Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་བརྒྱད་པ།


  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
  collapse section
   
   
   
   
ལེའུ་བཞི་པ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་འགྲེལ་པ།
   
   
   
   
   
   
   


 
previousལེའུ་བཞི་པ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་འགྲེལ་པ།next

ལེའུ་བཞི་པ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་འགྲེལ་པ།


DTG088_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བ་བརྗོད་པར་བྱ་བ་ཡིན་པ་དེ་བས་ན། གཞི་ཡི་ཡེ་ཤེས་བྱེ་བྲག་ནི། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཞེས་བྱ་བ་གསུངས་ཏེ། གཞི་ནི་དམིགས་པ་སྟེ། བདེན་པ་བཞི་ལ་སོགས་པའོ། །དེའི་ཡེ་ཤེས་ཀྱི་བྱེ་བྲག་སྟེ། རྣམ་པ་གང་དག་གིས་དེ་ཡོངས་སུ་ཤེས་པར་བྱ་བ་དེ་དག་རྣམ་པ་ཞེས་བྱའོ། །མཚན་ཉིད་ནི་མིང་ངོ༌། །ཀུན་མཁྱེན་པ་དག་རྣམ་གསུམ་ཕྱིར། །དེ་ཡང་རྣམ་པ་གསུམ་དུ་འདོད། །ཅེས་བྱ་བ་ལ། ཀུན་མཁྱེན་པ་དག་ཅེས་བྱ་བ་ནི་རིགས་ཀྱ་མང་པོའི་ཚིག་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་མཛད་ནས། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང༌། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་བྱ་བ་གསུངས་པ་སྟེ། འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་མེད་པའི་རྣམ་པ་ནས་བཟུང་བ་དང༌། འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་མི་གཡོ་བའི་རྣམ་པའི་བར་ཉི་ཤུ་རྩ་བདུན་ནོ། །དེ་དག་ལ་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་ལ་བཞི་བཞི་དང༌། ལམ་གྱི་བདེན་པ་ལ་ལྷག་མ་བཅོ་ལྔའོ། །མེད་པའི་རྣམ་པའི་ཕ་རོལ་ཏུ་ཕྱིན་པ་ནི་མེད་པའི་རྣམ་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་འོག་མ་ཐམས་ཅད་ལ་


DTG088_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ངོ། །དེ་ལ་སྡུག་བསྔལ་གྱི་གཞི་ནི་མེད་པ་དང༌། མཉམ་པ་ཉིད་དང༌། དབེན་པ་དང༌། ཐུབ་པ་མེད་པའོ། །མེད་པ་ནི་གཟུགས་ལ་སོགས་པ་ནམ་མཁའ་ལྟ་བུའོ། །མཉམ་པ་ཉིད་ནི་གཟུགས་ལ་སོགས་པ་ཆོས་ཐམས་ཅད་དམིགས་སུ་མེད་པས་མཉམ་པ་ཉིད་ཀྱི་ཕྱིར་རོ། །དབེན་པ་ནི་ཤིན་ཏུ་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཐུབ་པ་མེད་པ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །ཀུན་འབྱུང་གི་གཞི་ནི་གནས་མེད་པ་དང༌། ནམ་མཁའ་དང༌། བརྗོད་དུ་མེད་པ་དང༌། མིང་མེད་པའོ། །གནས་མེད་པ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་མེད་པའི་ཕྱིར་རོ། །ནམ་མཁའ་ནི་གཟུགས་ལ་སོགས་པ་དབུགས་དབྱུང་བ་དང་རྔུབ་བ་མེད་པའི་ཕྱིར་རོ། །བརྗོད་དུ་མེད་པ་ནི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དམིགས་སུ་མེད་པའི་ཕྱིར་རོ། །མིང་མེད་པ་ནི་གཟུགས་དང་ཚོར་བ་ལ་སོགས་པ་མི་དམིགས་པའི་ཕྱིར་རོ། །འགོག་པའི་བཞི་ནི་འགྲོ་བ་མེད་པ་དང༌། །གཟུང་དུ་མེད་པ་དང༌། མི་ཟད་པ་དང༌། སྐྱེ་བ་མེད་པའོ། །འགོག་པའི་འགྲོ་བ་མེད་པ་ནི་ཆོས་ཐམས་ཅད་ལ་འགྲོ་བ་མེད་པའི་ཕྱིར་དང༌། རང་བཞིན་གྱིས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་རོ། །འགོག་པའི་གཟུང་དུ་མེད་པ་ནི་ཆོས་ཐམས་ཅད་གཟུང་དུ་མེད་པའི་ཕྱིར་ཆོས་ཀྱི་ཆོས་ལ་འཛིན་པ་མེད་པའོ། །མི་ཟད་པ་ནི་ཚོས་ཐམས་ཅད་ཤིན་ཏུ་ཟད་ཅིང་དེངས་པ་ཉིད་ཀྱི་ཕྱིར་ཏེ། ཤིན་ཏུ་ཟད་པ་མེད་ཅིང་འགོག་པ་མེད་པ་ཉིད་དོ། །སྐྱེ་བ་མེད་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་འགོག་པ་མེད་པ་ཉིད་དོ། །ལམ་གྱི་བཅོ་ལྔ་ནི་བྱེད་པ་པོ་མེད་པ་དང༌། ཤེས་པ་པོ་མེད་པ་དང༌། འཕོ་བ་མེད་པ་དང༌། འཇིག་པ་མེད་པ་དང༌། རྨི་ལམ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། སྨིག་རྒྱུ་དང༌། སྒྱུ་མ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། གོས་པ་མེད་པ་དང༌། སྤྲོས་པ་མེད་པ་དང༌། རློམ་པ་མེད་པ་དང༌། གཡོ་བ་མེད་པའོ། །ལམ་ནི་བྱེད་པ་པོ་མེད་པ་སྟེ། བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར་རོ། །ཤེས་པ་པོ་མེད་པ་ནི་ཤེས་པ་པོ་དམིགས་སུ་མེད་པའི་ཕྱིར་རོ། །འཕོ་བ་མེད་པ་ནི་སྐྱེ་བ་དང་འཆི་བ་དམིགས་སུ་མེད་པའི་ཕྱིར་རོ། །འཇིག་པ་མེད་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་འཇིག་པ་མེད་པའི་ཕྱིར་ཏེ། རང་བཞིན་ནི་དེ་བཞིན་ཉིད་དོ། །རྨི་ལམ་ནི་རྨི་ལམ་


DTG088_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དམིགས་སུ་མེད་པའི་ཕྱིར་རོ། །སྒྲ་བརྙན་ནི་སྒྲར་བརྗོད་པ་དམིགས་སུ་མེད་པའི་ཕྱིར་རོ། །མིག་ཡོར་ནི་གཟུགས་དང་གཟུགས་བརྙན་དམིགས་སུ་མེད་པའི་ཕྱིར་རོ། །སྨིག་རྒྱུ་ནི་ཆུའི་ཕུང་པོ་དམིགས་སུ་མེད་པའི་ཕྱིར་རོ། །སྒྱུ་མ་ནི་དེའི་རྒྱུ་མཚན་དམིགས་སུ་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་ཉོན་མོངས་པའི་རང་བཞིན་དམིགས་སུ་མེད་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པ་ནི་ཀུན་ནས་ཉོན་མོངས་པའི་སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །གོས་པ་མེད་པ་ནི་ནམ་མཁའ་ལྟ་བུའོ། །སྤྲོས་པ་མེད་པ་ནི་སྤྲོས་པ་ཐམས་ཅད་ཡང་དག་པར་བཅོམ་པ་ཉིད་ཀྱི་ཕྱིར་རོ། །རློམ་པ་མེད་པ་ནི་རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་པ་ཉིད་ཀྱི་ཕྱིར་རོ། །གཡོ་བ་མེད་པ་ནི་ཆོས་ཀྱི་དབྱིངས་ལ་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པའོ། །ལམ་ཤེས་པ་ཉིད་ཀྱི་དབང་དུ་མཛད་ནས། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་ལ་ནི་གོ་རིམས་བཞིན། །དེ་ངག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་བྱ་བ་གསུངས་ཏེ། རྒྱུ་ནི་ཀུན་འབྱུང་ངོ༌། །དེ་བས་ན་འདིར་ཀུན་འབྱུང་དང་ལམ་དང་པོར་གསུངས་པ་ནི་འབྲས་བུའི་ཐབས་སུ་གྱུར་པ་ཉིད་ཀྱི་ཕྱིར་ལ། སྡུག་བསྔལ་དང་འགོག་པ་ནི་འབྲས་བུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་དག་གི་རྣམ་པ་གོ་རིམས་བཞིན་དུ་བརྒྱད་དང༌། བདུན་དང་ལྔ་དང་བཅུ་དྲུག་ཅེས་མདོ་ལས་གསུངས་སོ། །དེ་ལ་ཀུན་འབྱུང་གི་བརྒྱད་དེ་འདོད་ཆགས་དང་བྲལ་བ་དང༌། མི་གནས་པ་དང༌། ཞི་བ་དང༌། འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། སེམས་ཅན་མེད་པའོ། །འདོད་ཆགས་དང་བྲལ་བ་ནི་གཟུགས་ལ་སོགས་པ་འདོད་ཆགས་ཀྱི་རྒྱུ་མཚན་མི་དམིགས་པའི་ཕྱིར་ཏེ། འདོད་ཆགས་ཀྱི་རྒྱུ་མཚན་ནི་ཞེན་པར་བྱ་བའོ། །གནས་ནི་ཞེན་པ་དང༌། སྲེད་པ་ཡིན་ལ། དེ་མེད་པའི་ཕྱིར་གནས་མེད་པ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །ཞི་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །འདོད་ཆགས་མེད་པ་ནི་འདོད་


DTG088_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མེད་པའི་ཕྱིར་རོ། །ཞེ་སྡང་མེད་པ་ནི་ཉེས་པ་མེད་པའི་ཕྱིར་རོ། །གཏི་མུག་མེད་པ་ནི་མུན་པ་བཅོམ་པ་ཉིད་ཀྱི་ཕྱིར་རོ། །ཉོན་མོངས་པ་མེད་པ་ནི་ཡོངས་སུ་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཅན་མེད་པ་ནི་སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །ལམ་གྱི་བདེན་པ་ནི་ཚད་མེད་པ་དང༌། མཐའ་གཉིས་དང་མ་འབྲེལ་པ་དང་ཐ་མི་དད་པ་དང༌། མཆོག་ཏུ་འཛིན་པ་མེད་པ་དང༌། རྣམ་པར་མི་རྟོག་པ་དང༌། དཔག་ཏུ་མེད་པ་དང༌། ཆགས་པ་མེད་པའོ། །ཚད་མེད་པ་ནི་ཆོས་ཐམས་ཅད་ལས་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ། །མཐའ་གཉིས་དང་མ་འབྲེལ་པ་ནི་མཐའ་གཉིས་དམིགས་སུ་མེད་པའི་ཕྱིར་རོ། །ཐ་མི་དད་པ་ནི་ཆོས་ཐམས་ཅད་དབྱེར་མེད་པ་ཉིད་ཀྱི་ཕྱིར་དང་དབེན་པའི་ཕྱིར་རོ། །མཆོག་ཏུ་འཛིན་པ་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ནི་རྣམ་པར་རྟོག་པ་དམིགས་སུ་མེད་པའི་ཕྱིར་རོ། །དཔག་ཏུ་མེད་པ་ནི་ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པའི་ཕྱིར་རོ། །ཆགས་པ་མེད་པ་ནི་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དང་མཉམ་པ་ཉིད་ཀྱི་ཕྱིར་རོ། །སྡུག་བསྔལ་གྱི་ལྔ་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་དང༌། མཚན་ཉིད་མེད་པའོ། །མི་རྟག་པ་ཉིད་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར་ཏེ། འཇིག་པ་མེད་པ་དེ་ཉིད་ནི་མེད་པ་དེ་ཉིད་ཀྱི་ཕྱིར་མི་རྟག་པ་སྟེ། མེད་པའི་དོན་ནི་མི་རྟག་པའི་དོན་ཏོ། །སྡུག་བསྔལ་ནི་ཆོས་ཐམས་ཅད་ཚོལ་བར་སྦྱོར་བ་མེད་པའི་ཕྱིར་ཏེ། ཚོལ་བ་ནི་ལོངས་སྤྱོད་དོ། །སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་སུ་མེད་པའི་ཕྱིར་རོ། །བདག་མེད་པ་ནི་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་རོ། །མཚན་ཉིད་མེད་པ་ནི་ཆོས་ཐམས་ཅད་ཀྱི་མཚན་མ་མེད་པའི་ཕྱིར་རོ། །འགོག་པའི་རྣམ་པ་བཅུ་དྲུག་ནི་ནང་སྟོང་པ་ཉིད་ཀྱི་འགོག་པ་ནི་ནང་གི་ཆོས་རྣམས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགོག་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་བར་ནི་ལམ་ཤེས་པའི་རྣམ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དབང་དུ་མཛད་ནས། ཀུན་མཁྱེན་


DTG088_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གསུམ་བྱེ་བྲག་གིས། །ལམ་གྱི་བདེན་པ་དང་མཐུན་པར། །དྲན་པ་ཉེར་གཞག་ནས་བཟུང་སྟེ། ཐ་མ་སངས་རྒྱས་ཉིད་རྣམ་པར། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ཀྱི་རིམ་བཞིན་དུ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་བྱ་བ་གསུངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དྲན་པ་ཉེ་བར་གཞག་པ་ནས་བརྩམས་ཏེ། སངས་རྒྱས་ཉིད་ཀྱི་རྣམ་པའི་བར་དུ་རྣམ་པ་བརྒྱ་རྩ་བཅུ་དག་ཡིན་ཏེ། དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །ཐ་མ་སངས་རྒྱས་ཉིད་ཀྱི་རྣམ་པ་གང་དག་ལ་ཡོད་པ་ད་དག་ལ་དེ་སྐད་ཅེས་བྱའོ། །ཀུན་མཁྱེན་ཉིད་རྣམ་པ་གསུམ་གྱི་བྱེ་བྲག་གིས་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་དག་གི་ལམ་གྱི་བདེན་པ་གང་ཡིན་པ་དེ་དག་དང་མཐུན་པར་གོ་རིམས་བཞིན་དུ་སུམ་ཅུ་རྩ་བདུན་དང༌། སུམ་ཅུ་རྩ་བཞི་དང་སུམ་ཅུ་རྩ་དགུ་དག་གོ །དེ་ལ་བྱང་ཆུབ་ཀྱི་ཕྱོགས་དག་གིས་ཉན་ཐོས་ཀྱི་ལམ་ལ་བརྟེན་པའི་ཕྱིར་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། བདེན་པ་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་གིས་བྱང་ཆུབ་སེམས་དཔའི་ལམ་ལ་བརྟེན་པའི་ཕྱིར་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་དང༌། དེ་བཞིན་གཤེགས་པ་ཉིད་དང༌། རང་བྱུང་ཉིད་དང༌། སངས་རྒྱས་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཉིད་ཀྱི་ལམ་ལ་བརྟེན་པའི་ཕྱིར་རོ། །འདིར་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཆོས་རྣམས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ཆོས་ཇི་ལྟར་གནས་པ་དེ་བཞིན་དུ་གསུངས་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དོ། །ཇི་ལྟ་ཞེ་ན། སངས་རྒྱས་ཀྱི་བརྗོད་པ་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ཕྱིར་རོ། །བྱུང་བར་གྱུར་པས་ན་བྱུང་བ་སྟེ། བྱུང་བར་གྱུར་ཞེས་བྱ་བའི་དོན་ཏོ། །རང་བྱུང་ཞེས་བྱ་བ་ནི་རང་ཉིད་འདོད་པས་འདི་བྱུང་བས་ན་རང་བྱུང་ངོ༌། །དེ་ཇི་ལྟར་ཞེ་ན། ཆོས་


DTG088_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་དབང་བསྒྱུར་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་སངས་རྒྱས་ཉིད་ཅེ་ན། །ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་རྣམས་ཐམས་ཅད་གཅིག་ཏུ་བྱས་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཡིན་ནོ། །ད་ནི་སྦྱོར་བ་བརྗོད་པར་བྱ་བ་ཡིན་པས་བཅོམ་ལྡན་འདས་མ་མཉན་པ་ཅུང་ཟད་ཀྱང་རྙེད་པར་དཀའ་ན། ཅི་རབ་ཏུ་སྦྱོར་བ་ལྟ་ཞེས་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །སངས་བསྟེན་དང་ཀུན་འདྲི་དང༌། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་དང༌། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་བྱ་བ་གསུངས་ཏེ། སྔོན་གྱི་སངས་རྒྱས་རྣམས་ལ་བཀུར་སྟི་བྱས་པ་དང༌། དེ་དག་ལ་དགེ་བའི་རྩ་བ་བསྐྲུན་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་གང་ཡིན་པ་དེ་དག་འདི་ཉིད་ཉན་པ་སྟེ། རྣ་ལམ་དུ་གྲག་པའི་སྣོད་ཡིན་གྱི། གཞན་དག་ནི་མ་ཡིན་ནོ། །གང་ཡང་སྔོན་གྱི་སྐྱེ་བར་སངས་རྒྱས་མང་པོ་ཡོངས་སུ་བསྟེན་པ་དང༌། ཀུན་འདྲི་བ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་ཉིད་ཀྱིས་བཅོམ་ལྡན་འདས་མ་ལེན་པ་དང་འཛིན་པ་ནས། དེ་བཞིན་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པའི་བར་ཉིད་ཀྱི་སྣོད་ཉིད་དུ་འགྱུར་གྱི། རྣམ་པ་གཞན་དུ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་མ་རྣ་ལམ་དུ་གྲག་པ་གང་ཡིན་པ་དེ་དག་ནི་ངེས་པར་བཀུར་སྟི་བྱས་པ་ལ་སོགས་པ་ཡོན་ཏན་གསུམ་དང་ལྡན་པར་རིག་པར་བྱའོ། །གང་ལ་ལེན་པ་ལ་སོགས་པ་དང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་བཀུར་སྟི་བྱེད་པ་ལ་སོགས་པ་ཡོན་ཏན་གསུམ་དང་སངས་རྒྱས་བསྟེན་པ་ལ་སོགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་ངེས་པར་བལྟ་བར་བྱའོ། །གང་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། ཡིད་ལ་ཟུང་ཤིག་དང་ངས་བཤད་དོ་ཞེས་བྱ་བའི་བར་ནི་སྦྱོར་བ་པོ་རྙེད་པར་དཀའ་བ་ཉིད་དོ། །སྦྱོར་བའི་དབང་དུ་མཛད་ནས། གཟུགས་ལ་སོགས་ལ་མི་གནས་ཕྱིར། །དེ་ལ་སྦྱོར་བ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་


