག་པ་ཉིད་དག་ཏུ་བརྗོད་ཅེས་སེམས་པ་ལ་གསུངས་པ། དེ་ལར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པ་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་པ་སྟེ། ཇི་ལྟར་རྒྱལ་པོ་ཕྱོགས་གཅིག་པ་ཡིན་ཡང་ཡུལ་ཕྱོགས་ཇི་ཙམ་དུ་རྒྱལ་པོའི་བཀའ་ལུང་བཞིན་དུ་བྱ་བ་བྱེད་པའི་ཡུལ་དེ་སྲིད་དུ་ནི་རྒྱལ་པོས་ཁྱབ་ཅེས་བརྗོད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་ནམ་མཁའི་ཁམས་ཇི་སྲིད་པ་དེ་སྙེད་དུ་གདུལ་བྱ་རྣམས་ལ་ཆོས་སྟོན་པའི་བྱ་བའི་རྣམ་འཕྲུལ་གྱིས་ཁྱབ་པས་ཁྱབ་པ་ཞེས་བརྗོད་དོ། །ཇི་ལྟར་ཆུ་བོ་གང་གཱ་རྒྱུན་མི་འཆད་པར་འབབ་པས་རྟག་པ་ཞེས་བརྗོད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་འོག་མིན་གྱི་གནས་སྟུག་པོ་བཀོད་པའི་ཞིང་ཁམས་ཀྱི་གཞལ་ཡས་གང་ནས་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་རྒྱུན་མི་འཆད་པར་བཞུགས་པ་ལ་རྟག་པ་ཞེས་བརྗོད་དོ། །ཆོས་ཀྱི་སྐུ་དེ་ནི་དེ་བཞིན་གཤེགས་པ་ལས་ལྡོག་པས་བྱས་པའི་ཐ་དད་དུ་ཡོངས་སུ་བརྟག་པའི་ཡིད་ཀྱི་ཡོན་ཏན་རིམ་པོ་ཆེའི་ཚོགས་སུ་བརྗོད་དོ། །ཆོས་སུ་གྱུར་པ་ཡིད་ཀྱི་ཡོན་ཏན་རྣམས་མངོན་པར་བརྗོད་ནས་ཆོས་ཅན་དུ་གྱུར་པ་བེམས་པོ་ལ་སོགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པའི་ཕྱིར་གསུངས་པ། མཚན་ནི་


DTG087_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་སྟེ། ཅི་ཞིག་ལོངས་སྤྱོད་པ་ལ་གསུངས་པ། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཞེས་པ་སྟེ། ཐེག་པ་ཆེན་པོའི་ཆོས་ཉན་པ་ལ་སོགས་པའི་སྒོ་ནས་ཤེས་པའི་དོན་ཏོ། །ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཐེག་པ་ཆེན་པོ་ཉེ་བར་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །ཐེག་པ་ཆེན་པོའི་གཞུང་ལ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་འདི་བེམས་པོ་གཟུགས་སྐུའི་བདག་ཅེས་ཟེར་བ་ནི་ཆེར་འཁྲུལ་པ་ཡིན་ཏེ། འདི་བེམས་པོ་ཉིད་དུ་རྟོགས་པ་ནི་རྨོངས་པ་རྣམས་ཀྱིས་ཡོངས་སུ་བརྟགས་པའོ། །འདི་བརྫུན་པ་ནི་མ་ཡིན་ཏེ། བེམས་པོ་ལས་ལོག་པར་རང་རིག་པའི་མངོན་སུམ་ཉིད་ཀྱིས་གྲུབ་པས་སོ། །ལྡོག་པ་བྱས་པའི་ཐ་དད་ཙམ་དུ་ཡེ་ཤེས་ཀྱི་བདག་ཉིད་འདི་གནས་པའོ། །མཚན་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱང་གང་དག་ཅེས་པ་ལ་ཚིགས་བཅད་ལྔས་གསུངས་པ། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང༌། །ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡའི་འདྲ་ཕྱག་རིངས་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང༌། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་པ་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང༌། །སྐུ་ནི་ཉ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་ཡར་འཕགས་ལྗགས་རིངས་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟངས་དང༌། །གྲངས་ནི་བཞི་བཅུ་ཐམ་པར་ཚང་བ་དང༌། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་པ་སྟེ། ཕྱག་ཞབས་འཁོར་ལོས་མཚན་ཞེས་པ་ནི་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོས་མཚན་པའོ། །རུས་སྦལ་ཞབས་ཞེས་


DTG087_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཞབས་ཀྱི་མཐིལ་ཀུན་གྱིས་སར་རེག་པ་སྟེ། རུལ་སྦལ་ལྟར་ས་མཉམ་པར་ས་ལ་ཀུན་གནོན་པའོ། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ཞེས་པ་ནི་ཕྱག་དང་ཞབས་ཀྱི་སོར་མོའི་བར་རྣམས་འབྲེལ་བའོ། །ཕྱག་ནི་ཞགས་བཅས་འཇམ་ཞིང་གཞོན་ཤ་ཆགས། །ཞེས་པ་ནི་ཕྱག་དང་ཞབས་དག་འཇམ་ཞིང་གཞོན་ཤ་དང་ལྡན་པའོ། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །ཞེས་པ་ནི་ལག་པ་དང་རྐང་པ་དང་དཔུང་པ་གཉིས་དང་མགྲིན་པ་སྟེ། བདུན་པོ་མཐོ་བ་འདིས་སྐུ་མཚན་པ་ནི་བདུན་མཐོ་བའོ། །སོར་མོ་རིང་དང་ཞེས་པ་ནི་སོར་མོ་རྣམས་རིང་པའོ། །རྟིང་ཡངས་ཞེས་པ་ནི་ཇི་ལྟར་མཛེས་པར་རྒྱས་ཤིང་རྟིང་པ་ཡངས་པའོ། །སྐུ་ཆེ་དྲང་ཞེས་པ་ནི་སྐུ་ཆེ་ཞིང་དྲང་བའོ། །ཞབས་ལོང་མི་མངོན་ཞེས་པ་ནི་རྗེ་ངར་དང་རྐང་པའི་བར་ན་གནས་པ་ཉིད་ཀྱིས་ན་ལོང་བུ་མི་མངོན་པའོ། །སྤུ་རྣམས་གྱེན་དུ་ཕྱོགས་ཞེས་པ་ནི་ལུས་ཀྱི་སྤུ་རྣམས་གྱེན་དུ་ཕྱོགས་པའོ། །བྱིན་པ་ཨེ་ན་ཡང་འདྲ་ཞེས་པ་ལ་ཨེ་ན་ཡང་ནི་རི་དྭགས་ཀྱི་བྱེ་བྲག་སྟེ། དེའི་བྱིན་པ་ཚིགས་མེད་ཅིང་ཟླུམ་ལ་ཁད་ཀྱིས་ཕྲ་བ་སྟེ། དེ་ལྟར་གྱུར་པས་ཨེ་ན་ཡའི་བྱིན་པའོ། །ཕྱག་རིངས་ཞེས་པ་ནི་ཕྱག་གིས་བརླར་སླེབས་པའོ། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །ཅེས་པ་ལ་མདོམས་ནི་གསང་བའི་གནས་སོ། །སྦུབས་ནི་པགས་པའོ། །ནུབ་པ་ནི་པགས་པའོ། །མཆོག་ནི་ཁྱད་པར་འཕགས་པ་སྟེ། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པས་ནའོ། །པགས་པ་གསེར་མདོག་ཅེས་པ་གསེར་བཙོ་མའི་ཁ་དོག་ལྟ་བུའོ། །པགས་པ་སྲབ་པ་ཞེས་པ་ནི་པགས་པ་ཤིན་ཏུ་སྲབ་པའོ། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུང་དང༌། །ཞེས་པ་ནི་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའོ། །ཞལ་མཛོད་སྤུས་བརྒྱན་ཞེས་པ་ནི་མཛོད་སྤུས་མཚན་པའི་ཞལ་ལོ། །རོ་སྟོད་སེང་གེའི་འདྲ་ཞེས་པ་ནི་སྐུ་སྟོད་སེང་གེ་འདྲ་བའོ། །འདིའི་དཔུང་མགོ་ཟླུམ་ཞེས་པ་ནི་ཤིན་ཏུ་ཡང་ཟླུམ་པའི་དཔུང་པའོ། །ཐལ་གོང་རྒྱས་ཞེས་པ་ནི་དེ་དག་མཐོ་བ་ནི་ཐལ་གོང་རྒྱས་པའོ། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང༌། །ཞེས་པ་ནི་རོ་མི་ཞིམ་པ་དག་ཀྱང་རོ་མཆོག་ཏུ་སྣང་ཞེས་པའོ། །སྐུ་ནི་ཉ་གྲོ་དྷ་ལྟར་ཆུ་ཞེང་གབ། །ཅེས་པ་ནི་ཉ་གྲོ་


