Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་བརྒྱད་པ།


  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
  collapse section
   
   
   
   
   
ལེའུ་ལྔ་པ། རྩེ་མོའི་མངོན་པར་རྟོགས་པའི་འགྲེལ་པ།
   
   
   
   
   
   


 
previousལེའུ་ལྔ་པ། རྩེ་མོའི་མངོན་པར་རྟོགས་པའི་འགྲེལ་པ།next

ལེའུ་ལྔ་པ། རྩེ་མོའི་མངོན་པར་རྟོགས་པའི་འགྲེལ་པ།


DTG088_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོའི་མངོན་པར་རྟོགས་པ། དེ་ཡི་རྟགས་དང་རྣམ་འཕེལ་དང༌། །བརྟན་དང་སེམས་ཀུན་གནས་པ་དང༌། །ཞེས་བྱ་བ་ལ་སོགས་པས་སྔར་བསྟན་པའི་དངོས་པོ་བརྗོད་པར་བྱའོ། །དེ་ལ་དང་པོར་རྟགས་ཏེ། དེའི་དབང་དུ་མཛད་ནས། རྨི་ལམ་ན་ཡང་ཆོས་


DTG088_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །སྦྱོར་བ་རྩེ་མོར་ཕྱིན་པའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་བྱ་བ་གསུངས་ཏེ། རྩེ་མོའི་མངོན་པར་རྟོགས་པའི་རྟགས་ནི་རྣམ་པ་བཅུ་གཉིས་དག་ཡིན་ཏེ། འདི་ལྟ་སྟེ། རྨི་ལམ་གྱི་ནང་དུ་ཡང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མཐོང་བའོ། །སོགས་པའི་སྒྲས་ནི་རྨི་ལམ་གྱི་ནང་དུ་བྱང་ཆུབ་དམན་པ་དང་ཁམས་གསུམ་པོ་དག་ལས་མདོ་ཇི་ལྟ་བ་བཞིན་དུ་འདོད་པ་མི་སྐྱེད་པ་ལ་སོགས་པའོ། །དེ་ལ་གཞན་ཡང་ཞེས་བྱ་བའི་ཚིག་རེ་རེས་དང་པོ་བདུན་ཡིན་ནོ། །དེ་ལ་རྨི་ལམ་གྱི་ནང་དུ་ཡང་ཆོས་ཐམས་ཅད་རྨི་ལམ་ལ་སོགས་པ་དང་མཚུངས་པར་མཐོང་བ་ནི་རྟགས་དང་པོའོ། །རྨི་ལམ་གྱི་ནང་དུ་ཡང་བྱང་ཆུབ་དམན་པ་དང༌། ཁམས་གསུམ་པོ་དག་ལ་འདོད་པ་མི་སྐྱེ་བ་ལ་སོགས་པ་ནི་རྟགས་གཉིས་པའོ། །རྨི་ལམ་གྱི་ནང་དུ་འཁོར་གྱི་ནང་ན་དེ་བཞིན་གཤེགས་པ་མཐོང་ཞིང་དེས་བསྟན་པ་ཐོས་ནས་བསྒྲུབས་པ་ལ་སོགས་པ་ནི་རྟགས་གསུམ་པའོ། །རྨི་ལམ་གྱི་ནང་དུ་དེ་བཞིན་གཤེགས་པ་ནམ་མཁའ་ལ་འཕགས་ནས་ཆོས་སྟོན་པ་དང་རྫུ་འཕྲུལ་དང་ཆོ་འཕྲུལ་སྟོན་པ་ཞེས་བྱ་བ་ལ་སོགས་པ་ནི་རྟགས་བཞི་པའོ། །རྨི་ལམ་གྱི་ནང་དུ་གྲོང་དང་གྲོང་ཁྱེར་བཅོམ་པ་བསྲེགས་པ་ལ་སོགས་པ་མཐོང་ན་སྐྲག་པར་མི་བྱེད་སད་ནས་ཀྱང་ཁམས་གསུམ་པོ་རྨི་ལམ་ལྟ་བུར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་རྟགས་ལྔ་པའོ། །རྨི་ལམ་གྱི་ནང་དུ་དུང་འགྲོ་དང་ཡི་དགས་དང་དམྱལ་བ་མཐོང་ནས་དེ་འདི་སྙམ་དུ་ཇི་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་དུ་རྣམ་པ་ཐམས་ཅད་དུ་ངན་སོང་གསུམ་པོ་མེད་པར་འགྱུར་བ་ད་ལྟར་འཇུག་པར་བྱའོ་ཞེས་བྱ་བ་ནི་རྟགས་དྲུག་པའོ། །གལ་ཏེ་རྨི་ལམ་མམ་སད་པ་ན་གྲོང་ལ་སོགས་པ་ཚིག་པ་མཐོང་ན་གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ན། དེའི་ཚེ་མེ་འདི་ཞི་བར་གྱུར་ཅིག་ཅེས་བདེན་པའི་བྱིན་རླབས་བྱས་ན། གལ་ཏེ་མེ་དེ་ཞི་བར་གྱུར་ན་ཞེས་བྱ་བ་ལ་སོགས་པ་དེ་ནི་འདིར་རྟགས་བདུན་པའོ། །གང་གི་ཚེ་སྐྱེས་པ་དང་བུད་མེད་མི་མ་ཡིན་པས་བྱིན་གྱིས་བརླབས་ན་བྱང་ཆུབ་སེམས་དཔས་ཇི་ལྟར་བདག་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྷག་པའི་བསམ་པ་དང་བཅས་པའི་སེམས་ཡོད་པ་ལ། ཇི་ལྟར་བདག་ཉན་ཐོས་ལ་སོགས་པའི་སེམས་མེད་པའི་བདེན་པ་


DTG088_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་སྐྱེས་པ་དང་བུད་མེད་དག་ལས་མི་མ་ཡིན་པ་འདི་གུད་དུ་འགྲོ་བར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་བྱས་ན། གལ་ཏེ་བདེན་པའི་བྱིན་གྱི་རླབས་དེས་གུད་དུ་སོང་ན་དེ་ནི་འདིར་རྟགས་ཡིན་ནོ། །དེ་ནས་བདུད་ཀྱི་བྱིན་རླབས་ཀྱིས་གུད་དུ་སོང་བ་ལས་ལུང་མ་བསྟན་པར་ཡང་ལུང་དུ་བསྟན་པར་མངོན་པའི་ང་རྒྱལ་ནི་དོན་མེད་པའི་རྒྱུ་ཡིན་ཏེ། དེའི་ཚེ་དེ་གུད་དུ་སོང་བ་ནི་རྟགས་མ་ཡིན་ནོ། །འདི་ལྟར་བདུད་ཀྱི་ཚིག་ཀྱང་རྣམ་པ་མང་དུ་ཡོད་ལ། གང་གི་ཕྱིར་ལུང་མ་བསྟན་པ་ལ་ལུང་བསྟན་པའི་མངོན་པའི་ང་རྒྱལ་ནི་ཉམས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་རྟགས་བརྒྱད་པ་ཡིན་ཏེ། གཞན་ཡང་ཞེས་བྱ་བའི་ཚིག་བརྒྱད་པ་ནས་བརྩམས་ཏེ། ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །གང་ཟག་དེ་ལྟ་བུ་བསྟེན་པར་མི་བྱ། དེ་ཡོངས་སུ་སྤངས་ཤིང་དེ་དག་ལ་བྱམས་པ་ལ་སོགས་པའི་སེམས་བསྐྱེད་པར་བྱ། ཇི་ལྟར་བདག་གི་ཉེས་པ་འདི་དག་རྣམ་པ་ཐམས་ཅད་དུ་མེད་པར་གྱུར་པ་དེ་ལྟར་བྱའོ་ཞེས་རང་གིས་མངོན་པར་ཤེས་ནས་ཕ་རོལ་གནོན་པར་བྱ་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ་ཞེས་བྱ་བ་ནི་རྟགས་དགུ་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནས། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །གཞན་གྱི་དྲིང་མི་འཇོག་པར་འདོད་པ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་ནི་རྟགས་བཅུ་པ་ཡིན་ཏེ། རབ་འབྱོར་དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནས། འདི་ལས་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མཚན་ཉིད་མེད་པ་ཉིད་ཀྱི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་ཡིན་ལ་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །དེ་ལྟར་ཡང་ཀུན་ནས་ཉོན་མོངས་པ་ནི་ཡོད་དེ། ང་དང་ང་ཡིར་འཛིན་པས་འཁོར་བར་འཁོར་བའི་ཕྱིར་རོ། །རྣམ་པར་བྱང་བ་ཡང་ཡོད་དེ། གང་དུ་དེ་དག་མེད་པ་དེར་འཛིན་པ་མེད་པ་དེ་བས་ན་འཁོར་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྟགས་བཅུ་གཅིག་པའོ། །རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་བྱང་བ་ཡོད་པ་ཡིན་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བྱང་ཆུབ་སེམས་དཔའ་


DTG088_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྤྱོད་པ་ནི་འགའ་ལ་ཡང་མི་སྤྱོད་དེ། དེ་ལྟར་གང་སྤྱོད་པ་དང༌། གང་ལ་སྤྱོད་པའི་ཆོས་དེ་དག་མི་དམིགས་སོ། །དེ་ལྟར་ཟིལ་གྱིས་མི་གནོན་པའི་ས་ལ་གནས་ན་འགའ་ཞིག་གིས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་རོ་ཞེས་བྱ་བ་ནི་རྟགས་བཅུ་གཉིས་པ་སྟེ། གསོལ་བ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། ཉེ་བར་འགྱུར་བ་ལགས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ཡིན་ནོ། །དེ་ལྟར་རྟགས་བསྟན་ནས་རྣམ་པར་འཕེལ་བའི་དབང་དུ་མཛད་དེ། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །དཔེར་མཛད་ནས་ནི་རྣམ་མང་དུ། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་གསུངས་ཏེ། ཅི་འདྲ་བ་གང་ཞེ་ན། འཛམ་བུའི་གླིང་གི་སྐྱེ་བོ་གང་ཡིན་པ་དེ་དག་སྙེད་ཀྱི་གྲངས་ཀྱིས་མཚོན་པའི་སངས་རྒྱས་གང་ཡིན་པ་དེ་སངས་རྒྱས་དེ་དག་གི་མཆོད་པའི་བསོད་ནམས་གང་ཡིན་པ་དེ་ལ་སོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ལ་སོགས་པ་གང་ཡིན་པ་དང༌། དེ་དང་ལྡན་པའི་ཡིད་ལ་བྱེད་པས་གནས་པ་དེ་གཉིས་ནི་རྣམ་པར་འཕེལ་བ་དང་པོ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བ་ལ་སོགས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གཏམ་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་ཉིན་དང་མཚན་དུ་དེ་དང་ལྡན་པའི་ཡིད་ལ་བྱེད་པས་གནས་ཀྱི་ཡིད་ལ་བྱེད་པ་གཞན་གྱི་གོ་སྐབས་མི་འབྱེད་དོ། །ཇི་ལྟར་ཡང་ཡིད་ལ་བྱེད་པ་ཐམས་ཅད་སྟོང་པ་ཉིད་ཡིན་པ་དེ་ལྟར་ན་ཡང་ཆོས་རྣམས་ཀྱི་ཆོས་ཉིད་དེ་ལ་རྟག་ཏུ་གནས་ཏེ། འཕེལ་བ་མེད་པ་དང་འགྲིབ་པ་མེད་དོ་ཞེས་ཤེས་བཞིན་དུ་དེ་ལྟར་མི་འབྲལ་ལོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་གཉིས་པ་སྟེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་འགྲིབ་པ་མེད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བཅོམ་ལྡན་འདས་མ་ལ་བཅོམ་ལྡན་འདས་མ་སྟོང་པ་ཉིད་དུ་སྤྱོད་དམ། །མ་ཡིན་ནོ། །བཅོམ་ལྡན་འདས་མ་ལས་གུད་ན་དེ་ལ་སྤྱོད་པ་དམིགས་སམ། མ་ཡིན་ནོ། །དེ་ལ་དེ་ཉིད་སྤྱོད་དམ། མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་དམ། མ་ཡིན་ནོ། །སྟོང་པ་ཉིད་ལས་གུད་ན་ཡང་གང་དེ་ལ་སྤྱོད་པ་དམིགས་སམ། གཟུགས་ལ་སོགས་པ་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་ཡིན་ནོ། །དེ་དག་གི་སྟོང་པ་ཉིད་


DTG088_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་ཡིན་ཏེ། དེ་ལྟར་ན་གང་དེ་ལ་སྤྱོད་པ་དང་བཅོམ་ལྡན་འདས་མ་གང་ཡིན་པ་དེ་ནི་གཉི་ག་མི་དམིགས་ཤིང་ཆོས་གང་ཡང་དམིགས་སུ་མེད་དོ། །དེ་སྐྱེ་བའམ་འགག་བ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡིན་ཏེ། གང་དང་ལྡན་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེར་ལུང་བསྟན་པར་འགྱུར་ཞིང་དེར་གཞོལ་བ་ནས་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་གསུམ་པ་སྟེ། གསོལ་བ་བཅོམ་ལྡན་འདས་ཞེས་བྱ་བ་ནས། ནམ་ཡང་ཡོངས་སུ་འགྲིབ་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པའོ། །ཆོས་ཐམས་ཅད་ཀྱི་མི་སྐྱེ་བ་དང་སྐྱེ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ། མ་ཡིན་ནོ། །གང་ཡང་ལུང་བསྟན་པ་དང༌། གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཐམས་ཅད་ནི་དམིགས་སུ་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཞི་པ་སྟེ། རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནས། རྣམ་པར་མི་རྟོག་པའི་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་ན། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དང་སེམས་དང་སེམས་ལས་བྱུང་བ་གཞན་དག་གི་གོ་སྐབས་མི་འབྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བའི་བར་ནི་རྣམ་པར་འཕེལ་བར་བྱེད་པ་ལྔ་པ་སྟེ། དེ་ནས་ལྷའི་དབང་པོ་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་བསླབ་པ་ལ་བསླབ་པ་མ་ཡིན་ནོ་ཞེས་གང་གསུངས་པའོ། །དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ལ་འཇིག་རྟེན་སྐྱོང་བ་བཞི་ནས། འོག་མིན་གྱི་བར་ཉེ་བར་འོང་བར་འགྱུར་བ་དང་དེ་དག་དེ་བཞིན་གཤེགས་པས་ཀྱང་དགོངས་པར་འགྱུར། ཕ་རོལ་གྱིས་ཟིལ་གྱིས་གནོན་པའི་སྡུག་བསྔལ་དང་གནོད་སེམས་ལ་སོགས་པ་མི་འབྱུང་ངོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་དྲུག་པའོ། །དེ་ལྟར་སློབ་པ་ཞེས་བྱ་བ་ལ་སོགས་པ་ནས། །བྱིན་གྱིས་བརླབས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེའི་ཚེ་བདུད་རྣམས་མྱ་ངན་གྱི་ཟུག་རྔུས་ཟུག་པར་