DTG088_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང༌། །ཚོགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང༌། །ངེས་འབྱུང་བར་ཆད་མེད་བཅས་དང༌། །བྱང་ཆུབ་ཉེ་དང་མྱུར་བ་དང༌། །གཞན་འདོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང༌། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །དེ་ནི་དག་པ་མཚམས་དང་བཅས། །ཞེས་བྱ་བ་གསུངས་པ་ལ། དེ་ནི་ཞེས་བྱ་བ་ནི་སྦྱོར་བའོ། །དེ་གང་ཞེ་ན། རྣམ་པར་སྦྱོར་བར་བཅས་པ་ཞེས་གོང་དུ་བསྟན་པ་དེ་ལ་རྣམ་པར་བསྟན་ནས་སྦྱོར་བའི་སྐབས་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དེ་དག་ལ་མི་གནས་པ་ནི་སྦྱོར་བའོ། །གང་ཀཽ་ཤི་ཀ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་གཟུགས་ལ་སོགས་པ་ལ་མི་གནས་པའི་སྦྱོར་བ་གསུངས་སོ། །དེ་ལ་སྦྱོར་བ་བཀག་པའི་ཕྱིར། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་སྦྱོར་བ་བཀག་པའི་སྤྱོར་བ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་བརྩམས་ཏེ། དབུས་སུ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་གཟུགས་ལ་སོགས་པ་ལ་མི་སྦྱོར་བའི་སྦྱོར་བ་གསུངས་སོ། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་བཅོམ་ལྡན་འདས་མ་ཟབ་བོ། །དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས་ཟབ་བོ་ཞེས་བྱ་བའི་བར་གྱིས་ནི་ཟབ་པའི་སྦྱོར་བ་གསུངས་སོ། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་གཏིང་དཔག་དཀའ་བའི་ཕྱིར། བཅོམ་ལྡན་འདས་མ་གཏིང་དཔག་དཀའ་བའོ། །གང་གསོལ་པ་ཞེས་བྱ་བ་ནས། གཏིང་དཔག་དཀའོ་ཞེས་བྱ་བའི་བར་གྱིས་གཏིང་དཔག་དཀའ་བའི་སྦྱོར་བ་གསུངས་སོ། །དེ་དག་ཚད་ནི་མེད་ཕྱིར་དང༌། །ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ཚད་མེད་པའི་ཕྱིར་བཅོམ་ལྡན་འདས་མཚན་མེད་པའོ། །གང་གསོལ་པ་ཞེས་བྱ་བ་ནས། ཚད་མེད་དེ་ཞེས་བྱ་བའི་


DTG088_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས་ནི་ཚད་མེད་པའི་སྦྱོར་བ་གསུངས་སོ། །འདིར་དང་གི་སྒྲ་ཁོང་ནས་དབྱུང་བར་བྱ་སྟེ། དེ་ལ་སྦྱོར་བ་བཀག་པ་ཉིད་ཅེས་བྱ་བ་འདིར་རྗེས་སུ་དྲང་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་ཟབ་པ་ཉིད་དང༌། གཏིང་དཔག་དཀའ་བ་ཉིད་དང༌། ཚད་མེད་པ་ཉིད་ལ་སྤྱོད་པ་དགག་པའི་སྦྱོར་བ་གསུངས་ཏེ། གཟུགས་ལ་སོགས་པ་ཟབ་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་གཏིང་དཔག་དཀའ་བ་ཞེས་བྱ་བ་དང་ཚད་མེད་པ་ཞེས་བྱ་བ་སྟེ། གང་གསོལ་པ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཟབ་པ་ལ་མི་སྦྱོར་བའི་སྦྱོར་བ་གསུངས་སོ། །གཞན་ཡང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གཏིང་དཔག་དཀའ་བ་ཉིད་ལ་མི་སྦྱོར་བའི་སྦྱོར་བ་གསུངས་སོ། །གཞན་ཡང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཚད་མེད་པ་ལ་མི་སྦྱོར་བའི་སྦྱོར་བ་གསུངས་སོ། །ཚོགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ཞེས་བྱ་བ་ལ། བཅོམ་ལྡན་འདས་མ་ཟབ་པ་ཉིད་དང༌། གཏིང་དཔག་དཀའ་བ་ཉིད་དང༌། ཚད་མེད་པ་དེ་དག་ནི་ཐེག་པ་ལ་གསར་དུ་ཞུགས་པའི་མདུན་དུ་བརྗོད་པར་མི་བྱ་སྟེ། དེ་འགའ་ཞིག་ཏུ་སྐྲག་ནས་འདི་སྤངས་ཏེ་ངན་འགྲོར་འགྲོ་བའི་ལས་སོགས་པར་འགྱུར་ཏེ། ཚོགས་ཆེན་པོས་ཡུན་རིང་པོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུས་གསོལ་བ་ཞེས་བྱ་བ་ནས། དཀའ་བ་དེ་ལྟ་བུའི་གནས་ཡོད་དོ་ཞེས་བྱ་བའི་བར་གྱིས་ཚོགས་ཆེན་པོས་ཡུན་རིང་པོ་ནས་རྟོགས་པའི་སྦོར་བ་གསུངས་སོ། །ལུང་བསྟན་ཞེས་བྱ་བ་ནི་གང་གིས་བཅོམ་ལྡན་འདས་མ་ཟབ་མོ་འདི་ཐོས་ནས་སྐྲག་པར་མི་འགྱུར། ཐོས་ནས་ཀྱང་གོང་ནས་གོང་དུ་འཛིན་པ་ནས། གནས་པའི་བར་དེ་ནི་དེ་བཞིན་གཤེགས་པ་གཅིག་གམ་གཉིས་སམ་གསུམ་ལས་མི་འདའ་བར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་རོ། །གང་བརྒྱ་བྱིན་གྱི་ཞེས་བྱ་བ་ནས། ཉེ་བར་འགྱུར་བར་རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ལུང་བསྟན་པའི་སྦྱོར་བ་གསུངས་སོ། །ཕྱིར་མི་ལྡོག་ཉིད་ཅེས་བྱ་བ་ནི་གང་བྱང་ཆུབ་སེམས་དཔའ་དེ་དག་ཕྱིར་མི་ལྡོག་པར་འགྱུར་བ་རང་


DTG088_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་བཅོམ་ལྡན་འདས་མ་འདི་ཉེ་བར་འགྱུར་ཏེ། ཉེ་བར་གྱུར་ནས་ཀྱང་འཛིན་པ་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་བར་གྱིས་དེ་བྱང་ཆུབ་ཏུ་ལུང་བསྟན་པ་རྙེད་པ་དང་ཉེ་བར་འགྱུར་རོ། །བཅོམ་ལྡན་འདས་གང་གིས་ཞེས་བྱ་བ་ནས་ཕྱིར་མི་ལྡོག་པ་ཞེས་བྱ་བའི་བར་གྱིས་ཕྱིར་མི་ལྡོག་པའི་སྦྱོར་བ་གསུངས་སོ། །ངེས་འབྱུང་ཞེས་བྱ་བ་ནི་བར་དུ་གཅོད་པའི་ས་ལས་ཤིན་ཏུ་རྒལ་བ་སྟེ། དེར་བཅོམ་ལྡན་འདས་མ་ཉིད་ཉེ་བར་གྱུར་པས་དེ་གཟུང་བ་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་བར་དུ་བྱས་པས་ལུང་སྟོན་པ་ལ་ཉེ་བར་ཐོབ་པར་འགྱུར་བ་སྟེ། འབྲོག་དགོན་པ་ཤིན་ཏུ་རིང་པོ་ནས་འབྱུང་བ་གྲོང་ལ་སོགས་པའི་མཚན་མ་རྙེད་པ་བཞིན་ནོ། །གང་བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ནས། སྔ་ལྟས་སོ་ཞེས་བྱ་བའི་བར་གྱིས་ནི་ངེས་པར་འབྱུང་བའི་སྦྱོར་བ་གསུངས་ས། །བར་ཆད་མེད་བཅས་དང་ཞེས་བྱ་བ་ནི་དཔེར་ན་རྒྱ་མཚེར་འགྲོ་བའི་རི་ལ་སོགས་པར་བར་ཆད་དང་བྲལ་བའི་ས་ཕྱོགས་སུ་ཕྱིན་པ་རྒྱ་མཚོར་ཕྱིན་པ་དང་ཉེ་བ་དེ་བཞིན་དུ་བཅོམ་ལྡན་འདས་མ་མཐོང་བ་ལ་སོགས་པའི་དོན་རྙེད་ལ་ཐོས་ནས་འཛིན་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱང་ཆུབ་ཏུ་ལུང་བསྟན་པ་རྙེད་པ་དང་ཉེ་བའོ། །གང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཚུལ་བཞིན་ཡིད་ལ་བྱར་ཡོད་ཅེས་བགྱི་བར་རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་བར་ཆད་མེད་པ་དང་བཅས་པའི་སྦྱོར་བ་གསུངས་སོ། །བྱང་ཆུབ་ཉེ་བར་ཞེས་བྱ་བ་ལ། དཔེར་ན་སྡོང་པོ་ལོ་མ་ལྷགས་པ་དང་ཉེ་བར་ཤེས་པ་ན་དེ་དག་གི་ལོ་མ་དང་མེ་ཏོག་དང་འབྲས་བུ་དེ་དག་ནི་རིང་པོ་མི་ཐོགས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་འདི་ལྟ་བུའི་ལམ་ལ་སོགས་པའི་དོན་རྙེད་པ་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་བར་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་པ་ཡིན་ནོ། །གང་བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ནས། བདེ་ཞིང་ཉམས་བདེ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་བྱང་ཆུབ་དང་ཉེ་བའི་སྦྱོར་བ་གསུངས་སོ། །མྱུར་བ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་ཞེས་བྱ་བར་སྦྱར་རོ། །དཔེར་ན་བུད་མེད་སྦྲུམ་མ་ལུས་ལྕི་བར་གྱུར་པ་བཞིན་དུ་སྡུག་བསྔལ་བར་གྱུར་པ་དེ་བས་ན་འདི་ནི་རིང་པོར་མི་ཐོགས་པར་བཙའ་བར་


DTG088_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་ཤེས་པ་དེ་བཞིན་དུ་གང་དག་བཅོམ་ལྡན་འདས་མ་འདི་ཉེ་བར་གྱུར་པ་ནས། ཚུལ་བཞིན་ཡིད་ལ་བྱེད་པའི་བར་ནི་དེ་དག་རིང་པོ་མི་ཐོགས་པར་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱའོ། །གང་བཅོམ་ལྡན་འདས་མ་འདི་ལྟ་སྟེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་མཐུས་སྐྱེས་སོ་ཞེས་བྱ་བའི་བར་གྱིས་བྱང་ཆུབ་ཏུ་ཉེ་བའི་སྦྱོར་བ་གསུངས་སོ། །གཞན་གྱི་དོན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་གཞན་དོན་གྱི་སྦྱོར་བ་རྣམ་པ་སྣ་ཚོགས་པ་སྟེ། གང་དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་དག་པར་བསྐུལ་ལོ་ཞེས་བྱ་བའི་བར་གྱིས་གཞན་གྱི་དོན་གྱི་སྦྱོར་བ་གསུངས་སོ། །འཕེལ་མེད་འགྲིབ་མེད་ཕྱིར་ཞེས་བྱ་བ་ནི་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་འཕེལ་བ་དང་འགྲིབ་པར་མི་མཐོང་བ་དེའི་ཚེ་དེའི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གང་དེ་སྐད་ཅེས་བྱ་བ་ནས། བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བ་གསུངས་སོ། །ཆོས་དང་ཆོས་མིན་སོགས་མི་མཐོང༌། །ཞེས་བྱ་བ་ལ། གལ་ཏེ་གཟུགས་ནས་ཐམས་ཅད་ཤེས་པའི་བར་དུ་ཆོས་ཞེས་བྱ་བའམ། ཆོས་མ་ཡིན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། སྲོག་མེད་པའི་ཕྱིར་རོ་ཞེས་བྱ་བ་བའི་བར་གྱིས་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་མི་དམིགས་པའི་སྦྱོར་བ་གསུངས་སོ། །གཟུགས་སོགས་བསམ་མི་ཁྱབ་མ་མཐོང༌། །ཞེས་བྱ་བ་ལ། གཟུགས་བསམ་གྱིས་མི་ཁྱབ་པ་ནས། ཐམས་ཅད་ཤེས་པ་བསམ་གྱིས་མི་ཁྱབ་པའི་བར་དེ་མི་མཐོང་བ་ནི་འདུ་ཤེས་པ་མེད་པའི་སྦྱོར་བ་སྟ། གང་གསོལ་བ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་མི་མཐོང་བའི་སྦྱོར་བ་གསུངས་སོ། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །ཅེས་བྱ་བ་ལ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་གཟུགས་སུ་རྟོག་པར་མི་བྱེད། མཚན་མ་མེད་


DTG088_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་དང༌། བདག་གི་དངོས་པོ་མ་བྱུང་བ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་གཟུགས་ལ་རྟོག་པར་མི་བྱེད་རྣམ་པར་རྟོག་པར་མི་བྱེད་པ་ནས། ཐམས་ཅད་ཤེས་པའི་བར་དུ་སྟེ། གང་གསོལ་བ་ཞེས་བྱ་བ་ནས་ཟབ་བོ་ཞེས་བྱ་བའི་བར་གྱིས་རྣམ་པར་མི་རྟོག་པའི་སྦྱོར་བ་གསུངས་སོ། །འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །ཞེས་བྱ་བ་ལ། རྒྱུན་དུ་ཞུགས་པ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་འབྲས་བུ་རིན་པོ་ཆེ་སྟེ། བཅོམ་ལྡན་འདས་མ་དེ་སྦྱིན་པར་མཛད་པའོ། །གང་གསོལ་བ་ཞེས་བྱ་བ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞེས་བྱ་བའི་བར་གྱིས་འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ་གསུངས་སོ། །དག་པ་ཞེས་བྱ་བ་ནི་གཟུགས་རྣམ་པར་དག་པ་ནས། ཐམས་ཅད་ཤེས་པ་རྣམ་པར་དག་པའི་ཕྱིར་བཅོམ་ལྡན་འདས་མ་ནི་དག་པའི་ཕུང་པོ་སྟེ། གང་གསོལ་བ་བཅོམ་ལྡན་འདས་མ་ཞེས་བྱ་བ་ནས། དག་པའི་བུང་པོའོ་ཞེས་བྱ་བའི་བར་གྱིས་རྣམ་པར་དག་པའི་སྦྱོར་བ་གསུངས་སོ། །མཚམས་དང་བཅས་ཞེས་བྱ་བ་ལ། བཅོམ་ལྡན་འདས་མ་ནི་རིན་པོ་ཆེ་ཆེན་པོ་ཉིད་ཀྱི་ཕྱིར་བར་ཆད་མང་སྟེ། བར་དུ་གཅོད་པ་དེ་དག་ཀྱང་བརྩོན་འགྲུས་བརྟན་པ་དེ་དག་ལ་སྒྲུབ་པའི་གོང་དུ་ཡང་འབྱུང་བར་ཡང་མི་འགྱུར་རོ། །གང་གསོལ་པ་བཅོམ་ལྡན་འདས་ཞེས་བྱ་བ་ནས། བར་ཆད་བྱ་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་མཚམས་དང་བཅས་པའི་སྦྱོར་བ་གསུངས་སོ། །དེ་ལྟར་སྦྱོར་བ་ཉི་ཤུ་རྩ་གསུམ་བསྟན་ནས། ཡོན་ཏན་བརྗོད་པར་བྱ་བ་དེའི་དཔང་དུ་མཛད་ནས། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་བྱ་བ་གསུངས་ཏེ། བདུད་ཀྱི་ནུས་པ་རྣམ་པར་བཅོམ་པ་ལ་སོགས་པ་ཡོན་ཏན་རྣམ་པ་བཅུ་བཞི་པོ་དག་ནི་སྦྱོར་བའི་ཕན་ཡོན་ཏེ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། ཆོས་ཉིད་ཀྱི་དེ་བཞིན་ཏེ་ཞེས་བྱ་བའི་བར་ནི་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་ནོ། །ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། སངས་རྒྱས་ཀྱིས་བཟུང་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་བར་ནི་སངས་རྒྱས་ཀྱིས་དགོངས་པའི་ཡོན་ཏན་ནོ། །གསོལ་བ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སངས་རྒྱས་ཀྱིས་གཟིགས་སོ་ཐུགས་སུ་ཆུད་དོ་ཞེས་བྱ་བའི་བར་


DTG088_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཟིགས་པའི་ཡོན་ཏན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལ་ཞེས་བྱ་བ་ནས། ཉེ་བར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་དང་ཉེ་བར་གྱུར་པའི་ཡོན་ཏན་ནོ། །ཤར་ར་དྭ་ཏིའི་བུ་གང་ཡང་ཞེས་བྱ་བ་ནས། ནམ་ཡང་འབྲལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་ནི་དོན་ཆེན་པོ་ཉིད་ལ་སོགས་པའི་ཡོན་ཏན་ནོ། །ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། མང་དུ་བྱུང་སྟེ་ཞེས་བྱ་བའི་བར་ནི་ཡུལ་ལ་དཔྱད་པའི་ཡོན་ཏན་ནོ། །ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་ནི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཡོན་ཏན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནས། དོན་རྣམ་པ་དེ་ལྟ་བུ་ཉིད་བརྗོད་པར་འགྱུར་རོ་ཞེས་བྱ་བའི་བར་ནི་སྨྲ་བའི་སྐྱེས་བུའི་ཡོན་ཏན་ནོ། །ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། ལྟ་ཅི་སྨོས་ཞེས་བྱ་བའི་བར་ནི་མི་བྱེད་པ་ཉིད་ཀྱི་ཡོན་ཏན་ནོ། །ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། དགེ་བའི་ཆོས་ལ་འགོད་པར་འགྱུར་རོ་ཞེས་བྱ་བའི་བར་ནི་སྐྱེ་བོ་མང་པོའི་དགེ་བའི་རྩ་བ་སྐྱེ་བའི་ཡོན་ཏན་ནོ། །རིགས་ཀྱི་བུ་དང་ཞེས་བྱ་བ་ནས། ལུང་སྟོན་པར་འགྱུར་རོ་ཞེས་བྱ་བའི་བར་ནི་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་ཡོན་ཏན་ནོ། །ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བྱ་བའི་བར་ནི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་ནོ། །དེ་ལྟར་ཕྱི་དང་ནང་གི་དངོས་པོ་ཞེས་བྱ་བ་ནས། ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་པར་འགྱུར་རོ་ཞེས་བྱ་བའི་བར་ནི་སེམས་ཅན་གྱི་དོན་ཡོངས་སུ་སྒྲུབ་པའི་ཡོན་ཏན་ནོ། །བཅོམ་ལྡན་འདས་གང་ཡང་ཞེས་བྱ་བ་ནས་བརྩོན་འགྲུས་ཉམས་པར་མི་བྱེད་དོ་ཞེས་བྱ་བའི་བར་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ངེས་པར་ཐོབ་པའི་ཡོན་ཏན་ནོ། །དེ་ལྟར་ཡོན་ཏན་བསྟན་ནས། སྐྱོན་བརྗོད་པར་བྱ་བ་དེའི་དབང་དུ་མཛད་དེ། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་གསུངས་པ་ལ་སྐྱོན་ནི་སྦྱོར་བའི་བར་ཆད་དེ་དེ་ཡང་བཞི་བཅུ་རྩ་དྲུག་ཅེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་ན་ཡུན་རིང་པོ་ནས་ཚེགས་ཆེན་པོས་འཐོབ་པའོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་ནི་སྤོབས་པ་ཧ་ཅང་མྱུར་བར་


