Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་བརྒྱད་པ།


  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
  collapse section
   
   
ལེའུ་གཉིས་པ། ལམ་ཤེས་པ་ཉིད་ཀྱི་འགྲེལ་པ།
   
   
   
   
   
   
   
   
   


 
previousལེའུ་གཉིས་པ། ལམ་ཤེས་པ་ཉིད་ཀྱི་འགྲེལ་པ།next

ལེའུ་གཉིས་པ། ལམ་ཤེས་པ་ཉིད་ཀྱི་འགྲེལ་པ།


DTG088_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཤེས་པ་ཉིད་བསྟན་པར་བྱ་བ་ལ། རུང་བར་མ་བྱས་པ་ལ་བསྟན་པར་རིགས་པ་མ་ཡིན་ཏེ། དེ་ཡང་རུང་བར་བྱས་པ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །དེ་བས་ན་དང་པོར་དེ་ཉིད་


DTG088_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཞེས་བྱ་བ་ནས། ལྷག་པར་དམིགས་པར་བྱ་བ་དེ་དག་གི་བར་གྱིས་སེམས་བསྐྱེད་པ་གསུངས་ཏེ། དེ་ནི། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང༌། །ཡུལ་ངེས་པ་དང་ཁྱབ་པ་དང༌། །རང་བཞིན་དང་ནི་དེ་ཡི་ལས། །ཞེས་བྱ་བ་སྨོས་ཏེ། གསུངས་སོ་ཞེས་བྱ་བ་ནི་ལྷག་མའོ། །ལྷ་རྣམས་ཞེས་བྱ་བ་ནི་ལྷའི་ཚོགས་རྣམས་སོ། །རུང་བར་བྱ་བའི་ཕྱིར་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་བར་ཤེས་ནས་དེའི་དངོས་པོར་སེམས་བསྐྱེད་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལས་ཞེས་བྱ་བ་ལ་སོགས་པས་སྐབས་འབྱེད་པ་ཡིན་ནོ། །དེ་བས་ན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་གང་ཡིན་པ་དེ་དག་གིས་སེམས་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་རུང་བར་བྱ་བའི་ཕྱིར་བསྐྱེད་པའོ། །འོད་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་འོད་ཀྱིས་སོ། །མོག་མོག་པོར་མཛད་ཅེས་བྱ་བ་ནི་གཟི་མེད་པར་མཛད་ཅེས་བྱ་བའི་དོན་ཏོ། །གང་ཡང་ཞེས་བྱ་བ་ནི་ཡུལ་ངེས་པ་སྟེ། ཡུལ་ཉན་ཐོས་ཞི་བ་ཕྱོགས་གཅིག་པས་མ་བསྐྱེད་པའི་ཕྱིར་རོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་བསམ་གྱིས་མི་ཁྱབ་པ་སྟེ། བྱང་ཆུབ་ཏུ་ཡོངས་སུ་གྱུར་པའི་ཉན་ཐོས་དག་གིས་ཀྱང་བསྐྱེད་པའི་ཕྱིར་རོ། །དགེ་བའི་ཕྱོགས་ལ་བདག་ཅེས་བྱ་བ་ལ་སོགས་པས་ནི་རྣག་བཞིན་ཏེ། དགེ་བའི་ཕྱོགས་ནི་དགེ་བའི་ཆོས་སོ། །ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་བཟུང་བས་སོ། །ཤིན་ཏུ་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཡང་དག་པར་གཟུང་བ་སྟེ་དེ་ནི་ལས་སོ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་བྱ་བ་ལ། དང་པོ་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ། །དེའི་མདོ་ཡང་ཀཽ་ཤི་ཀ་དེ་ལ་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཞེས་བྱ་བའི་དོང་མ་ཡན་ཆད་དོ། །གཟུགས་ལ་སོགས་པ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པའོ། །དེ་ལ་སྡུག་བསྔལ་ནི་རྣམ་པ་བཞིར་ཡིད་ལ་སྟེ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་


DTG088_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། གོ་རིམས་བཞིན་དུ་སྐྱེ་བ་དང་འཇིག་པ་དང་ལྡན་པའི་ཕྱིར་དང་མི་མཐུན་པ་ཉིད་ཀྱི་ཕྱིར་དང་བདག་གི་མཚན་ཉིད་མེད་པ་ཉིད་ཀྱི་ཕྱིར་དང་བདག་གི་བས་སྟོང་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཤི་བའི་རོ་ལ་ཤི་བ་ཞེས་བྱ་བ་སྟེ། བདག་གི་བས་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཀུན་འབྱུང་ནི་རྣམ་པ་བཞིས་སྤང་བར་འོས་པར་ཤེས་པར་བྱ་བའི་དོན་ཏོ། །ནད་དང་ཤུ་བ་དང་ཟུག་རྡུ་དང་སྡིག་པ་སྟེ། གོ་རིམས་བཞིན་དུ་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་ཕྱིར་དང༌། སྡུག་བསྔལ་འཕེལ་བར་བྱེད་པའི་རྒྱུ་ཉིད་དང་གདོན་པར་དཀའ་བ་ཉིད་ཀྱི་ཕྱིར་དང༌། འདི་དང་གཞན་དུ་སྡུག་བསྔལ་གྱི་རྒྱུའི་ཆོས་མཐུན་པ་ཉིད་ཅན་ཡིན་པའི་ཕྱིར་རོ། །ཡང་རྣམ་པ་བཞིས་ནུས་པ་ཉིད་དུ་ཡོངས་སུ་ཤེས་པའི་དོན་ཏེ། ཕ་རོལ་དང་འཇིག་པའི་ཆོས་ཅན་དང་གཡོ་བ་དང་རབ་ཏུ་འཇིག་པ་སྟེ། བདག་ནི་དོར་བར་མི་ནུས་པས་འདིས་ནི་ཕ་རོལ་ལོ། །འཇིག་པའི་ཆོས་ཅན་ནི་སྐད་ཅིག་མ་རེ་རེར་འཇིག་པ་ཉིད་ཀྱི་ཕྱིར་རོ། །གཡོ་བ་ནི་དགྲ་བཅོམ་པ་དག་གིས་ལམ་རྣམ་མས་རྩ་བ་ནས་བཏོན་པ་ཉིད་ཀྱི་ཕྱིར་རོ། །སྐབས་སུ་བབ་པའི་ལམ་གྱིས་འཇིག་པ་ཉིད་ཀྱི་ཕྱིར་རབ་ཏུ་འཇིག་པའོ། །མྱུར་དུ་བྱེད་པའི་དོན་ཡང་གསུམ་སྟེ། ཐོག་འབབ་པ་ལ་སོགས་པ་བཞིན་དུ་འཇིག་པའི་རྒྱུད་ཉིད་ཀྱི་ཕྱིར་འཇིག་པའོ། །འབྱུང་པོ་དང་སྲིན་པོ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་འགོ་བའི་ནད་དོ། །མུ་གེ་དང་ཕ་རོལ་གྱི་དམག་ཚོགས་ལ་སོགས་པ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་འཚེ་བའོ། །དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་ལས་བཟློག་པ་ནི་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས་བརྩམས་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། དེ་ལ་ངེས་པར་འགོག་པས་ན་འགོག་པ་སྟེ་ཞེས་བྱ་བ་ནི་འགོག་པའི་བདེན་པའོ། །འདིས་འགོག་པར་བྱེད་པས་ན་འགོག་པ་སྟེ། ལམ་གྱི་བདེན་པའོ། །དེ་དག་སོ་སོ་ལ་ཡང་རྣམ་པ་བདུན་ཏེ། བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུས་མ་བྱས་པ་ཞེས་བྱ་བའོ། །དེ་ལ་རྣལ་འབྱོར་བའི་བདག་ནི་སྡུག་བསྔལ་གྱི་བདག་ཉིད་ཀྱི་ཕུང་པོ་དག་སྟེ། དེ་བས་ན་སྡུག་བསྔལ་གྱི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་བདག་མེད་པའོ། །ཉོན་མོངས་པ་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་ཞི་བའོ།།


DTG088_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ནི་མི་གཙང་བ་སྟེ། དེ་དག་ཟད་པ་ཉིད་ཀྱི་ཕྱིར་དབེན་པ་སྟེ། གཙང་པ་ཞེས་བྱ་བའི་དོན་ཏོ། །བདག་དང་བདག་གི་དང་བྲལ་བའི་ཕྱིར་སྟོང་བའོ། །འདུས་བྱས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་མ་མེད་པའོ། །ཁམས་གསུམ་པ་ལ་སྨོན་པ་ནི་སྨོན་ལམ་སྟེ། དེ་ཟད་པའི་ཕྱིར་སྨོན་པ་མེད་པའོ། །མ་འོངས་པའི་ལས་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱ་སྟེ། འགོག་པའི་བདེན་པའི་རྣམ་པའོ། །ལམ་གྱི་བདེན་པ་ཡང་དེ་དག་ཁོ་ན་ཡིན་ཏེ། ལམ་ཡང་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་པ་དེ་བས་ན་བདག་མེད་པ་ལ་སོགས་པ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་བདག་མེད་པ་ལ་སོགས་པའོ། །དེ་ལྟར་ན་འདིར་རྣམ་པ་ཉི་ཤུ་རྩ་དགུ་ནི་ཉན་ཐོས་ཀྱི་ལམ་ཡིན་ཏེ། དེའི་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ནི་དེ་དག་མི་དམིགས་པས་ལམ་ཤེས་པ་ཉིད་ལ་འཇུག་སྟེ། སྔར་ཡང་བྱང་ཆུབ་ཆེན་པོ་ལ་སྨོན་པའི་ཕྱིར་དང༌། ཕྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པའི་ཕྱིར་རོ། །ཁྱད་པར་དེ་དག་གཉིས་ཀྱིས་ལམ་གཞན་ལ་ཡང་འདིར་འཇུག་པའི་ཕྱིར་གཞན་ཡང་ཞེས་བྱ་བའི་ཚིག་གཉིས་གསུངས་པ་ཡིན་ནོ། །ཡོངས་སུ་དཔྱོད་པར་བྱེད་པ་ལྔ་པོ་དག་གི་གཞུང་ལྷག་མས་ནི་མི་དམིགས་པ་ཉིད་རྒྱས་པར་བྱེད་དོ། །དེ་ལ་བསྟན་པ་ཉིད་ནི་ཆོས་ཀྱི་ཆོས་རྣམས་ཞེས་བྱ་བ་ནས། སོ་སོར་དཔྱོད་པ་ཞེས་བྱ་བ་དེ་དག་གི་བར་དུའོ། །འདི་ལྟར་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚིག་གིས་སོ། །ཆོས་ཀྱིས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སམ་ཡོངས་སུ་བསྔོ་བའི་སེམས་ཀྱིས་སོ། །ཆོས་རྣམས་ཞེས་བྱ་བས་ནི་ཉན་ཐོས་ཀྱི་ལམ་ལ་སོགས་པའོ། །སྦྱོར་བར་བྱེད་པ་ནི་གང་ཟག་གིས་སྟོང་པ་ཉིད་ཀྱིས་མཉམ་པ་ཉིད་མཐོང་བ་ཉིད་ཀྱི་ཕྱིར་སྦྱོར་བའོ། །འགྲོགས་པས་སྟོང་པ་ཉིད་དུ་སྦྱོར་བ་ལས་ཀྱང་རྣམ་པ་གཉི་གས་བརླན་པ་ནི་མངོན་པར་བརླན་པའོ། །ཕན་ཚུན་སྟོང་པ་ཉིད་དུ་སྦྱོར་བ་ལས་ཀུན་ནས་བརླན་པའོ། །རང་བཞིན་སྟོང་པ་ཉིད་ལྷག་མར་བྱས་པ་དེ་སྦྱོར་བ་ནི་ཡོངས་སུ་རྫོགས་པ་སྟེ། རང་བཞིན་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་ཤིང་གསོས་པ་དེ་བས་ན་དེ་མཐོང་བ་ཡོངས་སུ་རྫོགས་པའོ། །ཡོངས་སུ་རྫོགས་པ་ལས་ཀྱང་རིག་པ་ལྷག་པར་མཐོང་བ་ནི་ཡོངས་སུ་རྒྱས་པའོ། །དཔེར་ན་བྲེ་འདི་ལས་བྲེ་འདིར་ཆད་འདི་ཙམ་


DTG088_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལྷག་པར་གྱུར་པ་འདི་ལྷག་པ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་བཤད་པ་སྟེ། དེ་ལ་དང་པོ་སྦྱོར་བ་དེའི་བཤད་པ་ནི་བདག་མེད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་མངོན་པར་བརླན་པར་བྱེད་པ་དེ་གང་ལས་ཞེས་བྱ་བའོ། །ལན་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཡོངས་སུ་བརླན་པར་བྱེད་པ་དེ་གང་ལས་ཞེས་བྱ་བའོ། །ལན་ནི་ཀཽ་ཤི་ཀ་གང་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་མི་ཞེན་མི་དམིགས་ཞེས་བྱ་བ་ནི་བདག་དང་བདག་གི་དངོས་པོ་མེད་པའི་ཕྱིར་རོ། །བརྒྱ་བྱིན་གྱི་དྲི་བ་ནི། བཙུན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་སྔ་མ་དག་གིས་སེམས་ཀྱི་ཕྱི་མ་དག་ལ་བག་ཆགས་བསྒོས་པ་ལས་དེའི་སྒོ་ནས་ཡོངས་སུ་བསྔོ་བའི་སེམས་དང་འགྲོགས་པ་སྟེ། ཕན་ཚུན་འདྲེས་པར་གྱུར་པ་ཞེས་བྱ་བར་བསམས་པའོ། །ལན་ནི་ཀཽ་ཤི་ཀ་གང་ཞེས་བྱ་བ་ལ་སོགས་པའོ། །སེམས་མ་ཡིན་ཏེ་ཞེས་བྱ་བ་ལ་སེམས་ཀྱི་སྟོང་པ་ཉིད་དེ། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་ཏེ། རང་བཞིན་མེད་པ་དག་ནི་བག་ཆགས་དང་བག་ཆགས་ཀྱི་གཞིའི་དངོས་པོར་མེད་དོ་ཞེས་བྱ་བར་བསམས་པའོ། །འོན་ཀྱང་སེམས་མ་ཡིན་པ་ཉིད་ཀྱིས་ཞེས་བྱ་བ་ནི་སྨོན་ལམ་གྱི་སེམས་ཀྱིས་སྟོང་པ་ཉིད་དོ། །སེམས་མ་ཡིན་པ་ཉིད་ལ་ཞེས་བྱ་བ་ནི་དགེ་བའི་རྩ་བས་སྟོང་པ་ཉིད་དེ། དངོས་པོ་མེད་པ་ནི་ལས་དང་བྱེད་པ་པོ་ལ་སོགས་པའི་ནུས་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་ཡོངས་སུ་རྒྱས་པར་བཤད་པ་སྟེ། དེ་ལྟར་ན་ཞེས་བྱ་བ་ནི་སེམས་དེ་ཉིད་རང་བཞིན་མེད་པའི་ཕྱིར་རོ། །སེམས་མ་ཡིན་པ་གང་ཞེས་བྱ་བ་ནི་སེམས་གང་ཡིན་པ་སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང་ཆོས་ཉིད་དོ། །དེ་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ། བསམ་པ་ལས་འདས་ཞེས་བྱ་བའི་དོན་ཏོ། །བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི་སེམས་མ་ཡིན་པ་ཞེས་བྱ་བ་ནི་སེམས་པར་བྱེད་པས་ནི་སེམས་སོ་ཞེས་བྱ་བའི་རིགས་པས་སོ། །སེམས་མ་ཡིན་པ་ཉིད་ནི་སེམས་ཡོངས་སུ་སྔོ་བར་བྱེད་ཅེས་བྱ་བ་ནི། རྟོག་པ་མེད་པས་རྣམ་པར་མི་རྟོག་པ་ཡོངས་སུ་བསྔོ་བར་