DTG088_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། དེ་ལ་བགེགས་བྱ་བའི་ཕྱིར་སྐར་མདའ་ལྟུང་བ་གཏོང་ཞིང་འཇིགས་པ་སྐྱེད་དོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བདུན་པ་སྟེ། དགའ་བོ་གང་གི་ཚེ་ཞེས་བྱ་བ་ནས། ཡོངས་སུ་གྲོལ་བར་བྱ་བ་དག་གོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ལ་བདག་གི་གྲོགས་པོ་ཐེག་པ་གཅིག་ལ་ཞུགས་པ་དང་མཉམ་པ་ཉིད་ཀྱིས་གནས་པར་བྱ་སྟེ། ཇི་ལྟར་འདིས་གང་ལ་བསླབ་པར་བྱ་བ་དེ་ལ་དེ་ལྟར་བདག་གེས་ཀྱང་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དག་ནས། རྣམ་པ་ཐམས་ཅད་མཁྱེན་པ་དང༌། སྟོང་པ་ཉིད་ཐམས་ཅད་དང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བརྒྱད་པ་སྟེ། དགའ་བོས་གསོལ་བ་ཞེས་བྱ་བ་ལ་སོགས་པ་ནས། མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བྱང་ཆུབ་སེམས་དཔས་ཆོས་གང་ཟད་པར་བྱ་བའམ། འདོད་ཆགས་དང་བྲལ་བའམ། འགོག་བའམ། སྤང་བར་བྱ་བའི་ཕྱིར་སློབ་པ་མ་ཡིན། ཆོས་རྣམས་ཀྱི་ཆོས་ཉིད་ཟད་པའམ། བྲལ་བའམ། འགག་བའམ། སྤང་བར་བྱ་བ་མེད་དེ། དེ་ལྟར་སློབ་ན་དེ་བཞིན་ཉིད་ལ་སློབ་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་པ་ཡིན་ནོ། །དེ་ལྟར་སློབ་པ་ནི་བསླབ་པ་ཐམས་ཅད་ཀྱི་མཆོག་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འགྱུར་བ་ནས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་ཀྱིས་ཕ་རོལ་ཏུ་སོན་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་དགུ་བ་སྟེ། གསོལ་བ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། །ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་པའི་བར་གང་གསུངས་པའོ། །ས་ཆེན་པོའི་ཕྱོགས་གང་ན་འཛམ་བུའི་ཆུ་ཀླུང་གི་གསེར་འབྱུང་བ་དེ་ལྟ་བུ་ནི་ཉུང་བ་དེ་བཞིན་དུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་སེམས་ཅན་དེ་ལྟ་བུ་ཡང་ཆེས་ཉུང་སྟེ། ཉན་ཐོས་ཀྱི་ས་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འཕེལ་བ་བཅུ་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནས། ཆེས་མང་ངོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །སེམས་ཅན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་ཕྱིར་མི་ལྡོག་པའི་ས་གནོན་པ་དེ་དག་ནི་ཆེས་ཉུང་ལ་གང་དག་མ་ནོན་པ་ནི་ཆེས་མང་ངོ་ཞེས་བྱ་བ་ནི་རྣམ་པར་


DTG088_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་བཅུ་གཅིག་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནས། བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་ལ་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཐ་བ་དང་ལྡན་པའི་སེམས་མི་སྐྱེད་དོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཅུ་གཉིས་པ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། །སེམས་མི་སྐྱེད་དེ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་ནི་གཟུགས་དང་ལྡན་པ་མ་ཡིན་པ་ནས། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དང་ལྡན་པའི་སེམས་མི་སྐྱེད་དེ། །དེ་དག་ནི་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཅུ་གསུམ་པ་སྟེ། གང་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནས་ཐམས་ཅད་དུ་འདུས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་སོ། །ཇི་ལྟར་འཇིག་ཚོགས་ལ་ལྟ་བར་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་འདུས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཅེས་བྱ་བ་ནི་རྣམ་པར་འཕེལ་བ་བཅུ་བཞི་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནས། བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བཅོམ་ལྡན་འདས་མ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པའི་གནས་སྐབས་བརྙེས་ཤིང་ཐེག་པ་དམན་པའི་འབྲས་བུ་མངོན་དུ་མི་མཛད་པ་གང་ཡིན་པ་དེ་ནི་རྣམ་པར་འཕེལ་བ་བཅོ་ལྔ་པ་སྟེ། རབ་འབྱོར་ཞེས་བྱ་བ་ནས། མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །འདིར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དེ་བཞིན་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་པ་ཞེས་བྱ་བ་མི་དམིགས་ལ་འདིའིའམ་གང་གིས་སམ་གང་དེས་ངེས་པར་འབྱུང་བ་ཞེས་བྱ་བར་དེས་མི་དམིགས་པ་ནི་རྣམ་པར་འཕེལ་བ་བཅུ་དྲུག་པ་སྟེ། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་ལྟར་རྣམ་པར་འཕེལ་བ་བསྟན་ནས་བརྟན་པའི་དབང་དུ་མཛད་དེ། སེམས་ཅན་དོན་ཡོངས་མི་གཏོང་བ། །ཀུན་མཁྱེན་ཆོས་ནི་རྣམ་པ་གསུམ། །ཡོངས་སུ་རྫོགས་པ་བླ་མེད་པ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་གསུངས་ཏེ། ཀུན་མཁྱེན་གྱི་ཆོས་རྣམ་པ་གསུམ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་


DTG088_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་བྱུང་གི་ཆོས་རྣམས་དང༌། །མི་འཕྲོགས་པའི་ཆོས་རྣམས་ཡོངས་སུ་རྫོགས་པ་བླ་ན་མེད་པ་གང་ཡིན་པ་དེ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བར་འགྱུར་བ་དེའི་ཚེ་བརྟན་པ་ཞེས་བྱའོ། །དེ་ཇི་ལྟར་ཡོངས་སུ་མ་བཏང་བ་ཡིན་ཞེ་ན། །བདག་རྒལ་ནས་སེམས་ཅན་མ་རྒལ་བ་བསྒྲལ་བར་བྱ། བདག་གྲོལ་ནས་མ་གྲོལ་བ་དགྲོལ་བར་བྱ། བདག་དབུགས་ཕྱུང་ནས་དབུགས་མ་ཕྱུང་བ་དབུགས་དབྱུང་བར་བྱ། བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་མ་འདས་པ་མྱ་ངན་ལས་བཟླ་བར་བྱའོ་ཞེས་བྱ་བ་སྟེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ་ཞེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་མྱ་ངན་ལས་ཟློ་བའི་བར་གྱིས་གང་གསུངས་པའོ། །དེ་ལྟར་བརྟན་པ་བསྟན་ནས་སེམས་ཀུན་ཏུ་གནས་པ། སྔར་བསྟན་པ་དེ་ཡང་ཏིང་ངེ་འཛིན་ཁོ་ན་ཡིན་པ་དེ་བས་ན་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས། གླིང་བཞི་པ་དང་སྟོང་དག་དང༌། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། གླིང་བཞི་པ་ནས་སྟོང་གསུམ་གྱི་འཇིག་རྟེན་གྱི་བར་སྲང་ཚད་དུ་བཟུང་བར་གཞན་བ་དང་དེ་བཞིན་དུ་སྟོང་གཅིག་པ་དང་གཉིས་པ་དང་གསུམ་གྱི་རྒྱ་མཚོ་དག་ལ་སྐྲའི་རྩེ་མོ་བརྒྱར་གཤགས་པའི་རྩེ་མོས་ཆུའི་ཐིགས་པ་བླངས་པ་ནི་ཚད་གཟུང་བར་ནུས་ཀྱི། འདིར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནས་སྐྱེ་བ་གཅིག་གིས་ཐོགས་པའི་བར་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ལ་དེའི་རྗེས་སུ་ཡི་རྣག་བའི་བསོད་ནམས་ཀྱི་ཕུང་པོ་ནི་མ་ཡིན་ནོ། །དེས་གཉིས་ཀྱི་འདུ་ཤེས་མེད་པ་དང༌། གཉིས་མེད་པའི་འདུ་ཤེས་མེད་པས་བསོད་ནམས་ཀྱི་ཕུང་པོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དེ་བས་ན་དེ་ལྟར་དེ་སྲིད་བསོད་ནམས་ཀྱི་ཕུང་པོ་ལ་དམིགས་པའི་ཏིང་ངེ་འཛིན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་རྣམ་པ་ཡིན་ནོ། །གཉིས་དང་གཉིས་མེད་པའི་འདུ་ཤེས་ནུབ་པ་སེམས་དང་དོན་གཞན་ལ་ཡང་མི་འཇུག་པའི་སེམས་ནི་སེམས་རང་བཞིན་དུ་གནས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏིང་ངེ་འཛིན་ཡིན་ཏེ། བཅོམ་ལྡན་འདས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནས། བྱང་ཆུབ་ཏུ་


DTG088_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བར་བགྱི་སྟེ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ཡིན་ནོ། །དེ་ནི་སེམས་གནས་པ་བསྟན་པའོ། །མཐོང་ཞེས་བྱ་བ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དག་དང༌། །ཞེས་བྱ་བ་གོང་དུ་གསུངས་པ་དེ་བས་ན། དེའི་དབང་དུ་མཛད་ནས། འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཅེས་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལ་གཟུང་བའི་རྣམ་པར་རྟོག་པ་ནི་གཉིས་ཏེ། གཟུང་བ་ལ་རྣམ་པར་རྟོག་པའོ། །ཇི་ལྟར་གཟུང་བའི་རྣམ་པར་རྟོག་ཅེ་ན། གང་གི་ཕྱིར་དེ་དག་ནི་ཇི་ལྟ་བ་བཞིན་མ་ཡིན་པའི་ཡུལ་ལ་སྟེ། ཕྱིན་ཅི་ལོག་ཏུ་རྟོགས་པས་ན་རྣམ་པར་རྟོག་པའི་དབང་དུ་བྱས་པའོ། །དེ་དག་གི་ཡུལ་ཡང་གང་ཞེ་ན། འཇུག་པའི་ཕྱོགས་དང་ལྡོག་པའི་ཕྱོགས་སོ། །སོ་སོར་ཞེས་བྱ་བ་ནི་ཕྱོགས་གཉི་ག་ལ་ཡང་དགུའི་བདག་ཉིད་དེ། རབ་ཏུ་དབྱེ་བ་དགུ་ཡིན་ནོ། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སོ་སོའི་དེ་དག་དགུའི་བདག་ཉིད། །གཞན་འཛིན་པའི་རྣམ་པར་རྟོག་པ་གཉིས་སོ། །ཇི་ལྟར་གཉིས་ཤེ་ན། གོ་རིམས་བཞིན་དུ་རྫས་སུ་ཡོད་པ་དང༌། བཏགས་པར་ཡོད་པའི་སེམས་ཅན་ལ་རྣམ་པར་རྟོག་པའི་ཕྱིར་རོ། །དེ་ལ་དང་པོ་ནི་སོ་སོའི་སྐྱེ་བོ་དག་གིའོ། །གཉིས་པ་ནི་འཕགས་པ་དག་གི་སྟེ། དེ་དག་ཀྱང་སོ་སོར་དགུའི་བདག་ཉིད་ཡིན་ནོ། དེ་དག་ཇི་ལྟར་ན་འཛིན་པའི་རྣམ་པར་རྟོག་པ་ཡིན་ཞེ་ན། འཛིན་པ་མེད་པ་ཁོ་ན་ལ་རྣམ་པར་རྟོག་པའི་ཕྱིར་ཏེ། ཡང་དག་པར་མེད་པ་ལ་རྣམ་པར་རྟོག་པས་ན་རྣམ་པར་རྟོག་པའོ། །དེ་ཉིད་ནི། གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གིས་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོ་སྟོང་པའི་མཚན་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། འཛིན་པའི་ངོ་བོ་ཞེས་བྱ་བ་ནི་འཛིན་པའི་ངོ་བོ་སེམས་ཅན་གྱི་རང་བཞིན་གྱིས་སོ། །དེ་དག་ཅེས་བྱ་བ་ནི་འཛིན་པའི་རྣམ་པར་རྟོག་པ་དག་གོ །བྱང་ཆུབ་སེམས་དཔའི་བླང་བར་བྱ་བ་གང་ཡིན་པ་དེ་ནི་འཇུག་པའི་ཕྱོགས་ཡིན་ལ། གང་ཡང་འདིའི་དོར་བར་བྱ་བ་དེ་ནི་འདིའི་ལྡོག་པའི་ཕྱོགས་ཡིན་ནོ། །དེ་དག་ལ་འཇུག་པའི་ཕྱོགས་ལ་བརྟེན་པ་གཟུང་