DTG088_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའོ། །རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གསུམ་གྱིས་ནི་རྣམ་པར་གཡེང་བ་དང༌། རྒོད་པ་དང༌། རྣམ་པར་འཚེ་བ་དག་སྟེ། ལུས་ཀྱི་གནས་ངན་ལེན་ཏོ། །རྣམ་པར་ཤེས་པ་མ་ཆགས་པ་ཉིད་ནི་སེམས་རྗེས་སུ་བསྲུང་བ་ཙམ་ཡིན་གྱི། དད་པས་ནི་མ་ཡིན་ཏེ། རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་བཞིས་སེམས་རྣམ་པར་གཡེང་བ་བསྟན་ཏེ། །མཚན་མ་ལ་ཆགས་པ་ཉིད་ནི་མིག་དང་གོས་ལ་སོགས་པ་ལ་སྤྱོད་པ་སྟེ། ཚིག་གཞན་ལྔ་པོ་དག་གིས་ནི་རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་བྱེད་པ་ལ་སོགས་པ་ཉིད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས། བརྩོན་པར་བྱ་དགོས་སོ་ཞེས་བྱ་བའི་བར་ནི་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཉིད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་ཆོས་རྣམས་ལ་སློབ་པ་ཡིན་ནོ་ཞེས་བྱ་བའི་བར་ནི་རྒྱུ་ཉམས་པའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་ནི་གྱ་ནོམ་པའི་རོ་མྱང་བ་ཉམས་པའོ། །གླང་པོ་ཆེའི་རྗེས་ཚོལ་བའི་ཚིག་གིས་ནི་ཐེག་པ་མཆོག་ལས་ཉམས་པའོ། །རྒྱ་མཚོ་དང་བ་ལང་གི་རྗེས་ཀྱི་ཚིག་གིས་ནི་ཆེད་དུ་བྱ་བ་ཉམས་པའོ། །རྣམ་པར་རྒྱལ་བ་དང༌། ཉི་མའི་གཞལ་ཡས་ཁང་གི་ཚིག་གིས་ནི་ཐབས་ལ་རྨོངས་པའོ། །འཁོར་ལོས་སྒྱུར་བ་དང༌། མཁར་གྱི་རྒྱལ་པོའི་ཚིག་གིས་ནི་གོ་འཕང་མཆོག་དང་དམན་པ་ལ་རྨོངས་པའོ། །སྤྲོས་པ་སྣ་ཚོགས་ཀྱི་ཚིག་གིས་ནི་བཅོམ་ལྡན་འདས་མ་དངོས་པོ་སྣ་ཚོགས་སུ་རྣམ་པར་རྟོག་པའོ། །ངོ་བོ་ཉིད་སྣ་ཚོགས་དགག་པའི་ཚིག་གིས་ནི་བཅོམ་ལྡན་འདས་མ་ལ་ཡི་གེ་འདྲི་བ་ལ་མངོན་པར་ཞེན་པའོ། །རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་དངོས་པོ་མེད་པ་ལ་མངོན་པར་ཞེན་པའོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་ཡེ་གེར་མངོན་པར་ཞེན་པའོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་དེ་ལ་ཡི་གེ་མེད་པར་མངོན་པར་ཞེན་པའོ། །ལྗོངས་ལ་སོགས་པའི་རྣམ་པར་རྟོག་པ་ལ་སོགས་པས་ནི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བའོ། །རྙེད་པ་དང་བཀུར་སྟི་ལ་སོགས་པའི་ཚིག་གིས་ནི་རྙེད་པ་དང་བཀུར་སྟི་ལ་སོགས་པའི་རོ་མྱང་བའོ། །བདུད་ཀྱིས་ཉེ་བར་བསྟན་པའི་མདོ་སྡེ་དོན་ཟབ་མོ་


DTG088_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་ཚིག་གིས་ཉན་ཐོས་ལ་སོགས་པའི་མདོ་སྡེ་གཞན་དག་ལས་ཐབས་ལ་མཁས་པ་ཚོལ་བའོ། །ཆོས་སྨྲ་བ་དང་ཆོས་ཉན་པ་དག་གི་སྣྲེལ་ཞིར་གྱུར་པ་གང་ཡིན་པ་དེ་མི་མཐུན་པར་རིག་པར་བྱ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་འདུན་པ་དང་སྙོམ་ལས་ཀྱི་མི་མཐུན་པའོ། །དེའི་འོག་མས་ནི་སྙོམ་ལས་ཀྱིས་ཡུལ་གཞན་དུ་འགྲོ་བར་མི་མཐུན་པའོ། །དེའི་འོག་མས་ནི་འདོད་ཆེན་ཆུང་བ་ཉིད་ཀྱིས་ཉམས་པའོ། །དེའི་འོག་མས་ནི་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་མི་ལྡན་པས་ཉམས་པའོ། །དེའི་འོག་མས་ནི་དགེ་བ་དང་མི་དགེ་བ་མ་ཡིན་པར་འདོད་པ་ལས་ཉམས་པའོ། །དེའི་འོག་མས་ནི་གཏོང་བ་དང་སེར་སྣ་བྱེད་པ་ལས་ཉམས་པའོ། །དེའི་འོག་མས་ནི་སྦྱིན་པ་དང་ལེན་པ་ལ་སོགས་པ་ལས་ཉམས་པའོ། །དེའི་འོག་མས་ནི་མགོ་སྨོས་པས་གོ་བ་དང་རྣམ་པར་སྤྲོས་པས་གོ་བ་ལས་ཉམས་པའོ། །དེའི་འོག་མས་ནི་མདོ་ལ་སོགས་པ་མངོན་པར་ཤེས་པ་དང༌། མངོན་པར་མི་ཤེས་པ་ཉིད་ལས་ཉམས་པའོ། །དེའི་འོག་མས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་མི་ལྡན་པ་ལས་ཉམས་པའོ། །དེའི་འོག་མས་ནི་ཐབས་ལ་མཁས་པ་དང་མི་མཁས་པ་ལས་ཉམས་པའོ། །དེ་ནས་གཟུངས་ཐོབ་པ་དང་མ་ཐོབ་པ་ལས་ཉམས་པའོ། །དེ་ནས་འདོད་པ་དང་མི་འདོད་པ་ལས་ཉམས་པའོ། །དེ་ནས་སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པ་ལས་ཉམས་པའོ། །དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གཅིག་གིས་ནི་ངན་སོང་དུ་འགྲོ་བ་ལ་རྒྱབ་ཀྱིས་ཕྱོགས་པའོ། །དེ་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའོ། །དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་ཚིག་གཉིས་ཀྱིས་ནི་གཅིག་བུ་དང་འཁོར་དང་བཅས་པ་དཔྱོད་པ་ཉིད་ལས་ཉམས་པའོ། །དེ་ནས་གོ་སྐབས་འབྱེད་པར་འདོད་པ་དང་མི་འདོད་པ་ཉིད་ལས་ཉམས་པའོ། །དེ་ནས་ཟང་ཟིང་ཅུང་ཟད་ཙམ་དོན་དུ་གཉེར་བ་དང། དེ་སྦྱིན་པར་མི་འདོད་པ་ཉིད་ལས་ཉམས་པའོ། །དེ་ནས་འཆི་བའི་ཕྱོགས་སུ་འགྲོ་བ་དང་འགྲོ་བར་མི་འདོད་པ་ལས་ཉམས་པའོ། །དེ་ནས་མུ་གེའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་ལས་ཉམས་པའོ། །དེ་ནས་འཇིགས་པ་དང་བཅས་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་ལས་ཉམས་


DTG088_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གཅིག་གིས་ནི་ཁྱིམ་ལ་ལྟ་བའི་ཕྱིར་ཟློག་པའོ། །དེ་ནས་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་གསུམ་གྱིས་ནི་བདུད་བདག་ཉིད་བར་ཆད་བྱེད་པའོ། །དེ་ནས་ཚིག་གཉིས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བཅོས་མ་ཉེ་བར་བསྒྲུབ་པའོ། །དེ་ནས་ཚིག་གསུམ་གྱིས་ནི་སངས་རྒྱས་ཀྱི་ཆ་ལུགས་ཅན་གྱི་བདུད་དང་དེའི་འཁོར་གཉི་གར་སྤྲུལ་པས་དགའ་བར་བྱེད་པ་བདུད་ཀྱི་ལས་སྐྱེས་ཤིང་འབྱུང་བ་ཟིལ་གྱིས་མནན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མང་དུ་སྦྱོར་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆེས་མང་དུ་བརྩོན་པ་གང་ཡིན་པ་དེ་དག་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དགོངས་ཤིང་དགེ་བའི་ཆོས་རྣམས་མང་དུ་འཕེལ་བར་འགྱུར་རོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེས་ནི་སྐྱོན་བསྟན་པའོ། །མཚན་ཉིད་བརྗོད་པར་བྱ་བ་དེའི་དབང་དུ་མཛད་ནས། གང་གིས་མཚོན་དེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་ཤེས་པ་དང༌། །ཁྱད་པར་བྱེད་དང་རྣམ་གསུམ་སྟེ། །མཚོན་བྱ་ངོ་བོ་ཉིད་གང་ཡང༌། །ཞེས་བྱ་བ་གསུངས་ཏེ། འདིས་མཚོན་པར་བྱེད་པས་ན་བྱ་བ་བྱེད་པར་སྒྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ནི་རྣམ་པ་གསུམ་སྟེ། ཤེས་པ་དང༌། ཁྱད་པར་དང༌། བྱེད་པ་པོ་ཞེས་བྱའོ། །མཚོན་པར་བྱ་བ་གང་ཡིན་པ་དེ་ཡང་མཚན་ཉིད་དེ་ལས་སུ་སྒྲུབ་པའོ། །དེ་ཡང་ངོ་བོ་ཉིད་ཅེས་བྱ་བ་སྟེ། མཚན་ཉིད་རྣམ་པ་བཞིའོ། །དེ་ལ་ཐམས་ཅད་ཤེས་པའི་དབང་དུ་མཛད་ནས་ཤེས་པ་རྣམ་པ་བཅུ་བཞི་སྟེ། དེ་བཞིན་གཤེགས་པ་འབྱུང་བ་དང༌། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །དེ་བསྡུས་པ་དང་ཕྱིར་བལྟས་དང༌། །མི་ཟད་པ་ཡི་རྣམ་པ་དང༌། །ཆགས་བཅས་སོགས་དང་རྒྱ་ཆེན་དང༌། །ཆེན་པོར་གྱུར་དང་ཚད་མེད་དང༌། །རྣམ་ཤེས་བསྟན་དུ་མེད་པ་དང༌། །སེམས་བལྟར་མེད་དང་ཤེས་པ་དེ། །གཡོ་བ་ལ་སོགས་ཞེས་བྱ་བ་དང༌། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་


DTG088_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ནས། །གཞན་བསྟན་པ་ཞེས་བྱ་བ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱིས། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རྣམ་པར་ཤེས་པ་ཞེས་བྱ་བའི་ཚིག་དེ་དག་གི་བདུན་པའི་མཐའ་ཅན་དུ་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་འབྱུང་བ་དང༌། །ཞེས་བྱ་བ་ནི་བཅོམ་ལྡན་དས་མའི་ཐད་ལས་དེ་བཞིན་གཤེགས་པ་འབྱུང་བའི་ཤེས་པ་སྟེ། གང་རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་བསྐྱེད་དོ་ཞེས་བྱ་བའི་བར་གྱིས་དེ་བཞིན་གཤེགས་པ་འབྱུང་བའི་ཤེས་པ་གསུངས་སོ། །འཇིག་རྟེན་འཇིག་པ་མེད་པའི་ཤེས་པ་ནི་གང་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་སྟོན་པར་གསུངས་སོ་ཞེས་བྱ་བའི་བར་གྱིས་འཇིག་རྟེན་ཤེས་པ་གསུངས་སོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པ་ནི་གང་རབ་འབྱོར་སེམས་ཅན་ཚད་མེད་པ་ཞེས་བྱ་བ་ནས། ཡོད་པའམ་དམིགས་པ་ག་ལ་འགྱུར་ཞེས་བྱ་བའི་བར་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པའོ། །སེམས་བསྡུས་པ་དང་རྣམ་པར་གཡེངས་པ་ཤེས་པ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏེ་ཞེས་བྱ་བའི་བར་གྱིས་ནི་སེམས་བསྡུས་པ་དང་རྣམ་པར་གཡེངས་པའི་ཤེས་པ་གསུངས་སོ། །མི་ཟད་པ་ཡི་རྣམ་པ་དང༌། །ཞེས་བྱ་བ་དེ་ཉིད་ནི་གང་རབ་འབྱོར་ཞེས་བྱ་བ་ནས། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་སེམས་མི་ཟད་པའི་རྣམ་པར་ཤེས་པ་གསུངས་སོ། །ཆགས་བཅས་སོགས་ཞེས་བྱ་བ་ནི་ཆགས་པ་དང་བཅས་པ་དང་ཆགས་པ་དང་བྲལ་བ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། གཏི་མུག་དང་བྲལ་བའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ཆགས་པ་དང་བཅས་པ་དང༌། ཆགས་པ་དང་བྲལ་བའི་སེམས་ཤེས་པ་གསུངས་སོ། །རྒྱ་ཆེན་དང་ཞེས་བྱ་བ་ནི་ཡངས་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། སེམས་རྒྱ་ཆེན་པོ་ཞེས་བྱ་བའི་བར་གྱིས་སེམས་རྒྱ་ཆེན་པོའི་ཤེས་པ་གསུངས་སོ། །ཆེན་པོར་གྱུར་དང་ཞེས་བྱ་བ་ནི་གང་རབ་འབྱོར་གཞན་ཡང་


DTG088_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནས། སེམས་ཡངས་ཞེས་བྱ་བའི་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་སེམས་ཆེན་པོར་གྱུར་པ་ཤེས་པ་གསུངས་སོ། །ཚད་མེད་དང་ཞེས་བྱ་བ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། སེམས་ཅན་ཚད་མེད་ཅེས་བྱ་བའི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་སེམས་ཆེན་པོར་གྱུར་པ་ཤེས་པ་གསུངས་སོ། །རྣམ་ཤེས་བསྟན་དུ་མེད་པ་དང༌། ཞེས་བྱ་བ་ནི་སེམས་བསྟན་དུ་མེད་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། སེམས་བསྟན་དུ་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་སེམས་བསྟན་དུ་མེད་པ་ཤེས་པ་གསུངས་སོ། །སེམས་བལྟར་མེད་ཅེས་བྱ་བ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་སེམས་བལྟར་མེད་ཅེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་སེམས་བལྟར་མེད་པ་ཤེས་པ་གསུངས་སོ། །གཡོ་བ་ལ་སོགས་ཞེས་བྱ་བ་ནི་སེམས་དེ་འཕྲོ་བ་དང་བསྡུ་བ་དང་བཀྲམ་པ་དང་བཅུམ་པ་ཤེས་པའོ། །དེ་ལ་འཕྲོ་བ་ནི་སྒྲུབ་པ་སྟེ་ཡོད་ཅེས་བྱ་བའོ། །བསྡུས་པ་ནི་དགག་པ་སྟེ་མེད་ཅེས་བྱ་བའོ། །བཀྲམ་པ་ནི་གཉི་ག་སྟེ། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱ་བའོ། །བཅུམ་པ་ནི་གཉི་ག་དགག་པ་སྟེ། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བ་སྟེ། དེ་བཞིན་དུ་རྟག་པ་དང༌། མི་རྟག་པ་དང༌། ཏག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང༌། རྟག་པ་ཉིད་ཀྱང་མ་ཡིན་མི་རྟག་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་རིག་པར་བྱའོ། །གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི་སེམས་གཡོ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཞེས་བྱ་བ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། དམིགས་སུ་མེད་པ་ཇི་ལྟར་དེ་བཞིན་དུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པ་གསུངས་སོ། །ཐུབ་པས་དེ་བཞིན་ཉིད་རྟོགས་དང༌། །གཞན་བསྟན་པ་ཞེས་བྱ་བ་འདི། །ཞེས་བྱ་བ་ལ། ཐུབ་པས་དེ་བཞིན་


DTG088_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྫོགས་པར་བྱང་ཆུབ་པ་གང་ཡིན་པ་དང༌། དེ་ནས་གང་གཞན་དག་ལ་བསྟན་པ་དེ་དག་ཅེས་བྱ་བ་སྟེ། གང་དེ་ལྟར་ན། རབ་འབྱོར་འགྲོ་བ་དང་ཞེས་བྱ་བ་ནས། ཐམས་ཅད་ཀྱི་དེ་བཞིན་ཉིད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལྟར་ན་འདིར། ཐམས་ཅད་ཤེས་པ་ཉིད་སྐབས་ཀྱིས། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་བྱ་བ་ནི་མཇུག་བསྡུ་བའོ། །ལམ་ཤེས་པ་ཉིད་ཀྱི་དབང་དུ་མཛད་ནས། སྟོང་ཉིད་མཚན་མ་མེད་བཅས་དང༌། །སྨོན་པ་རྣམ་པར་སྤངས་པ་དང༌། སྐྱེ་མེད་འགག་པ་མེད་སོགས་དང༌། །ཆོས་ཉིད་ལ་ནི་འཁྲུག་མེད་དང༌། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །ཅེས་བྱ་བ་ནས། ཤེས་པ་རྣམ་པ་དགུ་གསུངས་ཏེ། ཤེས་པའི་མཚན་ཉིད་ཅེས་བྱ་བ་ཤེས་པའི་སྒྲས་ནི་བདུན་པའི་མཐའ་ཅན་དག་དང་སྦྱར་བར་བྱ་སྟེ། དེ་དག་ནི་ཤེས་པའི་མཚན་ཉིད་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བར་བཞེད་དོ། །སྟོང་པ་ཉིད་ཀྱི་ཤེས་པ་ནི་གང་དེ་ནས་ཞེས་བྱ་བ་ནས། །འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ་ཞེས་བྱ་བའི་བར་གྱིས་སྟོང་པ་ཉིད་ཀྱི་ཤེས་པ་གསུངས་སོ། །མཚན་མ་མེད་བཅས་ཞེས་བྱ་བ་ནི་ལྷའི་བུ་དག་ཅེས་བྱ་བ་ནས། མཚན་མ་མེད་པའི་མཚན་ཉིད་དོ་ཞེས་བྱ་བའི་བར་གྱིས་མཚན་མ་མེད་པའི་ཤེས་པ་གསུངས་སོ། །སྨོན་པ་རྣམ་པར་སྤངས་པ་དང༌། །ཞེས་བྱ་བ་ནི་ལྷའི་བུ་ཞེས་བྱ་བ་ནས་སྨོན་པ་མེད་པའི་མཚན་ཉིད་དོ་ཞེས་བྱ་བའི་བར་གྱིས་སྨོན་པ་མེད་པའི་ཤེས་པ་གསུངས་སོ། །སྐྱེ་མེད་འགག་པ་མེད་སོགས་དང༌། །ཞེས་བྱ་བ་ནི་ལྷའི་བུ་དག་ཅེས་བྱ་བ་ནས། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་སོགས་པའི་ཤེས་པ་གསུངས་སོ། །ཆོས་ཉིད་ལ་ནི་འཁྲུག་མེད་དང༌། །ཞེས་བྱ་བ་ནི་གང་ལྷའི་བུ་དག་ཅེས་བྱ་བ་ནས། ཤེས་བར་བྱ་བ་མི་སྲིད་དོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཉིད་འཁྲུག་པ་མེད་པའི་ཤེས་པ་གསུངས་སོ། །འདུ་མི་བྱེད་དང་ཞེས་བྱ་བ་ནི་གང་ལྷའི་བུ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འདུས་བྱས་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་འདུ་མི་བྱེད་པའི་ཤེས་པ་གསུངས་སོ། །