DTG088_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དོན་ཏོ། །དེ་ལྟར་ན་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟར་ཡོངས་སུ་དཔྱོད་པ་ལྔ་པོ་དག་གིས་དོན་དམ་པའི་ཚུལ་ཡོངས་སུ་བསྔོ་བ་བཀག་པ་ཡིན་ནོ། །དེ་ལྟ་མོད་ཀྱི་ཀུན་རྫོབ་ཀྱི་ཚུལ་དུ་ནི་ཡོངས་སུ་བསྔོ་བ་ཡིན་ཏེ། དམན་པའི་བྱང་ཆུབ་སྤངས་ནས་ནི། །དྲུག་བས་ཕ་རོལ་ཕྱིན་ལྔ་རྫོགས། །ཀུན་རྫོབ་ཚུལ་དང་བྲལ་བས་ནི། །དེ་དག་བདེ་བར་ཚོགས་རྫོགས་མིན། །དེ་ནི་ཉན་ཐོས་ཀྱི་ལམ་གྱི་རྣམ་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་དེ་དག་གི་བར་གྱི་སྐབས་འབྱེད་པ་ཡིན་ཏེ། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་སོགས་ཕུང་པོ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་ཕྱིར། །དྲོ་བ་དེ་དག་མི་དམིགས་པས། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དོ། །ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་བྱ་བ་ལ། འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱིས་བསྟན་མ་ཐག་པའི་ལམ་གྱི་རྒྱུ་མཚན་ནི་དྲོད་ཡིན་པར་འདོད་དེ། ཇི་ལྟར་གཟུགས་ལ་སོགས་པའི་ཕུང་པོ་ནི་ཚོགས་ཏེ་དེ་སྟོང་པ་ཉིད་ཀྱིས་སོ། །སྟོང་པ་ཉིད་དེ་དག་ཀྱང་དབྱེར་མེད་པས་སོ། །དེ་དག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་མི་དམིགས་པས། རྩེ་མོར་གྱུར་པ་དག་ཏུ་འདོད་དོ། །དེ་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལའོ། །རྟག་པ་ཉིད་ལ་སོགས་པའི་ཚུལ་གྱིས་དེའི་གནས་པ་བཀག་པ་སྟེ། དམིགས་པ་བཀག་པས་བཟོད་པ་དག་ཏུ་འདོད་དོ། །ས་བཅུ་དག་ལས་ཞེས་བྱ་བ་ནི་དང་པོ་དང་གཉིས་པ་དག་ལ་སོགས་པ་དག་ལས་སོ། །བརྩམས་ནས་ཞེས་བྱ་བ་ནི་དང་པོར་བྱས་པའོ། །ས་དང་པོ་ཞེས་བྱ་བ་ལ་སོགས་པ་ནས་མི་བྱའོ་ཞེས་བྱ་བའི་བར་གྱིས་ངག་གི་ཚོགས་རྒྱས་པར་མི་གནས་ཏེ། མི་དམིགས་པ་བསྟན་པའི་ཕྱིར་རོ། །ཇི་ལྟར་བསྟན་ཞེ་ན། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། མཁྱེན་ནས་ཏེ་མངོན་པར་རྟོགས་པས་སོ། །ཆོས་རྣམས་མ་གཟིགས་པའི་ཕྱིར་ཞེས་བྱ་བ་ནི་རྒྱུ་དང་བཅས་པའོ། །


DTG088_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ཆོས་ཀྱི་མཆོག་ཏུ་གྱུར་པར་འདོད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་དང༌། དེ་ནས་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་དང༌། དམིགས་པའི་ཚུལ་གྱིས་གཟུགས་རྟག་ཅེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དང༌། གཞན་ཡང་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་ནས་མི་གནས་པའི་ཚུལ་གྱིས་ཞེས་བྱ་བ་དེ་དག་གི་བར་གྱིས་གོ་རིམས་བཞིན་དུ་དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་གོ །ཡང་ཇི་ལྟར་ཉན་ཐོས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་དག་ཉན་ཐོས་ཀྱི་ཡིན་ཞེ་ན། དེ་དག་གི་འཕགས་པའི་ལམ་གྱི་ཆེད་དུ་སྒོམ་པའི་ཕྱིར་ཉན་ཐོས་ཀྱི་ལམ་ཞེས་གསུངས་སོ། །རང་སངས་རྒྱས་ཀྱི་ལམ་བརྗོད་པར་བྱ་སྟེ། དེའི་སྐབས་འབྱེད་པ་ནི་དེ་ནས་འཁོར་དེའི་ཞེས་བྱ་བ་ལ་སོགས་པ་དང༌། རབ་འབྱོར་གྱིས་སྨྲས་པ་ཞེས་བྱ་བའི་ལྟག་དང༌། དེའི་འོག་ཏུ་སྟོན་པ་འདི་ནི་ཤེས་རབ་ཟབ་པོ་ཞེས་བྱ་བའི་ལྟག་ཡན་ཆད་དོ། །ཚིག་ཅེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་བཤད་པའོ། །སྐད་ནི་ངག་གོ །རབ་ཏུ་བརྗོད་པ་ནི་ཚིག་གི་ཚོགས་སོ། །སྨྲས་པ་ནི་བརྗོད་པ་སྟེ། རབ་ཏུ་བརྗོད་པ་དེའི་ཚོགས་ཀྱིས་སོ། །འཆད་པ་ནི་འཁོར་གྱི་ནང་དུའོ། །སྟོན་པ་ནི་དེའི་རིགས་ཅན་དག་ལའོ། །ཡི་གེ་གཅིག་ཀྱང་ཞེས་བྱ་བ་ནི་ཡི་གེ་གཅིག་པུ་ཞིག་ཀྱང་ངོ༌། །མ་བརྗོད་པ་ཞེས་བྱ་བ་ནི་གཞན་དག་གི་བསེ་རུ་ལྟ་བུ་ལ་མ་བསྟན་པའོ། །དེ་ནི་ཞེས་བྱ་བ་ནི་སྲིད་པ་ཐ་མ་ལ་ཐོས་པར་མི་རུང་བའོ། །དེ་དག་གིས་ཤེས་པར་མི་རུང་བ་ནི་ཐོས་པའི་སྟོབས་ཀྱིས་སོ། །ཡི་གེ་ཞེས་བྱ་བ་ནི་བསྟན་པ་མེད་པར་བདག་ཉིད་མངོན་པར་བྱང་ཆུབ་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བསེ་རུ་ལྟ་བུའི་འཕགས་པའི་ལམ་མོ། །སྟོན་པ་མེད་པ་ཞེས་བྱ་བ་ནི་སྟོན་པ་པོ་མེད་པའོ། །མི་དགོས་ལ་ཞེས་བྱ་བ་ནི་གཞན་གྱིས་བསྟན་མི་དགོས་པའོ། །ཡེ་ཤེས་ཟབ་པ་ཉིད་ཀྱི་དབང་དུ་བྱས་ནས་ཡི་གེ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་པ་ལས་མི་འབྱུང་བའི་ཕྱིར་དང༌། གཞན་དག་ལ་སྟོན་པ་མེད་པའི་ཕྱིར་ཡི་གེ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་ཕྱིར་རོ། །དགྲ་


DTG088_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ནི་བསེ་རུ་ལྟ་བུའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཟུང་བའི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་རོ། །བྱང་ཆུབ་ནི་འབྲས་བུར་གྱུར་པའི་ཡེ་ཤེས་སོ། །ཡེ་ཤེས་དེ་ཉིད་དཔེས་བསྟན་པར་མཛད་པ་ནི་དཔེར་ན་ཞེས་བྱ་བ་ནས་བརྩམས་ཏེ། །རབ་འབྱོར་དེ་ནི་མེད་དོ་ཞེས་བྱ་བའི་བར་དུའོ། །ཀྱེ་མ་གནས་བརྟན་རབ་འབྱོར་འདི་ནི་བདག་ཅག་ལ་བསེ་རུ་ལྟ་བུའི་ལམ་གསལ་བར་བྱེད་དོ་སྙམ་དུ་བསམས་པའི་དེ་མ་ཐག་ཏུ་ཟབ་པ་དང་ཕྲ་བའི་ལམ་ལས་བྱང་ཆུབ་ཀྱི་ཡེ་ཤེས་ཤིན་ཏུ་ཟབ་པ་དང༌། ཕྲ་བར་བསྟན་པ་ནི་ཡེ་ཤེས་ཟབ་པ་ཉིད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས། སུས་ཀྱང་བརྗོད་པ་མེད་པ་ཐོས་པ་མེད་པ་བསྟན་པ་མེད་པ་ཞེས་བྱ་བ་དེ་དག་གི་བར་གྱིས་གཟུགས་ལ་སོགས་པ་དེ་དག་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ཞེས་གསུངས་ཏེ། མེད་པ་ཉིད་ཀྱི་ཕྱིར་རོ། །གཟུགས་སུ་བརྟགས་པ་སྟེ་བཞག་པ་མེད་པ་ལ་སོགས་པ་ནི་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་བསེ་རུ་ལྟ་བུ་དག་ནི་གཟུང་བའི་རྣམ་པར་རྟོག་པ་སྤངས་པའོ། །དེ་ནས་ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པ་ནས། གཉིས་སུ་བྱར་མེད་ཅེས་བྱ་བའི་བར་གྱིས་དེ་དག་གསུངས་ཏེ། བདག་གི་རྫས་མི་དམིགས་སུ་ཟིན་ཀྱང་ཕུང་པོ་དག་ལ་སེམས་ཅན་དུ་བཏགས་པའི་ཕྱིར་སེམས་ཅན་དང་ཆོས་ཉན་པ་སྒྱུ་མ་ལྟ་བུ་ལ་སོགས་པ་ཡིན་ལ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་ཡང་སྒྱུ་མ་ལྟ་བུ་ལ་སོགས་པ་སྟེ། མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་རོ། །དེ་ལྟར་ན་བསེ་རུ་ལྟ་བུ་དག་ནི་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའོ། །དེ་ནས་འདི་བསྟན་པ་ན་དོན་དུ་གཉེར་བ་དང་དོན་དུ་མི་གཉེར་བ་དག་གནས་སྐབས་ཇི་ལྟ་བ་བཞིན་དུ། གནས་བརྟན་རབ་འབྱོར་ལ་གནས་བརྟན་དྲུག་པོ་དེ་དག་དང༌། ལྷའི་བུ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱས་དྲིས་པའོ། །སུ་དག་དོན་དུ་གཉེར་བ་ནི་འདོད་པའོ། །ཟབ་པ་ནི་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །བརྟག་པར་དཀའ་བ་ནི་སོ་སོ་རང་གིས་རིག་པ་ཉིད་ཀྱི་ཕྱིར་རོ། །རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ནི་བསམ་པའི་ལམ་ལས་འདས་པའི་ཕྱིར་རོ། །ཕྲ་བ་ནི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཞི་བའི་ཕྱིར་རོ། །མཁས་པ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་མཁས་པའི་རྒྱུ་ཡིན་


DTG088_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །མཐོང་བར་དཀའ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔའི་ཡུལ་མ་ཡིན་པའི་ཕྱིར་རོ། །རྟོགས་པར་དཀའ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞི་བ་ནི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །གྱ་ནོམ་པ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །ཆོས་རྣམས་ལས་ཤིན་ཏུ་འཕགས་པ་ནི་ཤིན་ཏུ་འཕགས་པའོ། །མཁས་པ་དང་མཛངས་པས་རིག་བར་བྱ་བ་ནི་ཕྱིར་མི་ལྡོག་པ་ལ་སོགས་པས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །བསེ་རུ་ལྟ་བུའི་རིགས་ཅན་དག་གི་ཚིག་དོན་དུ་གཉེར་བའི་དགག་པ་རྒོལ་བ་དང་བཅས་པའི་ལན་ནི། དེ་ནས། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་ཞེས་བྱ་བ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ཞེས་བྱ་བའི་ལྟག་ཡན་ཆད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ཞེས་བྱ་བ་ལ་སོགས་པས་ནི་བསེ་རུ་ལྟ་བུའི་རིགས་ཀྱང་ཆོས་ཀྱི་དབྱིངས་ཁོ་ན་ཡིན་ནོ་ཞེས་གསུངས་སོ། །ཆོས་ཀྱི་མིག་གིས་ཞེས་བྱ་བ་ནི་ཆོས་ཀྱི་མིག་གིས་སོ། །འདི་ལྟར་མ་སྐྱེས་པ་ནི་མེ་ཏོག་མ་ཡིན་པ་དེ་བཞིན་དུ་གཟུགས་མ་སྐྱེས་པ་ནི་གཟུགས་མ་ཡིན་པ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་མ་སྐྱེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ཞེས་བྱ་བའི་ནི་བསེ་རུ་ལྟ་བུའི་རིགས་སོ། །འདིར་བསྟན་བཅོས་མཛད་པས། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་གསུངས་སོ། །གཞན་གྱིས་བསྟན་པ་ནི་གཞན་དག་གིས་བསྟན་པའོ། །དེ་མི་དགོས་པ་དང་ཡེ་ཤེས་ཟབ་པ་ཉིད་ཅེས་བྱ་བ་དང་གཉིས་ནི་བསེ་རུ་ལྟ་བུ་སྟེ། རང་སངས་རྒྱས་ཞེས་བྱའོ། །མི་དགོས་པ་ཅིའི་ཕྱིར་ཞེ་ན། དེ་དག་རང་བྱུང་བདག་ཉིད་ཀྱིས་མངོན་པར་རྟོགས་པའི་ཕྱིར་རོ། །བསེ་རུ་ལྟ་བུ་ཇི་ལྟར་གཞན་གྱི་དོན་བྱེད་ཅེ་ན། འདོད་པ་ཙམ་གྱིས་སོ། །ཇི་ལྟར་དེ་དག་ལས་ཐོས་པར་འགྱུར་ཞེ་ན། ཉན་པར་འདོད་པ་ཙམ་གྱིས་སོ། །དེ་ནི། གང་དང་གང་དོན་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་དེ་དང༌། །དེ་ལ་སྒྲ་མེད་ཀྱང་དོན་དེ། །དེ་ནི་དེ་ལྟ་དེ་ལྟར་སྣང༌། །ཞེས་བྱ་བ་གསུངས་ཏེ། དེ་ནས་དེ་དག་གི་འཕགས་པའི་ལམ་ཇི་ཙམ་གྱིས་ཞེ་ན།