DTG087_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ལྟར་ཀུན་དུ་ཚད་མཉམ་པའོ། །གཙུག་ཏོར་ཡང་འཕགས་པ་ནི་སྤྱི་བོར་གཙུག་ཏོར་གྱིས་མཛེས་པའོ། །ལྗགས་རིང་མཛེས་ཞེས་པ་ནི་ལྗགས་རིངས་ཟིང་སྲབས་ལ་མཛེས་པའོ། །ཚངས་དབྱངས་ཞེས་པ་ནི་ཚངས་ལྟ་བུའོ། །འགྲམ་པ་སེང་གེའི་འདྲ་བ་ཞེས་པ་ནི་འགྲམ་པ་སེང་གེའི་འགྲམ་པ་ལྟ་བུ་ཡིན་ནོ། །ཤིན་ཏུ་དཀར་ཞེས་པ་ནི་ཚེམས་རྣམས་ཤིན་ཏུ་དཀར་པའོ། །ཚང་མཉམ་ཞེས་པ་ནི་སེམས་རྣམས་མཉམ་པའོ། །ཐགས་བཟངས་ཞེས་པ་ནི་ཅལ་ཅོལ་མ་ཡིན་པའི་ཚེམས་སོ། །གྲངས་ནི་བཞི་བཅུ་ཐམ་པར་ཚང་བ་དང་ཞེས་པ་ནི་མ་ཆད་ཅིང་མ་ལྷག་པར་གྲངས་བཞི་བཅུ་ཐམ་པར་གྱུར་པའོ། །དེས་ན་ཚེམས་མཉམ་པར་གྲངས་བཞི་བཅུའོ། །སྤྱན་ནི་མཐོན་མཐིང་ཞེས་པ་ནི་མངོན་པར་སྔོ་བའི་སྤྱན་ནོ། །སྤྱན་རྫི་བ་མཆོག་གི་འདྲ་བ་ཞེས་པ་ནི་བ་མཆོག་གི་རྫི་མ་ལྟ་བུ་གང་གི་སྤྱན་ལ་ཡོད་པ་དེ་ནི་རྫི་མ་བ་མཆོག་ལྟ་བུའོ། །འདི་རྣམས་སུམ་ཅུ་རྩ་གཉིས་མཚན། །ཞེས་པ་ནི་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པས་མཚན་ཉིད་དེ། སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱི་མཚན་སུམ་ཅུ་རྩ་གཉིས་ཐུན་མོང་མ་ཡིན་པའོ། །མཚན་བཟང་པོ་འདི་རྣམས་ཀྱང་རང་རང་གི་རྒྱུ་ལ་གོམས་པར་བྱས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་གསུངས་པ། འདི་ཡི་མཚན་ནི་གང་གང་གི །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་རྣམས་ཡང་དག་འགྲུབ། །ཅེས་པ་སྟེ། འདི་ཡི་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །མཚན་གང་དང་གང་གི་རྒྱུ་རྣམས་ལ་གོམས་པར་བྱས་ཤིང་བསླབས་པས་མཚན་དེ་དང་དེ་རྣམས་རབ་ཏུ་རྫོགས་པར་འགྱུར་རོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ནི་ཐུགས་ཀྱི་ཡོན་ཏན་ཡིན་པ་ཉིད་ཀྱིས་ཤིན་ཏུ་ཡང་མི་མངོན་པས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་པོ་དེ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུར་ངེས་ཞེས་པའི་དོན་ཏོ། །མཚན་རྣམས་ཐོབ་པར་བྱེད་པའི་རྒྱུ་གང་དང་གང་གི་ཞེས་པ་ལ་གསུངས་པ། བླ་མ་སྐྱེལ་ལ་སོགས་པ་དང༌། ཡང་དག་བླངས་པ་བསྟན་པ་དང༌། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་བ། །ཐར་པར་བྱེད་དང་དགེ་བ་ནི། །ཡང་