DTG088_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་རྟོག་ཅེས་བྱ་བ་ནི་གང་ལྷའི་བུ་དག་ཅེས་བྱ་བ་ནས། ནམ་མཁའི་ཁམས་ནི་འདུས་མ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་མི་རྟོག་པའི་ཤེས་པ་གསུངས་ས། །རབ་དབྱེ་མཚན་ཉིད་མེད་ཉིད་དག །ཅེས་བྱ་བ་ནི་རབ་ཏུ་དབྱེ་བ་དང༌། མཚན་ཉིད་མེད་པའོ། །དེ་ལ་རབ་དབྱེ་བ་ཞེས་བྱ་བ་ནི་གང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། མཚན་ཉིད་རབ་ཏུ་དབྱེ་བ་ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་ནི་རབ་ཏུ་དབྱེ་བ་ཤེས་པ་གསུངས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནས། ཆགས་པ་མི་མངའ་བའི་ཡེ་ཤེས་ཅན་ཞེས་བྱ་བའི་བར་གྱིས་ནི་མཚན་ཉིད་མེད་པ་ཉིད་ཤེས་པ་གསུངས་སོ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །ཅེས་པ་ནི་མཇུག་བསྡུ་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་མཛད་ནས། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་བྱེད་མེད་དང༌། །ཀུན་དུ་འཇུག་མཁྱེན་གང་ཡིན་དང༌། །མ་མཐོང་སྟོན་པར་མཛད་པ་དང༌། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་དང༌། །བསམ་མི་ཁྱབ་ཅིང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་བྱ་བ་ལ། ཤེས་པ་ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་བྱའོ། །ཉིད་ཀྱི་ཆོས་ལ་བརྟེན་ནས་གནས་པའི་ཤེས་པ་ནི་གང་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། འདི་ལ་བརྟེན་ཅིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་གྱིས་ཉིད་ཀྱི་ཆོས་ལ་བརྟེན་ནས་གནས་པའི་ཤེས་པ་གསུངས་སོ། །གུས་པར་བྱ་བ་དང༌། བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་བྱེད་མེད་དང༌། །ཞེས་བྱ་བ་ལ། དེ་ལ་མཆོད་པ་བྱེད་པ་མེད་པ་ཉིད་ནི་ཆོས་དེ་ལ་རིམ་གྲོར་མཛད་པ་དང༌། བླ་མར་མཛད་པ་དང༌། མཆོད་པར་མཛད་ཅེས་བྱ་བ་ནས། བྱས་པ་དགོངས་པར་བལྟའོ་ཞེས་བྱ་བའི་བར་གྱིས་ནི་གུས་པ་ལ་སོགས་པ་ཤེས་པ་གསུངས་སོ། །བྱེད་པ་མེད་པའི་ཤེས་པ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། བྱས་པ་དགོངས་པའོ་ཞེས་


DTG088_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་བར་གྱིས་བྱེད་པ་མེད་པ་ཉིད་ཤེས་པ་གསུངས་སོ། །ཀུན་ཏུ་འཇུག་མཁྱེན་ཞེས་བྱ་བ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། འཇིག་རྟེན་འདི་སྟོན་པ་ཞེས་བྱ་བའི་བར་གྱིས་ཐམས་ཅད་དུ་འགྲོ་བ་ཤེས་པ་གསུངས་ས། །མ་མཐོང་སྟོན་པར་མཛད་པ་དང༌། །ཞེས་བྱ་བ་ནི་གང་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། སྐྱེད་ཅིང་འཇིག་རྟེན་སྟོན་ཏོ་ཞེས་བྱ་བའི་བར་གྱིས་མ་མཐོང་བའི་དོན་སྟོན་པའི་ཤེས་པ་གསུངས་སོ། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་དང༌། །ཞེས་བྱ་བ་ནི་ཤེས་པ་གསུམ་མོ། །དབང་པོ་ལ་བརྟེན་པ་ཉིད་ཀྱི་ཕྱིར་མངོན་སུམ་སྟེ། མཐོང་བར་བྱེད་ཅེས་པའི་དོན་ཏོ། །གཞུང་ཁ་ཅིག་ལས་ནི་མཐོང་བར་བྱེད་པ་ཞེས་འབྱུང་ངོ༌། །སྟོང་པ་ཉིད་ཀྱི་རྣམ་པས་བརྗོད་པར་མཛད་པ་དང༌། ཤེས་པ་མཛད་པ་དང༌། སྟོན་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་བརྗོད་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། འཇིག་རྟེན་སྟོན་པར་ཞེས་བྱ་བའི་བར་གྱིས་ནི་སྟོང་པ་ཉིད་དུ་བརྗོད་པའི་ཤེས་པ་གསུངས་སོ། །ཤེས་པར་མཛད་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་འཇིག་རྟེན་སྟོན་པའོ་ཞེས་བྱ་བའི་བར་གྱིས་ནི་སྟོང་པ་ཉིད་ཤེས་པར་མཛད་པའི་ཤེས་པ་གསུངས་སོ། །སྟོན་པར་མཛད་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། འཇིག་རྟེན་སྟོན་པ་ཞེས་བྱ་བའི་བར་གྱིས་ནི་སྟོང་པ་ཉིད་དུ་སྟོན་པའི་ཤེས་པ་གསུངས་སོ། །བསམ་མི་ཁྱབ་ཅིང་ཞི་ཉིད་སྟོན། །ཞེས་བྱ་བ་ལ། བསམ་གྱིས་མི་ཁྱབ་པ་ཡང་ཡིན་ལ་ཞི་བ་ཡང་འདི་ཡིན་ཞིང་དེའི་དངོས་པོ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་ཅིང་ཞི་བ་ཉིད་དོ། །དེ་སྟོན་པར་མཛད་པས་ན་དེ་སྟོན་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བསམ་གྱིས་མི་ཁྱབ་ཅིང་ཞི་བ་ཉིད་ཤེས་པ་གསུངས་སོ། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །ཞེས་བྱ་བ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུ་འགྱུར་བའི་ཆོས་དེ་ལྟ་བུ་མེད་དོ་ཞེས་བྱ་བའི་བར་གྱིས་འཇིག་རྟེན་གྱི་འདུ་ཤེས་འགོག་པ་ཤེས་པ་གསུངས་སོ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་བྱ་བ་ནི་མཇུག་བསྡུ་


DTG088_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ལྟར་ཤེས་པའི་མཚན་ཉིད་བསྟན་ནས་ཁྱད་པར་གྱི་མཚན་ཉིད་བརྗོད་པར་བྱ་བ་ཡིན་པས་དེའི་དབང་དུ་མཛད་ནས། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། མདོ་ལས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་འཆད་པར་འགྱུར་བའི་ཁྱད་པར་གྱི་ལམ་གཞན་དག་ལས་ཁྱད་ཞུགས་པའི་བདེན་པ་བཞིའི་སྤྱོད་ཡུལ་ཅན་སྐད་ཅིག་མ་བཅུ་དྲུག་དག་གིས་ཁྱད་པར་གྱི་མཚན་ཉིད་གསུངས་སོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཡང་གང་ཞེ་ན། བསམ་གྱིས་མི་ཁྱབ་མི་ཉམས་དང༌། །གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་སྡུད་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཤེས་ཉིད། །ཤེས་མྱུར་བྲི་དང་གང་མེད་དང༌། །སྒྲུབ་དང་ཡང་དག་འགྲུབ་པ་དང༌། །དམིགས་པ་རྟེན་དང་བཅས་པ་དང༌། །མཐའ་དག་པ་དང་ཡོངས་འཛིན་དང༌། །རོ་མྱོང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ། །གང་གིས་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པ་ཁྱད་པར་ལམ། །ཞེས་བྱ་བ་སྟེ། བསམ་པ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །མཉམ་པ་ལས་འདས་པའི་ཕྱིར་མི་མཉམ་པའོ། །གཞལ་བ་ལས་འདས་པའི་ཕྱིར་ཚད་མེད་པའོ། །བགྲང་བ་ལས་འདས་པའི་ཕྱིར་གྲངས་མེད་པ་སྟེ། སངས་རྒྱས་ཉིད་དོ། །གཟུགས་ལ་སོགས་པ་དང་ཐམས་ཅད་ཤེས་པ་ཉིད་ཀྱི་མཐར་ཐུག་པ་ཡང་དེ་བཞིན་ནོ། །ཁྱད་པར་བཞི་པོ་དེ་དག་ཉིད་ཆེན་པོ་ཉིད་དང་མི་མཉམ་པ་ཉིད་དང་མཉམ་པ་ཉིད་དེ། གང་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ་ཞེས་བྱ་བའི་བར་གྱིས་གསུངས་པ་དེའི་ཕྱིར་གོ་རིམས་བཞིན་དུ་ཁྱད་པར་བཞི་པོ་དེ་དག་གིས་ཁྱད་ཞུགས་པའི་སྡུག་བསྔལ་གྱི་བདེན་པའི་སྐད་ཅིག་མ་བཞི་དག་གོ །འཕགས་ཀུན་སྡུད་དང་ཞེས་བྱ་བ་ནི་འཕགས་པའི་ཆོས་ཐམས་ཅད་སྡུད་པ་ནི་བཅོམ་ལྡན་འདས་མ་སྟེ། དེ་སྐད་དུ་འདི་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལ་ཡོངས་སུ་འཛིན་པ་མེད་པ་དང་མངོན་པར་


DTG088_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་མེད་པར་ཉེ་བར་གནས་སོ་ཞེས་པ་དང༌། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས་ཆགས་པར་མི་བྱ། ཡོངས་སུ་གཟུང་བར་མི་བྱ་ཞེས་བྱ་བའི་བར་གྱིས་གང་གསུངས་ཏེ། འཕགས་པ་ཐམས་ཅད་སྡུད་པའི་ཁྱད་པར་གྱིས་ནི་ཀུན་འབྱུང་གི་སྐད་ཅིག་མ་དང་པོའོ། །མཁས་པ་ཡིས། རིག་བྱ་ཐུན་མོང་མིན་ཤེས་ཉིད། །ཅེས་བྱ་བ་ལ། མཁས་པས་རིག་པར་བྱ་བ་དང༌། ཐུན་མོང་མ་ཡིན་པ་ཤེས་པ་ཉིད་དོ། །དེ་ལ་དང་པོ་ནི་དེ་ནས་འདོད་པ་ན་སྤྱོད་པ་དང་ཞེས་བྱ་བ་ནས། དགེ་བའི་རྩ་བ་བསྐྱེད་པའོ་ཞེས་བ་བའི་བར་གྱིས་གང་གསུངས་ཏེ། མཁས་པའི་ཤེས་པས་རིག་པར་བྱ་བའི་ཁྱད་པར་གྱི་སྐད་མ་གཉིས་པའོ། །ཉན་ཐོས་ལ་སོགས་པ་དག་དང་ཐུན་མོང་མ་ཡིན་པ་ཡང་དེ་ཡིན་ལ་ཤེས་པ་ཡང་ཡིན་པ་དེའི་དངོས་པོ་ནི་ཐུན་མོང་མ་ཡིན་པ་ཤེས་པ་ཉིད་དེ། །བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས། བཟོད་པར་འདུས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ནི་ཐུན་མོང་མ་ཡིན་པའི་ཤེས་པའི་ཁྱད་པར་གྱིས་སྐད་ཅིག་མ་གསུམ་པའོ། །ཤེས་མྱུར་བྲི་དང་གང་མེད་དང༌། །ཞེས་བྱ་བ་ལ། ཤེས་མྱུར་ཉིད་ནི་མངོན་པར་ཤེས་པ་མྱུར་བ་ཉིད་དེ། ལྷའི་བུ་དག་ཅེས་བྱ་བ་ནས། རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་སྟེ། མངོན་པར་ཤེས་པ་མྱུར་བའི་ཁྱད་པར་གྱིས་ཀུན་འབྱུང་གི་བདེན་པའི་སྐད་ཅིག་མ་བཞི་པའོ། །བྲི་བ་དང་གང་བ་མེད་པ་ནི་བྲི་བ་དང་གང་བ་མེད་པ་སྟེ། དེ་ནས་འདོད་པ་ན་སྤྱོད་པའི་ཞེས་བྱ་བ་ནས། འཕེལ་བ་དང་འགྲིབ་པར་ཡང་མི་ཤེས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ནི་བྲི་བ་མེད་པ་དང་འཕེལ་བ་མེད་པའི་ཁྱད་པར་གྱིས་འགོག་པའི་བདེན་པའི་སྐད་ཅིག་མ་དང་པོའོ། །སྒྲུབ་དང་ཡང་དག་འགྲུབ་པ་དང༌། །ཞེས་བྱ་བ་ལ་སྒྲུབ་པ་ནི་བཅོམ་ལྡན་འདས་མ་མཉན་པ་དང་བཅས་པའི་མོས་པ་ལ་སོགས་པས་ནན་ཏན་དུ་བྱེད་པ་སྟེ། དེ་ནས་འདོད་པ་ན་སྤྱོད་པ་ཞེས་བྱ་བས་སོ། ཐོས་མ་ཐག་ཏུ་མོས་པར་འགྱུར། །ཞེས་བྱ་བའི་བར་གྱིས་གང་གསུངས་པ་ནི་སྒྲུབ་པའི་ཁྱད་པར་གྱིས་སྐད་ཅིག་མ་གཉིས་པའིའོ། །ཡང་དག་པར་འགྲུབ་པ་ནི་འབྲས་བུ་སྟེ། ཐོས་མ་ཐག་ཏུ་མོས་པ་ལ་སོགས་པ་དེ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའོ། །ཡང་འདི་ཐོས་ནས་ནམ་ནུར་དང་རྨོངས་པ་དང་


DTG088_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞུམ་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་དམན་པའོ། །གང་གསོལ་པ་ཞེས་བྱ་བ་ནས། དེ་ལས་གཅིག་ལ་གནས་པར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ཡང་དག་པར་འགྲུབ་པའི་ཁྱད་པར་གྱིས་སྐད་ཅིག་མ་གསུམ་པའིའོ། །དམིགས་པ་ཞེས་བྱ་བ་ནི་ཇི་ལྟར་རྒྱ་མཚོ་ཆེན་པོར་གྲུ་ཞིག་པའི་མིས་རོ་དང་ཤིང་དང་ཤིང་ལེབ་ལ་སོགས་པ་ལ་འཇུས་ན་དེ་ནི་བར་དོར་དུས་མ་བྱས་པར་སྐམ་ལ་གནས་པར་འགྱུར་བ། དེ་བཞིན་དུ་བཅོམ་ལྡན་འདས་མ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འཇུག་བ་གང་ཡིན་པ་དེ་དག་ནི་བར་མ་དོར་དམན་པའི་བྱང་ཆུབ་མངོན་སུམ་དུ་མ་བྱས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། གང་རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ནི་དམིགས་པའི་ཁྱད་པར་གྱིས་འགོག་པའི་སྐད་ཅིག་མ་བཞི་པའོ། །རྟེན་དང་བཅས་པ་ཞེས་བྱ་བ་ནི་རྟེན་དང་ལྷན་ཅིག་པ་ནི་རྟེན་དང་བཅས་པ་སྟེ། མཐའ་དག་པ་ལ་ལྟོས་ནས་བཅས་པའི་སྒྲ་མ་ནིང་གི་རྟགས་ཉིད་ཡིན་ནོ། །ལམ་གྱི་རྟེན་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ལ་སོགས་པས་ཡོངས་སུ་སྨིན་པའི་རིམ་གྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱི་བར་མ་དོར་དམན་པའི་བྱང་ཆུབ་ཏུ་མི་ལྟུང་སྟེ། དཔེར་ན་བུམ་པ་ལེགས་པར་ཚོས་པར་ཆུ་བླུགས་ཏེ། ཁྱིམ་དུ་སོང་ན་བར་མ་དོར་འཇིག་ཅིང་ས་ལ་ལྟུང་བར་མི་འགྱུར་བ་ལྟ་བུའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ནི་རྟེན་གྱི་ཁྱད་པར་གྱིས་ལམ་གྱི་བདེན་པའི་སྐད་ཅིག་མ་དང་པོའོ། །མཐའ་དག་པ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ལ་མཁས་བ་ལ་སོགས་པ་ལམ་གྱི་ཁྱད་པར་གྱི་ཚོགས་ཉིད་དེ། གང་གི་ཕྱིར་དེས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱི། བར་མ་དོར་བྱང་ཆུབ་དམན་པར་ནི་མ་ཡིན་ཏེ། དཔེར་ན་རྒྱ་མཚོར་འཇུག་པའི་གྲུ་ལེགས་པར་བཅོས་ཤིང་ལེགས་པར་སྦྱངས་ནས་མཐུན་པའི་རླུང་དང་


DTG088_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལ་བཏང་ན་མངོན་པར་འདོད་པའི་གནས་སུ་ཕྱིན་པར་འགྱུར་གྱི་བར་མ་དོར་ཞིག་པར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ནི་མཐའ་དག་གི་ཁྱད་པར་ཏེ། སྐད་ཅིག་མ་གཉིས་པའིའོ། །ཡོངས་སུ་འཛིན་པ་དང་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ལ་སོགས་པས་ཡང་དག་པར་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་ནི་ངེས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྟོགས་པར་འགྱུར་ཏེ། དཔེར་ན་སྐྱེས་བུ་རྒན་པོ་ཞིག་སྐྱེས་བུ་སྟོབས་དང་ལྡན་པ་གཉིས་ཀྱིས་གཡས་གཡོན་ནས་བཟུང་ན་མངོན་པར་འདོད་པའི་གནས་སུ་ཕྱིན་པ་ལྟ་བུའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ནི་ཡོངས་སུ་བཟུང་བའི་ཁྱད་པར་གྱིས་སྐད་ཅིག་མ་གསུམ་པའོ། །རོ་མྱོང་མེད་དང་ཞེས་བྱ་བ་ནི་འདི་ལ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་པ་མི་བྱེད་པ་སྟེ། དཔྱོད་པར་མི་བདེ་ཅེས་བྱ་བའི་དོན་ཏོ། །གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འདོད་པ་མེད་པ་སྟེ། གང་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས་རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་དོ་ཞེས་བྱ་བའི་བར་གྱིས་ནི་རོ་མྱང་བ་མེད་པའི་ཁྱད་པར་གྱིས་ལམ་གྱི་བདེན་པའི་སྐད་ཅིག་མ་བཞི་པའོ། །ཁྱད་པར་ནི་ཞེས་བྱ་བ་ལ་སོགས་པས་ནི་ཁྱད་པར་གྱི་སྒྲའི་དོན་བསྟན་པའི་མཇུག་སྡུད་པའོ། །དེ་ལྟར་ཁྱད་པར་གྱི་མཚན་ཉིད་བསྟན་ནས། བྱེད་པའི་མཚན་ཉིད་བརྗོད་པར་བྱ་བ་དེ་ལ། ཕན་དང་བདེ་དང་སྐྱོབ་པ་དང༌། །མི་རྣམས་ཀྱི་ནི་སྐྱབས་དག་དང༌། །གནས་དང་དཔུང་གཉེན་གླིང་དང་ནི། །ཡོངས་འདྲེན་པ་ཞེས་བྱ་བ་དང༌། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་སུམ་བྱེད་པའི་བདག །ཐ་མ་འགྲོ་བའི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་བྱ་བ་གསུངས་ཏེ། མི་རྣམས་ཀྱི་ནི་ཞེས་བྱ་བ་ཐམས་ཅད་ལ་སྦྱར་བར་བྱའོ། ཕན་པ་དང་བདེ་བ་ལ་སོགས་པའི་སྒྲས་ནི་དེའི་བྱེད་པ་བསྟན་ཏོ། །དེ་ལ་འཇིག་རྟེན་ལ་ཕན་པ་དང་


