Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་བརྒྱད་པ།


  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
  collapse section
   
ལེའུ་དང་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲེལ་པ།
   
   
   
   
   
   
   
   
   
   


 
previousལེའུ་དང་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲེལ་པ།next

ལེའུ་དང་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲེལ་པ།


DTG088_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཤད་པར་བྱ་སྟེ། དེའི་དང་པོ་སེམས་བསྐྱེད་པའི་དངོས་པོ་ཞེས་བྱ་བ་ལ། སེམས་ནི་ཡིད་དང་འདོད་པ་སྟེ། འདི་ལྟར་འགྲོ་བར་འདོད་པ་དང༌། འགྲོ་བའི་ཡིད་དང༌། འགྲོ་བའི་སེམས་སོ་ཞེས་བརྗོད་དོ། །དེ་བསྐྱེད་པ་དེ་ཡང་གཞན་གྱི་དོན་དུ་བསྐྱེད་པ་སྟེ་མཆོག་ཏུ་ཁྱད་པར་དུ་འགྱུར་བ་ཡིན་པའི་ཕྱིར།


DTG088_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པ་གཟུང་ངོ༌། །དེས་ན་དེའི་མཚན་ཉིད། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་ཏེ། །འདོད་པ་དང༌། མོས་པ་དང༌། མངོན་པར་འདོད་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །གང་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ནི་འདི་ཉིད་དེ། དེ་འདོད་པ་ཞེས་བྱ་བའི་དོན་ཏོ། །རང་ལས་གཞན་དུ་གྱུར་པ་ནི་ཕ་རོལ་ཏེ། སེམས་ཅན་ཐམས་ཅད་དོ། །དེ་དག་གི་དོན་ནི་ཕན་པ་སྟེ། ཤིན་ཏུ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུའོ། །དེའི་ཕྱིར་ནི་དེའི་དོན་ནམ་དེའི་ཆེད་དུའོ། །དེ་ལྟར་ན་དེ་ནི་གཞན་གྱི་དོན་དུ་བསྟན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདོད་པ་ནི་སེམས་བསྐྱེད་པའི་མཚན་ཉིད་དོ། །དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་བྱ་བ་ལ། མདོ་བཞིན་དུ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བཞིན་དུ་སྟེ། མདོ་དེ་ལས་མ་འདས་པ་འདི་ནི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །འོ་ན་མདོ་དེ་ལས་ནི་གླེང་གཞིའི་གཞུང་བོར་ནས་འགྲེས་རྣམ་པ་བཞིས་སེམས་བསྐྱེད་པའི་མཚན་ཉིད་དེ་ཡང་བདག་གི་དོན་དང་གཞན་གྱི་དོན་རྣམ་པ་མང་པོར་ཕྱེ་ནས། རབ་ཏུ་མང་པོ་ལ་དམིགས་པ་ཆེད་དུ་བྱ་བ་མེད་པར་འདོད་པའི་མཚན་ཉིད་དུ་བརྗོད་དེ། དེས་ན་འདི་ནི་མདོ་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ་ཞེ་ན། དེའི་ཕྱིར། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་གསུངས་ཏེ། མདོར་ཡང་དེ་དང་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཉིད་ཚིག་དང་པོ་གཉིས་ཀྱིས་བསྡུས་པ་དང་རྒྱས་པའི་སྒོ་ནས་གསུངས་སོ། །དེ་ནི་ཞེས་བྱ་བ་ནི་གཞན་གྱི་དོན་ཉིད་དེ། །ཚིག་འོག་མ་གཉིས་ཀྱིས་བསྡུས་པ་དང་རྒྱས་པའི་སྒོ་ནས་གསུངས་སོ། །མདོ་ལས་ཡང་གཞན་གྱི་དོན་གྱི་ཆེད་དུ་ཤུགས་ཀྱིས་བསྟན་ཏེ། གང་གི་ཕྱིར་གཞན་གྱི་དོན་གྱི་ཆེད་དུ་བྱང་ཆུབ་འདོད་ཀྱི་རང་གི་དོན་གྱི་ཆེད་དུ་ནི་མ་ཡིན་པས་སོ། །བསྟན་བཅོས་ལས་ཀྱང་གཞན་གྱི་དོན་གྱི་འདོད་པ་ནི་ཤུགས་ཀྱིས་བསྟན་ཏེ། གང་གི་ཕྱིར་འདོད་པ་མ་ཡིན་པ་ནི་ཆེད་དུ་བྱ་བར་


DTG088_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བས་སོ། །དེ་བས་ན་བསྟན་བཅོས་ཀྱི་མཚན་ཉིད་ནི་མདོ་ཇི་ལྟ་བ་བཞིན་ཉིད་དོ། །དེ་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྡུས་པ་ནི་གླེང་གཞི་ལྟག་ཏུ་བོར་ནས་དེའི་ཚེ་བཅོམ་ལྡན་འདས་ཞེས་བྱ་བ་ནས། འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བའི་བར་གྱིས་བསྟན་ཏོ། །རྒྱས་པ་ནི་དེ་ལྟར་ཞེས་བྱ་བ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་བྱ་བའི་བར་གྱིས་བསྟན་ཏོ། །མདོ་ལས་ཀྱང་སེམས་བསྐྱེད་པའི་མཚན་ཉིད་འབའ་ཞིག་བསྟན་པ་མ་ཡིན་གྱི། །འོན་ཀྱང་བདག་དང་གཞན་གྱི་དོན་གྱི་ཐབས་ཀྱང་བསྟན་པ་ཡིན་ནོ། །དེ་ལ་རང་གི་དོན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གཞན་གྱི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ནོ། །དེ་དག་གི་ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྦྱོར་བ་སྟེ། དེ་མེད་པར་དེ་དག་མི་འགྲུབ་པའི་ཕྱིར་རོ། །དེ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཉིད་མདོ་དང་རྒྱས་པའི་སྒོ་ནས་བསྟན་ཏོ། །གཞན་གྱི་དོན་ཡང་གཞན་གྱི་དོན་ཉིད་དུ་མདོ་དང་རྒྱས་པའི་སྒོ་ནས་བསྟན་ཏེ། གཞན་གྱི་དོན་བསྡུས་པ་ནི་གཞན་ཡང་ཞེས་བྱ་བ་ནས། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །གཞན་གྱི་དོན་རྒྱས་པ་ནི་སེར་སྣ་ཅན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སེམས་བསྐྱེད་པའི་མཚན་ཉིད་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིད་ནི་འདིར་རིགས་ལ་གྲགས་པའི་དོན་ཏོ། །དེ་ལྟར་སེམས་བསྐྱེད་པའི་མཚན་ཉིད་མདོ་བཞིན་དུ་བརྗོད་ནས། རབ་ཏུ་དབྱེ་བ། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་སོ། །དེ་ཡང་རྡོ་རྗེ་རི་སྨན་


DTG088_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་གསུམ་ལ་གསུམ་པའི་ཚིག་བསྟན་ཏོ། །བཤེས་གཉེན་དང༌། ཡིད་བཞིན་ནོར་བུ་ཉི་མ་གླུ་ཞེས་བྱ་བ་བཞི་ལ་གསུམ་པའི་མང་པོའི་ཚིག་བསྟན་ཏོ། །འདྲ་བ་ཞེས་བྱ་བ་ཁོང་ནས་དབྱུང་སྟེ། ཚིག་དྲུག་གི་མཐར་གསུམ་པའི་སྦྱོར་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། དེ་ཡང་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཏེ། འདི་ལྟར་ས་དང༌། གསེར་དང༌། ཟླ་བ་ལ་སོགས་པ་དང་འདྲ་སྟེ། འདིར་ཚིགས་སུ་བཅད་པ་ནི། བསམ་པ་སྦྱོར་དང་ལྷག་བསམ་དང༌། །ཕ་རོལ་ཕྱིན་དྲུག་ཚད་མེད་དག །མངོན་པར་ཤེས་དང་བསྡུ་དངོས་དང༌། སོ་སོ་རིག་སྟོན་ཚོགས་དག་དང། །བྱང་ཆུབ་ཕྱོགས་མཐུན་ཞི་གནས་སྩོགས། །གཟུངས་སོགས་ཆོས་ཀྱི་མདོ་བཤད་དང༌། །བགྲོད་གཅིག་ལམ་དང་ཐབས་མཁས་པའོ། །ཞེས་བཤད་དོ། །དང་པོའི་སེམས་བསྐྱེད་པ་ལས་གཞན་པ་ནི་གྲོགས་འདི་དག་དང་གོ་རིམས་བཞིན་དུ་ལྡན་པ་ཡིན་ཏེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་མི་ཟད་པ་བརྒྱད་ཅུ་གསུངས་ཏེ། དེ་ཡང་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱིས་འགྲེལ་ཏོ་ཞེས་མཁས་པས་བཤད་དོ། །དེ་ལྟར་ནི་དང་པོའི་སེམས་བསྐྱེད་པ་མི་ཟད་པ་ནི་སེམས་བསྐྱེད་པ་མི་ཟད་པ་ཞེས་བརྗོད་དོ། །ལྷག་མའི་སེམས་བསྐྱེད་པ་མི་ཟད་པ་ནི་གཅིག་བུའི་མ་ཡིན་ཏེ། འོན་ཀྱང་བསམ་པ་དང་སྦྱོར་བ་ལ་སོགས་པའི་གྲོགས་དང་བཅས་པ་མི་ཟད་པ་ཞེས་བརྗོད་དོ། །དུས་མངའ་དུས་མཚོ་དུས་ལག་པ། །སུམ་ཅུ་རྩ་བདུན་ལག་རྐང་མཚོ། །བཅུ་ཚན་གཉིས་པའི་ཐ་དད་ཀྱིས། །མི་ཟད་བརྒྱ་ཅུ་དེ་དག་ཡིན། །དེ་ལ་སེམས་བསྐྱེད་པ་དང་པོ་ནི་ས་དང་འདྲ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དེའི་ཚོགས་འཕེལ་བའི་རྟེན་དུ་གྱུར་བའི་ཕྱིར་རོ། །དེ་ཡང་གཞན་ཡང་ཞེས་བྱ་བ་ནས། གཞག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་རིགས་ལ་གནས་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་གཞན་གྱི་དོན་ཆེན་པོ་འདོད་པའོ། །དེ་ཉིད་སྤྱིའི་མཚན་ཉིད་དེ་དང་པོ་གྲོགས་མེད་པའི་


DTG088_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དོ། །ལྷག་མ་ནི་གྲོགས་དང་བཅས་པའི་མཚན་ཉིད་དོ། །དེ་དག་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་བྱ་བས་ནི་སྤྱིའི་མཚན་ཉིད་བསྟན་ཏོ། །བསམ་པ་ལ་སོགས་པས་ནི་གྲོགས་བསྟན་ཏོ། །བསམ་པ་དང་ལྡན་པ་ནི་གསེར་བཟང་པོ་དང་འདྲ་སྟེ། འགྱུར་བ་ལ་མི་རྟེན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདི་ལྟར་ཞེས་བྱ་བ་ནི་ཇི་ལྟར་འཆད་པར་འགྱུར་བ་བཞིན་དུའོ། །གནས་ནས་ཞེས་བྱ་བ་ནི་དག་པ་དང༌། འདུན་པའི་མཚན་ཉིད་ཀྱི་བསམ་པས་གནས་པའོ། །མི་གནས་པའི་ཚུལ་གྱིས་ཞེས་བྱ་བ་མི་གནས་པ་དང༌། གནས་པར་བྱེད་པ་དང་གནས་པའི་གཞི་མི་དམིགས་པས་སོ། །སྦྱོར་བ་དང་ལྡན་པ་ནི་ཟླ་བ་ཡར་གྱི་ངོ་ཚེས་པ་དང་འདྲ་སྟེ། དགེ་བའི་ཆོས་འཕེལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་བཤད་པའི་རིམ་པས་སོ། །གནས་པ་ཞེས་བྱ་བ་ནི་བསམས་ལ་གནས་ནས་སོ། །ཡར་གྱི་ངོ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་བཏང་སྙོམས་ཆེན་པོའི་བར་དུ་དཀར་པོའི་ཆོས་ཐམས་ཅད་ཀྱི་ཚོགས་སོ། །སྦྱོར་བ་ནི་གོམས་པའོ། །དེ་ཡང་སྐྱེ་བ་དང་འཕེལ་བ་སྟེ། ཡར་གྱི་ངོའི་ཟླ་བ་ཚེས་པ་བཞིན་ནོ། །ཁྱད་པར་རྟོགས་པར་བྱ་བའི་ཕྱིར་བསམ་པ་ནི་ལྷག་པའི་བསམ་པའོ། །དེ་དང་ལྡན་པ་ནི་མེ་དང་འདྲ་བ་སྟེ། དེ་ནས་དེ་ཤིང་གི་བྱེ་བྲག་གིས་མེ་བཞིན་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་རོ། །དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་ཆོས་ཁྱད་པར་ཅན་འདོད་པས་ལྷག་པའི་བསམ་པ་མཚོན་པ་ཡིན་ནོ། །དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སེམས་བསྐྱེད་པ་དྲུག་ཏུ་བརྗོད་པར་བྱ་སྟེ། དེས་ན་དེ་དག་གི་མཚན་ཉིད་རྣམ་པ་ལྔར་བརྗོད་དེ། རིགས་ཉིད་དང༌། སྨོན་ལམ་ཉིད་དང༌། བསམ་པ་ཉིད་དང༌། དངོས་པོ་ཉིད་དང༌། རང་གི་ངོ་བོ་ཉིད་དོ། །དེ་ལ་རིགས་ནི་ཆོས་ཉིད་དེ། བྱང་ཆུབ་སེམས་དཔའ་གང་ཆོས་ཉིད་གང་ལ་གནས་ནས་བྱང་ཆུབ་ཀྱི་སེམས་ལ་གནས་ཏེ། སྙིང་རྗེ་སྔོན་དུ་འགྲོ་བའི་སེམས་ཀྱིས་དངོས་པོ་ཐམས་ཅད་ཡོངས་


DTG088_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏོང་བའོ། །དེ་བཞིན་དུ་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་བསྲུང་བ་དང༌། དེ་བཞིན་དུ་གནོད་པར་བྱེད་པ་ཐམས་ཅད་ལ་ཇི་མི་སྙམ་པ་དང༌། སྡུག་བསྔལ་དང་དུ་ལེན་པ་དང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །དེ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་དགེ་བའི་ཆོས་ཐམས་ཅད་ལ་སྒྲུབ་པར་སྤྲོ་བ་སྟེ། གོ་རིམས་ཇི་ལྟ་བ་བཞིན་དུ་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ལུས་དང༌། ངག་དང་ཡིད་ཀྱི་ལས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མནན་ཏེ། སེམས་རྣམ་པ་ཐམས་ཅད་དུ་གནས་པ་དང༌། རྣམ་པ་ཐམས་ཅད་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་དེ་དག་ནི་གོ་རིམས་བཞིན་དུ་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྦྱིན་པ་དང་ལྡན་པ་ནི་གཏེར་ཆེན་པོ་བཞིན་ཏེ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པ་དང༌། མི་ཟད་པའི་ཕྱིར་རོ། །དེ་ཡང་སེར་སྣ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་ཁུངས་ལྟ་བུ་སྟེ། དེ་ལས་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་ཕྱིར་རོ། །དེ་ཡང་ཚུལ་ཁྲིམས་འཆལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིན་པོ་ཆེའི་འབྱུང་ཁུངས་ནི་རིན་པོ་ཆེ་འབྱུང་བའི་རི་ལ་སོགས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྒྱ་མཚོ་དང་འདྲ་སྟེ། ཉམ་ང་བ་འབྱུང་བ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ། །དེ་ཡང་གནོད་སེམས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྡོ་རྗེ་དང་འདྲ་བ་སྟེ་མི་ཤིགས་པ་ཉིད་ཀྱིས་སྲ་བའི་ཕྱིར་རོ། །དེ་ཡང་ལེ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རིའི་རྒྱལ་པོ་དང་འདྲ་སྟེ། གཡེང་བས་མི་གཡོ་བའི་ཕྱིར་རོ། །དེ་ཡང་རྣམ་པར་གཡེང་བའི་སེམས་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་སྨན་གྱི་རྒྱལ་པོ་ལྟ་བུ་སྟེ། སྒྲིབ་པ་ཐམས་ཅད་ཀྱི་ནད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །དེ་ཡང་ཤེས་རབ་འཆལ་


DTG088_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ཚད་མེད་པ་བཞི་དང་ལྡན་པ་ནི་མཛའ་བོ་ཆེན་པོ་དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་རྣམས་ཡལ་བར་མི་འདོར་བའི་ཕྱིར་རོ། །ཚད་མེད་པ་བཞི་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པའི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དག་སྟེ། གོ་རིམས་བཞིན་དུ་དེ་དག་བདེ་བ་སྐྱེད་པ་དང༌། སྡུག་བསྔལ་བསལ་བ་དང༌། བདེ་བ་ལ་གནས་པ་དང༌། ཉོན་མོངས་པའི་གཉེན་པོ་དང་ལྡན་པའི་བསམ་པས་ཏིང་ངེ་འཛིན་བསྐྱེད་པ་སྟེ། དེ་ཡང་དགེ་བའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ཞེས་བྱ་བ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་ཞེས་བྱ་བའི་བར་གྱིས་གསུངས་སོ། །འདིར་ཡང་སེམས་ཅན་ཐམས་ཅད་ལ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རོ། །དེ་ནི་གོང་དང་འོག་ཏུ་ཡང་སྦྱར་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཞེས་བྱ་བ་འདི་ནི་བཟོད་པར་འདོད་པ་ཞེས་བྱ་བ་འདིར་ཡང་སྦྱར་ཏེ། སེམས་ཅན་ལ་ལྟོས་པ་ཞེས་བྱ་བ་ནི་སེམས་ཅན་ལ་རྗེས་སུ་བརྩེ་བའི་ཕྱིར་རོ། །འདི་ནི་ཕྱི་མར་ཡང་སྦྱར་བར་བྱའོ། །དེ་ལ་འདིར་ཚིག་གསུམ་གྱིས་ནི་ཚད་མེད་པ་རྣམས་བསྟན་ལ། ལྷག་མ་རྣམས་ཀྱིས་ནི་དེའི་འབྲས་བུའོ། །མངོན་པར་ཤེས་པ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་མོས་པ་བཞིན་དེའི་འབྲས་བུ་འབྱོར་བའི་ཕྱིར་རོ། །དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་བར་འདོད་པ་ཞེས་བྱ་བ་ནས། གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་གྱིས་གསུངས་སོ། །འདིར་གནས་པར་འདོད་པ་ཞེས་བྱ་བ་ནི་ཚེ་རིང་བར་གནས་པར་འདོད་པའོ། །གང་དང་གང་གིས་ཞེས་བྱ་བ་ནི་མངོན་པར་ཤེས་པ་རྣམས་ཀྱིས་སོ། །བསྡུ་བའི་དངོས་པོ་དང་ལྡན་པ་ནི་ཉི་མ་དང་འདྲ་སྟེ། གདུལ་བྱའི་ལོ་ཐོག་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །དེ་ཡང་བསྡུ་བའི་དངོས་པོ་གོ་རིམས་བཞིན་དུ་བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིས་གསུངས་སོ། །སེམས་ཅན་རྣམས་བསྡུ་བ་ནི་སེམས་ཅན་རྣམས་ཡང་དག་པར་སྡུད་པས་


DTG088_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྡུ་བའོ། །དེའི་དངོས་པོ་ནི་ཐབས་ཏ། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་དག་གོ །དེ་ལ་གཙོ་བོ་ནི་སྙན་པར་སྨྲ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པའོ། །མི་ཟད་པར་བྱེད་པར་འདོད་པས་ཞེས་བྱ་བས་ནི་སེམས་ཅན་གྱི་དོན་སྤྱོད་པས་སོ། །སྟོན་པས་ཞེས་བྱ་བ་ནི་དོན་མཐུན་པའོ། །སོ་སོ་ཡང་དག་པར་རིག་པ་དང་ལྡན་པ་ནི་དྲི་ཟའི་དབྱངས་སྙན་པ་ལྟ་བུ་སྟེ། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པ་ཡིན་པའི་ཕྱིར་རོ། །དེ་ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་གྱིས་གསུངས་ཏེ། འདི་ལྟར་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མངོན་སུམ་དུ་ཐོགས་པ་མེད་པར་ཤེས་པ་ནི་ཡང་དག་པར་རིག་པའོ། །མ་ལུས་པར་ཡང་དག་པར་རིག་པ་ནི་སོ་སོ་ཡང་དག་པར་རིག་པའོ། །དེ་ཡང་དམིགས་པའི་དབྱེ་བས་རྣམ་པ་བཞི་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་ཆོས་ནི་ཆོས་ཐམས་ཅད་ཀྱི་རྣམ་གྲངས་སོ། །དོན་ནི་དེ་དག་གི་མཚན་ཉིད་དོ། །ངེས་པའི་ཚིག་ནི་དེ་དག་གི་ངེས་པའི་ཚིག་གོ །སྤོབས་པ་ནི་དེ་དག་གི་རྣམ་པར་དབྱེ་བའོ། །ཆོས་འདི་ཐམས་ཅད་ནི་གཉིས་ཏེ། ཆོས་དང་ཆོས་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །དེ་ལ་ཆོས་ཉིད་ནི་སྟོང་པ་ཉིད་དེའི་དབང་དུ་བྱས་ནས། ནང་སྟོང་པ་ཉིད་ལ་སོགས་པ་ནས་ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་གསུངས་སོ། །འདིར་ཡང་སློབ་པར་འདོད་པ་ཞེས་བྱ་བ་ནི་ཐོགས་པ་མེད་པའི་ཡེ་ཤེས་འདོད་པས་སོ། །འདི་ཉིད་འདིའི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་དཔེ་བསྟན་ཏེ། ཇི་ལྟར་འདི་ལ་རྣམ་པར་དབྱེ་བས་བསླབ་པར་བྱ་བ་དེ་བཞིན་དུ་ཆོས་དང་དོན་དང་ངེས་པའི་ཚིག་ལ་ཡང་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཆོས་སོ་སོ་ཡང་དག་པར་རིག་པའོ། །འདིའི་མཚན་ཉིད་ནི་མཚན་ཉིད་བཅུ་གཅིག་ལས་ཡང་དག་པར་འདས་པ་སྟེ། འདི་ལྟ་སྟེ།


DTG088_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བའི་མཚན་ཉིད་ལས་ཡང་དག་པར་འདས་པ་དང༌། འཛིན་པའི་མཚན་ཉིད་ལས་ཡང་དག་པར་འདས་པ་དང༌། དངོས་པོའི་མཚན་ཉིད་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ལ་སོགས་པ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །དེ་བཞིན་ཉིད་ནི་རྟག་ཏུ་དེ་བཞིན་པས་ཏེ་འགྱུར་བ་མེད་པའི་ཕྱིར་རོ། །ཡང་དག་པ་ནི་དེ་བཞིན་ཉིད་དོ། །དེའི་མཐའ་ནི་རྩེ་མོ་སྟེ། དེ་ལས་ལྷག་པའི་དེ་ཁོ་ན་ཉིད་ཡོད་པ་མ་ཡིན་པས་ཡང་དག་པའི་མཐའ་ཞེས་བྱ་བ་ལ་སོགས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །ཆོས་མཐའ་ཡས་པ་དེ་དག་ནི་མཐའ་ཡས་པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞིས་བསྡུས་སོ། །རྒྱ་ཆེར་ནི་ཆོས་མངོན་པའི་བསྟན་བཅོས་ལས་རྟོགས་པར་བྱའོ། །དེ་ཡང་དཔེར་བརྗོད་པ་ཙམ་ཞིག་ཡིན་ཏེ། གཞན་ཡང་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །འདི་ཡང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། རྡུལ་ཕྲ་རབ་མང་པོས་ཤེས་ཤིང་རྟོགས་པའི་ཕྱིར་རོ། །རྟོན་པ་དང་ལྡན་ནི་རྒྱལ་པོ་ལྟ་བུ་སྟེ། ཆུད་མི་ཟ་བའི་རྒྱུ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་རྒྱལ་པོའི་ལྕགས་ཀྱུས་སྐྱེས་བུ་དག་དག་ལ་ལོག་པར་མི་གཏོང་སྟེ། རྟོན་པའི་ལྕགས་ཀྱུས་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲའོ། །དེ་ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་དང་དྲིས་པ་དང་ལན་གྱི་ཚིག་གཉིས་ཀྱིས་གསུངས་སོ། །དེ་ལྟར་ཤེས་པ་ཞེས་བྱ་བ་ནི་དེ་ཉིད་ཤེས་པ་སྟེ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མ་ཡིན་ཏེ། དེས་ན་ཕལ་པའི་སྐད་དུ་ཆོས་སྟོན་ཀྱང་གུས་པར་ཉན་པར་བྱེད་དོ། །གཞན་ཡང་ཞེས་བྱ་བའི་ཚིག་གཉིས་པ་ལ། ཐབས་ལ་མཁས་པ་སྦྱིན་པར་བྱ་བ་དང༌། སྦྱིན་པ་པོ་ལ་སོགས་པ་མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ནི་རིགས་པས་གྲུབ་པ་སྟེ། རིགས་པས་མཚན་མ་དང་ལྡན་པའོ། །དེས་ནི་ཆོས་ལ་རྟོན་གྱི། གང་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་ནོ་ཞེས་སྨྲས་པའི་གང་ཟག་ལ་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཆོག་ཏུ་ཚད་མར་གྱུར་པ་ཡིན་ཏེ། དེས་ན་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན་གྱི་མདོ་སྡེ་ལ་ནི་


DTG088_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །བསྒོམས་པ་ལས་བྱུང་བའི་ཤེས་པ་ནི་ཡེ་ཤེས་སོ། །ཐོས་པ་དང་བསམས་པ་ལས་བྱུང་བ་ནི་རྣམ་པར་ཤེས་པ་སྟེ། དེས་ན་ཡེ་ཤེས་ཀྱིས་གཟིགས་པ་གང་ཡིན་པ་དེ་རྣམ་པར་ཤེས་པས་མཐོང་བ་ནི་མ་ཡིན་ནོ། །དེའི་ཕྱིར་ཡེ་ཤེས་ལ་རྟོན་གྱི། རྣམ་པར་ཤེས་པ་ལ་ནི་མ་ཡིན་ནོ། །རྟོན་པ་འདི་གཉིས་ནི་ཞུས་པ་དང་ལན་གྱིས་གསུངས་ཏེ། དེ་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་ནི་ངེས་པར་མཛད་པ་སྟེ་དེ་ལ་རྟོན་པར་བྱའོ། །དེ་ནས་ཤཱ་རིའི་བུ་ནི་རྣམ་པར་ཤེས་པ་སྟེ། ཞུ་བ་པོ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཡིན་ཏེ། ལན་བཀའ་སྩལ་བ་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཀྱི་གནས་ཡིན་པའི་ཕྱིར་རོ། །དེ་ཡང་གཞན་ཡང་ཞེས་བྱ་བ་ཚིག་དགུས་གསུངས་ཏེ། དེ་ལ་ཚིག་བདུན་གྱིས་ནི་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཀྱི་ཕུང་པོ་ཆེན་པོ་བསྟན་ཏེ། དེ་གཉིས་མེད་པར་ནི་དེ་ལྟ་བུའི་མངོན་པར་ཤེས་པ་མི་སྲིད་པའི་ཕྱིར་རོ། །ཚིག་བརྒྱད་པས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བསྟན་ཏེ། གསུམ་པོ་དེས་ནི་བསོད་ནམས་བསྟན་ཏོ། །དགུ་པས་ནི་ཡེ་ཤེས་ཀྱི་ཚོགས་བསྟན་ཏོ། །བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་ནི་ལམ་པོ་ཆེ་ལྟ་བུ་སྟེ། འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར་རོ། །དེ་ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིགས་གསུམ་གྱིས་གསུངས་ཏེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་མཚན་ཉིད་དོ། །གཞན་ཐམས་ཅད་ནི་དེའི་འབྲས་བུར་བསྟན་ཏོ། །ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་ཐེག་པ་ལྟ་བུ་སྟེ། བདེ་བླག་ཏུ་ཁྱེར་བའི་ཕྱིར་རོ། །དེ་ཡང་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ་འདས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་ཞིང་བལྟ་བར་འདོད་པའི་བར་གྱེས་གསུངས་སོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་དོ། །གཞན་ཐམས་ཅད་ནི་དེའི་འབྲས་བུའོ། །འདི་ལ་ཆུ་ཡོད་པས་ན་ཆུ་སྟེ། ལྡན་པའི་དོན་ལ་ཨ་རྐྱེན་དུ་བྱའོ། །བཀོད་མ་ཡང་ཡིན་ལ་ཆུ་ཡང་ཡིན་པས་བཀོད་མའི་ཆུའོ། །


DTG088_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མ་ལྟ་བུ་སྟེ། ཆུ་སྐྱེ་ཞིང་མི་ཟད་པར་འཛིན་པ་དང་ཆོས་དང་མཐུན་པར་ཐོས་པ་དང་མ་ཐོས་པའི་ཆོས་དང་དོན་འཛིན་ཅིང་འབྱིན་པའི་ཕྱིར་རོ། །དེ་ཡང་ཤར་ཕྱོགས་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཆོས་བཤད་པ་དང་ལྡན་པ་ནི་ཀུན་ཏུ་དགའ་བའི་སྒྲ་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙན་པ་ཐོས་པར་བྱེད་པའི་ཕྱིར་རོ། །དེ་ཡང་ཤར་ཕྱོགས་ཞེས་བྱ་བ་ལ་སོགས་པའི་ཕྱོགས་བཅུའི་བསྟན་པ་དང་བཤད་པའི་ཚིག་གཉིས་གསུངས་པས་ནི་ཆོས་ཀྱི་མདོ་བཞི་བསྟན་ཏོ། །འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་མདོ་བཞི་བསྟན་པའོ། །ཆོས་ཀྱི་མདོ་བཞི་ནི་འདུ་བྱེད་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ནི་སྡུག་བསྔལ་བ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བའོ། །ཆུ་བོ་ཞེས་བྱ་བ་ནི་ཆུ་རྒྱུན་ནོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི་ཀླུང་གི་རྒྱུན་དང་འདྲ་སྟེ། མི་སྐྱེ་པའི་ཆོས་ལ་བཟོད་པ་ཐོབ་ན་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །བགྲོད་པ་གཅིག་པ་ཉིད་ནི་དེར་གཏོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་བྱེད་པ་ཐ་མི་དད་པའི་ཕྱིར་རོ། །དེ་ཡང་ཤར་ལ་སོགས་པའི་ཕྱོགས་བཅུ་དག་ཏུ་ལོང་བ་དང༌། འོན་པ་ལ་སོགས་པའི་ཚིག་གིས་གསུངས་སོ། །འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བགྲོད་པ་གཅིག་པའི་ལམ་གྱི་མཚན་ཉིད་དོ། །གཞན་ཐམས་ཅད་ནི་དེའི་འབྲས་བུའོ། །ཐབས་ལ་མཁས་པ་དང་ལྡན་པ་ནི་སྤྲིན་ལྟ་བུ་སྟེ་ཇི་ལྟར་སྣོད་ཀྱི་འཇིག་རྟེན་གྱི་འབྱོར་པ་ཐམས་ཅད་སྤྲིན་ལས་བྱུང་བ་ལྟར། །དགའ་ལྡན་གྱི་གནས་ཀྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ། བ་རྣམ་པ་དེ་ལ་རག་ལས་པའི་ཕྱིར་རོ། །དེ་ཡང་དེ་བཞིན་གཤེགས་པའི་སྤྱོད་ལམ་ཞེས་བྱ་བ་ནས་བརྩམས་པ་ནས། འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་དག་གིས་ནི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་བསྟན་ཏོ། །ད་ནི་གདམས་ངག་བརྗོད་པར་བྱ་སྟེ། ཁོང་


DTG088_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆུད་པར་བྱ་བའི་ཕྱིར་བརྗོད་པ་ནི་གདམས་ངག་སྟེ། ཡང་དག་པར་རྫོགས་པའི་དོན་གྱི་མན་ངག་ཉེ་བར་གདམས་པའོ། །དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་པ་བཅུ་སྟེ། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང། །ལམ་ནེ་ཡོངས་སུ་འཛིན་པ་དང༌། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང༌། །བསྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །སྒྲུབ་པ་ནི་སྤྱོད་པའོ། །གང་ལ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྟེ། སྐབས་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་འདི་སྐད་དུ་ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནས། དེ་ལྟར་སྤྱོད་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་མན་ཆད་ཀྱི་ནི་ཕན་ཡོན་བསྟན་ཏེ། དེ་ཡང་སངས་རྒྱས་ཀྱི་ཆོས་སྦྱིན་པར་བྱེད་པ་ཞེས་བྱ་བའི་བར་གྱིས་ཞུས་པ་དང་ལན་གྱིས་གསུངས་སོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། རྣམ་པར་གཡེང་བའི་རྣམ་པར་རྟོག་པ་བཅུའི་གཉེན་པོའོ། །དེ་དག་ཀྱང་གང་དག་ཡིན་ཞེ་ན། འདིར་ཚིགས་སུ་བཅད་པ་ནི། དངོས་པོ་མེད་དང་དངོས་པོ་དང༌། །སྒྲོ་འདོགས་པ་དང་སྐུར་འདེབས་དང༌། །གཅིག་པ་ཉིད་དང་ཐ་དད་དང༌། །ངོ་བོ་ཉིད་དང་ཁྱད་པར་དང༌། །མིང་ནི་ཇི་བཞིན་དོན་དང་ནི། །དོན་ནི་ཇི་བཞིན་མིང་ལ་ཞེ་ན། །རྣམ་པར་གཡེང་བའི་རྣམ་རྟོག་གང༌། །དེ་ནི་རྣམ་པ་བཅུར་བཤད་དོ། །དེ་ལ་དངོས་པོ་མེད་པའི་རྣམ་པར་རྟོག་པའི་གཉེན་པོར་ནི་བྱང་ཆུབ་སེམས་དཔའ་ཉིད་ཡོད་བཞིན་དུ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཉིད་ནི་ཆོས་ཉིད་ཀྱི་ཚུལ་དུ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །དངོས་པོའི་རྣམ་པར་རྟོག་པའི་གཉེན་པོར་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གསུངས། ཉེ་བར་མི་དམིགས་པའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་གང་ཟག་དང་ཆོས་ཀྱི་དངོས་པོ་བཀག་པའི་ཕྱིར་རོ། །གལ་ཏེ་གཟུགས་ལ་སོགས་པའི་སྟོང་པ་ཉིད་ཆོས་ཉིད་ཡིན་ན། དེ་ལྟ་ན་ནི་


DTG088_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་སོགས་པ་ཡང་ཡོད་པར་འགྱུར་བས། །དེས་ན་སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའ་ལ་སོགས་པ་ནི་སྒྲའི་བརྗོད་པར་བྱ་བའོ། །རང་བཞིན་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་རང་བཞིན་ཏེ། དེ་ནི་དེས་སྟོང་པ་སྟེ། དེས་ན་དེ་དམིགས་སུ་མེད་དོ། །དེ་ལྟར་ན་ནི་མེད་ན་སྟོང་པ་ཉིད་ཀྱང་མེད་པར་འགྱུར་བས་སྐུར་བ་འདེབས་པ་འདིའི་གཉེན་པོར་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཡང་ངོ་བོ་ཉིད་ནི་རྣམ་པ་གསུམ་སྟེ། ཆོས་ཐམས་ཅད་ནི་ཀུན་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའོ། །ཇི་ལྟར་སྣང་བ་བཞིན་དུ་ཡོད་པ་མ་ཡིན་པ་ནི་ཀུན་ཏུ་བརྟགས་པའོ། །གང་རང་བཞིན་མེད་ཀྱང་སྣང་བའི་ཚུལ་དུ་ཡོད་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་གཞན་གྱི་དབང་ངོ༌། །དང་པོས་གཉིས་པ་སྟོང་ཞིང་བྲལ་བ་དེ་ནི་ཡོངས་སུ་གྲུབ་པ་སྟེ། རྟག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདི་ལ་ཡང༌། བཅོམ་ལྡན་འདས་ཀྱིས་གོ་རིམས་བཞིན་དུ་བརྟགས་པ་དང༌། རྣམ་པར་རྟོག་པ་དང༌། ཆོས་ཉིད་ཀྱིས་བསྟན་ཏོ། །དེ་ལྟར་ཡང་མཛད་པའི་སྐབས་ལས་སྟོན་པར་འགྱུར་ཏེ། ངོ་བོ་ཉིད་རྣམ་པ་གསུམ་སྟེ། བརྟགས་པའི་ངོ་བོ་དང༌། རྣམ་པར་རྟོག་པའི་ངོ་བོ་དང༌། ཆོས་ཉིད་ཀྱི་ངོ་བོ་ཞེས་བྱ་བ་ལ་སོགས་པའོ། །དེ་བས་ན་འདིའི་ཞེས་བྱ་བ་ནི་རྣམ་པར་བརྟགས་པའི་གཟུགས་སོ། །འདི་ཞེས་བྱ་བ་ནི་ཀུན་བརྟགས་པའི་གཟུགས་ཀྱིས་སྟོང་པའོ། །རང་བཞིན་ཞེས་བྱ་བ་ལ་ནི་དེ་ཉིད་ལ་རྟག་ཏུ་ཡོད་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །སྟོང་པ་ཉིད་ཅེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའོ། །གཟུགས་ཞེས་བྱ་བ་ནི་རྣམ་པར་བརྟགས་པའི་གཟུགས་ཏེ། དེས་སྟོང་པ་ཉིད་མ་ཡིན་པ་ནི་འདི་ལ་སྟོང་པ་ཉིད་དེ་རྟག་ཏུ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྦྱར་བར་བྱའོ། །གལ་ཏེ་དེ་དང་དེ་གཉིས་རང་བཞིན་གཅིག་པ་ཡིན་པ་དེའི་ཚེ། དེ་གཉིས་གཅིག་ཏུ་རྣམ་པར་རྟོག་པ་འདིའི་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་