DTG088_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བའི་རྟོག་པ་ཉམས་ཕྱིར་དང༌། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་སོ། །བཏགས་པ་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོ་གྱུར་པ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །ཅེས་བྱ་བ་ལ། གཟུགས་ལ་སོགས་པ་བཏགས་པ་དང་མི་འགལ་བས་གཟུགས་ལ་སོགས་པའི་ཆོས་ཉིད་བསྟན་པའི་རྣམ་པ་ནི་དྲོ་བའོ། །གཟུགས་ལ་སོགས་པའི་འཕེལ་བ་དང་འགྲིབ་པ་མེད་པའི་རྣམ་པ་ནི་རྩེ་མོའོ། །ནང་སྟོང་པ་ཉིད་ལ་སོགས་པ་བཅུ་དྲུག་དག་གིས་ཆོས་རྣམས་ཡོངས་སུ་འཛིན་པ་དགག་པའི་རྣམ་པ་ནི་བཟོད་པའོ། །གཟུགས་ལ་སོགས་པ་སོ་སོ་ལ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ལ་སོགས་པ་རྣམ་པ་བཅུ་ནི་ཆོས་ཀྱི་མཆོག་གོ །མདོ་ནི་བསེ་རུ་ལྟ་བུའི་རིགས་ལས་འོག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གང་སློབ་པ་དག་ཉིས་སུ་བྱར་མེད་པར་སངས་རྒྱས་ཀྱི་ཆོས་གྲངས་མེད་ཚད་མེད་པ་ལ་སློབ་པོ་ཞེས་བྱ་བའི་བར་ནི་དྲོད་ཀྱིའོ། །གཟུགས་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་ཅེས་བྱ་བ་ནས། གཟུགས་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པོ་ཞེས་བྱ་བའི་བར་ནི་རྩེ་མོའིའོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་ཡོངས་སུ་འཛིན་པ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་བྱ་བའི་བར་ནི་བཟོད་པའོ། །དེའི་འོག་ནས་མི་སློབ་མི་འབྱུང་ཞེས་བྱ་བའི་ཚུལ་གྱིས་ཞེས་བྱ་བའི་བར་ནི་ཆོས་ཀྱི་མཆོག་གོ །དེ་ནི་རང་སངས་རྒྱས་ཀྱི་ལམ་བསྟན་པའོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་ལམ་བརྗོད་པར་བྱ་སྟེ། དེ་ལ་དང་པོར་མཐོང་བའི་ལམ་ཕན་ཡོན་དང་བཅས་པའི་མདོ་དེའི་དོན་མདོར་བསྡུས་པ་ནི། བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་


DTG088_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་འདི་བཤད་དོ། །ཞེས་བྱ་བ་གསུངས་ཏེ། བདེན་པ་སོ་སོ་ལ་སྐད་ཅིག་མ་བཞིའོ། །བཟོད་པ་གཉིས་དང་ཤེས་པ་གཉིས་ཏེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཡང་དེ་བཞིན་ཏེ། དེ་དག་ནི་འདིར་ལམ་ཤེས་པ་ཉིད་ལ་མཐོང་བའི་ལམ་ཞེས་བྱའོ། །ཕན་ཡོན་དང་བཅས་བ་རྒྱས་པར་ནི། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་དང་བརྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །ཆེན་པོ་ཚད་མེད་ཉིད་དང་བཅས། །དཔག་མེད་མཐའ་ཉིད་མེད་པ་དང༌། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །བླང་མེད་དོར་བ་མེད་སོགས་དང༌། །བྱམས་སོགས་སྟོང་ཉིད་ཁྱབ་པ་དང༌། །སངས་རྒྱས་ཉིད་ནི་ཡོངས་འཛིན་དང༌། །རྣམ་པར་བྱང་བ་ཀུན་དང་ནི། །ཉམ་ང་བ་དང་ནད་ཀུན་སེལ། །མྱ་ངན་འདས་འཛིན་ཞི་ཉིད་དང༌། །སངས་རྒྱས་རྣམས་ཀྱིས་སྲུང་ལ་སོགས། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ནས་སེམས་ཅན་དག །འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་པ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་བྱ་བའི་ཚིགས་སུ་བཅད་པ་ལྔས་གསུངས་ཏེ། ཚད་མེད་པ་དང་བཅས་པ་ནི་ཚད་མེད་པ་དང་ལྷན་ཅིག་པ་སྟེ། ཆེན་པོ་ཉིད་དང་ཚད་མེད་པ་ཞེས་བྱ་བའི་དོན་ཏོ། །མཐའ་ཁོ་ན་ནི་མཐའ་ཉིད་དེ་དཔག་ཏུ་ཡོད་པ་དང་མཐའ་ཉིད་དོ། །དེ་དག་མེད་པ་ནི་དཔག་ཏུ་མེད་པ་དང་མཐའ་ཉིད་མེད་པ་དང་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་སྐད་ཅིག་མ་བདུན་པོ་དག་དང་སྦྱར་བར་བྱ་སྟེ། གཟུགས་ལ་སོགས་པ་ཉིད་ནི་སྡུག་བསྔལ་དང་ཀུན་འབྱུང་ཉིད་ཀྱི་ཕྱིར་རོ། །བྱམས་པ་ལ་སོགས་པས་གཟུགས་མཐོང་བ་ཉིད་ནི་སྐད་ཅིག་མ་བརྒྱད་པ་སྟེ། འདིའི་དམིགས་པ་ནི་གཟུགས་ལ་སོགས་པ་ཉིད་དེ། སེམས་ཅན་དུ་སྟོན་པའོ། །དེ་བས་ན་སྐད་ཅིག་མ་བརྒྱད་ནི་གཟུགས་ལ་སོགས་པ་ལ་གནས་པའོ། །དེ་ལ་སྐད་ཅིག་མ་དང་པོ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ལ་དེ་བཞིན་གཤེགས་པ་གནས་པ་ཉིད་


DTG088_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཐོང་ངོ་ཞེ་ན། དེ་ཡང་མི་རིགས་ཏེ། དེ་བཞིན་ཉིད་དང་སངས་རྒྱས་དང༌། །ཕན་ཚུན་རྟེན་དང་བརྟེན་མེད་ཕྱིར། །གང་ཡང་གཟུགས་ཀྱི་དེ་བཞིན་ཉིད་ལ་དེ་བཞིན་གཤེགས་པ་མེད་ཅིང་དེ་བཞིན་གཤེགས་པ་ལ་གཟུགས་ཀྱི་དེ་བཞིན་ཉིད་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །རྣམ་གྲངས་ཞེས་བྱ་བ་ནི་རྣམ་པ་གཞན་ནོ། །ཁས་ལེན་པ་ནི་གནས་པ་སྟེ། མི་རྟག་པ་ལ་སོགས་པ་དང་འདྲ་བར་བདག་ཉིད་ཀྱིས་སོ། །གང་ཡང་གཟུགས་ཀྱི་དེ་བཞིན་ཉིད་ལས་དེ་བཞིན་གཤེགས་པ་གཞན་མ་ཡིན། དེ་བཞིན་གཤེགས་པ་ལས་གཟུགས་ཀྱི་དེ་བཞིན་ཉིད་གཞན་མ་ཡིན་ནོ་ཞེས་རྒྱས་པར་གསུངས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་གཞན་མ་ཡིན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན་ནོ། །གཞན་ཉིད་དུ་གྱུར་ན་ནི་རྣམ་པར་མི་རྟོག་པ་མི་རིགས་པའི་ཕྱིར་རོ། །གང་གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། །གཟུགས་ལས་གུང་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ལས་གུང་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཆེན་པོ་ལ་སོགས་པ་ལ་དམིགས་པ་ཅན་གྱི་སྐད་ཅིག་མ་བཞི་པོ་དེ་དག་གི་སྐབས་འབྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྒྱ་ཆེ་བ་ཡིན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་དེའི་ལྟག་ཡན་ཆོད་ནི་བསྟན་པའོ། །དེའི་འོག་ནས་དབང་པོ་དང་བཅས་པ་ཞེས་བྱ་བ་དེའི་གོང་ཡན་ཆད་ནི་བཤད་པའོ། །དེའི་དོན་ནི་འདི་ཡིན་ཏེ། གཟུགས་ལ་སོགས་པའི་ཆེན་པོ་ཉིད་ནི་དུས་གསུམ་དུ་དངོས་པོ་དང་དངོས་པོ་མེད་པ་ཉིད་དུ་ཡོངས་སུ་ཆད་པ་མེད་པ་སྟེ། དེ་བཞིན་ཉིད་ཀྱིས་ནམ་མཁའ་ལྟ་བུ་ཡིན་པའི་ཕྱིར། །དེ་བས་ན་དམིགས་པ་ཆེན་པོ་ཉིད་ཀྱིས་འདི་ནི་ཕ་རོལ་ཏུ་ཕྱིར་པ་ཆེན་པོ་ཡིན་ཏེ། ཚད་མེད་པ་ཞེས་གསུངས་པའི་ལྟག་ཡན་ཆད་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །འདི་ཙམ་དུ་ཡོངས་སུ་བཅད་དུ་མེད་པ་ནི་ཚད་མེད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ནི་དཔག་ཏུ་མེད་དོ་ཞེས་བྱ་བའི་ལྟག་ཡན་ཆད་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །གྲངས་སུ་མི་ཆོད་པ་ཉིད་དཔག་ཏུ་མེད་པ་སྟེ། གང་


DTG088_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད་པ་ཞེས་གསུངས་པའི་གོང་ཡན་ཆད་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །སྐྱེ་བ་ནི་སྔོན་གྱི་མཐའ་ཡིན་ལ་འགོག་པ་ནི་ཕྱི་མའི་མཐའ་ཡིན་ཏེ། དེ་ཡང་ཡོངས་སུ་ཚད་མེད་པ་ཉིད་ནི་གཟུགས་ལ་སོགས་པ་མཐའ་མེད་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐའ་མེད་པ་དང༌། ཆོས་ཀྱི་དབྱིངས་མཐའ་མེད་པ་དང༌། དེ་བཞིན་ཉིད་མཐའ་མེད་པ་དང༌། སེམས་ཅན་མཐའ་མེད་པ་དེ་ལ་དམིགས་པའི་ཕྱིར་འདི་ནི་ཕ་རོལ་ཏུ་ཕྱིན་པ་མཐའ་མེད་པའོ། །གང་ནམ་མཁའ་མཐའ་ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ནས་བརྩམས་ཏེ། དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་ཞེས་བྱ་བ་དེའི་གོང་ཡན་ཆད་ཀྱིས་གསུངས་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ། །དེར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའོ། །སངས་རྒྱས་ཉིད་དུ་ངེས་པར་འཛིན་པ་ནི་སངས་རྒྱས་ཁོ་ན་ཉིད་དུ་བལྟ་བར་བྱའོ། །གང་དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའོ། །བླང་མེད་དོར་བ་མེད་སོགས་དང༌། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡོངས་སུ་གཟུང་བ་མེད་པ་དང་དོར་བ་མེད་པ་སྟེ། གཟུགས་ལ་སོགས་པའི་སྟོང་པ་ཉིད་ལ་གནས་པའོ། །དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། གླགས་རྙེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ། །བྱམས་པ་ལ་སོགས་པ་དང་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་སོ། །ལྷག་མ་ནི་ཕན་ཡོན་ནོ། །གང་ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་ཡང་མ་བྲལ་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །སྟོང་པ་ཉིད་ཁྱབ་པ་ཞེས་བྱ་བ་ནི་སྟོང་པ་ཉིད་བཅུ་དྲུག་དག་མཐོང་བའོ། །འཐད་པ་དང་བཅས་པ་ལྷག་མ་ནི་ཕན་ཡོན་ནོ། །གང་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། རྒྱུན་མི་འཆད་པར་བསྲུང་བ་དང་བསྐྱང་བ་དང་སྤེད་པར་བགྱིའོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་འགག་པ་ལ་ཆོས་ཤེས་པའི་བཟོད་པའོ། །སངས་རྒྱས་


DTG088_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་ཡོངས་འཛིན་དང༌། །ཞེས་བྱ་བ་ནི་སངས་རྒྱས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་གདུལ་བར་བྱ་བའི་ཕྱིར། བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་པའོ། །གང་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་བརྩམས་ནས་ཐེག་པ་གསུམ་ལ་འདུལ་བ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་འགོག་པ་ལ་ཆོས་ཤེས་པའོ། །རྣམ་པར་བྱང་ཀུན་ཞེས་བྱ་བ་ལ། ཡོངས་འཛིན་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བས་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཡོངས་སུ་གཟུང་བར་འགྱུར་རོ། །ལྷག་མ་ནི་ཕན་ཡོན་ནོ། །གང་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །ཉམ་ང་བ་དང་ནད་ཀུན་སེལ། །ཞེས་བྱ་བ་ལ་ཉམ་ང་བ་ནི་ཕོངས་པ་དང་རྣམ་པར་རྩོད་པ་ལ་སོགས་པའོ། །ནད་ནི་སྲིད་པའི་སྡུག་བསྔལ་ལོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པར་འཕེལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའོ། །མྱ་ངན་ལས་འདས་འཛིན་ཞི་ཉིད་དང༌། །ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་འཛིན་པ་ཟད་པའོ། །གང་དེ་ཅིའི་ཕྱིར་ཞེ་ན་ཀཽ་ཤི་ཀ་ཞེས་བྱ་བ་ནས་བརྩམས་ཏེ། སྡིག་ཏོ་མི་དགེ་བའི་ཆོས་དེ་དག་ཐམས་ཅད་ཞི་བར་བྱེད་པ་ཡིན་ཏེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ། །སངས་རྒྱས་རྣམས་ཀྱིས་སྲུང་ལ་སོགས། །ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱིས་སྲུང་བ་དང་སྐྱོབ་པ་དང་སྦེད་པ་དང༌། དགེ་བའི་ཆོས་རྣམས་རྣམ་པར་འཕེལ་བར་འགྱུར་བའོ། །གང་ཀཽ་ཤི་ཀ་སྟོང་གསུམ་ཞེས་བྱ་བ་ནས་བརྩམས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ལམ་ལ་ཆོས་ཤེས་པའོ། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་ཞེས་བྱ་བ་ནི་སྲོག་གཅོད་པ་ལས་ལྡོག་པ་དང་པོར་བྱས་ནས། རྣམ་