DTG088_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ཕྱིར་ནི་བྱང་ཆུབ་ལ་ཞུགས་པར་འགྱུར་ལ། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ནི་འཇིག་རྟེན་གྱི་སྐྱོབ་པ་དང་སྐྱབས་ལ་སོགས་པར་འགྱུར་རོ། །ཕན་པ་ཞེས་བྱ་བ་ནི་སེམས་ཅན་དག་འགྲོ་བ་ལྔ་ལས་ཐར་བར་བྱས་ནས་མྱ་ངན་ལས་འདས་པ་ལ་སོ་སོར་འཇོག་པར་བྱེད་པ་སྟེ། གང་རབ་འབྱོར་ཞེས་བྱ་བ་ནས། འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཕན་པའི་བྱེད་པ་གསུངས་སོ། །བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་པར་བྱས་ནས་མྱ་ངན་ལས་འདས་པ་ལ་སོ་སོར་འགོད་པ་སྟེ། གང་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། བདེ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་བདེ་བའི་བྱེད་པ་གསུངས་སོ། །སྐྱོབ་པ་ཞེས་བྱ་བ་ནི་འཁོར་བ་ན་ཡོད་པའི་སྡུག་བསྔལ་དག་སྤང་བའི་ཕྱིར་ཆོས་སྟོན་པ་སྟེ། གང་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། འཇིག་རྟེན་གྱི་མགོན་བྱེད། པ་ཡིན་ནོ་ཞེས་བྱ་བའི་ཕར་གྱིས་སྐྱོབ་པའི་བྱེད་པ་གསུངས་སོ། །སྐྱབས་དག་ཅེས་བྱ་བ་ནི་སེམས་ཅན་དག་གི་སྐྱེ་བ་དང་རྒ་བ་དང་འཆི་བ་ལ་སོགས་པའོ། །ཆོས་དེ་དག་ལས་ཡོངས་སུ་ཐར་པར་བྱེད་པ་སྟ། གང་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། སྐྱབས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་སྐྱབས་ཀྱི་བྱེད་པ་གསུངས་སོ། །གནས་ཞེས་བྱ་བ་ནི་ཆོས་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་པ་སྟེ། གང་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། འདྲེ་བ་མེད་པར་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་གནས་ཀྱི་བྱེད་པ་གསུངས་སོ། །དཔུང་གཉེན་ཞེས་བྱ་བ་ནི་མཐར་ཕྱིན་པའི་བྱེད་པ་སྟེ། གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་ཕ་རོལ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་མ་ཡིན་ལ། ཕ་རོལ་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་དེ་ལྟར་ཆོས་སྟོན་པའི་ཕྱིར་རོ། །གང་རབ་འབྱོར་ཇི་ལྟར་ཞེས་བྱ་བ་ནས། དཔུང་གཉེན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་དཔུང་གཉེན་གྱི་བྱེད་པ་གསུངས་སོ། །གླིང་ཞེས་བྱ་བ་ནི་ཆུ་བོ་དང་རྒྱ་མཚོའི་ཕྱོགས་ཆུས་ཡོངས་སུ་བཅད་པ་གླིང་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པ་དག་ནི་གླིང་སྟེ། འདི་ལྟར་དེ་དག་གི་སྟོང་པ་


DTG088_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང༌། དམིགས་སུ་མེད་པ་ནས། མྱ་ངན་ལས་འདས་པའི་བར་དེ་ཐོབ་པར་བྱེད་པ་ནི་གླིང་ཡིན་ནོ། །མ་རིག་པའི་སྒོ་ངའི་སྦུབས་ཀྱིས་དཀྲིས་པ་དག་གི་མུན་པ་དེ་སྣང་བར་བྱེད་པ་གང་ཡིན་པ་དེ་ཡང་གླིང་ཡིན་ཏེ། སྣང་བ་དང་ཆོས་མཐུན་པའི་ཕྱིར་རོ། །གཞན་ཡང་གླིང་ཐོབ་པར་བྱེད་པའི་ཕྱིར་གླིང་སྟེ། དེད་དཔོན་ནོ། །དེའི་ལས་ཀྱང་གླེང་ཡིན་ཏེ། འདི་ལྟར་མྱ་ངན་ལས་འདས་པའི་རིན་པོ་ཆེའི་གླིང་དུ་འདྲེན་པ་དེ་བས་ན་གླིང་ནི་རྣམ་པ་གསུམ་ཡིན་ནོ། །གང་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། དེད་དཔོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གླིང་གི་བྱེད་པ་གསུངས་སོ། །ཡོངས་སུ་འདྲེན་པ་ཞེས་བྱ་བ་དང་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་བསྐྱེད་ནས་གཟུགས་ནས་དགྲ་བཅོམ་པའི་བར་དུ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པའི་ཆོས་སྟོན་པ་སྟེ། གང་རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། ཡོངས་སུ་འདྲེན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཡོངས་སུ་འདྲེན་པ་གསུངས་སོ། །འབད་པ་ནི་རྩོལ་བ་སྟེ། འགྲོ་བ་དང་འོང་བའི་གཡོ་འགུལ་ལོ། །དེ་འགགས་པའི་ཕྱིར་ལྷུང་གིས་གྲུབ་པ་སྟེ། གང་རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ནས་མངོན་པར་འདུ་བྱ་བ་མེད་པ་ལ་འགྲོ་བ་དང་འོང་བ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ལྷུང་གིས་གྲུབ་པའི་བྱེད་པ་གསུངས་སོ། །ཐེག་པ་གསུམ་གྱིས། འབྲས་བུ་མངོན་སུམ་བྱེད་པའི་བདག །ཅེས་བྱ་བ་ལ། ཆོས་ཐམས་ཅད་ཅེས་བྱ་བ་ཀུན་ནས་ཉོན་མོངས་པ་ཅན་དང་རྣམ་པར་བྱང་བ་དེ་དག་གོ་རིམས་ཇི་ལྟ་བ་བཞིན་དུ་འགྲོ་བ་དང་འོང་བ་བཀག་པ་ན་འབྲས་བུ་མངོན་སུམ་དུ་བྱེད་པའོ། །རྨི་ལམ་ལ་སོགས་པའི་ཚིག་གིས་ནི་རང་རྒྱལ་བའི་ཐེག་པ་དང༌། སྡུག་བསྔལ་དུ་མ་ལ་སོགས་པའི་ཚིག་གིས་ནི་ཉན་ཐོས་ཀྱི་ཐེག་པ་དང༌། དེ་བཞིན་ཉིད་ལ་སོགས་པའི་ཚིག་གིས་ནི་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། གང་རབ་འབྱོར་ཆོས་ཐམས་ཅད་ཀྱི་མི་སྐྱེ་བ་ཞེས་བྱ་བ་ནས། གཡོ་བ་མེད་དེ། འགྲོ་བའམ་འོང་བ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ཐེག་པ་གསུམ་གྱི་འབྲས་བུ་མངོན་སུམ་དུ་བྱེད་པ་གང་ཡིན་པ་དེའི་བྱེད་པ་གསུངས་སོ། །ཐ་མ་འགྲོ་བའི་མཛད་པ་སྟེ། །ཞེས་བྱ་བ་ལ། འགྲོ་བ་ནི་འབྲས་བུ་ཐོབ་པའོ། །དེ་ཉིད་བྱེད་པ་སྟེ། གང་རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་ངང་ཚུལ་


DTG088_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞེས་བྱ་བ་ནས། འདི་ལ་མོས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །འདི་ཡང་འགྲོ་བ་དགག་པ་ནི་མི་དམིགས་པའི་ཚུལ་གྱིས་ཐོབ་པར་བྱ་བའི་དོན་དུ་ཞེས་བྱ་བ་ནི་འགྲོ་བའི་བྱེད་པ་ཡིན་ནོ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་བྱ་བ་ནི་མཇུག་བསྡུ་བའོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ཤེས་པར་བྱ་བ་དེའི་ཕྱིར། ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་དཀའ་དང་ངེས་པ་དང༌། །ཆེད་དུ་བྱ་བ་མི་དམིགས་དང༌། །མངོན་པར་ཞེན་པ་བཀག་པ་དང༌། །དམིགས་པ་ཞེས་བྱ་གང་ཡིན་དང༌། མི་མཐུན་ཐོགས་པ་མེད་དང་དེ། །གཞི་མེད་སྐྱེ་མེད་འགྲོ་མེད་དང༌། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚན་གཞི་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་གསུངས་ཏེ། ཉོན་མོངས་པ་དག་གིས་དབེན་པ་ནི་གསོལ་བ། བཅོམ་ལྡན་འདས་ཞེས་བྱ་བ་ནས། དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཉོན་མོངས་པའི་དབེན་པའི་ངོ་བོ་ཉིད་གསུངས་སོ། །རྟགས་ནི་ཉོན་མོངས་པའི་རྟགས་ཏེ། དེ་དག་གིས་དབེན་པ་ནི་གང་རབ་འབྱོར་ཞེས་བྱ་བ་ནས་ཚུལ་གྱིས་དབེན་པའི་རང་བཞིན་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཉོན་མོངས་པའི་རྟགས་དབེན་པའི་ངོ་བོ་ཉིད་གསུངས་སོ། །ཉོན་མོངས་པའི་མཚན་མ་ནི་ཡོངས་སུ་འཛིན་པ་ལ་སོགས་པ་སྟེ། དེ་དག་གིས་དབེན་པ་ནི་གང་རབ་འབྱོར་ཞེས་བྱ་བ་ནས། མཚན་མ་དབེན་པའི་རང་བཞིན་དུ་འབྱུང་ངོ་ཞེས་བྱ་བའི་བར་གྱིས་ཉོན་མོངས་པའི་མཚན་མས་དབེན་པའི་ངོ་བོ་ཉིད་གསུངས་སོ། །མི་མཐུན་པའི་ཕྱོགས་དང་གཉེན་པོ་ནི་འདོད་ཆགས་ལ་སོགས་པ་དང་འདོད་ཆགས་མེད་པ་ལ་སོགས་པ་ཡིན་ལ། དེ་དག་གིས་དབེན་པ་སྟེ། གང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདོད་ཆགས་དང་འདོད་ཆགས་མེད་པས་དབེན་པ་ཞེས་བྱ་བ་ནས། ངང་ཚུལ་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་དབེན་པ་གསུངས་སོ། །དཀའ་དང་ཞེས་བྱ་བ་ནི་གང་གསོལ་བ་བཅོམ་ལྡན་འདས་ཞེས་བྱ་བ་ནས་དེ་དག་ནི་དཀའ་བ་བགྱིད་པའོ་ཞེས་བྱ་བའི་བར་གྱིས་དཀའ་བའི་ངོ་བོ་ཉིད་གསུངས་སོ། །ངེས་པ་ཞེས་བྱ་བ་ནི་ངེས་པ་ཉིད་དེ། རབ་འབྱོར་ཞེས་


DTG088_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནས། གོ་ཆ་འཚལ་བམ་ལགས་སོ་ཞེས་བྱ་བའི་བར་གྱིས་ངེས་པའི་ངོ་བོ་ཉིད་གསུངས་སོ། །སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་བདག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་ཆེད་དུ་བྱ་བའི་གོ་ཆ་སྟེ། བཅོམ་ལྡན་འདས་ཀྱས་བཀའ་སྩལ་པ་ཞེས་བྱ་བ་ནས། གོ་ཆ་བགོས་སོ་ཞེས་བྱ་བའི་བར་གྱིས་ཆེད་དུ་བྱ་བ་གསུངས་སོ། །མི་དམིགས་དང་ཞེས་བྱ་བ་ནི་གསོལ་པ་ཞེས་བྱ་བ་ནས། བསྒོམ་པའོ་ཞེས་བྱ་བའི་བར་གྱིས་མི་དམིགས་པ་གསུངས་སོ། །མངོན་པར་ཞེན་པ་བཀག་པ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པ་སྟེ། དེ་ནས་ཡང་ཞེས་བྱ་བ་ནས་དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་མངོན་པར་ཞེན་པ་མེད་པ་གསུངས་སོ། །དམིགས་པ་ཞེས་བྱ་གང་ཡིན་དང༌། །ཞེས་བྱ་བ་ནི་དམིགས་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །དེ་ཡང་དབྱེར་མེད་པ་སྟེ། གང་གི་ཕྱིར་དེ་བཞིན་ཉིད་ནི་སངས་རྒྱས་ས་མ་རྣམ་པ་ཐམས་ཅད་མཁྱེན་པའི་དེ་བཞིན་ཉིད་དེ། །གང་གསོལ་པ་ཞེས་བྱ་བ་ནས། ཆོས་རྣམས་ཀྱི་ཟབ་པ་ཉིད་དོ་ཞེས་བྱ་བའི་བར་གྱིས་དམིགས་པའི་ངོ་བོ་ཉིད་གསུངས་སོ། །མི་མཐུན་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བ་སྟེ། ཆོས་དེ་དག་གཟུང་བའི་ཕྱིར་རམ་མི་གཟུང་བའི་ཕྱིར་བསྟན་པ་མ་ཡིན་ནོ། །གཟུང་བ་ནི་འཇིག་རྟེན་པ་བདག་དང་བདག་གི་ཞེས་སྤྱོད་པ་སྟེ། ལྷའི་བུ་དག་ཅེས་བྱ་བ་ནས། བསྒོམ་པར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བ་གསུངས་སོ། །ཐོགས་པ་མེད་དང་ཞེས་བྱ་བ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོགས་པ་མེད་པ་སྟེ། དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། སྐྱེ་བ་མ་མཆིས་པའོ་ཞེས་བྱ་བའི་བར་གྱིས་ཐོགས་པ་མེད་པའི་ངོ་བོ་ཉིད་གསུངས་སོ། །གཞི་མེད་འགྲོ་མེད་སྐྱེ་མེད་དང༌། །ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བསྟན་བཞིན་པའི་ཆོས་ཏེ། གཞི་མེད་པ་དང་འགྲོ་བ་མེད་པ་དང་སྐྱེ་བ་མེད་པའོ། །འདིར་གཟུགས་ལ་སོགས་ལ་རྟེན་མེད་པའི་ཕྱིར་གནས་པ་མེད་པ་སྟེ། གང་ཆོས་འདི་ནི་ཞེས་བྱ་བ་ནས། རྟེན་མ་མཆིས་པའོ་ཞེས་བྱ་བའི་བར་གྱིས་ནི་གཞི་མེད་པའི་ངོ་བོ་ཉིད་གསུངས་སོ། །འདི་ལ་འགྲོ་བ་ཡོད་པ་མ་ཡིན་པས་འགྲོ་བ་མེད་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འགྲོ་བ་མེད་པ་འོང་བ་མེད་པ་དེ་


DTG088_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རབ་འབྱོར་གྱི་ཡང་སྟེ། དེ་ནས་འདོད་པ་ན་སྤྱོད་པ་ཞེས་བྱ་བ་ནས། ཚིག་ཏུ་བརྗོད་དོ་ཞེས་བྱ་བའི་བར་གྱིས་འགྲོ་བ་མེད་པའི་ངོ་བོ་ཉིད་གསུངས་སོ། །འདི་ལ་སྐྱེ་བ་ཡོད་པ་མ་ཡིན་པས་ན་སྐྱེ་བ་མེད་པ་སྟེ། གང་རྗེས་སུ་སྐྱེ་བ་དང་གང་གི་རྗེས་སུ་སྐྱེ་བ་དང༌། གང་གིས་རྗེས་སུ་སྐྱེ་བ་དེ་དག་མེད་པའི་ཕྱིར་རོ། །དེ་ནས་གནས་བརྟན་ཞེས་བྱ་བ་ནས། མི་དམིགས་སོ་ཞེས་བྱ་བའི་བར་གྱིས་སྐྱེ་བ་མེད་པའི་ངོ་བོ་ཉིད་གསུངས་སོ། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དམིགས་སུ་མེད་པ་ཉིད་ཡིན་ན་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དམིགས་པ་ལྟ་ཡང་ག་ལ་འགྱུར། དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་སར་ལྟུང་ངོ་ཞེས་བྱ་བའི་བར་གྱིས་དེ་བཞིན་ཉིད་མི་དམིགས་པའི་ངོ་བོ་ཉིད་གསུངས་པའོ། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་རྣམ་པ་བཅུ་དྲུག་ནི་ངོ་བོ་ཉིད་དོ། །དེ་ནི་མཚན་ཉིད་བཞི་པ་སྟེ། བྱེད་པ་སྒྲུབ་པའི་མཚན་ཉིད་གསུམ་པོ་དག་ལས་ལྷག་པའི་ཕྱིར་རོ། །ཇི་ལྟར་འདི་མཚན་ཉིད་དུ་བཞེད་ཅེ་ན། མཚན་གཞི་རུ་ནི་མཚོན་པས་ན། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འདི་མཚན་གཞི་སྟེ། མཚན་ཉིད་དང་ལྡན་ཞིང་འདི་མཚོན་པར་བྱ་བ་ཡིན་པས་མཚན་གཞིའོ། །དེ་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་པའོ། །ཐར་པའི་ཆ་དང་མཐུན་པ་བརྗོད་པར་བྱ་བ་ཡིན་པས་དེ་བས་ན། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །སངས་རྒྱས་སོགས་དམིགས་དད་པ་དང༌། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །བསམ་པ་ཕུན་ཚོགས་དྲན་པ་དང༌། །རྣམ་པར་མི་རྟོག་ཏིང་ངེ་འཛིན་དང༌། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་བྱ་བ་གསུངས་ཏེ། ཚིགས་སུ་བཅད་པ་དང་པོས་ནི་མཚན་ཉིད་དང་ཅིག་ཤོས་དག་གིས་ནི་རབ་ཏུ་དབྱེ་བའོ། །སྦྱིན་པ་གཏོང་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་པ་འདི་ལ་མཚན་མར་མི་བྱེད་ཅིང་ཡང་དག་པར་གྲུབ་པའི་ཚོགས་ལ་མཁས་པ་གང་ཡིན་པ་དེ་ནི་སྐབས་འདིར་ཐར་པའི་ཆ་དང་མཐུན་པར་འདོད་དོ་ཞེས་བྱ་བ་ནི་མཚན་


DTG088_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །རྣམ་པ་ལྔ་ཞེས་བྱ་བ་ནི་དེའི་རབ་ཏུ་དབྱེ་བ་ལྔ་ཁོ་ན་སྟེ། དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་བོ། །དེ་ལ་སངས་རྒྱས་ལ་སོགས་པ་ལ་དམིགས་པ་ནི་དད་པ་སྟེ། གང་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་དད་པའི་མཚན་ཉིད་ཀྱི་ཐར་པའི་ཆ་དང་མཐུན་པ་གསུངས་པའོ། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནས། ཐབས་མཁས་པའོ་ཞེས་བྱ་བའི་བར་གྱིས་བརྩོན་འགྲུས་ཀྱི་བདག་ཉིད་གང་གསུངས་པའོ། །བསམ་པ་ཕུན་ཚོགས་དྲན་པ་དང༌། །ཞེས་བྱ་བ་ནི་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་དྲན་པའི་བདག་ཉིད་གང་གསུངས་པའོ། །རྣམ་པར་མི་རྟོག་ཏིང་འཛིན་དང༌། །ཞེས་བྱ་བ་ལ། རྣམ་པར་མི་རྟོག་པ་ནི་བ་ཕྱིར་བལྟས་པ་ཉིད་ཀྱི་ཕྱིར་ཏེ། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱད་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ཏིང་ངེ་འཛིན་གྱི་བདག་ཉིད་གང་གསུངས་པའོ། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་ཅེས་བྱ་བ་ནི། དེ་ནས་འདོད་པ་ན་སྤྱོད་པ་དང་ཞེས་བྱ་བ་ནས། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ཤེས་རབ་ཀྱི་བདག་ཉིད་གང་གསུངས་པའོ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་ཞེས་བྱ་བ་ནི་ཐོབ་པར་སཱ་བ་སྟེ། དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བའི་བར་གྱིས་རྣོན་པོའི་ཐར་པའི་ཆ་དང་མཐུན་པ་གང་གསུངས་པ་ཡིན་ནོ། །རྟུལ་པོས་རྟོགས་དཀར་བཞེད་ཅེས་བྱ་བ་ནི་དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་སྟེ། འདིར་ཡང་བདེན་པའི་ཚུལ་བཞིན་དུ་ཞེས་བྱ་བ་ནི་དོན་དམ་པ་ཉིད་དུ་ཞེས་བྱ་བའི་དོན་ཏོ། །ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་ཐར་པ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་