DTG088_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། མཚན་ཉིད་ཀྱི་དབྱེ་བས་གཅིག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཅིག་པ་མ་ཡིན་ཏེ། ཐ་དད་པ་ཉིད་ཡིན་པ་དེའི་ཚེ་ནི་ཐ་དད་པ་ཉིད་དུ་རྣམ་པར་རྟོག་པ་འདིའི་གཉེན་པོར་གཟུགས་ནི་སྟོང་པ་ཉིད་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་མ་ཡིན་ནོ་ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ལས་ཆོས་ཉིད་ཀྱི་ངོ་བོ་གཞན་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཞེས་བྱ་བ་ནི་གཅིག་པ་ཉིད་དུའོ། །གང་གི་ཕྱིར་ཞེས་བྱ་བ་ནི་དྲི་བའོ། །ལན་དུ་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་གཟུགས་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་སོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྦྱར་རོ། །གཟུགས་ལ་སོགས་པའི་སྟོང་པ་ཉིད་དང༌། ཆོས་ཉིད་ཀྱི་གཟུགས་ནི་ཕན་ཚུན་གཅིག་པ་ཉིད་དེ། །མཚན་ཉིད་ཐ་དད་པ་མེད་དོ་ཞེས་བྱ་བར་དགོངས་སོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ལ་སོགས་པ་མེད་པ་གང་ཞེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་དང་འགག་པའི་ཚུལ་གྱིས་ངོ་བོ་ཉིད་ཡོད་པས་ཁྱད་པར་ཡོད་པར་འགྱུར་ཏེ། ངེས་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །དེས་ན་རེ་ཞིག་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པའི་གཉེན་པོར། རབ་འབྱོར་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིང་ནི་དོན་གྱིས་སྟོང་པའི་མིང་ཙམ་མོ། །ཁྱད་པར་གྱི་རྣམ་པར་རྟོག་པའི་གཉེན་པོར་ནི་ངོ་བོ་ཉིད་མི་སྐྱེ་མི་འགག །ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ལས་མིང་ཙམ་ཉིད་ཅེས་བྱ་བ་ག་ལས་ཞེས་པའོ། །འདི་ལྟར་གལ་ཏེ་མིང་གི་དངོས་པོ་ལ་མེད་པ་དེའི་ཚེ་ནི་དངོས་པོ་ལ་རག་ལས་པའི་མིང་གི་ཐ་སྙད་ཀྱང་མེད་པར་འགྱུར་རོ། །དེས་ན་མིང་ཇི་ལྟ་བ་བཞིན་དུ་དོན་ལ་རྣམ་པར་རྟོག་པའི་གཉེན་པོར་འདི་ལྟར་མིང་བཅོས་མ་ལས་ཆོས་དེ་དག་སོ་སོར་བརྟགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོས་མ་ཞེས་བྱ་བ་ནི་བརྡ་ཙམ་མོ། །ཆོས་སོ་སོ་ལ་ཞེས་བྱ་བ་ནི་ཆོས་དང་ཆོས་ལའོ། །བཅོས་མ་ཞེས་བྱ་བ་ནི་བརྡ་ལ་


DTG088_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའོ། །དེ་དག་ཅེས་བྱ་བ་ནི་ཆོས་སོ། །བརྟགས་པ་ཞེས་བྱ་བ་ནི་སྒྲོ་བཏགས་པ་སྟེ། དངོས་པོ་ལ་དེའི་དོན་མེད་པས་གློ་བུར་དུ་མིང་དུ་ཐ་སྙད་བཏགས་པ་སྟེ་ཡོད་པ་མ་ཡིན་ནོ། །འོ་ན་མིང་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་འགྱུར་ཏེ་མིང་ཡིན་པའི་ཕྱིར། སངས་རྒྱས་ཞེས་བྱ་བའི་ཚིག་བཞིན་ནོ་ཞེ་ན། དོན་ཇི་ལྟ་བ་བཞིན་དུ་མིང་ལ་ཞེན་པའི་རྣམ་པར་རྟོག་པའི་གཉེན་པོར་དེ་བྱང་ཆུབ་སེམས་དཔས་མིང་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མིང་ཐམས་ཅད་ཅེས་བྱ་བ་ནི་དངོས་པོ་ཐམས་ཅད་བརྗོད་པའོ། །མི་མཐོང་ཞེས་བྱ་བ་ནི་མི་དམིགས་པ་སྟེ། མིང་གི་དོན་དངོས་པོ་མེད་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བའི་ཚིག་གི་བརྡ་ཇི་ལྟ་བ་བཞིན་ལ་དངོས་པོ་མི་སྣང་བའི་སྒོ་ནས་དངོས་པོ་ལ་མི་སླུ་བ་ཡིན་གྱི། དངོས་པོ་སྣང་བའི་ཕྱིར་ནི་མ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་སྡུད་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནི་མདོ་སྡེ་པ་ལ་སོགས་པའི་དཔེ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་རྗོད་པར་བྱེད་པ་ཡང་ཡིན་ནོ། །གལ་ཏེ་ཤཱ་རིའི་བུ་འཛམ་བུའི་གླིང་ཞེས་བྱ་བ་ནས་སངས་རྒྱས་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་གྱིས་བསྒྲུབས་པའི་ཕན་ཡོན་ནོ། །ཕན་ཡོན་དང་བཅས་པའི་སྒྲུབ་པའི་གདམས་ངག་རྒྱ་ཆེར་བསྟན་ནོ། །ད་ནི་བདེན་པའི་གདམས་ངག་བརྗོད་པར་བྱ་སྟེ། འཕགས་པའི་བདེན་པ་བཞི་ནི་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མོ། །དེ་དག་ལ་བྱང་ཆུབ་སེམས་དཔའ་ཇི་ལྟར་ལྡན་པ་དང༌། རབ་ཏུ་ལྡན་པར་འགྱུར་བ་དེ་ལྟར་བདེན་པའི་གདམས་ངག་སྟོན་པར་མཛད་དེ། དེ་ལ་སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་ནས། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནས། ལྡན་པ་དང་མི་ལྡན་པ་ཞེས་བྱ་བར་ཡང་དག་པར་མི་མཐོང་ངོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་ལྟར་ན་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་ནི་སྡུག་བསྔལ་ཁོ་ན་ཤེས་པར་བྱ་བ་མ་ཡིན་གྱི། འོན་ཀྱང་འཕགས་པའི་བདེན་པ་བཞི་པོ་དག་ཀྱང་ངོ༌། །དེ་དག་གིས་ཀྱང་ཆོས་ཐམས་ཅད་ཡང་དག་པར་བསྡུས་ཏེ། དེས་ན་ཕུང་


DTG088_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། བདེན་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་རྣམས་ཀྱི་དབྱེ་བས་ཚོགས་ལྔར་བྱས་ཏེ། དེ་དག་གི་སྟོང་པ་ཉིད་དང༌། ནང་སྟོང་པ་ཉིད་ལ་སོགས་པ་ལ་ཡང་ལྡན་པ་དང་མི་ལྡན་པ་ཞེས་བརྗོད་པར་བྱའོ། །དེ་ཙམ་ཁོ་ན་ཡང་མ་ཡིན་གྱི། འོན་ཀྱང་གང་གི་ཚེ་དེ་དག་ལ་ལྡན་པ་དང་མི་ལྡན་པ་ཉིད་དུ་ཇི་ལྟར་ཡང་མི་མཐོང་བ་དེའི་ཚེ་ལྡན་པ་ཞེས་བརྗོད་པར་བྱ་བ་སྟེ། དེ་ནི་སྡུག་བསྔལ་གྱི་བདེན་པ་ལ་གདམས་པའོ། །ཀུན་འབྱུང་གི་བདེན་པའི་དབང་དུ་བྱས་ནས་དེ་ལ་གཟུགས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་ཤེས་པ་ཉིད་སྟོང་པའོ། །སྟོང་པ་ཉིད་རྣམ་པར་ཤེས་པའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལྟར་ན་ཀུན་འབྱུང་སྤང་བར་བྱའོ། །གང་གི་ཕྱིར་གཟུགས་ལ་སོགས་པ་དེ་ལས་འབྱུང་བ་མ་ཡིན་པ་དེའི་ཕྱིར་རྒྱུ་མ་ཡིན་ཏེ་དེས་ན་ཇི་ལྟར་ཀུན་འབྱུང་ཡིན། གང་གི་ཕྱིར་འགོག་པའི་ཆོས་ཅན་མ་ཡིན་པ་དེ་ཇི་ལྟར་སྤང་བར་བྱ་བ་ཡིན། ཇི་ལྟར་འདི་མ་སྤངས་པས་ནི་འགའ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་ལ། སྤངས་པས་ནི་འགའ་ཡང་རྣམ་པར་བྱང་བར་མི་འགྱུར་ན། འདི་ཇི་ལྟར་སྤང་བར་བྱ་བ་ཡིན། ཅི་སྟེ་སྡུག་བསྔལ་དང༌། ཀུན་འབྱུང་དག་དང་ལྡན་པ་ནི་ཀུན་ནས་ཉོན་མོངས་པ་ཡིན་ལ། མི་ལྡན་པ་ནི་རྣམ་པར་དག་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་དེས་གང་ཞིག་གང་དུ་ཡང་དག་པར་འདུ་ཞིང་ལྡན་པར་མ་མཐོང་བ་དེ་ནི་ཀུན་འབྱུང་བའི་བདེན་པ་ལ་གདམས་པའོ། འགོག་པའི་བདེན་པའི་དབང་དུ་བྱས་ནས། ཤཱ་རིའི་བུ་སྟོང་པ་ཉིད་ཅེས་བྱ་བ་ནས། ལྡན་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ། །དོན་ནི་འདི་ཡིན་ཏེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་ན། དེ་ལ་གང་གིས་འགོག་པ་མངོན་སུམ་དུ་བྱ། དེ་ལ་རེ་ཞིག་དེ་ཉིད་ནི་མ་ཡིན་ཏེ། སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་མི་སྐྱེ་མི་འགག་སྟེ། རྟག་པ་ཉིད་ཀྱི་ཕྱིར་རོ། །ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་ཏེ། འགྱུར་བ་མེད་པའི་


DTG088_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །བྲི་བར་མི་འགྱུར་འཕེལ་བར་མི་འགྱུར་ཏེ། ཁྱབ་པ་ཡིན་པའི་ཕྱིར་རོ། །འདས་པ་ལ་སོགས་པ་མེད་པ་ཡིན་ཏེ། རྟག་པ་ལ་སོགས་པའི་ཕྱིར་རོ། །དེས་ན་ཡང་སྔར་ཀུན་ནས་ཉོན་མོངས་པ་ལས་ཕྱིས་རྣམ་པར་བྱང་བ་མ་ཡིན་ནོ། །གལ་ཏེ་སྡུག་བསྔལ་དང༌། ཀུན་འབྱུང་དག་དེ་ལ་འགོག་པ་ཡིན་ནོ་ཞེ་ན། གང་ཡང་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱབ་པ་འདི་ལ་གཟུགས་ལ་སོགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེས་ན་སྡུག་བསྔལ་མེད་དོ། །ཀུན་འབྱུང་མེད་དོ་ཞེས་བྱ་བ་ནས་བྱང་ཆུབ་མེད་དོ་ཞེས་བྱ་བའི་བར་ནི་འགོག་པའི་བདེན་པ་ལ་གདམས་པའོ། །དེ་ལ་ལམ་གྱི་བདེན་པའི་དབང་དུ་བྱས་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་བརྩམས་ཏེ། གཞན་ཡང་ཞེས་བྱ་བའི་ཚིག་བཞིའི་བར་གྱིས་གསུངས་སོ། །དེ་ལྟར་ན་ལམ་བསྒོམ་པར་བྱ་བ་ནི་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང༌། ཀུན་འབྱུང་སྤང་བར་བྱ་བ་དང༌། འགོག་པ་མངོན་སུམ་དུ་བྱ་བ་དང༌། ལམ་བསྒོམ་པར་བྱ་བ་ནི་གང་ལ་སློབ་པ་དང་མི་སློབ་པའི་འབྲས་བུའི་ཆོས་རྣམས་ཡོད་པ་དེ་ནི་ལམ་ཡིན་ནོ། །དེས་ན་ལམ་འཁོར་དང་བཅས་པ་དེས་ནི་ཆོས་ཐམས་ཅད་ཡང་དག་པར་བསྡུས་པ་ཡིན་ནོ། །དེ་དག་མི་དམིགས་པ་དང༌། བདག་ལྡན་པ་དང༌། མི་ལྡན་པ་ཉིད་དུ་དམིགས་པ་སྟེ། དེ་ནི་སྦྱོར་བ་གཅིག་གོ །སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པ་ལ་ནི་སྟོང་པ་ཉིད་ལ་སོགས་པ་དག་གིས་ཏེ། རང་གི་ངོ་བོ་ཀུན་བརྟགས་པ་དག་གིས་མི་སྦྱོར་རོ། །སྟོང་པ་ཉིད་ལ་སོགས་པའི་རྣལ་འབྱོར་རྣམས་ལ་ཡང་དེའི་སྦྱོང་བའི་སྒྲས་ཀྱང་མི་སྦྱོར་རོ། །མི་སྦྱོར་མི་འབྱེད་ཅེས་བྱ་བ་ནི་ཀུན་བརྟགས་པའི་སྦྱོར་བའི་མཚན་ཉིད་མེད་པའི་ཕྱིར་མི་སྦྱོར་རོ། །རང་ཉིད་བརྗོད་དུ་མེད་ཅིང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱི་ཕྱིར་མི་འབྱེད་དོ་ཞེས་བྱ་བ་ནི་གཉིས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པ་ནི་གཟུགས་ལ་སོགས་པ་ལ་མི་སྦྱོར་ཏེ། དེ་ལ་དེའི་མཚན་ཉིད་མེད་པའི་ཕྱིར་རོ། །དེ་ཉིད་སྒོམ་པར་བྱེད་པ་ཡིན་པའི་ཕྱིར། འབྱེད་པར་མི་བྱེད་དོ་ཞེས་བྱ་བ་ནི་གསུམ་པའོ། །བཞི་པ་


DTG088_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྟོགས་པར་སླའོ། །འདི་ནི་ལམ་གྱི་བདེན་པ་ལ་གདམས་པའོ། །དཀོན་མཆོག་གསུམ་ལ་གདམས་བ་བཤད་པར་བྱ་སྟེ། དེ་ལ་སངས་རྒྱས་དཀོན་མཆོག་ལ་གདམས་པའི་དབང་དུ་བྱས་ནས། གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་གསུངས་སོ། །དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཉིད་དོ། །ཇི་སྐད་དུ། སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེས་ན་ཕུང་པོ་དང་སྐྱེ་མཆེད་རྣམས་ནི་དབྱེ་བ་མ་མཐོང་བས་དེ་ལ་ངེས་མི་སྦྱོར་རོ་ཞེས་བྱ་བ་ནི་སྦྱོར་བ་གཅིག་གོ །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལམ་འདིའི་འབྲས་བུར་གྱུར་པ་ཞེས་བྱ་བ་ནི་གཉིས་པའོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མི་སྦྱོར་རོ། །དེ་ཡང་སངས་རྒྱས་དང་བྱང་ཆུབ་དང་མི་སྦྱོར་ཏེ། གསུམ་པོ་དག་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སངས་རྒྱས་དཀོན་མཆོག་ལ་གདམས་པའོ། །ཆོས་དཀོན་མཆོག་གི་དབང་དུ་བྱས་ཏེ། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། འཆལ་པའི་ཤེས་རབ་ཀྱི་སེམས་མི་བསྐྱེད་དོ་ཞེས་བྱ་བའི་བར་གྱི་ཚིག་མང་པོས་གསུངས་སོ། །འདི་ལྟར་ཆོས་ནི་ལམ་གྱི་འབྲས་བུ་དང་ལམ་མོ། །ལམ་གྱི་འབྲས་བུ་ནི་བྱང་ཆུབ་སྟེ། དེ་ཡང་སངས་རྒྱས་དཀོན་མཆོག་ཉིད་དོ། །ལྷག་མ་ནི་འདིར་ལམ་གྱི་བདེན་པ་སྟེ། ཆོས་དཀོན་མཆོག་གོ །དེ་ཡང་སྔ་མ་བཞིན་དུ་བདེན་པ་ངེས་པ་སྔོན་དུ་འགྲོ་བའོ། །དེ་ལ་གང་ལས་གཟུགས་ལ་སོགས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །དེས་ན་ཀུན་འབྱུང་མི་དམིགས་སོ། །གང་གི་ཕྱིར་དངོས་པོ་ཡོད་ཅེས་བྱ་བར་ཡང་མི་སྦྱོར་ཏེ། དེས་ན་ཀུན་འབྱུང་བ་སྤང་བར་བྱ་ཞེས་བྱ་བ་མི་དམིགས་སོ། །གཟུགས་ལ་སོགས་པ་བརྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བ་ལ་སོགས་པར་མི་སྦྱོར་ཏེ། སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་དང་དེ་ལས་བཟློག་པ་ཡང་མི་དམིགས་སོ། །གཟུགས་ལ་སོགས་པ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། དེ་ལས་བཟློག་པ་ཡང་མི་དམིགས་སོ། །སྤྱོད་


DTG088_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་དང་མི་སྤྱོད་ཅེས་བྱ་བ་དང༌། སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བ་དང༌། སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་མི་དམིགས་སོ། །གང་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་སྦྱོར་བ་གཅིག་གོ ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དོན་དུ་མི་སྤྱོད་ཅིང་ཆེད་དུ་མི་དམིགས་སོ་ཞེས་བྱ་བ་ནི་གཉིས་པའོ། །མངོན་པར་ཤེས་པའི་ལས་རྣམས་ཀྱི་ཕྱོགས་བཅུ་དག་ཏུ་སེམས་ཅན་གྱི་དོན་བྱ་བ་ལ་བདག་ཉིད་ལ་སོགས་པ་མི་དམིགས་སོ་ཞེས་བྱ་བ་ནི་གསུམ་པའོ། །ཆོས་གང་ལ་ཡང་འདུ་བ་དང་བྲལ་བ་མི་མཐོང་ངོ་ཞེས་བྱ་བ་ནི་བཞི་པའོ། །བདག་ཉིད་མངོན་པར་རྫོགས་པར་བྱང་ཆུབ་བར་མྱུར་བ་དང༌། མི་མྱུར་བ་མ་མཐོང་ངོ་ཞེས་བྱ་བ་ནི་ལྔ་པའོ། །ཆོས་ཀྱི་དབྱིངས་མ་གཏོགས་པར་ཅུང་ཟད་མི་མཐོང་ངོ་ཞེས་བྱ་བ་ནི་དྲུག་པའོ། །ཁམས་བཅོ་བརྒྱད་དང་སྟོང་པ་ཉིད་དུ་སྦྱོར་བར་མི་བྱེད་ཅིང༌། དེ་ཡང་དེ་དག་དང་མི་སྦྱོར་རོ་ཞེས་བྱ་བ་ནི་བདུན་པའོ། །དེ་ལྟར་སྦྱོར་བ་ན་ཡང་ཕན་ཡོན་མང་པོ་ཐོབ་པ་ཡིན་ཏེ། དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་བརྒྱད་པའོ། །འདིར་ཡང་སྟོང་པ་ཉིད་ལ་སྦྱོར་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའོ། །དེ་ཡང་སྦྱོར་བ་ཐམས་ཅད་ཀྱི་ནང་ནས་མཆོག་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནས་དཀོན་མཆོག་ཡིན་ཏེ། ལམ་རིན་པོ་ཆེ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་དཀོན་མཆོག་ལ་གདམས་པའོ། །དགེ་འདུན་དཀོན་མཆོག་གི་དབང་དུ་བྱས་ནས། དེ་སྐད་ཅེས་བཀའ་སྩལ་པ་ཞེས་བྱ་བ་ནས། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་ལ་བསླབ་པར་བྱ་ཞེས་བྱ་བའི་བར་གྱིས་གསུངས་སོ། །འདི་ཡང་དགེ་འདུན་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་བྱའོ། །དེ་ཡང་གང་ཟག་ཉི་ཤུ་སྟེ། དེ་དག་ཉན་ཐོས་ཀྱི་གང་ཟག་དང་མིང་ཙམ་མཐུན་པའི་སྒོ་ནས་དགེ་འདུན་དུ་ཡིད་ཆེས་པར་བྱ་བའི་དོན་དུའོ། །དེ་དག་ལས་འདི་དག་འོང་བ་དང་འགྲོ་བའི་མཚན་ཉིད་ཀྱི་དབྱེ་བས་ཁྱད་པར་དུ་བསྟན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པས་


DTG088_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་དང་པོ་དེ་དག་འདིར་འོངས་པ་ནི་སྐྱེས་སོ་ཞེས་བྱ་བའི་བར་གྱིས་བཤད་དོ། །དེའི་འོག་ཏུ་ཚིག་བཞིས་ནི་འགྲོ་བ་བཤད་དོ། །དེ་དག་ལས་གཉིས་ཀྱིས་ནི་དད་པའི་རྗེས་སུ་འབྲང་བའི་གང་ཟག་བསྟན་ཏེ། དད་པས་ལམ་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །ཅིག་ཤོས་གཉིས་ཀྱིས་ནི་ཆོས་ཀྱིས་རྗེས་སུ་འབྲང་བ་བསྟན་ཏེ། ཆོས་ནི་ཤེས་རབ་སྟེ། དེས་ལམ་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །དེས་ན་ཡོད་དོ་ཞེས་བྱ་བའི་ཚིག་གཅིག་གིས་མཐོང་བས་ཐོབ་པའི་མཚན་ཉིད་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བ་དེ་ཡང་ཡིད་ལ་མི་སེམས་ཏེ། དབང་པོ་རྣོན་པོ་ཐབས་ལ་མཁས་པ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དང་པོ་འདི་ཉེ་བར་དགོད་པ་ནི་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་དད་པས་མོས་པ་འདི་ཉིད་ཐབས་ལ་མཁས་པ་དང་བྲལ་བ་ཡིན་ནོ་ཞེས་མཚོན་པའི་དོན་དུའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་དང༌། ཉོན་མོངས་པ་ཅན་གྱིས་མི་ཤེས་པ་སྤངས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །དེ་མངོན་སུམ་དུ་བྱེད་པ་ནི་ཐོབ་པའོ། །དེ་མི་སེམས་པ་ནི་བདག་གིས་འདི་ཐོབ་པར་བྱ་བའོ་ཞེས་དེ་ལྟར་མི་དམིགས་པའི་ཕྱིར་རོ། །དད་པ་ལྷག་པ་ཉིད་ཀྱི་གྲོལ་བ་ནི་དད་པས་མོས་པའོ། །འདི་མན་ཆད་མཐོང་བས་ཐོབ་པ་བཤད་པར་བྱ་སྟེ། རིགས་ནས་རིགས་སུ་སྐྱེ་བའི་སྔོན་དུའོ། །མཐོང་བ་ནི་ཤེས་རབ་ཡིན་ལ་དེས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ནི་མཐོང་བས་ཐོབ་པ་ཞེས་བྱའོ། །དེའི་མཚན་ཉིད་ནི་སྔར་བསྟན་ཏེ། ཞར་ལ་ཡིན་པའི་ཕྱིར་རོ། །དེའི་དབྱེ་བ་ཡང་རྣམ་པ་དྲུག་སྟེ། དྲུག་ཉིད་ནི་ཡོད་དོ་ཞེས་བྱ་བ་ནས། ཚེ་གཅིག་གིས་ཐོགས་པ་ཞེས་བྱ་བས་དཔེར་བརྗོད་པར་གསུངས་སོ། །མཐོང་བས་ཐོབ་པ་ནི་སྔར་བསྟན་པ་སྟེ། དེ་ཉིད་ནི་བྱང་ཆུབ་ཀྱི་གཙོ་བོའི་རྒྱུ་ཡིན་པར་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། མཐོང་བས་ཐོབ་པ་ཉིད་ཀྱིས་དེ་དག་མྱུར་དུ་མཐར་ཕྱིན་པར་འགྱུར་བའི་ཕྱིར་རོ། །དེ་ལ་དང་པོ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དུ་བཞིས་མཚང་བའི་ཚིག་དང་པོས་བཤད་དོ། །གཞན་ཡང་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ཏུ་སྲིད་པ་ཐ་མར་གྱུར་པ་ནི་ཚིག་གཉིས་པས་བཤད་དོ། །ཚིག་གཞན་བཞིས་ནི་དགའ་ལྡན་ནས་


DTG088_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་ནི་གོ་རིམས་བཞིན་དུ་གང་དུ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་འགྲོ་བ་དང༌། གང་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཞག་པ་མེད་པ་དང༌། གང་དག་ཏུ་ཚེ་དཔག་ཏུ་མེད་པ་ཡོད་པ་དང༌། གང་དག་ཏུ་སངས་རྒྱས་དང་ཆོས་དང༌། དགེ་འདུན་གྱི་སྒྲ་མི་གྲག་པར་འགྲོ་བ་ཡིན་ནོ། །དེ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དེ་ཞེས་བྱ་བའི་བར་གྱིས་མིའི་རིགས་ནས་རིགས་སུ་སྐྱེ་བ་བསྟན་ཏོ། །གསོལ་བ་གདབ་པར་བྱའོ་ཞེས་བྱ་བ་འདིའི་བར་གྱིས་ནི་ལྷའི་རིགས་ནས་རིགས་སུ་སྐྱེ་བ་བསྟན་ཏོ། །དེ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བར་ཆད་གཅིག་པ་བསྟན་ཏེ། སྐྱེ་བ་གཅིག་གིས་བར་དུ་ཆོད་པ་ནི་བར་ཆད་གཅིག་པའོ། །བར་ཆད་ནི་མྱ་ངན་ལས་འདས་པའི་བར་དུ་གཅོད་པའོ། །དེ་ནས། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སེམས་ཅན་རྣམས་ཀྱི་དོན་བྱེད་པ་འདིའི་བར་གྱིས་ནི་བར་མ་དོར་མྱ་ངན་ལས་འདས་པ་བསྟན་ཏེ། དེ་ཉིད་དུ་ཞེས་བྱ་བ་ནི་འདིར་འོག་མིན་ཉིད་དུ་སྟེ། འཛམ་བུའི་གླིང་དུ་མ་ཡིན་ནོ། །དེས་ན་བར་མདོར་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་ཏོ། །དེ་ནས། དམ་པའི་ཆོས་གནས་པར་འགྱུར་རོ་ཞེས་བྱ་བ་འདིའི་བར་གྱིས་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་ཏོ། །བསྐལ་བ་ཞེས་བྱ་བ་ནི་འདིར་བར་གྱི་བསྐལ་བར་ཤེས་པར་བྱའོ། །དེའི་ཕྱོགས་གཅིག་ནི་བསྐལ་བ་ལས་ལྷག་པའོ། །དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་འོག་མིན་ནས་དགའ་ལྡན་དུ་དགའ་ལྡན་ནས་འཛམ་བུའི་གླིང་དུ་གཤེགས་ནས་ཁྱིམ་གྱི་གནས་ནས་ངེས་པར་བྱུང་སྟེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་མི་ཀྲུང་བཅས་ནས་དེ་མ་ཐག་ཏུ་གང་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་དེ་དག་གི་སེམས་བསྐྱེད་པར་བརྗོད་པར་བཞེད་དོ། །དེ་ལས་སྐྱེས་པ་ཉིད་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། སྐྱེས་ནས་མྱ་ངན་ལས་འདས་པ་ཡིན་ནོ། །དེ་ནས། མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་འདིའི་བར་གྱི་ནི་མངོན་པར་འདུ་བྱེད་པ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་ཏོ། །མངོན་པར་འདུ་བྱེད་པ་དང་བཅས་པའི་ཡོངས་


DTG088_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱ་ངན་ལས་འདས་པ་ནི་འདིར་སེམས་ཅན་གྱི་དོན་ལ་བརྩོན་པའོ། །དེ་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་འདིའི་བར་གྱི་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་ཏོ། །འདིར་ནི་རིགས་ཀྱི་ཁྱད་པར་ལས་འབད་པ་ཆུང་ངུས་ཆེས་མྱུར་བ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་ནས་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་འདིའི་བར་གྱིས་ནི་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་བསྟན་ཏོ། །དེ་ནས་ཡང༌། མངོན་པར་རྫོགས་པར་བྱང་ཆུབ་པོ་ཞེས་བྱ་བ་འདིའི་བར་གྱིས་ནི་འཕར་བ་བསྟན་ཏོ། །དེ་ནས་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་འདིའི་བར་གྱིས་ནི་ཕྱེད་དུ་འཕར་བ་བསྟན་ཏོ། །དེ་ནས་ཡང་མངོན་པར་རྫོགས་པར་བྱང་ཆུབ་བ་ཞེས་བྱ་བ་འདིའི་བར་གྱིས་ནི་གནས་སྐབས་ཐམས་ཅད་དུ་འཆི་འཕོ་བ་བསྟན་ཏོ། །དེ་ལྟར་ན་རྣམ་པ་གསུམ་དུ་བསྟན་ཏོ། །དེ་ནས་ཡང་སྐྱེས་པ་ཞེས་བྱ་བ་འདིའི་བར་གྱིས་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་བསྟན་ཏོ། །དེ་ནས་ཡང་སྐྱེས་པ་ཞེས་བྱ་བ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་བསྟན་ཏོ། །དེ་ནས། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་འདིའི་བར་གྱིས་ནི་མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ། །སྐྱེ་བ་ཐམས་ཅད་དུ་རྒྱུན་མི་འཆད་པར་ཚུལ་ཁྲིམས་ལ་སོགས་པའི་ཆོས་ལ་གོམས་པར་བྱས་པས་མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །དེ་ནས་ཡང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་འདིའི་བར་གྱི་ནི་ལུས་ཀྱིས་མངོན་སུམ་དུ་བྱེད་པ་བསྟན་ཏོ། །དེ་ནས་ཡང༌། རང་སངས་རྒྱས་རྣམ་པ་གཉིས་ཏེ། གཅིག་ནི་དེ་དང་ཆོས་མཐུན་པའི་ཕྱིར་ཏེ། གཅིག་ནི་བདག་དང་གཞན་ལ་ཆོས་ཐོས་པ་མེད་པར་སངས་རྒྱས་ཀྱི་ཆོས་སྣང་བར་བྱེད་པའི་ཕྱིར་རོ། །ཅིག་ཤོས་ནི་རང་སངས་རྒྱས་ཀྱི་ཆ་བྱད་ཀྱང་འཛིན་པས་སོ། །འོན་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པའི་འབྲས་བུ་བྱང་ཆུབ་སེམས་དཔས་ཐོབ་པ་ཡིན་ནམ་འོན་ཏེ་མ་ཡིན། གལ་ཏེ་ཐོབ་པ་ཡིན་ན་ནི་དེས་བྱས་པ་ཉིད་ཀྱི་གང་ཟག་རྣམ་པར་གཞག་པ་དེ་དག་ལ་ཡང་ཡོད་པར་འགྱུར་


DTG088_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། འབད་པ་གཞན་གྱིས་ཅི་ཞིག་བྱ། །ཅི་སྟེ་ཐོབ་པ་མ་ཡིན་ན་ནི་འབྲས་བུ་དེ་ཇི་ལྟར་གཞན་གྱིས་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར། ཡོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མང་པོ་ཡོད་པ་ཉིད་དུ་ཇི་ལྟར་གསུངས་པའི། །གལ་ཏེ་དེ་ལྟ་ན་ནི་དེ་དག་གི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཟད་པར་འགྱུར་རོ་ཞེ་ན། ཤཱ་རིའི་བུ་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་བསྐལ་པ་བཟང་པོ་འདི་ལ་བྱང་ཆུབ་སེམས་དཔའ་དུ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེ་ན། དེའི་ཕྱིར་ཡོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྟོགས་སླའོ། །དེ་ནི་དགེ་འདུན་དཀོན་མཆོག་ལ་གདམས་པའོ། །མ་ཞེན་པ་ལ་གདམས་པའི་དབང་དུ་བྱས་ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནས། སུས་ཀྱང་ཐུབ་པ་མེད་དེ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ལུས་དང་ངག་དང་ཡིད་ཀྱི་དགེ་བ་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ན་ལུས་ལ་སོགས་པ་མི་དམིགས་པ་ནི་མ་ཞེན་པ་སྟེ། དེའི་མན་ངག་ནི་མ་ཞེན་པ་ལ་གདམས་པའོ། །ངལ་བའི་གཉེན་པོ་ནི་མི་ངལ་བ་སྟེ། དེ་ལ་གདམས་པ་དེའི་བར་དུ་བྱས་ནས་གཞན་ཡང་ཞེས་བྱ་བ་ནས། ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བའི་བར་གྱིས་གསུངས་སོ། །ངལ་བའི་རྒྱུ་ནི་རློམ་སེམས་པ་སྟེ། དེའི་གཉེན་པོ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་མི་སེམས་པ་སྟེ། དེ་ནི་མི་ངལ་བ་ལ་གདམས་པའོ། །དམིགས་པ་མེད་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྒོམ་པ་ནི་ལམ་མོ། །ཕྱོགས་བཅུ་ཀུན་དུ་དེ་ཡོངས་སུ་འཛིན་པ་ནི་ཡང་དག་པར་ཡོངས་སུ་འཛིན་པ་སྟེ། དེའི་དབང་དུ་བྱས་ནས་ཤཱ་རིའི་བུ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནི་ལམ་ཡོངས་སུ་འཛིན་པ་ལ་གད་མས་པའོ། །འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །མིག་ལྔ་རབ་ཏུ་ཐོབ་པ་དང༌། ཡོངས་སུ་སྦྱོང་བ་ཡོད་དེ། དེ་ལ་ཤེས་རབ་ཀྱི་སྤྱད་ནི་དོན་དམ་པའི་སྤྱོད་


DTG088_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཅན་ནོ། །ཆོས་ཀྱི་སྤྱན་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཅན་ནོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་དག་ནི་རྒྱ་ཆེར་སྤྱན་ལྔ་དག་ལ་གདམས་པའོ། །དེ་བཞིན་དུ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཐོབ་པོ་ཞེས་བྱ་བ་ལ་སོགས་པས་ནི་རྒྱ་ཆེར་མངོན་པར་ཤེས་པ་དྲུག་ལ་གདམས་པའོ། །ཇི་ལྟར་ན་སངས་རྒྱས་ཀྱི་སྤྱན་དང༌། མངོན་པར་ཤེས་པ་དྲུག་པ་བྱང་ཆུབ་སེམས་དཔའ་ལ་ཡོད་ཅེ་ན། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་ནི་དེ་གཉི་ག་ཐོབ་པ་ཡིན་ལ། སངས་རྒྱས་ཀྱི་ས་ལ་ནི་གཉི་ག་ཡོངས་སུ་རྫོགས་པ་དང༌། ཡོངས་སུ་དག་པ་དང༌། མཐར་ཕྱིན་པ་ཡིན་ནོ། །མཐོང་བའི་ལམ་ལ་གདམས་པ་བརྗོད་པར་བྱ་སྟེ། དེའི་སྐབས་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། བསྟན་ཏོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ལམ་དེ་ཡང་སྐད་ཅིག་མ་བཅུ་དྲུག་སྟེ། དེ་དག་གི་ཇི་ལྟ་བ་བཞིན་དུ་རང་རང་གི་དམིགས་པ་དང་མི་དམིགས་པའི་བྱེ་བྲག་གིས། །འདི་ལྟ་ཞེས་བྱ་བ་ལ་སོགས་པ་ནས་རྒྱ་ཆེར་འཆད་པར་འགྱུར་རོ། །དེ་དག་གི་ཐུན་མོང་ངག་གི་ཆ་ནི་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་སྟེ། དེའི་དབང་དུ་བྱས་ནས། དེ་ནས་ཞེས་བྱ་བ་ནས། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བའི་བར་གྱིས་གསུངས་སོ། །མིང་ཙམ་ཞེས་བྱ་བ་ནི་དོན་གྱིས་སྟོང་པའི་མིང་སྟེ། གང་གི་ཕྱིར་ནང་གི་བདག་ཉིད་ཀྱི་དོན་གྱི་མིང་མེད་དེ་ཕྱི་རོལ་དུ་ཁ་བལྟས་པ་ཉིད་དུ་ཤེས་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་མེད་བཞིན་དུ་ཡང་དེ་ལྟར་སྣང་བའི་ཕྱིར་ཕྱི་རོལ་གྱི་དོན་དུ་ཡང་མེད་དོ། །གཉི་གར་ཡང་མེད་དེ་གཉི་ག་ལས་གཞན་པའི་ཕྱོགས་གསུམ་པ་མེད་པའི་ཕྱིར་རོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཙམ་མོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་ཡང་རིགས་པ་འདི་ཉིད་ཀྱིས་གསལ་བར་བསྟན་པར་བྱ་བའི་ཕྱིར་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་མིང་ཙམ་ཐ་སྙད་ཙམ་བཏགས་པ་ཙམ་འདི་ནི་དེ་ཁོ་ན་ཉིད་མ་ཡིན་པ་ཉིད་དོ་ཞེས་བལྟ་བར་བྱའོ། །རིགས་པ་ལ་སོགས་པའི་རྣམ་པར་རྟོག་པས་ནི་འདིར་ལྷག་མཐོང་ཡང་དག་པར་བསྡུས་པ་ཡིན་པར་བརྗོད་དེ། དེ་ལས་


DTG088_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་སྐད་ཅིག་མའི་མི་རྟག་པ་སྐྱེ་བའི་ཕྱིར་རོ། །སེམས་ཅན་སེམས་ཅན་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་ལུས་ཅན་ཏེ། དེའི་མིང་ནི་སེམས་ཅན་གྱི་མིང་ངོ༌། །སྐྱེ་བ་མེད་པ་ནི་མ་སྐྱེས་པའོ། །འགག་པ་མེད་པ་ནི་མ་འགགས་པའོ། །དེ་ཉིད་ལ་སྡུག་པ་དང་སྡུག་བསྔལ་གྱི་མཚན་ཉིད་མི་དམིགས་པ་སྟེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །དེ་ནས་ནང་གི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། ལུས་དང༌། དེའི་ཡན་ལག་དག་དང༌། ཕྱི་རོལ་གྱི་རྩྭ་དང༌། ཤིང་ལ་སོགས་པ་རྣམས་ནི་རྨི་ལམ་དང་བྲག་ཅ་ལ་སོགས་པ་ལྟ་བུ་སྟེ། དེ་དག་ཀྱང་མིང་ཙམ། བཏགས་པ་ཙམ་སྐྱེ་བ་མེད་པ་དང༌། འགག་པ་མེད་པར་ཤེས་པ་སྟེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང༌། དེ་དག་གི་མི་དམིགས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །དེ་ནས་དེ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་བྱེ་བྲག་གསུམ་དང༌། གསུམ་འདུས་པ་ལས་བྱུང་བའི་རེག་པ་དང༌། ཚོར་བ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་རྣམ་པ་མང་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེས་བྱ་བ་ནི་གང་གི་དོན་དུའོ། །དེ་ལྟར་ན་སྤྱོད་དོ་ཞེས་བྱ་བར་སྦྱར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་བྱས་ཀྱི་ཁམས་དང་འདུས་མ་བྱས་ཀྱི་ཁམས་ན་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་དག་ཀྱང་མི་མཐོང་བའི་ཕྱིར་རོ། །དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་དབང་དུ་བྱས་ནས། རབ་འབྱོར་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་དེ་དག་ཐམས་ཅད་ལ་མི་རྟོག་པ་ནི་རང་གི་ངོ་བོར་རོ། །རྣམ་པར་མི་རྟོག་པ་ནི་ཁྱད་པར་དུ་སྟེ། རྣམ་པར་མི་རྟོག་པའི་ཆོས་ལ་གནས་ནས། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྒོམ་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་སོགས་པས་རྣམ་པར་མི་རྟོག་པའི་ཆོས་ལ་གནས་ཏེ། དགེ་བའི་ཆོས་རྣམས་སྒོམ་པ་ནི་མཐོང་བའི་ལམ་མོ། །ཆོས་རྣམས་ཀྱི་མཚན་ཉིད་ནི་བཏགས་པ་ཙམ་མོ། །ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་