DTG087_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཞེས་པ་དེའི་དོན་ནི་འདི་ཡིན་ཏེ། བླ་མ་རྣམས་སྐྱེལ་བ་དང་སླར་ཡང་སྔུན་བསུ་བ་དང༌། ཆོས་རྣམས་ཉན་པ་དང༌། མེ་ཏོག་གི་ཕྲེང་བ་ལ་སོགས་པའི་འབུལ་བ་དང༌། འཁོར་གཡོག་འབུལ་བ་དང༌། མཆོད་རྟེན་ལ་སོགས་པ་ལ་ཕྱག་ལ་སོགས་པ་བྱས་པས་ཕྱག་དང་ཞབས་ཀྱི་མཐིལ་དག་འཁོར་ལོས་མཚན་པའོ། །ཆོས་སྤྱོད་ཀྱི་ཡི་དམ་ལ་བརྟན་པས་ཞབས་ལེགས་པར་གནས་པ་སྟེ། རུས་སྦལ་ཞབས་སོ། །སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང། དོན་མཐུན་པས་ཕྱག་དང་ཞབས་ཀྱི་སོར་མོ་རྣམས་དྲ་བས་འབྲེལ་བའོ། །མཆོག་གི་ཁ་ཟས་དང་བཏུང་བ་བྱིན་པས་ཕྱག་དང་ཞབས་དག་འཇམ་ཞིང་གཞོན་ཤ་ཆགས་བ་དང༌། སྐུའི་བདུན་མཐོ་བ་ཡང་འདི་ཉིད་ཀྱིས་སོ། །བཅིངས་པ་རྣམས་ཐར་བར་བྱས་པས་སོར་མོ་རྣམས་རིང་བའོ། །སྲོག་རྗེས་སུ་བསྲུང་བ་བྱས་པས་ཞབས་ཀྱི་རྟིང་བ་ཡངས་པའོ། །སྲོག་གཅོད་པ་ལས་སླར་ལོག་པས་སྐུ་ཆེ་ཞིང་དྲང་བའོ། །དགེ་བའི་རྩ་བ་རྣམས་ལ་ཡི་དམ་དུ་བྱས་པས་ཞབས་ཀྱི་ལོང་བུ་མི་མངོན་པའོ། །དགེ་བ་ཡང་དག་པར་བླང་བ་ལ་ཡི་དམ་དུ་སློབ་པས་སྐུའི་བ་སྤུ་གྱེན་དུ་ཕྱོགས་པའོ། །སོགས་པའི་སྒྲས་ཡང་དག་པར་བསྡུས་པ་བརྗོད་པར་བྱ་སྟེ། མཆོད་པ་དང་སྒྱུ་རྩལ་ལ་སོགས་པའི་རིགས་པ་སྦྱིན་པ་བྱིན་པས་བྱིན་པ་རི་དགས་ཨེ་ན་ཡའི་འདྲ་བའོ། །ནོར་ཡོད་ཅིང་སློང་བ་བོ་འོངས་པའི་དུས་སུ་ཕྱིར་མ་ལོག་པས་ཕྱག་རིང་བའོ། །སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ལ་བཀོད་པ་དང༌། གསང་བར་གཉེར་གཏད་པ་དག་བསྲུངས་པས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག་གོ །གྱ་ནོམ་པའི་གདིང་བ་དག་བྱིན་པས་ཁ་དོག་གསེར་བཙོ་མ་ལྟ་བུའོ། །གནས་ཁང་མཆོག་དག་སྦྱིན་པར་སྦྱིན་པས་པགས་པ་སྲབས་པའོ། །འདུ་འཛིའི་གནས་ལ་སོགས་པ་ཡོངས་སུ་སྤངས་པས་བ་སྤུ་རྣམས་རེ་རེ་ནས་གཡས་ཕྱོགས་སུ་འཁྲུངས་པའོ། །བླ་མའམ་གོང་མ་རྣམས་གནས་ཇི་ལྟ་བར་འཇོག་པས་ཞལ་མཛོད་སྤུས་བརྒྱན་པའོ། །ཐམས་ཅད་དུ་རྩུབ་པའི་ངག་རྣམ་པར་སྤངས་པས་སྐུ་སྟོད་སེང་གེའི་འདྲ་བའོ། །སྙན་པར་སྨྲ་བ་དང་མཐུན་


DTG087_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕེབས་བར་སྨྲ་བས་དཔུང་པ་ཟླུམ་པའོ། །སྨན་ལ་སོགས་པའི་སྦྱིན་པ་བྱིན་པས་ཐལ་གོང་རྒྱས་པའོ། །ནད་པའི་ནད་གཡོག་བྱས་པས་རོ་མི་ཞིམ་པ་ཡང་རོ་མཆོག་ཏུ་སྣང་བའོ། །ནགས་ཚལ་དང་སྐྱེད་མོས་ཚལ་ལ་སོགས་པ་ཡིད་དུ་འོང་བ་སྦྱིན་པ་བྱིན་པས་སྐུ་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའོ། །ལྷ་ཁང་ལ་སོགས་པ་ཁྱད་པར་དུ་འཕགས་པ་བྱིན་པ་ལས་དབུའི་གཙུག་ཏོར་སླར་ཡང་འཕགས་པའོ། །འཇམ་པ་ལ་སོགས་པའི་ཚིག་སྨྲས་པ་ལས་ལྗགས་རིང་ཞིང་མཛེས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་དམ་པའི་ཆོས་ཤེས་པར་བྱས་པ་ལས་ཚངས་པའི་དབྱངས་སོ། །ངག་ཀྱལ་པ་ལས་རྣམ་པར་ལོག་པ་ལ་ལས་སེང་གེའི་འགྲམ་པའོ། །སྐྱེ་བོ་ཐམས་ཅད་ལ་ཡང་དག་པར་སེམས་པ་ལ་སོགས་པས་ཚེམས་ཤིན་ཏུ་དཀར་བའོ། །འཚོ་བ་ཡང་དག་པར་དག་པ་ལས་ཚེམས་མཉམ་པའོ། །བདེན་པའི་ངག་ལ་ཀུན་དུ་སྤྱོད་པ་ལས་ཚེམས་ཐགས་བཟང་བའོ། །དབྱེན་གྱི་ཚིག་ལ་གོམས་པར་མི་བྱེད་པས་མཉམ་པར་གྲངས་བཞི་བཅུ་ཐེམ་པའོ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་ལྟ་བས་སྤྱན་མཐོན་མཐོང་ངོ༌། །ཞེ་སྡང་ལ་སོགས་པ་ལས་ལོག་པར་སྟོན་པས་སྤྱན་གྱི་རྫིམ་པ་མཆོག་གི་ལྟ་བུ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྒྱུ་དང་བཅས་པ་བསྟན་པའོ། །ད་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་བསྟན་པའི་ཕྱིར་གསུངས་པ། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང༌། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་གཤེགས་དྲངས་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །གོམ་སྙོམས་སྤྱན་ནི་དག་པ་དང༌། །ཤིན་ཏུ་གཞོན་མདོག་བདག་ཉིད་ཅན། །སྐུ་ཞུམ་མེད་དང་རྒྱས་པ་དང༌། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །གཟིགས་པ་མུན་མེད་དག་པ་དང༌། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང༌། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང༌། །ཀུན་ནས་ལྟ་ན་སྡུག་