DTG088_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣམ་པར་རྟོག་པ་དང་པོ་ནི་ཕྱིར་མི་ལྡོག་པ་དག་གིས་ཞེས་བྱ་བ་ལ་སོགས་པ་ནས། གཉེན་པོའི་ཕྱོགས་ཀྱི་གོང་ཡན་ཆད་ཀྱིས་གསུངས་སོ། །གཉེན་པོ་ནི་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་དང་གཉིས་མེད་པའི་འདུ་ཤེས་སུ་མི་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྡོག་པའི་ཕྱོགས་ལ་བརྟེན་པར་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ནི་དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་མི་རྟོག་པའི་ཆོས་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །འདིར་ཁམས་གསུམ་གྱིས་བསྡུས་པའི་ཆོས་རྣམས་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ནི་ལྡོག་པའི་ཕྱོགས་ཡིན་ནོ། །རྣམ་པར་རྟོག་པ་དེའི་གཉེན་པོ་ནི་རྣམ་པར་རྟོག་པ་མེད་པའོ། །ལྷག་མ་ནི་ཞར་ལ་འོངས་པའོ། །འཛིན་པའི་རྣམ་པར་རྟོག་པ་དང་པོ་སེམས་ཅན་རྫས་སུ་ཡོད་པ་ལ་བརྟེན་པ་ནི་སོ་སོའི་སྐྱེ་བོ་དག་གི་ཡིན་ཏེ། དེ་དག་གིས་མ་སྤངས་པའི་ཕྱིར་དང༌། འཕགས་པ་དག་གིས་ནི་མ་ཡིན་ཏེ། དེ་དག་གིས་སྤངས་པ་ཉིད་ཀྱི་ཕྱིར་དང༌། མཐོང་བས་སྤང་བར་བྱ་བའི་སྐབས་ཡིན་པའི་ཕྱིར་ཏེ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ལ་སོགས་པ་དང༌། སྙིང་པོ་ལ་སྤྱོད་པ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ་ཞེས་བྱ་བའི་བར་གྱིས་གསང་གསུངས་སོ། །འདིར་དཔེ་ནི་སེམས་ཅན་ཚད་མེད་གྲང་མེད་དཔག་ཏུ་མེད་པ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་བྱ་བ་དང༌། དེའི་གཉེན་པོ་ནི་སེམས་ཅན་དེ་དག་ཤིན་ཏུ་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །ལྷག་མ་ནི་ཞར་ལ་འོངས་པའོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སེམས་ཅན་བཏགས་པར་ཡོད་པ་ལ་བརྟེན་པ་ནི་འཕགས་པ་དག་གིས་ཏེ། དེ་ཉན་ཐོས་དང་རང་སངས་རྒྱས་དག་གིས་མ་སྤངས་པ་ཉིད་ཀྱི་ཕྱིར་དང༌། སོ་སོའི་སྐྱེ་བོ་དག་ལ་དང་པོ་ཉིད་ཡོད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནས། དེ་ནི་གནས་མེད་དོ་ཞེས་བྱ་བའི་བར་དུ་གང་གསུངས་པ་སྟེ། དེ་ལ་དཔེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་དང༌། གང་གི་གཉེན་པོའི་ཕྱོགས་ནི་བཅོམ་ལྡན་འདས་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པའོ། །ལྷག་མ་ནི་ཞར་ལ་འོངས་པའོ། །རྣམ་པར་རྟོག་པ་བཞི་པོ་འདི་ཡང་རྣམ་པ་དགུ་ཡིན་ནོ་ཞེས་གསུངས་པ་དེ་ལ་དང་པོ་རྣམ་པ་དགུ་གང་ཞེ་ན།


DTG088_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་དང་རིགས་དང་ནི། །སྒྲུབ་པ་ཡང་དག་འགྲུབ་པ་དང༌། །ཤེས་པའི་དམིགས་པ་མ་འཁྲུལ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དང༌། །རང་གི་རྟོགས་དང་བྱེད་པ་དང༌། །དེ་ཡི་ལས་བྱའི་འབྲས་བུ་དང༌། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་བྱ་བ་གསུངས་ཏེ། བྱེད་པ་དང་དེའི་ལས་བྱ་བའི་འབྲས་བུ་ཞེས་བྱ་བ་ནི་བྱེད་པ་དང་དེའི་ལས་དང་བྱ་བའི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །རྣམ་རྟོག་དེ་ནི་ཞེས་བྱ་བ་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོའོ། །རྣམ་པ་དགུར་འདོད་པ་ནི་གང་གི་ཕྱིར་དེའི་ངོ་བོ་ཉིད་ལ་སོགས་པ་གཟུང་བའི་ཡུལ་དགུའི་དབྱེ་བའི་སྒོ་ནས་རྣམ་པ་དགུར་བཞེད་དོ། །འཇུག་པའི་ཕྱོགས་ལ་བརྟེན་པ་དེ་ལ་དང་པོར་ངོ་བོ་ཉིད་ལ་སོགས་པ་དགུ་པོ་ནི་བྱང་ཆུབ་སེམས་དཔའི་བླང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དང་པོར་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པའི་གཉེན་པོ་དང་བཅས་པའི་དབང་དུ་མཛད་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་ནས། ཉེ་བར་གྱུར་ཏོ་སྙམ་ཡང་མི་བགྱིད་དོ་ཞེས་བྱ་བའི་བར་གྱིས་གསུངས་པའོ། །གཉེན་པོའི་ཕྱོགས་ཀྱི་གཞུང་འདི་ཐམས་ཅད་ཞར་ལ་འོངས་པ་དང་བཅས་པ་སྟེ་མཐར་དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་རྣམ་པར་རྟོག་པ་རྣམས་ནི་དོན་གྱིས་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ངོ་བོ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ནི་ངོ་བོ་ཉིད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཀྱི་ཕྱིར་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ནི་བསྲིང་པར་བྱ་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་ཏོ་སྙམ་མོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པའོ། །འདིའི་འོག་ནས་མདོ་འདི་ལྟ་སྟེ་ཞེས་བྱ་བའི་ཚིག་བརྒྱད་ཀྱིས་གཉེན་པོའི་ཕྱོགས་ནི་དངོས་སུ་གསུངས་སོ། །རིགས་ལ་སོགས་པའི་རྣམ་པར་རྟོག་པ་ནི་དཔེ་ཆོས་ཅན་དང་འདྲ་བ་དང་དགག་པ་ལས་བཟློག་པས་ཤུགས་ཀྱིས་བསྟན་ཏོ། །སྒྲུབ་པའི་རྟེན་ནི་རིགས་ཡིན་ཏེ། དེ་བས་ན་བདག་དམན་པའི་བྱང་ཆུབ་བསྲིང་བར་བྱ་ཞིང་སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བར་གྱུར་ཏོ་ཞེས་བྱ་བ་ནི་རིགས་ཀྱི་རྣམ་པར་རྟོག་པའོ། །ཇི་


DTG088_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་ནམ་མཁའ་ཐ་དད་པ་མེད་པ་དེ་ལ་ཅུང་ཞིག་ཀྱང་ཉེ་བ་དང༌། རིང་བ་མེད་པ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་རིགས་ལ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །སྒྲུབ་པ་དག་གིས་ཡང་དག་པར་འགྲུབ་པ་ནི་སྐྱེད་པ་སྟེ། དེ་བས་ན་བདག་གིས་བྱང་ཆུབ་དམན་པ་བསྲིང་བར་བྱ་ཞིང་སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བར་གྱུར་ཏོ་ཞེས་བྱ་བ་ནི་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པའོ། །ཇི་ལྟར་སྒྱུ་མའི་སྐྱེས་བུ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་འདི་སྙམ་དུ་བདག་ལས་སྒྱུ་མའི་མཁན་པོ་ཉེ་བ་དང་རིང་བར་མི་སེམས་པ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་སྙམ་དུ་བདག་ལས་དམན་པའི་བྱང་ཆུབ་ནི་རིང་ལ། སངས་རྒྱས་ཀྱི་བྱང་ཆུབ་ཉེའོ་སྙམ་དུ་མི་སེམས་པ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཤེས་པའི་དམིགས་པ་མ་འཁྲུལ་བ་ནི་དམིགས་པ་མེད་པ་ཉིད་དོ། །དེ་བས་ན་བདག་ལས་དམན་པའི་བྱང་ཆུབ་དང་རིང་བ་དང་སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བ་ཞེས་བྱ་བ་ནི་དམིགས་པ་མེད་པའི་རྣམ་པར་རྟོག་པའོ། །ཇི་ལྟར་བཞིན་གྱི་གཟུགས་བརྙན་ནི་འདི་སྙམ་དུ་བདག་ནི་བཞིན་ལས་གཞན་པ་དང་ནི་རིང་ལ་བཞིན་དང་ནི་ཉེའོ་ཞེས་མི་སེམས་པ་སྟེ། མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་སྙམ་དུ་བདག་ནི་དམན་པའི་བྱང་ཆུབ་དང་རིང་ལ། སངས་རྒྱས་ཀྱི་བྱང་ཆུབ་དང་ཉེའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཡིན་ཏེ། ཡོད་པ་མ་ཡིན་ཞེས་པའི་དམིགས་པ་ནི། མེད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཤེས་པ་ནི་གཉེན་པོ་ཡིན་ལ། རྣམ་པར་རྟོག་པ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བྱ་བ་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་ལ་གཉེན་པོ་དང་མི་མཐུན་པའི་ཕྱོགས་སུ་རྟོག་པ་མི་མངའ་སྟེ། ཆོས་ཀྱི་དབྱིངས་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གཉེན་པོའོ། །དེ་བས་ན་བདག་གིས་གཉེན་


DTG088_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྱོགས་ལས་མི་མཐུན་པའི་ཕྱོགས་ཟད་པ་ཐོབ་པར་འགྱུར་རོ་སྙམ་པའི་རང་གིས་རྟོགས་པའི་རྣམ་པར་རྟོག་པའོ། །ཇི་ལྟར་དེ་བཞིན་གཤེགས་པས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་སོ། །བྱང་ཆུབ་སེམས་དཔའ་བྱེད་པ་པོ་དང་དེའི་ལས་གཉེན་པོའི་ཕྱོགས་བསྒོམ་པ་དང་དེའི་བྱ་བའི་འབྲས་བུ་མི་མཐུན་པའི་ཕྱོགས་ཟད་པ་ཞེས་བྱ་བ་ནི་བྱེད་པ་དང་ལས་བྱ་བའི་འབྲས་བུའི་རྣམ་པར་རྟོག་པའོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པའི་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་འདི་སྙམ་དུ་བདག་ནི་དམན་པའི་བྱང་ཆུབ་དང་རིང་ལ། སངས་རྒྱས་ཀྱི་བྱང་ཆུབ་དང་ནི་ཉེའོ་སྙམ་དུ་མི་སེམས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ༌། །ཇི་ལྟར་དེ་དེ་བཞིན་གཤེགས་པའི་སྤྲུལ་པ་རང་གི་བྱ་བ་བྱེད་ཀྱང་རྣམ་པར་མི་རྟོག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་ཀྱང་རྣམ་པར་རྟོག་པར་ནི་མི་བྱེད་དོ། །ཇི་ལྟར་སྤྲུལ་པ་བྱ་བ་དེའི་འབྲས་བུ་སྒྲུབ་པར་བྱེད་ཀྱང་རྣམ་པར་མི་རྟོག་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པས་རྣམ་པར་རྟོག་པས་ཟད་པར་བྱེད་ན་ཡང་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་སོ། །དེ་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོ་གཉེན་པོ་དང་བཅས་པ་རྣམ་པ་དགུ་བསྟན་པའོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུ་གང་ཞེ་ན། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོག་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང༌། །སྒྲུབ་པའི་རྣམ་པ་མ་ཚང་དང༌། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །ཆེད་དུ་བྱ་བ་ལོག་པ་དང༌། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང༌། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལས་བྱུང༌། །ཞེས་བྱ་བ་གསུངས་ཏེ། དམན་པ་པ་ནི་ཞན་པ་ཉིད་དོ། །རྟོག་པ་དམན་པ་ལ་སོགས་པའི་སྐྱོན་བྱང་ཆུབ་སེམས་དཔས་སྤང་བར་བྱ་བའི་ངོ་བོ་རྣམ་པ་དགུ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ནོ། །སྲིད་པ་དང་ཞི་བའི་དོན་དུ་གཉེར་བས་མ་སྤངས་པ་ཉིད་ཀྱི་ཕྱིར་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱུང་བའོ། །རྫས་སུ་ཡོད་པ་ལ་འཛིན་པ་མི་དམིགས་