DTG088_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཕྱིར་རོ། །གང་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞེས་བྱ་བ་ནི་ཀུན་འབྱུང་བ་མེད་པའོ། །གང་རྣམ་པར་བྱང་བར་མི་འགྱུར་ཞེས་བྱ་བས་ནི་དེའི་སྤང་བར་བྱ་བ་མེད་པ་སྟེ། དེ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ། །གཟུགས་ལ་ཆགས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ནི་ཡང་མངོན་པར་ཆགས་པར་མི་འགྱུར་བའོ། །མངོན་པར་ཆགས་པ་ཉིད་ནི་དངོས་སུ་ན་སྡུག་བསྔལ་དང་ཀུན་འབྱུང་ཡིན་པའི་ཕྱིར་རོ། །དེ་ཡང་དེའི་ཚེ་ཤིན་ཏུ་ཉམ་ཆུང་བ་ཉིད་ཀྱིས་གནས་སྐབས་ཕྱི་མ་ཡིན་པའི་ཕྱིར་དེ་སྐད་གསུངས་སོ། །དེ་ཡང་དེ་ནི་ཕུང་པོ་མེད་དོ། །མིག་ལ་སོགས་པ་མེད་དོ། །དེ་ལ་རྣམ་པར་ཤེས་པ་མེད་དོ། །དེ་ལ་ཤེས་པ་དང་རེག་པ་མེད་དོ། །རེག་པ་ལས་བྱུང་བའི་ཚོར་བ་ཡང་མེད་དོ། །འདུས་བྱས་པ་ཡང་མེད་དོ། །དེ་སྤོང་བ་ལ་མངོན་པར་ཆགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་ཆོས་ཤེས་པའོ། །ཕ་རོལ་ཏུ་ཕྱིན་པ་དང༌། མིག་དང༌། མངོན་པར་ཤེས་པ་དང༌། སྟོང་པ་ཉིད་དང༌། དེ་བཞིན་ཉིད་ལ་སོགས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པ་དང་བཅས་པ་ལ་མངོན་པར་ཆགས་པར་འགྱུར་བ་མེད་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དེ་ལྟར་དེ་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རྣམ་པར་འཕེལ་བ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་དག་པར་འཇུག་པར་འགྱུར་ཏེ། དེ་བས་ན་རྣམ་པར་བྱང་བ་རྣམས་ལ་ཡང་རྒྱུ་དང་འབྲས་བུ་དག་ཏུ་རྗེས་སུ་རྟོགས་པའི་ཕྱིར་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །དེ་ལྟར་སྤྱོད་པ་ན་ཕྱིར་མི་ལྡོག་པའི་ས་ནོན་པར་འགྱུར་རོ་ཞེས་བྱ་བ་ནི་དེའི་སྒྲིབ་པ་འགོག་པས་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ། །དེ་ལྟར་སྤྱོད་པ་ན་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པ་ལ་སོགས་པ་ཁྱད་པར་དུ་མངོན་པར་རྟོགས་པ་ནི་འགོག་པ་ལ་ཆོས་ཤེས་པའོ། །ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་རྣམས་དང༌། ས་ལ་སོགས་པ་ཁམས་དྲུག་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་ལ་རྣམ་པ་ལྔར་བྱང་ཆུབ་སེམས་དཔའ་དམིགས་པ་མེད་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །ཕུང་པོ་རྣམས་ཀྱི་བསྡུས་པ་དང༌།


DTG088_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པ་དང༌། ཁམས་ཉི་ཤུ་རྩ་བཞིའི་བསྡུས་པ་དང་ཐ་དད་པ་དང༌། སྐྱེ་མཆེད་བཅུ་གཉིས་ཀྱི་བསྡུས་པ་དང༌། ཐ་དད་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་བསྡུས་པ་དང་ཐ་དད་པ་དག་གི་དེ་བཞིན་ཉིད་ལ་རྣམ་པ་ལྔར་བྱང་ཆུབ་སེམས་དཔའ་གཏན་དུ་མི་དམིགས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་མེད་པས་མི་དམིགས་པའི་ཕྱིར་འགོག་པ་ལ་རྗེས་སུ་ཤེས་པའོ། །གཟུགས་མ་ཡིན་པ་དང༌། གཟུགས་ཀྱི་ལམ་མ་ཡིན་པ་དང༌། སྡུག་བསྔལ་གྱི་བདེན་པའི་རྣམ་པ་དང༌། དེ་ལས་བཟློག་པ་དང༌། གཟུགས་ཀྱི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་མ་ཡིན་པ་དང༌། དེ་ལས་བཟློག་པ་རྣམས་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་ཏེ། གཟུགས་དང་དེ་དག་གི་ཁྱད་པར་མེད་པས་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་མ་ཡིན་པ་དང། དེ་དག་གི་ལམ་མ་ཡིན་པའི་བར་དུ་བསྟན་ཏེ། དེ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ། །གཉིས་པོ་འདི་ནི་ཆོས་དང་ཆོས་ཀྱི་དབྱིངས་ཏེ། དེས་ན་གསུངས་པ། ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཆོས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདི་ནི་ལམ་ལ་ཆོས་ཤེས་པའོ། །སོ་སོར་ཕུང་པོའི་དབྱིངས་དང༌། སྐྱེ་མཆེད་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །ལམ་ལ་རྗེས་སུ་ཤེས་པའི་དབང་དུ་བྱས་ནས། རབ་འབྱོར་འདུས་བྱས་ཀྱི་དབྱིངས་ཀྱིས་འདུས་མ་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། དེ་ཉིད་རྗེས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཆོས་ཀྱི་དབྱིངས་ཀྱི་མངོན་སུམ་དུ་བྱེད་ཅིང་སྣང་བས་ན་ཆོས་ཀྱི་རང་གི་མཚན་ཉིད་མི་སྣང་བའི་ཕྱིར་གཉིས་སུ་མེད་པ་སྣང་བ་སྟེ། མཐའ་ཡས་པ་སྣང་བ་སྣང་བ་མེད་པ་ཙམ་ནི་ཡང་དག་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ། དེ་ནི་འདུས་བྱས་ཀྱི་ཁམས་ཏེ། འདུས་བྱས་ཐམས་ཅད་ལས་ཕྲ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ལ་ཀུན་བརྟགས་པའི་གཟུགས་ལ་


DTG088_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་འདུས་མ་བྱས་ཀྱི་ཁམས་ཏེ། འདུས་མ་བྱས་ནི་ཕྲ་བ་ཉིད་ཀྱི་ཕྱིར་རོ། །དེ་དག་ནི་སྔ་མ་དང་ཕྱི་མ་མི་མཐོང་སྟེ། མི་འཛིན་པའི་དོན་ཏོ། །འཛིན་པ་ནི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་རྣམ་པར་མི་རྟོག་པས་དོན་དམ་པར་མཐོང་བས་མཐོང་བའི་ལམ་ཞེས་བྱ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་འདུས་བྱས་ཀྱི་དབྱིངས་མ་གཏོགས་པར་འདུས་མ་བྱས་ཀྱི་དབྱིངས་གདགས་པར་མི་ནུས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་གཉིས་ཐ་དད་ན་ནི་འདུས་བྱས་ཀྱི་ཁམས་ཉིད་དུ་སྣང་བར་འགྱུར་ཏེ། སྣང་བའི་ངོ་བོ་ཡིན་པའི་ཕྱིར་འདུས་མ་བྱས་ཀྱི་དབྱིངས་ནི་མ་ཡིན་ཏེ། དེ་ལས་བཟློག་པའི་ཕྱིར་རོ། །འདུས་མ་བྱས་ཀྱི་དབྱིངས་མ་གཏོགས་པར་འདུས་བྱས་ཀྱི་དབྱིངས་ཀྱང་རྣམ་པར་གཞག་པར་མི་ནུས་ཏེ། སྟོང་པ་ཉིད་ལས་ཐ་དད་ན་ནི་སྟོང་པ་ཉིད་མ་ཡིན་པར་ཐལ་བའི་ཕྱིར་ཏེ། སྔོན་པོ་ཉིད་ལས་ཐ་དད་པའི་སེར་པོ་ནི་སྔོན་པོ་མ་ཡིན་པ་བཞིན་ནོ། །དེ་བས་ན་སྣང་བའི་བདག་ཉིད་སྟོང་པ་ཉིད་ཀྱི་མི་རྟོག་པའི་ཤེས་པ་ནི་མཐོང་བའི་ལམ་སྟེ། འཛིན་པ་ནི་མ་ཡིན་ནོ། །ཕྱོགས་འདིས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ཡང་རྣམ་པར་མི་རྟོག་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་ཀྱི་སྣང་བ་ནུབ་པའི་ཕྱིར་རོ། །འདི་ནི་བསྟན་པའོ། །འདི་ཉིད་རྒྱས་པར་བཤད་པ་ནི་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། དེ་ཉིད་རྗེས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་པ་ཡིན་ནོ། །འདི་ནི་མཐོང་བའི་ལམ་ལ་གདམས་པའོ། །བསྒོམ་པའི་ལམ་གྱི་དབང་དུ་བྱས་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཆོས་ལ་སྲེད་པ་སྟེ་སྐྱོན་དུ་འགྱུར་བའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཡོངས་སུ་རྟོགས་པར་འཚལ་བས་ཞེས་བྱ་བས་ནི་ཡོངས་སུ་བཅད་པར་འཚལ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་སྟེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཀུན་ཏུ་འགྲོ་བ་མཐོང་


DTG088_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །གང་གི་ཕྱིར་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ཡོངས་སུ་གཅོད་པ་ནི་བསྒོམ་པའི་ལམ་མོ། །དེ་ལྟར་ཡང་ཐེག་པ་ཆེན་པོའི་ལམ་གྱི་ཡན་ལག་བརྒྱད་ནི་བསྒོམ་པའི་ལམ་སྟེ། དེ་རྣམ་པར་འགྲེལ་པ་ནི་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཡོངས་སུ་གཅོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་བཤད་པ་ལྟ་བུའོ། །དེ་ནི་བསྒོམ་པའི་ལམ་ལ་གདམས་པའོ། །དགེ་འདུན་དཀོན་མཆོག་ལ་གདམས་པ་ལ། བྱང་ཆུབ་སེམས་དཔའི་གང་ཟག་ནི་དགེ་འདུན་ཞེས་གསུངས་པ་སྟེ། གང་ཞིག །དུ་ཞིག་ཅེ་ན། དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེ་ནས་དང༌། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་འདོད་ཆགས་བཅོམ་པ་དང༌། །མཐོང་ཆོས་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་གསུངས་ཏེ། གསུམ་ཞེས་བྱ་བ་ནི་རིམ་པ་བཞིན་དུ་སྦྱར་བ་སྟེ། ཐ་མར་སྦྱར་རོ། །དབང་པོ་རྟུལ་པོ་ཞེས་བྱ་བ་ནས་བསེ་རུ་ཞེས་བྱ་བའི་བར་ནི་ཉི་ཤུ་སྟེ། གསུམ་པོ་ནི་མདོ་ཇི་ལྟ་བ་བཞིན་དུ་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་ཞེས་བྱ་བའི་དོན་ཏོ། །དབང་པོ་རྟུལ་པོ་དང་རྣོན་པོ་ནི་དད་པས་རྗེས་སུ་འབྲང་བ་དང༌། ཆོས་ཀྱིས་རྗེས་སུ་འབྲང་བའོ། །དད་དང་མཐོང་ཐོབ་ཅེས་བྱ་བ་ནི་དད་པས་མོས་པ་དང༌། མཐོང་བས་ཐོབ་པའོ། །རིགས་ནས་རིགས་ཞེས་བྱ་བ་ནི་མིའི་རིགས་ནས་རིགས་སུ་འགྲོ་བ་དང༌། ལྷའི་རིགས་ནས་རིགས་སུ་འགྲོ་བའོ། །བར་ཆད་གཅིག་ཅེས་བྱ་བ་ནི་བར་ཆད་གཅིག་པའོ། །བར་ཞེས་བྱ་བ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །སྐྱེས་ནས་ཞེས་བྱ་བ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །བྱེད་དང་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་དང་བཅས་


DTG088_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡོངས་སུ་མྱ་ངན་ལས་འདའ་བའོ། །བྱེད་མིན་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བའོ། །འོག་མིན་གྱི་བར་དུ་འགྲོ་བས་ན་འོག་མིན་འགྲོ་སྟེ། འོག་མིན་གྱི་མཐར་ཐུག་པར་འགྲོ་བའོ། །བར་ཆད་གཅིག་པ་ཞེས་བྱ་བ་ནས། འོག་མིན་འགྲོ་ཞེས་བྱ་བའི་བར་གྱི་ཚིག་དྲུག་པོ་འདི་དག་ནི་ཟླས་དབྱེ་བའི་བསྡུ་བ་བྱས་ཏེ། ཚིག་དེ་དག་ལ་ཚིག་གི་ཕྱོགས་གཅིག་རྗེས་སུ་འགྲོ་བ་ནི་རིགས་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མངོན་པར་འདུ་ཞེས་བྱ་བའི་སྒྲ་མི་མངོན་པར་བྱས་པའོ། །སྐྱེས་ནས་ཞེས་བྱ་བའི་སྒྲ་ནི་རྫུས་ཏེ་སྐྱེས་པ་སྟེ། དེ་ནི་ཁྱད་པར་ཆུང་བ་ཡིན་པའི་ཕྱིར་རོ། །འཕར་བ་ཞེས་བྱ་བ་ནི་འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་སྐབས་ཐམས་ཅད་དུ་འཆི་འཕོ་བའོ། །སྲིད་རྩེའི་མཐར་ཐུག་འགྲོ་ཞེས་བྱ་བ་ནི་སྲིད་པའི་རྩེའི་མཐར་ཐུག་པར་འགྲོ་བའོ། །གཟུགས་ཀྱི་འདོད་ཆགས་བཅོམ་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བའོ། །མཐོང་ཆོས་ཞི་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བའོ། །ལུས་ཀྱི་མངོན་སུམ་དུ་བྱེད་ཅེས་བྱ་བ་ནི་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའོ། །བསེ་རུ་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་དགྲ་བཅོམ་པ་སྟེ། དེ་དང་ཆོས་མཐུན་པའི་ཕྱིར་རོ། །འདིར་འབྲས་བུ་ལས་ནི་གང་ཡང་རྣམ་པར་གཞག་པ་མེད་དེ། དེ་བས་ན་འབྲས་བུ་ལ་ལྟོས་ནས་ཞུགས་པར་ཡང་མི་འདོད་དོ། །བྱང་ཆུབ་ལ་ཞུགས་པའི་ཕྱིར་ཞེས་བྱ་བར་ཡང་རྣམ་པར་གཞག་པ་མེད་དེ། དེ་ཐ་དད་པ་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང༌། བདེན་པ་ཤེས་པ་དང༌། སྐྱབས་ཤེས་པ་དང༌། མ་ཞེན་པ་དང༌། མི་ངལ་བ་དང༌། ཕྱོགས་བཅུ་དག་ཏུ་སོང་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཞིང་བསྙེན་བཀུར་བྱས་ཏེ། དེ་ནས་དེའི་ལམ་ཡོངས་སུ་འཛིན་པར་འགྱུར་བ་དང༌། སྤྱན་ལྔ་དང་ལྡན་པར་འགྱུར་བ་དང༌། མངོན་པར་ཤེས་པ་དྲུག་དང་ལྡན་པར་འགྱུར་བ་དང༌། མཐོང་བ་དང་བསྒོམ་པའི་ལམ་དག་གིས་འཕགས་པའི་ས་ལ་གནས་པར་འགྱུར་བ་སྟེ། འདི་ནི་གདམས་ངག་གི་གོ་རིམས་སོ།། །།དེ་ལྟར་གདམས་


DTG088_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ངག་བཤད་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་བརྗོད་པར་བྱ་སྟེ། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིས། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་སྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་བྱ་བ་གསུངས་སོ། །ངེས་པར་བྱེད་པ་ནི་ངེས་འབྱེད་དེ། གཅིག་ཏུ་ངེས་པ་དང་ལྡན་པའོ། །དེའི་ཡན་ལག་ནི་རྣམ་པ་བཞི་སྟེ། དྲོད་དང༌། རྩེ་མོ་དང། བཟོད་པ་དང༌། ཆོས་ཀྱི་མཆོག་གོ །དེ་དག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་ཡིན་ཏེ། རྣམ་པར་མི་རྟོག་པ་རྟོགས་པ་ནི་ངེས་པར་འབྱེད་པ་སྟེ། མཐོང་བའི་ལམ་མོ། །དེ་ཐོབ་པ་ནི་ཆའོ། །དེ་ལ་ཕན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །ལ་ལར་ནི་མང་པོའི་ཚིག་གསལ་བའི་དབྱེ་བ་བྱས་ཏེ། དྲོ་བ་རྣམས་དང༌། རྩེ་མོ་རྣམས་དང༌། བཟོད་པ་རྣམས་དང༌། འཇིག་རྟེན་ཆོས་ཀྱི་མཆོག་རྣམས་ཞེས་བྱ་བའོ། །ལ་ལར་ནི་གྱུར་པའི་སྒྲ་སྤྱིའི་ཚིག་ཏུ་བརྗོད་དེ། དྲོ་བར་གྱུར་པ་དང༌། རྩེ་མོར་གྱུར་པ་དང༌། བཟོད་པར་གྱུར་པ་དང༌། འཇིག་རྟེན་ཆོས་ཀྱི་མཆོག་ཏུ་གྱུར་པའོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་བསམ་པ་ཉིད་ཀྱིས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་སྐྱོབ་པའོ། །དེ་རྣམས་ཀྱི་གང་ཆུང་ངུ་དང༌། འབྲིང་དང་ཆེན་པོ་ནི་ཁྱད་པར་འཕགས་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །གང་ལས་ཤེ་ན། ཉན་ཐོས་དག་དང་བསེ་རུ་དང་བཅས་པ་དག་ལས་ཏེ། ཉན་ཐོས་ལ་སོགས་པ་རྣམས་ཀྱི་ལས་ཞེས་བྱ་བའི་དོན་ཏོ། །གཏན་ཚིགས་གང་ལས་ཤེ་ན། དམིགས་པ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམིགས་པ་དང༌། རྣམ་པ་དང༌། ཐེག་པ་གསུམ་ཐོབ་པའི་རྒྱུར་འགྱུར་བ་དང༌། ཐབས་ལ་མཁས་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གཟུང་བ་དང༌། ཇི་ལྟར་རྣམ་པར་རྟོག་པ་བཞི་དང་ལྡན་པ་སྟེ། དེ་དག་རབ་ཏུ་བྱེད་པ་ལས་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་སྦྱར་རོ། །མདོ་ལས་ནི་འདི་ལས་གཞན་དུ་གསུངས་ཏེ།


DTG088_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་མདོའི་རིམ་པས་འདི་ཉིད་བཤད་པར་བྱ་སྟེ། གོ་རིམས་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །དེ་ལ་ཉན་ཐོས་ལ་སོགས་པ་དང་འབྲེལ་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པས་ནི་བདེན་པ་བཞི་ལ་དམིགས་པ་སྟེ། བདེན་པ་རེ་རེ་ལ་ཡང་རྣམ་པ་བཞི་བཞི་སྟེ། མི་རྟག་པ་དང༌། སྡུག་བསྔལ་ལ་སོགས་པ་དང༌། རྒྱུ་དང་ཀུན་འབྱུང་བ་ལ་སོགས་པ་དང༌། འགོག་པ་དང༌། ཞི་བ་ལ་སོགས་པ་དང༌། ལམ་དང་རིགས་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་ཀྱི་མཆོག་གང་ཡིན་པ་དེ་དག་རེ་རེ་ལ་ཡང་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་དབྱེ་བས་རྣམ་པ་བཅུ་གཉིས་སུ་འགྱུར་ཏེ། དེ་ལ་དྲོ་བ་ཆུང་ངུའི་ནི། །དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་བྱ་བ་གསུངས་སོ། །བདེན་པའི་རྟེན་ཅན་ཞེས་བྱ་བ་ནི་བདེན་པ་བཞིའི་ཡུལ་ལོ། །མི་རྟག་ལ་སོགས་ཞེས་བྱ་བ་ནི་མི་རྟག་པ་ཉིད་ལ་སོགས་པ་ལ་དམིགས་པ་སྟེ། མདོ་ཇི་ལྟ་བ་བཞིན་ནོ། །དེའི་རྣམ་པ་ཞེས་བྱ་བ་ནི་དེ་ལ་དམིགས་པ་དེ་དང་འདྲ་སྟེ། འདི་ལྟ་སྟེ། མངོན་ཞེན་ལ་སོགས་འགོག་ཅེས་བྱ་བ་ནི་མངོན་པར་ཞེན་པ་མ་ཡིན་པ་དང༌། གནས་པ་མེད་པ་དང༌། འདུ་ཤེས་མེད་པའོ། །དེ་ལ་དངོས་པོ་ཉིད་ཀྱི་ཤས་ཆེར་ངར་འཛིན་པ་ནི། །མངོན་པར་ཞེན་པའོ། །འབྲིང་ནི་གནས་པའོ། །ཆུང་ངུ་ནི་འདུ་ཤེས་སོ། །དེ་དག་འགོག་པའོ། །དེ་དག་གིས་སྟོང་པ་ནི་ཡེ་ཤེས་ཀྱི་རང་གི་ངོ་བོ་སྟེ། དཔེར་ན་བུམ་པས་དབེན་པའི་ཕྱོགས་ཀྱི་ངོ་བོ་ཉིད་ནི་ཕྱོགས་ན་བུམ་པ་མེད་པའོ། །དེ་ལ་དང་པོ་ནི་ཆོས་ལ་སྲེད་པ་ཞེས་བྱ་བ་ནས། སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནི་སྡུག་བསྔལ་གྱི་བདེན་པ་ལ་དྲོད་ཆུང་ངུའི་དམིགས་པ་དང་རྣམ་པའོ། །དེ་ནས་མི་མཐོང་སྟེ་ཞེས་བྱ་བའི་བར་གྱིས་ནི་ཀུན་འབྱུང་གི་བདེན་པ་ལ་དྲོད་ཆུང་ངུའི་དམིགས་པ་གསུངས་ཏེ། དམིགས་པ་ནི་གཟུགས་ལ་སོགས་པའི་གཞི་སྤང་བར་བྱ་བ་ལ་སོགས་པའོ། །རྣམ་པ་ནི་དེ་ལས་མངོན་པར་ཞེན་པ་ལ་སོགས་པ་དགག་པའོ། །དེ་ནས་དེ་ལྟར་འགོག་པ་ཞེས་བྱ་བ་ནས། ཡང་དག་པར་མི་ཤེས་པའོ་ཞེས་བྱ་བའི་བར་གྱིས་ནི་འགོག་པ་ལ་སོགས་པའི་གཞི་མངོན་


DTG088_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་བྱེད་པ་ལ་སོགས་པའོ། །རྣམ་པ་ནི་སྔ་མ་བཞིན་དུ་སྟེ། དེ་ལ་སྐྱོན་མེད་པ་ནི་འདི་ཡིན་ཏེ། ཕྱི་ལ་སོགས་པའི་གཞི་ལ་སྟོང་པ་ཉིད་ནི་དམིགས་པའོ། །ནང་ལ་སོགས་པའི་གཞི་ལ་སྟོང་པ་ཉིད་དུ་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་རྣམ་པ་སྟེ། འདི་ནི་སྐྱོན་མེད་པའོ། །དེ་ནི་འགོག་པའི་བདེན་པ་ལ་དྲོད་ཆུང་ངུའི་དམིགས་པ་དང་རྣམ་པའོ། །དེ་ནས་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ལམ་གྱི་བདེན་པ་ལའོ། །དེ་ལ་གཟུགས་ལ་སོགས་པའི་གཞི་ཤེས་པར་བྱ་བ་ཉིད་ནི་དམིགས་པའོ། །དེ་ལྟར་ཡང་བསམ་པར་བྱ་བ་མ་ཡིན་པ་ནི་རྣམ་པའོ། །དེ་བཞིན་དུ་སེམས་མེད་པ་ནི་དེའི་རང་བཞིན་འོད་གསལ་བའོ། །འོད་གསལ་བ་གང་ལས་ཤེ་ན། གང་གི་ཕྱིར་སེམས་དེ་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་པའོ། །དེའི་སེམས་མེད་པ་གང་ཞེ་ན། གང་དེའི་རང་བཞིན་ནི་ཆོས་ཉིད་དེ། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ། །ཇི་ལྟར་སེམས་མ་ཡིན་པ་ནི་སེམས་མེད་པ་ཉིད་དོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཡང་གཟུགས་ལ་སོགས་པ་མེད་པ་ཉིད་དེ། དེས་ན་སེམས་ལ་སོགས་པའི་རྟེན་ཅན་གྱི་རང་བཞིན་ནི་དམིགས་པའོ། །འོད་གསལ་བ་ནི་རྣམ་པའོ། །དེ་ནི་ལམ་གྱི་བདེན་པ་ལ་དྲོད་ཆུང་ངུའི་དམིགས་པ་དང་རྣམ་པའོ། །ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའི་དྲོ་བ་ལ་སོགས་པའི་རྣམ་པ་བཅུ་གཉིས་ནི་ཐེག་པ་གསུམ་སྟེ། བྱང་ཆུབ་རྣམ་པ་གསུམ་ཐོབ་པའི་རྒྱུའོ། །གང་དག་རིགས་ལ་སོགས་པའི་སྟོབས་ཀྱིས་བྱང་ཆུབ་དམན་པ་ཡང་ཐོབ་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་དྲོ་བ་ལ་སོགས་པས་ནི་ནམ་ཡང་བྱང་ཆུབ་དམ་པ་ཐོབ་པར་མི་བྱེད་དོ། །གང་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་བྱ་བ་ནས། བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །འབྲིང་གིས་ནི། གཟུགས་སོགས་སྐྱེ་འཇིག་གནས་པ་དང༌། །ཞེས་བྱ་བ་ལ། མིང་གིས་ཞེས་བྱ་བ་ནི་ལྷག་མའོ། །གནས་པ་མེད་པ་བྲལ་བ་སྟེ། །མིང་གིས་ཞེས་བྱ་བ་ཡང་ལྷག་མའོ། །གཟུགས་ལ་སོགས་པ་ནི་མདོ་ཇི་ལྟ་བ་བཞིན་


DTG088_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱ་ཆེར་ཤེས་པར་བྱའོ། །དེའི་སྐྱེ་བ་ནི་མིང་གིས་གཞན་ལས་རྟོགས་པ་སྟེ་དེ་མེད་པའོ། །འཇིག་པ་ནི་མིང་གིས་གཞན་དག་ལ་སྟོན་པ་སྟེ། དེ་མེད་པ་དེ་ནི་དྲོ་བ་འབྲིང་གི་དམིགས་པའོ། །མིང་དེ་སྟོན་པ་ལ་གནས་པ་ཡང་མེད་ལ། མི་གནས་པ་ཡང་མེད་པ་སྟེ། ཉན་པ་པོ་ལ་བྲལ་ཞིང་འཕོས་པ་ཡང་མེད་པ་ནི་རྣམ་པའོ། །དེ་ཡང་གང་ལས་ཤེ་ན། མིང་ནི་མེད་པའི་ཕྱིར་རོ། །དེས་ན་ཡང་དེ་དག་མེད་དོ་ཞེས་དགོངས་པའོ། །གང་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས་གང་ཡང་འདི་བཅོམ་ལྡན་འདས་ཞེས་བྱ་བའི་བར་གྱིས་གསུངས་སོ། །གནས་པ་མེད་པ་མ་ཡིན་མི་གནས་པ་མེད་པ་ཡང་མ་ཡིན་ཞེས་བྱ་བ་ཡང་འདིར་བརྗོད་དེ། རྣམ་པ་བཞི་མེད་པར་འདིར་བསྟན་ན་ནི་འབྲེལ་པ་མེད་པར་འགྱུར་བའི་ཕྱིར་རོ། །བསྟན་བཅོས་སུ་ནི་གནས་པ་དང་བྲལ་བ་མི་དགག་པ་ནི་གཙོ་བོ་ཡིན་པའོ། །དེ་ནི་དྲོད་འབྲིང་གི་དམིགས་པ་དང་རྣམ་པའོ། །ཆེན་པོའི་ནི། གནས་དང་བཏགས་དང་བརྗོད་དུ་མེད། །ཅེས་བྱ་བ་ལ། འདི་དག་ནི་བཏགས་པ་ཙམ་སྟེ་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་ཆོས་ཀྱི་བརྡར་བགྱི་བ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་ཞེས་བགྱི་བའི་མིང་ཞེས་བྱ་བའི་བར་ནི་དམིགས་པའོ། །དེ་ཕུང་པོའམ། ཁམས་སམ། དངོས་པོའམ་དངོས་པོ་མེད་པ་གང་གིས་ཀྱང་བརྗོད་དུ་མེད་དོ་ཞེས་བྱ་བ་ནི་རྣམ་པའོ། །གང་ཡང་འདི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། མི་གནས་པའི་ཚུལ་གྱིས་ལེགས་པར་གནས་སོ་ཞེས་བྱ་བའི་བར་ནི་དྲོ་བ་ཆེན་པོའི་དམིགས་པ་དང་རྣམ་པའོ། །དཔེར་ན་གཙུབ་ཤིང་གིས་གཙུབས་པ་ན་མེ་འབྱུང་བའི་སྔ་ལྟས་དྲོ་བ་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེ་ཡང་དེ་བཞིན་ནོ། །དེས་ན་དྲོ་བ་དང་ཆོས་མཐུན་པའི་ཕྱིར་ན་དྲོད་དོ། །རྩེ་མོ་ཆུང་ངུའི་ནི། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོ་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་བྱ་བ་ལ། གཟུགས་སོགས་མི་གནས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་མི་གནས་པའོ། །གཟུགས་ལ་སོགས་པ་གང་ཡིན་པ་དེ་དག་གི་དངོས་པོ་སྟོང་པ་ཉིད་ནི་དེ་དམིགས་པའོ། །གཟུགས་སོགས་ཀྱི་སྟེང་པ་ཉིད་གང་ཡིན་པ་དེ་


DTG088_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མ་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་གཟུགས་ལ་སོགས་པའི་སྟོང་པ་ཉིད་གང་ལགས་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་བྱ་བ་ནི་ཕན་ཚུན་གྱི་ངོ་བོ་ཉིད་དེ་གཟུགས་ལ་སོགས་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་ལ་སོགས་པའོ་ཞེས་བྱ་བ་ནི་རྣམ་པའོ། །གཞན་ཡང༌། དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་བྱ་བ་ལ། གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པར་མི་གནས་པ་ནི་གནས་པ་མེད་པའོ། །གང་གཟུགས་ལ་སོགས་པའི་མི་རྟག་པ་ལ་སོགས་པ་ནི་གཟུགས་མི་རྟག་པ་ལ་སོགས་པས་སྟོང་པ་ཉིད་དེ་དམིགས་པའོ། །གཟུགས་མི་རྟག་པ་ལ་སོགས་པ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་མི་རྟག་པ་ལ་སོགས་པ་ཉིད་དེ། དེ་ནི་རྣམ་པའོ། །གང་མི་གནས་པའི་ཚུལ་གྱིས་ལེགས་པར་གནས་པ་ཞེས་བྱ་བ་ནས། རང་གི་ངོ་བོ་སྟོང་པ་ཉིད་ཉེ་བར་བླང་བར་བྱའོ་ཞེས་བྱ་བའི་བར་གཞན་གྱིས་གསུངས་ཏེ། དེ་ནི་རྩེ་མོ་ཆུང་ངུའི་དམིགས་པ་དང་རྣམ་པའོ། །འབྲིང་གི་ནི། ཆོས་རྣམས་མི་འཛིན་གང་ཡིན་དང༌། །ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་ཆོས་རྣམས་མི་འཛིན་པ་གང་ཡིན་པ་དེ་ནི་དམིགས་པའོ། །དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ཉིད་མཚན་མའོ། །མཚན་མ་ཉིད་ཉོན་མོངས་པའོ། །དེ་ཡིད་ལ་མི་བྱེད་པའི་ཕྱིར་ཏེ། དེ་ནི་རྣམ་པའོ། །གང་དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མར་མི་གཟུང་ངོ་ཞེས་བྱ་བ་ནས། ཆོས་ཐམས་ཅད་ཡོངས་སུ་མི་གཟུང་བའི་སླད་དུའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ནི་རྩེ་མོ་འབྲིང་གི་དམིགས་པ་དང་རྣམ་པའོ། །ཆེན་པོ་ནི། ཐམས་ཅད་དམིགས་སུ་མེད་པར་ནི། །ཤེས་རབ་ཀྱིས་ནི་ཡོངས་རྟོགས་པའོ། །ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གང་ཡིན། ཆོས་གང་ཅི་ཡང་རུང་བ་མི་དམིགས་པའམ་ཞེས་པ་སྟེ། དེ་ནི་དམིགས་པའོ། །གང་མི་དམིགས་པ་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ལ་སོགས་


DTG088_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཐམས་ཅད་མི་དམིགས་པ་སྟེ། དེ་ནི་རྣམ་པའོ། །གང་གཞན་ཡང་བཅོམ་ལྡན་འདས་ཞེས་བརྟགས་པ་བྱ་བ་ནས་བརྩམས་ནས། རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནི་རྩེ་མོ་ཆེན་པོའི་དམིགས་པ་དང་རྣམ་པའོ། །དགེ་བའི་རྩ་བ་གཡོ་བ་ཐམས་ཅད་ཀྱི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོའོ། །བཟོད་པ་ཆུང་ངུའི་ནི། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཡི་ངོ་བོ་ཉིད། །ཅེས་བྱ་བ་ལ། གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པ་ནི་རང་གི་མཚན་ཉིད་དང་བྲལ་བ་སྟེ་དམིགས་པའོ། །གང་གི་ཕྱིར་གཟུགས་ལ་སོགས་པ་དེའི་དངོས་པོ་མེད་པའི་ངོ་བོ་དེ་ནི་རྣམ་པའོ། །གང་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ནི་བཟོད་པ་ཆུང་ངུའི་དམིགས་པ་དང་རྣམ་པའོ། །འབྲིང་གི་ནི། དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་ཞེས་བྱ་བ་ལ་གཟུགས་ལ་སོགས་པ་དེ་དག་རང་གི་དངོས་པོ་མེད་པའི་ཕྱིར་སྐྱེ་བ་མེད་ཅིང་ངེས་པར་འབྱུང་བ་མེད་པ་སྟེ། དེ་ནི་དམིགས་པའོ། །དེ་ལྟར་སྤྱོད་པ་ནི་ལུས་ལ་སོགས་པ་དག་པ་ཐོབ་པ་ཞེས་བྱ་བ་དེ་ཉིད་དག་པ་སྟེ་རྣམ་པའོ། །གང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཞེས་བྱ་བ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ནི་བཟོད་པ་འབྲིང་གི་དམིགས་པ་དང་རྣམ་པའོ། །ཆེན་པོའི་ནི། དེ་དག་དེ་ཡི་མཚན་མེད་ཉིད། །དེ་ཡི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་མཚན་མ་མེད་པ་ནི་དམིགས་པའོ། །རྣམ་པ་ཡང་དེའི་མཚན་མ་ལ་མི་རྟེན་པ་དང་བཅས་པའི་མོས་པ་མ་ཡིན་པ་དང༌། འདུ་ཤེས་མེད་པ་ཡིན་ནོ། །གང་དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནི་བཟོད་པ་ཆེན་པོའི་དམིགས་པ་དང་རྣམ་པའོ། །ཆོས་ཀྱི་མཆོག་ལ་བཟོད་པའི་ཕྱིར་ན་བཟོད་པའོ། །ཆོས་ཀྱི་མཆོག་ཆུང་ངུ་ནི། ཏིང་འཛིན་ད་ཡི་བྱེད་པ་ཉིད། །ཅེས་བྱ་བ་ལ། ཏིང་ངེ་འཛིན་ནི་དམིགས་པ་སྟེ། ཆོས་ཐམས་ཅད་ལེན་པ་མེད་པ་ཞེས་བྱ་བ་གསུངས་སོ། །གང་ལས་ཤེ་ན། གང་གི་ཕྱིར་ཆོས་ཐམས་ཅད་ནི་ལེན་


DTG088_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་སྟེ། དེས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེའི་བྱེད་པ་ནི་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། དེ་ནི་རྣམ་པའོ། །གང་དེ་ཡང་ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདི་ནི་ཆོས་ཀྱི་མཆོག་ཆུང་ངུའི་དམིགས་པ་དང་རྣམ་པའོ། །འབྲིང་གི་ནི། ལུང་སྟོན་པ་དང་རློམ་པ་ཟད། །ཅེས་བྱ་བ་ལ། དེ་ལྟར་སྤྱོད་པ་ན་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་བསྟན་པ་ནི་དམིགས་པའོ། །ཏིང་ངེ་འཛིན་དང་བདག་དང་སྙོམས་པར་ཞུགས་པ་ཞེས་བྱ་བ་མི་དམིགས་ཤིང་རློམ་པ་ཟད་པ་ནི་རྣམ་པའོ། །གང་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། མི་དམིགས་སོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདི་ནི་ཆོས་ཀྱི་མཆོག་འབྲིང་གི་དམིགས་པ་དང་རྣམ་པའོ། །ཆེན་པོའི་ནི། །གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གི་ཕན་ཚུན་རང་གི་ངོ་བོ་གཅིག་པ་ནི་དམིགས་པའོ། །དེ་ཡང་ཏིང་ངེ་འཛིན་ལ་རྣམ་པར་མི་རྟོག་པ་ནི་རྣམ་པའོ། །གང་ཤཱ་རིའི་བུས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་མི་ཤེས་སོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ནི་ཆོས་ཀྱི་མཆོག་ཆེན་པོའི་དམིགས་པ་དང་རྣམ་པའོ། །འཇིག་རྟེན་པ་ཐམས་ཅད་ཀྱི་ཆོས་ཀྱི་མཆོག་ཡིན་པས་ན་ཆོས་ཀྱི་མཆོག་གོ །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོས་ཡིན། །ཞེས་བྱ་བ་ལ། རེ་རེ་ལ་ཡང་ཆུང་ངུ་དང་འབྲིང་དང༌། ཆེན་པོའི་དབྱེ་བས་རྣམ་པ་བཅུ་གཉིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །དེ་ལྟར་ཞེས་བརྗོད་པ་ནི་དེ་བཞིན་ཏེ། དམིགས་པ་དང་རྣམ་པའི་དབྱེ་བས་གོ་རིམས་བཞིན་དུ་ཤེས་པར་བྱའོ། །དྲོད་ལ་སོགས་པའི་རྣམ་པར་རྟོག་པ་དང་ཡང་དག་པར་འབྲེལ་པ་བརྗོད་པར་བྱ་སྟེ། དེའི་གནས་སྐབས་ནི་མདོ་ལས། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། རྣམ་པར་དག་པ་ཞེས་བརྗོད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། ཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་