DTG087_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིས་མདངས་ཡོད་ཟབ་རིང་དང༌། །ཞལ་ནི་ལྷ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སྲབ་པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང༌། །སྨིན་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། །ཕྱག་རིང་རྒྱས་དང་སྙན་མཉམ་དང༌། །ཉམས་པ་རྣམ་པར་སྤངས་པ་དང༌། །དཔྲལ་བ་ལེགས་པར་འབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་གནག་དང༌། །སྟུག་འཇམ་མི་འཛིངས་ངོ་བོ་དང༌། །མི་བཤོར་སྐྱེས་བུའི་ཡིད་འཕྲོག་དང༌། །དཔལ་གྱི་བེའུ་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་པ་སྟེ། ཟངས་མདོག་ཅེས་པ་ནི་འདུ་བྱེད་ཐམས་ཅད་ལ་མ་ཆགས་པས་སེན་མོ་ཟངས་ཀྱི་མདོག་ལྟ་བུའོ། །མདོག་སྣུམ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་མོས་པ་ཉིད་ཀྱིས་མདོག་སྣུམ་པའོ། །མཐོ་ཞེས་པ་ནི་གང་ཞིག་རིགས་མཐོ་བར་སྐྱེ་བར་བྱེད་པའི་ལས་དེ་ཉིད་ཀྱིས་སེན་མོ་མཐོ་བའོ། །སོར་མོ་རྣམས་ཟླུམ་ཞེས་པ་ནི་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་སོར་མོ་རྣམས་ཟླུམ་པའོ། །རྒྱས་ཞེས་པ་ནི་དགེ་བ་དུ་མ་ཉིད་ཀྱིས་སོར་མོ་རྣམས་སོ། །བྱིན་གྱིས་ཕྲ་བ་ཞེས་པ་ནི་ཡང་དག་པ་ལ་གོ་རིམས་སུ་འཇུག་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བའོ། །རྩ་མི་མངོན་པ་ཞེས་པ་ནི་ལུས་ལ་སོགས་པའི་ལས་ཀྱི་མཐའ་ཤིན་ཏུ་མི་མངོན་པས་རྩ་མི་མངོན་པའོ། །མདུད་པ་མེད་ཅེས་པ་ནི་ཉོན་མོངས་པའི་རྣམས་བཀྲལ་བ་ཉིད་ཀྱིས་རྩ་རྣམས་མདུད་པ་མེད་པའོ། །ལོང་བུ་མི་མངོན་ཞེས་པ་ནི་ཆོས་ཤིན་ཏུ་གསང་བའི་བློ་ཉིད་ཀྱིས་ལོང་བུ་མི་མངོན་པའོ། །ཞབས་མཉམ་ཞེས་པ་ནི་ངན་འགྲོའི་གནས་ཐམས་ཅད་ལས་སྐྱེ་བོ་རྣམས་ཀུན་དུ་བསྒྲལ་བ་ཉིད་ཀྱིས་ཞབས་མི་མཉམ་པ་མེད་པའོ། །སེང་གེ་ཞེས་པ་ནི་སྲིད་པ་ཟིལ་གྱིས་གནོན་པའི་དགེ་བ་ཉིད་ཀྱིས་སེང་གེའི་སྟབས་སུ་གཤེགས་པའོ། །གླང་ཆེན་ཞེས་པ་ནི་འདོད་


DTG087_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཟིལ་གྱིས་གནོན་པའི་དགེ་བ་དེས་ཀླུའི་སྟབས་སུ་གཤེགས་པའོ། །བྱ་ཞེས་པ་ནི་ནམ་མཁའ་ལ་ཀུན་དུ་འགྲོ་བའི་དགེ་བ་དེས་ངང་པའི་སྟབས་སུ་གཤེགས་པའོ། །ཁྱུ་མཆོག་ཅེས་པ་ནི་སྐྱེས་བུ་དམ་པའི་དགེ་བ་དེས་ཁྱུ་མཆོག་གི་སྟབས་སུ་གཤེགས་པའོ། །གཡས་ཕྱོགས་གཤེགས་པ་ཞེས་པ་ནི་རིགས་པའི་ལམ་དུ་གཤེགས་པའི་དགེ་བ་དེས་གཡས་ཕྱོགས་སུ་གཤེགས་པའོ། །མཛེས་གཤེགས་ཞེས་པ་ནི་དགེ་བ་ལ་རབ་ཏུ་དང་བ་དེས་མཛེས་པར་གཤེགས་པའོ། །དྲང་དང་ཞེས་པ་ནི་རྟག་པར་དྲང་པོའི་སེམས་ཀྱི་དགེ་བ་དེས་དྲང་པོར་གཤེགས་པའོ། །འཁྲིལ་བག་ཆགས་ཞེས་པ་ནི་རྣམ་པར་དག་པའི་ཡོན་ཏན་བརྗོད་པ་དེས་འཁྲིལ་བག་ཆགས་པའོ། །བྱི་དོར་བྱས་འདྲ་ཞེས་པ་ནི་སྡིག་པའི་ཆོས་བྱི་དོར་བྱས་པ་དེས་སྐུ་བྱི་དོར་བྱས་པ་ལྟ་བུའོ། །རིམ་པར་འཚམ་ཞེས་པ་ནི་སྣོད་དང་རྗེས་སུ་མཐུན་པར་ཆོས་སྟོན་པ་དེས་སྐུ་རིམ་པར་འཚམ་པའོ། །གཙང་དང་ཞེས་པ་ནི་ལུས་ལ་སོགས་པ་གཙང་སྦྲའི་སྤྱོད་པ་དང་སྐུ་གཙང་བའོ། །འཇམ་དང་ཞེས་པ་ནི་སེམས་འཇམ་པ་ཉིད་ཀྱིས་སྐུ་འཇམ་པའོ། །དག་པའི་སྐུ་ཞེས་པ་ནི་སེམས་རྣམ་པར་དག་པ་ཉིད་ཀྱིས་སྐུ་རྣམ་པར་དག་པའོ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། ཞེས་པ་ནི་ཆོས་ཐམས་ཅད་ཡོངས་སུ་རྒྱས་པར་བཏུལ་བ་དེས་མཚན་ཡོངས་སུ་རྫོགས་པའོ། །སྐུའི་ཁོ་ལག་ཅེས་པ་ནི་ཡོན་ཏན་མཛེས་ཤིང་ཆེ་བར་བརྗོད་པ་དེས་སྐུའི་ཁོ་ལག་རྒྱ་ཆེ་བའོ། །གོམ་སྙོམས་པ་ནི་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཀྱིས་གོམ་པ་སྙོམས་ཤིང་ཞབས་མཉམ་པའོ། །སྤྱན་ནི་དག་པ་ཞེས་པ་ནི་ཤིན་ཏུ་རྒྱས་པར་དག་པའི་ཆོས་བསྟན་པ་དེས་སྤྱན་རྣམ་པར་དག་པའོ། །ཤིན་ཏུ་གཞོན་མདོག་ཅན་ཞེས་པ་ནི་རྟོགས་པར་སླ་བའི་ཆོས་བསྟན་པས་ཤིན་ཏུ་གཞོན་མདོག་ཅན་ནོ། །སྐུ་ཞུམ་མེད་ཅེས་པ་ནི་རྟག་པར་སེམས་མ་ཞུམ་པ་ཉིད་ཀྱིས་ན་སྐུ་ཞུམ་པ་མེད་པའོ། །རྒྱས་པ་དང་ཞེས་པ་ནི་དགེ་བ་རྣམས་རྒྱས་པར་གྱུར་པ་ཉིད་ཀྱིས་སྐུ་རྒྱས་པའོ། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཞེས་པ་ནི་ཡང་སྲིད་པར་སྐྱེ་བ་ཟད་པར་བྱེད་པའི་ལས་གང་ཡིན་པ་དེ་ཉིད་ཀྱིས་སྐུ་ནི་ཤིན་ཏུ་གྲིམས་པའོ། །ཡན་ལག་ཤིན་ཏུ་རྣམ་འབྱེས་ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤིན་ཏུ་ཕྱེ་སྟེན་བསྟན་པ་དེ་ཡང་ཡན་ལག་དང་ཉིང་