DTG088_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་འཁོར་བ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གིས་མྱ་ངན་ལས་འདས་པ་མ་ཡིན་པ་དེ་བས་ན་དྲུག་པ་ཅི་ཞིག་བྱ་ཞེས་བྱ་བ་ནི་བརྒལ་བའོ། །དྲུག་པ་རྣམ་པར་རྟོག་པ་སྤོང་བར་བྱེད་པས་ལན་བཏབ་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཡོད་དུ་ཟིན་ཀྱང་དྲུག་པ་མེད་ན་རྟོགས་པ་དམན་པ་ཉིད་ལ་སོགས་པར་འགྱུར་རོ་ཞེས་བྱ་བ་ནི་རྟོགས་པ་དམན་པ་ལ་སོགས་པའི་རྣམ་པར་རྟོག་པའོ། །དེ་དག་གི་གཉེན་པོའི་ཕྱོགས་ནི། །དྲུག་པ་རྣམ་པར་མི་རྟོག་པ་ཁོ་ན་ཡིན་ཏེ། གང་གི་ཕན་ཡོན་ནི་དང་པོར་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་གསུངས་པའོ། །དེ་ནས་འདི་ལྟ་སྟེ་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་རྟོགས་པ་དམན་པའི་རྣམ་པར་རྟོག་པའོ། །དེ་ནས་འདི་ལྟ་སྟེ་ཞེས་བྱ་བའི་ཚིག་བརྒྱད་ཀྱིས་ནི་རྣམ་པར་རྟོག་པ་བརྒྱད་དོ། །དྲུག་པ་དང་བྲལ་བས་ན་ཕ་རོལ་ཏུ་ཕྱིན་པ་ལྔའི་མིང་ཡང་མི་ཐོབ་པ་དེ་བས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཐོབ་པའི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་མི་འགྱུར་ཞིང་འཁོར་བར་ལྟུང་བར་འགྱུར་རོ། །ཞི་བ་ཡང་ཡོད་དེ་རྫས་སུ་ཡོད་པའི་འཛིན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་རྟོགས་པ་དམན་པའི་རྣམ་པར་རྟོག་པའོ། །ལྔ་པོ་དག་དྲུག་པས་ཡང་དག་པར་ཡོངས་སུ་གཟུང་ན་བདུད་ལ་སོགས་པས་མི་ཚུགས་པ་ཡིན་ལ། དྲུག་པ་མེད་ན་དེ་མེད་དོ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་མེད་པའི་རྣམ་པར་རྟོག་པའོ། །དེ་དག་དྲུག་པའི་གོ་བགོས་ན་བདུད་ལ་སོགས་པས་ཐུབ་པར་དཀའ་བ་ཡིན་ལ། དྲུག་པ་མེད་ན་དེ་མེད་དེ་ཞེས་བྱ་བ་ནི་སྒྲུབ་པའི་རྣམ་པ་མཚང་བའི་རྣམ་པར་རྟོག་པའོ། །རྐྱེན་གྱི་སྒྲ་ནི་རག་ལས་པའི་ཚིག་གོ །གཞན་གྱི་རྐྱེན་ཁོ་ནས་ཡིན་གྱི། རང་གི་རྒྱུད་དུ་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བར་ཡང་ཁོང་དུ་ཆུད་པར་བྱའོ། །དེ་བས་ན་དེ་དག་བྱང་ཆུབ་ཆེན་པོར་དྲུག་པ་ལ་རག་ལས་པ་ཁོ་ནས་ཡིན་གྱི། དྲུག་པ་མེད་པར་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་རྐྱེན་གྱིས་འགྲོ་བའི་རྣམ་པར་རྟོག་པའོ། །ཆུ་བོ་གང་གཱས་ཆུ་བྲན་གཞན་རྒྱ་མཚོར་འཇུག་པ་ལྟར་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བགྲོད་པར་བྱ་བའི་ཕྱིར་ལྔ་པོ་དག་གི་དྲུག་པ་ནི་ཆེད་དུ་བྱ་བ་ཡིན་ཏེ། དྲུག་པ་མེད་ན་མེད་དོ་ཞེས་བྱ་བ་ནི་ཆེད་དུ་བྱ་བ་ལྡོག་པའི་རྣམ་པར་རྟོག་པའོ། །དྲུག་པ་ནི་ཐམས་ཅད་དུ་བྱེད་པ་ཡིན་ལ་ལྔ་པོ་དག་ནི་


DTG088_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཡིན་པ་དེ་བས་ན་དྲུག་པ་མེད་པར་གང་ཟག་གི་རྫས་སུ་མི་དམིགས་སུ་ཟིན་ཀྱང་ཉོན་མོངས་པའི་སྒྲིབ་པ་ཟད་པར་འགྱུར་གྱི། ཤེས་བྱའི་སྒྲིབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཉི་ཚེ་བའི་རྣམ་པར་རྟོག་པའོ། །ལྔ་པོ་དྲུག་པའི་ནང་དུ་འདུས་པ་ནི་དྲུག་པ་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཉིད་ཐོབ་པར་འགྱུར་བ་དེ་བས་ན་དེ་དག་དྲུག་པ་དག་ལས་ཐ་མི་དད་ལ། དྲུག་པ་མེད་ན་ཐ་དད་པར་འགྱུར་རོ་ཞེས་བྱ་བ་ནི་སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོག་པའོ། །དཔེར་ན་འཁོར་ལོས་སྒྱུར་བའི་དཔུང་གི་ཚོགས་ནི་འཁོར་ལོ་རིན་པོ་ཆེ་འགྲོ་བ་དང་འདུག་པ་མེད་པར་གནས་པ་དང་འཇུག་པ་ལ་འགྲོ་ཞིང་གནས་པ་མེད་དེ། བདག་ཉིད་ཀྱིས་མི་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་དྲུག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་འགྲོ་བ་དང་དེ་ཉིད་ལ་གནས་ན་ལྔ་པོ་དྲུག་པའི་རྗེས་སུ་འབྲང་བ་ལ་དྲུག་པ་མེད་ན་མེད་དོ་ཞེས་བྱ་བ་ནི་གནས་པ་དང་འཇུག་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །མིག་དང་ལྡན་པ་བཞིན་དུ་དྲུག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་སྔོན་དུ་འགྲོ་བར་བྱེད་ལ་ཕྱིས་ལོང་བ་བཞིན་དུ་ལྔ་པོ་དེས་ཁྲིད་པར་འགྱུར་ཏེ། དྲུག་པ་མེད་ན་འགྲོ་བར་མི་འགྱུར་རོ་ཞེས་བྱ་བ་ནི་རྗེས་ལ་འགྲོ་བའི་རྣམ་པར་རྟོག་པ་སྟེ། འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པའི་ཕྱིར་རོ། །དེ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་དང་པོའི་རྣམ་པ་དགུ་གང་ཞེ་ན། འཛིན་དང་སོ་སོར་གཏོང་བ་དང༌། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་ཆར་ཉེ་བར་འབྲེལ་པ་དང༌། །གནས་དང་མངོན་པར་ཞེན་པ་དང༌། །ཆོས་ཀྱི་དངོས་པོར་བཏགས་པ་དང༌། །ཆགས་པ་དང་ནི་གཉེན་པོ་དང༌། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་གསུངས་ཏེ། འཛིན་པ་དང་སོ་སོར་གཏོང་བ་ལ་སོགས་པ་དགུའི་ཆོས་ལ་འཛིན་པ་རྫས་ཀྱི་རྣམ་པར་རྟོག་པ་ནི་འཛིན་པའི་རྣམ་པར་རྟོག་པ་དགུའོ། །དེ་དག་ཀྱང་འཕགས་པ་དག་གིས་སྤངས་པ་ཉིད་ཀྱི་ཕྱིར་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ། །དེ་དག་གི་གཉེན་པོ་ནི་མདོ་ཇི་ལྟ་བ་བཞིན་དུ་དྲུག་པ་སྟེ། རྣམ་པར་མི་རྟོག་པའོ། །དེ་ལ་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། མི་འཛིན་མི་གཏོང་ངོ་ཞེས་བྱ་བའི་བར་ནི་


DTG088_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང་གཏོང་བའི་རྣམ་པར་རྟོག་པ་སྟེ། གཉེན་པོའི་ཕྱོགས་དང་བཅས་པར་བརྗོད་དོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་ནི་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཆོས་གང་དང་ཡང་འདྲེ་བར་མི་བྱའོ་ཞེས་བྱ་བའི་བར་གྱིས་ཁམས་གསུམ་ཆར་དང་ཉེ་བར་འབྲེལ་པའི་རྣམ་པར་རྟོག་པའོ། །གསོལ་བ། བཅོམ་ལྡན་འདས་ཞེས་བྱ་བ་ནས། གནས་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་གནས་པའི་རྣམ་པར་རྟོག་པའོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་གྱིས་མངོན་པར་ཞེན་པའི་རྣམ་པར་རྟོག་པའི། །གལ་ཏེ་ཡང་ཞེས་བྱ་བ་ནས། དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་དངོས་པོར་བཏགས་པ་ནི་རྣམ་པར་རྟོག་པའོ། །དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། སྤྱོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཆགས་པའི་རྣམ་པར་རྟོག་པའོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གཉེན་པོའི་རྣམ་པར་རྟོག་པའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། དེར་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ལས་ཉམས་པའི་རྣམ་པར་རྟོག་པའོ། །དེ་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུའོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་གང་ཞེ་ན། ཆེད་བཞིན་ངེས་པར་མི་འབྱུང་དང༌། །ལམ་དང་ལམ་མིན་ངེས་འཛིན་མེད། །འགག་དང་བཅས་པའི་སྐྱེ་བ་དང༌། །དངོས་པོ་ལྡན་དང་མི་ལྡན་དང༌། །གནས་དང་རིགས་ནི་འཛིན་པ་དང༌། །དོན་དུ་གཉེར་དང་རྒྱུ་མེད་དང༌། །ཕྱིར་རྒོལ་བ་དང་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་གསུངས་ཏེ། བཏགས་པར་ཡོད་པའི་འཛིན་པ་མི་དམིགས་པ་ནི་འདིར་དྲུག་པའོ། །དེ་མེད་པ་ནི་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཐལ་བར་འགྱུར་བ་དགུ་ནི་རྣམ་པར་རྟོག་པ་དགུ་པའོ། །དེ་དག་ཀྱང་སོ་སོའི་སྐྱེ་བོའི་ཆོས་མ་ཡིན་ཏེ། དེ་དག་ལ་དང་པོ་ཉིད་ཡོད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ནི་སུའི་ཞེ་ན། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཡིན་ཏེ། དེ་དག་


DTG088_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི་མ་སྤངས་པ་ཉིད་ཀྱི་ཕྱིར་རོ། །མདོ་ཇི་ལྟ་བ་བཞིན་དུ་དེ་དག་གི་གཉེན་པོའི་ཕྱོགས་ནི་དྲུག་པ་དེ་ཁོ་ན་ཡིན་ཏེ། །སངས་རྒྱས་ཀྱི་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་ཕྱིར་དྲུག་པ་ནི་ལྔ་པོ་དག་གི་ཁ་ལོ་སྒྱུར་བ་ཡིན་ལ། དྲུག་པ་མེད་ན་དམན་པའི་བྱང་ཆུབ་ལ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཆེད་ཇི་ལྟ་བ་བཞིན་ངས་པར་མི་འབྱུང་བའི་རྣམ་པར་རྟོག་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། མཉམ་པ་ནས་འགྲོའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའི་ལམ་ལ། ཉན་ཐོས་ལ་སོགས་པའི་ལམ་ནི་དེ་དག་གི་ལམ་མ་ཡིན་ནོ་ཞེས་བྱ་བ་ནི་ལམ་དང་ལམ་མ་ཡིན་པ་ངེས་པར་གཟུང་བ་ཡིན་ལ། དྲུག་པ་མེད་པར་དེ་མེད་དོ་ཞེས་བྱ་བ་ནི་ལམ་དང་ལམ་མ་ཡིན་པ་ལ་ངེས་པར་འཛིན་པ་མེད་པའི་རྣམ་པར་རྟོག་པ་སྟེ། ཚིག་སྔ་མའི་མཇུག་ལ་དགག་པའི་ཡི་གེ་སྦྱར་ཏེ་ཡོད་པས་སོ། །གསོལ་བ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ལམ་དང་ལམ་མ་ཡིན་པའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་སྐྱེ་བའམ་འགག་པ་མ་ཡིན་པ་ལ་དྲུག་པ་མེད་ན་སྐྱེ་བ་དང་འགག་པར་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་བ་དང་འགོག་པའི་རྣམ་པར་རྟོག་པ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་དག་ལ་ཇི་ལྟར་བརྩོན་པར་བྱ་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་རོ། །དྲུག་པ་མེད་ན་དེ་མེད་དོ་ཞེས་བྱ་བ་ནི་ལྡན་པ་དང་མི་ལྡན་པའི་རྣམ་པར་རྟོག་པ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། བརྩོན་པར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ནི་བརྩོན་པ་ཡིན་ལ། དྲུག་པ་མེད་ན་དེ་དག་ལ་གནས་པར་འགྱུར་བ་ཞེས་བྱ་བ་ནི་གནས་པའི་རྣམ་པར་རྟོག་པ་སྟེ། རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །


DTG088_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ནི་ས་བོན་ཡིན་ཏེ། དེ་འདིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ་དྲུག་པ་མེད་ན་དེ་རྣམ་པར་འཇིག་པར་འགྱུར་རོ་ཞེས་བྱ་བ་ནི་རིགས་འཇིག་པའི་རྣམ་པར་རྟོག་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། འཁོར་བ་ལས་ཡོངས་སུ་བསྒྲལ་བར་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །གཞན་གྱི་དྲིང་མི་འཇོག་པར་འདོད་པ་ལ་སོགས་པའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །དྲུག་པ་མེད་ན་དོན་དུ་གཉེར་བ་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ནི་དོན་དུ་གཉེར་བ་མེད་པའི་རྣམ་པར་རྟོག་པ་སྟེ། རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ནས། སྨྲའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་གྱི། དྲུག་པ་དང་བྲལ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མེད་པའི་རྣམ་པར་རྟོག་པ་སྟེ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དྲུག་པ་ལ་སྤྱོད་ན་བདུད་ལ་སོགས་པས་ཐུབ་པར་དཀའ་བ་དང༌། དུས་གསུམ་གྱི་དེ་བཞིན་གཤེགས་པས་དགོངས་པ་མཛད་དེ། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །དྲུག་པ་མེད་ན་དེ་གཉི་ག་མེད་དོ་ཞེས་བྱ་བའི་བར་ནི་ཕྱིར་རྒོལ་བ་དང་དམིགས་པ་དག་ལ་རྣམ་པར་རྟོག་པ་སྟེ། རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས་དགོངས་པར་མི་མཛད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པར་རྟོག་པ་དགུ་བསྟན་པའོ། །དེ་ལྟར་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་དང་དེའི་གཉེན་པོའི་ཕྱོགས་མཐོང་བའི་ལམ་བསྟན་ནས། མཐོང་བའི་ལམ་དེ་ཉིད་ཀྱི་ཕན་ཡོན་ཉིད་ནི་དེ་ནས་ལྷའི་དབང་པོ་ཞེས་བྱ་བ་ནས། སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལ་མཐོང་བའི་ལམ་གྱི་དེ་མ་ཐག་ཉིད་དུ་བྱང་ཆུབ་པ་ནི་མ་ཡིན་ཏེ། ས་དགུ་པ་དག་གིས་བར་དུ་ཆོད་པའི་ཕྱིར་རོ། །དེ་ཙམ་གྱིས་བར་དུ་ཆོད་དུ་ཟིན་ཀྱང་གདོན་མི་ཟ་བར་འགྱུར་བའི་ངེས་པ་རྟོགས་པར་ཡང་ནུས་པ་མ་ཡིན་ནོ་ཞེ་ན། འདིར་ནུས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་རྒྱུ་གསུམ་