DTG088_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་མཁྱེན་པ་ཉིད་ལ་བདག་ཉིད་གནས་ལ་དེ་བཞིན་དུ་གཞན་དག་འགོད་པ་ཉིད་ཀྱི་བར་དུའོ། །གང་དེའི་ཚིག་བླང་བར་འོས་པར་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། ལེགས་པ་བརྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །སྦྱིན་པ་ལ་སོགས་པ། རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ལ་སྤྱད་པ་གང་དང་གང་ཡིན་པ་དེ་དང་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་ན་དྲན་པ་དང་ལྡན་པས་སོ། །ཀཽ་ཤི་ཀ་གཞན་ཡང་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་སྦྱིན་པ་ཡོངས་སུ་གཏོང་ཡང་ཞེས་བྱ་བ་ནས་བརྩམས་ཏེ། ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ལམ་ལ་རྗེས་སུ་ཤེས་པའོ། །ལམ་ཤེས་པ་ཉིད་ཀྱི་སྐད་ཅིག་མ། །ཞེས་བྱ་བ་ནི་འདིར་དེ་དག་ནི་ལམ་ཤེས་པ་ཉིད་ལ་མཐོང་བའི་ལམ་ནི་སྐད་ཅིག་མ་བཅུ་དྲུག་གོ ། དེ་ལྟར་མཐོང་བའི་ལམ་བསྟན་ནས། བསྒོམ་པའི་ལམ་བརྗོད་པར་བྱའོ། །དེའི་བྱེད་པ་རྣམ་པ་དྲུག་གི་མདོ་ཉུང་བས་དང་པོར་གསུངས་ཏེ། ཀུན་ནས་དུལ་དང་ཐམས་ཅད་ནས། །བདུད་དང་ཉོན་མོངས་ལས་རྒྱལ་དང༌། །གནོད་པས་བརྫི་བ་མེད་ཉིད་དང༌། །བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་བྱ་བ་གསུངས་ཏེ། བདག་དང་བདག་གི་ལ་ཆགས་པ་མེད་པ་ནི་དུལ་བའོ། །དེ་དག་གི་ཁེངས་པ་མེད་པ་ནི་འདུད་པར་བྱེད་པ་སྟེ། འདུད་པའོ། །ཀུན་ནས་ཞེས་བྱ་བའི་སྒྲའི་དོན་ནི་ཡོངས་སུ་དུལ་བ་དང་ཡོངས་སུ་འདུད་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་གཉི་ག་ཡང་དམིགས་སུ་མེད་པའི་ཕྱིར་རོ། །གང་དེ་སྐད་དུ་བརྒྱ་བྱིན་གྱིས་གསོལ་བ་ཞེས་བྱ་བ་ནས་བརྩམས་ཏེ། ཉེ་བར་གནས་སོ་ཞེས་བྱ་བའི་བར་གསུངས་པ་ནི་ཡོངས་སུ་དུལ་བ་དང་ཡོངས་སུ་འདུད་པའི་བྱེད་པའོ། །ཐམས་ཅད་ནས་ཉོན་མོངས་པ་ལས་རྒྱལ་བ་ལ། ཐམས་ཅད་ཅེས་བྱ་བ་ནི་འདིར་བདག་དང་གཞན་ལས་སོ། །གང་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཕོག་ཅིང་ཟུག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་ཉོན་མོངས་པ་ལས་རྒྱལ་བའི་བྱེད་པའོ། །གནོད་པ་བརྫི་བ་མེད་ཉིད་དང༌། །ཞེས་བྱ་བ་ནི་ཕ་རོལ་གྱི་གནོད་པས་ཐམས་ཅད་དུ་གནོད་པར་བྱ་བ་མ་ཡིན་པ་དང༌།


DTG088_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་མེད་པ་ཉིད་དོ། །གང་ཡང་ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུ་ཞེས་བྱ་བ་ནས་བརྩམས་ཏེ། གཉི་ག་ལ་ཡང་གནོད་པར་མི་བྱེད་དོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་གནོད་པས་བརྫི་བ་མེད་པ་ཉིད་ཀྱི་བྱེད་པའོ། །བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །གང་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ། མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་མངོན་པར་རྫོགས་པའི་བྱང་ཆུབ་པའི་བྱེད་པའོ། །རྟེན་མཆོད་ཉིད་ཅེས་བྱ་བ་ནི་གང་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ནས། ཡིད་ལ་བྱེད་པའི་བར་དེ་ནི་རྟེན་ཏེ། དེའི་ལྷའི་ཚོགས་ཐམས་ཅད་ཀྱིས་མཆོད་པའོ། །གང་ཀཽ་ཤི་ཀ་འདི་ལྟ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། བཀུར་སྟི་བྱས་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་གསུངས་པ་ནི་རྟེན་མཆོད་པ་ཉིད་དོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་བྱེད་པ་དྲུག་པོ་དེ་དག་ནི་བསྡུས་ནས་ཐ་མི་དད་པ་ཉིད་དུ་གོང་དུ་གསུངས་པ་ཡིན་ནོ། །འཇིག་རྟེན་པའི་བསྒོམ་པའི་ལམ་དང་པོར་བརྗོད་པར་བྱ་སྟེ། དང་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་རྣམ་པ་གསུམ་སྟེ། མོས་པ་ཡིད་ལ་བྱེད་པ་དང༌། བསྔོ་བ་ཡིད་ལ་བྱེད་པ་དང༌། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའོ། །དེ་ལ་མོས་པའི་དབང་དུ་མཛད་ནས། མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང༌། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཞེས་བྱ་བ་གསུངས་ཏེ། འདི་རང་གི་དོན་ཡིན་པས་ན་རང་གི་དོན་ཏོ། །དེ་བཞིན་དུ་རང་དང་གཞན་གྱི་དང༌། གཞན་གྱི་ཉིད་ཀྱང་ངོ༌། །དེ་ཡང་ནི། སོ་སོར་རྣམ་པ་གསུམ་དུ་འདོད། །ཅེས་བྱ་བ་ལ་དེ་ཞེས་བྱ་བ་ནི་རང་གི་དོན་ལ་སོགས་པའོ། །ཇི་ལྟར་རྣམ་པ་གསུམ་ཞེ་ན། ཆུང་དང་འབྲིང་དང་ཆེན་པོ་སྟེ། །དེ་ལྟར་ཞེས་བྱ་བ་དང་འབྲེལ་ཏོ། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་སོ་སོར་ཞེས་བྱ་བར་སྦྱར་ཏེ། དེ་ལྟར་ན། རྣམ་པ་ཉི་ཤུ་བདུན་དུ་འདོད། །དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་རྣམ་པ་ཕྱེ་བས་སོ། །དེ་ཞེས་བྱ་བ་ནི་མོས་པའོ། །འདི་ལྟ་སྟེ་རང་གི་དོན་གྱི་མོས་པ་ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོ་དང༌།


DTG088_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་འབྲིང་དང༌། ཆེན་པོའི་ཆེན་པོའོ། །དེ་བཞིན་དུ་རང་དང་གཞན་གྱི་དོན་གྱི་མོས་པ་དང༌། གཞན་གྱི་དོན་གྱི་མོས་པའོ། །མོས་པ་ནི་དད་པ་དང་འདུན་པ་སྟེ། ཡིད་ཆེས་པ་དང་འདོད་པའི་མཚན་ཉིད་དོ། །གང་ལ་མོས་ཤེས་ན། མདོ་ལས་བསྟན་པའི་བཅོམ་ལྡན་འདས་མ་འདྲི་བ་དང༌། ཀློག་པ་ལ་སོགས་པ་དེའི་སྤྱོད་པ་དང༌། མེ་ཏོག་ལ་སོགས་པ་ནས་མར་མེའི་མཐར་ཐུག་པ་དེའི་མཆོད་པ་ལའོ། །སྤྱོད་པ་དང་མཆོད་པ་ལས་བྱུང་བའི་བསོད་ནམས་དེའི་འཐད་པ་ཡང་མདོ་ཇི་ལྟ་བ་བཞིན་ནོ། །སྐུ་གདུང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་སྩལ་བའམ། རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་སྩལ་ཏེ། དེ་ལ་མཆོད་པའི་བསོད་ནམས་ལས་བསོད་ནམས་ཆེས་མང་བ་ནི་དང་པོའོ། །མདོ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ནི་ལེ་ལོ་ཅན་དང་བརྩོན་འགྲུས་མེད་པ་དང༌། མོས་པ་དམན་པ་དང༌། བསམ་པ་དམན་པ་དང༌། ཤེས་རབ་འཆལ་བ་དག་གིས་རྟོགས་པར་དཀའ་བར་ཤེས་པའོ། །ལྷག་མ་ནི་དེ་བཞིན་ཏེ་བསོད་ནམས་ལྷག་པར་རྟོགས་པར་བྱ་སྟེ། གཉིས་པའོ། །བཅོམ་ལྡན་འདས་མ་ལ་ཡང་དང་ཡང་དུ་སྤྱོད་པ་དང་མཆོད་པ་དང༌། དེའི་ནང་དུ་ཆུད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སྤྱོད་པ་ལྷག་མ་ལ་བསོད་ནམས་ལྷག་པར་འཕགས་ཏེ་གསུམ་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་ཞེས་བྱ་བ་ནི་ཁྱད་པར་རོ། །ལྷག་མ་ནི་གསུམ་པ་དང་འདྲ་སྟེ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དཔག་ཚད་ཙམ་བྱས་ལ་དེ་བཞིན་དུ་མཆོད་པ་བྱས་པའི་བསོད་ནམས་ལས་བསོད་ནམས་ཆེས་མང་དུ་འཕེལ་བ་ཞེས་བྱ་བ་ནི་བཞི་པའོ། །ལྔ་པ་ལ་སོགས་པ་ནི་ཐམས་ཅད་དུ་བཞི་པ་དང་འདྲ་སྟེ། ཁྱད་པར་ནི་བསོད་ནམས་ལྷག་པ་ན་དེའི་མོས་པ་ལས་སོ། །བཞི་པ་ལས་བསྟན་པའི་མཆོད་རྟེན་གྱིས་འཛམ་བུའི་གླིང་ཡོངས་སུ་བཀང་བ་ཞེས་བྱ་བ་ནི་ལྔ་པའོ། །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་དྲུག་པའོ། །སྟོང་གི་ཞེས་བྱ་བ་ནི་བདུན་པའོ། །སྟོང་གཉིས་པ་ཞེས་བྱ་བ་ནི་བརྒྱད་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་བ་ནི་དགུ་པའོ། །དགུ་པོ་དེ་དག་ནི་རང་གི་དོན་ཡིན་ཏེ། བསོད་ནམས་འདིས་བདག་ལ་ཡོན་ཏན་ཤིན་ཏུ་མང་པོ་སྒྲུབ་པར་འགྱུར་རོ་ཞེས་ཤེས་པའི་ཕྱིར་རོ། །དེའི་འོག་ཏུ་དགུ་


DTG088_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རང་དང་གཞན་གྱི་དོན་ཡིན་ཏེ། བདག་གི་བསོད་ནམས་འདིས་རང་དང་གཞན་གྱི་དོན་ཤིན་ཏུ་མང་པོར་འགྱུར་རོ་ཞེས་ཤེས་པའི་ཕྱིར་རོ། །བཅོམ་ལྡན་འདས་མ་ནི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཡང་དག་པའི་རྒྱུ་ཡིན་ནོ་ཞེས་ལྷག་པར་མོས་པ་དང་བསོད་ནམས་ལ་མོས་པ་ལྷག་པའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱིས་ཇི་སྐད་དུ་གསུངས་པའི་མཆོད་རྟེན་རེ་རེ་བྱས་ལ། བཀུར་སྟི་བྱས་པའི་བསོད་ནམས་ནི་བཅོམ་ལྡན་འདས་མ་ལ་བཀུར་སྟི་བྱས་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ནས་ཉེ་བར་མི་བཟོད་དོ་ཞེས་བྱ་བའི་བར་ནི་རང་དང་གཞན་གྱི་དོན་གྱི་མོས་པ་དང་པོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག་ཅེས་བྱ་བ་ལ་སོགས་པས་འཇིག་རྟེན་དུ་མི་དགེ་བ་ཐམས་ཅད་ཡོངས་སུ་ཉམས་པ་ལ་སོགས་པ་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་མོས་པ་ལྷག་པ་ནི་གཉིས་པའོ། །མདོ་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་མ་ཉིད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་འདྲེན་པའོ་ཞེས་ལྷག་པར་མོས་པ་འཐད་པ་དང་བཅས་པ་ནི་གསུམ་པའོ། །བཅོམ་ལྡན་འདས་མ་འཛིན་པ་ལ་སོགས་པས་དེ་བཞིན་གཤེགས་པ་དང་མཉམ་པར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་དང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་ནི། །དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ནས་མི་བཟོད་དོ་ཞེས་བྱ་བའི་བར་གྱིས་མོས་པ་ལྷག་པ་ནི་བཞི་པའོ། །བཅོམ་ལྡན་འདས་མ་སྤྱོད་པ་དང་མཆོད་པ་ལ་མངོན་པར་བརྩོན་པ་ལ་ལྷ་བྱེ་བ་བརྒྱ་སྟོང་ཉན་པའི་ཕྱིར་ཉེ་བར་འོང་བར་འགྱུར་ཞིང་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་སོ། །དེ་དག་ལ་ཡང་བཅོམ་ལྡན་འདས་མ་བསྲུང་བ་དང་བསྐྱབ་པ་དང་སྦེད་པ་མཛད་པར་འགྱུར་རོ། །དེ་ལྟར་ན་ཆོས་ཐམས་ཅད་དམིགས་སུ་མེད་པ་ལ་གང་ལས་འཇིགས་པ་དང་གང་འཇིགས་པ་དང་འཇིགས་པ་གང་ཡིན་ཞེས་བྱ་བ་ནི་མོས་པ་ལྔ་པའོ། །དེ་འཕགས་པའི་གང་ཟག་ཐམས་ཅད་དང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུ་དག་གི་ཡིད་དུ་འོང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་དྲུག་པའོ། །སྤོབས་པ་ནི་མི་འཕྲོགས་པ་དང་སྦྱིན་པ་མི་འཕྲོགས་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟེ། མུ་སྟེགས་པ་