DTG088_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ། །ཞེས་བྱ་བ་ལ། གཟུང་བའི་རྟོག་པ་ཞེས་བྱ་བ་ནི་གཟུང་བའི་རྣམ་པར་རྟོག་པའོ། །དེ་ནི་རྣམ་པ་གཉིས་ཏེ། དང་པོ་བཞི་ནི་འཇིག་རྟེན་ལ་གྲགས་པའོ། །ཅིག་ཤོས་ནི་དེའི་གཉེན་པོ་སྟེ། ཉན་ཐོས་ལ་སོགས་པ་ལ་རབ་ཏུ་གྲགས་པའོ། །དེ་དག་རེ་རེ་ལ་ཡང་རྣམ་པ་དགུ་དགུ་སྟེ། མ་རིག་པ་དང་ཕུང་པོ་ལ་སོགས་པའི་དབྱེ་བ་དང༌། ཕུང་པོ་དང་སྐྱེ་བའི་སྒོ་ལ་སོགས་པའི་དབྱེ་བས་ཏེ། གོ་རིམས་བཞིན་དུ་དང་པོ་ནི་དྲོ་བ་དག་ལ། གཉིས་པ་ནི་རྩེ་མོ་དག་ལའོ། །དེ་ལ་མེད་པའི་དོན་ནི་མ་རིག་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་འཛིན་པའི་རྣམ་པར་རྟོག་པ་ནི་མ་རིག་པའི་རྣམ་པར་རྟོག་པ་སྟེ། གང་ཤཱ་རིའི་བུས་གསོལ་པ་ཞེས་བྱ་བ་ནས། དེའི་ཕྱིར་མེད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཕུང་པོའི་རྣམ་པར་རྟོག་པ་ནི་གང་ཤཱ་རིའི་བུས་གསོལ་བ་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་བླང་བར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་གང་དེ་ལ་བྱིས་པ་ཞེས་བྱ་བ་ནས། མངོན་པར་ཞེན་པ་ཞེས་བྱ་བའི་བར་གྱིས་གསུངས་སོ། །མཐའ་གཉིས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་གང་དེ་དག་ཆོས་རྣམས་ལ་མངོན་པར་ཞེན་པ་ཞེས་བྱ་བ་ལ་སོགས་པ་ནས། གྲངས་སུ་འགྲོའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་དེ་དག་མ་རིག་པ་དང༌། སྲེད་པའི་རྐྱེན་ཞེས་བྱ་བ་ལ་སོགས་པ་ནས། ཆོས་རྣམས་ལས་ངེས་པར་མི་འབྱུང་ངོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་ནི་གང་དེ་དག་ཡིད་མི་ཆེས་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དམིགས་པའི་རྣམ་པར་རྟོག་པ་ནི་ཡང་ཤཱ་རིའི་བུས་གསོལ་བ། ཇི་ལྟར་ཡང་ཞེས་བྱ་བ་ལ་སོགས་པ་ནས། མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བའི་བར་གྱིས་གསུངས་སོ། །བདག་ལ་སོགས་པའི་རྣམ་པར་རྟོག་པ་ནི་གང་ཤཱ་རིའི་བུས་གསོལ་བ་གང་གིས་ཞེས་བྱ་བ་ལ་སོགས་པ་ནས། ཤིན་ཏུ་རྣམ་པར་དག་


DTG088_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉེ་བར་བླང་བར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པའི་གཉེན་པོར་ནི་གང་སྐྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་དག་པ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུའོ། །ཕུང་པོའི་དོན་གྱི་རྣམ་པར་རྟོག་པ་ནི་གང་ཐབས་ལ་མི་མཁས་པས་གཟུགས་ལ་སོགས་པ་ཞེས་བྱ་བ་གསུངས་སོ། །སྐྱེ་བའི་སྒོའི་དོན་གྱི་རྣམ་པར་རྟོག་པ་ནི་གང་མིག་ལ་རྟོག་ཅིང་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །རིགས་ཀྱི་དོན་གྱི་རྣམ་པར་རྟོག་པ་ནི་གང་མིག་དང་གཟུགས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གྱི་རྣམ་པར་རྟོག་པ་ནི་གང་མ་རིག་པ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །སྟོང་པ་ཉིད་ཀྱི་དོན་གྱི་རྣམ་པར་རྟོག་པ་ནི་གང་དེ་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པའི་དོན་གྱི་རྣམ་པར་རྟོག་པ་ནི་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བ་ལ་སོགས་པས་གསུངས་སོ། །མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་ནི་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པ་ནི་གང་བསམ་གཏན་དང༌། མངོན་པར་ཤེས་པ་དང༌། ཚད་མེད་པ་ལ་སོགས་པས་གསུངས་སོ། །མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པ་ནི་གང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནི་གཟུང་བའི་རྣམ་པར་རྟོག་པ་རྣམ་པ་དགུའོ། །བདག་སོགས་རང་དབང་ངོ་བོ་དང༌། །དེ་བཞིན་ཕུང་སོགས་རྟེན་སྒོ་ནས། །རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །འཛིན་པ་ཞེས་བྱ་བ་ནི་འཛིན་པའི་རྣམ་པར་རྟོག་པའོ། །དེ་ཡང་རྣམ་པ་གཉིས་སུ་འདོད་དོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་བདག་རང་དབང་ལ་སོགས་པའི་ངོ་བོས་རྫས་ལ་བརྟེན་པ་དང༌། ཕུང་པོ་ལ་སོགས་པ་ལ་བརྟེན་པས་བཏགས་པ་ལ་བརྟེན་པ་སྟེ། དེ་དག་ནི་གོ་རིམས་བཞིན་དུ་བཟོད་པ་དང་ཆོས་ཀྱི་མཆོག་ལ་སྦྱར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་གཟུང་བའི་རྣམ་པར་རྟོག་པ་སོ་སོར་རྣམ་པ་དགུ་


DTG088_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་བཞིན་དུ་འཛིན་པའི་རྣམ་པར་རྟོག་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བདག་རང་དབང་ཅན་གྱི་རྣམ་པར་རྟོག་པའི་གཉེན་པོར་ནི། གང་ཤཱ་རིའི་བུ་བདག་ཉེ་བར་མི་དམིགས་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །བདག་གཅིག་པུར་རྣམ་པར་རྟོག་པའི་གཉེན་པོར་ནི། གང་ཤཱ་རིའི་བུ་གཟུགས་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནས་བདག་རྒྱུར་རྣམ་པར་རྟོག་པའི་གཉེན་པོར་ནི། གང་ཤཱ་རིའི་བུ་མིག་ཅེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནས་བདག་ལྟ་བ་པོ་ལ་སོགས་པ་རྣམ་པར་རྟོག་པའི་གཉེན་པོར་ནི། གང་ཤཱ་རིའི་བུ་མིག་དང་གཟུགས་དང༌། མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནས་བདག་ཀུན་ནས་ཉོན་མོངས་པའི་རྟེན་དུ་རྣམ་པར་རྟོག་པའི་གཉེན་པོར་ནི། གང་ཤཱ་རིའི་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནས་བདག་འདོད་ཆགས་དང་བྲལ་བའི་རྟེན་དུ་རྣམ་པར་རྟོག་པའི་གཉེན་པོར་ནི་གང་བསམ་གཏན་དང་པོ་ལ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནས་བདག་མཐོང་བའི་ལམ་གྱི་རྟེན་དུ་རྣམ་པར་རྟོག་པའི་གཉེན་པོར་ནི་གང་འཕགས་པའི་བདེན་པ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནས་བདག་བསྒོམ་པའི་ལམ་གྱི་རྟེན་དུ་རྣམ་པར་རྟོག་པའི་གཉེན་པོར་ནི་གང་རྣམ་པར་ཐར་པ་བརྒྱད་ཅེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནས་བདག་དོན་དམ་པའི་རྟེན་དུ་རྣམ་པར་རྟོག་པའི་གཉེན་པོར་ནི་གང་སྟོབས་བཅུ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོ་དགུའོ། །སྒྱུ་མའི་ངོ་བོ་ཉིད་ཀྱི་ཕྱིར་བཏགས་པའོ། །དེ་ལ་དང་པོར་བཏགས་པར་རྣམ་པར་རྟོག་པ་ནི་བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནས་སྐྱེ་མཆེད་ལ་བཏགས་པར་ཡོད་པའི་རྣམ་པར་རྟོག་པ་ནི་བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནས་ཁམས་བཏགས་པར་རྣམ་པར་རྟོག་པ་ནི་སྒྱུ་མ་ཉིད་རྣམ་པར་ཤེས་པའི་ཁམས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་བཏགས་པར་རྣམ་པར་རྟོག་པ་ནི་སྒྱུ་མ་ཉིད་རྒ་ཤི་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནས་


DTG088_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བྱང་བར་བཏགས་པར་རྟོག་པ་ནི་བཅོམ་ལྡན་འདས་མ་ལགས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནས་མཐོང་བའི་ལམ་བཏགས་པར་རྣམ་པར་རྟོག་པ་ནི། བཅོམ་ལྡན་འདས་མ་ལགས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནས་བསྒོམ་པའི་ལམ་བཏགས་པར་རྣམ་པར་རྟོག་པ་ནི་བཅོམ་ལྡན་འདས་མ་ལགས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནས་ཁྱད་པར་གྱི་ལམ་བཏགས་པར་རྣམ་པར་རྟོག་པ་ནི་བཅོམ་ལྡན་འདས་མ་ལགས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནས་མི་སློབ་པའི་ལམ་བཏགས་པའི་རྣམ་པར་རྟོག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་དགུ་ཡིན་ནོ། །རྣམ་པར་རྟོག་པ་དང་ཡང་དག་པར་འབྲེལ་པ་བཤད་ནས། ཡང་དག་པར་ཡོངས་སུ་འཛིན་པའི་དབང་དུ་བྱས་ཏེ། སེམས་མི་འགོང་བ་ཉིད་སོགས་ཀྱི། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་བྱ་བ་ལ། སྐྲག་པ་ཉིད་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་པ་ཇི་ལྟ་བར་སྐྲག་པ་དང་དངང་བ་དང་ཤིན་ཏུ་དངང་བར་འགྱུར་བ་སྟེ། དེའི་གཉེན་པོར་མི་འགོང༌། ཡང་དག་པར་མི་འགོང༌། ཡང་དག་པར་མི་འགོང་བར་མི་འགྱུར་བའོ། །གང་གི་ཕྱིར་དེ་བཞིན་དུ་གང་ལས་སེམས་མི་འགོང་བ་ལ་སོགས་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱ་བ་སྟེ། ཐབས་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་མེད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ། སོགས་པ་ཞེས་བྱ་བའི་སྒྲས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང༌། ཡོངས་སུ་བསྔོ་བ་ལ་སོགས་པའོ། །དེ་སྟོན་པར་བྱེད་པ་ནི་འཆད་པར་བྱེད་པ་སྟེ། དགེ་བའི་བཤེས་གཉེན་ཞེས་བྱ་བའི་དོན་ཏོ། །དེའི་མི་མཐུན་པའི་ཕྱོགས་ནི་ཐབས་ལ་མི་མཁས་པ་དང༌། སྡིག་པའི་གྲོགས་པོའོ། །དེའི་མི་མཐུན་པའི་ཕྱོགས་བོར་བ་ནི་ཡོངས་གཏོང་བའོ། །གང་བཞི་པོ་དེ་དག་ནི་རྣམ་པ་ཀུན་ཏུ་སྟེ་རྣམ་པ་ཐམས་ཅད་དུའོ། །དེ་ཡང་དག་པར་ཡོངས་སུ་འཛིན་པ་ཞེས་བྱ་བ་ལ། ཡང་དག་པར་ཡོངས་སུ་འཛིན་པ་ཉིད་ནི་ནང་དང་ཕྱི་རོལ་གྱི་འདྲེན་པ་དག་གིས་མི་མཐུན་


DTG088_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་མེད་པའོ། །འདི་དག་གི་སྐབས་ཀྱི་མདོ་ནི་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས། རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ཡན་ཆད་ཀྱིས་གསུངས་སོ། །དེ་དག་སོ་སོར་ངེས་པར་བསྟན་པ་ནི་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་སྔོན་དུ་འགྲོ་བས་རྣམ་པ་བཞིའི་རྒྱུན་གྱིས་ཏེ། ཤེས་པར་བྱས་ནས་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ངེས་པར་འབྱེད་པའི་ཡན་ལག་རྣམ་པ་བཞི་བསྟན་ནས། སྒྲུབ་པའི་རྟེན་ཡང་བརྗོད་པར་བྱ་སྟེ། དེ་ཡང་བྱང་ཆུབ་ཀྱི་རིགས་ཏེ། དེ་ཡང༌། རྟོག་པ་ཡི་ནི་ཆོས་དྲུག་དང༌། །གཉེན་པོ་དང་ནི་སྤོང་བ་དང༌། །དེ་དག་ཡོངས་སུ་གཏུགས་པ་དང༌། །ཤེས་རབ་སྙིང་བརྩེར་བཅས་པ་དང༌། །སློབ་མ་ཐུན་མོང་མིན་ཉིད་དང༌། །གཞན་གྱི་དོན་གྱི་གོ་རིམས་དང༌། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་གསུངས་སོ། །སྒྲུབ་པ་དང༌། འཇུག་པ་དང༌། ཚོགས་དང༌། ངེས་པར་འབྱུང་བ་ཞེས་བྱ་བ་ལས་འདི་ནས་བཟུང་སྟེ། དེའི་རྟེན་དང༌། དམིགས་པ་དང༌། ཆེད་དུ་བྱ་བ་རྣམས་བཤད་དེ། དེ་དག་ལས་རིགས་ཞེས་བྱ་བ་ནི་སྐབས་ཀྱི་བྱང་ཆུབ་ཀྱི་རིགས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང༌། མཐོང་བ་དང༌། བསྒོམ་པའི་ལམ་སྟེ། རྟོགས་པའི་ཆོས་ནི་དྲུག་གོ །དེས་ན་དྲོ་བ་ལ་སོགས་པ་བཅུ་གསུམ་གྱི་རྟེན་གང་ཡིན་པ་ནི་རབ་ཏུ་གནས་པ་སྟེ། རྟེན་དེ་ནི་བྱང་ཆུབ་ཀྱི་རིགས་ཏེ། འདི་དག་ཉིད་ཀྱིས་བྱང་ཆུབ་ཡང་དག་པར་སྒྲུབ་པའི་ཕྱིར་རོ། །གང་བྱང་ཆུབ་ཀྱི་རིགས་དེ་ནི་འདི་དག་གི་རྟེན་ཏེ། རིགས་མེད་པ་དང༌། རིགས་དམན་པ་ནི་འདི་དག་གི་རྟེན་མ་ཡིན་པའི་ཕྱིར་རོ། །གོ་ཞེས་བྱ་བ་ནི་འགྲོ་བ་དང་གནས་པ་ལ་འཇུག་པའོ། །འདིར་ནི་གནས་པས་ན་འཇུག་པ་སྟེ། རྟེན་པ་ཞེས་བྱ་བའི་དོན་ཏེ། དཔེར་ན་ནམ་མཁའ་ནི་ཐམས་ཅད་དུ་འགྲོ་བ་ཞེས་བྱ་བ་ལྟ་བུའོ། །མི་གཡོ་བའི་ཚུལ་གྱིས་འཛིན་པས་སྐྱོབ་པ་སྟེ། དེས་ན་རིགས་ནི་རྟེན་ནོ། །དེས་ན་བྱང་ཆུབ་ཀྱི་རིགས་ཀྱི་སྐབས་ནས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་གསུངས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་གང་ལགས་ཞེས་བྱ་བ་ལ།


DTG088_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་བྱང་ཆུབ་ཀྱི་རྟེན་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནས་ཏེ། དེ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་འདི་ནི་བྱང་ཆུབ་ཀྱི་རྟེན་སེམས་དཔའ་ཚིག་གོ །ཚིག་གི་དོན་གང་ཡིན་པ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་གང་ཡིན་ཞེས་པ་སྟེ། བདག་སྐྱེ་མཆེད་དྲུག་གང་ཡིན་ཞེས་དྲིས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཞེས་བྱ་བ་ལ། བདག་དང་སྐྱེ་མཆེད་དྲུག་གི་ངོ་བོ་ནི་ཚིག་གི་དོན་ཏེ། ཚིག་གི་དོན་དུ་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །ཚིག་གི་དོན་མེད་པ་ནི་ཚིག་གི་དོན་ཏོ། །གཞན་གྱི་དབང་གི་ངོ་བོའི་སྐྱེ་མཆེད་དྲུག་གི་རྫས་ལ་གང་ཀུན་བརྟགས་པའི་ངོ་བོ་དེ་དག་མེད་དོ། །དེ་དག་གི་ཆོས་ཉིད་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ནི་འདིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་རྫས་འགའ་ཞིག་གི་གཞིར་འགྱུར་པ་དེ་ནི་དཔེར་ན་རྒྱ་ཤུག་གི་སྣོད་བཞིན་ནོ། །དངོས་པོ་མེད་པ་ནི་རྫས་སུ་མེད་དེ། དེ་ཇི་ལྟར་བྱང་ཆུབ་ཀྱི་གཞིར་འགྱུར་སྙམ་ན། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །གཞི་ལས་སྐྱེ་བ་དང་ཡོད་པ་ནི་རྫས་ཡིན་ལ། དེའི་གཞི་རྫས་ཉིད་དུ་འགྱུར་ཏེ། དཔེར་ན་ལོ་ཐོག་གིས་དང་རྒྱ་ཤུག་གི་སྣོད་ལྟ་བུའོ། །བྱང་ཆུབ་ལ་ནི་སྐྱེ་བ་མེད། ཡོད་པ་ཡང་མེད། མེད་པ་མེད། གྲུབ་པར་བྱ་བ་མེད། དམིགས་སུ་མེད་དེ། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་སྒྲིབ་པ་ཐམས་ཅད་དང་བྲལ་བའམ། རྣམ་པ་ཐམས་ཅད་དུ་ཤིན་ཏུ་གསལ་བ་ནི་བྱང་ཆུབ་བོ། །དེ་ཡང་ཆོས་ཀྱི་དབྱིངས་ལས་ཐ་མི་དད་པས་དེ་བཞིན་དུ་བྱང་ཆུབ་དེ་སྐྱེ་བ་མེད་དོ། །ཡོད་པ་མེད་དོ། །གྲུབ་པར་བྱ་བ་མེད་དོ། །དམིགས་པ་མེད་དེ། ཆོས་ཀྱི་དབྱིངས་ལས་ཐ་དད་པའི་བྱང་ཆུབ་མེད་པའི་ཕྱིར་རོ། །མེད་པ་ཉིད་ཀྱང་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་གང་ཡིན་པ་ཡོད་པ་ཉིད་ལ་དམིགས་པ་དེ་དག་ཁོ་ན་ལ་བྱང་ཆུབ་ཏུ་ཉེ་བར་གདགས་པའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་ཀྱི་རྟེན་པ་ཡོད་པ་རྫས་སུ་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱང་དེའི་རྟེན་དུ་ཇི་


DTG088_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འགྱུར་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ནམ་མཁའ་ལ་ནི་རྗེས་མེད་དེ། །གཟུགས་ཅན་གྱི་མཚན་ཉིད་རྗེས་མེད་པའི་ཕྱིར་རོ། །དེ་དེ་ཉིད་ཀྱིས་ན་མེད་དོ། །དེས་ན་མི་དམིགས་སོ། །ནམ་མཁའ་ལ་ཆ་ཤས་མེད་པས་བྱའི་རྗེས་མེད་ཅིང་མི་དམིགས་ཀྱང་ནམ་མཁའ་དེའི་གཞིར་ཡང་འགྱུར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུའོ། །བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཆོས་ཀྱི་དབྱིངས་ནི་མེད་ཅིང་མི་དམིགས་སོ། །དེས་ན་ཡང་ཆ་མེད་ཅིང་བྲལ་བས་ན་བྱང་ཆུབ་ནི་མེད་ཅིང་མི་དམིགས་ཏེ། བྱའི་རྗེས་བཞིན་ནོ། །དེ་ནི་དེའི་རྟེན་དུ་འགྱུར་ཏེ། དེ་ནི་བྱང་ཆུབ་ཀྱི་རྟེན་ནོ། །རྟོགས་པ་དྲུག་ནི་དྲོད་ལ་སོགས་པའི་རྟོག་པ་སྟེ། དོན་དམ་པ་རྟོགས་པ་ཉིད་ཀྱི་ཕྱིར་རོ། །དེ་དག་གི་ཁྱད་པར་ནི་དཔེའི་ཁྱད་པར་ལས་ཤེས་པར་བྱའོ། །དེ་ལ་གཞིའི་གཟུང་བ་ཡོད་པར་འགྱུར་བ་མ་ཡིན་པར་ངེས་པས་ན་དྲོ་བར་གྱུར་པ་ནི་བྱང་ཆུབ་པོ། །དེས་ན་དེའི་དེ་དང་འདྲ་བ་ཉིད་ཀྱི་དཔེ་ནི་རྨི་ལམ་ལ་སོགས་པ་སྟེ། འདི་ལྟར་རྨི་ལམ་ལ་སོགས་པ་ནི་རྨི་ལམ་ལ་སོགས་པ་ཉིད་ཀྱིས་ངེས་པར་རྨི་ལམ་ལ་སོགས་པའི་སྒྲར་བརྗོད་དོ། །དེའི་གཟུང་བའི་དངོས་པོའི་གནས་མི་དང༌། གླང་པོ་དང༌། རྟ་ལ་སོགས་པ་མེད་ཅིང་མི་དམིགས་ཏེ། དེ་ཉིད་མེད་པར་ངེས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཞེས་བྱ་བ་ལ། བྱང་ཆུབ་ནི་དྲོད་དོ། །དེའི་ཚིག་གི་དོན་དུ་མངོན་པར་འདོད་པའི་བདག་དང་སྐྱེ་མཆེད་དྲུག་གི་རང་གི་ངོ་བོ་ཡང་མེད་ཅིང་མི་དམིགས་ཏེ། ཀུན་བརྟགས་པ་ཉིད་ཀྱི་ཕྱིར་རོ། །དེས་ན་གང་ཟག་གི་ཆོས་ཀུན་བརྟགས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཆོས་ཀྱི་དབྱིངས་ཉིད་དེའི་རྟེན་ཏེ། དེའི་དེ་ནི་དྲོད་དུ་གྱུར་པའི་རྟེན་ནོ། །རྩེ་མོར་གྱུར་པའི་བྱང་ཆུབ་ནི་གཟུང་བའི་གཉེན་པོ་ཇི་ལྟར་སྣང་བ་མེད་པར་ངེས་པའི་ཕྱིར་རོ། །དེས་ན་དེའི་དེ་དང་འདྲ་བའི་དཔེ་ཉིད་ནི་ཡང་དག་པའི་མཐའ་ལ་སོགས་པ་སྟེ། གཟུང་བ་མེད་པར་ངེས་པའོ། །དེའི་གཟུང་བའི་གནས་ནི་ཡང་དག་པའི་མཐའ་ལ་སོགས་པའོ། །ལྷག་མ་ཡང་རྗེས་སུ་དཔག་པར་བྱ་སྟེ། དེ་ནི་རྩེ་མོར་གྱུར་པའི་རྟེན་ནོ། །བདག་གི་རྫས་དེ་ཉིད་ཀྱི་ཡང་གཟུགས་ལ་སོགས་པ་མེད་པར་ངེས་པ་ནི་བཟོད་པའི་བྱང་ཆུབ་པོ། དེས་ན་དེའི་དཔེ་ནི་སྒྱུ་མའི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །སྒྱུ་མ་ཉིད་དུ་ངེས་པའི་སྐྱེས་བུའི་


DTG088_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ནི་སྒྱུ་མའི་སྐྱེས་བུ་སྟེ། དེའི་གཟུགས་ལ་སོགས་པའི་གནས་དེ་ཉིད་ནི་སྐྱེས་བུའོ། །དེ་ཡང་མེད་ཅིང་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་བཟོད་པ་ལ་སྟེ། དེའི་ཕྱིར་གཟུང་བ་མེད་པར་ངེས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་པོ། །ལྷག་མ་ནི་རྗེས་སུ་དཔག་པར་བྱ་སྟེ། འདི་ནི་བཟོད་པར་གྱུར་པའི་རྟེན་ནོ། །བཏགས་པའི་བདག་ཉིད་ཀྱང་མེད་པར་ངེས་པའི་ཕྱིར། ཆོས་ཀྱི་མཆོག་གི་བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཟོད་བཞིན་ནོ། །དེས་ན་འདིའི་དཔེ་ནི་སྒྱུ་མའི་སྐྱེས་བུའི་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བཏགས་པ་པའི་ཡང་བདག་ཉིད་སེམས་ཅན་བཀག་པས་སྒྱུ་མའི་སྐྱེས་བུ་སྟེ། སྐྱེས་བུ་འདིའི་ཞེས་བྱ་བ་ནི་སྒྱུ་མའི་སྐྱེས་བུའོ། །དེའི་ནང་སྟོང་པ་ཉིད་ལ་སྤྱོད་པའི་ཞེས་བྱ་བ་ནི་བཞི་པའི་དོན་གྱི་དྲུག་པའོ། །བྱང་ཆུབ་འདོད་པའི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་ཉིད་ཚིག་གི་དོན་ཏོ། །རྟེན་གྱི་དངོས་པོ་ནི་བདག་དང་སྐྱེ་མཆེད་དེ་མེད་ཅིང་མི་དམིགས་པ་སྟེ། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་སྔ་མ་བཞིན་དུ་བཀག་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་སྟེ། ཆོས་ཀྱི་མཆོག་གི་བྱང་ཆུབ་པོ། །དེའི་རྟེན་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་ཆོས་ཀྱི་མཆོག་གི་རྟེན་ནོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཙམ་མཐོང་བའི་ཕྱིར་མཐོང་བའི་ལམ་གྱི་བྱང་ཆུབ་པོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་རྟོག་པའི་ཕ་རོལ་ཏུ་འགྲོ་བའི་ཕྱིར་རོ། །དེས་ན་དེའི་དཔེ་གསུངས་པ་ནི་དེ་བཞིན་གཤེགས་པའི་གཟུགས་ལ་སོགས་པའི་ཚིག་གི་དོན་ནི་ཀུན་བརྟགས་པར་མེད་དེ། ག་ལས་ཤེ་ན། གང་གི་ཕྱིར་དེ་མི་དམིགས་པས་སོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་མཐོང་བའི་ལམ་གྱི་རྟེན་ནོ། །བསྒོམ་པའི་ལམ་གྱི་འབྲས་བུ་ནི་སྒྲིབ་པ་ཐམས་ཅད་སྤོང་བའོ། །དེའི་རྣམ་གྲངས་ནི་སྐྱེ་བ་མེད་པ་ལ་སོགས་པ་སྟེ། དེས་ན་འདིར་ཉེ་བའི་རིགས་པས་འདིར་དཔེར་བསྟན་པ་སྟེ། ཇི་ལྟར་དེ་དག་གིས་ཚིག་གི་དོན་རྟེན་གྱི་དངོས་པོ་མེད་ཅིང་མི་དམིགས་ཏེ། འོན་ཀྱང་ཆོས་ཀྱི་དབྱིངས་ཉིད་ནི་རྟེན་ཏེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལའོ། །


DTG088_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཇི་ལྟར་མཐོང་བའི་དོན་དམ་པ་ཡོངས་སུ་གཅོད་པའི་ཕྱིར་རོ། དེ་ཉིད་ཀྱི་ཕྱིར་དེ་ཉིད་འདིར་བྱང་ཆུབ་སྟེ། དེའི་རྟེན་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་བསྒོམ་པའི་ལམ་གྱི་རྟེན་ནོ། །གཉེན་པོའི་སྣང་བའི་འོད་ནི་སྣང་བ་སྟེ་ཉི་མའི་འོད་དོ། །དེའི་གནས་ནམ་མཁའ་མེད་ཅིང་མི་དམིགས་ཏེ། གཟུགས་ཅན་གྱི་རྫས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་གཉེན་པོ་སྟེ། དེ་ཉིད་ཡིན་ལ་དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་དུ་སྟེ། དེ་ནི་གཉེན་པོའི་རྟེན་ནོ། །མི་མཐུན་པའི་ཕྱོགས་སྤངས་པའི་དཔེ་ནི་བསྐལ་པའི་མེ་འབར་བའི་ཚེ་ན་ས་ལ་སོགས་པའི་འདུ་བྱེད་ཐམས་ཅད་ཀྱི་རྟེན་པའི་གནས་མེད་པ་ཡིན་ཏེ། ཤི་བའི་འདུ་བྱེད་བཞིན་ནོ། །དེའི་གནས་ནི་ནམ་མཁའོ། །ཡང་ན་ས་ལ་སོགས་པའི་འདུ་བྱེད་ཟད་པར་འགྱུར་བ་ནི་དཔེ་སྟེ། དེ་དག་གི་རྟེན་ནི་མེད་དེ། གང་དུ་ཡང་མི་གནས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་གཉེན་པོར་གྱུར་བའོ། །ཆོས་ཀྱི་དབྱིངས་དག་པ་ནི་བྱང་ཆུབ་སྟེ། མི་མཐུན་པའི་ཕྱོགས་སྤངས་པའི་མཚན་ཉིད་དོ། །དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ཏེ་དེ་ནི་སྤོང་བའི་རྟེན་ནོ། །དེ་དག་ནི་གཉེན་པོ་དང་སྤོང་བ་དག་གོ །ཡོངས་སུ་གཏུགས་པ་ནི་མཐར་འགྲོ་བ་སྟེ། གཉེན་པོ་ཁྱད་པར་དུ་གྱུར་ཅིང་མཐར་ཐུག་པ་དང༌། མི་མཐུན་པའི་ཕྱོགས་ཟད་པའི་མཐར་ཐུག་པའོ། །དེ་ལ་དཔེ་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་སོགས་པ་ལ་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་ཟད་པའི་མཐར་ཐུག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་གཉེན་པོར་གྱུར་པ་ལའོ། །དེ་ཉིད་ནི་བྱང་ཆུབ་སྟེ། དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་དེ་དག་ཡོངས་སུ་གཏུགས་པའི་རྟེན་ནོ། །ཤེས་རབ་དང་སྙིང་རྗེའི་རྟེན་དེའི་དཔེ་ནི་ཉི་མ་དང་ཟླ་བའི་འོད་དེ། དེའི་གནས་ནི་ནམ་མཁའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཉམ་པ་དང༌། སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་ཤེས་པའོ། །དེ་གཉི་ག་ཡང་བྱང་ཆུབ་སྟེ། དོན་དམ་པ་ཤེས་པའི་ཕྱིར་རོ། །དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་


DTG088_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ནི་ཤེས་རབ་དང་སྙིང་རྗེའི་རྟེན་ནོ། །ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་ཡེ་ཤེས་ནི་སློབ་མ་དང་ཐུན་མོང་མ་ཡིན་པ་ཉིད་དོ། །ཉན་ཐོས་ལ་སོགས་པའི་ཡེ་ཤེས་ཀྱི་དཔེ་ནི་གཟའ་དང་རྒྱུ་སྐར་ལ་སོགས་པའི་འོད་དོ། །དེ་དག་གི་གནས་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་གང་ཟག་ལ་བདག་མེད་པ་དང༌། ནམ་མཁའི་ཕྱོགས་སོ། །དེ་གཉི་ག་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དོ། །དེ་ཉིད་བྱང་ཆུབ་སྟེ། ཉི་མ་དང་ཟླ་བའི་འོད་དང་འདྲ་ལ། དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནི་སློབ་མ་དང་ཐུན་མོང་མ་ཡིན་པའི་རྟེན་ནོ། །རྒྱལ་ཆེན་རིས་བཞི་ནས་འོག་མིན་གྱི་བར་གྱི་མཐར་ཐུག་པའི་རིམ་པ་ནི་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ཏེ། དེ་བསྟན་པ་ལས་ངེས་པར་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ཉེ་བར་གྱུར་པ་རིགས་པ་འདིས་དེ་དག་གི་འོད་ནི་གཞན་གྱི་དོན་གྱི་གོ་རིམས་ཀྱི་དཔེ་ཡིན་ནོ། །དེ་དག་གི་འོད་ཀྱི་གནས་ནི་ནམ་མཁའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནི་དེ་ཉིད་གོ་རིམས་སུ་སྟོན་པའོ། །དེ་ཉིད་སྟོན་པ་ནི་བྱང་ཆུབ་སྟེ། བྱང་ཆུབ་ཀྱི་རྩ་བ་ཉིད་ཀྱི་ཕྱིར་རོ། །དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་གཞན་གྱི་དོན་གྱི་གོ་རིམས་ཀྱི་རྟེན་ནོ། །ཡེ་ཤེས་རྩོལ་པ་མི་མངའ་བ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་སྟེ། དེ་ཉེ་བའི་རིགས་པ་འདིས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་དེ་འདྲ་བ་དཔེར་བསྟན་ཏོ། །དེའི་གནས་ནི་ནམ་མཁའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འབྱུང་བའི་ཡེ་ཤེས་སོ། །ཡེ་ཤེས་དེ་ཉིད་ནི་བྱང་ཆུབ་སྟེ། དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ལ། ཡེ་ཤེས་རྩོལ་བ་མི་མངའ་བ་དེ་ག་ལས་ཤེ་ནའོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །བྱང་ཆུབ་གང་ཡིན་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཡེ་ཤེས་གང་གིས་སོ། །བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་རོ། །ལྡན་པ་མ་ཡིན་པ་ནི་ཀུན་རྫོབ་ཏུ་ཐ་དད་པ་མེད་པ་མ་ཡིན་པའོ། །མི་ལྡན་པ་མ་ཡིན་ཞེས་བྱ་བ་ནི་དོན་དམ་པར་ཐ་དད་པ་མེད་པའོ། །གཟུགས་


DTG088_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མ་ཡིན་པ་ནི་གཟུགས་ཀྱི་ཕུང་པོ་མེད་པའོ། །དེ་མེད་པ་ནི་བེམས་པོ་ལ་གསལ་བ་དང་བྲལ་བའི་ཕྱིར་རོ། །གཟུགས་མེད་པའི་ཕྱིར་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ། །གལ་ཏེ་དེ་ལྟ་ན་ཡང་སྔོན་པོ་དང༌། སེར་པོ་ལ་སོགས་པའི་རང་གི་མཚན་ཉིད་ཀྱི་དབྱེ་བ་གྲུབ་པོ་ཞེ་ན། མཚན་ཉིད་གཅིག་པ་ཞེས་གསུངས་ཏེ། ཐ་དད་ན་ནི་ཅིག་ཅར་ཉམས་སུ་མྱོང་བ་དང་མི་ལྡན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་སྤྱིའི་མཚན་ཉིད་ཡོད་དོ་ཞེ་ན། འདི་ལྟར་མཚན་ཉིད་མེད་པ་ཞེས་གསུངས་སོ། །གང་གི་ཕྱིར་ཁྱད་པར་མེད་པས་སྤྱི་ཡང་མེད་པར་འགྱུར་ཏེ། དེ་བས་ན་དོན་དམ་པར་ནི་གསལ་བ་ཙམ་མཚན་ཉིད་མེད་པ་ཡིན་ནོ། །རང་ལ་རག་ལས་པའི་ཕྱིར་ལྷུན་གྱིས་གྲུབ་པ་ཉིད་དུ་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་མཐར་བྱང་ཆུབ་སེམས་དཔའ་རྣམས་ལ་གྲུབ་པོ། །རྒྱུ་གཞན་ཡང་ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱིས་ན་གང་གི་ཕྱིར་ཞེས་བྱ་བའི་སྒྲ་ནི་རྒྱུའོ། །རྟོག་པ་མེད་པ་ནི་འདུ་ཤེས་མེད་པ་སྟེ། དེས་ན་ཆགས་པ་མེད་པ་ཉིད་དོ། །རྣམ་པར་རྟོག་པ་མེད་པ་ནི་མངོན་པར་ཞེན་པ་མེད་པའོ། །དེས་ན་ཡང་དག་པར་མེད་པ་ཉིད་དེ། དེས་ན་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་རྩོལ་བ་མེད་པར་ཤེས་པར་བྱའོ། །དེས་ན་ཡང་ཐམས་ཅད་དུ་རྩོལ་བ་མི་མངའ་བས་ཡེ་ཤེས་མཐར་གྲུབ་པ་སྟེ། དེ་ནི་ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་ནོ། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ནི་རིགས་ཞེས་བརྗོད་དེ། དེ་ཡང་ཐམས་ཅད་དུ་རོ་གཅིག་པ་ཡིན་པའི་ཕྱིར་ཐ་མི་དད་དོ། །ཐ་དད་པ་མ་ཡིན་པའི་ཕྱིར་འདི་ནི་ཉན་ཐོས་ཀྱི་རིགས་སོ། །འདི་ནི་སངས་རྒྱས་ཀྱི་རིགས་སོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་སོ་ཞེས་རིགས་ཐ་དད་པར་རུང་བ་མ་ཡིན་ནོ་ཞེ་ན། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་བྱ་བ་ནི་ལེན་ནོ། །ཉན་ཐོས་ཀྱི་ཆོས་རྣམས་ཀྱི་རྟེན་གྱི་དབྱིངས་གང་ཡིན་པ་དེ་ནི་དེའི་རིགས་སོ། །གང་རང་སངས་རྒྱས་ཀྱི་གང་ཡིན་པ་དང༌། གང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གང་ཡིན་པའི་ཡང་དེ་བཞིན་ནོ། །དཔེར་ན་བུམ་པར་ཁྱད་