DTG088_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །དེ་ཐོབ་པར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་གསུངས་ཏེ། བར་ཆད་དང་བྲལ་ཞིང་འདི་ལ་དེ་མེད་པས་ན་བར་ཆད་མེད་པ་སྟེ། མེད་ན་མི་འབྱུང་བ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་འཐོབ་པར་འགྱུར་བ་མེད་ན་མེད་པར་འགྱུར་བ་གང་ཡིན་པ་དེ་ནི་དེ་ཐོབ་པ་ལ་བར་ཆད་མེད་པའི་རྒྱུ་སྟེ། དེ་རྟོགས་པར་བྱེད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་ལ་དང་པོ་ནི་གང་བྱང་ཆུབ་ལ་གཞན་སྟོན་པ་ཡིན་ཏེ། ལུང་སྟོན་པའོ། །གཞན་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་གནས་པའི་དགེ་སློང་བརྒྱ་ཕྲག་དྲུག་ཅུ་ལ་སྟེ། དེ་ནས་འཁོར་དེའི་ནང་ནས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པའོ། དེའི་རྒྱུ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ད་ལྟར་བྱུང་བ་དང་མ་འོངས་པ་དག་ལ་བྱང་ཆུབ་ཀྱི་རྒྱུ་དོན་དུ་གཏོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་དགའ་བོ་ཐོས་པ་འཛིན་པ་ལ་གཏད་པ་གང་ཡིན་པ་དེ་ནི་རྒྱུ་གཉིས་པ་སྟེ། ཀུན་དགའ་བོ་རིགས་ཀྱི་བུའམ་ཞེས་བྱ་བ་ནས། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་སྦྱོར་བས་བསོད་ནམས་མང་པོའི་མཚན་ཉིད་ནི་རྒྱུ་གསུམ་པ་སྟེ། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཚད་མེད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །ཡང་ན་མཐོང་བའི་ལམ་ནི་བྱང་ཆུབ་ཐོབ་པ་དེ་མ་ཐག་ཏུ་སྐྱེད་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་གསུངས་ཏེ། དྲི་མ་ཞེས་བྱ་བ་ནི་ཉོན་མོངས་པ་དང་རྣམ་པར་རྟོག་པ་དག་གོ །ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ནི་བྱང་ཆུབ་བོ། །དེ་ནི་མཐོང་བས་སྤངས་པ་དེ་དག་མཐོང་བའི་ལམ་གྱི་དེ་མ་ཐག་ཏུ་འགྱུར་རོ་ཞེས་བྱ་བ་དེ་ལ་ལྟོས་ནས་བར་ཆད་མེད་པའི་རྒྱུ་ཉིད་ཡིན་ནོ། །དེ་ལ་ཆོས་རྣམས་ཀྱི་ཟད་པ་མེད་པར་ཤེས་པ་ནི་ཟད་པ་ཤེས་པ་ཡིན་ལ། སྐྱེ་བ་དངོས་པོ་མེད་པར་ཤེས་པ་ནི་སྐྱེ་བ་ཤེས་པ་སྟེ། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས།


DTG088_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ངས་བསྟན་པ་ནི་འདི་ཡིན་ནོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་ག་ལས་ཤེས་ཤེ་ན། སངས་རྒྱས་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱུང་བའི་ཕྱིར་རོ་ཞེས་གསུངས་ཏེ། འདི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་དེ་ལ་ཟད་པ་དང་མི་སྐྱེ་བ་ཤེས་པ་ཉིད་དུ་ཇི་ལྟར་གསུངས་ཤེན། ཡུལ་མི་ཟད་པ་ཉིད་ཀྱིས་མི་ཟད་པ་ཉིད་དུ་གསུངས་པའི་ཕྱིར་རོ། །དེ་དག་ཀྱང་གང་ལས་ཤེ་ན། ཆོས་དེ་དག་ཀྱང་སྐྱེ་བ་མེད་དེ། གང་སྐྱེ་བ་མེད་པ་དེ་ལ་ཟད་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་དེ་ནི་བྱང་ཆུབ་ཀྱི་མཚན་ཉིད་མདོར་བསྡུས་པས་བསྟན་པའོ། །དབང་པོ་རྟུལ་པོའི་དབང་དུ་མཛད་ནས་ལྗགས་བཀྲམ་པས་དེ་དག་གི་དད་པ་སྐྱེད་པ་དང༌། ཕན་ཡོན་བསྟན་པས་སྤྲོ་བ་བསྐྱེད་པ་གསུངས་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་སངས་རྒྱས་བར་བྱང་ཆུབ་ཀྱི་མཚན་ཉིད་གསུངས་ཏེ། འདི་ནི་ཟབ་པོ་ཞེས་བྱ་བ་ནི་ཟད་པ་དང་སྐྱེ་བ་མེད་པར་ཤེས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་པོ། །ནམ་མཁའ་མི་ཟད་པའི་ཕྱིར་ཞེས་བྱ་བ་ནི་བསྟན་པའོ། །གཟུགས་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་དེ་བཞིན་ཉིད་ཙམ་དུ་ཡིན་པ་ཉིད་ཀྱིས་མི་ཟད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་དེ་བཞིན་ཉིད་ཙམ་དུ་སོ་སོར་སྣང་བར་གྱུར་བ་ནི་གཟུགས་ལ་སོགས་པ་ནམ་མཁའ་ལྟ་བུའོ། །དེ་ཟད་མི་ཤེས་པས་ཞེས་བྱ་བ་ནི་བཤད་པའོ། །དེ་མན་ཆད་ཕན་ཡོན་ཡིན་ནོ། །ཇི་ལྟར་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་པ་ནི་ཞི་བའི་རྒྱུར་འགྱུར་གྱི། མངོན་པར་མཐོ་བའི་རྒྱུ་དང་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྔོ་བའི་ཐབས་ལ་མཁས་པ་དེས་ལན་བཏབ་པ་ཡིན་ནོ། །དེ་ནི་བྱང་ཆུབ་ཀྱི་མཚན་ཉིད་རྒྱས་པའོ། །དེ་ལྟར་བསྡུས་པ་དང་རྒྱས་པས་ཟད་པ་དང༌། སྐྱེ་བ་མེད་པའི་ཤེས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཀྱང་བསྟན་པ་ཡིན་ནོ། །གཞན་དག་ནི་སྔོན་བྱུང་བའི་


DTG088_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་པ་དག་གཉེན་པོའི་ཕྱོགས་ཀྱིས་ཟད་པར་བྱས་པ་དང༌། མ་འོངས་པ་མི་སྐྱེ་བར་བྱས་པ་དག་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་བྱང་ཆུབ་ཡིན་ནོ་སྙམ་དུ་སེམས་པ་དེ་བསྟན་བཅོས་མཛད་པས་གསལ་བར་བྱ་བའི་ཕྱིར། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །སྟོན་པ་ལ་ཡང་ཤེས་བྱ་ཡིས། །སྒྲིབ་པ་ཟད་པར་བརྗོད་པ་གང༌། །དེ་ལ་ཁོ་བོས་མཚར་དུ་བརྩིས། །འདི་ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བ་གསུངས་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པ་ནི་ཆོས་རྣམས་ཀྱི་རང་བཞིན་ཏེ། རང་གི་ངོ་བོའོ། །དེ་ཡང་ཐོག་མ་དང་ཐ་མ་མེད་པའོ། །དེ་བས་ན་མཐོང་བའི་ལམ་གྱིས་རྣམ་པར་རྟོག་པའི་རིགས་ཅི་ཞིག་ཟད་པའམ་སྐྱེ་བ་མེད་པ་གང་ཡང་ཐོབ་པ་མེད་དོ། །ཇི་ལྟར་ཆོས་རྣམས་ཀྱི་མཚན་ཉིད་ནི་ཡོད་པ་ཡིན་ལ་དེ་བཞིན་དུ་སྟོན་པ་དེ་དག་གི་ཤེས་བྱའི་སྒྲིབ་པ་ཟད་པ་ཡིན་ནོ་ཞེས་གཞན་གྱིས་བརྗོད་པ་གང་ཡིན་པ་འདི་ལ་ཁོ་བོས་ངོ་མཚར་དུ་བརྩིས་པ་ཡིན་ཏེ། དེ་དག་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་མ་ཡིན་ཏེ། དཔྱད་མི་བཟོད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཤེས་བྱའི་སྒྲིབ་པ་ཡང་ཟད་པ་མ་ཡིན་ཏེ། ཁྱད་པར་བྱེད་པ་ལོག་པའི་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ཕྱོགས་སུ་མི་རུང་བའི་ཕྱིར་རོ། །གང་གི་ཕྱིར་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་སྣ་ཚོགས་པ་ཆོས་ཉིད་ཙམ་ཡིན་པའི་རྒྱུ་དེའི་ཕྱིར་མི་མཐུན་པའི་ཕྱོགས་སུ་གྱུར་པ་བསལ་ཞིང་དོར་བར་བྱ་བ་ཅི་ཡང་མེད་ཅིང༌། གཉེན་པོའི་ཕྱོགས་སུ་གྱུར་པ་བསྣན་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། སྐྱེ་བ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་བྱ་ཞེ་ན། ཡང་དག་ཉིད་དུ་ཡང་དག་ལྟ་སྟེ། སྣ་ཚོགས་པ་ཆོས་ཀྱི་དབྱིངས་ཙམ་ཉིད་དུ་དེ་ལྟར་བལྟ་བར་བྱའོ། །དེ་དེ་ལྟར་མཐོང་ན་ཤེས་བྱའི་སྒྲིབ་པ་ལས་ཀྱང་གྲོལ་བར་འགྱུར་རོ། །དེ་ལ་འདིར་མཐོང་བའི་ལམ་གྱི་སྐད་ཅིག་མ་དུ་ཞེ་ན། སྦྱིན་པ་ལ་སོགས་རེ་རེ་ལ། །དེ་དག་ཕན་ཚུན་བསྡུས་པ་གང༌། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ།།


DTG088_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་གསུངས་ཏེ། འདིར་ཞེས་བྱ་བ་ནི་རྩེ་མོའི་མངོན་པར་རྟོགས་པ་ལའོ། །སྐད་ཅིག་མ་གཅིག་ནི་མཐོང་བའི་ལམ་མོ། །དེ་ཡང་བཟོད་པས་བསྡུས་པ་ཡིན་གྱི་ཤེས་པས་ནི་མ་ཡིན་ནོ། །རེ་རེའི་སྒྲ་ལས་རང་གི་དོན་ལ་ཟློས་པའི་རྐྱེན་བྱུང་བ་དེ་བས་ན། སྦྱིན་པ་ལ་སོགས་རེ་རེ་ལ་གནས་པའོ། །དེ་དག་ཅེས་བྱ་བ་ནི་རང་ལས་གཞན་པ་ལྔ་པོ་དག་བསྡུས་པ་གང་ཡིན་པའོ། །ཕན་ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་གོ །རེ་རེ་ནི་དྲུག་ཚན་ཏེ། བསྡུ་བར་བྱ་བ་དང་སྡུད་པར་བྱེད་པ་དག་དྲུག་ཚན་ནང་འཁྲུལ་པའི་ཕྱིར་རོ། །དེ་ནི་མཐོང་བའི་ལམ་ཡིན་ཏེ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ན་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་དུ་གང་གསུངས་པའོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྡུས་ནས་གང་གསུངས་པ་དེ་བསྟན་བཅོས་མཛད་པས། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་བྱ་བ་གསུངས་ཏེ། དོན་ལས་ཅུང་ཞིག་ཉུང་བ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་དྲུག་ཚན་དྲུག་པའི་ཅུང་ཞིག་ཉུང་བ་ལས་འོག་ཏུ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་སེམས་དཔའ་དེ་མདོ་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་རྟོག་པར་བྱེད་དོ། །ལུགས་མི་མཐུན་ཞེས་བྱ་བ་ནི་ལུགས་ལས་བཟློག་པའོ། །སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དེ་ཡང་མདོ་དྲུག་ཚན་དྲུག་པའི་འོག་ཏུ་གསུངས་ལ་དེའི་འོག་ཏུ་ཐོད་རྒལ་གྱི་ཏིང་ངེ་འཛིན་གསུངས་ཏེ། ཐོད་རྒལ་དེ་ནི་བསྒོམ་པའི་ལམ་ཡིན་ནོ། །དེ་ཡང་བསྟན་བཅོས་མཛད་པས། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་རྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་བྱ་བ་གསུངས་ཏེ། ཡིན་


DTG088_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ལྷག་མའོ། །ཇི་ལྟར་ཡིན་ཞེ་ན། སྙོམས་པར་འཇུག་པ་དགུར་རྣམ་པ་གཉིས་སུ་སོང་ནས་སོ། །ཇི་ལྟར་དགུར་སོང་ནས་ཤེ་ན། འགོག་པའི་བར་དུའོ། །འགོག་པའི་མཐར་བྱས་པ་ནི་བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་འགྲོ་བ་གཅིག་ཡིན་ཏེ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོད་རྒལ་གྱི་ཏིང་ངེ་འཛིན་གང་ཞེ་ན་ཞེས་བྱ་བ་ནས། འདུ་ཤེས་དང་ཚོར་བ་འགོག་པ་ཉེ་བར་བསྒྲུབས་ཏེ་གནས་ཏེ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །ཇི་ལྟར་ན་ཡང་དགུར་སོང་བ་ཡིན་ཞེ་ན། འགོག་པ་དང་བཅས་པའི་གཅིག་དང༌། གཉིས་དང་གསུམ་དང༌། བཞི་དང་ལྔ་དང༌། དྲུག་དང་བདུན་དང༌། བརྒྱད་རྣམ་པར་རྒལ་བའི་བར་དུའོ། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་སེམས་ཀྱི་མཐར་ཐུག་པར་འགྲོ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ནི་འགྲོ་བ་གཉིས་པ་སྟེ། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བ་ནས། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །འདིར་སྙོམས་པར་འཇུག་པ་བརྒྱད་པོ་རེ་རེ་ཞིང་འགོག་པའི་རྗེས་ལ་སྙོམས་པར་འཇུག་པ་ཡིན་ལ། དགུ་པ་ལ་ནི་སྙོམས་པར་འཇུག་པར་མི་ནུས་ཏེ། འགོག་པ་ལས་འགོག་པར་ལྡང་བ་ནི་མི་རིགས་པའི་ཕྱིར་རོ། །དེ་བས་ན་ཉེ་བའི་ཕྱིར་དང་ཤུགས་ཀྱིས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ནས་དེ་ལས་ལངས་ཏེ། འགོག་པ་ལ་སྙོམས་པར་ཞུགས་ཤིང་དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ་ཞེས་བྱ་བ་ནི་སོང་བ་གཉིས་ཏེ་རྫོགས་སོ།། །།འོངས་ནས་ཞེས་བྱ་བ་ནི་གང་དུ་སོང་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དེ་ལས་འོངས་པ་དེ་ཉིད་ནི་སྙོམས་པར་འཇུག་པ་དགུ་ཡིན་ནོ། །ཅི་འདྲ་བར་གྱུར་པ་ཞེ་ན། མི་འདྲ་བར་འགྲོ་བ་ནི་རིགས་མི་འདྲ་བར་འགྲོ་བ་སྟེ། མཉམ་པར་