DTG088_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཆོས་དང་ལྡན་པས་ཚར་གཅོད་པ་ཞེས་བྱ་བ་ནི་བདུན་པའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ལྷའི་བུ་འགའ་ཞིག་བྱང་ཆུབ་ཏུ་སྨོན་པ་བྱས་པར་གྱུར་པ་དེ་དག་ལ་ཆོས་ཀྱི་སྦྱིན་པ་འདི་སྦྱིན་པར་གྱུར་ཅིག་ཅེས་དེ་ལྟར་གང་སེམས་བསྐྱེད་པ་དེ་ནས་དེ་དག་དེར་འོངས་པ་ནས་སྤྱོད་པ་དང་མཆོད་པ་བྱ་སྟེ། དེ་ལ་སྲུང་བ་དང་སྐྱོབ་པ་དང་སྦེད་པ་བྱས་ནས་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི་བརྒྱད་པའོ། །དེས་སྣང་བ་རྒྱ་ཆེ་བ་མཐོང་བའམ་ལྷའི་དྲི་མ་ནམ་པ་ལས་ལྷ་རྣམས་འོངས་པར་ཤེས་པར་འགྱུར་ཏེ། དེས་བདག་ཉིད་ཀྱང་གཙང་སྦྲ་སྤྱོད་པ་དང་ལྡན་པར་བྱ། ས་ཕྱོགས་གཙང་བ་དེ་ཡང་མེ་ཏོག་དྲི་ཞིམ་པ་དག་གི་གཅལ་བཀྲམ་པར་བྱ་སྟེ། མདོ་ཇི་ལྟ་བ་བཞིན་དུ་ཕན་ཡོན་རྣམ་པ་མང་པོ་ཡང་ཐོབ་པར་འགྱུར་བ་ནི་དགུ་པའོ། །དེའི་འོག་ཏུ་གཞན་གྱི་དོན་གྱི་མོས་པ་ནི་དགུ་ཁོ་ན་ཡིན་ཏེ། གནས་སྐབས་དེ་ལ་གཞན་གྱི་དོན་ཁོ་ན་ལ་རྩོལ་བའི་ཕྱིར་རོ། །དེ་ལ་ཕྱོགས་བཅུའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང༌། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡོངས་སུ་མྱ་ངན་ལས་འདས་པ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་སོ་སོར་བྱེད་དུ་བཅུག་པ་ལ་དེ་བཞིན་དུ་མཆོད་པ་བྱས་པའི་བསོད་ནམས་ལས་བཅོམ་ལྡན་འདས་མ་མཆོད་པས་ཀྱང་བསོད་ནམས་ཆེས་མང་དུ་འཕེལ་ན། སྤྱོད་པ་དང་མཆོད་པ་དག་ལྟ་ཅི་སྨོས་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་མོས་པ་དང་པོའོ། །འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བལྟམས་པ་གཏད་ལ་བཅོམ་ལྡན་འདས་མ་གླེགས་བམ་དུ་བྱས་པ་ཞིག་ཀྱང་བྱིན་ན་དེ་ལས་བདག་གིས་འདི་ཉིད་བླང་བར་བགྱིའོ། །དེ་ལྟར་འདི་ཉིད་ལས་སྐྱེས་པ་ཉིད་ཀྱིས་དེ་དག་གི་མཆོད་པ་བརྙེས་པ་ཡིན་ཏེ། བཅོམ་ལྡན་འདས་མ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྩོལ་བར་མཛད་པའོ། །གཟུང་དུ་མེད་པ་ནི་མཚན་ཉིད་མེད་པའི་ཕྱིར་འགའ་ཞིག་གི་ཡང་རྩོལ་བ་མཛད་པ་མེད་པ་མ་ཡིན་ཏེ། གཉིས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་སྟོང་པ་ཉིད་ཐམས་ཅད་དང་བཅོམ་ལྡན་འདས་མ་གཉིས་སུ་མེད་དེ། དེ་དག་གཉིས་སུ་བྱར་མེད་ཅེས་བྱ་བ་ནི་གཉིས་པའོ། །བཅོམ་ལྡན་འདས་མ་བསྙེན་བཀུར་བྱས་པ་གང་གིས་འགྲོ་བ་དམན་པ་དང༌། བྱང་ཆུབ་དམན་པར་མི་འགྱུར་བ་དང༌། སེམས་ཅན་ཡོངས་སུ་


DTG088_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པར་བྱེད་པ་དང་མ་བྲལ་བ་སྟེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སོང་ནས་སངས་རྒྱས་རྣམས་ལ་བསྙེན་བཀུར་སྣ་ཚོགས་བྱེད་པ་ཞེས་བྱ་བ་ནི་གསུམ་པའོ། །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བལྟམས་པ་ཞིག་དང་བཅོམ་ལྡན་འདས་མ་གླེགས་བམ་ལ་བྲིས་པ་རྙེད་ན་འདི་ཉིད་ལེན་ཏོ། །སྐུ་གདུང་བསྙེན་བཀུར་བྱས་པ་ལས་བདེ་འགྲོའི་བདེ་བ་དང༌། བྱང་ཆུབ་གསུམ་གྱི་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་བཅོམ་ལྡན་འདས་མ་ལས་བྱུང་བ་ཡིན་ཏེ། གང་བཅོམ་ལྡན་འདས་མ་ལ་བལྟ་བ་དེས་སངས་རྒྱས་ལ་བལྟ་བ་སྟེ། དེ་བཞིན་གཤེགས་པ་དང་བཅོམ་ལྡན་འདས་མ་གཉིས་སུ་མེད་དེ་དེ་དག་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནི་བཞི་པའོ། །གང་ཡང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཆོ་འཕྲུལ་རྣམ་པ་གསུམ་གྱིས་བཀའ་ཡན་ལག་བཅུ་གཉིས་ཀྱི་ཆོས་སྟོན་པར་མཛད་པ་དང༌། གང་ཡང་འགའ་ཞིག་བཅོམ་ལྡན་འདས་མ་བཟུང་ཞིང་བཅངས་ལ་གཞན་དག་ལ་རྒྱ་ཆེར་སྟོན་པ་དེ་ནི་དེ་དང་མཉམ་སྟེ། དེ་བཞིན་གཤེགས་པ་དང་ཆོ་འཕྲུལ་དང་གསུང་རབ་དག་ནི་འདི་ལས་བྱུང་བའོ་ཞེས་བྱ་བ་ནི་ལྔ་པའོ། །གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་རྣམས་ཀྱིས་འདི་འཛིན་པར་འགྱུར་བ་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་བར་དུ་བྱེད་པ་དེ་ལ་མི་དང་མི་མ་ཡིན་པས་གླགས་རྙེད་པར་མི་འགྱུར། བཅོམ་ལྡན་འདས་མ་དེ་ནི་སངས་རྒྱས་ཀྱི་མཛད་པ་མཛད་པར་འགྱུར། འཇིག་རྟེན་གྱི་ཁམས་དེར་སངས་རྒྱས་འབྱུང་བ་བལྟ་བར་བྱ་སྟེ། འདིར་དཔེ་ནི་ལྷའི་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་སྟེ་དྲུག་པའོ། །གལ་ཏེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བལྟམས་པ་དང༌། བཅོམ་ལྡན་འདས་མ་གླེགས་བམ་དུ་བྲིས་པ་རྙེད་ན་བདག་ནི་འདི་ལེན་ཏོ། །དེ་དག་ནི་དེ་ལས་སྐྱེས་བ་ཉིད་ཀྱིས་མཆོད་པར་འགྱུར་ཏེ། དེ་མཆོད་པ་བྱས་པ་ལས་ཀྱང་ངན་སོང་བཅོམ་ནས། བདེ་འགྲོའི་བདེ་བ་ཉུང་ཟད་ཉམས་སུ་མྱོང་སྟེ། སྡུག་བསྔལ་མཐར་བྱེད་པར་འགྱུར་ཏེ། བཅོམ་ལྡན་འདས་མ་འདི་བཟུང་བ་ནས་ཚུལ་བཞིན་ཡིད་ལ་བྱས་པའི་བར་གྱིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས།


DTG088_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་པའི་མཐར་ཐུག་པ་ཡོངས་སུ་རྫོགས་པ་དང༌། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཐོབ་ནས་སངས་རྒྱས་ཀྱི་ཞིང་དག་ཏུ་འགྲོ་བར་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བལྟ་བར་འདོད་པས་སངས་རྒྱས་རྗེས་སུ་དྲན་པ་དང་འདུས་བྱས་ཀྱི་ཆོས་རྣམས་དང་འདུས་མ་བྱས་ཀྱི་ཆོས་རྣམས་བསྒོམ་པར་འགྱུར་རོ་ཞེས་བྱ་བ་ནི་བདུན་པའོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་གང་ཡིན་པ་དེ་ཐམས་ཅད་ནི་ཀུན་རྫོབ་ཏུ་བཅོམ་ལྡན་འདས་མ་ལས་བྱུང་བ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་མ་གཉིས་སུ་མེད་པ་སྟེ། ཅུང་ཟད་ཀྱང་དོར་བ་མེད་ཅིང་ལེན་པ་མེད་དོ་ཞེས་བྱ་བ་ནི་བརྒྱད་པའོ། །བཅོམ་ལྡན་འདས་མ་འདི་ནི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་སྟེ། གང་འདི་ལ་སྤྱོད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དག་རབ་ཏུ་ཤེས་ཏེ། སེམས་ཅན་འགའ་ཡང་མི་དམིགས་པ་ནས། སྲོག་དང་གསོ་བ་དང་སྐྱེས་བུ་ལ་སོགས་པ་དང༌། ཕུང་པོ་ལ་སོགས་པ་དང༌། བྱང་ཆུབ་དང༌། སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མི་དམིགས་སོ། །གང་གིས་ངོ་བོ་ཉིད་ཀྱི་ཆོས་སྣ་ཚོགས་ཤེས་པ་འདིར་མི་དམིགས་པ་དེ་བས་ན་བཅོམ་ལྡན་འདས་མ་དམིགས་པ་མེད་པ་སྟེ། དེ་ལྟར་ཆོས་ཐམས་ཅད་ནི་རོ་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་མོས་པ་དགུ་པའོ། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པ་ཡིས་ནི་ཆོས་རྣམས་ལ། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། །བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་བྱ་བ་ནི་མོས་པ་དང་ལྷག་པར་མོས་པའོ། །ཆ་དང་ཆ་ཤས་དང་ཕྱོགས་འགའ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་དགུ་ཚན་གསུམ་གྱིས་དབྱེ་བ་གསུངས་པ་གང་ཡིན་པ་དེའི་ཆ་རྣམས་ལ་དགུ་ཚན་གསུམ་གྱིས་རབ་ཏུ་ཕྱེ་བ་དག་ནི་གོ་རིམས་བཞིན་དུ་བསྟོད་པ་དང་བཀུར་བ་དང་བསྔགས་པ་དག་ཏུ་འདོད་དེ། བྱང་ཆུབ་སེམས་དཔའི་མོས་པ་རྣམས་ལ་སྤྲོ་བར་བྱ་བའི་ཕྱིར་རོ། །དེ་རྣམས་ཀྱི་དགུ་ཚན་དང་པོ་ལ་ནི་བསྟོད་པ་ཆུང་དུ་སྟེ། ཡང་དག་པའི་ཡོན་ཏན་བརྗོད་པའོ། །དེ་དག་ཉིད་ཀྱི་གཉིས་པ་ལ་ནི་བཀུར་བ་སྟེ། འབྲིང་ངོ༌། །དེ་དག་ཉིད་ཀྱི་གསུམ་པ་ལ་ནི་


DTG088_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་སྟེ་ཆེན་པོའོ། །གསུམ་པོ་དེ་ཉིད་ཀྱི་འོག་ཏུ་ལྷག་པ་དགུ་ཚན་གསུམ་གྱིས་བརྗོད་པར་བྱ་སྟེ། གང་གིས་བཅོམ་ལྡན་འདས་མ་ལ་སྤྱོད་པ་དང་མཆོད་པ་བདག་ཉིད་བྱེད་ལ་གང་གིས་དེ་དག་གླེགས་བམ་དུ་བྲིས་ནས་གཞན་ལ་བྱིན་ན་འདི་ཉིད་སྔ་མ་ལས་བསོད་ནམས་མངོན་དུ་འཕགས་ཏེ། བཅོམ་ལྡན་འདས་མ་བྱིན་པ་ནི་ཆོས་སྦྱིན་པ་བླ་ན་མེད་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བསྟོད་པ་དང་པོའོ། །བཅོམ་ལྡན་འདས་མ་ཇི་སྐད་བསྟན་པ་བཞིན་དུ་གཞན་གྱི་དྲུང་དུ་སོང་སྟེ། བཤད་ཅིང་བསྟན་པ་དང་བརྗོད་ཅིང་བཀྲོལ་བ་དང༌། རྣམ་པར་ཕྱེ་སྟེ་གསལ་བར་བྱས་ན་འདི་ཉིད་སྔ་མ་ལས་བསོད་ནམས་མང་དུ་འཕེལ་ཏེ། དེ་ནི་སྟོན་པ་ཡིན་ནོ་ཞེས་བལྟ་བར་བྱའོ། །སྟོན་པ་ཡང་གཞན་མ་ཡིན། བཅོམ་ལྡན་འདས་མ་ཡང་གཞན་མ་ཡིན་ཏེ། གང་གི་ཕྱིར་འདི་ཉིད་ལ་བསླབས་ན་བྱང་ཆུབ་གསུམ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་བསྟོད་པ་གཉིས་པའོ། །སེམས་ཅན་གཅིག་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་བསོད་ནམས་གང་ཡིན་པ་དེ་ནི་འཛམ་བུའི་གླིང་གི་སེམས་ཅན་དགེ་དགེ་བ་བཅུ་ལ་ཞེས་བྱ་བ་ནི་གསུམ་པའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞེས་བྱ་བ་ནི་བཞི་པའོ། །དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་ལ་ཞེས་བྱ་པ་ནི་ལྔ་པའོ། །དེ་བཞིན་དུ་དགྲ་བཅོམ་པ་ལ་ཞེས་བྱ་བ་ནི་དྲུག་པའོ། །དེ་བཞིན་དུ་རང་བྱང་ཆུབ་ལ་ཞེས་བྱ་བ་ནི་བདུན་པའོ། །གང་གིས་འཛམ་བུའི་གླིང་གི་སེམས་ཅན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས། གང་གིས་སེམས་ཅན་གཅིག་ཅིག་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པ་འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་ཞེས་བྱ་བ་ནི་བརྒྱད་པའོ། །གང་གིས་འཛམ་བུའི་གླིང་གི་སེམས་ཅན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་བས་གང་གིས་སེམས་ཅན་གཅིག་ཅིག་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པ་ནི་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་བསྟོད་པ་དགུ་པའོ། །གང་གིས་འཛམ་བུའི་གླིང་བདག་ཕྱིར་མི་འོང་བའི་འབྲས་བུ་དང༌། གང་གིས་གཅིག་ཅིག་བླ་ན་མེད་པའི་བྱང་ཆུབ་ལ་ཞེས་བྱ་བ་ནི་བཀུར་པ་དང་པོའོ། །གང་གིས་འཛམ་བུའི་གླིང་པ་དགྲ་བཅོམ་པ་ཉིད་ལ་ཞེས་བྱ་བ་དང༌། གང་གིས་སེམས་ཅན་གཅིག་ཅིག་བླ་ན་