DTG088_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པར་མེད་ཀྱང་ཁ་ཅིག་ནི་ཏིལ་མར་གྱི་བུམ་པ། ཁ་ཅིག་ནི་སྦྲང་རྩིའི་བུམ་པ་ལྟ་བུའོ། །སྒྲུབ་པའི་རྟེན་བརྗོད་ནས། དེའི་དམིགས་པ་བརྗོད་པར་བྱ་སྟེ། དེ་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོགས་པ་དང༌། །གང་དག་འཇིག་རྟེན་འདས་འདོད་དང༌། །ཟག་བཅས་ཟག་པ་མེད་ཆོས་དང༌། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང༌། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་བྱ་བ་གསུངས་ཏེ། དགེ་ལ་སོགས་པ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །རྟོགས་པར་བྱ་བས་ན་རྟོགས་པ་སྟེ། དགེ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྟོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྟོགས་པའོ། །དེ་དག་ནི་ཕུང་པོ་གཉིས་ཏེ་ལྷག་མ་ནི་རྟོགས་པར་སླའོ། །འདི་དག་གི་བཤད་པ་ནི་མདོ་ཉིད་ལས་བསྟན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས་ཞེས་བྱ་བ་ནས། རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་ཕྱིར་བླང་བར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ། འདིར་བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེས་ན་ཐུན་མོང་མ་ཡིན་པ་ཉིད་དོ། །སྒྲུབ་པའི་དམིགས་པ་བཤད་ནས་དེའི་ཆེད་དུ་བྱ་བ་བཤད་པར་བྱ་སྟེ། དེའི་སྐབས་སུ། རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ལ་སོགས་པ་ལ། གང་བྱང་ཆུབ་སེམས་དཔའ་དེ་ཇི་ལྟར་སེམས་དཔའ་ཆེན་པོ་ཞེས་བྱ་བའི་སྒྲར་བརྗོད་ཅེ་ན་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་གྱི་ཕུང་པོ་ཆེན་པོའི་ཕུལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྙམ་དུ་སེམས་ཅན་གྱི་ཕུང་པོ་ཆེན་པོའི་མཆོག་བྱེད་པར་འདོད་པའི་བསམ་པ་གང་ཡིན་པ་དེ་ནི་འདིར་སེམས་པ་སྟེ། སྤྱིའི་སྒྲར་ཡང་ཁྱད་པར་ལ་བརྗོད་པའི་ཕྱིར་རོ། །ཆེན་པོ་གསུམ་གྱི་ཆེ་བའི་སེམས་པ་འདི་ལ་ཡོད་པས་ན་སེམས་དཔའ་ཆེན་པོའོ། །ཆེན་པོ་གསུམ་གང་ཞེ་ན། སེམས་ཆེན་པོ་ཉིད་དང༌། སྤོང་བ་ཆེན་པོ་ཉིད་དང༌། རྟོགས་པ་ཆེན་པོ་ཉིད་དེ། མདོ་ཇི་ལྟ་བ་བཞིན་ནོ། །དེ་ལ་སེམས་ཆེན་པོ་ནི་བཅོམ་ལྡན་འདས་ཀྱིས་


DTG088_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྟ་བུའི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ལྟ་བ་ཐམས་ཅད་སྤང་བའི་ཕྱིར་སྟོན་པར་བྱེད་པ་ནི་སྤོང་བ་ཆེན་པོ་སྟེ། ཤཱ་རིའི་བུས་གསོལ་པའོ། །དེ་ནས་བྱང་ཆུབ་སེམས་ལ་སོགས་པ་ལ་ཡང་ཆགས་པ་མེད་པ་ཉིད་ནི་རྟོགས་པ་ཆེན་པོ་ཉིད་དུ་རབ་འབྱོར་གྱིས་འཕགས་པ་གང་པོའི་ཚིག་གི་སྔོན་དུ་བསྟན་ཏོ། །དེའི་ཕྱིར། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདི་ཞེས་བྱ། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །ཆེད་དུ་གཉེར་བ་ཡིན་པས་ན་ཆེད་དུ་བྱ་བ་སྟེ། ལས་སུ་སྒྲུབ་པའོ། །འདི་ནི་རང་བྱུང་གི་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་པར་ཤེས་པར་བྱའོ། །གང་སེམས་ཅན་ཐམས་ཅད་ཀྱི་མཆོག་ནི་ཅི་འདྲ་ཞེ་ན། ཆེན་པོ་གསུམ་གྱིས་བསྒྲུབ་པར་བྱའོ། །གསུམ་པོ་གང་དག་ཅེ་ན། སེམས་དང༌། སྤོང་བ་དང༌། རྟོགས་པ་ཉིད་གསུམ་མོ། །དེའི་ཕྱིར་དེ་ལ་དེ་རྣམས་དང་འབྲེལ་པའི་ཕྱིར་དེ་ཡང་ཆེན་པོའོ། །དེ་ལ་སེམས་དཔའ་བ་ཡིན་པ་དེ་ཡང་ཆེན་པོའོ། །དེས་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ། །སྒྲུབ་པའི་རྟེན་དང་དམིགས་པ་དང་ཆེད་དུ་བྱ་བ་བརྗོད་ནས་སྒྲུབ་པ་དག་བཤད་པར་བྱ་སྟེ། དེ་ལ་གནས་བརྟན་གང་བོས་གོ་ཆ་དང་འཇུག་པའི་སྒྲུབ་པའི་སྐབས་བསྟན་ཏོ། །གོ་ཆ་ཆེན་པོ་བགོས་པའི་སེམས་ནི་སེམས་དཔའ་ཆེན་པོ་སྟེ། ཚིག་བར་མ་མི་མངོན་པར་བསྡུས་པའོ། །དེ་ནི་དང་པོའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཤིང་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ནི་སེམས་དཔའ་ཆེན་པོ་སྟེ། དེ་ནི་གཉིས་པའོ། །གོ་ཆ་ནི་ཐམས་ཅད་ཉེ་བར་བསྡོགས་པས་གོ་བགོས་པ་སྟེ། དཔུང་གི་ཚོགས་གོ་ཆ་བགོས་པ་བཞིན་ནོ། །རེ་རེ་ལ་ཡང་ཐམས་ཅད་ཉེ་བར་གནས་པ་ནི་གོ་ཆ་ཆེན་པོའོ། །འཕགས་པ་ཤཱ་རིའི་བུས་ཇི་ཙམ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་སྨྲས་སོ། །འཕགས་པ་གང་པོས་འདི་ལ་ཞེས་བྱ་བ་ལ་སོགས་པ་ནས། དེ་ནས་འདི་ལྟར་ཞེས་བྱ་བ་ལ་སོགས་པའི་བར་གྱིས་གསུངས་སོ། །འདི་ཡང་སོ་སོར་སྦྱིན་པ་ལ་སོགས་པ་ལ་གནས་ཞེས་བྱ་བ་ནི་མི་གནས་པའི་ཚུལ་གྱིས་གནས་པ་སྟེ། བྱ་བ་དང་བྱེད་པ་པོ་སྒྱུ་མ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ། །འདི་དག་གིས་ནི་ཤེས་རབ་ཀྱི་ཕ་རོལ་


DTG088_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་ལ་ཉེ་བར་གནས་པ་གསུངས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ནི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཞེས་བྱ་བའི་དོན་ཏོ། །དེས་ནི་གསུམ་པོ་འདི་དག་གིས་ཉེ་བར་གནས་པ་སྟོན་པར་བྱེད་དོ། །འདི་ལྟར་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པས་མི་བྱེད་ཅིང༌། ཡོངས་སུ་སྤངས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དེ་དག་ལ་བཟོད་པ་དང༌། འདོད་པ་དང༌། ཉེ་བར་སྤྱོད་པ་ནི་དད་པ་དང༌། དགའ་བ་དང༌། གུས་པའི་མཚན་ཉིད་དེ། དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡང་དེ་དག་ལ་སེམས་བརྟན་ཞིང་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པའི་སྐབས་མི་འབྱེད་དེ། དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་ཡང་འདི་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་ཞིང་སེམས་ཅན་ཐམས་ཅད་ཀྱང་དེ་དག་ལ་གཞག་པར་བྱའོ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་བསྔོའོ་ཞེས་དགོངས་པ་ཡིན་ནོ། །དེ་ལ་འདིས་ནི་ཉེ་བར་གནས་པ་གཉིས་སྟོན་ཏེ། འདི་ལྟར་སེམས་ཅན་ཐམས་ཅད་དང་ཐུན་མོང་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་སྦྱིན་པ་ཆེན་པོ་ལ་སྤྲོ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་འདིས་སོ། །དེའི་འོག་ཏུ་ཁྱད་པར་གྱི་མཚན་ཉིད་ནི་དྲུག་ཚན་དྲུག་གིས་གསུངས་སོ། །དེའི་འོག་ཏུ་ཐབས་ལ་མཁས་པ་གཉིས་པོ་གང་ཡིན་པ་དེ་ཡང་གོ་རིམས་བཞིན་དུ་ལྔ་པ་དང་དྲུག་པ་དག་ལ་དྲུག་ཏུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་གནས་པའོ། །ཐ་མས་ནི་གོ་ཆའི་སྒྲུབ་པའི་ཕན་ཡོན་སྟོན་ཏོ། །དེས་ན་བསྟན་བཅོས་མཛད་པས། སྦྱིན་པ་ལ་སོགས་རྣམ་དྲུག་ལ། །དེ་དག་སོ་སོར་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་བྱ་བ་ལ་གསུངས་པ། སྦྱིན་པ་ལ་སོགས་རྣམ་དྲུག་ལ། །ཞེས་བྱ་བ་ནི་སྦྱིན་པ་ནས་ཤེས་རབ་ཀྱི་བར་རོ། །སོ་སོ་ཞེས་བྱ་བ་ནི་རེ་རེ་ལའོ། །དེ་དག་བསྡུས་པ་ནི་ཐམས་ཅད་ཉེ་བར་གནས་པའོ། །གང་གོ་ཆ་ཆེན་པོའི་སྒྲུབ་པའི་ངོ་བོ་ནི་གོ་ཆའི་སྒྲུབ་པ་སྟེ།


DTG088_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཚན་དྲུག་གིས་མདོ་ལས་ཇི་ལྟར་གསུངས་པ་བཞིན་ནོ། །གོ་ཆའི་སྒྲུབ་པ་བཤད་ནས། འཇུག་པའི་སྒྲུབ་པ་བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་མཛད་པས། བསམ་གཏན་གཟུགས་མེད་པ་སྦྱིན་སོགས་དང༌། །ལམ་དང་བྱམས་ལ་སོགས་པ་དང༌། །དམིགས་པ་མེད་དང་ལྡན་པ་དང༌། །འཁོར་གསུམ་རྣམ་པར་དག་པ་དང༌། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་ཏེ། འགྲོ་བའི་རྩོམ་པ་ནི་འཇུག་པའི་སྒྲུབ་པའོ། །དེ་ཉིད་ཐེག་པ་ཆེན་པོའི་ལམ་གྱི་རང་བཞིན་ལ་འཛེག་པར་བྱེད་པའོ། །དེ་ཡང་བསམ་གཏན་དང་གཟུགས་མེད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཏེ། དེས་ན་རྣམ་པ་དགུའོ། །མདོ་ལས། ཤཱ་རིའི་བུས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ཤཱ་རིའི་བུས་དྲིས་པའོ། །གང་པོས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ཉོན་མོངས་པའི་འདོད་པ་དག་དང་བྲལ་བའི་ཕྱིར་དང༌། དངོས་པོའི་འདོད་པ་དག་ལ་མི་དམིགས་པའི་ཕྱིར་རོ། །སྡིག་པ་མི་དགེ་བའི་ཆོས་ཀྱིས་དབེན་པ་ཞེས་བྱ་བ་ལ། འདོད་པའི་ཉོན་མོངས་པ་དག་ནི་འདོད་པའི་རྒྱུ་སྟེ། ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དག་གིས་སོ། །རྟོག་པ་དང་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་པ་དག་གི་གཉེན་པོ་རྟོག་པ་དང་དཔྱོད་པ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །དབེན་པ་ལས་སྐྱེས་པ་ནི་འདོད་པ་དག་ལས་དབེན་པར་སྐྱེས་པའོ། །དགའ་བ་དང་བདེ་པ་ཞེས་བྱ་བ་ནི་འདོད་པའི་དོན་སྒྲུབ་པ་དང༌། ལུས་དང་སེམས་ཤིན་ཏུ་སྦྱངས་པའི་དགའ་བ་དང་བདེ་བ་དང་བཅས་པའོ། །བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པའོ། །གནས་སོ་ཞེས་བྱ་བ་ནི་རང་གི་རྗེས་སུ་མྱོང་བའོ། །དེ་བཞིན་དུ་གཉིས་པ་ཞེས་བྱ་བ་ནི་དེ་རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་ཉེ་བར་ཞི་བས་ནང་ཡོངས་ས་དང་བ་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པའི་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་དོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དག་ལ་སེམས་འཁྲུག་པར་བྱེད་པ་ཉིད་ཀྱི་སྐྱོན་མཐོང་ནས་དེ་དག་ལས་


DTG088_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་སྟེ་སེམས་ཡང་དག་པར་འཛིན་ཏོ། །རྣམ་པར་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སོ། །སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་རྒྱུན་མི་འཆད་པར་འཇུག་པ་མེད་པའོ། །རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པའི་ཕྱིར་རོ། །གསུམ་པ་ཞེས་བྱ་བ་ནི་དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་དེ་ནི་རིགས་པ་ཡིན་པའི་ཕྱིར་རོ། །བཏང་སྙོམས་པའོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའི་དགའ་བ་ལ་བཏང་སྙོམས་པའི་ཕྱིར་རོ། །དྲན་པ་དང་ལྡན་ཤེས་བཞིན་དུ། །ཞེས་བྱ་བ་ནི་ཤེས་རབ་ལན་མང་དུ་བྱས་པས་དགའ་བའི་སྐབས་མི་འབྱེད་པའི་ཕྱིར་རོ། །བདེ་བ་ཞེས་བྱ་བ་ནི་ཚོར་བའི་བདེ་བ་དང་ཤིན་ཏུ་སྦྱངས་པའི་བདེ་བའོ་དང་ཤིན་ཏུ་སྦྱངས་པའི་བདེ་བའོ། །ལུས་ཀྱི་ཞེས་བྱ་བ་ནི་གཟུགས་ཀྱི་ལུས་དང་སེམས་ཀྱི་ལུས་ཀྱིས་སོ། །འཕགས་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། བདེ་བ་ལ་གནས་སོ་ཞེས་བྱ་བའི་བར་གྱིས་འདི་ཉིད་བསམ་གཏན་པ་འདིའོ་ཞེས་བྱ་བ་ནི་ལྷག་མའོ། །བཞི་པ་ཞེས་བྱ་བ་ནི་དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྔ་ནས་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ནུབ་པས་སྡུག་བསྔལ་ཡང་མེད་པ་བདེ་བ་ཡང་མེད་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ། དེ་ལ་བདེ་བ་སྤངས་པ་ནི་བསམ་གཏན་བཞི་པའོ། །སྡུག་བསྔལ་གྱི་ནི་གཉིས་པའོ། །དེ་ཉིད་ཀྱི་ཕྱིར་སྔ་ནས་ཞེས་བྱ་བ་སྨོས་སོ། །ཡིད་བདེ་བ་ནི་གསུམ་པ་ལའོ། །ཡིད་མི་བདེ་བ་ནི་གཉིས་པ་ལའོ། །སྔ་ཉིད་ནས་ཞེས་བྱ་བར་རྗེས་སུ་འབྲང་ངོ༌། །བཏང་སྙོམས་ཉིད་ནི་འདིར་ཚོར་བ་སྟེ། སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པའོ། །དེས་ནི་བདེ་བ་ཡང་མེད་སྡུག་བསྔལ་མེད་ཅེས་བྱ་བ་གསུངས་སོ། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པས་ཞེས་བྱ་བ་དེ་དག་ནི་འདིར་ཤིན་ཏུ་རྣམ་པར་དག་པ་ཐོབ་པའི་ཕྱིར་


DTG088_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དག་ནི་གཉེན་པོའི་ཡན་ལག་གོ །དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །སེམས་རྩེ་གཅིག་པ་ཉིད་ནི་དེ་གཉི་གའི་གནས་ཀྱི་ཡན་ལག་གོ །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་ཡོངས་སུ་དང་བ་ནི་གཉེན་པོའི་ཡན་ལག་གོ །ཡན་ལག་ལྷག་མ་ནི་སྔ་མ་བཞིན་ནོ། །གསུམ་པ་ལ་ནི་ཡན་ལག་ལྔ་སྟེ། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་ནི་གཉེན་པོའི་ཡན་ལག་གོ །བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །ལྷག་མ་ནི་སྔ་མ་བཞིན་ནོ། །བཞི་པ་ལ་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་གོ །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་ཕན་ཡོན་གྱི་ཡན་ལག་གོ །ལྷག་མ་ནི་སྔ་མ་བཞིན་ནོ། །གཟུགས་མེད་པའི་དབང་དུ་བྱས་ནས་དེ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ། གཟུགས་ཀྱི་འདུ་ཤེས་ནི་སྔོན་པོ་དང༌། སེར་པོ་ལ་སོགས་པའི་འདུ་ཤེས་སོ། །དེ་དག་ལ་མ་ཆགས་པ་ནི་དེ་དག་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། ཐམས་ཅད་དུ་ནམ་མཁའི་འདུ་ཤེས་བསྒོམས་པས་སྣང་བ་མེད་པའི་ཕྱིར་རོ། །ཐོགས་པའི་འདུ་ཤེས་ཞེས་བྱ་བ་ནི་རྩིག་པ་དང༌། ར་བ་ལ་སོགས་པའི་སྒྲིབ་པའི་འདུ་ཤེས་སོ། །སྣ་ཚོགས་ཀྱི་འདུ་ཤེས་ཞེས་བྱ་བ་ནི་ཁང་བཟངས་དང༌། སྐྱེད་མོས་ཚལ་དང༌། རི་དང༌། ཆུ་བོ་དང༌། ཟླ་བ་དང༌། ཉི་མ་ལ་སོགས་པའི་འདུ་ཤེས་སོ། །ནམ་མཁའ་མཐའ་ཡས་ཞེས་བྱ་བ་ནི་འདི་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་དམིགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ། །ཇི་ལྟར་


DTG088_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་ཡང་དག་པར་འདས་ཤེ་ན། དེ་རྣམ་པར་ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་པར་མོས་པ་དེ་དེ་ཉིད་མཐའ་ཡས་པ་ལས་གྲོལ་བ་སྟེ། རྣམ་པ་ཐམས་ཅད་དུ་ནམ་མཁའི་འདུ་ཤེས་བཟློག་པའི་ཕྱིར་རོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ། རྣམ་ཤེས་མཐའ་ཡས་ལས་གྱེན་དུ་བསྐྱོད་པའི་དམིགས་པ་ཅུང་ཟད་ཀྱང་མི་མཐོང་བ་དེ་ནི་ཅུང་ཟད་མེད་པ་ཉིད་དུ་དམིགས་པ་བྱས་ཏེ་སྙོམས་པར་ཞུགས་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ། ཅུང་ཟད་མེད་པའི་འདུ་ཤེས་ལས་ཀྱང་ཆགས་པ་དང་བྲལ་ནས་དེ་ལས་ཀྱང་ཟློག་པར་བྱེད་དེ། ཅུང་ཟད་མེད་པའི་འདུ་ཤེས་ཀྱང་སྔ་མ་ཉིད་ནས་བཟློག་པས་འདུ་ཤེས་མེད་པའོ། །འདུ་ཤེས་ཕྲ་བར་འཇུག་པ་ཉིད་དེ། དེས་ན་འདུ་ཤེས་མེད་མིན་ནོ། །གང་ལ་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་འཛིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །བསམ་གཏན་དང་གཟུགས་མེད་པ་བརྒྱད་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཉིན་རེ་ཞིང་སྙོམས་པར་ཞུགས་པ་དེའི་སྔོན་དང་ཕྱིས་ནི་ནམ་མཁའི་རྣམ་པ་དང༌། རྟགས་དང༌། མཚན་མ་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ལ་ཆོས་འདི་དག་ཐམས་ཅད་དང་ལྡན་པ་ཡང་མ་ཡིན་པ་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་ནམ་མཁའི་རྣམ་པ་སྟེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཁས་མི་ལེན་པའི་ཕྱིར་རོ། །གཟུགས་ཅན་མ་ཡིན་པ་དང༌། བསྟན་དུ་མེད་པ་དང༌། ཐོགས་པ་མེད་པ་ཞེས་བྱ་བ་ནམ་མཁའི་རྟགས་ཏེ། དེ་དང་ཆོས་མཐུན་པའི་ཕྱིར་རོ། །མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཞེས་བྱ་བ་ནི་ནམ་མཁའི་མཚན་མ་སྟེ། ནམ་མཁའ་ལྟ་བུར་སྟོང་པ་ཉིད་ཀྱི་མཚན་མར་སྣང་བའི་ཕྱིར་རོ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་འགྱུར་རོ། །གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཉན་ཐོས་ལ་སོགས་པའི་


DTG088_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱེད་པ་གཏན་དུ་སྤངས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ལྷག་མ་ནི་གོ་ཆ་དྲུག་གི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་དེ་ལྟ་བུའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ། །ལམ་ལ་འཇུག་པ་ཡང་མདོ་ཇི་ལྟ་བ་བཞིན་ཏེ། ལམ་གྱི་རབ་ཏུ་དབྱེ་བ་ཡང་ལམ་གྱི་ཚོགས་ནས་རྣམ་པར་འགྲེལ་བར་འགྱུར་རོ། །ཚད་མེད་པའི་རབ་ཏུ་འཇུག་པ་བཤད་པར་བྱ་སྟེ། སེམས་ཅན་དཔག་ཏུ་མེད་པས་དམིགས་པའི་ཕྱིར་ཚད་མེད་པའོ། །དེ་ནི་བཞི་སྟེ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སོ། །དེ་ལ་བདེ་བ་ཡང་དག་པར་ལྡན་པའི་བསམ་པ་ནི་བྱམས་པའོ། །སྡུག་བསྔལ་དང་བྲལ་བའི་བསམ་པ་ནི་སྙིང་རྗེའོ། །བདེ་བ་དང་མི་འབྲལ་བའི་བསམ་པ་ནི་དགའ་བའོ། །ཀུན་ནས་ཉོན་མོངས་པ་དང་མི་ལྡན་པའི་བསམ་པ་ནི་བཏང་སྙོམས་སོ། །ཀྱེ་མ་མ་ལ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་སྨོན་པ་དང༌། སྡུག་བསྔལ་དང་བྲལ་བར་སྨོན་པ་དང༌། བདེ་བ་དང་མི་འབྲལ་བར་སྨོན་པ་དང༌། ཉོན་མོངས་པ་ལས་གྲོལ་བར་སྨོན་པ་དང༌། བཞི་པོ་ཡང་མོས་པས་སྤྱོད་པའི་ས་ལ་ནི་སེམས་ཅན་ལ་དམིགས་པའོ། །རབ་ཏུ་དགའ་བ་ལ་སོགས་པ་བདུན་ལ་ནི་ཆོས་ལ་དམིགས་པའོ། །དེ་ལས་གོང་མར་གྱུར་པ་རྣམས་ལ་ནི་དམིགས་པ་མེད་པའོ། །བྱམས་པ་དང་ལྡན་པའི་སེམས་ཀྱིས་ཞེས་བྱ་བ་ལ། འདི་ཙམ་གྱིས་ནི་ཡོན་ཏན་དང་ལྡན་པར་བསྟན་ཏོ། །ལྷག་མས་ནི་ཡོན་ཏན་བསྟན་ཏོ། །ཡངས་པ་ཞེས་བྱ་བས་ནི་བསམ་པ་ཆེན་པོ་བསྟན་ཏོ། །ཆེན་པོས་ཞེས་བྱ་བས་ནི་འཕེལ་བའོ། །ཚད་མེད་པས་ཞེས་བྱ་བས་ནི་དམིགས་པ་ལས་སོ། །མི་གཉིས་པ་ཞེས་བྱ་བས་ནི་བདག་ཉིད་གཅིག་པ་ཉིད་ཀྱིས་རྣམ་པར་མི་རྟོག་པའི་ཕྱིར་རོ། །འགྲན་ཟླ་མེད་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་སྤངས་པའི་ཕྱིར་རོ། །དེ་ལ་བྱམས་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ནི་གོ་རིམས་བཞིན་དུ་གནོད་སེམས་དང༌། རྣམ་པར་འཚེ་བ་དང༌། མི་དགའ་བ་དང༌། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དག་གོ །ལྷོད་པ་མེད་པ་ཞེས་བྱ་བ་ནི་གཉིད་དང༌། རྨུགས་པ་ཉེ་བར་ཞི་བའི་ཕྱིར་རོ། །སྒྲིབ་པ་མེད་པ་ཞེས་བྱ་བ་ནི་རྒོད་པ་དང་འགྱོད་པ་ཉེ་བར་ཞི་བའི་ཕྱིར་རོ། །གནོད་པ་མེད་པ་


DTG088_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་གསུམ་པོ་དེ་དག་ཉིད་ཀྱིས་སེམས་དྲི་མ་དང་བྲལ་བའི་ཕྱིར་རོ། །ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་ནི་བཤེས་དང་དགྲ་དང་ཐ་མལ་པ་གསུམ་པོ་དག་ལ་ཡང་དག་པར་རབ་ཏུ་འཇུག་པའི་ཕྱིར་རོ། །ཤིན་ཏུ་བསྒོམས་པ་ཞེས་བྱ་བ་ནི་ཇི་སྐད་བརྗོད་པའི་རྣམ་པས་གསུམ་པོ་དག་ལ་མཉམ་པ་ཉིད་དུ་གྱུར་པའི་ཕྱིར་རོ། །རྒྱས་པར་ཡང་ཞེས་བྱ་བ་ནི་ཁྱབ་པའོ། །འཇིག་རྟེན་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ནི་ལྷ་དང༌། ཀླུ་དང༌། གནོད་སྦྱིན་ལ་སོགས་པའི་དབྱེ་བས་ཐམས་ཅད་དང་ལྡན་པའོ། །ཕྱོགས་གཅིག་ཅེས་བྱ་བ་ནི་ཕྱོགས་གཅིག་ཏུ་གྱུར་པའོ། །གང་དུ་ཞེ་ན། འཇིག་རྟེན་དུ་ཞེས་གསུངས་ཏེ་སྣོད་ཀྱི་འཇིག་རྟེན་དུའོ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་བཞིན་དུ་མཐའ་ཡས་པའོ། །ནམ་མཁའི་ཁམས་བཞིན་དུ་འདི་ལ་མཐའ་གཏུགས་པ་ཡོད་པས་ན་དེ་སྐད་ཅེས་བྱའོ། །ཉེ་བར་བསྒྲུབས་ཏེ་ཞེས་བྱ་བ་ནི་སེམས་ཡང་དག་པར་བྱས་པས་སོ། །གནས་སོ་ཞེས་བྱ་བས་ནི་འཕགས་པའི་གནས་པས་སོ། །ཕྱོགས་བཅུར་ཞེས་བྱ་བ་ནི་ཕྱོགས་བཅུར་གྱུར་པའོ། །དེ་ལྟར་ཞེས་བྱ་བ་ནི་རྟོགས་པར་སླའོ། །སེམས་ཡངས་པ་ཞེས་བྱ་བ་ནི་སྙིང་རྗེ་དང་དགའ་བ་དག་ལ་ཡང་བརྗོད་པར་བྱའོ། །ཚད་མེད་པ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་བཞིན་དུ་མདོའི་རྗེས་སུ་འབྲང་སྟེ། དེ་ནི་ཚད་མེད་པའི་འཇུག་པའོ། །དེའི་འོག་ཏུ་ཚིག་དྲུག་གིས་ནི་ཐེག་པ་ཆེན་པོ་ལ་མི་དམིགས་པ་དང་ལྡན་པའི་འཇུག་པའོ། །འཁོར་གསུམ་ཡོངས་སུ་དག་པའི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ། །བསྒོམ་པ་དང་རྣམ་པར་བསྒོམ་པའི་དོན་དུ་ཞེས་བྱ་བ་ལ། བསྒོམ་པ་ཞེས་བྱ་བ་ནི་བསྒོམ་པར་བྱ་བ་དང༌། སྒོམ་པ་པོའི་གཟུགས་ལ་སོགས་པ་ཅུང་ཟད་ཀྱང་མེད་པའོ། །དེ་བས་ན་ཆོས་འདི་དག་ཐམས་ཅད་ནི་མིང་ཙམ་སྟེ། དེ་ནི་བསྒོམ་པའོ། །དེའི་རྣམ་པར་བསྒོམ་པ་ནི་དམིགས་པ་མེད་པའོ། །དེའི་དོན་ནི་བསྒོམ་པའི་དེའི་དོན་དུ་སྟེ། ཆེད་དུ་བྱ་བའི་འཇུག་པའོ། །མངོན་པར་ཤེས་པ་དྲུག་གི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ། །འཇུག་པའི་སྒྲུབ་པ་བཤད་ནས་ཚོགས་ཀྱི་བསྒྲུབ་པ་བཤད་པར་བྱ་སྟེ། དེ་ཡང་བསྟན་


DTG088_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མཛད་པས། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང༌། །ཟུང་དུ་འབྲེལ་བའི་ལམ་གང་དང༌། །ཐབས་ལ་མཁས་པ་གང་ཡིན་དང༌། །ཡེ་ཤེས་དང་ནི་བསོད་ནམས་དང༌། །ལམ་དང་གཟུངས་དང་ས་བཅུ་དང༌། །གཉེན་པོའི་ཚོགས་ཀྱི་བསྒྲུབ་པ་ཡི། །རིག་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཚོགས་ནི་བཅུ་བདུན་ཏེ། སྙིང་རྗེའི་ཚོགས་དང༌། སྦྱིན་པའི་ཚོགས་དང༌། ཚུལ་ཁྲིམས་ཀྱི་ཚོགས་དང༌། བཟོད་པའི་ཚོགས་དང༌། བརྩོན་འགྲུས་ཀྱི་ཚོགས་དང༌། བསམ་གཏན་གྱི་ཚོགས་དང༌། ཤེས་རབ་ཀྱི་ཚོགས་དང༌། ཞི་གནས་ཀྱི་ཚོགས་དང༌། ལྷག་མཐོང་གི་ཚོགས་དང༌། ཟུང་དུ་འབྲེལ་བའི་ལམ་གྱི་ཚོགས་དང༌། ཐབས་ལ་མཁས་པའི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་དང༌། བསོད་ནམས་ཀྱི་ཚོགས་དང༌། ལམ་གྱི་ཚོགས་པ་དང༌། གཟུངས་ཀྱི་ཚོགས་དང༌། སའི་ཚོགས་དང༌། གཉེན་པོའི་ཚོགས་སོ། །དེ་ལ་སྙིང་རྗེའི་ཚོགས་ནི་སེམས་ཅན་ཤིན་ཏུ་མང་པོ་རྣམས་ངན་སོང་དག་ལས་རྣམ་པར་བཀྲོལ་ཏེ། ལྷ་དང་མིའི་དངོས་པོ་ལ་སོགས་པ་ཐོབ་པར་བྱེད་པ་ལས་སྙིང་རྗེའི་ཚོགས་ཏེ། མདོ་ཇི་ལྟ་བ་བཞིན་ནོ། །སྦྱིན་པ་ལ་སོགས་པ་དྲུག་གི་ཚོགས་ནི་མདོ་ཇི་ལྟ་བ་བཞིན་ནོ། །བདག་གམ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལ་རབ་ཏུ་འགོད་པ་ནི་ཞི་གནས་ཏེ། དེ་ནི་ཞི་གནས་ཀྱི་ཚོགས་སོ། །སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་ལམ་དེའི་འབྲས་བུ་ལ་རབ་ཏུ་འགོད་པ་འདི་ནི་ཞི་གནས་ཀྱི་ཚོགས་གཞན་ནོ། །སེམས་ཅན་གཞལ་དུ་མེད་པ་རྣམས་ཕ་རོལ་ཏུ་ཕྱིན་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་བཀོད་ཀྱང་འགའ་ཡང་བཀོད་པ་མེད་དེ། སྤྲུལ་པ་ལྟ་བུ་ཉིད་ཀྱི་ཕྱིར་དང༌། ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་དང༌། ཆོས་ཐམས་ཅད་མ་བྱས་རྣམ་པར་མ་བྱས་པ་མངོན་པར་འདུས་མ་བྱས་པའི་ཕྱིར་རོ། །རྣམ་པར་མ་བྱས་པ་ནི་འཕེལ་བ་དང་ཉམས་པ་དག་གོ །མངོན་པར་འདུས་བྱས་པ་ནི་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱིས་སོ། །དེ་ནི་ལྷག་མཐོང་གི་ཚོགས་སོ། །ཞི་གནས་དང་ལྷག་མཐོང་ནི་ཟུང་ངོ༌། །དེ་དང་འབྲེལ་བའི་ཕྱིར་ཟུང་དུ་འབྲེལ་བའི་ལམ་མོ། །འབྲེལ་ཞིང་བཅིངས་པ་ནི་ཡང་དག་པར་


DTG088_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའོ། །གྲོལ་བ་ནི་མི་ལྡན་པའོ། །མེད་པ་དང་དབེན་པ་དང་ཞི་བ་ཉིད་ཀྱི་ཕྱིར་དེ་གཉི་ག་མི་དམིགས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བའོ། །དེའི་ཟུང་དུ་འབྲེལ་བའི་ལམ་གྱི་ཚོགས་སོ། །ཐེག་པ་ཆེན་པོ་ནི་གང་ལགས། ཅི་ཙམ་གྱིས་ན་ཡང་དག་པར་ཞུགས་པར་རིག་པར་བགྱི་བ་ལགས། དེ་ནི་གང་ནས་འབྱུང་བ་ལགས། དེ་ནི་གང་དུ་གནས་པར་འགྱུར་བ་ལགས། དེས་ནི་སུ་ཞིག་འབྱུང་བར་འགྱུར་ཞེས་བྱ་བ་ལྔ་ནི་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཐེག་པ་ཆེན་པོའོ། །དེ་ཡང་མདོ་ཇི་ལྟ་བ་བཞིན་ཏེ། དེ་ནི་ཐབས་ལ་མཁས་པའི་ཚོགས་སོ། །མདོ་འདི་ལས་གསུངས་པའི་སྟོང་པ་ཉིད་ཉི་ཤུ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་ཉེ་བར་དགོད་པ་དང་བཤད་པ་ནི་མདོ་ཉིད་ལས་སོ། །དེ་ལ་མི་གསལ་བ་བཤད་པར་བྱ་སྟེ། ཡོངས་སུ་བརྟགས་པའི་ངོ་བོས་ཐམས་ཅད་མེད་དེ། མེད་པ་དེའི་ཕྱིར་གནས་པ་མེད་ཅིང་འཇིག་པ་མེད་དེ། རྟག་པ་དང་མི་རྟག་པ་མེད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེས་སྟོང་པའོ། །ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་ནི་ནང་ནི་ཕྱིས་སྟོང་སྟེ་ཡུལ་མེད་པའི་ཕྱིར་རོ། །ཕྱི་ནི་ནང་གིས་སྟོང་སྟེ་དེ་དག་གི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སོ་སོའམ་བསྡུས་པ་སྟོང་པ་ཉིད་དེ། དེ་ཉིད་ཀྱིས་སྟོང་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཕྱོགས་རྣམས་ཀྱི་སྟོང་པ་ཉིད་དོ། །ཕྱོགས་བཅུར་ཁྱབ་པའི་ཕྱིར་རོ། །སྐྱེ་བ་དང་འཇིག་པ་དང༌། གནས་པ་དང༌། གཞན་དུ་འགྱུར་བ་ཞེས་བྱ་བ་ནི་འདུས་བྱས་ཀྱི་མཚན་ཉིད་དེ། རབ་ཏུ་སྐྱེས་པ་དང༌། རྒྱུན་ཆད་པའི་མཚན་ཉིད་དང༌། སྐད་ཅིག་ཅིང་འཇུག་པ་དང༌། རྒྱུན་འཇུག་པ་དང༌། སྔ་མ་དང༌། ཕྱི་མ་རྒྱུན་མི་འདྲ་བ་ཞེས་བྱ་བའི་དོན་ཏོ། །དེ་ལས་བཟློག་པ་ནི་འདུས་མ་བྱས་པའི་མཚན་ཉིད་དོ། །དེ་གཉིས་སྟོང་པ་ཉིད་ནི་གོ་རིམས་བཞིན་དུ་འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་མེད་པས་ན་མཐའ་ལས་འདས་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དེ། ཐོག་མ་དང་ཐ་མ་དག་གི་མཐའ་མེད་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟེ་


DTG088_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའོ། །དེ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དོར་བ་མེད་པ་ནི་གཏང་བར་བྱ་བ་མ་ཡིན་པ་སྟེ་ཐེག་པ་ཆེན་པོའོ། །དེའི་སྟོང་པ་ཉིད་ནི་དོར་པ་མེད་པ་སྟོང་པ་ཉིད་དོ། །དེ་བཞིན་གཤེགས་པ་ལ་སོགས་པས་མ་བྱས་པའི་ཕྱིར་རང་བཞིན་ཏེ། ཆོས་རྣམས་ཀྱི་རང་བཞིན་གྱི་ཆོས་ཉིད་དེ་དེའི་སྟོང་པ་ཉིད་དོ། །དུས་གསུམ་ཕན་ཚུན་མི་དམིགས་པའི་ཕྱིར་མི་དམིགས་པ་སྟེ་དེའི་སྟོང་པ་ཉིད་དོ། །འདུས་བྱས་པ་ལས་བྱུང་བའི་ངོ་བོ་དེ་ནི་དངོས་པོ་མེད་པ་ཡང་མ་ཡིན་ལ་ངོ་བོ་ཉིད་ཀྱང་ཡིན་པས་ན་དངོས་པོ་མེད་པའི་ངོ་བོའོ། །སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་དེ་ཇི་ལྟར་མེད་ཅེ་ན། ཉེ་བར་ལེན་པ་ཡོད་ཀྱང་གཞན་མེད་ན་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདུས་པ་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་མེད་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རོ་ཞེས་གསུངས་སོ། །དེ་སྟོང་པ་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །སྐྱེ་བས་ན་དངོས་པོའོ། །དེ་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་ནི་དངོས་པོ་སྟོང་པ་ཉིད་དོ། །སྐྱེ་བ་མེད་པས་ན་དངོས་པོ་མེད་པ་སྟེ། དེ་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་ངོ་བོ་ནི་རང་གི་ངོ་བོ་སྟེ། ཡེ་ཤེས་དང་མཐོང་བ་དག་གིས་མ་བྱས་པའི་ཕྱིར་རོ། །དེ་ནི་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་དོ། །འདི་ནི་དམ་པ་ཡང་ཡིན་པའི་ཕྱིར་གཞན་ཡང་ཡིན་ལ་གཞན་གྱིས་མ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ངོ་བོ་ཡང་ཡིན་པས་དེ་ནི་གཞན་གྱི་ངོ་བོ་སྟེ། དེ་བཞིན་ཉིད་དོ། །དེ་ནི་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་དེ། དེ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་ན་དཔའ་བར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་བར་གྱིས་ཏིང་ངེ་འཛིན་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་མི་རྟོག་པ་ཟག་པ་མེད་པ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་རང་བཞིན་ནོ། །སྔོན་གྱི་ཡིད་ལ་བྱེད་པའི་སྟོབས་ཀྱིས་སོ་སོ་སོར་བྱ་བ་བྱེད་པ་ན་མིང་སྣ་ཚོགས་སུ་བརྗོད་དོ། །དེ་ཉིད་དང་ལྡན་པ་ནི་བསོད་ནམས་ཀྱི་ཚོགས་སོ། །ལམ་གྱི་ཚོགས་བཤད་པར་བྱ་སྟེ། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནི་ལམ་མོ། །དེ་ལ་གང་གིས་ཡང་དག་པར་ཤེས་པ་ནི་དྲན་པ་ཉེ་བར་གཞག་