DTG087_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རྣམས་རྣམ་པར་འབྱེས་པའོ། །གཟིགས་པ་མུན་མེད་དག་པ་དང༌། །ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པའི་དངོས་པོ་སྟོན་པ་པོ་ཉིད་ཀྱིས་གཟིགས་པ་མུན་པ་མེད་ཅིང་དག་པའོ། །དཀུ་ཟླུམ་ཞིང་ཞེས་པ་ནི་སློབ་མ་ཕུན་སུམ་ཚོགས་པར་ཟླུམ་པའི་ལས་ཉིད་ཀྱིས་དཀུ་ཟླུམ་པའོ། །སྐབས་ཕྱིན་ཞེས་པ་ནི་འཁོར་བའི་སྐྱོན་གྱིས་མ་གོས་པས་དཀུ་སྐབས་ཕྱིར་པའོ། །མ་རྙོངས་ཞེས་པ་ནི་ང་རྒྱལ་གྱི་རྭ་བཅག་པ་ཉིད་ཀྱིས་དཀུ་མ་རྙོངས་པའོ། །ཕྱང་ངེ་བ་དང་ཞེས་པ་ནི་ཆོས་མི་ཟད་པར་གནས་པ་ཉིད་ཀྱིས་དཀུ་ཕྱང་ངེ་པའོ། །ལྟ་བ་ཟབ་ཅེས་པ་ནི་ཆོས་ཟབ་མོ་སོ་སོར་རིག་པ་ཉིད་ཀྱིས་ལྟ་བ་ཟབ་པའོ། །ལྟེ་བ་གཡས་ཕྱོགས་འཁྱིལ་བ་ཞེས་པ་ནི་སློབ་མ་རིགས་པས་འཛིན་པའི་ལས་དེ་ཉིད་ཀྱིས་ལྟ་བ་གཡས་ཕྱོགས་སུ་འཁྱིལ་བའོ། །ཀུན་ནས་ལྟ་ན་སྡུག་པ་ཞེས་པ་ནི་འཁོར་རྣམས་མཆོག་ཏུ་གྱུར་པའི་ལས་གང་ཡིན་པ་དེ་ཉིད་ཀྱིས་ཀུན་ནས་ལྟ་ན་སྡུག་པའོ། །ཀུན་སྤྱོད་གཙང་དང་ཞེས་པ་ནི་སེམས་གཙང་བ་ཉིད་ཀྱིས་ཀུན་སྤྱོད་གཙང་བའོ། །སྐུ་ལ་ནི། སྨེ་བ་གནག་བག་མེད་པ་དང༌། །ཞེས་པ་ནི་ངུས་མ་ཡིན་པར་ཆོས་ཀྱིས་མི་འདུལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་གནག་བག་མེད་པའོ། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཞེས་པ་ནི་ལུས་ལ་སོགས་པ་འཇམ་བ་ཐོབ་པར་བྱེད་པའི་ཆོས་སྟོན་པ་པོ་ཉིད་ཀྱིས་ཤིང་བལ་ལྟར་འཇམ་པའི་ཕྱག་གོ ། ཕྱག་རིས་མདངས་ཡོད་ཅེས་པ་ནི་མདངས་དང་ལྡན་པར་ཐོས་པ་ཆེན་པོ་སོ་སོར་ཐོབ་པ་ཉིད་ཀྱིས་ཕྱག་རིས་མདངས་ཡོད་པའོ། །ཟབ་ཅེས་པ་ནི་ཆོས་ཉིད་ཟབ་མོ་ལ་ཀུན་དུ་གནས་པ་ཉིད་ཀྱིས་ཕྱག་གི་རི་མོ་ཟབ་པའོ། །རིང་ཞེས་པ་ནི་ཡང་དག་པར་རིགས་པར་ཡོངས་སུ་དག་པའི་ཆོས་སྟོན་པ་ཉིད་ཀྱིས་ཕྱག་གི་རི་མོ་རིང་བའོ། །ཞལ་ནི་ཧ་ཅང་མི་རིང་དང༌། །ཞེས་པ་ནི་བསླབ་པའི་གནས་དུ་མ་སྟོན་པ་པོ་ཉིད་ཀྱིས་ཞལ་ཧ་ཅང་མི་རིང་བའོ། །མཆུ་ནི་བིམ་པ་ལྟར་དམར་དང༌། །ཞེས་པ་ནི་འཇིག་རྟེན་ཐམས་ཅད་གཟུགས་བརྙན་ལྟར་རིག་པ་ཉིད་ཀྱིས་བིམ་པ་ལྟར་དམར་བའི་མཆུའོ། །ལྗགས་མཉེན་ཞེས་པ་ནི་འཇམ་པའི་ཚིག་གིས་འདུལ་བ་ཉིད་ཀྱིས་ལྗགས་མཉེན་པའོ། །སྲབ་ཅེས་པ་ནི་ཡོན་ཏན་དུ་མ་ཉེ་བར་བརྗོད་པ་ཉིད་ཀྱིས་ལྗགས་སྲབ་པའོ། །དམར་དང་ཞེས་པ་ནི་བྱིས་པའི་སྐྱེ་བོ་རྣམས་གཏིང་དཔག་དཀའ་བའི་ཆོས་ཀྱིས་འདུལ་བར་བཞེད་པ་ཉིད་ཀྱིས་ལྗགས་དམར་བའོ། །