DTG088_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞག་པ་ལས་མཉམ་པར་མ་བཞག་པ་དང་མཉམ་པར་བཞག་པ་ལས་མཉམ་པར་མ་བཞག་པར་འཕོས་པར་གྱུར་ཞེས་བྱ་བའི་དོན་ཏོ། །འོངས་ནས་ཞེས་བྱ་བ་འདི་ལ་ཡང༌། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཞེས་བྱ་བ་དེ་དག་རྗེས་སུ་སྦྱར་རོ། །དེ་བས་ན་བསམ་གཏན་དང་པོ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་ལྟར་གཉིས་སུ་སོང་བའི་འོག་ཏུ་ལན་ཅིག་ཕྱིར་འོང་བ་སྟེ། མཉམ་པར་མ་བཞག་པའི་སེམས་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བ་ནས། བསམ་གཏན་དང་པོ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་སྟེ། གཉིས་སུ་སོང་བ་ལས་ལན་ཅིག་ཕྱིར་འོང་བའོ། །གལ་ཏེ་ཐོད་རྒལ་ལ་སྙོམས་པར་འཇུག་པ་ནི་ཏིང་ངེ་འཛིན་ཡིན་ན། ཇི་ལྟར་མཉམ་པར་མ་བཞག་པའི་སེམས་དང་མི་འགལ་ཞེ་ན། སྙོམས་པར་འཇུག་པ་པོ་འཕོ་བ་ལ་སྙོམས་པར་འཇུག་པ་ཉེ་བར་བཏགས་པའི་ཕྱིར་འགལ་བ་ཡོད་པ་མ་ཡིན་ནོ། །མདོ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་འདིའི་ལས་ནི་དེ་ཐོད་རྒལ་གྱི་ཏིང་ངེ་འཛིན་འདི་ལ་ཞེས་བྱ་བ་ནས། ཐོབ་པར་བྱེད་དེ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །དེ་ལྟར་བསྒོམ་པའི་ལམ་བསྟན་ནས། །བསྒོམ་པས་སྤང་བར་བྱ་བ་སུམ་ཅུ་རྩ་དྲུག་བརྗོད་པར་བྱའོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །བསྟང་བས་ཡོངས་སུ་མ་བཟུང་དང༌། །དུས་གསུམ་ཡོན་ཏན་མེད་པ་དང༌། །ལེགས་པའི་ལམ་ནི་རྣམ་གསུམ་དང༌། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་བྱ་བ་གསུངས་ཏེ། གཅིག་སྟེ་ཞེས་བྱ་བ་ནི་དང་པོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་གང་ཡིན་པ་དེ་ནི་རྣམ་པ་སྟེ། ཁྱད་པར་གང་ཡིན་པ་དེའི་སྤྱོད་ཡུལ་ཅན་ཏེ། དེའི་ཡུལ་ཅན་ནོ། །མདོར་བསྡུས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དེ་བཞིན་ཉིད་ལ་སོགས་པའི་སྤྱིའི་མཚན་ཉིད་ཀྱིས་སོ། །རྒྱས་པར་ནི་རང་གི་མཚན་ཉིད་ཀྱིས་སོ། །དེ་དག་མི་ཤེས་པ་ནི་བསྡུས་པ་དང་རྒྱས་པའི་རྣམ་པར་རྟོག་པའོ།།


DTG088_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་གི་གཉེན་པོ་དང་ནི་གནས་མང་པོ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནས། འདོད་པར་གཏོགས་པའི་ཞེས་བྱ་བའི་བར་གྱིས་གསུངས་སོ། །སངས་རྒྱས་ཀྱི་བསྟང་བས་ཡོངས་སུ་གཟུང་བ་གང་ཡིན་པ་དེ་མེད་པར་རྣམ་པར་རྟོག་པ་ནི་རྟོག་པའོ། །གང་གི་གཉེན་པོ་ནི་གལ་ཏེ་ཇི་སྐད་དུ་བསྟན་པ་ཞེས་བྱ་བ་ནས། དེ་དག་ཀྱང་འདི་ལས་བྱུང་ངོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དུས་གསུམ་ཡོན་ཏན་མེད་པ་དང༌། །ཞེས་བྱ་བ་ནི་ཕན་ཡོན་མེད་པའོ། །སྦྱོར་བའི་ལམ་གྱི་དུས་དང་མཐོང་བའི་ལམ་གྱི་དུས་དང་བསྒོམ་པའི་ལམ་གྱི་དུས་ཀྱི་ཡོན་ཏན་མེད་པར་རྣམ་པར་རྟོག་པ་ནི་རྟོག་པའོ། །གང་གི་གཉེན་པོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེ་ལ་ལེགས་པ་འདི་དག་ཡོད་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ལེགས་པའི་ལམ་ནི་རྣམ་གསུམ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ལམ་རྣམ་པ་གསུམ་སྟེ། སྦྱོར་བ་དང་མཐོང་བ་དང་བསྒོམ་པ་ཞེས་བྱ་བ་སྟེ། དེ་མི་ཤེས་པ་ནི་རྣམ་པར་རྟོག་པའོ། །གང་གི་གཉེན་པོའི་ཕྱོགས་ནི་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་དང༌། གང་ཡང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ལྟར་ན་གཟུང་བའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་བསྟན་པའོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་ཡུལ་གང་ཞེ་ན། །གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །དེ་དག་གང་ལས་དང་རྣམ་པ་དགུ་གང་ཞེ་ན། གང་གི་ཕྱིར། སེམས་མི་སྐྱེ་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། །ཐེག་པ་དམན་པ་ཡིད་བྱེད་དང༌། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་བསྒོམ་པ་མེད་པ་དང༌། །དེ་དག་ལས་ནི་བཟློག་ཉིད་དང༌། །ཇི་བཞིན་དོན་མིན་རྣམ་རྟོག་པ། །བསྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་བྱ་བ་འདི་ནི་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བའི་བར་གྱིས་གང་གསུངས་པ་ཡིན་ནོ། །དེ་ལ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཞེས་བྱ་བས་ནི་བྱང་ཆུབ་ཏུ་སེམས་མི་སྐྱེད་པའི་རྣམ་པར་རྟོག་པའོ། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་


DTG088_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་དུ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ལ་སོགས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པའོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་བསྒོམ་པའི་རྣམ་པར་རྟོག་པའོ། །གསོལ་པ། འོ་ན་ཅི་ལགས། མ་བསྒོམ་པས་ཞེས་བྱ་བ་ལ་སོགས་པ་བསམ་བསྒོམས་པའི་རྣམ་པར་རྟོག་པའོ། །གསོལ་པ། འོ་ན་ཅི་ལགས། བསྒོམས་ཀྱང་བསྒོམས་ལ་ཞེས་བྱ་བ་ལ་སོགས་པས་བསྒོམས་པ་ཡང་མ་ཡིན་ལ་མ་བསྒོམས་པ་ཡང་མ་ཡིན་པའི་རྣམ་པར་རྟོག་པའོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཅི་ལགས་ཞེས་བྱ་བ་ལ་སོགས་པས་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའོ་ཞེས་བྱ་བ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུའོ། །འཛིན་པའི་རྣམ་པར་རྟོག་པ་དང་པོ་དགུ་ཇི་ལྟ་བུ་ཞེ་ན། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །ཆོས་བཏགས་པ་དང་སྟོང་ཉིད་མིན། །ཆགས་དང་རབ་འབྱེད་བདག་ཉིད་དང༌། །དངོས་པོར་བྱེད་དང་ཐེག་གསུམ་དང༌། །ཡོན་ནི་དག་པ་མ་ཡིན་དང༌། །སྤྱོད་པ་རྣམ་པར་འཁྲུག་པ་ལ། །འཛིན་པར་བྱེད་པ་དང་པོར་དེ། །ཤེས་པར་བྱ་བ་བསྒྲག་པ་ཡིན། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་དག་ཏུ་ཐ་སྙད་དུ་བྱེད་པ་ཞེས་བྱ་བ་ནི་སེམས་ཅན་བཏགས་པའི་རྣམ་པར་རྟོག་པ་སྟེ། གང་གིས་གཉེན་པོ་ནི་གསོལ་པ། ཆོས་ཀྱི་དབྱིངས་ཇི་ལྟ་བུ་ལགས་ཞེས་བྱ་བ་ནས། ཆོས་ཐམས་ཅད་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་ར། །གཟུགས་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསླབ་པར་བགྱིའམ་ཞེས་བྱ་བའི་བར་གྱིས་ནི་ཆོས་སུ་བཏགས་པའི་རྣམ་པར་རྟོག་པ་གསུངས་སོ། །དབྲི་བ་མེད་པ་དང་བསྣན་པ་མེད་པ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་སོ། །དེ་གང་ཡིན་པ་གཉི་ག་ནི་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་མཐོང་བས་མངོན་པར་འདུ་བྱ་བ་མེད་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་


DTG088_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་མ་ཡིན་པ་ཞེས་བྱ་བ་ནི་སྟོང་པ་མ་ཡིན་པ་ཉིད་ཀྱི་རྣམ་པར་རྟོག་པ་སྟེ། གང་གི་གཉེན་པོའི་ཕྱོགས་ནི་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། རབ་འབྱོར་འདི་དག་ནི་གཉིས་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཆོས་རྣམས་ལ་དམིགས་པའམ་ཆོས་རྣམས་མི་དམིགས་པར་དམིགས་པ་ཞེས་བྱ་བ་ནི་ཆགས་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་སྟེ། ཆགས་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །དམིགས་པ་དང་མི་དམིགས་པ་གང་གིས་མཉམ་པ་ཉིད་ནི་གཉེན་པོའི་ཕྱོགས་ཏེ། གཉི་ག་དམིགས་སུ་མེད་པའི་ཕྱིར་འདི་ལྟ་སྟེ། གསོལ་པ། བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །འདི་ནི་གཟུགས་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བར་ནི་ཆོས་རྣམ་པར་འབྱེད་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་སྟེ། དེའི་གཉེན་པོའི་ཕྱོགས་ཇི་ལྟར་དམིགས་སུ་མེད་པ་དེ་ལྟར་དེ་དག་རབ་ཏུ་དབྱེ་བར་བྱའོ་ཞེས་བྱ་བ་གང་ཡིན་པའོ། །གཉི་ག་ནི་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས། དེ་ལྟར་ཆོས་ཐམས་ཅད་རྟོགས་པར་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །གཟུགས་ལ་སོགས་པའི་དངོས་པོ་གཟུགས་ཀྱི་དོན་དུ་བཅོམ་ལྡན་འདས་མ་ལ་སྤྱོད་ཅེས་བྱ་བ་ནི་དངོས་པོའི་ཆེད་ཀྱི་རྣམ་པར་རྟོག་པའོ། །གཟུགས་ཀྱི་དོན་དུ་མི་སྤྱོད་དོ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཉེན་པོའི་ཕྱོགས་སོ། །གཉི་ག་ནི་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས། མ་བྱས་རྣམ་པར་མ་བྱས་མངོན་པར་འདུ་མ་བྱས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཐེག་པ་གསུམ་ལ་གནས་པས་ཞེས་བྱ་བས་ནི་ཐེག་པ་གསུམ་གྱི་རྣམ་པར་རྟོག་པ་ཡིན་ལ། དེའི་གཉེན་པོའི་ཕྱོགས་ནི་ཆོས་ཅུང་ཟད་གནས་པ་ཡང་མི་དམིགས་སོ་ཞེས་བྱ་བ་གང་ཡིན་པའོ། །དེ་གཉི་ག་ནི་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས། སྤྲུལ་པ་ལྟ་བུར་ཡིད་ཆེས་པར་བྱས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །གལ་