DTG088_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དྲན་པ་ཉེ་བར་གཞག་པ་དེ་དག་ནི་དམིགས་པའི་བྱེ་བྲག་གིས་བཞི་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང༌། ཚོར་བ་དྲན་པ་ཉེ་བར་གཞག་པ་དང༌། སེམས་དྲན་པ་ཉེ་བར་གཞག་པ་དང༌། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ནས་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྟོག་པས་རྣམ་པར་མི་རྟོག་གོ །ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཡང་དེ་བཞིན་ནོ། །ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཡང་དེ་བཞིན་ནོ། །ནང་དང་ཕྱི་དང༌། ཕྱི་ནང་གི་ཚོར་བ་དང༌། སེམས་དང༌། ཆོས་དག་ལ་ཚོར་བའི་རྗེས་སུ་ལྟ་བ་ནས། ཆོས་ཀྱི་རྗེས་སུ་ལྟ་བའི་བར་གྱིས་གནས་ནས་མི་དམིགས་པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་རྟུལ་བ་དང་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང༌། ཡིད་མི་བདེ་བ་བསལ་ཞིང་རྣམ་པར་དཔྱོད་ཀྱང་ཆོས་དང་ལྡན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་གོ ། དེ་ལ་ནང་གི་ལུས་ནི་རང་གི་མིག་ལ་སོགས་པ་དྲུག་གོ །ཕྱིའི་ལུས་ནི་རང་གི་ལུས་ལས་ཕྱི་རོལ་གྱི་འདུས་བྱས་སོ། །ཕྱི་ནང་གི་ལུས་ནི་རང་གི་ལུས་སུ་གྱུར་པའི་ལྷག་མ་འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །ཚོར་བ་ལ་སོགས་པའི་རྣམ་པ་གསུམ་ཡང་ཡང༌། །ལུས་རྣམ་པ་གསུམ་ལ་དམིགས་པའི་བྱ་བས་སོ། །ཚོར་བ་ནི་བདེ་བ་དང༌། སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའོ། །ཆོས་ནི་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བའོ། །ལུས་ལ་སོགས་པ་ལ་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ཆོས་ཉིད་ལ་རྗེས་སུ་ལྟ་བའོ། །ལུས་ལ་སོགས་པ་དང་ལྡན་པ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་འདུ་ཤེས་དང་ལྡན་པའོ། །རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །ལུས་འདི་གཅིག་དང་བདག་གི་ལུས་དང༌། རྟག་པ་དང༌། མི་རྟག་པ་དང༌། བདེ་བ་དང༌། སྡུག་བསྔལ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་དེ་རྗེས་སུ་མི་མཐོང་ཞིང་རྣམ་པར་མི་རྟོག་གོ །གུས་པར་བྱེད་པ་དང་རྟག་ཏུ་བྱེད་པ་དང་ལྡན་པའི་རྟུལ་བ་དང་ལྡན་པའོ། །རྗེས་སུ་ལྟ་བ་དང༌། ཤེས་བཞིན་དང་ལྡན་པ་ནི་ཤེས་བཞིན་ཅན་ནོ། །མི་བརྗེད་པའི་བདག་ཉིད་ཀྱིས་ཀུན་ཏུ་སྲུང་བར་བྱེད་པ་དང༌། རྣམ་པར་མི་གཡེང་བའི་དྲན་པ་དང་འབྲེལ་པས་དྲན་པ་དང་ལྡན་པའོ། །


DTG088_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་དང༌། ཤེས་རབ་དང༌། དྲན་པ་དང༌། འདི་དག་ཉིད་ཀྱི་ཕན་ཡོན་ནི་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཞེས་གསུངས་སོ། །བསལ་བ་ཞེས་བྱ་བ་ནི་སྤངས་པའོ། །འཇིག་རྟེན་གྱི་ཆོས་ལ་རྙེད་པ་དང༌། གྲགས་པ་དང༌། བདེ་བ་དང༌། བསྟོད་པ་དག་ལ་ནི་བརྣབ་སེམས་དང༌། ཆགས་པའོ། །མ་རྙེད་པ་དང༌། མ་གྲགས་པ་དང༌། སྡུག་བསྔལ་བ་དང༌། སྨོད་པ་ལ་ནི་ཡིད་མི་བདེ་བའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ལ་དྲན་པ་ཉེ་བར་གཞག་པ་བསྟན་ནས་ཉན་ཐོས་ཀྱི་ཚུལ་ལ་ལུས་དྲན་པ་ཉེ་བར་གཞག་པ་ཉིད་རྣམ་པ་བཅུ་བཞི་གསུངས་ཏེ། དེ་ལ་ཤེས་བཞིན་གྱི་སྒོ་ནས་ནི་གསུམ་སྟེ། དབུགས་རིང་དུ་འགྲོ་བ་དང་འོད་བ་ལ་སོགས་པ་དེ་དག་ལ་ནི་གཅིག་གོ །ཐུང་ངུ་འོང་བ་ལ་སོགས་པ་དག་ལ་གཉིས་པའོ། །དབྱུང་བ་དང་རྔུབ་པ་དྲན་པ་ལ་ནི་གསུམ་པའོ། །ཁམས་ཀྱི་རབ་ཏུ་དབྱེ་བའི་སྒོ་ནས་ནི་བཞི་པའོ། །མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་སྒོ་ནས་ནི་ལྔ་པའོ། །མི་སྡུག་པའི་སྒོ་ནས་ནི་དགུའོ། །དེ་ལ་མངོན་དུ་འོང་བ་ཞེས་བྱ་བ་ནི་འགྲོ་བའོ། །ཕྱིར་མི་ལྡོག་པ་ཞེས་བྱ་བ་ནི་ལྡོག་པའོ། །ཀུན་ཏུ་ལྟ་བ་ཞེས་བྱ་བ་ནི་མདུན་དུའོ། །རྣམ་པར་ལྟ་བ་ཞེས་བྱ་བ་ནི་ཕྱོགས་མཚམས་སུའོ། །བསྐུམ་པར་བྱ་བ་ནི་བསྡུས་པའོ། །ནང་དུ་ཡང་དག་པར་འཇོག་པ་ནི་ཞི་གནས་དང༌། ལྷག་མཐོང་ལ་མངོན་པར་བརྩོན་པའོ། །དྲན་པ་འདི་ལ་ཡོད་པས་ན་དྲན་པ་དང་ལྡན་པའོ། །ལུས་ཀྱི་རླུང་སྣ་ནས་འཇུག་པ་ནི་བརྔུབ་པའོ། །འབྱུང་བ་ནི་ཕྱིར་འབྱུང་བ་སྟེ། རྫ་མཁན་ལེགས་པར་བསླབས་པའམ། དེའི་ཉེ་གནས་ཀྱི་སློབ་མ་བཞིན་ནོ། །པགས་པ་དང་རློག་པ་ནི་ཕྱི་ནང་གི་དབྱེ་བས་སོ། །རྒྱུས་པ་ནི་རྩའོ། །མཁལ་མ་ནི་མཁལ་མའོ། །མཆིན་པ་ནི་མཆིན་པའོ། །གློ་བ་ནི་གློ་བའོ། །མཆེར་པ་ནི་མཆེར་པའོ། །ཞུ་བ་དང་མ་ཞུ་བ་ནི་ཟས་སོ། །མཆིལ་མའི་ཐལ་བ་ནི་བད་ཀན་གྱི་གོང་བུའོ། །ཁྲག་ནི་ཁྲག་རུལ་བའོ། །ཆུན་པ་ནི་ཞིང་རྨོ་བའོ། །བད་པ་ནི་འབྲུ་རྣམས་ཀྱི་སྣོད་དོ། །དུར་ཁྲོད་ཅེས་བྱ་བ་ནི་བསྟན་པའོ། །རོ་བོར་བའི་གནས་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །ཤི་ནས་ཞག་གཅིག་ལོན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་རིམས་བཞིན་རྣམ་པར་བམ་པ་ལ་སོགས་པ་གསུམ་མོ། །གང་རྣམ་


DTG088_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྣགས་པ་དེ་ཉིད་ནི་རྣམ་པར་འབུས་གཞིགས་པ་ཡིན་ཏེ། སྲིན་བུ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་རྣམ་པར་ཟོས་པ་ནི་རྣམ་པར་འཐོར་བའོ། །དེ་ལ་དུར་ཁྲོད་ཀྱི་ལུས་མཐོང་བ་ན་བདག་ཉིད་ཀྱང་དེ་དང་འདྲ་བ་ཉིད་དུ་ཉེ་བར་སྦྱོར་རོ། །ཆོས་ཉིད་འདི་ཞེས་བྱ་བ་ནི་བསྟན་པའོ། །འདི་ལྟ་བུའི་རང་བཞིན་ཅན་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །འོ་ན་གསོན་པོའི་ལུས་ནི་དེ་ལྟ་བུ་མ་ཡིན་ལ་ཤི་བའི་ལུས་ནི་དེ་ལྟ་བུ་ཡིན་ནོ་ཞེས་དོགས་པ་ལ། དེའི་ཕྱིར་ཆོས་ཉིད་འདི་ལས་མ་འདས་སོ་ཞེས་སྨོས་ཏེ། འགལ་བའི་རྐྱེན་ཉེ་བར་གནས་པ་ཡོད་ན་ངེས་པར་དེ་བཞིན་དུ་འགྱུར་པའི་ཕྱིར་རོ། །སེམས་འདིས་ངེས་པར་འདོར་བ་ནི་ཡང་དག་པར་སྤོང་བ་སྟེ། དེ་དག་ནི་རྣམ་པ་བཞིའོ། །འདི་ལྟ་སྟེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་འཇོག་གོ། །དེ་བཞིན་དུ་སྐྱེས་པ་རྣམས་སྤང་བའི་ཕྱིར་དང༌། དེ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་དང༌། དེ་བཞིན་དུ་སྐྱེས་པ་རྣམས་གནས་པ་དང༌། འཕེལ་བར་བྱ་བ་དང༌། ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་རོ། །དེ་ལ་འདུན་པ་བསྐྱེད་པ་ནི་གོ་ཆའི་བརྩོན་འགྲུས་སོ། །དེ་ལྟར་འབད་པ་བྱའོ་ཞེས་བྱ་བ་ནི་སྦྱོར་བ་ནི་བརྩོན་འགྲུས་སོ། །བརྩོན་འགྲུས་རྩོམ་པ་ནི་སྐྱེ་བོའི་བརྩོན་འགྲུས་སོ། །སེམས་རབ་ཏུ་འཛིན་པ་དང༌། ཡང་དག་པར་འཇོག་པ་ནི་ཐབས་ཀྱི་བརྩོན་འགྲུས་སོ། །དེ་ལས་ཞུམ་པ་ལ་སེམས་རབ་ཏུ་འཛིན་པའོ། །རྒོད་པ་ལ་སེམས་ཡང་དག་པར་འཇོག་པ་སྟེ། མངོན་པར་འཇོག་པའོ། །རྫུ་འཕྲུལ་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །རྫུ་འཕྲུལ་གྱི་རྐང་པ་སྟེ། གནས་ཡིན་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པའོ། །དེ་ཡང་བཞི་སྟེ། འདུན་པའི་ཏིང་ངེ་འཛིན་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང༌། སེམས་ཀྱི་ཏིང་ངེ་འཛིན་དང༌། དཔྱོད་པའི་ཏིང་ངེ་འཛིན་ཏོ། །འདི་ལྟར་ཁ་ཅིག་ནི་སེམས་འདུན་པ་དྲག་པ་དང་ལྡན་པ་ཉིད་ཀྱིས་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །ཁ་ཅིག་གི་ཡང་དག་པར་སྤོང་བ་ནི་བརྩོན་འགྲུས་དང་ཤིན་ཏུ་ལྡན་པས་མི་དགེ་བ་ཡང་དག་པར་སྤངས་ཏེ་དགེ་བའི་ཆོས་སྐྱེད་པ་ཉིད་ཀྱིས་སོ། །ཁ་ཅིག་གི་ནི་ཞི་


DTG088_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་རྒྱུ་མཚན་དག་གིས་སེམས་ཡོངས་སུ་སྦྱངས་པ་ལས་སོ། །ཁ་ཅིག་ནི་ཅི་བདག་མི་དགེ་བ་ཕྲ་མོ་ལ་ཀུན་ཏུ་མི་སྤྱོད་དམ། ཅི་ཡང་ཀུན་ཏུ་མི་སྤྱོད་ཅེས་གང་བདག་ཉིད་ལ། ཡོངས་སུ་དཔྱོད་པ་ནི་ཡང་དག་པར་ཉེ་བར་དཔྱོད་པའོ། །དེ་དག་སྐྱེས་པ་ལ་ཀུན་ནས་དཀྲིས་པ་ནི་རིང་དུ་གྱུར་ལ། བག་ལ་ཉལ་རྣམས་སྤང་བའི་ཕྱིར་ཡང་ཡང་དག་པར་སྤོང་བ་རྩོམ་པ་ནི་སྤོང་བ་འདུ་བྱེད་པ་བརྒྱད་མངོན་པར་འབྱུང་སྟེ། འདུན་པ་དང༌། བརྩོན་འགྲུས་དང༌། དད་པ་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་སོ། །དེ་ལ་གང་གི་ཚེ་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་རྣམས་ཀྱི་སྙོམས་པར་འཇུག་པ་བསྐྱེད་པར་བྱ་སྙམ་པ་ནི་འདུན་པའོ། །མི་དགེ་བའི་ཆོས་ཐམས་ཅད་ངེས་པར་འཇོམས་པ་ནི་བརྩོན་འགྲུས་སོ། །དད་པ་ནི་བླ་མའི་ཆོས་རྟོགས་པ་ལ་བྱའོ། །དེའི་སྔོན་དུ་འགྲོ་བ་ནི་ཤིན་ཏུ་སྦྱངས་པའོ། །དེ་ལ་ཡང་དྲན་པ་ནི་ཤེས་བཞིན་གྱི་ཕྱོགས་སོ། །ཤེས་བཞིན་ནི་ལྷག་མཐོང་གི་ཕྱོགས་སོ། །དེ་ལ་སེམས་མངོན་པར་འདུ་བྱེད་པ་ནི་སེམས་པའོ། །ཉོན་མོངས་པ་མེད་པ་ནི་བཏང་སྙོམས་སོ། །དེ་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དེ། དབེན་པ་ནི་ཉོན་མོངས་པ་ལས་སོ། །འདོད་ཆགས་དང་བྲལ་བ་ནི་སྲིད་པའི་འདོད་ཆགས་དང་བྲལ་བའོ། །འགོག་པ་ནི་སྡུག་བསྔལ་ལོ། །དེ་དག་ལ་བསྟན་ནས་རྣམ་པར་སྤོང་བ་ནི་སྡུག་བསྔལ་ཏེ། དེ་དག་ལ་བརྟེན་པའོ། །དེའི་ཕྱིར་ཡོངས་སུ་གྲུབ་པ་སྒོམ་མོ། །མཆོག་ཏུ་དབང་བྱེད་པས་ན་དབང་པོ་སྟེ། དད་པ་ལ་སོགས་པ་ལྔའོ། །འཇིག་རྟེན་ལས་འདས་པའི་ཆོས་སྐྱེད་ཅིང་ཐོབ་པ་ལ་བདག་པོར་གྱུར་པས་ན་དབང་པོ་སྟེ། དད་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་དང༌། དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རབ་ཀྱི་དབང་པོའོ། །རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པའི་རྟགས་མཐོང་བ་ལས་ཕྱིས་ཁྱད་པར་ཅན་དུ་འབྱུང་བ་ལ་ངེས་པ་སྐྱེ་བའི་ཕྱིར་སྟོན་པ་དང་ཉན་ཐོས་དེ་དག་གི་རྟོགས་པ་ལ་དད་པ་སྐྱེ་བ་དེ་ནི་འདིའི་དད་པའི་དབང་པོའོ། །དད་པ་ལྷག་པས་


DTG088_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ན་བརྩོན་འགྲུས་ལ་སོགས་པ་ཡང་ལྷག་པར་འགྱུར་ཏེ། དེས་ན་དབང་པོ་ལྔར་འགྱུར་རོ། །དེ་ལྟར་དབང་པོ་སྒོམ་པ་ན་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱིས་མི་བརྫི་བའི་ཕྱིར་དད་པའི་སྟོབས་ནས་ཤས་རབ་ཀྱི་བར་རོ། །བྱང་ཆུབ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་མཐོང་བའི་ལམ་ནི་རྫོགས་པའི་བྱང་ཆུབ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནས། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་བར་དུའོ། །དེ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་ནི་ལྷག་མཐོང་གི་ཕྱོགས་སོ། །ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ནི་ཞི་གནས་ཀྱི་ཕྱོགས་སོ། །དྲན་པ་ནི་གཉི་གའི་ཕྱོགས་སོ། །དེས་དེ་དག་ཐོབ་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པར་བདག་ཉིད་ཀྱིས་མཐོང་ནས་བསྒོམ་པས་སྤང་བར་བྱ་བ་དག་སྤོང་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་ཕུང་པོ་གསུམ་དུ་སྒོམ་པར་བྱེད་དོ། །དེ་ལ་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་བརྩོན་པ་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། ཚོར་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང༌། ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །འཕགས་པ་ནི་སློབ་པ་རྣམས་སོ། །དེ་དག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤང་བའི་ཕྱིར་དང༌། རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བའི་ཕྱིར་འཕགས་པ་སློབ་པའི་ལམ་འདི་སྐྱེད་པར་བྱེད་དོ། །དེ་བས་ན་འདི་འཕགས་པ་རྣམས་ཀྱི་ཡན་ལག་བརྒྱད་ཡིན་པས་ན་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་དག་ནི་དན་པ་ཉེ་བར་གཞག་པ་ལ་སོགས་པ་སྟེ། སྡེ་ཚན་བདུན་རེ་རེར་རྣམ་པར་དབྱེ་བ་བྱས་ནས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སུམ་ཅུ་རྩ་བདུན་དུ་འགྱུར་རོ། །བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་སོ། །དེའི་རྗེས་སུ་མཐུན་པ་ནི་བྱང་ཆུབ་ཀྱི་ཕྱོགས་སོ། །ཏིང་ངེ་འཛིན་གསུམ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་སྟེ། རང་གི་མཚན་ཉིད་ཀུན་བརྟགས་པ་དེའི་ངོ་བོ་གཏན་དུ་མེད་པས་དེས་སྟོང་པའོ། །ཡོངས་སུ་གྲུབ་པའི་རང་གི་ངོ་བོ་ནི་བརྗོད་དུ་མེད་པས་མཚན་མ་མེད་པ་སྟེ། དེས་ན་མཚན་


DTG088_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པའོ། །གཞན་གྱི་དབང་གི་ངོ་བོ་ནི་འཁྲུལ་པ་སྟེ། མེད་པའི་ངོ་བོར་སྣང་བའི་ཕྱིར་རོ། །འཁྲུལ་པའི་རྩ་བ་ཡང་ཉོན་མོངས་པ་སྟེ། དེའི་ཕྱིར་དེ་ནི་སྤང་བར་བྱ་བ་ཡིན་གྱི། སྨོན་པར་འོས་པ་ནི་མ་ཡིན་ཏེ། དེས་ན་སྨོན་པ་མེད་པའོ། །ཤེས་པ་བཅུ་གཅིག་ནི་མདོ་ཇི་ལྟ་བ་བཞིན་ཏེ། སྡུག་བསྔལ་མི་སྐྱེ་བར་ཤེས་པ་ནི་སྡུག་བསྔལ་འབྱུང་བ་མི་སྐྱེ་བ་སྟེ་དེ་ཤེས་པའོ། །སྤངས་པ་ཤེས་པ་ཞེས་བྱ་བ་ནི་ཀུན་འབྱུང་གི་བདག་ཉིད་ཉོན་མོངས་པ་ལ་སོགས་པ་སྤངས་པ་སྟེ་དེ་ཤེས་པའོ། །སྡུག་བསྔལ་འགོག་པ་ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་དག་འགོག་པ་སྟེ་དེ་ཤེས་པའོ། །འགོག་པ་མངོན་སུམ་དུ་བྱ་བ་དེ་ལམ་གང་གིས་འགོག་པ་མངོན་སུམ་དུ་བྱེད་པ་ནི་དེའི་ཤེས་པ་སྟེ། འདིས་སྡུག་བསྔལ་འགོག་པའོ། །འདོད་ཆགས་ལ་སོགས་པ་ཟད་པ་ཤེས་པ་ནི་ཟད་པ་ཤེས་པའོ། །འདོད་ཆགས་ལ་སོགས་པ་མི་སྐྱེ་བ་ཤེས་པ་ནི་མི་སྐྱེ་བར་ཤེས་པའོ། །རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་ཤེས་པ་ནི་ཆོས་ཤེས་པའོ། །མི་རྟག་པ་ཉིད་ལ་སོགས་པ་དེ་རྗེས་སུ་དཔག་པས་ཤེས་པ་ནི་རྗེས་སུ་ཤེས་པའོ། །གཅིག་ཏུ་ཀུན་བརྟགས་པ་ལ་དམིགས་པ་ཉིད་ཡིན་པའི་ཕྱིར་གཞན་གྱི་སེམས་ཤེས་པ་ནི་ཀུན་རྫོབ་ཤེས་པའོ། །ལམ་ལ་འདྲིས་པ་ནི་ལམ་ལ་གོམས་པའོ། །སྒྲ་ཇི་བཞིན་ཤེས་པ་ནི་དེ་བཞིན་གཤེགས་པ་རྣམས་དང་ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱི་སྐད་ཤེས་པའོ། །དབང་པོ་གསུམ་ནི་མདོ་ཇི་ལྟ་བ་བཞིན་ཏེ། རྣམ་པར་བྱང་བའི་ཆོས་རྣམས་ལ་བདག་པོ་ཡིན་པའི་ཕྱིར་དབང་པོའོ། །དབང་པོ་གང་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཀུན་ཤེས་པའི་དབང་པོ་དང་ཀུན་ཤེས་པ་བསྲུང་བའི་དབང་པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །སྣང་བ་མེད་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཕྱིན་ཅི་ལོག་བཞི་སྣང་བ་མེད་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སྤྲོས་པའི་མཚན་མ་ཐམས་ཅད་ནུབ་པས་ཆོས་ཉིད་ཙམ་ལ་དམིགས་པའི་ཕྱིར་རོ། །དྲེགས་པ་འདུལ་བ་ནི་ཇི་ལྟར་འོས་པ་ཉོན་མོངས་པ་འདུལ་བའི་ཕྱིར་རོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ནི་མདོ་ཇི་ལྟ་བ་བཞིན་ནོ། །སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་བཅུ་ནི་མདོ་ཇི་ལྟ་བ་བཞིན་ནོ། །


DTG088_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་དང་གཟུགས་མེད་པ་ནི་འཇུག་པའི་སྒྲུབ་པར་བསྟན་པའོ། །ཚད་མེད་པ་ཡང་འཇུག་པའི་སྒྲུབ་པའི་ཚད་མེད་པ་བཞིན་ནོ། །རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་བས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ནི་རྣམ་པར་ཐར་བ་གཉིས་པའོ། །སྡུག་པར་མོས་པ་ནི་རྣམ་པར་ཐར་པ་གསུམ་པའོ། །གསུམ་པོ་འདི་དག་ནི་སྤྲུལ་པའི་སྒྲིབ་པའི་གཉེན་པོར་འགྱུར་བའི་ཕྱིར་རྣམ་པར་དག་པའོ། །དེ་ལ་དང་པོ་གཉིས་ནི་མི་སྡུག་པའོ། །གསུམ་པ་ནི་སྡུག་པའོ། །རྣལ་འབྱོར་པ་ཁ་ཅིག་འདོད་པ་ན་སྤྱོད་པའི་ཁ་དོག་གི་འདོད་ཆགས་ལ་སོགས་པའི་གཉེན་པོར་ནང་གི་སྒྲ་ལ་སོགས་པ་ལ་དམིགས་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་དེ་ཉིད་ཀྱི་འོག་ཏུ་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་ལ་དམིགས་ཏེ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་དང་པོའི་ཁ་དོག་གི་འདོད་ཆགས་ལ་སོགས་པའི་གཉེན་པོར་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དེ་བསྟན་ཏེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་ནང་གི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་ཅན་ཞེས་བརྗོད་དོ། །ཕྱི་རོལ་གྱི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་ལ་ལྟ་བ་ཞེས་བརྗོད་དོ། །རྣལ་འབྱོར་བ་ལ་ནང་ལ་མི་དམིགས་པ་ཉིད་ཀྱིས་ཕྱི་རོལ་གྱི་དངོས་པོ་ལ་སོགས་པ་འབའ་ཞིག་ལ་དམིགས་ཤིང་སྔ་མ་བཞིན་དུ་བསམ་གཏན་དང་པོའམ་གཉིས་པ་ལ་སྙོམས་པར་ཞུགས་པ་ཡང་བརྗོད་དོ། །དེ་ནི་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་བྱའོ། །དེ་བཞིན་དུ་མི་སྡུག་པ་རྣམ་པར་སྒོམ་པས་སེམས་ཀྱི་རྒྱུད་ཞུམ་པ་དགའ་བར་བྱ་བའམ། ཅི་བདག་ཡིད་དུ་འོང་བའི་གཟུགས་རྣམས་སྡུག་པ་ཉིད་དུ་ཡིད་ལ་བྱེད་པ་ན་ཁ་དོག་ལ་འདོད་ཆགས་ལ་སོགས་པ་སྐྱེའམ་ཞེས་སད་པའི་ཕྱིར་ཡིད་དུ་འོང་བའི་གཟུགས་ལ་དམིགས་ནས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ལ་སྡུག་པར་མོས་པར་འགྱུར་ཞེས་བརྗོད་པར་བྱའོ། །དེ་ནི་གཟུགས་ཅན་གྱི་རྣམ་པར་ཐར་པ་གསུམ་མོ། །གཟུགས་མེད་པའི་རྣམ་པར་ཐར་པ་ལ་ནི་ལྔ་སྟེ། ནམ་མཁའ་མཐའ་ལས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནས། འདུ་ཤེས་དང་ཚོར་བ་འགོག་པ་


DTG088_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་རྣམ་པར་ཐར་པ་ཞེས་བྱ་བའི་བར་དུའོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་གཟུགས་མེད་པ་བཞིའི་དག་པ་ལ་ནི་དེའི་རོ་མྱང་བའི་སྒྲིབ་པའི་གཉེན་པོ་ཡིན་པའི་ཕྱིར་རྣམ་པར་ཐར་བ་སྟེ། ཞི་བར་གནས་བ་ཞེས་ཀྱང་བརྗོད་དོ། །འདུ་ཤེས་དང་ཚོར་བ་འགོག་པ་ཡང་ཐར་པ་དང་རྗེས་སུ་མཐུན་པར་གནས་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་རྟེན་ཅིང་ལངས་ནས་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་སྟེ། དེའི་སྒྲིབ་པ་སྤངས་པའི་ཕྱིར་རྣམ་པར་ཐར་པ་སྟེ་ཞི་བར་གནས་པ་ཞེས་ཀྱང་བརྗོད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ནི་བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། འདུ་ཤེས་དང་ཚོར་བ་འགོག་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡང་བ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ལ། དེ་དག་གི་མཚན་ཉིད་མདོའི་གོ་རིམས་ཇི་ལྟ་བ་བཞིན་ནོ། །གནས་ལ་ཡང་གནས་སུ་གནས་པ་ལ་ཡང་གནས་མ་ཡིན་པར་རབ་ཏུ་ཤེས་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་རྣམས་ལས་མི་འདོད་པའི་རྣམ་པར་སྨིན་པ་ནི་གནས་སོ། །འདོད་པ་ནི་གནས་མ་ཡིན་པའོ། །ལེགས་པར་སྤྱོད་པ་རྣམས་ལས་འདོད་པ་ནི་གནས་སོ། །མི་འདོད་པ་ནི་གནས་མ་ཡིན་པའོ། །སེར་སྣས་དབུལ་པ་ནི་གནས་སོ། །ལོངས་སྤྱོད་ཆེན་པོ་ནི་གནས་མ་ཡིན་པའོ། །སྦྱིན་པ་ལས་ལོངས་སྤྱོད་ཆེན་པོ་ནི་གནས་སོ། །དབུལ་པོར་གྱུར་བ་ནི་གནས་མ་ཡིན་པའོ། །འཆལ་བའི་ཚུལ་ཁྲིམས་ཀྱིས་ངན་འགྲོར་སྐྱེ་བ་ནི་གནས་སོ། །བདེ་འགོ་ནི་གནས་མ་ཡིན་པའོ། །ཚུལ་ཁྲིམས་ཀྱི་བདེ་འགྲོར་སྐྱེ་བ་ནི་གནས་སོ། །ངན་འགྲོ་


DTG088_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གནས་མ་ཡིན་པ་སྟེ། དེ་ལ་སོགས་པ་གནས་དང་གནས་མ་ཡིན་པ་རབ་ཏུ་མཁྱེན་པ་ནི་དག་པ་དང་མ་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་དེ་ཉིད་ཀྱི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ནི་ཕྱིན་ཅི་མ་ལོག་པར་རོ། །དེས་ན་དག་པ་ཉིད་ཅེས་བརྗོད་དོ། །གང་དང་གང་ཡང་དག་པ་ཞེས་ཟློས་པ་ནི་ཆགས་པ་མེད་པར་བསྟན་ཏོ། །རྣམ་པ་གང་དང་གང་གིས་ཡང་དག་པ་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཕྱིར་ཐོགས་པ་མེད་པ་བསྟན་ཏོ། །ཡེ་ཤེས་དེ་ཉིད་སྟོབས་ཏེ་གཏན་དུ་གཞན་གྱིས་མི་ཐུབ་པའི་ཕྱིར་དང་གཏན་དུ་གཞན་དག་ཟིལ་གྱིས་གནོན་པའི་ཕྱིར་རོ། །འདས་པ་ཞེས་བྱ་བ་ལ་སོགས་པ་ལ་འདིར་གནས་དང་རྒྱུ་ཞེས་བྱ་བ་ནི་གནས་དང་རྒྱུ་དང་བཅས་པའོ། །ཕྱོགས་གང་དུ་དེའི་ལས་བྱེད་པ་དེ་ནི་གནས་སོ། །ཉན་ཐོས་ལ་སོགས་པ་གང་གི་རྒྱུ་དེའི་ལས་ཏེ་རྒྱུད་དང་བཅས་པའོ། །རྣམ་པར་སྨིན་པ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའོ། །ཁམས་སྣ་ཚོགས་ཞེས་བྱ་བ་ནི་བསྟན་པའོ། །ཁམས་དུ་མ་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །ཁམས་ནི་ལྷག་པའི་བསམ་པ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ལ་སོགས་པ་སྐྱེད་པར་བྱེད་པའོ། །མོས་པ་སྣ་ཚོགས་ཞེས་བྱ་བ་ནི་འདིར་འདོད་པ་ནི་མོས་པ་སྟེ། །དཔེར་ན་ཆགས་པ་ལ་གནས་པ་ཡང་ཞེ་སྡང་ལ་མོས་པ་དང༌། ཞེ་སྡང་ལ་གནས་པ་ཡང་ཆགས་པ་ལ་མོས་པ་ལྟ་བུའོ། །དབང་པོའི་རིམ་པ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དབང་པོ་ཐ་དད་པ་ཉིད་དེ། འདི་ནི་དབང་པོ་རྟུལ་པོའོ། །དབང་པོ་འབྲིང་པོའོ། །དབང་པོ་རྣོན་པོའོ། །དབང་པོ་མེད་པའོ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་ནི་འདིར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་ཡང་དག་པ་ཉིད་དུ་ངེས་པ་དང་མ་ངེས་པ་ཤེས་པ་ནི་དེ་དག་གི་རྗེས་སུ་མཐུན་པའི་ལམ་མཁྱེན་ཅིང་སྟོན་པ་དང༌། ལོག་པ་ཉིད་དུ་ངེས་པ་ནི་བཏང་སྙོམས་སུ་བྱ་བ་དང་མཐུན་པར་བཏང་སྙོམས་སུ་བྱེད་དོ། །འདི་ནི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་ལམ་མོ། །འདི་ནི་ཞེས་སྡང་གི་གཉེན་པོར་གྱུར་བའི་ལམ་མོ་ཞེས་བྱ་བ་ལ་སོགས་པའོ། །བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡང་བ་ཞེས་བྱ་བ་ལ།


DTG088_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ནི་བཞི་པའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་ནི་གསུམ་སྟེ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ལ་སོགས་པའོ། །སྙོམས་པར་འཇུག་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །ཀུན་ནས་ཉོན་མོངས་པ་ལ་སོགས་པ་དེ་ལ་ཀུན་ནས་ཉོན་མོངས་པ་ནི་རོ་མྱང་བའོ། །རྣམ་པར་བྱང་བ་ནི་མི་དམིགས་པ་ལ་སོགས་པའོ། །ལྡང་བ་ནི་སེང་གེ་རྣམ་པར་བསྒྱིངས་པའམ་ཐོད་རྒལ་བའོ། །ལྷག་མ་གསུམ་ནི་མདོ་ཇི་ལྟ་བ་བཞིན་ནོ། །སེང་གེ་བཞིན་དུ་ཤིན་ཏུ་བསྙེངས་པ་མེད་པས་རིགས་པར་གསུངས་པ་ནི་མི་འཇིགས་པ་སྟེ། དེའི་དངོས་པོའམ་ལས་ནི་དེ་ཉིད་དོ། །མི་འཇིགས་པ་ནི་བཞི་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང༌། ཟག་པ་ཟད་པ་ལ་མི་འཇིགས་པ་དང༌། བར་དུ་གཅོད་པའི་ཆོས་ལ་མི་འཇིགས་པ་དང༌། ངེས་པར་འབྱིན་པའི་ལམ་ལ་མི་འཇིགས་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ལ་སོགས་པ་ལ། མི་འཇིགས་པ་ནི་དེར་དམ་འཆའ་བ་དང༌། དགོད་པ་ལ་ཞེས་བྱ་བའི་དོན་ཏོ། །དང་པོ་གཉིས་ནི་ཡེ་ཤེས་དང་སྤངས་པའི་མཚན་ཉིད་དེ་རང་གི་དོན་ཏོ། །ཐ་མ་གཉིས་ནི་གཞན་གྱི་དོན་ཏེ་གཞན་དག་ལ་དེ་སྟོན་པའི་ཕྱིར་རོ། །མཚན་ཉིད་རྒྱ་ཆེར་ནི་མདོ་ཇི་ལྟ་བ་བཞིན་ནོ། །འདིར་ཡང་དགེ་སྦྱོང་དང་བྲམ་ཟེ་སྨོས་པ་ནི་ཤེས་རབ་ཀྱི་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ། །ལྷ་དང་བདུད་སྨོས་པས་ལྷའི་མིག་དང་ཕ་རོལ་གྱི་སེམས་ཤེས་པ་ཕུན་སུམ་ཚོགས་པའི་ཕྱིར་རོ། །ཚངས་པ་ནི་མཐུ་ལ་སོགས་པ་ཆེ་བའི་ཕྱིར་རོ། །རྒྱུ་དེ་མི་མཐོང་ཞེས་བྱ་བ་ནི་དེ་དག་གིས་བརྒལ་བའི་རྒྱུར་གྱུར་བའི་སྐྱོན་ནོ། །བདེ་བ་ཐོབ་པ་དང༌། བག་ཚ་བ་མེད་པ་ཐོབ་པ་དང༌། མི་འཇིགས་པ་ཐོབ་པ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་ལུས་ལ་སོགས་པའི་ལས་རྣམ་པར་དག་པ་སྟེ། སྐུལ་སྤུ་ལྡང་བ་དང༌། སྤ་བཀོད་པ་ལ་སོགས་པ་དང༌། གསུང་ལ་ཞུམ་པ་དང༌། དམན་པ་ལ་སོགས་པ་དང༌། ཐུགས་ལ་དོགས་པ་དང་ཞུམ་པ་ཉིད་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གོ་རིམས་བཞིན་དུ་ཁྱུ་མཆོག་གི་གནས་སུ་དམ་བཅའ་སེང་གེའི་སྒྲ་ཡང་དག་པ་སྒྲོག །ཚངས་པའི་འཁོར་ལོ་སྐོར་བར་མཛད། །ཚངས་པ་ནི་དེ་བཞིན་གཤེགས་པ་སྟེ། འཇིག་རྟེན་ཐམས་ཅད་


DTG088_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མངོན་པར་འཕགས་པའི་ཕྱིར་རོ། །ཚངས་པ་དེ་རྣམས་ཀྱིའོ། །ཡང་ན་ཚངས་པ་ནི་ཐར་པ་སྟེ། དེའི་དོན་གྱི་ཕྱིར་ཚངས་པའིའོ། །འགྲོ་བའི་དོན་གྱིས་ན་འཁོར་ལོ་སྟེ། ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ནི་ཆོས་སོ། །དེའི་བརྗོད་པར་བྱ་བ་མ་ལུས་པ་ནི་དོན་ཏོ། །དེ་དག་ཉིད་ཀྱི་མིང་གི་ཚོགས་ལ་སོགས་པ་རྣམ་པ་མང་པོའི་ཚིག་ངེས་པ་ནི་ངེས་པའི་ཚིག་གོ །ཡང་ན་རྒྱུའི་ཆོས་ཐམས་ཅད་ནི་ཆོས་སོ། །འབྲས་བུའི་ཆོས་ཐམས་ཅད་ནི་དོན་ཏོ། །འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སྐད་ཐམས་ཅད་ནི་ངེས་པའི་ཚིག་སྟེ། དེ་དག་སོ་སོར་རིག་པ་ནི་གོ་རིམས་བ་བཞིན་དུ་ཆོས་སོ་སོར་རིག་པ་དང༌། དོན་སོ་སོར་རིག་པ་དང༌། ངེས་པའི་ཚིག་སོ་སོར་རིག་པའོ། །ཆོས་ལ་སོགས་པ་གཞན་དག་ལ་སྟོན་པའི་ཕྱིར་ཆོས་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་མངོན་སུམ་དུ་གྱུར་པ་ནི་སྤོབས་པ་སྟེ། འདི་ནི་དེ་ཡང་ཡིན་ལ་སོ་སོ་ཡང་དག་པར་རིག་པ་ཡང་ཡིན་པས་ན་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །མ་འདྲེས་པར་སྤྱོད་པའི་ཕྱིར་ཆོས་མ་འདྲེས་པ་དག་སྟེ། གཞན་དག་དང་ཐུན་མོང་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཅོ་བརྒྱད་དེ། མདོ་ཇི་ལྟ་བ་བཞིན་ནོ། །དེ་ལ་དང་པོ་ལུས་ཀྱི་ལས་དང༌། གཉིས་པ་དག་གི་ལས་དང༌། དེ་ནས་བཞི་ནི་ཡིད་ཀྱི་ལས་ཡོངས་སུ་དག་པའོ། །དེ་ནས་དྲུག་ནི་དེ་བཞིན་གཤེགས་པའི་དབང་པོའི་རྟེན་དང་བཅས་པ་དང༌། འབྲས་བུ་དང་བཅས་པ་ལ་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ། །དེ་ལ་རྟེན་ནི་འདུན་པའོ། །འབྲས་བུ་ནི་རྣམ་པར་གྲོལ་བའོ། །དབང་པོ་ནི་བརྩོན་འགྲུས་ལ་སོགས་པའོ། །དེ་ནས་ནི་གསུམ་ནི་ལུས་ལ་སོགས་པའི་ལས་རྣམས་ལ་ཡེ་ཤེས་གནས་པ་ཉིད་ཀྱིས་ཡེ་ཤེས་ཀྱི་རྒྱུ་ཉིད་དང༌། ཡེ་ཤེས་དང་ལྷན་ཅིག་སྤྱོད་པ་ཉིད་ཀྱིས་སོ། །དེ་ནས་དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་འཇུག་སྟེ། དེས་ན་གསུམ་སྟེ་དྲུག་པོ་དེ་དག་གིས་བཅོ་བརྒྱད་དུ་འགྱུར་རོ། །འཁྲུལ་པ་མི་མངའ་བ་ཞེས་བྱ་བ་ནི་འདི་ལྟར་དགྲ་བཅོམ་པ་རྣམས་གྲོང་ལ་སོགས་པར་བསོད་ནམས་ཀྱི་ཕྱིར་རྒྱུ་བ་ན་གླང་པོ་ཆེ་དང༌། བ་གླང་དང༌། ཁྱི་གཏུམ་པོ་དང༌། ཚེར་མ་དང༌། སྡིག་