DTG087_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་གི་སྒྲ་ཉིད་ཅེས་པ་ནི་འཇིགས་པ་ཐམས་ཅད་ལས་སེལ་བའི་ལས་ཉིད་ཀྱིས་འབྲུག་གི་སྒྲ་ཉིད་དོ། །གསུང་མཉེན་འཇམ་ཞེས་པ་ནི་འཇམ་ཞེས་པ་ནི་འཇམ་པ་ལ་སོགས་པར་གསུངས་པས་གསུང་མཉེན་ཞིང་འཇམ་པའོ། །མཆེ་བ་ཟླུམ་ཞེས་པ་ནི་སྲིད་པར་ཡང་དག་པར་སྦྱོར་བ་ལས་བཟློག་པ་ཉིད་ཀྱིས་མཆེ་བ་ཟླུམ་པའོ། །རྣོ་ཞེས་པ་ནི་གདུལ་དཀའ་བའི་སྐྱེ་བོ་འདུལ་བ་ཉིད་ཀྱིས་མཆེ་བ་རྣོ་བའོ། །དཀར་ཞེས་པ་ནི་དཀར་པོའི་ཆོས་ཀྱིས་འདུལ་བ་ཉིད་ཀྱིས་མཆེ་བ་དཀར་བའོ། །འཇམ་ཞེས་པ་ནི་མཉམ་པའི་ས་ལ་རབ་ཏུ་གནས་པ་ཉིད་ཀྱིས་མཆེ་བ་མཉམ་པའོ། །བྱིན་གྱིས་ཕྲ་ཞེས་པ་ནི་མངོན་པར་རྟོགས་པའི་རིམ་པ་གསལ་བར་བྱེད་པ་པོ་ཉིད་ཀྱིས་མཆེ་བ་བྱིན་གྱིས་ཕྲ་བའོ། །ཤངས་མཐོ་དང་ཞེས་པ་ནི་ཤེས་རབ་གསལ་བར་བྱེད་པའི་གནས་པ་ཉིད་ཀྱིས་ཤངས་མཐོ་བའོ། །མཆོག་ཏུ་དག་པ་ཞེས་བྱ་བ་ནི་དག་པའི་སྐྱེ་བོའི་རིགས་སུ་སྐྱེ་བའི་ལས་གང་ཡིན་པ་དེ་ཉིད་ཀྱིས་ཤངས་དག་ཅིང་གཙང་བའོ། །སྤྱན་ཡངས་ཞེས་པ་ནི་མཆོག་ཏུ་རྒྱ་ཆེ་བའི་ཆོས་བསྟན་པ་ཉིད་ཀྱིས་སྤྱན་ཡངས་པའོ། །རྫི་མ་སྟུག་ཅེས་པ་ནི་སེམས་ཅན་གྱི་ཚོགས་རྣམས་རིགས་པས་བསྡུས་པས་སྤྱན་གྱི་རྫི་མ་སྟུག་པའོ། །པདྨའི་འདབ་མ་འདྲ་བ་དང༌། །ཞེས་པ་ནི་ལང་ཚོ་དང་ལྡན་པའི་སྐྱེ་བོ་ཐམས་ཅད་ཀྱིས་མངོན་པར་བསྔགས་པའི་ལས་གང་ཡིན་པ་དེ་ཉིད་ཀྱིས་པདྨའི་འདབ་མ་འདྲ་བའི་སྤྱན་ནོ། །སྨིན་ཚུགས་རིངས་ཞེས་པ་ནི་རྟག་ཏུ་གཟིགས་པ་ཉིད་ཀྱིས་སྨིན་ཚུགས་རིང་བའོ། །འཇམ་ཞེས་པ་ནི་འཇམ་པར་ཆོས་ཀྱིས་འདུལ་བའི་དགེ་བ་ཉིད་ཀྱིས་སྨིན་མ་འཇམ་པའོ། །སྣུམ་ཞེས་པ་ནི་དགེ་བས་སྣུམ་པའི་རྒྱུད་ཀྱིས་ཤིན་ཏུ་སྣུམ་པའི་སྨིན་མའོ། །སྤུ་མཉམ་ཞེས་པ་ནི་སྐྱོན་ཀུན་དུ་ལྟ་བ་ཉིད་ཀྱིས་སྨིན་མའི་སྤུ་རྣམས་མཉམ་པའོ། །ཕྱག་རིང་རྒྱས་ཞེས་པ་ནི་གཞན་གྱི་སྡུག་བསྔལ་སེལ་བ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པའོ། །སྙན་མཉམ་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བས་ན་སྙན་མཉམ་པའོ། །ཉམས་པ་རྣམ་པར་སྤངས་པ་དང༌། །ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་མཉམས་པའི་རྒྱུན་ཉིད་དུ་བྱས་པས་སྙན་གྱི་དབང་པོ་མ་ཉམས་པའོ། །དཔྲལ་བ་


DTG087_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་འབྱེས་པ་དང༌། །ཞེས་པ་ནི་ལྟ་བ་གཞན་ཐམས་ཅད་ལས་རྣམ་པར་ལོག་པ་ཉིད་ཀྱིས་དཔྲལ་བ་ལེགས་པར་འབྱེས་པའོ། །དབྱེས་ཆེ་བ་ཞེས་པ་ནི་ཕྱིར་རྒོལ་བ་ཐམས་ཅད་རབ་ཏུ་ཕམ་པར་བྱས་པ་ཉིད་ཀྱིས་དཔྲལ་བའི་དབྱེས་ཆེ་བའོ། །དབུ་རྒྱས་ཞེས་པ་ནི་སྨོན་ལམ་མཆོག་ཏུ་ཡོངས་སུ་རྒྱས་པ་ཉིད་ཀྱིས་དབུ་རྒྱས་པའོ། །དབུ་སྐྲ་བུང་བ་ལྟར་གནག་དང༌། །ཞེས་པ་ནི་ཡུལ་རྣམས་ལ་ཆགས་པ་ལ་སོགས་པ་ལས་ལོག་པ་ཉིད་ཀྱིས་དབུ་སྐྲ་བུང་བ་ལྟར་གནག་པའོ། །སྟུག་ཅེས་པ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་སྤང་བར་བྱ་བ་རྣམས་ཟད་པར་བྱས་པ་ཉིད་ཀྱིས་དབུ་སྐྲ་སྟུག་པའོ། །འཇམ་ཞེས་པ་ནི་འཇམ་པའི་བློས་ཡོངས་སུ་ཤེས་པ་ཉིད་ཀྱིས་དབུ་སྐྲ་འཇམ་པའོ། །མི་འཛིངས་ངོ་བོ་ཞེས་པ་ནི་འདོད་ཆགས་ལ་སོགས་པས་སེམས་མི་འཛིངས་པ་ཉིད་ཀྱིས་དབུ་སྐྲ་མི་འཛིངས་པའོ། །མི་བཤོར་ཞེས་པ་ནི་རྟག་པར་ཚིག་རྩུབ་པ་མ་ཡིན་པ་ཉིད་ཀྱིས་དབུ་སྐྲ་མི་བཤོར་བའོ། །སྐྱེས་བུའི་ཡིད་འཕྲོག་ཅེས་པ་ནི་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་གཅལ་དུ་བཀྲམ་པ་ཉིད་ཀྱིས་སྐྱེས་བུའི་ཡིད་འཕྲོག་པའི་དབུ་སྐྲའོ། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །ཞེས་པ་ནི་ཐམས་ཅད་མཛེས་པར་གྱུར་པའི་ལས་གང་ཡིན་པ་དེ་ཉིད་ཀྱིས་དཔལ་གྱི་བེའུ་དང་བཀྲ་ཤིས་ལ་སོགས་པའི་རི་མོ་ཕྱག་དང་ཞབས་ཀྱི་མཐིལ་དག་ལ་ཡོད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུ་བསྟན་པའོ། །ཡོན་ཏན་མཐའ་དག་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས། སྤྲུལ་པའི་སྐུ་བསྟན་པའི་ཕྱིར་གསུངས་པ། གང་གི་འཁོར་བ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་པ་ནི་ཤཱཀྱ་ཐུབ་པ་ལ་སོགས་པའི་སྤྲུལ་པའི་སྐུ་གང་དང་གང་གིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་པར་སེམས་ཅན་མཐའ་དག་ལ་ཡང་དག་པར་ཕན་པའི་དོན་མཉམ་པར་འཛད་ཅིང་འདིའི་སྐུ་རྒྱུན་མི་འཆད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུའོ། །དེ་ལྟར་ངོ་བོ་ཉིད་ཀྱི་སྐུ་མངོན་སུམ་དུ་མཛད་པ་པོ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་གྱི་དཔལ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་