DTG088_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་དོན་ཁོང་དུ་ཆུད་པ་ན་སྐྲག་པ་ལ་སོགས་པ་དང་བྲལ་བ་ནི་རྣོན་པོའི་ཐར་པའི་ཆ་དང་མཐུན་པ་ཡིན་ལ། སྐྲག་པ་ལ་སོགས་པ་བཤད་པ་ནི་རྟུལ་པོ་ཡིན་ནོ་ཞེས་བྱ་བ་ནི་རྟུལ་པོའི་ཐར་པའི་ཆ་དང་མཐུན་པ་ཡིན་ནོ། །དེ་ལྟར་ཐར་པའི་ཆ་དང་མཐུན་པ་བསྟན་ནས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བརྗོད་པར་བྱ་བའི་ཕྱིར། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །ཞེས་བྱ་བ་གསུངས་ཏེ། འདིར་ཞེས་བྱ་བ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལའོ། །དྲོ་བ་རྣམས་ཀྱི་དམིགས་པ་ནི་སེམས་ཅན་ཐམས་ཅད་དོ། །རྣམ་པ་བཅུ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ལ་སོགས་པ་སྟེ། སེམས་མཉམ་པ་དང༌། བྱམས་པའི་སེམས་དང༌། སྙིང་རྗེའི་སེམས་དང༌། ང་རྒྱལ་བཅོམ་པའི་སེམས་དང༌། གཡོ་བ་མེད་པའི་སེམས་དང༌། ཕན་པའི་སེམས་དང༌། ཁོང་ཁྲོ་བ་མེད་པའི་སེམས་དང༌། མི་འཚེ་བའི་སེམས་དང༌། མ་དང་བུ་མོ་དང་སྲིང་མོའི་སེམས་དང༌། ཕ་དང་སྤུན་ཟླ་དང་བུའི་སེམས་ཞེས་བྱ་བའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནས། དམིགས་པར་བྱའོ་ཞེས་བྱ་བའི་བར་གྱིས་དྲོ་བར་གྱུར་པ་གང་གསུངས་པའོ། །བདག་ཉིད་སྡིག་པ་ལས་ཟློག་ཅིང༌། །སྦྱིན་ལ་སོགས་ལ་གནས་དང་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་འགྱུར་ཞེས་བྱ་བ་ལ། བདག་ཉིད་མི་དགེ་བ་བཅུ་ལས་ལྡོག་པ་དང༌། སྦྱིན་པ་ལ་སོགས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཉམ་པར་འཇོག་པའི་བར་ལ་གནས་པ་དང༌། གཞན་དག་ལྡོག་པ་དང་གནས་པ་དེ་དག་ལ་འགོད་པ་དང༌། དེ་དག་གི་བསྔགས་པ་བརྗོད་པ་དང༌། རྗེས་སུ་མཐུན་པ་ཉིད་ནི་རྩེ་མོ་ཡིན་ཏེ། །གང་བདག་གིས་ཀྱང་ཞེས་བྱ་བ་ནས་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ་ཞེས་བྱ་བའི་བར་གྱིས་རྩེ་མོར་གྱུར་པ་གསུངས་པའོ། །དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། །ཞེས་བྱ་བ་ནི་རང་དང་གཞན་དག་གི་བདེན་པའི་ཤེས་པ་སྐྱེས་པ་ནི་བཟོད་པ་སྟེ། གང་བདག་གིས་ཀྱང་སྡུག་བསྔལ་ཤེས་པར་བྱ་ཞེས་བྱ་བ་ནས། མི་དམིགས་པའི་ཚུལ་གྱིས་གནས་པའོ་ཞེས་བྱ་བའི་བར་གྱིས་


DTG088_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ནི་བཟོད་པར་བཞེད་པའོ། །ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་བྱ་བ་ནི་རང་དང་གཞན་ལ་བརྟེན་པས་སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པ་ཆོས་མ་ཆོག་ཡིན་ཏེ། གང་བདག་གིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་ཞེས་བྱ་བ་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཀྱི་མཆོག་ཏུ་གྱུར་པ་གསུངས་སོ། །དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་ནས་ཕྱིར་མི་ལྡོག་པའི་དགེ་འདུན་བརྗོད་པར་བྱ་བ་ཡིན་པ་དེའི་ཕྱིར། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་གསུངས་ཏེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་དང༌། མཐོང་བའི་ལམ་དང་བསྒོམ་པའི་ལམ་དག་གི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་འདིར། །ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཏེ། གང་དེ་སྐད་ཅེས་བཀའ་སྩལ་བ་དང་ཞེས་བྱ་བ་ནས། རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདིར་ཡང་སོ་སོའི་སྐྱེ་བོའི་ས་གང་ཡིན་པ་ནས། དེ་བཞིན་གཤེགས་པའི་སའི་བར་གང་ཡིན་པ་དེ་དག་ཐམས་ཅད་ནི་དེ་བཞིན་ཉིད་དང་ཐ་མི་དད་པར་མཐོང་སྟེ། དེ་བཞིན་ཉིད་ལ་རེ་རེས་ཡིན་གྱི། ཐམས་ཅད་ཀྱིས་མ་ཡིན་ན་དེ་བཞིན་ཉིད་མ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །དེ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་དོ། །གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུ་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདིའོ། །ཞེས་བྱ་བ་གསུངས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པའི་ཕྱིར་མི་ལྡོག་པ་ཉིད་དུ་ཤེས་པ་འདིའི་རྟགས་ཉི་ཤུ་སྟེ། གཟུགས་ལ་སོགས་པ་ལས་ལྡོག་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཉི་ཤུ་གང་ཞེ་ན། གཟུགས་ལ་སོགས་ལས་བཟློག་པ་དང༌། །ཐེ་ཚོམ་མི་དལ་ཟད་པ་དང༌། །བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང༌། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །ཟབ་མོའི་དོན་ལའང་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །བག་


DTG088_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉལ་ཀུན་འཇོམས་པ་དང༌། །དྲན་པ་དང་ནི་ཤེས་བཞིན་དང༌། །གོས་ལ་སོགས་པ་གཙང་བ་དང༌། །ལུས་ལ་སྲིན་པ་རྣམས་མི་འབྱུང༌། །གྱ་གྱུ་མེད་སེམས་སྦྱངས་པ་ནི། །ལེན་དང་སེར་སྣ་མེད་སོགས་དང༌། །ཆོས་ཉིད་ལྡན་པར་རྟོགས་པ་དང༌། །སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །གཞན་གྱིས་བཀྲི་བར་མི་བཏུབ་དང༌། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །སངས་རྒྱས་དགྱེས་པའི་དཔྱད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པ་ལས་ལྡོག་པ་ནི་དམིགས་པ་ལས་ལྡོག་པ་སྟེ། དེ་དག་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གང་གསོལ་པ་བཅོམ་ལྡན་འདས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཕྱིར་མི་ལྡོག་པའི་རྟགས་དང་པོའོ། །རྟགས་གཉིས་པ་ལ་སོགས་པའི་མདོ་ནི་རེ་རེ་ཞིང་རབ་འབྱོར་གཞན་ཡང་ཞེས་བྱ་བའི་ཚིག་ནས། མཐར་རིག་པར་བྱའོ་ཞེས་བྱ་བ་དང༌། རྟགས་བཅུ་དགུ་པ་ནི་དེ་ནི་གནས་མ་ཡིན་ནོ་སྙམ་ན་ཞེས་བྱ་བ་དེ་ཡན་ཆད་དོ། །ཐེ་ཚོམ་མི་དལ་ཟད་པ་དང༌། །ཅེས་བྱ་བ་ནི་ཐེ་ཚོམ་ཟད་པ་དང༌། མི་ཁོམ་པ་ཟད་པའོ། །དེ་ལ་ཐེ་ཚོམ་ནི་བདེན་པ་དང༌། དཀོན་མཆོག་ལ་ཡིད་གཉིས་ཏེ། དེ་ཟད་པའི་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་རྟགས་གཉིས་པའོ། །ལོག་པའི་ལྟ་བ་ལ་སོགས་པ་ནི་མི་ཁོམ་པ་ཡིན་ཏེ། དེ་དག་ཟད་པ་ཞེས་བྱ་བ་ནི་དེ་དག་ཉིད་ལ་རྟགས་གསུམ་པའོ། །བདག་ཉིད་དགེ་བ་ལ་གནས་ལ། །གཞན་དག་དེ་ལ་འགོད་པ་ཞེས་བྱ་བ་ནི་དེ་དག་ཉིད་ལ་རྟགས་བཞི་པའོ། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྦྱིན་པ་ལ་སོགས་པའི་སྤྱོད་པ་དེ་ནི་དེ་དག་ཉིད་ལ་རྟགས་ལྔ་པའོ། །ཟབ་མོའི་དོན་ལ་སོམ་ཉི་མེད། །ཅེས་བྱ་བ་ནི་དེ་དག་ཉིད་ལ་རྟགས་དྲུག་པའོ། །བྱམས་ལུས་སོགས་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་དེ་ནི་དེ་དག་ཉིད་ལ་རྟགས་བདུན་པའོ། །སྒྲིབ་པ་ནི། རྣམ་པ་ལྔ་དང་མི་འགྲོགས་དང༌། །ཞེས་བྱ་བ་ལ།


DTG088_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཇི་ལྟ་བ་བཞིན་དུ་སྒྲིབ་པ་ལྔ་དང་མི་འགྲོགས་པ་དེ་ནི་དེ་དག་ལ་རྟགས་བརྒྱད་པའོ། །བག་ལ་ཉལ་ཀུན་འཇོམས་པ་དང༌། །ཞེས་བྱ་བ་ནི་དེ་དག་ཉིད་ལ་རྟགས་དགུ་པའོ། །དྲན་པ་དང་ནི་ཤེས་བཞིན་དང༌། །ཞེས་བྱ་བ་ནི་དྲན་པ་དང་བཅས་པའི་ཤེས་བཞིན་དེ་ནི་དེ་དག་ལ་རྟགས་བཅུ་པའོ། །གོས་ལ་སོགས་པ་གཙང་བ་དང༌། །ཞེས་བྱ་བ་ནི་དེ་དག་ཉིད་ལ་རྟགས་བཅུ་གཅིག་པའོ། །ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །ཞེས་བྱ་བ་ནི་དེ་དག་ཉིད་ལ་རྟགས་བཅུ་གཉིས་པའོ། །གྱ་གྱུ་མེད་སེམས་ཞེས་བྱ་བ་ལ་ལུས་དང་སེམས་དང་ངག་གྱ་གྱུ་མེད་པ་ཞེས་བྱ་བ་དེ་ནི་དེ་དག་ལ་རྟགས་བཅུ་གསུམ་པའོ། །སྦྱངས་པ་ནི་ལེན་དང་ཞེས་བྱ་བ་ནི་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་སྟེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི་ཕྱག་དར་ཁྲོད་པ་ཉིད་དང༌། ཆོས་གོས་གསུམ་པ་ཉིད་དང༌། ཕྱིང་བ་པ་ཉིད་དང༌། བསོད་སྙོམས་པ་ཉིད་དང༌། སྟན་གཅིག་པ་ཉིད་དང༌། ཟས་ཕྱིས་མི་ལེན་པ་ཉིད་དང། །དགོན་པ་བ་ཉིད་དང༌། ཤིང་དྲུང་པ་ཉིད་དང༌། བླ་གབ་མེད་པ་ཉིད་དང༌། དུར་ཁྲོད་པ་ཉིད་དང༌། ཅོག་པུ་པ་ཉིད་དང༌། གཞི་ཇི་བཞིན་པ་ཉིད་ཅེས་བྱ་བ་ནི་དེ་དག་ལ་རྟགས་བཅུ་བཞིའོ། །སེར་སྣ་མེད་སོགས་དང་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་དྲུག་པོ་དང་ཕྲག་དོག་སྟེ། དེ་མེད་པར་ནི་སེར་སྣ་ལ་སོགས་པ་མེད་པ་སྟེ། དེ་ནི་དེ་དག་ཉིད་ལ་རྟགས་བཅོ་ལྔ་པའོ། །ཆོས་ཉིད་ལྡན་པར་རྟོགས་པ་དང༌། །སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །ཞེས་བྱ་བ་ལ། གཞན་ལས་གང་ཆོས་ཅི་ཐོས་ཀྱང་ཞེས་བྱ་བ་ནི་སངས་རྒྱས་མེད་དོ་ཞེས་བྱ་བ་ལ་སོགས་པ་དེ་ཐམས་ཅད་ཀྱང་ཆོས་ཉིད་དུ་རིག་པས་ཁོང་དུ་ཆུད་པའོ། །འོན་ཏེ་བདུད་ཀྱིས་ཕྱིར་མི་ལྡོག་པ་དག་པ་ལ་དམྱལ་བའི་ལས་བསྟན་པ་གང་ཡིན་པ་དེ་ཇི་ལྟར་རིགས་ཤེ་ན། དེ་ཡང་དེ་དག་ནི་འཇིག་རྟེན་གྱི་དོན་དུ་དམྱལ་བ་ཚོལ་བ་ཡིན་ཏེ། དམྱལ་བར་འགྲོ་བ་ཞེས་བྱ་བ་དེ་ནི་དེ་དག་ཉིད་ལ་རྟགས་བཅུ་དྲུག་པའོ། །གཞན་གྱིས་བཀྲི་བར་མི་བཏུབ་པ་དང༌། །ཞེས་བྱ་བ་ནི་དེ་དག་ཉིད་ལ་རྟགས་བཅུ་བདུན་པའོ། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །ཞེས་བྱ་བ་ལ། གཞན་དང་ལམ་ནི་ལམ་གཞན་ཏེ། །ལམ་ལ་ལྟོས་ན་གཞན་ཉིད་སྐབས་ཀྱིས་ཉེ་བའི་ཕྱིར་ཏེ།


DTG088_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མ་ཡིན་པ་དང་ལམ་ཞེས་བྱ་བའི་དོན་ཏོ། །བདུད་དང་འབྲེལ་པས་ལམ་ཉིད་ལ་ལམ་མ་ཡིན་པར་སྨྲ་བའི་བདུད་ཉིད་དུ་ཤེས་པ་གང་ཡིན་པ་དེ་ནི་རྟགས་བཅུ་གཅིག་ཡིན་ལ། ལམ་མ་ཡིན་པ་ཉིད་ལ་ལམ་ཉིད་དུ་སྨྲ་བ་བདུད་ཉིད་དུ་ཤེས་པ་གང་ཡིན་པ་དེ་ནི་རྟགས་གཉིས་པའོ། །དེ་ལ་དང་པོ་ནི་གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་དང༌། སྙན་དངགས་མཁན་གྱིས་རང་བཟོར་བྱས་པ་ནས་རིག་པར་བྱའོ་ཞེས་བྱ་བའི་མཐར་ཐུག་པ་དེ་ནི་དེ་དག་ཉིད་ལ་རྟགས་བཅོ་བརྒྱད་པའོ། །གཉིས་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་དང༌། སྡུག་བསྔལ་གྱི་མཐར་ཕྱུང་ཤིག་ཅེས་བྱ་བ་ནས། དེ་ནི་གནས་མ་ཡིན་ནོ་སྙམ་ན་ཞེས་བྱ་བའི་མཐར་ཐུག་པས་གསུངས་པ་གང་ཡིན་པ་དེ་ནི་དེ་དག་ཉིད་ལ་རྟགས་བཅུ་དགུ་པ་ཉིད་དོ། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །ཞེས་བྱ་བ་དེ་ནི་དེ་དག་ཉིད་ལ་རྟགས་ཉི་ཤུ་པའོ། །རྟགས་ནི་ཉི་ཤུ་དེ་དག་གིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་མཇུག་བསྡུ་བ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྟག་ས་ཉི་ཤུ་པོ་དེ་དག་གིས་མཚོན་པ་གང་ཡིན་པ་དེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་སྟེ། ཕྱིར་མི་ལྡོག་ཅེས་བྱ་བའི་དོན་ཏོ། །མཐོང་བའི་ལམ་ལ་གནས་པའི་དབང་དུ་མཛད་ནས། མཐོང་པའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། མཐོང་བའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་རིག་པར་བྱའོ། །བཟོད་པ་དང་ཤེས་པའི་སྐད་ཅིག་མ་ཇི་ཙམ་ཞེ་ན། བཟོད་པའི་སྐད་ཅིག་མ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་ཅེས་བྱ་བའི་དོན་ཏོ། །བཅུ་དྲུག་གང་ཞེ་ན། གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །སེམས་བརྟན་ཐག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་ལ་སྤྱོད་པ་ཐབས་མཁས་དང༌། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །འཚོ་བ་རྣམ་པར་དག་ཉིད་དང༌། །ཕུང་སོགས་བར་ཆད་བྱེད་རྣམས་


DTG088_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ཆོགས་དང་དབང་སོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གི་ས་ལ་དེས་ཉིད་དང༌། །ས་གསུམ་ལ་ནི་གནས་པ་དང༌། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་བྱ་བ་ལ། གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལས་སངས་རྒྱས་ཀྱི་བར་གྱི་འདུ་ཤེས་ལྡོག་པ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །དེ་སྐད་ཅེས་བཀའ་སྩལ་བ་དང་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་གསུངས་པ་དེ་ནི་མཐོང་བའི་ལམ་གྱི་རྟགས་དང་པོ་ཡིན་ནོ། །སེམས་བརྟན་ཞེས་བྱ་བ་ལ། བདུད་ལ་སོགས་པས་མི་བྱེད་པ་ཉིད་ནི་སྡུག་བསྔལ་ལ་ཆོས་ཤེས་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། སྐྱོན་མེད་པར་འཇུག་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་དེ་ནི་དེ་ཉིད་ཀྱི་རྟགས་ཏེ་གཉིས་པ་ཡིན་ནོ། །ཐེག་པ་དམན་རྣམས་ལས་ལྡོག་པ། །ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། གང་དེ་ནས་ཚེ་དང་ལྡན་པར་རབ་འབྱོར་གྱིས་ཞེས་བྱ་བ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་གསུངས་པ་དེ་ནི་དེ་ཉིད་ཀྱི་རྟགས་ཏེ་གསུམ་པའོ། །བསམ་གཏན་ལ་སོགས་པའི། ཡན་ལག་ཡོངས་སུ་ཟད་པ་དང༌། །ཞེས་བྱ་བ་ལ་བསམ་གཏན་དང་གཟུགས་མེད་པ་ལ་སོགས་པའི་ཡན་ལག་ནི་ལུས་ཡིན་ནོ། །དེ་ཡོངས་སུ་ཟད་པ་ནི་དེངས་པ་ཉིད་དེ། འདོད་ཆགས་དང་བྲལ་བ་ལ་སོགས་པ་ཐོབ་པ་ལ་སྟོབས་ཆུང་བ་དེ་ནི་སྡུག་བསྔལ་རྗེས་སུ་ཤེས་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་དེ་ནི་རྟགས་བཞི་པའོ། །ལུས་སེམས་ཡང་བ་ཉིད་དང་ནི། །ཞེས་བྱ་བ་ལ། དྲན་པ་དང་ཤེས་བཞིན་དང་བཅས་པའི་སྤྱོད་ལམ་ལ་ལུས་ཡང་བ་ཉིད་དང༌། ལུས་ལྕི་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་ལུས་དང་སེམས་ཡང་བ་ཉིད་དེ། དེ་གཉི་ག་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྟེ། གང་རབ་


DTG088_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་དེ་ནི་དེ་ལ་རྟགས་ལྔ་པའོ། །འདོད་ལ་སྤྱོད་པ་ཐབས་མཁས་དང༌། །ཞེས་བྱ་བ་ནི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་ཐབས་ལ་མཁས་པས་འདོད་པ་སྟེན་པར་བྱེད་པ་ཞེས་བྱ་བ་ནི་ཀུན་འབྱུང་ལ་ཆོས་ཤེས་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ནི་དེ་དག་ཉིད་ཀྱི་རྟགས་དྲུག་པའོ། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང། །ཞེས་བྱ་བ་ལ་ཁྱིམ་པའི་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བ་སྦྱིན་པར་བྱེད་པ་དང་རྟག་ཏུ་ཚངས་པར་སྤྱོད་པའི་ཕྱི་བཞིན་ལག་ན་རྡོ་རྗེ་རྟག་ཏུ་འབྲང་ངོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་གཉིས་པའི་བར་གྱིས་གསུངས་པ་དེ་ནི་དེ་ལ་རྟགས་བདུན་པའོ། །འཚོ་བ་རྣམ་པར་དག་ཉིད་དང༌། །ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ཏེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་བདེ་ནི་དེ་ལ་རྟགས་བརྒྱད་པའོ། །ཕུང་སོགས་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་ནི་ཞི་གནས་དང་རྗེས་སུ་སྦྱོར་བ་སྟེ་ལྷག་མཐོང་ངོ༌། །སྦྱོར་དང་རྗེས་སུ་སྦྱོར་བ་ལ། །གནས་པ་ནི་སེམས་ཀྱི་སྤྱོད་པ་སྟེ་དེ་ཡོངས་སུ་བཀག་པའོ། །གང་ལ་ཞེ་ན། ཕུང་པོ་ལ་སོགས་པ་དང་པོར་བྱས་ལ་མི་དམིགས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕུང་པོ་ལ་སོགས་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དེའི་སྒྲུབ་པ་ཉིད་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྟེ། གང་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་ནི་