DTG088_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་བཞིན་གཤེགས་པ་སྤྲུལ་པ་ལྟ་བུ་ཡིན་ན་དེ་ལ་ཇི་ལྟར་ཡོན་དག་པར་འགྱུར་ཞེས་བྱ་བ་ནི་ཡོན་མ་དག་པའི་རྣམ་པར་རྟོག་པ་ཡིན་པ་དེ་བཞིན་གཤེགས་པའི་མིང་དང་དེ་བཞིན་གཤེགས་པའི་ཆོས་ཉིད་ཚད་མར་བྱས་ནས་ཞེས་བྱ་བ་གང་ཡིན་པ་ནི་གཉེན་པོའི་ཕྱོགས་སོ། །གཉི་ག་ནི་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སྤྲུལ་པ་ཞེས་བྱ་བ་ནས། བྱེ་བྲག་གང་ཡང་མེད་པར་བྱ་སྟེ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་ཉིད་ལ་འཇུག་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ་ཞེས་བྱ་བ་ནི་སྤྱོད་པ་རྣམ་པར་འཁྲུག་པའི་རྣམ་པར་རྟོག་པའོ། །རྣམ་པར་འཁྲུག་པ་ནི་ཐ་དད་པར་འབྱེད་པ་སྟེ། དེ་ཉིད་རྣམ་པར་རྟོག་པའོ། །གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་དེ་ལྟར་ཞེས་བྱ་བ་ནས། གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་ནས། རྣམ་པར་འཁྲུག་པ་མི་བྱའོ་ཞེས་བྱ་བའི་བར་གྱིས་གཉེན་པོའི་ཕྱོགས་བསྟན་པའོ། །འཁྲུག་པའི་རྣམ་པར་རྟོག་པ་ནི་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱའོ། །དེའི་འོག་ནས་རབ་འབྱོར་གྱི་ཚིག་གིས་བརྒལ་བ་དང༌། བཅོམ་ལྡན་འདས་ཀྱི་བཀས་ལན་བཏབ་པ་ཡིན་ནོ། །ཇི་ལྟར་འཛིན་པའི་རྣམ་པར་རྟོག་པ་དང་པོ་དགུ་བསྟན་ནས། འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་དབང་དུ་མཛད་དེ། སེམས་ཅན་བཏགས་དང་དེ་ཡི་རྒྱུ། །ཡུལ་ཅན་བསྒོམ་པའི་ལམ་འབྲེལ་བ། །དེ་ལ་གནོད་པར་བྱེད་པ་ཡིས། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་དུ་བཏགས་པ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པར་བཏགས་པའོ། །དེའི་རྒྱུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའོ། །དེ་དག་གི་ཡུལ་འབྲེལ་པ་ཇི་ལྟ་བ་བཞིན་དུ་འདིའི་ཡུལ་ཡིན་པས་ན་དེའི་ཡུལ་ཅན་ནོ། །བསྒོམ་པའི་ལམ་འབྲེལ་པ། མི་མཐུན་ཕྱོགས་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་སོ། །དེ་ལ་གནོད་པར་བྱེད་པ་ཡིས། །ཞེས་བྱ་བ་ནི་དེ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གཞན་ཞེས་བྱ་བ་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའོ། །དེ་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། གང་


DTG088_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར། ཐམས་ཅད་མཁྱེན་ཉིད་གསུམ་དག་གི །བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ། །ཞི་ལམ་དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། མི་མཉམ་སྡུག་བསྔལ་ལ་སོགས་དང༌། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །གཉིས་སུ་མེད་ལ་ཀུན་རྨོངས་པ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་པ་གསུངས་ཏེ། རྨོངས་ཞེས་བྱ་བ་ནི་རྨོངས་པའི་བདག་ཉིད་དོ། །ཐ་མ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས་ཐ་མར་གྱུར་པའོ། །ཐམས་ཅད་མཁྱེན་ཉིད་གསུམ་དག་གི །བདག་ཉིད་ཇི་བཞིན་ཞེས་བྱ་བ་ལ། རང་རང་དང་འབྲེལ་པའི་སྒྲིབ་པ་རྣམ་པ་གསུམ་སྟེ། རྨོངས་པའོ། །དེ་ལ་རྣམ་པར་རྟོག་པ་ནི་གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྨོངས་པའོ། །རབ་འབྱོར་གང་ཡང་འདི་སྐད་དུ་ཞེས་བྱ་བ་ནས། ལམ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་པར་བྱ་སྟེ་ཞེས་བྱ་བའི་བར་གྱིས་ནི་ལམ་ཤེས་པ་ཉིད་ལ་རྨོངས་པའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བ་ནས། ལམ་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཐམས་ཅད་ཤེས་པ་ཉིད་ལ་རྨོངས་པའོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་བར་གྱིས་ཞི་བའི་ལམ་ལ་རྨོངས་པ་སྟེ། འདིར་ཡང་གང་ལ་གནས་ནས་ཞི་བ་མངོན་སུམ་དུ་བྱེད་པ་དེ་ནི་ཞི་བའི་ལམ་ཞེས་བྱ་བ་སྟེ་རྨོངས་པའོ། །གང་ཡང་གནས་མེད་པས་ཡང་དག་པའི་མཐའ་མངོན་སུམ་དུ་བྱའོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཡིན་ཏེ། དེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ཉིད་ཞི་བ་ཡིན་ཏེ། འགའ་ཞིག་ལ་ཡང་གནས་པ་མེད་དོ་ཞེས་བྱ་བ་བསྟན་པའོ། །ལྷག་མ་ནི་ཞར་ལས་འོངས་པའོ། །དེ་བཞིན་ཉིད་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ནི་ལྡན་པ་དང་མི་ལྡན་པའི་རྣམ་པར་རྟོག་པ་སྟེ། གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ་ཞེས་


DTG088_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་བར་གྱིས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་གཞན་མཉམ་པ་ཉིད་ཅེས་བྱ་བ་ནི་མི་མཉམ་པ་ཉིད་ལ་རྨོངས་པའོ། གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། དོན་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མི་རྟག་པ་དང༌། སྡུག་བསྔལ་ལ་སོགས་པ་ལ་སྤྱད་པར་མི་བྱ་ཞེས་བྱ་བ་ལ་རྨོངས་པ་སྟེ། གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དོན་ཡང་མ་ཡིན་དོན་མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ཡིན་ཏེ། དེ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །གང་གི་གཉེན་པོའི་ཕྱོགས་ནི་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །གཉིས་དང་གཉིས་མེད་པ་མི་དམིགས་པ་ནི་གཉིས་མེད་པའི་ངོ་བོ་ཡིན་ཏེ། གང་གི་ཐོབ་པར་འགྱུར་བ་དེ་ལ་རྨོངས་པ་སྟེ། དེ་ཉིད་ཀྱི་ནི་རྣམ་པར་རྟོག་པའོ། །གང་གཉེན་པོའི་ཕྱོགས་ནི་གསོལ་པ། བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ནས། སེམས་ཅན་དུ་འཛིན་པ་ལས་ཡོངས་སུ་གྲོལ་བར་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །འདིར་ཡང་བཅོམ་འདས་ཀྱིས་མི་དམིགས་པ་ན་ཞེས་གསུངས་པ་གཉིས་དང་གཉིས་མེད་པ་མི་དམིགས་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འཛིན་པའི་རྣམ་པར་རྟོག་པ་གཉིས་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ལ་རྣམ་པར་རྟོག་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་མེད་པར་འགྱུར་རོ་ཞེ་ན། འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་དཀའ་བ་སྤྱོད་པ་འདི་ལ་དོན་མེད་པ་མ་ཡིན་ཏེ། འདོད་པའི་དོན་སྒྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་འཛིན་པའི་རྣམ་པར་རྟོག་པ་དགུ་བསྟན་ཏོ། །བསྒོམ་པས་སྤང་བར་བྱ་བའི་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་གཉེན་པོ་དང་བཅས་པ་ལེགས་པར་བསྟན་ན་ཡོན་ཏན་དུ་འགྱུར་བ་ཇི་ལྟར་ཡིན་ཞེ་ན། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིངས་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་


DTG088_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་པ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་སྟེན་པར་བྱེད། །ཅེས་བྱ་བ་གསུངས་ཏེ། གང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམ་པར་རྟོག་པ་བདུན་ཅུ་རྩ་གཉིས་པོ་འདི་བསྟན་ནས། ཡམས་ནད་དེ་དག་ཉིད་ཡོན་ཏན་ཕུན་སུམ་ཚོགས་པ་དག་འབྱུང་བའི་གེགས་ཉིད་ཡིན་པའི་ཕྱིར་འདི་རྣམས་ཟད་པར་གྱུར་ནའོ། །ཡུན་རིང་ལོན་ཞེས་བྱ་བ་ཡུན་རིང་པོ་ལོན་ནས་དབུགས་ཕྱིན་ལྟར་ཞེས་བྱ་བ་ནི་སྔར་དེ་དག་གིས་བརྒྱལ་བ་བཞིན་དུ་གྱུར་པ་ཕྱིས་དེ་དག་ཟད་པར་གྱུར་པ་ནི་འཚོ་བ་རྙེད་པ་བཞིན་ཏེ། ཇི་ལྟ་ཇི་ལྟར་སའི་དབྱེ་བས་དེ་དག་ཟད་པ་དེ་ལྟ་དེ་ལྟར་བདག་ཉིད་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། ཕྱག་བྱས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བསྒོམ་པའི་ལམ་གྱི་འོག་ཏུ་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། མདོ་ལས་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདིར་བྱང་ཆུབ་སེམས་དཔའ་ཡང་འདི་ཡིན་ལ་ཞུགས་པ་ཡང་ཡིན་པས་སོ། །ཇི་ལྟར་དེ་ཞུགས་པ་ཡིན་ཞེ་ན། སངས་རྒྱས་ཀྱི་ལམ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །འདིའི་དོན་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོགས་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །ཞེས་བྱ་བ་གསུངས་ཏེ། སྟོང་གསུམ་གྱི་སྐྱེ་བོ་སྟེ་སེམས་ཅན་གྱི་འཇིག་རྟེན་དེ་དག་ཉན་ཐོས་ཀྱི་རྟོགས་པ་དང་རང་སངས་རྒྱས་ཀྱི་རྟོགས་པ་དང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་བཀོད་པ་ལས་དགེ་བ་གང་ཡིན་པ་དང༌། བསོད་ནམས་ཐོབ་པ་གང་ཡིན་པ་དེ་དཔེར་མཛད་ནས། དེ་ལ་བསོད་ནམས་མང་པོ་ཉིད་ཀྱིས་ཆེས་བསོད་ནམས་མང་བའི་རྒྱུ་ཉིད་དུ་མཚན་པ་གང་ཡིན་པ་དེ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ། །བར་ཆད་དང་བར་ཆོད་ནུས་པ་ནི་བར་ཆོད་དོ། །བར་དུ་ཆོད་པ་མེད་པ་ནི་བར་ཆད་མེད་པའོ། །དེ་ཉིད་ཀྱི་ཕྱིར་


DTG088_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཉིད་ཐོབ་པ་ལ་བར་ཆད་མེད་ཅེས་བྱ་བ་གསུངས་ཏེ། སངས་རྒྱས་ཉིད་ཐོབ་པ་ལ་བར་ཆད་མེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་བྱ་བ་ནི་སངས་རྒྱས་ཉིད་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ་ཞེས་གང་གསུངས་པའོ། །འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་བཞི་ཉིད་ཅེས་བྱ་བ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མེད་པ་ལ་དམིགས་པ་སྟེ། གང་ཆོས་ཐམས་ཅད་མཚན་ཉིད་ཇི་ལྟ་བ་བཞིན་དུ་དངོས་པོ་མེད་པའོ། །བདག་པོ་དྲན་པ་ཡིན་པ་ནི་དེའི་གང་རྟེན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་རྣམ་པ་ནུབ་པ་ནི་ཞི་བ་སྟེ། དེ་ནི་དེའི་རྣམ་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནས། མཚན་ཉིད་དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །འདི་ལ་ནི། རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་བྱ་བ་ལ། འདི་ལ་ཞེས་བྱ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལའོ། །སྨྲ་རྣམས་བརྒྱུད་མར་རྒོལ་བ་ནི་རྒལ་བ་དག་དང་རྒལ་བ་དག་གིས་བསྣུན་པས་འཇུག་པ་སྟེ། བེར་གའི་བརྒྱུད་མ་ལྟ་བུའོ། །ཇི་ལྟར་བརྒྱུད་མར་རྒོལ་ཞེ་ན། གང་གི་ཕྱིར། དམིགས་པ་འཐད་པ་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང༌། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །དམ་པའི་དོན་དང་ཀུན་རྫོབ་དང༌། །སྦྱོར་དང་དཀོན་མཆོག་གསུམ་པོ་དང༌། །ཐབས་བཅས་ཐུབ་པའི་རྟོགས་པ་དང༌། །ཕྱིན་ཅི་ལོག་ནི་ལམ་བཅས་དང༌། །གཉེན་པོ་མི་མཐུན་ཕྱོགས་དང་ནི། །མཚན་ཉིད་དང་ནི་བསྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་དང༌། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་གསུངས་ཏེ། རྣམ་པ་བཅུ་དྲུག་ཅེས་བྱ་བ་ནི་བཅུ་དང་དྲུག་ཅེས་བྱ་བའི་དོན་ཏོ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཅན་ནོ། །ཅིའི་ཕྱིར་བཅུ་དྲུག་ཡིན་ཞེ་ན། གང་གི་ཕྱིར་དེ་དག་ནི། དམིགས་པ་འཐད་པ་ལ་སོགས་པ་དོན་བཅུ་དྲུག་ལའོ། །ལན་ནི་དོན་བཅུ་དྲུག་པའོ། །དེའི་ཡུལ་ཅན་གྱི་ཕྱོགས་སྔ་མ་ནི་ལོག་པར་རྟོག་པའོ། །དེ་ལ་