DTG088_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་བྱང་ཆུབ་ལ་ཞེས་བྱ་བ་ནི་བཀུར་བ་གཉིས་པའོ། །གང་གིས་འཛམ་བུའི་གླིང་པ་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ཞེས་བྱ་བ་དང་གཅིག་ཅིག་བླ་ན་མེད་པའི་བྱང་ཆུབ་ལ་ཞེས་བྱ་བ་ནི་གསུམ་པའོ། །ཟག་པ་མེད་པའི་ཆོས་ཐམས་ཅད་ནི་བཅོམ་ལྡན་འདས་མ་ལས་བསྟན་པ་དང་གང་ཟག་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། ལྷ་དང་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་ཡང་བཅོམ་ལྡན་འདས་མ་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་གི་སེམས་ཅན་ལ་གང་ཡིན་པས་རང་བྱང་ཆུབ་ལ་བཀོད་པ་པས། གཞན་གྱིས་བཅོམ་ལྡན་འདས་མ་གླེགས་བམ་དུ་བྲིས་པ་ཡང་བྱས་ལ། གཞན་ལ་བྲི་བ་དང་ཀླག་པའི་ཕྱིར་བྱིན་ན་འདི་ཉིད་དེ་བས་བསོད་ནམས་མང་དུ་འཕེལ་ལོ། །གང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་པ་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། བྱང་ཆུབ་ལ་གཉིས་སུ་སྤྱོད་པ་མ་ཡིན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དག་དགེ་བ་བཅུ་དང༌། བསམ་གཏན་དང༌། གཟུགས་མེད་པ་དང༌། ཚད་མེད་པ་དང་མངོན་པར་ཤེས་པ་ལ་བཀོད་པའི་བསོད་ནམས་ལས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་བཞི་པའོ། །གང་གིས་འདི་གཞན་དག་ལ་རྒྱ་ཆེར་སྟོན་པར་བྱེད་ལ་དོན་གཏན་ལ་འབེབས་པ་སྟོན་པར་བྱེད་དེ་འདི་ལྟར་དེ་དག་ནི་གཉིས་སུ་མ་ཡིན་གཉིས་སུ་མེད་པར་བལྟ་བར་བྱ་བ་མ་ཡིན་ཏེ་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པའི་མཐར་མ་ཡིན། ཡང་དག་པའི་མཐའ་མ་ཡིན་པར་མ་ཡིན་པའི་བར་དུ་སྟེ། འདི་ཉིད་བསོད་ནམས་མང་དུ་འཕེལ་གྱི། གང་བདག་འབའ་ཞིག་གིས་དེ་དག་བཟུང་བ་ནས་ཚུལ་བཞིན་ཡིད་ལ་བྱས་པས་མ་ཡིན་ནོ་ཞེས་བྱ་བའི་བར་ནི་ལྔ་པའོ། །བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ནས། དེའི་དོན་གཏན་ལ་དབབ་པར་བསྟན་པ་གང་ཡིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་ཞེས་བྱ་བ་ནི་དྲུག་པའོ། །གང་གིས་ཕྱོགས་བཅུ་རེ་རེ་ཞིང་དེ་བཞིན་གཤེགས་པ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ལ་ནམ་འཚོའི་བར་དུ་རྒྱལ་མཚན་དང༌། བ་དན་དང་སིལ་སྙན་དག་གི་བར་གྱིས་བདེ་བར་སྦྱར་


DTG088_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་བས་གང་གིས་འདི་གཞན་དག་ལ་རྣམ་གྲངས་དུ་མར་རྒྱ་ཆེར་བསྟན་པ་ནས། ཡང་དག་པར་བསྟན་པར་བྱས་པའི་བར་འདི་ཉིད་སྔ་མ་ལས་བསོད་ནམས་ཆེས་མང་དུ་འཕེལ་ཏེ། གང་གི་ཕྱིར་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དག་ནི་འདི་ཉིད་ལ་བསླབས་པ་ལས་བྱང་ཆུབ་བརྙེས་སོ་ཞེས་བྱ་བ་ནི་བདུན་པའོ། །གང་ལ་ལས་བསྐལ་བ་གྲངས་མེད་པར་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གཞན་དག་ལ་རྒྱ་ཆེར་བརྗོད་པ་ནས། ཡང་དག་པར་སྟོན་པའི་བར་བྱེད་པ་བས་མི་དམིགས་པའི་ཚུལ་གྱིས་ནམ་འཚོའི་བར་དུ་བཅོས་མ་ཡོངས་སུ་སྤངས་པ་ཉིད་སྔ་མ་ལས་བསོད་ནམས་མང་དུ་འཕེལ་ལོ། །དེ་ལ་བདག་གིས་སྦྱིན་པ་བྱ། འདི་ནི་སྦྱིན་པར་བྱ། །གཞན་ལ་སྦྱིན་པར་བྱ་ཞེས་བྱ་དེ་ལྟ་བུ་ལ་མི་དམིགས་པའི་དམིགས་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་དག་ལ་འཁོར་གསུམ་ཡོངས་སུ་དག་པ་ནི་མི་དམིགས་པ་སྟེ། མི་རྟག་པ་དང་སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པ་ཞེས་བྱ་བ་བཅོས་མ་ཡོངས་སུ་སྤངས་པ་ནི་བརྒྱད་པའོ། །གང་ལ་ལ་ཞིག་གིས་ཕྱོགས་བཅུ་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས། གང་གིས་འདི་གཞན་ལ་དོན་དང་ལྡན་པ་དང༌། ཡི་གེ་དང་ལྡན་པ་རྒྱ་ཆེར་བརྗོད་པ་ནས་ཡང་དག་པར་སྟོན་པར་བྱས་པའི་བར་དང༌། འདི་ཟུང་ཤིག་པ་ནས་ནན་ཏན་དུ་གྱིས་ཤིག་ཅེས་བསྒོ་བའི་བར་འདི་ནི་དེ་བས་བསོད་ནམས་མང་དུ་འཕེལ་ཏེ། འདི་ལས་རྒྱུན་དུ་ཞུགས་པ་རྣམས་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་བཀུར་བ་དང་དགུ་པའོ། གང་གིས་འཛམ་བུའི་གླིང་པའི་སེམས་ཅན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་བས་ཞེས་བྱ་བ་ནི་བསྔགས་པ་དང་པོའོ། །ཕྱིར་མི་འོང་བའི་འབྲས་བུ་ལ་ཞེས་བྱ་བ་ནི་གཉིས་པའོ། །གང་ལ་ལས་ཕྱོགས་བཅུ་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དགྲ་བཅོམ་པ་ཉིད་ལ་བཀོད་པ་བས། གང་གིས་གཞན་དག་ལ་འདིའི་དོན་དང་ལྡན་ཡི་གེ་དང་ལྡན་པར་བརྗོད་པ་ནས། ནན་ཏན་དུ་གྱིས་ཤིག་ཅེས་བསྒོ་བའི་བར་འདི་ཉིད་སྔ་མ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་གསུམ་པའོ། །གང་ལ་ལ་ཞིག་གིས་ཕྱོགས་བཅུ་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་བཀོད་


DTG088_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པ་བས་ཞེས་བྱ་བའི་བར་དང༌། གང་གིས་དེ་དག་དོན་དུ་གཉེར་བ་དག་ལ་དོན་དང་ལྡན་ཡི་གེ་དང་ལྡན་པ་དག་རྒྱ་ཆེར་བརྗོད་པ་ནས། ནན་ཏན་དུ་གྱིས་ཤིག་ཅེས་བྱ་བ་བསྒོ་བའི་བར་དེ་ནི་སྔ་མ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་བཞི་པའོ། །གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བསྐུལ་བ་བས། གང་གིས་འདི་དོན་དང་ལྡན་ཡི་གེ་དང་ལྡན་པ་ནས་ནན་ཏན་དུ་གྱིས་ཤིག་ཅེས་པའི་བར་དུ་སྟེ། ཇི་ལྟ་ཇི་ལྟར་ནན་ཏན་དུ་བྱས་པ་དེ་ལྟ་དེ་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་རོ་ཞེས་བྱ་བ་ནི་ལྔ་པའོ། །གླིང་བཞི་པའི་སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་དྲུག་པའོ། །སྟོང་གི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་བདུན་པའོ། །གང་ལ་ལ་ཞིག་གིས་ཕྱོགས་བཅུ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྐུལ་ན་ཞེས་བྱ་བའི་བར་ནི་བརྒྱད་པའོ། །གང་ལ་ལ་ཞིག་གིས་ཕྱོགས་བཅུ་ནས་ཕྱིར་མི་ལྡོག་པའི་ས་ལ་བཀོད་པའི་བར་བས། གང་གིས་དེ་དག་ཐམས་ཅད་དམ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གཅིག་ཅིག་ལ་བརྗོད་དེ་བསྟན་པ་ནས་དོན་དང་ལྡན་ཡི་གེ་དང་ལྡན་པ་རྒྱ་ཆེར་བརྗོད་དེ་བསྟན་ནས་ཞེས་བྱ་བ་དེའི་བར་དེ་ནི་སྔ་མ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ནི་བསྔགས་པ་དགུ་པའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་པའི་ཕྱིར་ཆ་དག་ལ་བསྟོད་པ་དང་བཀུར་བ་དང་བསྔགས་པ་གསུངས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་ཇི་ལྟ་ཇི་ལྟར་ཁྱད་པར་དུ་འགྱུར་བ་དེ་ལྟ་དེ་ལྟར་ཆོས་དང་ཟང་ཟིང་དག་གིས་ཤིན་ཏུ་རྗེས་སུ་གཟུང་ཞིང་བསྟེད་པར་བྱ་བར་འོས་པ་ཡིན་ཏེ། དཀོན་མཆོག་གསུམ་པོ་དག་བྱང་ཆུབ་སེམས་དཔས་རབ་ཏུ་ཕྱེ་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པར་བྱ་བའི་དོན་དུ་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་ནས། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཞེས་བྱ་བ་དེའི་ལྟག་ཡན་ཆད་ཀྱིས་གསུངས་སོ། །དེ་ལྟར་མོས་པ་ཡིད་ལ་བྱེད་པ་ཕན་ཡོན་དན་བཅས་པ་བསྟན་ནས། བསྔོ་བ་ཡིད་ལ་བྱེད་པ་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །འདི་ཡི་བྱེད་པ་ན་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །


DTG088_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་བཅས་མཚན་མ་མེད་པ་དང༌། །སངས་རྒྱས་རྗེས་སུ་ཡི་རང་དང༌། །ཁམས་གསུམ་གཏོགས་པ་མ་ཡིན་དང༌། །ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་པོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། མདོ་ནི་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བ་ནས་བརྩམས་ཏེ། མི་མཉམ་དང་མཉམ་པའི་བར་ཞེས་བྱ་བའི་བར་དུའོ། །འདིའི་དོན་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཡོངས་སུ་བསྔོ་བ་ནི་ཐེག་པ་དམན་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ལས་ཁྱད་པར་དུ་བྱེད་པ་ནི་བྱེ་བྲག་ཏུ་བྱེད་པ་སྟེ། རབ་དང་དམ་པ་ནས་མི་མཉམ་པ་དང་མཉམ་པ་ཞེས་བྱ་བའོ། །ཐབས་གང་གིས་ཤེ་ན། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་བས་སོ། །དེ་བས་ན་འདི་འདིས་ཁྱད་པར་དུ་བྱེད་པས་ན་ཁྱད་པར་ཏེ། དེས་བསྔོས་པ་ནི་ཡོངས་སུ་བསྔོ་བ་ཁྱད་པར་ཅན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་བསྔོའོ་ཞེས་བྱ་བ་དེ་དག་གི་མཐར་ཐུག་པ་དེ་ནི་དེའི་བྱེད་པའོ། །མདོ་ནི་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་ཡིན་ཏེ། འདས་པ་དང་ད་ལྟར་གྱི་དེ་བཞིན་གཤེགས་པ་དང་དེའི་ཉན་ཐོས་དང་དེ་ལ་མངོན་པར་དད་པའི་ལྷ་དང་མི་དེ་དག་གི་དགེ་བའི་རྩ་བ་གང་ཡིན་པ་དེ་དག་ལ་རྗེས་སུ་ཡི་རང་བ་དང༌། དེའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བྱང་ཆུབ་གང་དུ་སེམས་གང་གིས་ཡོངས་སུ་བསྔོ་བ་སྟེ། གང་ཡང་སེམས་དེ་ལ་དངོས་པོར་འཛིན་པ་དང༌། གང་ཡང་དམིགས་པ་སྟེ་འཛིན་པའི་ཡོངས་སུ་བསྔོ་བ་དེ་ཐམས་ཅད་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་མི་དམིགས་པས་ཡོངས་སུ་བསྔོ་བ་ནི་མི་དམིགས་པའི་ཡོངས་སུ་བསྔོ་བའོ། །མདོ་ནི་བྱམས་པས་སྨྲས་པ་ཞེས་བྱ་བ་ནས་བརྩམས་ཏེ། བླ་ན་མེད་པར་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་གྱིས་ཏེ། དེ་དག་ཐམས་ཅད་མེད་པའི་ཕྱིར་མཚན་མས་མ་ཡིན་མངོན་པར་ཞེན་པས་མ་ཡིན་པ་དེ་བས་ན་ཕྱིན་ཅི་མ་ལོག་པའི་ཡོངས་སུ་