DTG088_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྟགས་དགུ་པ་ཡིན་ནོ། །བར་ཆད་བྱེད་རྣམས་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་གང་ཡིན་པ་སྟེ། རྐུན་པོ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་དང་གཏམ་གྱི་ཡུལ་ཡིན་པའི་ཕྱིར་རྐུན་པོའི་གཏམ་བསྟན་པ་གང་ཡིན་པ་དེ་ནི་འགོག་པ་ལ་ཆོས་ཤེས་པ་སྟེ། དེ་རྐུན་པོའི་གཏམ་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་ལ་རྟགས་བཅུ་པའོ། །ཚོགས་དང་ཞེས་བྱ་བ་ནི་དཔུང་གི་སྒྲ་བརྗོད་པ་ཡིན་ཏེ། གཉེན་པོའི་ཕྱོགས་ཀྱི་ཚོགས་སོ། །དེ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། དེ་དམག་གི་གཏམ་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་དག་ཉིད་ལ་རྟགས་བཅུ་པ་བཅུ་གཅིག་པའོ། །དབང་སོགས་བཅས་པའི་གཡུལ་འགྱེད་ཅེས་བྱ་བ་ལ་གཡུལ་འགྱེད་པ་ནི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དག་གི་གཡུལ་འགྱེད་པ་སྟེ། གཡུལ་འགྱེད་པ་ཡོད་ན་འགོག་པ་ཐོབ་པར་འགྱུར་རོ། །ལུས་དང་གནས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་རིག་པ་དག་ཤིན་ཏུ་ལྡོག་པ་ནི་འགོག་པའོ། །དེ་ལ་ལུས་ནི་དབང་པོའི་གྲོང་ཡིན་པ་དེ་ཉིད་ཀྱིས་ན་གྲོང་གི་སྒྲས་གསུངས་སོ། །ལུས་ཀྱི་རྟེན་ནི་གནས་ཡིན་པ་དེ་ཉིད་ཀྱིས་ན་གྲོང་ཁྱེར་གྱི་སྒྲས་གསུངས་སོ། །ལོངས་སྤྱོད་ནི་ཡུལ་གྱི་ཚོགས་ཡིན་ཏེ། དེ་ཡང་གྲོང་རྡལ་གྱི་སྒྲས་གསུངས་ཏེ། དབང་པོས་ངེས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །འགོག་པ་དེ་ཡང་བདག་མེད་པ་ལ་སོགས་པ་ཐོབ་པ་ཡིན་ཏེ། དེ་དག་ཤིན་ཏུ་མེད་པའི་ཕྱིར་རོ། །དེ་བས་ན་གཡུལ་འགྱེད་པ་དང་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་གཏམ་དག་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་གི་གཏམ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པའི་གནས་པ་སྒྲུབ་པ་ཡིན་ནོ། །དེ་ནི་འགོག་པ་ལ་རྗེས་སུ་ཤེས་པ་སྟེ། དེ་གཡུལ་གྱི་གཏམ་ཞེས་བྱ་བ་ལ་སོགས་པ་ནས། ཡིད་ལ་བྱ་བ་དང་མ་བྲལ་བར་གནས་ཏེ་ཞེས་བྱ་བའི་བར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་དག་ཉིད་ལ་རྟགས་བཅུ་གཉིས་པའོ། །སེར་སྣ་ལ་སོགས་ལ་ཞེས་བྱ་བ་


DTG088_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྣ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སོ། །ཆོས་འདོད་པ་ལ་སོགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པ་སྟེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་ཉིད་ལ་རྟགས་བཅུ་གསུམ་པའོ། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་པ་ཉིད། །ཅེས་བྱ་བ་ལ་ཆོས་རྡུལ་ཙམ་ཡང་མི་དམིགས་པ་དེ་ལྟ་ན་ཡང་བདག་ཐེ་ཚོམ་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་འགྱུར་པ་དེ་གཉིས་ནི་ལམ་ལ་ཆོས་ཤེས་པ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་ཉིད་ལ་རྟགས་བཅུ་བཞི་པའོ། །ས་གསུམ་ལ་ནི་གནས་པ་དང༌། །ཞེས་བྱ་བ་ལ། ཆོས་རྣམས་ནི་སྐྱེ་བ་མེད་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ནི་ཐོབ་པར་བྱ་བ་ཉིད་དང༌། ཐེག་པ་ཆེན་པོ་ནི་དེ་བཞིན་གཤེགས་པས་གསུངས་པ་ཉིད་དེ། གནས་གསུམ་ཞེས་བྱ་བ་ནིས་གསུམ་མོ། །དེ་ལ་གནས་པ་ནི་བདུད་རྣམས་ཀྱིས་ཀྱང་ངེས་པར་མི་ཕྱེད་པ་སྟེ། དེ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནས། གཞན་ཡང་རབ་འབྱོར་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་ཉིད་ལ་རྟགས་བཅོ་ལྔ་པའོ། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །ཞེས་བྱ་བ་ལ། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཡིན་ལ་དེའི་དོན་དུ་སྲོག་ཀྱང་གཏོང་བ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། སོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབ་པོ་ཞེས་བྱ་བའི་བར་གྱིས་གསུངས་པ་གང་ཡིན་པ་དེ་ནི་དེ་ཉིད་ལ་རྟགས་བཅུ་དྲུག་པའོ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ནི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་བྱ་བ་ནི་མཇུག་བསྡུ་བའོ། །བསྒོམ་པའི་ལམ་ལ་གནས་པའི་དབང་དུ་མཛད་ནས། བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་བྱ་བ་གསུངས་ཏེ། མདོ་ལས་ཟབ་མོའི་ཚིག་གིས་བསྒོམ་པའི་ལམ་གསུངས་པ་ཡིན་ཏེ། མང་པོའི་ཚིག་ནི་ཟློས་པའི་སྦྱོར་བས་སོ། །གང་ལ་གནས་ན་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། ལེགས་


DTG088_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་དུ་གསོལ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེའི་ཟབ་པ་ཉིད་གང་ཞེ་ན། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཞེས་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཟབ་མོ་ཟབ་མོ་ཞེས་བྱ་བ་དེ་དག་གོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །སྟོང་པ་ཉིད་ལ་སོགས་པའི་ཟབ་པ་ཡང་གང་ཞེ་ན། ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་པའི་མཐའ་ལས་གྲོལ་བ་ཉིད་དེ། དེ་བཞིན་ཉིད་ལ་གཟུགས་མེད་པ་ནས། བྱང་ཆུབ་མེད་ཅེས་བྱ་བའི་བར་གྱིས་སྒྲ་འདོགས་པའི་མཐའ་ལས་གྲོལ་བ་ཉིད་དང༌། གཟུགས་ལས་གཞན་པ་ཡང་མ་ཡིན་པ་ནས། བྱང་ཆུབ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ་ཞེས་བྱ་བའི་བར་ནི་སྐུར་པའི་མཐའ་ལས་གྲོལ་བ་ཉིད་དེ། གསོལ་པ་དེ་ཞེས་བྱ་བ་ལ་སོགས་པ་ནས། དེ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བསྒོམ་པའི་ལམ་ཡང་གང་ཞེ་ན། ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ་སྟེ། གཅིག་ཏུ་དབེན་པར་སོང་ནས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངེས་པའི་དོན་ལ་རིགས་པ་བཞིས་རྣམ་པར་དཔྱོད་པ་ནི་སེམས་པའོ། །རིགས་པ་ནི་ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང༌། འཐད་པ་སྒྲུབ་པའི་རིགས་པ་དང༌། ཆོས་ཉིད་ཀྱི་རིགས་པའོ། །དེ་ནས་ཇི་ལྟར་བསམ་པའི་དོན་ལ་རྣམ་པ་དགུ་མཐར་ཐུག་པ་ནི་ཞི་གནས་ཏེ། འཇལ་བའོ། །དེ་ནས་དོན་དགུ་པོ་དེ་འབྱེད་པ་དང༌། རབ་ཏུ་འབྱེད་པ་དང༌། ཡོངས་སུ་རྟོག་པ་དང༌། ཡོངས་སུ་དཔྱོད་པའི་མཚན་ཉིད་ནི་ལྷག་མཐོང་སྟེ། ངེས་པར་རྟོག་པའོ། །གསུམ་པ་དེ་དག་ཉིད་ལ་ཡང་དང་ཡང་དུ་ཞེས་བྱ་བའི་ཡང་དང་ཡང་དུའོ། །འདི་ནི་བསྒོམ་པའི་ལམ་གྱི་མཚན་ཉིད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནས། འཇལ་བ་དང་རྟོག་པར་གྱིས་ཤིག་ཅེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་ལྟར་ཡིན་ན་བསྒོམ་པའི་ལམ་གྱིས་དམིགས་པ་གང་ཞེ་ན། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་བསྒོམ་པའི་ལམ་ཉིད་ལ། །དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །བཞེད་པ་སྟེ། ཇི་སྐད་བསྟན་པ་བཞིན་དུ་བདག་གི་ཞེས་བྱ་བ་ལ་སོགས་པ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བའི་བར་གྱིས་གསུངས་པའོ། །དེ་ལ་གནས་པར་བྱ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལའོ། །བསླབ་པར་བྱ་ཞེས་བྱ་བ་ནི་མཐོང་བའི་ལམ་ལའོ། །བསྒྲུབ་པར་བྱ་ཞེས་བྱ་


DTG088_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་བསྒོམ་པའི་ལམ་ལའོ། །དེ་བཞིན་དུ་སྒྲུབ་པ་དང་སེམས་པ་དང་ཡོངས་སུ་རྟོག་པ་དང༌། བརྩོན་པར་བྱེད་པ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་དག་ལའོ། །རྩོལ་པ་ཞེས་བྱ་བ་ནི་མཐོང་བའི་ལམ་ལའོ། །འབད་པ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལའོ། །གཞུང་ལྷག་མ་ནི་ཕན་ཡོན་ནོ། །རྣམ་པས་རྣམ་པ་དགུར་བཞེད་ཅེས་བྱ་བ་ནི་བསྒོམ་པའི་ལམ་མོ། །ཡང་ཞེས་བྱ་བ་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པའི་དབྱེ་བས་རྣམ་པ་དགུར་འགྱུར་བའོ། །དེ་ཇི་ལྟར་ཞེ་ན། ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས་ཏེ་ཆུང་ངུའི་ཆུང་ངུ་དང། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོ་དང༌། ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་འབྲིང་དང༌། ཆེན་པོའི་ཆེན་པོའོ་ཞེས་བྱ་བའི་གོ་རིམས་འདི་ཉིད་ཀྱིས་གཉེན་པོའི་ཕྱོགས་ཀྱི་རྣམ་པ་དགུའི་འཐད་པ་ཡིན་ཏེ། དེ་དག་སྐྱེས་པས་ལུགས་ལས་བཟློག་པའི་རིམ་བཞིན་དུ་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ཆེན་པོའི་ཆེན་པོ་དང༌། ཆེན་པོའི་འབྲིང་དང༌། ཆེན་པོའི་ཆུང་ངུ་དང༌། འབྲིང་གི་ཆེན་པོ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆུང་ངུ་དང༌། ཆུང་ངུའི་ཆེན་པོ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆུང་ངུའོ་ཞེས་བྱ་བ་སྤོང་སྟེ། གོས་ལ་དྲི་མ་ཆེན་པོ་སྔར་དག་པར་བྱས་ནས་ཕྱིས་ཆུང་ངུ་དག་པར་བྱེད་པ་དེ་བཞིན་དུ་སེམས་ལ་ཡང་ངོ༌། །འདི་མན་ཆད་ཚིག་ཆེན་པོ་བརྒྱད་ཀྱིས་བདེ་བར་གཤེགས་པ་མང་ངོ་ཞེས་བྱ་བའི་བར་གྱིས་ཕྱེད་གོང་མ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་གང་ཟག་ཕུང་པོ་ལ་སོགས་པ་ལ་མི་དམིགས་པ་མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་བརྒྱད་གསུངས་ཏེ། དེ་དང་ལྡན་པའི་སྦྱིན་པ་ལ་སོགས་པ་ཆེན་པོ་ཉིད་ཀྱང་འབྲས་བུ་ཆུང་བ་ཉིད་ཀྱི་ཕྱིར་རོ། །ཕྱེད་འོག་མ་འོག་མས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་སྔོན་དུ་སོང་བ་ཅན་དག་གིས་གཉེན་པོའི་ཕྱོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་བསྒོམ་པའི་ལམ་གྱི་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་བརྒྱད་གསུངས་ཏེ། དེ་དག་གི་འབའ་ཞིག་པ་དང༌། སྦྱིན་པ་ལ་སོགས་པ་ཆུང་ངུ་དང་བཅས་པ་ཡིན་ཡང་འབྲས་བུ་ཆེ་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་མི་མཐུན་པའི་ཕྱོགས་བརྒྱད་པ་ནི་མངོན་པར་འདུ་བྱེད་པའི་ཕྱིར་རྣམ་པར་རྟོག་པ་སྟེ། ཆུང་ངུའི་འབྲིང་ཡིན་ལ།


DTG088_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོའི་ཕྱོགས་ཆེན་པོའི་འབྲིང་ནི་མངོན་པར་འདུ་བྱེད་པ་མི་དམིགས་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་དགུ་པ་ནི་མངོན་པར་འདུ་བྱེད་པའི་རྣམ་པར་རྟོག་པ་ཁོ་ན་ཆུང་ངུའི་ཆུང་ངུ་ཡིན་ལ། གཉེན་པོའི་ཕྱོགས་ཆེན་པོའི་ཆེན་པོ་ནི་མངོན་པར་འདུ་བྱེད་པ་མི་དམིགས་པ་ཡིན་ཏེ། གཉིས་པོ་དག་གསོལ་པ། བཅོམ་ལྡན་འདས་མངོན་པར་འདུ་བྱེད་པ་མ་མཆིས་པ་ནི་ཞེས་བྱ་བ་ནས། ཚད་མེད་པའི་བསོད་ནམས་འཕེལ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །གྲངས་མེད་པ་དང༌། དཔག་ཏུ་མེད་པ་དང༌། ཚད་མེད་པ་ཞེས་བྱ་བའི་སྐབས་ཡིན་པ་དེ་བས་ན་རབ་འབྱོར་གྱིས་གསོལ་པ། དེ་དག་སོ་སོ་ལ་བྱེ་བྲག་ཅི་མཆིས་ཤེ་ན། དེ་ལ་བཅོམ་ལྡན་འདས་ཀྱིས་གང་གཞལ་བར་མི་ནུས་པའོ་ཞེས་བྱ་བ་དེ་ཡན་ཆད་ཀྱིས་ངེས་པའི་ཚིག་གི་དབྱེ་བ་གསུངས་པ་ཡིན་ནོ། །འདི་མན་ཆད་དྲི་བ་དང་ལན་གསུམ་གྱིས་སྟོང་པ་ཉིད་ཅེས་བྱ་བའི་རྣམ་གྲངས་ཀྱིས་ཆོས་ཐམས་ཅད་མི་ཟད་པ་དང་གྲངས་མེད་པ་དང༌། དཔག་ཏུ་མེད་པ་དང༌། ཚད་མེད་པ་ཞེས་བྱ་བ་དེ་བཞིན་དུ། བསྒྲུབ་པར་བྱ་བ་ཡིན་པ་དེ་བས་ན་རབ་འབྱོར་གྱིས་གསོལ་པ། དེ་བས་ན་དོན་དང་ཡི་གེ་ཐ་དད་པ་དེ་དག་ཅེས་བྱ་བ་ལ། དོན་མེད་པ་སྟེ་སྟོང་པ་ཉིད་ལ་ཐ་དད་པ་མེད་པའི་ཕྱིར་རོ། །ཡི་གེ་མེད་པ་སྟེ་དོན་ཐ་དད་པ་མེད་པའི་ཕྱིར་རོ། །འདི་ཙམ་གྱིས་ནི་ཐམས་ཅད་དུ་རྒོལ་བ་ཉིད་རབ་ཏུ་བསྒྲུབས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནས། མྱ་ངན་ལས་འདས་པའི་བར་ཞེས་བྱ་བའི་བར་གྱིས་གངས་གསུངས་ཏེ། དེ་བཞིན་ནོ་ཞེས་བྱ་བ་ནི་ཞལ་གྱིས་བཞེས་པ་སྟེ། དོན་དམ་པར་ཞེས་བྱ་བར་དགོངས་སོ། །བརྗོད་དུ་མེད་པ་ལས་བརྗོད་པ་ཞེས་བྱ་བ་ནི་དོན་ཐ་དད་པ་མེད་ཀྱང་ཐ་དད་པའི་སྒོ་ནས་བརྗོད་པའི་ཕྱིར་རོ། །རྒོལ་བའི་ལན་ནི་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་བསྟན་པས་ན་བསྟན་པ་སྟེ་སྙིང་རྗེའོ། །དེའི་རྒྱུ་མཐུན་པ་འདི་ནི་བཤད་པ་སྟེ། མི་ཟད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་རྫོབ་ཏུ་ཞེས་བྱ་བར་དགོངས་སོ། །དེ་ཇི་ལྟར་ཞེ་ན། རྣམ་པར་གཅོད་པ་ཐ་དད་པའི་ཕྱིར་རོ། །དེ་བས་ན་བསྟན་བཅོས་ལས། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་དེ་དག་ཐུགས་བརྩེ་བའི། །རྒྱུ་མཐུན་གྱུར་པ་ཐུབ་པ་བཞེད། །དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །བསྒོམ་ཞེས་བྱ་


DTG088_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །ཅེས་བྱ་བ་གསུངས་ཏེ། བརྗོད་དུ་མེད་བ་ལ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་པ་ལའོ། །དེ་བས་ན་བསྒོམ་པའི་ལམ་གྱིས་ཅི་ཞིག་ཉམས་ཤིང་ཅི་ཞིག་འཕེལ་ཞེས་བྱ་བ་ནི་རྒོལ་བ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པའི་དོན་བསྒྲུབ་བྱ། །ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི་བསྒོམ་གང་གསུངས་པའོ། །བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་བསྒྲུབ་བྱ། །ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི་བསྒོམ་པའི་ལམ་སྟེ། འདི་ཙམ་ནི་ལན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་སྐད་དུ། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་བྱ་བ་གསུངས་ཏེ། འཕེལ་བ་དང་འགྲིབ་པ་མེད་པའི་ཚུལ་གྱིས་དེ་བཞིན་ཉིད་ཙམ་མཐོང་བ་ཞེས་བྱ་བ་ནི་དངོས་སུ་བྱང་ཆུབ་ཀྱི་མཚན་ཉིད་ཡིན་ཏེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཚོགས་པ་དག་གིས་ནི་ནུས་པ་མ་ཡིན་ཏེ། ཕྲད་པ་མེད་པའི་ཕྱིར་རོ། །རེ་རེས་ཀྱང་མ་ཡིན་ཏེ། སེམས་དང་པོ་ཉིད་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར་བའི་ཕྱིར་ཕྱི་མ་དག་གིས་ནི་དོན་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་བརྒལ་བ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །མར་མེའི་དཔེའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་བྱང་ཆུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདི་ཙམ་ནི་ལན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཟབ་པོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བྱང་ཆུབ་ཀྱི་མཚན་ཉིད་མ་ལུས་པ་ཡང་གང་ཞེ་ན། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །བྱང་ཆུབ་ཅེས་བྱ་བར་སྦྱར་རོ། །ཆོས་ཉིད་ཀྱི་ཟབ་པ་རྣམ་པ་བརྒྱད་གང་ཡིན་པ་དེ་ཉིད་མངོན་སུམ་དུ་བྱས་པ་དེ་ནི་བྱང་ཆུབ་པོ། །བརྒྱད་གང་ཞེ་ན། སྐྱེ་བ་དང་ནི་འགག་པ་དང༌། །དེ་བཞིན་ཉིད་དང་ཤེས་བྱ་དང༌། །ཤེས་དང་སྤྱོད་དང་གཉིས་