DTG088_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ལ་སོགས་པའི་གནོད་པ་འབྱུང་བ་དང༌། ཡང་ན་དགོན་པ་ན་ཆོམ་རྐུན་དང་སྟག་ལ་སོགས་པའི་འཇིགས་པ་དེ་ལྟ་བུའི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་དུ་མི་མངའ་བ་སྟེ། རྟག་ཏུ་ཡང་དག་པར་རྟོག་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །ཅ་ཅོ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་དག་དགོན་པ་ན་ལམ་སྟོར་ནས་ཅ་ཅོའི་སྒྲ་འབྱིན་པ་བག་ཆགས་ཀྱི་དབང་གིས་གད་མོ་རྟ་གད་འབྱིན་པ་དེ་ལྟ་བུ་སངས་རྒྱས་ལ་མི་མངའ་སྟེ། རྟག་ཏུ་མཉམ་པར་བཞག་པའི་ཕྱིར་རོ། །བསྙེལ་བ་མི་མངའ་བ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་རྣམས་བརྗེད་པས་བྱ་བ་ཤོར་བ་དང༌། དུས་ལས་ཡོལ་སར་འགྱུར་པ་དེ་ལྟར་སངས་རྒྱས་ལ་མི་མངའ་སྟེ། ཐུགས་རྗེ་ཆེན་པོ་མངའ་བའི་ཕྱིར་རོ། །ཐུགས་མཉམ་པར་མ་བཞག་པ་མེད་པ་ཞེས་བྱ་བ་ནི་འདི་ལྟར་དགྲ་བཅོམ་པ་དག་གང་གི་ཚེ་སྙོམས་པར་ཞུགས་པ་ཉིད་ནི་མཉམ་པར་གཞག་པ་ཡིན་གྱི་ཚེ་ནི་མ་ཡིན་ནོ། །དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ། རྟག་ཏུ་མཉམ་པར་གཞག་པའི་ཕྱིར་རོ། །ཐ་དད་པའི་འདུ་ཤེས་མེད་པ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་དག་ནི་ཕུང་པོ་ལ་གཅིག་ཏུ་མི་མཐུན་པར་འདུ་ཤེས་ལ་མྱ་ངན་ལས་འདས་པ་ལ་ནི་ཞི་བར་འདུ་ཤེས་པ་དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ། གཉི་ག་ལ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་ཅེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་རྣམས་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་གྱི། དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ། དེ་ནི་དུས་ལ་སོགས་པ་སོ་སོར་བརྟགས་ནས་ཡལ་བར་འཇོག་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །འདུན་པ་ཉམས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་དགྲ་བཅོམ་པ་དག་ནི་སངས་རྒྱས་ཀྱི་ས་དང་སངས་རྒྱས་ཀྱི་མཛད་པ་ལ་འདུན་པ་ལ་སོགས་པ་མི་སྐྱེ་སྟེ། དེ་བས་ན་དེ་དག་ལས་མ་ཐོབ་པའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པ་ཡིན་ཏེ། དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ། དེ་དག་ལས་ཁྱད་པར་གྱི་ཆོས་མ་ཐོབ་པ་མི་མངའ་བའི་ཕྱིར་རང༌། ཐོབ་པ་རྣམས་ནི་རྟག་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །དེ་ནི་ལམ་གྱི་ཚོགས་སོ། །གཟུངས་ཀྱི་ཚོགས་བཤད་པར་བྱ་སྟེ། དེ་ལ་གཟུངས་ཀྱི་སྒོ་རྣམས་ལ་ཞེས་བྱ་བ་ལ་གཟུངས་ནི་བཞི་སྟེ། བཟོད་པའི་གཟུངས་དང༌། ཆོས་


DTG088_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཟུངས་དང༌། དོན་གྱི་གཟུངས་དང༌། གསང་སྔགས་ཀྱི་གཟུངས་སོ། །དེ་རྣམས་ཀྱི་སྒོ་ནི་ཡི་གེ་རྣམས་སོ། །ཡི་གེ་ངེས་པར་བསམས་པའི་སྟོབས་ཀྱིས་དེ་དག་འབྱུང་བར་འགྱུར་རོ། །གཅིག་ཉིད་ལ་མང་པོའི་ཚིག་ནི་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པ་ཡིན་ཏེ། དེ་ཡང་འདིར་གཟུངས་ཀྱི་སྒོ་ལས་སྐྱེས་པའི་ཡེ་ཤེས་ཉིད་ལ་གཟུངས་ཀྱི་སྒོ་ཞེས་བྱའོ། །ཡི་གེའི་ཚུལ་མཉམ་པ་ཉིད་ཅེས་བྱ་བ་ལ། ཡི་གེས་འདྲེན་པར་བྱེད་ཤེས་པར་བྱེད་པས་ན་ཡི་གེའི་ཚུལ་ཏེ། དོན་དམ་པར་དེ་ཉིད་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་ལ་དེ་ལ་དམིགས་པའི་ཡེ་ཤེས་ལ་དེ་སྐད་ཅེས་བརྗོད་དོ། །ཡི་གེའི་སྒོ་ཞེས་བྱ་བ་ནི་འདིའི་སྒོ་ཡེ་གེ་ཡིན་པས་ན་ཡི་གེའི་སྒོའོ། །ཡི་གེས་འཇུག་པར་བྱེད་པ་སྟེ། ཐོབ་པར་བྱེད་པ་ཞེས་བྱ་བའི་དབང་དུ་བྱས་པའོ། །ཨ་ཞེས་བྱ་བ་ནི་གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ་ཞེས་བྱ་བ་ལ། ཡི་གེ་ཨའི་སྒོ་ནི་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་དང་རྒྱུའོ། །ཅིའི་ཕྱིར་ཞེ་ན་གཟོད་མ་ནས་སྐྱེ་བ་མེད་པའི་ཕྱིར་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་གཟོད་མ་ནས་དྲི་མ་དང་བཅས་པའི་གནས་སྐབས་ཉིད་ན་སྐྱེ་བ་མེད་པ་དེའི་ཕྱིར་རྣལ་འབྱོར་སྤྱོད་པ་པ་འདི་ཡི་གེ་ཨ་མ་སྐྱེས་པའི་དོན་དུ་སྤྲོ་བཏགས་ནས་སྒོམ་པ་ན་གོམས་པའི་སྟོབས་ལས་ཡི་གེ་ཨ་ཙམ་ཤིན་ཏུ་བསྒོམས་པས་ཆོས་ཐམས་ཅད་མི་སྐྱེ་བའི་བཟོད་བ་ཐོབ་སྟེ། དེ་བས་ན་བཟོད་པའི་གཟུངས་སུ་འགྱུར་རོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཤད་པའི་ཚོགས་འཛིན་པའི་རྒྱུར་གྱུར་པ་ནི་ཆོས་ཀྱི་གཟུངས་སོ། །དེ་ནས་དེའི་དོན་འཛིན་པའི་རྒྱུ་ནི་དོན་གྱི་གཟུངས་སོ། །སེམས་ཅན་ཐམས་ཅད་ཀྱི་ཡམས་དང་གནོད་པ་ཡང་དག་པར་ཞི་བར་བྱ་བའི་དོན་གྱི་སྔགས་ཀྱི་གཞི་ནི་གསང་སྔགས་ཀྱི་གཟུངས་སོ། །སྐྱེ་བ་མེད་པ་ལ་སོགས་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡིན་ཏེ། དེ་ཡང་ནམ་མཁའ་དང་མཚུངས་པ་དེ་བས་ན་ཇི་ལྟར་ནམ་མཁའ་སྐྱེ་བ་མེད་པ་བཞིན་དུ་དེ་བཞི་ཉིད་ཀྱང་ངོ༌། །ཚུལ་འདིས་ཡི་གེ་ཐམས་ཅད་བལྟ་བར་བྱའོ། །རྡུལ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་རྡུལ་གྱིས་མ་གོས་པ་ཉིད་ཀྱི་ཕྱིར་རྡུལ་དང་བྲལ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱང་ངོ༌། །དོན་དམ་པར་ཁྱད་


DTG088_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པར་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་དོན་དམ་པར་ཐ་དད་པ་མེད་པའི་ཕྱིར་རོ། །འཆི་འཕོ་དང་སྐྱེ་བ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་མི་དམིགས་པའི་ཕྱིར་རོ། །མིང་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་མིང་དུ་བརྗོད་པ་དང་བྲལ་བའི་ཕྱིར་རོ། །འཇིག་རྟེན་ལས་འདས་ཤིང་སྲེད་པའི་འཁྲི་ཤིང་གི་རྒྱུ་དང་རྐྱེན་ཡང་དག་པར་བཅོམ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ། དེ་བཞིན་ཉིད་ལ་ཞེས་བྱ་བ་ནི་ལྷག་མའོ། །འདས་པ་ཉིད་ནི་འདས་པའི་ཡེ་ཤེས་ཐོབ་པ་ཉིད་ཀྱི་ཕྱིར་དང་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །ཡང་དག་པར་བཅོམ་པ་ཉིད་ནི་ཡང་དག་པར་བཅོམ་པ་ཐོབ་པ་ཉིད་ཀྱི་ཕྱིར་རོ། །དུལ་བ་དང་དུལ་བར་གནས་པ་ཡོངས་སུ་གཅོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ། དེ་བཞིན་ཉིད་ནི་མ་དུལ་བར་བྱེད་པ་ཉོན་མོངས་པ་དག་དང་མ་དུལ་བར་གནས་པའི་ངོ་བོ་ཉིད་ཀྱི་ལས་དག་མེད་པའི་ཕྱིར་དུལ་བ་དང་དུལ་བར་གནས་པ་ཉིད་དུ་ཡོངས་སུ་གཅོད་པའོ། །བཅིངས་པ་ལས་གྲོལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་འཆིང་བ་དེ་དག་ལས་གྲོལ་བ་ཉིད་ཀྱི་ཕྱིར་རོ། །ཁྲག་ཁྲུག་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པའི་དབང་གིས་ཁྲག་ཁྲུག་སྟེ་རྣམ་པར་གཡེང་བ་གང་ཡིན་པ་དེ་དག་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཆགས་པ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པའི་སྒྲིབ་པའི་ཆགས་པ་གསུམ་པོ་དེ་དག་མེད་པའི་ཕྱིར་རོ། །དག་གི་ལམ་ནི་སྒྲ་ཡང་དག་པར་ཆད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དག་གི་ཐ་སྙད་ཀྱི་བདག་ཉིད་ཀྱི་སྒྲ་རྣམས་ཡང་དག་པར་ཆད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་ཉིད་ལས་མ་གཡོས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་གི་ངོ་བོས་མ་སྤངས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་བ་བཞིན་དུ་མ་སྐྱེས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་རིགས་པ་བཞིན་དུ་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཁེངས་པ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཁེངས་པ་སྟེ། ཉེ་བའི་ཉོན་མོངས་པ་དང་སྤ་བཀོད་བ་ཉིད་མེད་པའི་ཕྱིར་རོ། །བྱེད་པ་པོ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་བྱེད་པ་པོ་ནི་བདག་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་རྣམས་དང༌། རྒྱུ་དང་རྐྱེན་གྱི་ཆོས་རྣམས་ཏེ། དེ་དག་མི་དམིགས་པའི་ཕྱིར་རོ། །མཉམ་


DTG088_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ལས་མི་འདའ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་གང་ཡིན་པ་ལས་མི་འདའ་བའོ། །ང་ཡིར་འཛིན་པ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདག་གི་བ་ཉིད་ཀྱི་སྒོ་ནས་སྲེད་པའི་འཛིན་པ་མེད་པའི་ཕྱིར་རོ། །འགྲོ་བ་མི་དམིགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་ནི་བདེ་འགྲོ་དང་ངན་འགྲོའི་འགྲོ་བ་མེད་པའི་ཕྱིར་རོ། །གནས་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་རྒྱུན་གྱི་མཚན་ཉིད་ཅན་གྱི་གནས་པ་མེད་པའི་ཕྱིར་རོ། །སྐྱེ་བ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་མ་བྱུང་བ་ལས་བྱུང་བའི་མཚན་ཉིད་ཅན་སྐྱེ་བ་མེད་པའི་ཕྱིར་རོ། །དབུགས་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་སྟོབས་མེད་པའི་ཕྱིར་རོ། །ཆོས་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་པ་མི་དམིགས་པའི་ཕྱིར་རོ། །ཞི་གནས་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཞི་གནས་མེད་པའི་ཕྱིར་རོ། །ནམ་མཁའ་དང་མཉམ་པར་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་དམིགས་སུ་མེད་པའི་ཕྱིར་རོ། །ཟད་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱིས་མཚན་ཉིད་ཅན་གྱི་ཟད་པ་མེད་པའི་ཕྱིར་རོ། །བསྟོད་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་བསྟོད་པ་མེད་པའི་ཕྱིར་རོ། །ཤེས་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཤེས་བྱ་མེད་པས་ཤེས་པའི་མཚན་ཉིད་མེད་པའི་ཕྱིར་རོ། །གཞན་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གཞན་མེད་པའི་ཕྱིར་རོ། །རྒྱུ་བ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་རྒྱུའི་མཚན་ཉིད་མེད་པའི་ཕྱིར་རོ། འཇིག་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ། འཇིག་པ་ནི་རྣམ་པར་ཉམས་པའོ། །མདོག་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་ཁ་དོག་སྟེ་འོད་དེ་མེད་པའོ། །དྲན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ནི་དྲན་པར་བྱེད་པའི་ཤེས་པའི་སྤྱོད་ཡུལ་མ་ཡིན་ནོ། །བོད་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་བརྗོད་པར་བྱ་བ་ཉིད་མེད་པའི་ཕྱིར་རོ། །སྤྲོ་བ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར་རོ། །སྟུག་པོ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་སྟུག་པོའི་རྣམ་པར་རྟོག་པ་ལོག་པའི་ཕྱིར་རོ། །རྣམ་པར་བསྒྲུབ་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ། རྣམ་པར་བསྒྲུབ་པ་ནི་འདུས་བྱས་པ་དང་རྣམ་པར་སྦྱར་བ་སྟེ། དེ་མེད་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ཉིད་ཀྱི་ཕྱིར་


DTG088_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཉོན་མོངས་པའི་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །འབྲས་བུ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུའི་ཆོས་རྣམས་མི་དམིགས་པའི་ཕྱིར་རོ། །ཕུང་པོ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པའི་ཕུང་པོ་དག་མེད་པའི་ཕྱིར་རོ། །རྒ་བ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ། རྒ་བ་ནི་གནས་པ་ལས་རྣམ་པ་གཞན་དུ་འགྱུར་བའི་ཕྱིར་རོ། །སྤྱོད་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ། སྤྱོད་པ་ནི་འགྲོ་བ་དང་འོད་བའོ། །བསྡིགས་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ། བསྡིགས་པ་ནི་རྣམ་པར་འཚེ་བའོ། །ངར་འཛིན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ། ངར་འཛིན་པ་ནི་ལྟ་བ་དང་ང་རྒྱལ་གྱི་བདག་ཉིད་དོ། །དེ་ཡན་ཆད་ནི་ཞེས་བྱ་བ་ནི་དེ་བཞིན་ཉིད་ལས་གཞན་དུའོ། །གང་ཞེས་བྱ་བ་ནི་མིང་ངོ༌། །དེ་ཞེས་བྱ་བ་ནི་ཆོས་སོ། །ཐ་སྙད་འདོགས་པ་ཞེས་བྱ་བ་ནི་སྟོན་པ་པོ་དང་ཉན་པ་པོ་དག་གོ །བརྗོད་པ་དང་བསྟན་པ་ཞེས་བྱ་བ་ནི་སྟོན་པ་པོ་སྟེ། དེ་ལ་རང་གི་ངོ་བོ་བརྗོད་པ་ནི་བ་ལང་ཞེས་བྱ་བ་དང༌། ཁྱད་པར་བསྟན་པ་ནི་དཀར་པོ་ཞེས་བྱ་བ་ལྟ་བུའོ། །རྟོགས་པ་ནི་མངོན་སུམ་མ་ཡིན་པའི་ཤེས་པས་སོ། །མཐོང་བ་ནི་མངོན་སུམ་གྱིས་སོ། །དེ་ལྟ་བུ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་ཚུལ་གྱིས་སོ། །གང་ཡང་མེད་དོ་ཞེས་བྱ་བ་ནི་ཆོས་གང་ཡང་མེད་པ་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་རོ། །གཟུངས་ཀྱི་སྒོ་ལ་འཇུག་པ་ཞེས་བྱ་བ་ལ། གཟུངས་ནི་དོན་ལ་ངེས་པ་སྟེ། ཨ་ལ་སོགས་པའི་ཡི་གེ་བསྟན་པ་ལ་འཇུག་པ་ནི་ཡི་གེ་གང་ཡིན་པ་དེས་དོན་ངེས་པར་བསྟན་པ་དེ་ལ་འཇུག་པ་ནི་ངེས་པའོ། །ཡི་གེ་དག་གི་དོན་ལ་མཁས་པ་ནི་མཁས་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །གང་གིས་གང་ལ་འཇུག་པར་ཤེས་པ་དེ་ནི་དེ་ལ་འཇུག་པའོ། །དེ་ཡང་འདིར་གཟུངས་ཀྱི་གཞུང་གི་ཚོགས་སོ། །སྒྲ་གང་ལ་ཡང་ཐོགས་པར་མི་འགྱུར་ཞིང་ཞེས་བྱ་བ་ནི་བརྗོད་པ་ཐམས་ཅད་ལ་དོན་དམ་པ་ཚོལ་བར་བྱེད་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་སྒྲའོ། །མཉམ་པ་ཉིད་ཀྱིས་ཡང་དག་པར་སྒྲུབ་པར་འགྱུར་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་ཡང་དག་པར་སྦྱོར་བར་བྱེད་པའོ། །སྒྲ་ཤེས་པ་ལ་མཁས་པ་ཞེས་བྱ་བ་ནི་སྐད་ཐམས་ཅད་ལ་བསམ་པ་ཤེས་པའོ། །ཡི་གེ་ཉིད་


DTG088_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕྱག་རྒྱ་སྟེ། དོན་དམ་པ་བརྡ་གཟུངས་ཀྱི་གཞུང་གི་ཚོགས་ཞེས་བྱ་བའི་དོན་ཏོ། །ཚུལ་དང་ལྡན་པ་ནི་རིགས་པའི་རྗེས་སུ་འགྲོ་བ་ཅན་ནོ། །རྒྱུད་ནི་སེམས་ཀྱི་རྒྱུན་ནོ། །དྲན་པ་ནི་ཡང་དག་པར་མ་བརྗེད་པའོ། །བློ་གྲོས་ནི་དོན་དམ་པའི་རྗེས་སུ་འབྲང་བ་ཅན་ནོ། །རྟོག་པ་ནི་ཡིད་གཞུངས་པ་དང་གང་གི་དབང་གིས་ཤེས་རབ་མྱུར་བར་འགྱུར་བའོ། །བློ་ནི་ཀུན་རྫོབ་ཀྱི་སྤྱོད་ཡུལ་ཅན་ནོ། །ལྷག་མ་ནི་གོ་སླའོ། །དེ་ནི་གཟུངས་ཀྱི་ཚོགས་སོ། །ས་བཅུ་པོ་དག་ཅེས་བྱ་བས་སའི་ཚོགས་སྟོན་པ་དེ་དག་བརྗོད་པར་བྱ་བ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། རབ་ཏུ་དགའ་བ་དང༌། དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་ཅན་དང༌། ཤིན་ཏུ་སྦྱང་དཀའ་བ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་ནོ། །གང་གི་ཕྱིར་དང་པོ་འདི་ལ་རང་དང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ནུས་པ་ཐོབ་པ་ལས་རབ་ཏུ་དགའ་བ་དེའི་ཕྱིར་རབ་ཏུ་དགའ་བའོ། །གང་གི་ཕྱིར་འདིར་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །གང་གི་ཕྱིར་འདིར་ཏིང་ངེ་འཛིན་ལས་ཉམས་པ་མེད་ཅིང་ཆོས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་པ་དེའི་ཕྱིར་འོད་བྱེད་པའོ། །གང་གི་ཕྱིར་འདིར་བྱང་ཆུབ་ཀྱི་ཕྱོགས་དག་གིས་སྒྲིབ་པ་ཐམས་ཅད་སྲེག་པའི་ཕྱིར་འོད་འཕྲོ་བ་ཅན་ནོ། །གང་གི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རིགས་པ་དང་བདེ་བ་ཤེས་པ་དག་ཕན་ཚུན་འགལ་བའི་ཕྱིར་བྱ་དཀའ་བ་དེ་བས་ན་འདི་ན་ཤིན་ཏུ་སྦྱང་དཀའ་བའོ། །གང་གི་ཕྱིར་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་རབ་ཏུ་རྣམ་པར་འབྱེད་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཆགས་པ་མེད་པའི་སྒོ་ཞེས་བྱ་བ་མངོན་དུ་གྱུར་པ་དེའི་ཕྱིར་མངོན་དུ་གྱུར་པའོ། །གང་གི་ཕྱིར་འདིར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཚན་མ་མེད་པར་དམིགས་པ་ལ་གནས་པའི་འབད་པའི་རྒྱུ་ཅན་ཡིན་པ་དེའི་ཕྱིར་འདི་ནི་རིང་དུ་སོང་བའོ། །གང་གི་ཕྱིར་འདིར་དེ་ཉིད་ཀྱི་རང་གི་དང་གིས་འཇུག་པ་ལས་གཡོ་བ་མེད་པ་དེའི་ཕྱིར་མི་གཡོ་བའོ། །གང་གི་ཕྱིར་འདིར་སོ་སོ་ཡང་དག་པར་རིག་བདག་གིས་ཆོས་ཆེན་པོ་སྟོན་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ལེགས་པ་ཡིན་པ་དེའི་ཕྱིར་འདི་ནི་ལེགས་པའི་བློ་གྲོས་སོ། །གང་གི་


DTG088_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འདིར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་དེའི་ཕྱིར་འདི་ནི་ཆོས་ཀྱི་སྤྲིན་ནོ། །ཅིའི་ཕྱིར་འདི་ལ་ཐེག་པ་ཆེན་པོ་ཞེས་བྱ་ཞེ་ན། དེ་དག་ལ་རིམ་གྱིས་འཕོ་བ་ན་བྱང་ཆུབ་ཐོབ་པའི་ཕྱིར་རོ། །ཇི་ལྟར་འཕོ་ཞེ་ན། ཐབས་ལ་མཁས་པས་སོ། །དེ་ཡང་གང་ཞེ་ན། བདེན་པ་གཉིས་ལ་ཡང་དག་པར་བརྟེན་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཡོངས་སུ་སྦྱོང་བའི་ཕྱིར་དང༌། དོན་དམ་པའི་བདེན་པ་ལ་བརྟེན་ནས་དེ་དག་ཐམས་ཅད་དབྱེར་མེད་པར་མཐོང་བའི་ཕྱིར་རོ། །ཡོངས་སུ་སྦྱོང་བའི་རིམ་པ་བཞིན་དུ་བསྟན་པ་དང་འགྲེལ་པ་ནི་མདོ་ཉིད་དུ་བསྟན་ཏོ། །རབ་ཏུ་བྱེད་པ་དག་གིས་ནི་མདོར་བསྡུས་པ་ཙམ་ཡིན་ཏེ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །སྦྱོང་བ་བཅུ་པོ་དག་གིས་ཞེས་བྱ་བའི་དོན་ཏོ། །དེ་དག་ཀྱང་གང་ཞེ་ན། བསམ་དང་ཕན་པའི་དངོས་ཉིད་དང༌། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་བསྟེན་པ་དང༌། །དམ་ཆོས་དམིགས་པ་ཚོལ་བ་དང༌། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང༌། །སངས་རྒྱས་སྐུར་འདོད་དགའ་བ་དང༌། །ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །ཅེས་གསུངས་ཏེ། བསམ་པ་ནི་དད་པ་དང་འདུན་པའོ། །ཕན་པའི་དངོས་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ཉིད་དོ། །དེའི་རྒྱུ་ནི་སེམས་མཉམ་པ་ཉིད་དོ། །གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ཚོལ་བ་ནི་ཡོངས་སུ་ཚོལ་བ་སྟེ། དེ་ཡང་དམ་པའི་ཆོས་ལ་དམིགས་ནས་ཆོས་ཚོལ་བར་འདོད་ཅེས་བྱ་བའི་ཐ་ཚིག་གོ །ངེས་པར་འབྱུང་བ་ནི་ཁྱིམ་གྱི་གནས་ངེས་པར་འབྱུང་བའོ། །ངེས་པར་འབྱུང་བར་སེམས་པ་ནི་དེ་འདོད་པ་ཉིད་དོ། །དགའ་བ་ནི་ཞེས་བྱ་བ་འདིར་རྟག་ཏུ་ཞེས་བྱ་བ་དང་སྦྱར་རོ། །བདེན་པའི་ཚིག་ཅེས་བྱ་བ་ནི་བདེན་པར་སྨྲ་བ་སྟེ། དེ་ནི་བཅུའོ། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བ་ཤེས་པར་བྱ། །འདི་དག་ཅེས་བྱ་བ་ནི་བསམ་པ་ལ་སོགས་པའོ། །ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །བཀུར་སྟི་གུས་པར་ཉན་པ་དང༌། །བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །ཞེས་བྱ་བ་ལ། ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་དོ། །བཟོད་པ་ནི་བཟོད་པའི་སྟོབས་སོ། །རབ་ཏུ་དགའ་


DTG088_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་ནི་རབ་ཏུ་དགའ་བའོ། །སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བས་སོ། །བཀུར་སྟི་ནི་བཀུར་བར་འོས་པ་དག་ལའོ། །བླ་མ་ལ་གུས་པར་ཉན་པ་ནི་དགེ་བའི་བཤེས་གཉེན་དག་ལ་སྟོན་པར་འདུ་ཤེས་པའོ། །སྦྱིན་པ་ལ་སོགས་པ་ནི་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དག་ལའོ། །བརྒྱད་པ་སྨོས་པས་ནི་གཉིས་པའི་ཡོངས་སུ་སྦྱོང་བ་ནི་བརྒྱད་ཁོ་ན་ཡིན་ནོ། །ཐོས་པ་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །འཁོར་བས་ཡོངས་སུ་མི་སྐྱོ་དང༌། །ངོ་ཚ་ཁྲི་ལ་ཡོད་ཅེས་བྱས་པ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །ཞེས་བྱ་བ་ལ། ཐོས་པ་ཞེས་བྱ་བ་ནི་ཐོས་པ་མང་བའོ། །ཀུན་ཏུ་སྦྱོང་བ་ནི་བསོད་ནམས་དེ་ཉིད་ཡོངས་སུ་བསྔོས་པའི་ཕྱིར་རོ། །རློམ་མེད་བདག་ཉིད་ཅེས་བྱ་བ་ནི་དེས་ཁེངས་པ་མེད་པའི་ཕྱིར་རོ། །དེ་རྣམ་ལྔ་ཞེས་བྱ་བ་ནི་གསུམ་པའི་ཡོངས་སུ་སྦྱོང་བ་ནི་ལྔ་ཁོ་ན་ཡིན་ནོ། །ནགས་གནས་འདོད་ཆུང་ཆོག་ཤེས་དང༌། །སྦྱངས་པ་ཡང་དག་སྡོམ་སྟེན་དང༌། །བསླབ་པ་ཡོངས་སུ་མི་གཏོང་དང༌། །འདོད་པ་རྣམས་ལ་སྨོད་པ་དང༌། །སྐྱོ་བ་དང་ནི་བདོག་ཀུན་གཏོང༌། །མི་ཞུམ་པ་དང་ལྟོས་པ་མེད། །ཅེས་བྱ་བ་ལ། ནགས་གནས་ནི་དགོན་པར་གནས་བཅས་པ་སྟེ། དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཆོག་ཤེས་པ་ནི་ཀུན་ནས་ཆོག་ཤེས་པ་ཡིན་ནོ། །སྦྱངས་པ་ཡང་དག་སྡོམ་སྟེན་ནི་མི་འདོར་བའོ། །སྐྱོ་བ་དང་ནི་བདོག་ཀུན་གཏོང༌། །ཞེས་བྱ་བ་ནི་ཡིད་བྱུང་བ་དང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །མི་ཞུམ་པ་དང་ལྟོས་པ་མེད། །ཅེས་བྱ་བ་ནི་སེམས་ཞུམ་པ་མེད་པ་ཉིད་དང་དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པ་ཉིད་དེ་ཞུམ་པ་མེད་པ་ནི་བག་འཁུམས་པ་མེད་པ་ཉིད་དོ། །བཅུ་ཞེས་བྱ་བ་འོག་ནས་འབྱུང་བ་འདིར་ཡང་སྦྱར་རོ། །དེ་བས་ན་བཞི་པའི་སྦྱོང་བ་ནི་བཅུ་ཁོ་ན་ཡིན་ནོ། །འདྲིས་དང་ཁྱིམ་ལ་འཁྲེན་པ་དང༌། །འདུ་འཛིར་གྱུར་པའི་གནས་དང་ནི། །བདག་བསྟོད་གཞན་ལ་བརྙས་པ་དང༌། །མི་དགེ་ལས་ཀྱི་ལམ་བཅུ་དང༌། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །ཡིད་གཉིས་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་དག་རྣམས་སྤངས་ན། །ས་ལྔ་པ་ནི་ཡང་དག་འཐོབ། །ཁྱིམ་པ་དག་དང་རབ་ཏུ་


DTG088_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དང་འདྲིས་པ་དང༌། ཁྱིམ་སྟེ་ཉེ་བར་འགྲོ་བར་བྱ་བའི་ཁྱིམ་ལ་འཁྲེན་པ་དང༌། འདུ་འཛི་ནི་ཚུལ་མ་ཡིན་པའི་གཏམ་མོ། །བསྟོད་པ་ནི་སྟོད་པར་བྱེད་པའོ། །བརྙས་པ་ནི་སྨོད་པའོ། །ལས་ཀྱི་ལམ་ནི་ལས་ཀྱི་གཞིའོ། །རློམ་པ་ནི་སེམས་མཐོ་བའོ། །ཁེངས་པ་ནི་ལུས་ཀྱིས་བླ་མ་ལ་མི་འདུད་པའོ། །ཕྱིན་ཅི་ལོག་ནི་དོན་ལ་ལོག་པར་འཛིན་པའོ། །ཡིད་གཉིས་ནི་ཐེ་ཚོམ་མོ། །ཉོན་མོངས་པ་བཟོད་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་གནས་པ་སྟེ། ཆོས་བཅུ་པོ་དེ་དག་རྣམ་པར་སྤངས་ནས་ལྔ་པ་འཐོབ་པར་འགྱུར་རོ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྱོ་བའི་སེམས་སྤངས་པ། །བསླངས་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང༌། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །ཅེས་བྱ་བ་ལ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དེ་དག་སོ་སོར་ཡོངས་སུ་རྫོགས་པ་སྟེ། དེ་ལྟར་ཆོས་དྲུག་དང༌། དེ་བཞིན་དུ་ཉན་ཐོས་ལ་དགའ་བ་དང༌། རང་སངས་རྒྱས་ལ་དགའ་བ་དང༌། སྐྱོ་བའི་སེམས་ཡོངས་སུ་སྤངས་པ་སྟེ། དེ་ལྟར་གསུམ་དང༌། བསླངས་ན་མི་ཞུམ་པ་སྟེ་སེམས་ཞུམ་པ་མེད་པ་ཉིད་དང༌། །བདོག་པ་ཀུན་བཏང་ཡང་ཡིད་མི་བདེ་བ་མེད་པ་དང༌། བཀྲེན་ཡང་སློང་མོ་པ་དག་མི་སྤོང་བ་དང༌། དེ་ལྟར་གསུམ་སྟེ་ཆོས་བཅུ་གཉིས་པོ་དེ་དག་གིས་ས་དྲུག་པ་ཐོབ་པར་འགྱུར་རོ། །བདག་དང་སེམས་ཅན་འཛིན་པ་དང༌། །སྲོག་དང་གང་ཟག་ཆད་རྟག་དང༌། །མཚན་མ་རྒྱུ་དང་ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་ལ་ཆགས་གནས་དང༌། །སེམས་ནི་རྟག་པ་ལ་ཞེན་དང༌། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ། །དེར་ལྟ་བ་ཡི་མངོན་ཞེན་དང༌། །སྟོང་པ་ཉིད་ལ་ཡིད་གསོད་དང༌། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ། །རྣམ་ཐར་སྒོ་གསུམ་ཤེས་པ་དང༌། །འཁོར་གསུམ་རྣམ་པར་དག་ཉིད་དང༌། །སྙིང་རྗེ་དང་ནི་བརྙས་མེད་དང༌། །ཆོས་མཉམ་དང་ནི་ཚུལ་གཅིག་ཤེས། །མི་སྐྱེ་བ་དང་བཟོད་ཤེས་དང༌། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་ཏུ་


DTG088_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་པ་དང༌། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང༌། །ཞི་གནས་ངེས་པར་སེམས་པ་དང༌། །ལྷག་མཐོང་ལ་ནི་མཁས་པ་དང༌། །སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང༌། །ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང༌། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོང་པ་ཉིད་དང་ཉི་ཤུའོ། །ཞེས་བྱ་བ་ལ། ཉི་ཤུ་པའི་སྒྲ་གཉིས་པའི་འོག་ཏུ་ཡོངས་སུ་རྫོགས་པས་ཞེས་བྱ་བ་ནི་ལྷག་མའོ། །བདག་ཏུ་འཛིན་པ་ལ་སོགས་པ་ཉེས་པའི་དྲི་མ་ཉི་ཤུ་གང་ལས་རྣམ་པར་ཆད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཤེས་པ་ལ་སོགས་པ་ཡོན་ཏན་ཉི་ཤུ་ཡོངས་སུ་རྫོགས་པས་ས་བདུན་པ་ཐོབ་པར་འགྱུར་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འཛིན་པ་ནི་མངོན་པར་ཞེན་པ་སྟེ། དེའི་ཡུལ་ནི་བདག་ལ་སོགས་པ་ནས་སྐྱེ་མཆེད་ཀྱི་བར་དུའོ། །རྟག་པ་ལ་ཞེས་བྱ་བ་ནི་ཚོགས་པ་གཙོ་བོར་གྱུར་པའི་ཟླས་དབྱེ་བའི་བདུན་པའོ། །དཀོན་མཆོག་གསུམ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ། དེར་ལྟ་བ་ནི་སངས་རྒྱས་དང་ཆོས་ལ་སོགས་པ་ལ་ལྟ་བའོ། །དེ་ལ་མངོན་པར་ཞེན་པ་ནི་གནས་པའོ། །ཡིད་གསོད་པ་ནི་སྐྱོ་བའོ། །དེ་དང་འགལ་བ་ནི་སྟོང་པ་ཉིད་དང་མི་མཐུན་པར་བྱེད་པའོ། །མཉམ་ཞེས་བྱ་བ་ནི་འདྲ་བ་ཞེས་བྱ་བའི་དོན་ཏོ། །བདག་ཏུ་འཛིན་པ་དང༌། སེམས་ཅན་དུ་འཛིན་པ་དང༌། སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པ་དང༌། ཆད་པར་འཛིན་པ་དང༌། རྟག་པར་འཛིན་པ་དང༌། མཚན་མར་འཛིན་པ་དང༌། རྒྱུར་འཛིན་པ་དང༌། ཕུང་པོར་འཛིན་པ་དང༌། ཁམས་སུ་འཛིན་པ་དང། སྐྱེ་མཆེད་དུ་འཛིན་པ་དང༌། ཁམས་གསུམ་པ་ལ་གནས་པ་དང༌། ཁམས་གསུམ་པ་ལ་ཆགས་པ་དང༌། ཁམས་གསུམ་པ་ལ་བརྟེན་པ་དང༌། སངས་རྒྱས་སུ་ལྟ་བ་ལ་གནས་པ་དང༌། ཆོས་སུ་ལྟ་བ་ལ་གནས་པ་དང༌། དགེ་འདུན་དུ་ལྟ་བ་ལ་གནས་པ་དང༌། ཚུལ་ཁྲིམས་སུ་ལྟ་བ་ལ་གནས་པ་དང༌། སྟོང་པ་ཉིད་ཀྱི་ཆོས་ལ་ཡི་གསོད་པ་དང༌། སྟོང་པ་ཉིད་དང་འགལ་བ་ཞེས་བྱ་བ་ནི་ཉེས་པ་བསྟན་པའི་དོན་ཏོ། །སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང༌། མཚན་མ་མེད་པ་མངོན་སུམ་དུ་བྱ་བ་དང༌། སྨོན་པ་མེད་པ་ཤེས་པ་དང༌། འཁོར་གསུམ་ཡོངས་སུ་དག་པར་བྱ་བ་དང༌། སེམས་