DTG088_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བའོ། །མདོ་ནི་གལ་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་བར་དུ་སྟེ། དེ་དག་ཐམས་ཅད་རང་གི་མཚན་ཉིད་ཀྱིས་དབེན་པ་དེ་ལྟར་ཆོས་ཐམས་ཅད་ཅེས་བྱ་བ་དབེན་པའི་སེམས་ཀྱིས་ཡོངས་སུ་བསྔོ་བ་ནི་དབེན་པའི་ཡོངས་སུ་བསྔོ་བའོ། །མདོ་ནི་གཞན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། བྱམས་པས་སྨྲས་པ་ཞེས་བྱ་བ་དེའི་གོང་ཡན་ཆད་དོ། །འདས་པ་དང་ད་ལྟར་གྱི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་དེའི་ཉན་ཐོས་ལ་སོགས་པ་དག་གིས་འདས་པའི་དགེ་བའི་རྩ་བ་ཐམས་ཅད་གང་ཡིན་པ་དེ་ནི་ཟད་པ་འགག་པས་བྲལ་བ་སྟེ། བསོད་ནམས་ཡོངས་སུ་བསྔོ་བ་ལ་སོགས་པ་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱང་དེ་ཉིད་ཀྱི་ཆོས་ཉིད་ཡིན་པ་དེ་ལྟར་སངས་རྒྱས་པའི་བསོད་ནམས་ཀྱི་ཚོགས་ཀྱི་རང་བཞིན་རྗེས་སུ་དྲན་པའི་ཡོངས་སུ་བསྔོ་བ་ལ་སོགས་པའི་འདུས་བྱས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟེ། རང་བཞིན་དྲན་པའི་ཡོངས་སུ་བསྔོ་བའོ། །མདོ་ནི་བྱམས་པས་སྨྲས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཡོངས་སུ་བསྔོ་བ་ཟུག་རྔུ་ཅན་ཞེས་བྱ་བའི་བར་དུ་སྟེ། ཐབས་ལ་མཁས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་བསོད་ནམས་ཡོངས་སུ་བསྔོ་པ་དེ་བས་ན་དམིགས་སུ་མེད་ཅིང་མཚན་མ་མེད་པའི་ཡོངས་སུ་བསྔོ་བ་ནི་ཐབས་ལ་མཁས་པའི་ཡོངས་སུ་བསྔོ་བའོ། །མདོ་ནི་ད་ལྟར་དཔེར་ན་ཞེས་བྱ་བ་ནས་བརྩམས་ཏེ། བསླབ་པར་མི་བྱའོ་ཞེས་བྱ་བའི་བར་དུ་སྟེ། ཇི་ལྟར་ཁ་དོག་དང་དྲི་ཕུན་སུམ་ཚོགས་པའི་ཁ་ཟས་དུག་དང་བཅས་པ་དེ་བཞིན་དུ་མཚན་མ་དང་བཅས་པའི་ཡོངས་སུ་བསྔོ་བ་ཡིན་ནོ། །དེ་བས་ན་དེ་ཡོངས་སུ་བསྔོ་བ་ནི་མཚན་མ་མེད་པའི་ཡོངས་སུ་བསྔོ་བའོ། །མདོ་ནི་རབ་འབྱོར་གྱིས་སྨྲས་པ་ཞེས་བྱ་བ་ནས་བརྩམས་ཏེ། དུག་མེད་ཅིང་བདུད་རྩིའི་མཐར་ཐུག་པ་ཞེས་བྱ་བའི་བར་དུ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་དགེ་བའི་རིགས་ཅན་གང་ཡིན་པ་དང༌། རང་བཞིན་གང་ཡིན་པ་དང༌། མཚན་ཉིད་གང་ཡིན་པ་དང༌། ཆོས་ཉིད་གང་གིས་ཡོད་པ་མཁྱེན་པ་དེ་ལྟར་བདག་ཀྱང་རྗེས་སུ་ཡི་རང་ངོ༌། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་


DTG088_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ལ་ཡོངས་སུ་བསྔོ་བ་རྗེས་སུ་གནང་བ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་གནང་བའི་ཡོངས་སུ་བསྔོ་བའོ། །མདོ་ནི་གཞན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་སྟེ། ཁམས་གསུམ་པ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཡང་ཁོང་སུ་གཏོགས་པ་མ་ཡིན་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་ཡང་འདི་ལྟར་དངོས་པོ་མེད་པ་སྟེ། དངོས་པོ་མེད་པ་དེ་ཡང་དངོས་པོ་མེད་པས་ཡོངས་སུ་བསྔོ་བར་མི་ནུས་པ་གང་ཡིན་པ་དེ་ནི་ཁམས་གསུམ་པར་མ་གཏོགས་པའི་ཡོངས་སུ་བསྔོ་བའོ། །བསྔོ་བ་གཞན་རྣམ་པ་གསུམ་པོ་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་དེ་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །མདོ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་བརྩམས་ཏེ། གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་སྟེ། མཚན་མ་མེད་པའི་ཚུལ་དང༌། དམིགས་པ་མེད་པའི་ཚུལ་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བའི་བར་ནི་ཆགས་པ་མེད་པའི་ཚུལ་ཡིན་ལ། དེས་ཡོངས་སུ་བསྔོས་པའི་བསོད་ནམས་གང་ཡིན་པ་ནི་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དག་དགེ་བ་བཅུ་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་ལྔ་ཐོབ་པ་དག་གིས་བསོད་ནམས་ལས་གཙོ་བོ་ནས། གོང་ན་མེད་པ་ཞེས་བྱ་བའི་བར་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆུང་ངུའོ། །མདོ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། ཆགས་པ་མེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་དུ་སྟེ། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ་དེ་དག་ལ་ལ་ལ་ཞིག་གིས་ནམ་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དེ་བས་ཆགས་པ་མེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོས་པ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་ནི་


DTG088_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་འབྲིང་ཡིན་ནོ། །མདོ་ནི་གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་བརྩམས་ཏེ། བསྟི་སྟང་དུ་བྱས་མཆོད་པར་བྱས་ཞེས་བྱ་བའི་བར་དུ་སྟེ། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔར་གྱུར་པ་དེ་ལ་ཕྱོགས་བཅུ་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དག་གིས་བྱང་ཆུབ་སེམས་དཔའ་རེ་རེ་ལ་ཡོ་བྱད་ཐམས་ཅད་དང༌། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བཀུར་བྱས་པ་དེ་དག་གི་བསོད་ནམས་དེ་དག་ཆགས་པ་མེད་པས་ཡོངས་སུ་བསྔོས་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བའི་བར་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆེན་པོའོ། །གལ་ཏེ་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དག་བྱང་ཆུབ་སེམས་དཔར་གྱུར་པ་དེ་དག་གི་དམིགས་པ་དང་བཅས་པའི་ཡོངས་སུ་བསྔོ་བ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ནི་བྱང་ཆུབ་སེམས་དཔའ་གཅིག་ཅིག་མི་དམིགས་པ་ལ་སོགས་པའི་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བའི་བར་དེ་དག་ནི། དེ་ནས་རྒྱལ་པོ་ཆེན་པོ་བཞི་ཞེས་བྱ་བ་ལ་སོགས་པ་ནས། གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལྟར་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་བསྟན་ནས། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བརྗོད་པར་བྱའོ། །དེ་ལ་མདོ་ནི་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བའི་ལྟག་ཡན་ཆད་དོ། །དེའི་དོན་ནི། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་བྱ་བ་གསུངས་ཏེ། ཐབས་དང་མི་དམིགས་པ་དག་གིས་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་གང་ཡིན་པ་དེ་ནི་འདིར་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་སྒོམ་པ་ཡིན་ནོ། །དེ་བས་ན་རྣམ་པ་གཉིས་ཏེ། དེ་མི་དམིགས་པའི་སྒོ་ནས་རྗེས་སུ་ཡི་རང་བ་ནི་དེས་དགེ་བའི་རྟ་བ་དེ་དག་མི་ལེན་མི་གཏོང་བ་ནས། དེ་ལྟར་བདག་གིས་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་


DTG088_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཐབས་ཀྱི་སྒོ་ནས་རྗེས་སུ་ཡི་རང་བ་ནི་ཐེག་པ་ལ་གསར་དུ་ཞུགས་པ་དག་གིས་ཏེ། རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དེ་ལྟ་བུའི་དགེ་བའི་རྩ་བ་དག་དང༌། དེ་ལྟ་བུའི་སངས་རྒྱས་ལ་སོགས་པ་དང༌། དེ་ལྟ་བུའི་ཆོས་ཐམས་ཅད་དང༌། ཇི་ལྟར་བདག་གིས་རྗེས་སུ་ཡི་རང་བ་དེ་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའོ། །རབ་འབྱོར་གཞན་ཡང་ཞེས་བྱ་བའི་དག་གཉིས་པ་ནི་དེ་ཉིད་བསོད་ནམས་ལྷག་པ་ཉིད་དུ་གསུངས་པའོ། །དེ་ནི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའོ། །འཇིག་རྟེན་པའི་བསྒོམ་པའི་ལམ་ཡིད་ལ་བྱེད་པ་གསུམ་པོ་བསྟན་ནས། འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་ནི་བསྒྲུབ་པ་དང༌། ཤིན་ཏུ་དག་པ་ཞེས་གོང་དུ་བསྟན་པ་ཡིན་ནོ། །དེ་ལ་བསྒྲུབ་པའི་དབང་དུ་མཛད་ནས། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་པ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་གསུངས་ཏེ། དེ་ཡི་ཞེས་བྱ་བ་ནི་ལམ་གྱིའོ། །ངོ་བོ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་རྟོག་པའི་ཕ་རོལ་ཏུ་སོན་པས་ན་ཤེས་རབ་པོ། །གང་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའི་སླད་དུའོ་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱང་སྟོང་པའོ་ཞེས་བྱ་བའི་བར་གྱིས་ངོ་བོ་ཉིད་གསུངས་པའོ། །མཆོག་ཉིད་ཅེས་བྱ་བ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གི་མཆོག་དང་གཙོ་བོ་ནས། མི་མཉམ་པ་དང་མཉམ་པའི་བར་གྱིས་ནི་མཆོག་ཉིད་དུ་གསུངས་པ་ཡིན་ནོ། །ཀུན་ལ་མངོན་པར་འདུ་མི་བྱེད། །ཅེས་བྱ་བ་ནི་ཆོས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པ་གང་ཡིན་པ་དེ་ནི་དེའི་མངོན་པར་བསྒྲུབ་པའོ། །གང་གཟུགས་མངོན་པར་སྒྲུབ་པ་མེད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མངོན་པར་སྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གཟུགས་མངོན་པར་སྒྲུབ་པ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནས། རྣམ་


DTG088_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་སྒྲུབ་པ་མེད་པ་དང༌། སྐྱེ་བ་མེད་པ་དང་དམིགས་སུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་མངོན་པར་སྒྲུབ་པ་གསུངས་པ་ཡིན་ནོ། །ཆོས་རྣམས་དམིགས་པ་མེད་པར་ནི། །ཞེས་བྱ་བ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱི་སྒོ་ནས་དེ་སངས་རྒྱས་ཀྱི་ཆོས་གཏོད་པར་བྱེད་པའོ། །གང་དེ་ལྟར་མངོན་པར་སྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་ཅེས་བྱ་བ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བྱེད་ཅེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་མི་དམིགས་པའི་སྒོ་ནས་ཆོས་གཏོད་པ་གསུངས་པ་ཡིན་ནོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ། དེ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། མཐུ་དང་ལྡན་པར་མི་བགྱིད། མཐུ་དང་མི་ལྡན་པར་མི་བགྱིད། །གཟུགས་ལ་སོགས་པ་གང་ཡིན་པ་ཆེ་བའམ་ཆུང་བ་དེ་དག་ནི་དེའི་རྒྱུ་མཐུན་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དག་ནི་དམིགས་པའི་འདུ་ཤེས་ཅན་མ་ཡིན་ནོ། །དེ་ལྟར་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་དོན་ཆེན་པོ་ཉིད་ཅེས་བྱ་སྟེ། མངོན་པར་སྒྲུབ་པ་བསྟན་ཟིན་ཏོ། །འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་དང་མཐོང་བའི་ལམ་གྱི་རྩ་བ་ནི་མོས་པ་སྟེ། དེའི་རྒྱུ་གང་ཞེ་ན། སངས་རྒྱས་བསྟེན་དང་སྦྱིན་སོགས་དང༌། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །འདི་ལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །སངས་རྒྱས་བསྟེན་ཞེས་བྱ་བ་ནི་ཕྱོགས་བཅུ་དག་གི་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ལ་བསྙེན་བཀུར་བྱས་ནས་འདིར་འོངས་པ་ཉིད་ཀྱི་ཕྱིར་རོ། །གང་དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། འདིར་སྐྱེས་ཏེ་ཞེས་བྱ་བའི་བར་གྱིས་སངས་རྒྱས་བསྟེན་པ་གསུངས་པ་ཡིན་ནོ། །སྦྱིན་སོགས་དང་ཞེས་བྱ་བ་ནི་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་ཞེས་བྱ་བ་དེའི་གོང་ཡན་ཆད་སྦྱིན་པ་ལ་སོགས་པ་ཡང་དག་པར་བསྐྱེད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་