DTG088_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དང༌། །ཐབས་ལ་མཁས་པ་ཟབ་པ་ཉིད། །ཅེས་བྱ་བ་གསུངས་ཏེ། གཉིས་སུ་མེད་པ་དང་ཐབས་ལ་མཁས་པ་ཞེས་བྱ་བ་ཚོགས་པ་གཙོ་བོར་གྱུར་པའི་ཟླས་དབྱེ་བའོ། །སེམས་ཀྱི་རྒྱུད་འགོག་པས་འགག་པ་ཡང་སྐྱེ་བ་མེད་པ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་ཁོ་ན་བཞིན་དུ་འགོག་པ་དང་འགོག་པའི་ཆོས་ཅན་འགོག་པར་མི་འགྱུར་རོ་ཞེས་བྱ་བ་ནི་འགོག་པ་ཟབ་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །རྣམ་པར་རྟོག་པའི་རྒྱུད་འགགས་པས་སེམས་འགགས་པ་ནི་སྤྲོས་པ་མེད་པའི་ངོ་བོ་ཉིད་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གནས་པར་འགྱུར་བའི་སེམས་དེ་ནི་དེའི་ཚེ་ཡང་དག་པ་ཡིན་གྱི། ཡང་དག་པའི་མཐའ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཟབ་པོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་སེམས་ཀྱི་མཚན་ཉིད་དངོས་པོ་མེད་པ་མ་ཡིན་ཏེ། དེ་ནི་རབ་ཏུ་གསལ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སེམས་ནི་དེ་བཞིན་ཉིད་ལས་གཞན་པ་ཡང་མ་ཡིན་ཏེ། གསལ་པ་དང་ཐ་དད་པ་མེད་པའི་ཕྱིར་རོ། །དེ་བཞིན་ཉིད་གསལ་བར་འགྱུར་བར་རིག་པར་བྱ་བའི་དེ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཤེས་བྱ་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་དྲི་བ་དང་ལན་གཉིས་ཀྱིས་གསུངས་པའོ། །དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མཐོང་བ་ཡང་མ་ཡིན་ཏེ། དངོས་པོ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་པ་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་དྲི་བ་དང་ལན་གྱིས་གང་གསུངས་པའོ། །དེ་བས་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པ་བྱང་ཆུབ་ཡིན་ལ། དེ་ལྟར་སྤྱོད་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་མ་ལ་སྤྱོད་ཅིང་གང་ཡང་དེ་ལ་སྤྱོད་པ་དེ་ནི་ཅི་ལ་ཡང་མི་སྤྱོད་དོ་ཞེས་བྱ་བ་ནི་སྤྱོད་པ་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཅི་ལ་ཡང་མི་སྤྱོད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །གང་དེ་ལ་སྤྱོད་པ་ནི་གཉིས་སུ་མེད་པའི་དོན་དམ་པ་ལ་སྤྱོད་ཅིང་མཚན་མར་འདུ་ཤེས་པ་མེད་དོ་ཞེས་བྱ་བ་


DTG088_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཉིས་སུ་མེད་པའི་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་དྲི་བ་དང་ལན་གྱིས་གང་གསུངས་པའོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོངས་སུ་མ་རྫོགས་པར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཤིང་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ནས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཞེས་བྱ་བ་ནི་ཐབས་ལ་མཁས་པ་ཟབ་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་ནི་ཟབ་པ་རྣམ་པ་བརྒྱད་བསྟན་པའོ། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས་བསྟན་ནས། བསྒོམ་པའི་ལམ་གྱི་གནས་སྐབས་སུ་སྲིད་པ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་ཐབས་ལ་མཁས་པ་བསྟན་པར་བྱ་བ་ཡིན་པ་དེ་བས་ན། མདོ་ལས་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་དབང་དུ་མཛད་ནས། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བསྒོམ་པ་ཡང་ཡོད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེའི་དོན་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ཞེས་བྱ་བ་སྨོས་ཏེ། འདིར་འཁོར་བ་དང་མྱ་ངན་ལས་འདས་པ་ལ། རྨི་ལམ་གྱི་ནང་དང་ཉིན་པར་གྱི་སྒྲས་གསུངས་པ་ནི་ཆོས་མཐུན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་པ་དེ་བས་ན་དེས་དེ་ལ་མི་རྟོག་པ་སྟེ། ཐ་དད་པའི་རྟོགས་པ་མེད་པ་དེ་མཉམ་པ་ཉིད་དུ་མཐོང་ཞེས་བྱ་བའི་དོན་ཏོ། །ལས་མེད་པ་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཉིད་ལ་ཡང་ལས་མེད་པ་ལ་སོགས་པའི་རྒོལ་བ་ཀུན་འབྱུང་བར་འགྱུར་རོ། །དེ་དག་གི་ལན་དེ་ཡང་མདོ་ལས་ཇི་སྐད་དུ་བཤད་པ་ནི་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་བར་ཡིན་ཏེ། འདིར་འཇིག་རྟེན་ན་རབ་ཏུ་གྲགས་པ་ཉིད་ཀྱི་རྨི་ལམ་དང་སད་པར་བཟུང་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཉིད་ཡིན་ན་ཇི་ལྟར་རྨི་ལམ་ན་སྦྱིན་པ་དང་འཚེ་བ་ལ་སོགས་པ་དག་གིས་བསོད་ནམས་དང་སྡིག་པར་མི་འགྱུར་ཏེ་མ་བསགས་པའི་ཕྱིར་རོ། །དེ་བཞིན་དུ་སད་པ་ན་ཡང་མི་འགྱུར་རོ་ཞེས་བྱ་བ་བརྒལ་བའོ། །རྨི་ལམ་དུ་


DTG088_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་བསད་ནས་སད་པ་དང༌། ཨེ་མའོ་བསད་དོ། །ངས་བསད་དོ། །ལེགས་པར་ངས་བསད་དོ། །ཞེས་གང་རྣམ་པར་རྟོག་ན་ཅི་དེ་ལས་སྡིག་པར་འགྱུར་རམ་ཞེས་སླར་དྲིས་པ་ལ། རང་ཉིད་ཀྱིས་དམིགས་པ་དང་བཅས་པ་ཁོ་ན་ལས་སྐྱེའི། དམིགས་པ་མེད་པར་ནི་མ་ཡིན་ནོ་ཞེས་སྨྲས་སོ། །གལ་ཏེ་སད་པའི་རྣམ་པར་རྟོག་པས་རྨི་ལམ་གྱི་ལས་དམིགས་པ་དང་བཅས་པ་ཉིད་ཀྱི་ཕྱིར་འབྲས་བུ་ཡོད་པ་ཡིན་ན། གཉིད་མ་ལོག་པ་དེའི་ཚེ་ལས་གཉིད་མ་ལོག་པའི་རྣམ་པར་རྟོག་པས་དམིགས་པ་དང་བཅས་པ་ཉིད་ཀྱི་ཕྱིར་འབྲས་བུ་དང་བཅས་པ་ཡིན་ཏེ། ཤིན་ཏུ་འབྲས་བུ་དང་བཅས་པ་ཡིན་ཞེས་བྱ་བ་འདི་ཙམ་ནི་ལན་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་སེམས་ལས་བྱུང་བ་ཐམས་ཅད་དབེན་པར་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་ན་དམིགས་པ་དང་བཅས་པ་ལས་ཡིན་ཞེས་ཡང་རྒོལ་བའོ། །མཚན་མར་བྱས་ནས་དམིགས་པ་དང་བཅས་པར་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལན་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། རྨི་ལམ་གྱི་ནང་དུ་ཞེས་བྱ་བའི་སྒྲ་ནི་འདིར་མཚན་མར་མི་བྱེད་པ་ཉིད་ཆོས་མཐུན་པའི་ཕྱིར་མི་དམིགས་པའི་ཚུལ་བསྟན་པ་ཡིན་ཏེ། གང་མི་དམིགས་པ་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམས་ཏེ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་དེ་ཅི་ཡོངས་སུ་བསྔོས་པར་འགྱུར་རམ་ཞེས་གོ་བར་བྱེད་པ་ནི་ཅི་ཞེས་བྱ་བའི་སྒྲ་མེད་པར་རྟོགས་པའི་རྒོལ་བའོ། །མི་དམིགས་པའི་མཐར་སོན་པའི་མཚན་ཉིད་ཅན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མི་དམིགས་པའི་ཚུལ་ཉིད་ནི་ཐབས་ཀྱི་གཙོ་བོར་གྱུར་པ་ཡིན་པས་དམིགས་པའི་གཉེན་པོ་མི་དམིགས་པའི་ཚུལ་ཉིད་རྨི་ལམ་ཡིན་ནོ་ཞེས་ཟུར་གྱིས་ལན་བསྟན་ནས། འཕགས་པ་རབ་འབྱོར་གྱིས་བྱམས་པ་ནི་མི་དམིགས་པ་བརྙེས་པའི་མཐར་བྱོན་པ་ཡིན་པས་དོན་འདི་དྲིས་ཤིག་ཅེས་སྨྲས་སོ། །དྲིས་ནས། དེས་ཀྱང་མི་དམིགས་པ་རྒྱས་པར་ཟུར་གྱིས་ལན་བཏབ་པོ། །འཕགས་པ་བྱམས་པའི་ཚིག་དེ་ཉིད་བཅོམ་ལྡན་འདས་ཀྱིས་ཀྱང་བསྟན་པར་མཛད་པ་ནི་རྨི་ལམ་ཡང་རྣམ་པར་མི་རྟོག་པའི་ཕྱིར་མི་དམིགས་པ་མ་ཡིན་ནམ་ཞེ་ན། རྨི་ལམ་རྣམ་པར་རྟོག་པས་སྟོང་པ་ཡང་མ་ཡིན་པ་རྣམ་པར་མི་རྟོག་པ་ཉིད་ཡིན་ཀྱང་རྣམ་པར་རྟོག་པའི་གཉེན་པོ་མ་ཡིན་པའི་ཕྱིར་རྨི་ལམ་ལྟ་བུ་ཉིད་ཅེས་བྱ་བ་བརྒལ་བའི་ལན་ཡིན་ནོ། །སངས་རྒྱས་ཀྱི་ཞིང་


DTG088_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པའི་དབང་དུ་མཛད་ནས། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་ཞིང་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཏེ། དེས་ན་དེ་དག་སྦྱོང་བ་ནི་དེ་དག་པ་ཡིན་ནོ། །དེ་ག་ལས་ཤེ་ན། སེམས་ཅན་གྱི་འཇིག་རྟེན་བཀྲེས་པ་དང༌། སྐོམ་པ་དང༌། སྡུག་བསྔལ་ལ་སོགས་པའི་མཚན་ཉིད་ནི་མ་དག་པའོ། །སེམས་ཅན་དག་གིས་དེ་མཐོང་ནས། །རང་གི་སངས་རྒྱས་ཀྱི་ཞིང་གི་སེམས་ཅན་གྱི་འཇིག་རྟེན་དེ་དག་པར་སྒྲུབ་པར་བྱེད་དེ། སངས་རྒྱས་ཀྱི་ཞིང་གི་སེམས་ཅན་དག་གི་ཉེས་པ་འདི་རྣམ་པ་ཐམས་ཅད་དུ་མི་འབྱུང་བ་དང༌། ལྷའི་ལོང་སྤྱོད་ཡོངས་སུ་ལོངས་སྤྱོད་པ་ལ་སོགས་པ་འགྱུར་བ་ད་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་བྱེད་པའོ། །དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་གྱི་མ་དག་པ་ན་ལྗན་ལྗིན་དང་ལུད་ཁུང་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་དག་གཞན་དུ་མཐོང་ནས་རང་སངས་རྒྱས་ཀྱི་ཞིང་གི་སྣོད་ཀྱི་འཇིག་རྟེན་དེ་དག་པར་བསྒྲུབ་པ་སྟེ། ལག་མཐིལ་ལྟར་མཉམ་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྦྱར་བར་བྱས་པའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་ནི་ཞིང་དག་པ་བླ་ན་མེད་པའོ། །ཐབས་ལ་མཁས་པའི་དབང་དུ་མཛད་ནས། འདི་ཡི་ཡུལ་དང་སྦྱོར་བ་སྟེ། །དགྲ་རྣམས་ལས་ནི་འདས་པ་དང༌། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང༌། །མ་ཆགས་པ་དང་མི་དམིགས་དང༌། །མཚན་མ་སྨོན་ལམ་ཟད་པ་དང༌། །དེ་ཡི་རྟགས་དང་ཚད་མེད་དང༌། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་བྱ་བ་གསུངས་ཏེ། འདི་ཞེས་བྱ་བ་ནི་ཐབས་ལ་མཁས་པའིའོ། །ཡུལ་ནི་མདོ་ལས་དང་པོར་ཏིང་ངེ་འཛིན་གསུམ་དང༌། བྱང་ཆུབ་ཀྱི་ཕྱོགས་གསུངས་པའོ། །དེའི་འོག་ཏུ་དེ་ཉིད་ཀྱི་ཡུལ་ཅན་གྱི་སྦྱོར་བ་ནི་གང་གིས་སྟོང་པ་ཉིད་ལ་སོགས་པ་ལ་ཡང་བསྒོམ་ཞིང་མངོན་སུམ་དུ་ཡང་མི་བྱེད་པའོ། །དགྲ་རྣམས་ལས་འདས་པ་ལ་སོགས་པ་སྦྱོར་བ་བཅུར་དབྱེ་བར་བྱ་སྟེ། དེ་དག་ནི་སྦྱོར་བ་ཞེས་བྱ་བ་དང་འབྲེལ་པའི་ཕྱིར་རོ། །དེ་བས་ན་ཐབས་ལ་ཐབས་ལ་མཁས་པ་རྣམ་པ་བཅུ་ཡིན་ནོ། །དེ་ལ་ཡུལ་ནི་དེ་ནས་ཚེ་དང་ལྡན་པ་རབ་


DTG088_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་ནས། མ་འདྲེས་པ་རྣམས་བསྒོམ་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །སྦྱོར་བ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནས། རང་སངས་རྒྱས་ཀྱི་འབྲས་བུ་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དགྲ་ནི་བར་དུ་གཅོད་པའི་ཆོས་རྣམས་ཏེ། དེ་དག་ཚད་མེད་པ་བཞིས་ཟིལ་གྱིས་གནོན་ཅིང་འདའ་བའི་སྦྱོར་བ་ནི་རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནས། གནས་པར་འགྱུར་བ་དེ་ལྟ་བུ་ཡང་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །སྦྱོར་བ་གང་གིས་སྟོང་པ་ཉིད་ལ་སོགས་པ་ལ་སྤྱོད་ན་ཡང་དེར་ནམ་མཁའ་ལ་བྱ་དང་འདྲ་བར་ནི་མི་གནས་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། ཐོབ་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་སྨིན་པར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་སྨོན་ལམ་རྒྱ་ཆེན་པོའི་ཕྱིར་དེ་མངོན་སུམ་དུ་མི་ཕྱེད་པ་ཞེས་བྱ་བ་ནི་ཤུགས་ཇི་ལྟ་བ་བཞིན་གྱི་སྦྱོར་བ་ཡིན་ཏེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། དེ་ལྟར་ཡོངས་སུ་བརྟག་པར་བྱ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །ཉན་ཐོས་ལ་སོགས་པའི་ཐུན་མོང་མ་ཡིན་པའི་སྦྱོར་བ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །ང་དང་ང་ཡི་ཞེས་འཛིན་པ་ནི་ཆགས་པ་སྟེ། དེ་སྤྱོད་པའི་སེམས་ཅན་དག་གི་དེ་སྤང་བར་བྱ་བའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་བསྟན་པར་བྱའོ་ཞེས་བྱ་བ་འདི་ནི་མ་ཆགས་པའི་སྦྱོར་བ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། རང་སངས་རྒྱས་ལྟ་བུ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བདག་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་སེམས་ཅན་དག་བདག་གི་ཆོས་ལ་དམིགས་པ་ལ་སྤྱོད་པའི་ཉེས་པ་དེ་ལས་གྲོལ་བར་འགྱུར་བ་དེ་ལྟར་བྱའོ་ཞེས་བྱ་བ་འདི་ནི་མི་དམིགས་པའི་སྦྱོར་བ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བདག་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་སེམས་ཅན་


DTG088_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དག་མཚན་མ་ལ་སྤྱོད་པའི་ཉེས་པ་དེ་ལས་གྲོལ་བར་འགྱུར་བ་དེ་ལྟར་བྱའོ་ཞེས་བྱ་བ་ནི་མཚན་མ་མེད་པའི་སྦྱོར་བ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བདག་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་སེམས་ཅན་དག་སྨོན་ལམ་ལ་སྤྱོད་པའི་ཉེས་བ་ལས་གྲོལ་བར་འགྱུར་བ་དེ་ལྟར་བྱའོ་ཞེས་བྱ་བ་ནི་སྨོན་པ་མེད་པའི་སྦྱོར་བ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེའི་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པ་དང་སྦྱར་ཏེ། དེ་མཚོན་པར་བྱེད་ཤེས་པར་བྱེད་པས་ན་དེའི་རྟགས་ཀྱི་སྦྱོར་བའོ། །སྟོང་པ་ཉིད་ལ་སོགས་པ་ཡང་ཡིད་ལ་བྱ་ཞིང་སེམས་ཅན་ཐམས་ཅད་ཡོངས་སུ་གཏོང་བར་མི་བྱའོ་ཞེས་བྱ་བའི་བར་འདི་ནི་དྲིས་པའི་ལན་ནོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། བསྲབས་པའི་ས་གནོན་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་སྟེ། གསོལ་བ། བཅོམ་ལྡན་འདས་ཞེས་བྱ་བ་ལ། འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །ཕྱིར་མི་ལྡོག་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ་ཞེས་བྱ་བ་ནི་འདྲི་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བ་ལ་སོགས་པ་ནས། འཇིག་རྟེན་གྱིས་མི་འཕྲོགས་པ་ཞེས་བྱ་བའི་བར་ནི་ལན་ཡིན་ནོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཤིན་ཏུ་མང་པོ་དེ་དག་ལས་ཕྱིར་མི་ལྡོག་པ་ཆེས་ཉུང་བའི་དྲི་བའི་དྲི་བའི་ལན་བཏབ་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །ཆེས་ཉུང་བ་དེ་དག་གི་ཤིན་ཏུ་ཉུང་བའི་སྦྱོར་བ་ནི་ཚད་ཆུང་བ་དེ་དག་ཉིད་ཀྱི་ཕྱིར་ཚད་མེད་པ་ཡིན་ནོ། །བུ་མོ་ལྟོ་ཆུང་བ་ལྟོ་མེད་མ་ཡིན་ཞེས་བྱ་བ་བཞིན་ནོ། །མངོན་པར་རྟོགས་པ་རྒྱན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ། རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ལེའུ་སྟེ་བཞི་པའོ།། །།


previousལེའུ་བཞི་པ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་འགྲེལ་པ།next