DTG087_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནམ་མཁའི་ཁམས་མཐའ་དག་ཏུ་དག་པ་སྣ་ཚོགས་པས་ཁྱབ་པར་མཛད་ནས། ཇི་སྲིད་ནམ་མཁའི་མཐས་གཏུགས་པར་འགྲོ་བའི་དོན་རྣམས་བྱེད་དོ། །རྣམ་པ་ཉིད་ཤུ་རྩ་བདུན་གྱིས་འགྲོ་བའི་དོན་བྱེད་པ་ནི་འདིའི་མཛད་པར་བསྟན་པའི་ཕྱིར་གསུངས་པ། དེ་བཞིན་ལས་ཀྱང་རྒྱུན་མི་འཆད། །འདི་ཡི་འཁོར་བ་ཡིན་པར་བཤད། །འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམས་བཞི་ལ་འགོད་པ་དང༌། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང༌། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང༌། །བརྡ་དང་དམིགས་པ་མེད་པ་དང༌། །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་ལྡོག་པ་དང༌། །བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང༌། །རྣམ་པར་དག་དང་ངེས་པ་དང༌། །སེམས་ཅན་དོན་ནི་ཚད་མེད་དང༌། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང༌། །ཕྱིན་ཅི་ལོག་ནི་སྤངས་པ་དང༌། །དེ་བཞིན་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །མྱ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་འདི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་པ་སྟེ། འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས་པ་ནི་སེམས་ཅན་རྣམས་ལ་ཆོས་བསྟན་པའི་དོན་དུ་དེ་རྣམས་ཀྱི་ངན་འགྲོ་རབ་ཏུ་ཞི་བར་བྱེད་པའི་ཕྲིན་ལས་སོ། །བསྡུ་རྣམ་བཞི་ལ་འགོད་པ་དང༌། ཞེས་པ་ནི་བསྡུ་བའི་དངོས་པོ་བཞི་ལ་འགོད་པའི་ཕྲིན་ལས་སོ། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །ཞེས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྟོགས་པ་ལ་འགོད་པའི་ཕྲིན་ལས་སོ། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཞེས་པ་ནི་སེམས་ཅན་ལ་དོན་ཇི་ལྟ་བ་བཞིན་དུ་སྟེ། ཕྱིན་ཅི་མ་ལོག་པའི་རང་བཞིན་ལ་འགོད་པའི་ཕྲིན་ལས་སོ། །ཕ་རོལ་ཕྱིན་དྲུག་ཅེས་པ་ནི། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པའི་


DTG087_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་སོ། །སངས་རྒྱས་ལམ་ཞེས་པ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་ཉན་ཐོས་དང༌། རང་སངས་རྒྱས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ལ་འགོད་པའི་ཕྲིན་ལས་སོ། །རང་བཞིན་གྱིས་སྟོང་པ་ཉིད་ཅེས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་འགོད་པའི་ཕྲིན་ལས་སོ། །གཉིས་ཟད་ཅེས་པ་ནི་སྒྲོས་བཏགས་པའི་གཟུང་བ་དང་འཛིན་པ་གཉིས་ཟད་པ་ལ་འགོད་པའི་ཕྲིན་ལས་སོ། །བརྡ་ཞེས་པ་ནི་སྒྲ་དང་དོན་དག་དེ་ཁོ་ན་ཉིད་དུ་འབྲེལ་བ་མེད་པས་བརྗོད་བྱ་དང་རྗོད་བྱེད་དུ་བརྡར་བཏགས་པ་ལ་འགོད་པའི་ཕྲིན་ལས་སོ། །དམིགས་པ་མེད་པ་ཞེས་པ་ནི་ཆོས་ཐམས་ཅད་མི་དམིགས་པ་ལ་འགོད་པའི་ཕྲིན་ལས་སོ། །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །ཞེས་པ་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པ་ལ་འགོད་པའི་ཕྲིན་ལས་སོ། །བྱང་ཆུབ་སེམས་དཔའི་ལམ་དང་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པའི་ཕྲིན་ལས་སོ། །མངོན་པར་ཞེན་པ་ཟློག་པ་དང༌། །ཞེས་པ་ནི་མངོན་པར་ཞེན་པ་ཐམས་ཅད་ཟློག་པ་ལ་འགོད་པའི་ཕྲིན་ལས་ཡིན་ནོ། །བྱང་ཆུབ་ཐོབ་དང་ཞེས་པ་ནི་རང་རང་གི་བྱང་ཆུབ་ལ་འགོད་པའི་ཕྲིན་ལས་སོ། །སངས་རྒྱས་ཀྱི་ཞིང་རྣམ་པར་དག །ཅེས་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་འགོད་པའི་ཕྲིན་ལས་སོ། །ངེས་པ་དང་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ལ་འགོད་པའི་ཕྲིན་ལས་སོ། །སེམས་ཅན་དོན་ནི་ཚད་མེད་དང༌། །ཞེས་པ་ནི་སེམས་ཅན་གྱིས་དོན་ཚད་མེད་པ་ལ་འགོད་པའི་ཕྲིན་ལས་སོ། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །ཞེས་པ་ནི་སངས་རྒྱས་བསྟེན་པ་ལ་སོགས་པའི་ཡོན་ཏན་ལ་འགོད་པའི་ཕྲིན་ལས་སོ། །བྱང་ཆུབ་ཡན་ལག་ཅེས་པ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་འགོད་པའི་ཕྲིན་ལས་སོ། །ལས་རྣམས་ནི། ཆུད་མི་ཟ་ཞེས་པ་ནི་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་ལ་འགོད་པའི་ཕྲིན་ལས་སོ། །བདེན་མཐོང་ཞེས་པ་ནི་འཕགས་པའི་བདེན་པ་བཞི་མཐོང་བ་ལ་འགོད་པའི་ཕྲིན་ལས་སོ། །ཕྱིན་ཅི་ལོག་ནི་སྤངས་པ་དང༌། །ཞེས་པ་ནི་ཐམས་ཅད་དུ་ཡུལ་རྣམས་ལ་འཁྲུལ་པ་སྤངས་པ་ལ་འགོད་པའི་ཕྲིན་ལས་སོ། །དེ་བཞིན་