DTG088_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང༌། དེ་དག་ལ་བརྙས་པ་མེད་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བ་དང༌། ཡང་དག་པར་རྟོགས་པ་དང༌། མི་སྐྱེ་བའི་བཟོད་པ་ཤེས་པ་དང༌། ཆོས་ཐམས་ཅད་ཚུལ་གཅིག་ཏུ་སྟོན་པ་དང༌། རྟོག་པ་ཀུན་ཏུ་འཇོམས་པ་དང༌། འདུ་ཤེས་སུ་ལྟ་བ་རྣམ་པར་བཟློག་པ་དང༌། ཉོན་མོངས་པ་རྣམ་པར་བཟློག་པ་དང༌། ཞི་གནས་ངེས་པར་སེམས་པ་དང༌། ལྷག་མཐོང་ལ་མཁས་པ་དང༌། སེམས་དུལ་བ་ཉིད་དང༌། ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཉིད་དང༌། ཆགས་པའི་ས་མ་ཡིན་པ་དང༌། གང་དུ་འདོད་པའི་ཞིང་དུ་འགྲོ་བ་དང༌། དེ་ཡང་སངས་རྒྱས་ཀྱི་འཁོར་གྱི་ནང་དུ་བདག་ཉིད་ཡང་དག་པར་སྟོན་པ་ཞེས་བྱ་བ་ནི་ཡོན་ཏན་བསྟན་པའི་དོན་ཏོ། །སེམས་ཅན་ཀུན་ཡིད་ཤེས་པ་དང༌། །མངོན་པར་ཤེས་པས་བརྩེ་བ་དང༌། །སངས་རྒྱས་ཞིང་བཟང་སྒྲུབ་པ་དང༌། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང༌། བསམས་བཞིན་སྲིད་པ་ལེན་པ་དང༌། །ལས་ནི་རྣམ་པ་འདི་བརྒྱད་བཤད། །ཅེས་བྱ་བ་ལ། བཟང་ཞེས་བྱ་བ་ནི་ཡོངས་སུ་དག་པ་སྟེ། སྒྲུབ་པ་ཞེས་བྱ་བ་དང་སྦྱར་རོ། །རྣམ་བརྒྱད་ཅེས་བྱ་བའི་ཚིག་གིས་བརྒྱད་པ་ལ་ཡོངས་སུ་སྦྱོང་བ་རྣམ་པ་བརྒྱད་ཁོ་ན་ཡིན་ཏེ། འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་འཇུག་པ་དང༌། མངོན་པར་ཤེས་པས་རྣམ་པར་བརྩེ་བ་དང༌། སངས་རྒྱས་ཀྱི་ཞིང་བསྒྲུབ་པ་དང༌། སངས་རྒྱས་བསྟེན་པ་དང་ཡོངས་སུ་བརྟག་པ་ཞེས་བྱ་བ་གཅིག་ཏུ་བྱས་པ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་དང་ཡང་དུ་སྙོམས་པར་འཇུག་པ་དང༌། བསམས་བཞིན་དུ་སྲིད་པ་ལེན་པའོ། །སངས་རྒྱས་ཀྱི་ཞིང་ནི་རྣམ་པ་གཉིས་ཏེ། དང་པོར་སྣོད་ཀྱི་འཇིག་རྟེན་དང༌། དེ་ན་སེམས་ཅན་གྱི་འཇིག་རྟེན་ནོ། །སྨོན་ལམ་དག་ནི་མཐའ་ཡས་དང༌། །ལྷ་ལ་སོགས་པའི་སྐད་ཤེས་དང༌། །སྤོབས་པ་ཆུ་བོ་ལྟ་བུ་དང༌། མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང༌། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི། །ཡོན་ཏན་ཕུན་སུམ་ཚོགས་


DTG088_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །ས་བརྒྱད་པའི་དེ་མ་ཐག་ཏུ་དགུ་པ་ཡིན་ཏེ། དེའི་ཡོངས་སུ་སྦྱོང་བ་དག་ནི་སྨོན་ལམ་མཐའ་ཡས་པ་དང༌། ལྷ་ལ་སོགས་པའི་སྐད་ཤེས་པ་དང༌། སྤོབས་པ་ཡོངས་སུ་རྫོགས་པ་དང༌། མངལ་དུ་འཇུག་པ་ཕུན་སུམ་ཚོགས་པ་དང༌། རིགས་ཕུན་སུམ་ཚོགས་པ་དང། རུས་ཕུན་སུམ་ཚོགས་པ་དང༌། ཆོ་འབྲང་ཕུན་སུམ་ཚོགས་པ་དང༌། འཁོར་ཕུན་སུམ་ཚོགས་པ་དང༌། སྐྱེ་བ་ཕུན་སུམ་ཚོགས་པ་དང༌། ངེས་པར་འབྱུང་བ་ཕུན་སུམ་ཚོགས་པ་དང༌། བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་དང༌། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་སྟེ་བཅུ་གཉིས་སོ། །ས་དགུ་འདས་ནས་ཡེ་ཤེས་ནི། །གང་གི་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་ལ་ས་དགུ་ཞེས་བྱ་བ་ནི་རིགས་ཀྱི་ས་ལ་སོགས་པའོ། །དེ་ལ་མྱ་ངན་ལས་འདའ་བའི་རིགས་ཅན་ནི་རིགས་ཀྱིའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ནི་བརྒྱད་པའི་སའོ། །མཐོང་བའི་ས་ནི་རྒྱུན་དུ་ཞུགས་པའོ། །ལན་ཅིག་ཕྱིར་འོང་བ་ནི་བསྲབས་པའི་སའོ། །ཕྱིར་མི་འོང་བ་ནི་འདོད་ཆགས་དང་བྲལ་བའི་སའོ། །བྱ་བ་བྱས་སོ་ཞེས་ཤེས་པའི་ཕྱིར་བྱས་པ་རྟོགས་པ་ཅན་ནི་དགྲ་བཅོམ་པ་སྟེ། དེའི་ས་ནི་བྱས་པ་རྟོགས་པ་ཅན་གྱི་སའོ། །ཉན་ཐོས་ཀྱིས་ནི་ཉན་ཐོས་ཀྱི་ས་སྟེ་དྲུག་པོ་དེ་ཉིད་དོ། །རང་སངས་རྒྱས་ཀྱི་ས་ནི་རང་སངས་རྒྱས་ཀྱིའོ། །བྱང་ཆུབ་སེམས་དཔའི་ས་ནི་གོང་དུ་བསྟན་པའི་བྱང་ཆུབ་སེམས་དཔའི་ས་དགུ་པོ་སྟེ། ས་དགུ་པོ་དེ་དག་ལས་འདས་པའི་ཡེ་ཤེས་གང་གིས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སར་གནས་པར་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་ནོ། །དེ་ནི་སའི་ཚོགས་སོ། །སའི་ཚོགས་ཀྱི་འོག་ཏུ་ངེས་པར་འབྱུང་བའི་སྒྲུབ་པའི་གོང་དུ་མདོ་ལས་བརྒྱས་པར་གཉེན་པོའི་ཚོགས་བཤད་དེ། དེའི་དབང་དུ་བྱས་ནས། མཐོང་དང་གོམས་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་གསུངས་པ་ལ། གོམས་པ་ནི་བསྒོམས་པའོ། །འཛིན་པ་ནི་འཛིན་པར་བྱེད་པའོ། །མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་པོ་དག་


DTG088_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཐོང་བས་སྤང་བར་བྱ་བ་ཡིན་ཏེ། དེ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་ནི་དངོས་པོ་ཙམ་ལ་བརྟེན་པ་ཅན་དང༌། གཉིས་པོ་ལ་བརྟེན་པ་ཅན་ནོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་ནི་གང་ཟག་རྫས་སུ་ཡོད་པ་ལ་བརྟེན་པ་ཅན་དང༌། སྐྱེས་བུ་བཏགས་པའི་རྟེན་ཅན་ནོ། །རྣམ་པར་རྟོག་པ་བཞི་པོ་དེ་ཉིད་ནི་བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་བསྒོམ་པས་སྤང་བར་བྱ་བའང་ཡིན་ནོ། །དེ་བས་ན་དེ་དག་སྤང་བར་བྱ་བའི་དོན་དུ་ལམ་གཉིས་ནི་གཉེན་པོ་རྣམ་པ་བརྒྱད་པོ་ཁོ་ན་ཡིན་ནོ། །དེ་ལ་དང་པོ་ནི་རབ་འབྱོར་ཁྱོད་ཀྱིས་གང་ཡང་འདི་སྐད་དུ་ཐེག་པ་དེ་གང་ནས་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་སྤྲུལ་པ་ངོ་བོ་ཉིད་ཀྱིས་སྟོང་ཞེས་བྱ་བའི་བར་གྱིས་གསུངས་སོ། །འདིར་གཟུང་བའི་དངོས་པོ་དེ་བཞིན་ཉིད་ལ་སོགས་པ་དང༌། གཟུགས་ལ་སོགས་པ་དང༌། རྨི་ལམ་ལ་སོགས་པ་མི་དམིགས་པའི་ཆོས་ཉིད་ཙམ་མཐོང་བའི་ལམ་འདི་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོའི་གཉེན་པོའོ། །གཉིས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བ་དེ་དག་གི་བར་གྱིས་སོ། །འདིར་སྦྱིན་པ་ལ་སོགས་པ་གཉེན་པོའི་ཕྱོགས་ཀྱི་དངོས་པོ་དག་མི་དམིགས་པ་མཐོང་བའི་ལམ་ཞེས་བྱ་སྟེ། མཐོང་བའི་ལམ་འདི་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའོ། །གསུམ་པ་ནི་རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེའི་དགྲ་བཅོམ་པ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་བྱ་བའི་བར་གྱིས་སོ། །འདིར་དགྲ་བཅོམ་པ་ལ་སོགས་པ་གང་ཟག་རྫས་སུ་ཡོད་པ་མི་དམིགས་པ་ནི་མཐོང་བའི་ལམ་སྟེ། མཐོང་བའི་ལམ་འདི་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོའི་གཉེན་པོའོ། །བཞི་པ་ནི་རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་མིང་ཞེས་བྱ་བ་དེ་ནས་བརྩམས་ཏེ། གནས་དེ་ནི་བསྐྱོད་དུ་མེད་པ་ཞེས་བྱ་བ་དེ་དག་གི་བར་གྱིས་སོ། །འདིར་ནི་མིང་དང་བརྡ་དང་ཐ་སྙད་ལ་སོགས་པ་མི་དམིགས་པ་ནི་མཐོང་བའི་ལམ་ཡིན་ཏེ། མཐོང་བའི་ལམ་འདི་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའོ། །ལྔ་པ་ནི་རབ་འབྱོར་གང་ཡང་ཁྱོད་ཀྱིས་


DTG088_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་དུ་ཐེག་པ་དེ་གང་དུ་གནས་པར་འགྱུར་ཞེས་སྨྲས་པ་ཞེས་བྱ་བ་དེ་ནས་བརྩམས་ཏེ། བསྐྱོད་དུ་མེད་པའི་ཚུལ་གྱིས་གང་དུ་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཆོས་ཐམས་ཅད་མི་གནས་པ་ཉིད་ཀྱིས་གནས་པ་མེད་པ་དག་ནི་ཆོས་ཀྱི་དབྱིངས་གནས་པ་མེད་པའི་ཚུལ་གྱིས་གཟུང་བ་ནི་དངོས་པོ་དག་མི་དམིགས་པའི་གོམས་པའི་ལམ་ཡིན་ཏེ་བསྒོམ་པའི་ལམ་འདི་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོའི་གཉེན་པོའོ། །དྲུག་པ་ནི་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་བྱ་བ་དེ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་སོ། །འདིར་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མི་དམིགས་པ་ནི་གོམས་པའི་ལམ་ཡིན་ཏེ། བསྒོམ་པའི་ལམ་འདི་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའོ། །འདུན་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྒྱུན་དུ་ཞུགས་པའོ་ཞེས་བྱ་བ་ནས་བརྩམས་ཏེ། ཤིན་ཏུ་རྣམ་པར་དག་པ་ཉེ་བར་གཟུང་ན་ཞེས་བྱ་བ་དེ་དག་གི་བར་གྱིས་སོ། །འདིར་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་རྫས་སུ་ཡོད་པ་མི་དམིགས་པ་ནི་གོམས་པའི་ལམ་ཡིན་ཏེ། བསྒོམ་པའི་ལམ་འདི་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོའི་གཉེན་པོའོ། །བརྒྱད་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་སོ། །འདིར་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པས་རྒྱན་དུ་ཞུགས་པའི་སྐྱེས་བུ་བཏགས་པར་ཡོད་པ་དག་མི་དམིགས་པ་ནི་གོམས་པའི་ལམ་ཡིན་ཏེ། བསྒོམ་པའི་ལམ་འདི་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའོ། །དེ་ནི་གཉེན་པོའི་ཚོགས་སོ། །ཚོགས་ཀྱི་སྒྲུབ་པ་བསྟན་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པ་ཡོངས་སུ་རྫོགས་པའི་བར་གྱིས་ངེས་པར་འབྱུང་བའི་སྒྲུབ་པ་བསྟན་པར་བྱ་བའི་དབང་དུ་མཛད་ནས། ཆེད་དུ་བྱ་དང་མཉམ་ཉིད་དང༌། །སེམས་ཅན་དོན་དང་འབད་མེད་དང༌། །ཤིན་ཏུ་ངེས་པར་འབྱུང་བ་དང༌། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ངེས་འབྱུང་ལམ་གྱི་སྤྱོད་ཡུལ་


DTG088_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་བསྒྲུབ་པ་ཡིན་ཞེས་བྱ། །ཞེས་བྱ་བ་གསུངས་པ་ལ། ཐེག་པ་ཆེན་པོའི་མཚན་ཉིད་གསུངས་པ། འཆད་པར་འགྱུར་བ་དེ་ལ་ཅིའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་ཞེ་ན། གང་གི་ཕྱིར་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་ཞེ་ན། གང་གི་ཕྱིར་ནམ་མཁའ་དང་མཉམ་པ་དང༌། སེམས་ཅན་ཐམས་ཅད་ལ་གོ་འབྱེད་པའི་ཕྱིར་དང༌། འགྲོ་བ་དང་འོང་བ་དང་གནས་པ་དང་བྲལ་བའི་ཕྱིར་དང༌། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་འདིར་འཇིག་རྟེན་ནི་ཁམས་གསུམ་པའོ། །དེ་ལས་ཤིན་ཏུ་འདས་པའི་ཕྱིར་མཆོག་གོ །དེ་ཡང་གང་ཟག་དགུ་པོ་དག་གི་ཆོས་སོ། །དགུ་གང་ཞེ་ན། རིགས་ཀྱི་ས་དང༌། བརྒྱད་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་སོ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སྟེ། ཐེག་པ་ཆེན་པོ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་མཆོག་གོ །དེ་ཡང་ངེས་པར་འབྱུང་བའི་གཞུང་དང་པོ་རབ་འབྱོར་གལ་ཏེ་སེམས་དང་པོ་བསྐྱེད་པ་ཞེས་བྱ་བ་དེའི་གོང་དུ་རྒྱས་པར་བསྟན་ཏོ་སེམས་དང་པོ་བསྐྱེད་པ་ལ་སོགས་པ་ཞེས་བྱ་བའི་གཞུང་གིས་སེམས་བསྐྱེད་པ་ཆེན་པོ་ཉིད་དང༌། ཡེ་ཤེས་རྡོ་རྗེ་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་རྟོགས་པ་ཆེན་པོ་ཉིད་དང༌། གང་ཟག་དགུའི་ཆོས་ཀྱི་སྒྲིབ་པ་སྤང་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་གཞུང་གིས་སྤངས་པ་ཆེན་པོ་ཉིད་དེ། ཆེན་པོ་ཉིད་གསུམ་པོ་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བསྒྲུབ་པར་བྱ་བ་ནི། ཆེད་དུ་བྱ་བའོ། །ཆེད་དུ་བྱ་བ་དེའི་དོན་དུ་སྒྲུབ་པ་རྣམ་པ་བཞི་ལ་སྤྱད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སྤོང་དང་རྟོགས་པ་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདི་ཞེས་བྱ། །ཞེས་གསུངས་སོ། །དེའི་ངེས་པར་འབྱུང་བ་ནི་འགྲོ་བའི་བྱ་བ་མ་ལུས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། ཡོངས་སུ་རྫོགས་པ་དང་ཡོངས་སུ་སྦྱངས་པ་ལས་སོ། །འདོད་པའི་ཁམས་ལ་སོགས་པ་དང༌། །སེམས་ཅན་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་


DTG088_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཐར་ཐུག་པ་དག་ལ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡོངས་སུ་ཤེས་པའི་ཕྱིར་ཡོངས་སུ་སྦྱངས་པའོ། །དེ་ནི་ཆེད་དུ་བྱ་བའི་ངེས་པར་འབྱུང་བའོ། །ཕྱོགས་དང་ཁ་དོག་དང་དུས་དང་འཕེལ་བ་དང་འགྲིབ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་ཐེག་པ་ཆེན་པོ་ནམ་མཁའ་དང་མཉམ་པ་ཉིད་དུ་ཤེས་པ་ནི་མཉམ་པ་ཉིད་དོ། །དེའི་ངེས་པར་འབྱུང་བ་ནི་མཉམ་པ་ཉིད་དུ་ངེས་པར་འབྱུང་བའོ། །ཐེག་པ་ཆེན་པོ་ནི་ནམ་མཁའ་དང་འདྲ་བར་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་གི་གོ་སྐབས་འབྱེད་པ་དེ་བས་ན་དེ་དག་གི་དོན་བྱེད་པའི་ཕྱིར་རོ། །འདི་ལྟར་སེམས་ཅན་མེད་པ་ཉིད་ཀྱིས་ནམ་མཁའ་དང་མཉམ་པ་མེད་པ་ཉིད་དེ། དེ་མེད་པ་ཉིད་ཀྱིས་ཐེག་པ་ཆེན་པོ་མེད་པ་ཉིད་དོ། །གསུམ་པོ་དག་ཀྱང་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་རྒྱས་པར་སེམས་ཅན་གྱི་དོན་གྱི་ངེས་པར་འགྱུར་བ་བསྟན་ཏོ། །ཐེག་པ་ཆེན་པོ་ནི་ནམ་མཁའ་དང་འདྲ་བར་འོང་པ་དང་འགྲོ་བ་དང་གནས་པ་མི་དམིགས་ཏེ། གཡོ་བ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གཡོ་བ་དང་འགུལ་བ་དང་རྩོལ་བ་ནི་འབད་པ་སྟེ། དེ་མེད་པའི་ཕྱིར་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བའོ། །ཐེག་པ་ཆེན་པོ་ལ་སྔོན་གྱི་མཐའ་ཡང་མི་དམིགས་པ་ལ་སོགས་པ་སྟེ། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སོ། །དེ་བཞིན་དུ་དུས་གསུམ་མཉམ་པ་ཉིད་ཀྱི་མཐའ་ལས་འདས་པ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་འདི་ནི་ཤིན་ཏུ་ངེས་པར་འབྱུང་བའོ། །ཐོབ་པའི་ངེས་པར་འབྱུང་བ་བརྗོད་པར་བྱ་སྟེ། དེ་ལ་དང་པོར་ནི་ཐེག་པ་ཆེན་པོ་ལ་བྱང་ཆུབ་སྒྲུབ་པར་བྱེད་པ་ཉིད་དང་དུས་གསུམ་མཉམ་པ་ཉིད་ཀྱིས་ཐེག་པ་ཆེན་པོ་ཞེས་བྱ་བའི་བསྔགས་པ་གསུངས་སོ། །དེ་ནས་གང་པོས་གསོལ་བ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་པར་བྱ་བའི་ཐེག་པ་ཆེན་པོ་ནི་མ་ཡིན་ནོ། །དེ་བས་ན་གཉི་ག་ཐ་མི་དད་པ་ནི་བཅོམ་ལྡན་འདས་ཀྱིས་རྗེས་སུ་མཐུན་པ་ཞེས་བྱ་བ་ནས། སྟོན་པ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། བྱང་ཆུབ་སེམས་དཔའི་དམིགས་པ་ཐམས་ཅད་ནི་སྟོང་པ་ཉིད་དུ་བསྟན་ཏེ། སྟོང་པ་ཉིད་དུ་བསྟན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རབ་འབྱོར་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་འཐོབ། དེ་


DTG088_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་པའི་ཚིག་བཅུ་གཉིས་ཀྱིས་སྨྲས་ཏེ། དེ་ལ་བཅོམ་ལྡན་འདས་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་མཐའ་ཞེས་བྱ་བ་ལ་སོགས་པ་ནི་དང་པོའོ། །གཟུགས་ཀུན་ཏུ་མཐའ་ཡས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པའོ། །གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པའོ། །བཅོམ་ལྡན་འདས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་བཞི་པའོ། །བྱང་ཆུབ་སེམས་དཔའ་ཉིད་ཀྱང་རིལ་གྱིས་ཞེས་བྱ་བ་ལ་སོགས་པ་ནི་ལྔ་པའོ། །ཇི་ལྟར་བདག་ཅེས་བྱ་བ་ལ་སོགས་པ་ནི་དྲུག་པའོ། །བཅོམ་ལྡན་འདས་དེ་ལྟར་རང་བཞིན་མ་མཆིས་པའི་ཆོས་ཐམས་ཅད་ལ་ཞེས་བྱ་བ་ནི་བདུན་པའོ། །གང་མངོན་པར་མ་གྲུབ་པའི་གཟུགས་ལྟ་ཞེས་བྱ་བ་ལ་སོགས་པ་ནི་བརྒྱད་པའོ། །བཅོམ་ལྡན་འདས་གང་མངོན་པར་མ་གྲུབ་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་དགུ་པའོ། །མངོན་པར་མ་གྲུབ་པའི་མངོན་པར་མ་གྲུབ་པས་ཞེས་བྱ་བ་ལ་སོགས་པ་ནི་བཅུ་བའོ། །བྱང་ཆུབ་སེམས་དཔའ་ལས་གུད་ན་ཞེས་བྱ་བ་ལ་སོགས་པ་ནི་བཅུ་གཅིག་པའོ། །གལ་ཏེ་དེ་ལྟར་བསྟན་པའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་བཅུ་གཉིས་པའོ། །དེ་བས་ན་དེ་དག་གི་དོན་བརྗོད་པར་བྱ་སྟེ། ཐོབ་པའི་བྱ་བ་དང་ཐོབ་པར་བྱེད་པ་པོའི་བྱང་ཆུབ་སེམས་དཔའ་དང༌། ཐོབ་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐོབ་པར་བྱ་བའི་རྣམ་པ་ཐམས་ཅད་མཁྱེན་པ་དང་ཆོས་ཐམས་ཅད་ནི་མི་དམིགས་པ་སྟེ། དེ་དེས་དེའི་སྒོ་ནས་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དུས་གསུམ་དུ་ཡང་ཐོབ་པ་མེད་ཅིང་རྙེད་པ་མེད་དོ་ཞེས་བྱ་བ་ནི་དང་པོའི་དོན་ཏོ། །མཐའ་དང་ལྡན་པ་འགྲོ་བ་པོས་འགྲོ་བར་བྱ་བར་ཕྱིན་པར་འགྱུར་གྱི། །མཐའ་མེད་པ་ནམ་མཁའ་ལ་སོགས་པ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཡང་མཐའ་མེད་པ་ཡིན་ཏེ། དེ་ཇི་ལྟར་ཐོབ་པར་འགྱུར་ཞེས་བྱ་བ་ནི་གཉིས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པ་མ་ཡིན་ཞིང་གང་ལ་ཅི་ཡང་མེད་ན་དེ་ཇི་ལྟར་ཐོབ་པར་འགྱུར་ཞེས་བྱ་བ་ནི་གསུམ་པའི་དོན་ཏོ། །དེ་ལྟར་དེ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་དུ་མི་དམིགས་


DTG088_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་གདམས་ངག་མེད་པར་འགྱུར་ལ། དེ་མེད་པ་གང་ལས་ཐོབ་པར་འགྱུར་ཞེས་བྱ་བ་ནི་བཞི་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་མིང་ཙམ་སྟེ། དོན་ཅི་ཡང་མེད་པ་དེ་བས་ན་དེ་ལ་གདམས་པའམ་ཐོབ་པ་མེད་དོ་ཞེས་བྱ་བ་ནི་ལྔ་པའི་དོན་ཏོ། །ཇི་ལྟར་བདག་བདག་ཅེས་བྱ་བ་དེ་ཤིན་ཏུ་མངོན་པར་མ་གྲུབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡིན་ན་གང་ལས་གདམས་པའམ་ཐོབ་པར་འགྱུར་ཞེས་བྱ་བ་ནི་དྲུག་པའི་དོན་ཏོ། །ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་གདམས་པ་འམ་ཐོབ་པ་མེད་དོ་ཞེས་བྱ་བ་ནི་བདུན་པའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་སོགས་པའོ། །དེ་ནི་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་གཟུགས་ལ་སོགས་པ་དང་རྣམ་པར་བརྟགས་པའི་གཟུགས་ལ་སོགས་པ་དང༌། ཆོས་ཉིད་ཀྱི་གཟུགས་ལ་སོགས་པའོ། །དེ་ལ་ཀུན་བརྟགས་དང་རྣམ་པར་བརྟགས་པ་གང་ཡིན་པ་དེ་ནི་མངོན་པར་བསྒྲུབ་པ་སྟེ། རྒྱུ་ཡོད་པའི་ཕྱིར་རོ། །གང་ཡང་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་གང་ཡིན་པ་དེ་ནི་མངོན་པར་སྒྲུབ་པ་མ་ཡིན་པ་དང་མངོན་པར་འདུས་བྱས་པ་མ་ཡིན་ཏེ། རྟག་ཏུ་དེ་ཁོ་ན་བཞིན་དུ་གནས་པའི་ཕྱིར་རོ། །དེ་ལ་མངོན་པར་མ་གྲུབ་པ་གང་ཡིན་པ་དེ་གང་ཞེ་ན། ཅི་ཡང་མེད་དེ། མཚན་ཉིད་ཇི་ལྟ་བ་བཞིན་དུ་ཀུན་བརྟགས་པ་དང་ཇི་ལྟར་སྣང་བ་བཞིན་དུ་རྣམ་པར་བརྟགས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་བརྒྱད་པའི་དོན་ཏོ། །གང་ཡང་མངོན་པར་མ་གྲུབ་པ་དེ་ནི་གཟུགས་ལ་སོགས་པ་མ་ཡིན་ནོ། །འོན་ཀྱང་གཟུགས་ལ་སོགས་པའི་ཆོས་ཉིད་དོ་ཞེས་བྱ་བ་ནི་དགུ་བའི་དོན་ཏོ། །དེ་ལ་གཟུགས་ལ་སོགས་པའི་ཆོས་ཉིད་ཀྱང་གཟུགས་ལ་སོགས་པའི་བདག་ཉིད་ཡིན་ན་དེའི་ཚེ་ཇི་ལྟར་བྱང་ཆུབ་སེམས་དཔའ་མངོན་པར་མ་གྲུབ་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་མ་གྲུབ་པ་གདམས་པར་བྱ་བར་འགྱུར་ཏེ། གོ་རིམས་བཞིན་དུ་བེམས་པོ་ཉིད་དང༌། མངོན་པར་བརྗོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བཅུ་པའི་དོན་ཏོ། །མངོན་པར་མ་གྲུབ་པ་ལས་གཞན་དུ་བྱང་ཆུབ་སེམས་དཔའ་མི་དམིགས་སོ་ཞེས་བྱ་བ་ནི་བཅུ་གཅིག་པའི་དོན་ཏོ། །དེ་ལྟར་རྣམ་པ་བཅུ་གཅིག་མི་དམིགས་པ་བསྟན་པ་ན་སེམས་གང་བསྟན་པ་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །དེ་


DTG088_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གང་མི་ཞུམ་པ་སྟེ་དེ་དམིགས་པ་བོར་ནས་གཞན་དུ་ཞུམ་པ་མེད་པ་ནི་རང་བཞིན་གྱིས་གཡོ་བའི་ཕྱིར་རོ། །མི་འགོང་བ་ནི་དམིགས་པ་དེ་ལ་བསྡུས་པར་གྱུར་པའོ། །གཞན་དུ་ཡང་ཞུམ་པ་མེད་དེ་རང་བཞིན་གྱིས་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ། །ཡིད་འགོང་བར་མི་འགྱུར་ཞེས་བྱ་བ་ནི་ཡིད་གཡོ་བ་མེད་པ་དང་བསྡུས་པ་ལ་དེ་དང་འགལ་བར་འགྲོ་བས་ན་འགོང་བར་འགྱུར་བ་སྟེ། གོ་རིམས་བཞིན་དུ་ཞུམ་པ་དང་རྒོད་པའོ། །དེ་ལ་ཞུམ་པ་ནི་སེམས་བྱིད་བ་སྟེ་བློང་བའོ། །རྒོད་པ་ནི་ཆགས་པར་བྱ་བའི་ཡུལ་རྗེས་སུ་དྲན་ནས་འདོད་ཆགས་ཀྱི་ཆར་གྱུར་པ་ཉེ་བའི་ཉོན་མོངས་པ་སྟེ། དེ་དག་ཞི་བར་བྱ་བའི་ཕྱིར་ཡིད་ཕྱིར་ཕྱོགས་པར་མི་འགྱུར་རོ། །དེ་སྐད་དུ། ཏིང་འཛིན་ཡོན་ཏན་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། རྒོད་པ་ཡང་ནི་ཞི་བར་བྱ། །ཞེས་བཤད་དོ། །འབད་པ་བཏང་བར་གྱུར་ན་འདི་ལ་འདི་དག་ཀྱང་ཡོད་པར་འགྱུར་རོ་སྙམ་སྟེ། བཏང་བ་ལས་སྐྲག་པ་ནི་སྐྲག་པ་སྟེ། དེ་འབད་པས་ཟློག་པ་ནི་མི་སྐྲག་པའོ། །འབད་པ་དང་འདུ་བྱེད་པ་དང་རྩོལ་བ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་ནས་ལྷུན་གྱིས་གྲུབ་པའི་འཇུག་པ་བོར་ནས་འདུས་བྱས་པ་ལ་སྐྲག་པ་ནི་དངང་བ་སྟེ། དེས་འདུ་བྱེད་པ་དེ་བཏང་བར་གྱུར་པ་ལ་མི་དངང་བའོ། །ཤིན་ཏུ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་ཡང་དངང་བར་མི་འགྱུར་བ་འདི་ཙམ་གྱིས་ནི་རང་བཞིན་གྱི་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མདོར་བསྡུས་པའི་ཚིག་དེ་དག་གི་འོག་ཏུ་དེ་དག་ཉིད་གོ་རིམས་བཞིན་དུ་རེ་རེ་བའམ་ལྷན་ཅིག་ཏུ་ཤཱ་རིའི་བུས་རྗེས་སུ་བརྗོད་ནས་རྒྱུ་དྲིས་པ་དེ་ལ་རེ་རེ་བ་ལ་དང་པོ་དང་གཉིས་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པ་ལའོ། །གསུམ་པ་དང་བཞི་པ་ནི་ལྷན་ཅིག་པ་ཉིད་དོ། །ལྔ་པ་དང་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་དགུ་པ་དང་བཅུ་པ་དག་ཀྱང་ལྷན་ཅིག་པ་ཉིད་དོ། །དེ་དག་གི་འོག་ཏུ་གོ་རིམས་བཞིན་དུ་རེ་རེ་ཞིང་འདྲི་བ་རྗེས་སུ་བརྗོད་ནས། རབ་འབྱོར་གྱིས་བཅུ་གཉིས་ཉིད་ཀྱི་ལན་རྒྱས་པར་སྨྲས་ཏེ། དེ་དག་གི་དང་པོ་ནི་སེམས་ཅན་མེད་པ་ཉིད་དོ། །ཚེ་དང་ལྡན་པ་ཁྱོད་ཀྱིས་གང་ལ་ཡང་འདི་སྐད་དུ་གཞན་ཡང་ཞེས་བྱ་བ་ནི་དེ་ལྟར་གཉིས་པ་ལ་སོགས་པ་ཐམས་ཅད་ལ་དང་པོར་རྗེས་


DTG088_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཟླས་ནས་ཐ་མར་མཇུག་བསྡུ་བའོ། །བཅུ་གཉིས་པའི་ལན་རྒྱས་པའི་མཇུག་ཏུ་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཞེས་གསུངས་སོ། །དེ་བས་འདི་ལྟར་འདི་ལ་སྤྱོད་པ་ནི་ཆོས་ཀྱི་རྗེས་སུ་རྟོགས་པ་ཡིན་ལ་དེ་ནི་གཟུགས་ལ་སོགས་པས་གཟུགས་ལ་སོགས་པ་ལ་མི་དམིགས་ཤིང་མི་གནས་པ་སྟེ། མངོན་པར་ཞེན་པར་མི་བགྱིད་ལ། འདོགས་པར་མི་བགྱིད་དོ་ཞེས་གསུངས་པ་ཉིད་དོ། །དེ་དག་གི་དོན་གོ་རིམས་བཞིན་དུ་རང་རིག་པས་མི་ཤེས་ཏེ། རང་གི་མཚན་ཉིད་མེད་པའི་ཕྱིར་རོ། །མི་སྣང་བ་སྟེ། གཟུང་བ་དང་འཛིན་པ་མེད་པས་དེ་བཞིན་སྣང་བ་མེད་པའི་ཕྱིར་རོ། །དོན་དམ་པ་ཉིད་ཀྱིས་རྟོགས་པར་མི་བྱེད་བརྟགས་པ་ཙམ་ཉིད་ཀྱིས་རྣམ་པར་རྟོག་པར་མི་བྱེད་དོ། །དེ་དག་གི་རྣམ་པ་ནི་དེ་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་མི་ཤེས་ཤེ་ན། མེད་པའི་ཕྱིར་དང་སྐྱེ་བ་མེད་པའི་ཕྱིར་དང་ཟད་པ་མེད་པའི་ཕྱིར་རོ། །གང་ཡང་གཟུགས་ཞེས་བྱ་བ་ལ་སོགས་པ་དང༌། དེ་དག་ནི་གཉིས་སུ་མེད་པའི་གྲངས་སུ་འགྲོའོ་ཞེས་བྱ་བ་སྨོས་ཏེ། ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ཞེས་བྱ་བར་དགོངས་སོ། །དེ་ནི་ཐོབ་པའི་ངེས་པར་འབྱུང་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བརྗོད་པར་བྱ་བ་ཡིན་པ་དེ་བས་ན་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ནི་གང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང༌། ཡོངས་སུ་བརྟགས་པ་ནི་གང་ཞེས་དྲིས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གསུམ་པོ་དེ་དག་ཅི་འདྲ་བ་ཞེས་བྱ་བར་བསམས་པའོ། །རབ་འབྱོར་གྱིས་ལན་དུ་སྨྲས་པ། བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་དཔའ་ནི་བྱང་ཆུབ་སེམས་པའོ། །བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཀྱང་འདི་མངོན་པར་ཞེན་པ་ནི་མེད་དོ། །ཆོས་ཀྱི་གཟུགས་ལ་སོགས་པའོ། །རྣམ་པ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཞེས་བྱ་བ་ནི་བསྟན་པའོ། །རྟགས་ཞེས་བྱ་བ་ནི་མིང་དང་བརྡའོ། །མཚན་མ་ཞེས་བྱ་བ་ནི་མཚན་ཉིད་དོ། །བྲལ་བ་དང་རིང་དུ་སོང་བ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ་སྤང་བར་བྱ་བ་མ་ལུས་པ་སྤངས་པས་བྲལ་བ་སྟེ་མི་ལྡན་པའོ། །སོང་བས་ན་སོང་བ་སྟེ་བགྲོད་པར་བྱ་བ་རྒལ་བ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་འགྲོ་ཞིང་


DTG088_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པས་རིང་དུ་སོང་བ་དེ་བས་ན་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་ཡོངས་སུ་བརྟགས་པ་ནི་གང་གཟུགས་རྟག་པ་མ་ཡིན་ཞེས་བྱ་བ་དང་མི་རྟག་པ་མ་ཡིན་ཞེས་བྱ་བར་ཡོངས་སུ་རྟོག་པ་ཞེས་བྱ་བ་ལ་སོགས་པའོ། །ལམ་གྱི་ངེས་པར་འབྱུང་བ་བརྗོད་པར་བྱ་བ་དེ་ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ཞེས་སྐབས་འབྱེད་པ་ལ་ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ནི་ངེས་པར་འབྱུང་བའི་སྒྲུབ་པ་རྣམ་པ་བརྒྱད་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པ་ཡང་ཡིན་ནོ། །འདིར་དང་པོ་སེམས་བསྐྱེད་པ་བསྟན་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་ཡིན་པའི་ཕྱིར་རོ། །དེ་ནས་གདམས་ངག་ནི་ཐོག་མར་ཡོངས་སུ་ཤེས་པར་བྱ་བ་བཅུ་པོ་དག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་སྦྱོར་བ་ཡིན་པའི་ཕྱིར་རོ། །དེ་ནས་རྟེན་ནི་སྒྲུབ་པའི་རྟེན་ཏེ། བདག་ཏུ་འཛིན་པ་སྤངས་པའི་ཕྱིར་རོ། དེ་ནས་དམིགས་པ་ནི་དེ་ལ་རྨོངས་པ་སྤངས་པའི་ཕྱིར་རོ། །དེ་ནས་ཆེད་དུ་བྱ་བ་ནི་ལོག་པའི་ཆེད་དུ་བྱ་བ་སྤངས་པའི་ཕྱིར་དང༌། ཡང་དག་པའི་ཆེད་དུ་བྱ་བའི་རང་གི་ངོ་བོ་ཤེས་པར་བྱ་བའི་ཕྱིར་རོ། །དེ་ནས་སྒྲུབ་པ་རྣམ་པ་བཞི་སྟེ། དེ་ལ་སྒྲུབ་པ་གང་ལ་བར་དུ་གཅོད་པར་བྱེད་པ་ཐམས་ཅད་སོ་སོར་བཅོམ་པ་དེ་ནི་གོ་ཆའི་སྒྲུབ་པ་དྲུག་གོ །གང་གི་ཐེག་པ་ཆེན་པོ་ལ་འཛེག་པར་བྱེད་པ་དེ་ནི་འཇུག་པའི་སྒྲུབ་པ་རྣམ་པ་དགུའོ། །གང་གིས་རྒྱུའི་མཐར་ཐུག་པ་ཐོབ་པར་བྱེད་པ་དེ་ནི་ཚོགས་ཀྱི་སྒྲུབ་པ་རྣམ་པ་བཅུ་བདུན་ནོ། །གང་གིས་འབྲས་བུའི་མཐར་ཐུག་པས་གནོན་པ་དེ་ནི་ངེས་པར་བྱུང་བའི་སྒྲུབ་པ་བརྒྱད་དོ། །དེ་བས་ན་བཞི་པོ་འདི་ནི་སྒྲུབ་པ་ཡིན་ནོ། །རབ་ཏུ་དབྱེ་བའི་གྲངས་བྱས་ནས་བཞི་བཅུར་འགྱུར་རོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ། རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེའུ་སྟེ་དང་པོའོ།། །།


previousལེའུ་དང་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲེལ་པ།next