DTG088_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་བརྩམས་ཏེ། བརྩོན་པར་བྱེད་དོ་ཞེས་བྱ་བའི་བར་ནི་ཐབས་ལ་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པའི་ཞེས་བྱ་བ་ནས་བརྩམས་ཏེ། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བར་འགྱུར་རོ་ཞེས་བྱ་བའི་བར་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཡིན་ཏེ། ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱིས་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཟིན་པའོ། །ཞེས་བྱ་བ་ལ་ཆོས་ཀྱིས་ཕོངས་པའི་རྒྱུ་ནི་བཞི་སྟེ། བདུད་ཀྱིས་བྱིན་གྱིས་བརླབས་པ་དང༌། ཟབ་མོའི་ཆོས་ལ་མོས་པ་མེད་པ་དང༌། ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པ་དང༌། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ཉིད་ཅེས་བྱའོ། །དེ་ལ་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ནས་བརྩམས་ཏེ། དཔག་ཏུ་མེད་པ་ཡོངས་སུ་གཟུང་བར་འགྱུར་རོ་ཞེས་བྱ་བའི་བར་ནི་ཆོས་ཀྱིས་ཕོངས་པའོ། །རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནས་བརྩས་ཏེ། དྲན་པ་ཉམས་པ་དང་ཤེས་བཞིན་དང་མི་ལྡན་པ་ཞེས་བྱ་བའི་བར་ནི་ཆོས་ཀྱིས་ཕོངས་པའི་རྒྱུ་དག་གོ །རྣམ་པར་དག་པ་བཤད་པར་བྱ་སྟེ། དེ་ལ་དེ་ཡི་མཚན་ཉིད་ནི། །འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་དག་པར་བརྗོད། །ཅེས་གསུངས་ཏེ་རབ་འབྱོར་གཟུགས་ནས་བྱང་ཆུབ་ཀྱི་བར་དུ་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་འབྲས་བུ་རྣམ་པར་དག་པའོ། །གང་གི་ཕྱིར་དེ་གཉིས་ཐ་དད་པ་མེད་ཅིང་གཅད་དུ་མེད་པ་སྟེ། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་མཚན་ཉིད་འདིས་དག་པར་བརྗོད་པ་ཡིན་ནོ། །གང་གི་དག་པ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་བསྒོམ་པའི་ལམ་གྱི་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་འདི་ཉིད་འདི་ལྟར་གཟུགས་རྣམ་པར་དག་པ་དང་འབྲས་བུ་རྣམ་པར་དག་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་གཉིས་སུ་མེད་དེ་དེ་དག་གཉིས་སུ་བྱར་མེད་དོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཉིད་ནི་དེའི་དམིགས་པ་དང་དེའི་འབྲས་བུ་


DTG088_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པ་ཡིན་ཏེ། གང་རབ་འབྱོར་གཟུགས་རྣམ་པར་དག་པ་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་དེའི་གོང་ཡན་ཆད་ཀྱིས་གསུངས་ཏེ། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ཅེས་བྱ་བ་ནི་བསྟན་པའོ། །སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་ནི་བཤད་པ་སྟེ། འདི་ནི་རྣམ་པར་དག་པའི་མཚན་ཉིད་དོ། །དེའི་དབྱེ་བ་ཡང་བཞི་སྟེ། ཉོན་མོངས་ཤེས་བྱ་ལམ་གསུམ་གྱིས། །ཉམས་ཕྱིར་སློབ་མ་བསེ་རུ་དང༌། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་བྱ་བ་གསུངས་ཏེ། སློབ་མ་ནི་ཉན་ཐོས་སོ། །བསེ་རུ་ནི་རང་སངས་རྒྱས་སོ། །རྒྱལ་བ་དག་གི་སྲས་ནི་བྱང་ཆུབ་སེམས་དཔའ་སྟེ་དེ་དག་གི་རྣམ་པར་དག་པ་ནི་གོ་རིམས་བཞིན་དུ་ཉོན་མོངས་པ་དང༌། གཟུང་བའི་རྣམ་པར་རྟོག་པ་དང༌། ལམ་གསུམ་པོ་དག་ལ་སྲིད་པ་མི་ཤེས་པ་ནི་ལམ་གྱི་སྟེ། ལམ་གསུམ་གྱིས་སྤངས་པའི་ཕྱིར་རོ། །སངས་རྒྱས་རྣམས་ནི་བཅོམ་ལྡན་འདས་ཏེ། འདིའི་ཤིན་ཏུ་བའོ། །མཐའ་ནི་མཚམས་དང་སྐབས་ཡིན་པ་དེ་ལས་ཤིན་ཏུ་འདས་པ་ནི་ཤིན་ཏུ་བ་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །རྣམ་ཀུན་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་སོ། །དེ་ལ་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་བཞི་པོ་དག་གིས་བདག་དང་སེམས་ཅན་ལ་སོགས་པ་རྣམ་པར་དག་པ་དང༌། འདོད་ཆགས་ལ་སོགས་པ་རྣམ་པར་དག་པ་ནི་ཉན་ཐོས་ཀྱི་རྣམ་པར་དག་པའོ། །དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གིས་རང་རྒྱལ་བའི་རྣམ་པར་དག་པའོ། །དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གིས་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའོ། །རྣམ་པ་ཀུན་དུ་ཞེས་གསུངས་པ་དེ་ཉིད། ས་དགུ་ལ་ནི་ཆེན་པོ་ཡི། །གཉེན་པོའི་སྒོ་ནས་ཆུང་ངུ་ཡི། །ཆུང་ངུ་ལ་སོགས་ལམ་ཡིན་ནོ། །ཞེས་གསུངས་ཏེ། ས་དགུ་ནི་འདོད་པའི་ཁམས་དང༌། བསམ་གཏན་དང༌། གཟུགས་མེད་པའོ། །དེ་དག་དག་པ་ནི་བསྒྲུབ་པར་བྱ་བའོ། །དེའི་དོན་དུ་ས་དང་ས་ལ་རྣམ་པ་དགུ་སྟེ། བསྒོམ་པའི་ལམ་ནི་ཆུང་ངུའི་ཆུང་ངུ་ནས་ཆེན་པོའི་ཆེན་པོའི་བར་ནི་གོ་རིམས་བཞིན་དུ་དྲི་མའི་ཉེས་པ་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་གྱི་གཉེན་པོས་སོ། །


DTG088_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་དེ་མ་ཐག་ཏུ་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གིས་ནི་ལམ་ཆུང་ངུའི་ཆུང་ངུའོ། །དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གིས་ནི་ཆུང་ངུའི་འབྲིང་ངོ༌། །དེ་ནས་གཉིས་ཀྱིས་ནི་ཆུང་ངུའི་ཆེན་པོའོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་ནི་ཟབ་པོ་ཞེས་བྱ་བ་ནི་འབྲིང་གི་ཆུང་ངུའོ། །ཤ་ར་དྭ་ཏིའི་བུས་གསོལ་བ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་སྣང་བའོ་ཞེས་བྱ་བ་ནི་འབྲིང་གི་འབྲིང་ངོ༌། །ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཕོ་བ་མེད་ཅིང་ཉིད་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ་ཞེས་བྱ་བའི་བར་ནི་འབྲིང་གི་ཆེན་པོའོ། །ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རྣམ་པར་དག་པའོ་ཞེས་བྱ་བའི་བར་ནི་ཆེན་པོའི་ཆུང་ངུའོ། །ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོགས་པ་མེད་ཅིང་མངོན་པར་རྟོགས་པ་མེད་པའི་ཕྱིར་རྣམ་པར་དག་པའོ་ཞེས་བྱ་བའི་བར་ནི་ཆེན་པོའི་འབྲིང་ངོ༌། །ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མངོན་པར་གྲུབ་པ་མེད་པའི་ཕྱིར་རྣམ་པར་དག་པའོ་ཞེས་བྱ་བའི་བར་ནི་ཆེན་པོའི་ཆེན་པོའོ། །ཁམས་གསུམ་པོ་ཡི་གཉེན་པོ་ཉིད། །འཇལ་དང་གཞལ་བྱ་མཉམ་ཉིད་དང༌། །ཞེས་བྱ་བ་ལ། དེ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་མེད་པའི་ཁམས་རང་བཞིན་གྱིས་དམིགས་སུ་མེད་པའི་ཕྱིར་རྣམ་པར་དག་པ་ནི་སྐྱེ་བ་མེད་དོ་ཞེས་བྱ་བའི་བར་ནི་ལམ་ཁམས་གསུམ་པའི་གཉེན་པོ་ཉིད་དོ། །གསོལ་བ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རྣམ་པར་དག་པ་ནི་ཆོས་ཐམས་ཅད་འཚལ་བ་མ་མཆིས་སོ་ཞེས་བྱ་བའི་བར་ནི་ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་དོ། །ཀླན་ཀ་ཡོངས་སུ་སྤངས་པ་ཡིས། །ལམ་ནི་དེ་ཡི་གཉེན་པོར་འདོད། །དེ་དག་ཉིད་བསྒོམ་པའི་ལམ་དུ་འདོད་ཀྱི་གཞན་ནི་མ་ཡིན་ནོ། །ཅིའི་


DTG088_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན། འདིའི་འོག་ནས་དེ་ཉིད་རྒྱས་པར་བརྒལ་བ་དང་ལན་བཏབ་པའི་ཕྱིར་རོ། །དེ་སྐད་དུ་ཡང་གཞུང་ནི་བཅོམ་ལྡན་འདས་གང་དེ་ལྟར་རྟོགས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བའི་མཐར་ཐུག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤིན་ཏུ་ཉེས་པ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་བ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ནི་འོན་ཏེ་དེ་ནི་དེའི་ལམ་མ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཡིན་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གསལ་བར་བྱ་བའི་ཕྱིར་ཡང་དྲིས་པ་ལ། ཆོས་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ལན་ནོ། །ཆོས་གནས་པ་ཞེས་བྱ་བ་ནི་ཆོས་ཉིད་དོ། །དེ་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། ལམ་གྱི་བྱ་བ་ནི་གློ་བུར་གྱི་སྒྲིབ་པ་ཟད་པར་བྱེད་པ་ཉིད་ཡིན་ནོ་ཞེས་དགོངས་སོ། །ཅིའི་སླད་དུ་ཞེས་བྱ་བ་ནི་བརྒྱལ་བ་གཉིས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པར་དག་པ་རྣམ་པར་དག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གལ་ཏེ་དེ་བཟུང་བ་རྣམ་པར་རྟོག་པར་འགྱུར་ལ། མ་བཟུང་བ་ཤེས་པར་མི་འགྱུར་རོ་ཞེས་བྱ་བར་བསམས་པའོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །གང་གིས་ཆོས་ཀྱི་དབྱིངས་ཡོངས་སུ་མ་བཟུང་བ་དེའི་དངོས་པོ་ནི་དེ་ཉིད་དོ། །ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་དམིགས་སུ་མེད་པ་ཉིད་ཆོས་ཀྱི་དབྱིངས་དམིགས་པ་ཡིན་ནོ་ཞེས་དགོངས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་ལ། བདག་དག་པ་ནི་འཕགས་པ་དག་གིས་གཟུགས་དག་པ་དང༌། མ་དག་པ་ནི་བྱིས་པ་དག་གིས་མ་དག་པ་ཡིན་པ་དེ་བས་ན་བདག་རྣམ་པར་དག་པ་དང་གཟུགས་རྣམ་པར་དག་པ་ཞེས་བྱ་བ་ནི་བརྒལ་བའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཡིན་ཏེ། བདག་དང་གཟུགས་ནི་ཤིན་ཏུ་དངོས་པོ་མེད་པར་ཞེས་བྱ་བར་དགོངས་སོ། །གསལ་པོར་བྱ་བའི་ཕྱིར་ཡང་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་བརྒལ་བའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་


DTG088_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ལན་ཏེ། བདག་དང་གཟུགས་ཡང་དག་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུའོ། །ཅིའི་སླད་དུ་གཉིས་སུ་སུམ་མཆིས་ཤིང་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་ནི་བརྒལ་བ་གཞན་ཡིན་ཏེ། ལམ་དང་འབྲས་བུ་ཞེས་བྱ་བ་གཉིས་ལ་འབྲས་བུ་རྣམ་པར་དག་པ་ཐོབ་པར་བགྱི་བ་མ་ལགས། ལམ་རྣམ་པར་དག་པ་མངོན་པར་རྟོགས་པར་བགྱི་བ་མ་ལགས་ཏེ། གཉི་གའི་དངོས་པོ་མེད་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ནོ། །གསལ་པོར་བྱ་བའི་ཕྱིར་ཡང་བརྒལ་བ་ལ། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་ནི་ཆོས་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཡིན་ཏེ། ཆོས་རྣམས་ཀྱི་མཉམ་པ་ཉིད་ནི་ཆོས་ཀྱི་དབྱིངས་སོ། །ཀུན་ནས་ཉོན་མོངས་པ་མེད་པ་ཡང་འདི་ཡིན་པ་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་ཕྱིར་རྣམ་པར་བྱང་བ་མ་ཡིན་པ་ཡང་དེ་ཡིན་པ་ཀུན་ནས་ཉོན་མོངས་པ་སྔོན་དུ་སོང་བ་ཅན་མ་ཡིན་པའི་ཕྱིར་རོ། །དེ་དག་ཡིན་ལ་ཆོས་མཉམ་པ་ཉིད་ཀྱང་འདི་ཡིན་པས་སོ། །རྒྱུར་བྱས་པའི་ཕྱིར་ཞེས་བྱ་བ་ནི་དེ་ལ་བརྟེན་པའི་ཕྱིར་རོ། །བདག་ཀུན་ཏུ་མཐའ་ཡས་པ་ཞེས་བྱ་བ་ནི་ཡང་བརྒལ་བ་སྟེ། བདག་རྟག་པ་ཉིད་ཀྱི་ཕྱིར་ཕུང་པོ་དག་ཀྱང་རྟག་པའི་དངོས་པོ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཏེ། བདག་དང་ཕུང་པོ་དག་ནི་རྟག་ཏུ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་དང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གསལ་བར་བྱེད་པའོ། །བཅོམ་ལྡན་འདས་གང་དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་དུ་བསྟན་པ་ཁོ་ན་བཞིན་དུའམ་ཞེས་བརྒལ་བའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཏེ། ཤིན་ཏུ་ཉེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་སླད་དུ་ཞེས་བྱ་བ་ནི་ཡང་བརྒལ་བ་སྟེ། ཅི་ཞིག་རྒྱུར་བྱས་ནས་ཞེས་བྱ་བའི་དོན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ལན་ནོ། །དེ་དག་ནི་རྣམ་པར་དག་པའི་བསྒོམ་པའི་ལམ་དང་ལམ་ཤེས་པ་བསྟན་པའོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་རིན་ཆེན་


DTG088_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ཞི་བས་སྦྱར་བ་དག་ལྡན་ཞེས་བྱ་བ་ལས་ལམ་ཤེས་པ་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། །།


previousལེའུ་གཉིས་པ། ལམ་ཤེས་པ་ཉིད་ཀྱི་འགྲེལ་པ།next