DTG087_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཚུལ་དང་ནི། །ཞེས་པ་ནི་འཁྲུལ་པའི་གཞི་མེད་པ་ལ་འགོད་པའི་ཕྲིན་ལས་སོ། །རྣམ་པར་བྱང་དང་ཞེས་པ་ནི་དཀར་པོའི་ཆོས་ཐམས་ཅད་ལ་འགོད་པའི་ཕྲིན་ལས་སོ། །ཚོགས་ཤེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ལ་འགོད་པའི་ཕྲིན་ལས་སོ། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །ཞེས་པ་ནི་འདུས་བྱས་དང་མ་བྱས་དག་ཐ་དད་དུ་ཡོངས་སུ་མི་ཤེས་པ་ལ་འགོད་པའི་ཕྲིན་ལས་སོ། །མྱ་ངན་འདས་ལ་འགོད་པ་སྟེ། །ཞེས་པ་ནི་ཇི་ལྟར་རིགས་པར་ཕུང་པོ་ལྷག་བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྲིན་ལས་སོ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་འདི། །ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཀྱི་བཅོམ་ལྡན་འདས་ལ་ཐ་མི་དད་པ་གང་ཞིག་ལྡོག་པས་བྱས་པའི་ཐ་དད་ཙམ་ཡོངས་སུ་བརྟགས་པའི་བྱང་ཆུབ་ཀྱི་ཕྱོགས་དང༌། ཚད་མེད་པ་ལ་སོགས་པ་ཡིད་ཀྱི་ཡོན་ཏན་དེ་རྣམས་ནི་བསགས་པའི་ཕྱིར་ཆོས་ཀྱི་སྐུ་ཞེས་བྱ་བ་སྐུ་བཞི་པ་ནི་མ་ཡིན་ནོ། །ཕྲིན་ལས་རྣམ་པ་ཉི་ཤུ་རྩ་བདུན་དུ་བསྟན་པའོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་ལས་སྐབས་བརྒྱད་པའི་འགྲེལ་པའོ།། །།

རྣམ་པ་དྲུག་ཏུ་བསྟན་པ།


DTG087_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རེ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བརྒྱད་དུ་བསྡུ་བ་གསུངས་ནས། གཞན་ཡང་རྣ་པ་དྲུག་ཏུ་བསྟན་པའི་ཕྱིར་གསུངས་པ། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་རབ་དེ་ཡི་གོ་རིམས་དང༌། །དེའི་མཐའ་དེ་ཡི་རྣམ་སྨིན་ནི། །མདོར་བསྡུས་གཞན་ཏེ་རྣམ་པ་དྲུག་།མཚན་ཉིད་ཅེས་པ་ནི། སྦྱོར་བའི་བཞིར་མཚོན་པར་བྱེད་པས་ན་མཚན་ཉིད་དེ་ཀུན་མཁྱེན་རྣམ་པ་གསུམ་མོ། །མཚན་ཉིད་དེའི་སྦྱོར་བ་ནི་རྣམ་པ་ཀུན་མངོན་པར་བྱང་ཆུབ་པའི་མངོན་པར་རྟོགས་པ་ནི་སྦྱོར་བའོ། །རབ་གསལ་བ་ནི་རྩེ་མོའི་མངོན་པར་རྟོགས་པའོ། །སྦྱོར་བའི་གོ་རིམས་ནི་མཐར་གྱིས་པའི་མངོན་པར་རྟོགས་པའོ། །སྦྱོར་བའི་མཐའི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའོ། །སྦྱོར་བའི་འབྲས་བུ་ལ་ཆོས་སྐུ་མངོན་པར་རྟོགས་པའོ། །

རྣམ་པ་གསུམ་དུ་བསྟན་པ།


DTG087_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་འདི་ཉིད་དོན་རྣམ་པ་གསུམ་དུ་གསུངས་ཏེ། ཡུལ་གྱི་རྒྱུ་ནི་གསུམ་དག་དང༌། །སྦྱོར་བ་བཞིན་ཡི་བདག་ཉིད་དང༌། །ཆོས་སྐུ་ཕྲིན་ལས་བདག་ཉིད་ནི། །མདོར་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས་པ་སྟེ། འདི་ཉིད་དོན་གཞན་རྣམ་པ་གསུམ་གྱིས་བསྡུས་ཏེ། དེ་ལ་རྒྱུ་དན། སྦྱོར་བ་དང༌། འབྲས་བུའོ། །དེ་ལ་རྒྱུ་ནི་རྣམ་པ་གསུམ་སྟེ། སྦྱོར་བ་ཡུལ་གྱིས་ཀུན་མཁྱེན་རྣམ་པ་གསུམ་མོ། །སྦྱོར་བ་བཞིའི་བདག་ཉིད་རྣམ་པ་ཀུན་མངོན་པར་བྱང་ཆུབ་པའི་མངོན་པར་རྟོགས་པ་དང༌། རྩེ་མོའི་མངོན་པར་རྟོགས་པ་དང༌། མཐར་གྱིས་པའི་མངོན་པར་རྟོགས་པ་དང་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་མངོན་པར་རྟོགས་པའོ། །སྦྱོར་བའི་འབྲས་བུ་ནི་ཆོས་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང༌། དེའི་མཛད་པའོ། །ཚིག་དོན་ལེགས་པར་འབྱེད་པའི་འགྲེལ་པ། གཞན་དག་མེད་པས་བཤད་མཁན་ལ། །བློ་ལྡན་སློབ་མས་དྲིས་ནས་སྐྱེས། །དེ་ལ་བརྩེ་ཕྱིར་ངས་འདི་བྱས། །གལ་ཏེ་གཞན་གྱིས་མཐོང་བའི་ལམ། །འབྲས་ཐོབ་བདག་གི་དགེ་ཤིང་གིས། །བདག་གི་བླ་མ་ཡེ་ཤེས་དཔལ། །ཆོས་ཀྱི་གྲགས་པའི་གཞུང་ལ་ནི། །ཤེས་རབ་འབྱུང་གནས་གཉིས་པ་ཡིན། །བསྟན་བཅོས་ཇི་སྙེད་ཡོད་པ་ཡི། །སྙིང་པོའི་དོན་རྣམས་རང་གིས་རྟོགས། །ཀུན་ལ་གདམས་ངག་སྟེར་བའི་བླ། །གཡོ་སྒྱུ་མེད་ཅིང་བསྟན་པ་རུ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཅན། །སྡེ་སྣོད་རྣམ་བཞིའི་གླེང་བཞི་པ། །དབང་པོའི་རྒྱལ་པོ་ཆེན་པོ་སྟེ། དེ་ཡི་སློབ་མར་གྱུར་པ་སྐྱེས་དོན་ཡོད་པ་ཡི། །དགེ་སློང་རིན་ཆེན་གྲགས་པ་ཞེས་བྱ་ང་རྒྱལ་མེད། །རྒོལ་བ་ངན་པའི་ཚོགས་ཀྱི་མུན་ནག་གཏམས་པ་ལ། །ཉི་མ་བཅུ་གཉིས་བསྡོམས་པའི་འོད་ཟེར་འདྲ་བ་ཡིན། །གཞན་གྱིས་གསོལ་བ་བཏབ་ནས་འགྲེལ་པ་འདི་བྱས་པས། །བསོད་ནམས་གང་ཞིག་ཐོབ་དེས་འགྲོ་ཀུན་གྲོལ་གྱུར་ཅིག །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་རཏྣ་ཀཱི་རྟིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཆེན་པོ་རཏྣ་ཀཱི་རྟི་དང༌། བོད་ཀྱི་ལོ་ཙཱ་བ་ལ་ཆིངས་ཡོན་ཏན་འབར་གྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousཚིག་དོན་རྒྱས་པར་བཤད་པ།no next