DTG088_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་དངོས་པོ་མེད་པའི་ཕྱིར། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའི་བར་གྱིས་དྲི་བ་ནི་འཐད་པ་ལ་ལོག་པར་རྟོག་པ་སྟེ། དངོས་པོ་མེད་པ་ནི་གཟུགས་དང་མིག་ལ་སོགས་པ་ནི་གཟུང་བ་དང་འཛིན་པའི་སྒོ་ནས་དམིགས་སོ་ཞེས་བྱ་བར་བསམས་པའོ། །འཐད་པ་ནི་རབ་འབྱོར་དེ་ནི་འདི་ལྟར་ཞེས་བྱ་བ་ནས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། གཟུང་དང་འཛིན་པ་དང་བྲལ་བ་ཉིད་མེད་པ་ཉིད་དང༌། དེ་བཞིན་ཉིད་ལ་སོགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལགས་ཞེས་བྱ་བའི་བར་གྱིས་དེའི་ངོ་བོ་ཉིད་ངེས་པར་གཟུང་བ་ལ་ལོག་པར་རྟོག་པ་སྟེ། དེ་ཁོ་ན་ཉིད་མཐོང་བས་ཐབས་ལ་མཁས་པ་ཅི་ཞིག་ཡིན་ཞེས་བསམས་པའོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཡོངས་སུ་སྤང་བར་གྱུར་ཏེ་ཞེས་བྱ་བའི་བར་ཏེ། སྦྱིན་པ་ལ་སོགས་པ་དག་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ངེས་པར་གཟུང་བ་ཉིད་ནི་དེའི་ཚེ་ཐབས་ལ་མཁས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་མ་མཐོང་བའི་ཐབས་ལ་མཁས་པ་བསྟན་པ་ན། འཕགས་པ་རྣམས་ཀྱི་གང་ལགས་ཞེས་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། ལོག་པར་རྟོག་པའོ། །ལན་ནི། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །ཞེས་བྱ་བ་ཡིན་ཏེ། དེ་ནི་ངེས་པར་སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་ནས། དོན་དམ་པར་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། བསྡུས་པའི་དོན་ནི་རྣམ་པ་ནི་རབ་ཏུ་དབྱེ་བ་སྟེ། ཐམས་ཅད་མངོན་སུམ་གྱིས་ཉམས་སུ་མྱོང་བར་མཛད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའོ། །དངོས་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཡེ་ཤེས་དེ་ཉིད་ཡང་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་སོ། །ཆོས་དེ་དག་ཐམས་ཅད་ནི་ཀུན་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་སྟེ། འདི་ལྟར་གཟུང་བ་དང་འཛིན་པའི་དོན་དང་དེ་སྣང་བའི་བློ་དང་དེར་བཏགས་པའི་རང་བཞིན་གྱིས་སྟོང་པའོ། །གསུམ་པོ་དེ་དག་ཀྱང་དངོས་


DTG088_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པའི་ངོ་བོ་ཉིད་གསུམ་གྱི་རྣམ་པ་ཡིན་ནོ། །སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་ལ། དོན་དམ་པར་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་སོ། །དེའི་སྤྱན་ནི་ཡང་དག་པའི་ཡེ་ཤེས་སོ། །དེས་རྣམ་པར་བལྟས་ན་ཞེས་བྱ་བ་ནི་གཉིས་ཀྱིས་སྟོང་པ་ཉིད་གཟིགས་ནས་སོ། །དངོས་པོ་ཡང་མི་དམིགས་ན་ཞེས་བྱ་བ་ནི་གཞན་དབང་གི་ངོ་བོ་ཉིད་དེ། དེ་ནི་དངོས་པོར་བཏགས་པས་སྟོང་པས་བསལ་བའི་ངོ་བོར་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་དམིགས་སུ་མེད་པ་ནི་ཀུན་དུ་བརྟགས་པའི་ངོ་བོ་ཉིད་བྱིས་པས་བཟུང་བ་དེ་ལྟར་མེད་པ་ཉིད་ཀྱི་ཕྱིར་རོ། །སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་ཤིན་ཏུ་ཡང་ངོ༌། །དངོས་པོ་མེད་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་དོན་ཏེ། དེ་ཡང་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གང་དེ་དག་ཤིན་ཏུ་མི་དམིགས་པ་དེ་ཉིད་ནི་སྟོང་པ་ཉིད་ལ་དམིགས་པའོ། །གང་སྟོང་པ་ཉིད་དམིགས་པ་དེ་ཉིད་དེ་དག་མི་དམིགས་པ་ཡིན་ནོ་ཞེས་ཕན་ཚུན་འདུ་བར་འགྱུར་རོ། །གཉིས་ཀྱིས་སྟོང་པ་ཡང་གཉིས་ཀྱིས་དངོས་པོ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་བར་གྱིས་གསུངས་ཏེ། དངོས་པོ་མེད་པ་གསུམ་ཡང་རང་བཞིན་གང་ཡིན་པ་དེ་ལ་འདི་སྐད་ཅེས་བྱའོ། །རྣམ་པ་གསུམ་པོ་དེ་ཉིད་སོ་སོ་ཞིང་སྦྱིན་པ་དང་སྦྱིན་པ་པོ་དང་ལེན་པ་པོ་ལ་སོགས་པ་དང་སྦྱར་ན་རྣམ་པ་ཤིན་ཏུ་མང་པོར་འགྱུར་རོ། །དངོས་པོ་མེད་པར་ཞེས་བྱ་བ་ནི་གཉིས་ཀྱིས་སྟོང་པའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །ཤེས་སོ་ཞེས་བྱ་བ་ནི་ཡང་དག་པར་ཤེས་སོ་ཞེས་བྱ་བའི་དོན་ཏོ། །མ་བྱས་པ་ནི་བྱེད་པ་པོ་དང་བྲལ་བ་ཞེས་བྱ་བ་རྣམ་པ་གཞན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་རྒྱུད་ཀྱི་བྱེད་པ་པོ་མེད་པའི་ཕྱིར་རོ། །ཆོས་རྣམས་ཆོས་ཉིད་དང་བྲལ་བ་ཞེས་བྱ་བ་ནི་རྣམ་པ་གཞན་ཏེ། ཆོས་རྣམས་ཀྱི་མཚན་ཉིད་ལ་ལས་དང་བྱ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆོས་ལ་དངོས་པོ་ཞེས་བྱ་བ་ནི་གཞན་གྱི་དབང་ངོ༌། །དངོས་པོ་མ་མཆིས་ཞེས་བྱ་བ་ནི་ཀུན་དུ་བརྟགས་པ་དང་ཡོངས་སུ་གྲུབ་པའོ། །འཚལ་བར་མི་རུང་ངོ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། ཤེས་པ་པོ་ཉིད་དང་མི་


DTG088_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་ཕྱིར་དང་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རོ། །ཆོས་ཐམས་ཅད་ཡོངས་སུ་འཚལ་བ་མ་མཆིས་པས་དངོས་པོ་མ་མཆིས་པའམ་དངོས་པོ་མ་མཆིས་པས་ཞེས་པ་དང་དེ་ལྟར་མི་འགྱུར་རོ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་དེ་སྐད་དུ་སྟོན་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལོག་པར་རྟོག་པའོ། །འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་དོན་དམ་པ་ཡང་གཞན་ནོ་ཞེས་བྱ་བ་ནི་ལོག་པར་རྟོག་པའོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདིའི་དོན་ནི་དེ་དག་གི་དེ་བཞིན་ཉིད་ནི་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དུ་གཅིག་པ་ཉིད་དོ། །ཀུན་རྫོབ་ནི་བྱིས་པའི་རྣམ་པར་ཤེས་པ་ཡིན་པ་དེ་བས་ན་དེ་ཉིད་ཀྱིས་བྱིས་པ་ལ་དངོས་པོ་ཡོད་ཅེས་བྱ་བའམ་དངོས་པོ་མེད་ཅེས་བྱ་བར་བརྗོད་པ་སྟེ། དེ་ལྟར་བདེན་པ་གཉིས་ལ་ལོག་པར་རྟོག་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། བྱང་ཆུབ་ཏུ་སྤྱད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་སྦྱོར་བ་ལ་ལོག་པར་རྟོག་པ་སྟེ། འདིར་དེ་དག་གང་གི་ཚིག་བླ་དགས་ཡིན་ཞེས་ལོག་པར་རྟོག་པའོ། །དེ་ལྟར་ནི་མཐའ་གསུམ་ལ་དམིགས་ནས་སྦྱིན་པ་ལ་སོགས་པའི་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་གྱི། རྣམ་པ་གཞན་དུ་ན་ནི་གང་གིས་གང་ལ་ཅི་ཞིག་སྦྱིན་པར་འགྱུར་ཞེས་སེམས་སོ། །ཚིག་གི་ཚོགས་འོག་མས་ནི་ལན་བཏབ་པ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་ལ་སྤྱོད་པ་ཡིན་པ་དེ་བས་ན་དེ་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས། དེའི་ཕྱིར་སངས་རྒྱས་སོ་ཞེས་བྱ་བའི་བར་གྱིས་སངས་རྒྱས་དཀོན་མཆོག་ལ་ལོག་པར་རྟོག་པ་སྟེ། འདིར་དེ་གང་གི་ཚིག་བླ་དགས་ཡིན་ཞེས་ལོག་པར་རྟོག་པའོ། །འདི་སྙམ་དུ་གལ་ཏེ་ཤེས་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཡིན་པ་དེའི་ཚེ། འགའ་ཞིག་ཅེས་བྱ་བ་ཤེས་པ་གང་ཡིན་པ་དེ་ཐམས་ཅད་སངས་རྒྱས་སུ་འགྱུར་བ་དང༌། དེ་ལ་ཤེས་པ་དང་ལྡན་པས་ན་སངས་རྒྱས་ཡིན་པ་དེའི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་ཏེ། བྱེད་པ་དང་ལྡན་


DTG088_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྐྱེན་མི་རིགས་སོ། །གཞན་ཡང་ཁྱབ་པའི་རིགས་པས་ཐམས་ཅད་མཁྱེན་པས་ན་སངས་རྒྱས་ཞེས་བརྗོད་པ་དེའི་ཚེ། གཟུང་བ་དང་འཛིན་པ་གྲུབ་པོ་ཞེས་སེམས་སོ། །ལྷག་མ་ནི་ལན་ཡིན་ནོ། །འདིར་ཡང་དག་པའི་དོན་ཅན་ནི་སངས་རྒྱས་ཞེས་བྱ་བ་སྟེ་ཞེས་བྱ་བ་ལ། ཡང་དག་པར་ཕྱིན་ཅི་མ་ལོག་པའི་དོན་གྱི་ཡུལ་གང་ལ་ཡོད་པ་དེ་ནི་ཡང་དག་པའི་དོན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རོ་གཅིག་པ་རབ་ཏུ་གསལ་བ་གང་ཡིན་པ་དེ་ནི་སངས་རྒྱས་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ཇི་སྐད་དུ་བཤད་པའི་སངས་རྒྱས་ཀྱི་སྒྲའི་དོན་གྱི་ངེས་པའི་ཚིག་གཉིས་གསུངས་ཏེ། ཆོས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ། །ཡང་དག་པར་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་རོ་གཅིག་པར་གྱུར་པའོ། །མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་ནི་མ་ལུས་པར་ཡང་དག་པར་མཁྱེན་པའོ། །དེས་ཞེས་བྱ་བ་ནི་བྱེད་པ་པོའི་དྲུག་པའོ། །རྟོགས་པས་ན་སངས་རྒྱས་ཏེ། དེ་འདི་ལ་ཤིན་ཏུ་བ་གསུམ་ཡོད་པའི་ཕྱིར་ན་སངས་རྒྱས་ཏེ། དོན་ཐམས་ཅད་ཉིད་དང༌། ཕྱིན་ཅི་མ་ལོག་པ་ཉིད་དང༌། ཡང་དག་པ་ཉིད་ཅེས་བྱ་བ་ནི་ཤིན་ཏུ་བ་གསུམ་མོ། །ཡང་དག་པའི་དོན་རབ་ཏུ་རྟོགས་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་ཚོགས་དེ་བཞིན་དུ་རོ་གཅིག་པ་ནི་ཡང་དག་པའི་དོན་ཏོ། །རབ་ཏུ་རྟོགས་པ་ཞེས་བྱ་བས་ནི་མངོན་སུམ་གྱིས་སོ། །འདིའི་དོན་ནི་རྟོགས་པས་ན་སངས་རྒྱས་ཏེ། རབ་ཏུ་རྟོགས་པ་དང་ཡང་དག་པའི་ཡེ་ཤེས་ཞེས་བྱ་བ་ནི་འདི་ཡིན་ཏེ། སྤྱིའི་སྒྲས་ཀྱང་ཁྱད་པར་བརྗོད་པའི་ཕྱིར་རོ། །དེ་ལ་ཤིན་ཏུ་བ་འདི་ཡོད་པས་ན་སངས་རྒྱས་ཏེ་དོན་ཐམས་ཅད་ཉིད་དང་ཕྱིན་ཅི་མ་ལོག་པའི་དོན་དང་ཡང་དག་པ་ཉིད་ཅེས་བྱ་བའོ། །དེ་ནི་སངས་རྒྱས་ཀྱི་སྒྲའི་དོན་དང་ངེས་པའི་ཚིག་གཞན་གྱིས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པས་ན་སངས་རྒྱས་ཞེས་གསུངས་ཏེ། འདིར་ཆོས་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ཕུལ་དུ་བྱུང་བའི་ཕྱིར་རོ། །མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་ལ། རྫོགས་པའི་སྒྲས་ནི་སངས་རྒྱས་པ་ཉིད་དོ། །མངོན་པ་ནི་དེ་ཉིད་མ་ལུས་པ་སྟེ། སྤྲོས་པ་ཐམས་ཅད་ཀྱིས་དབེན་པ་མཁྱེན་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཤིན་


DTG088_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣམ་པར་དག་པའི་ཆོས་ཉིད་ཀྱི་ངོ་བོས་སོ། །སངས་རྒྱས་ཞེས་བྱའོ་ཞེས་བྱ་བ་ནི་སྤྱི་བརྗོད་པར་འདོད་པས་གཅིག་གི་ཚིག་ཡིན་ནོ། །དེ་ནི་རྟོགས་པ་ཉིད་ཀྱིས་སངས་རྒྱས་ཡིན་ན་གང་གིས་ཤེས་པ་ཡིན་ཞེ་ན། ཆོས་དེ་དག་གང་གི་ཡིན་པ་སྟེ། ཉེ་བར་གྱུར་པའི་ཕྱིར་རོ། །སྤྲོས་པ་ཐམས་ཅད་ཀྱིས་དབེན་པ་དང་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་གང་ལས་ཡིན་ཞེ་ན། སྤྱིའི་སྒྲ་ལས་ཀྱང་ཁྱད་པར་རྟོགས་པར་འགྱུར་རོ། །དེ་ལ་འདིར་ཆོས་ཀྱི་ཚོགས་ནི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་པ་དེ་བས་ན་སངས་རྒྱས་ཞེས་བྱ་བའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། བྱང་ཆུབ་ཅེས་བྱ་བའི་བར་ནི་ཆོས་དཀོན་མཆོག་ལ་ལོག་པར་རྟོག་པ་སྟེ། ཆོས་ཐམས་ཅད་ལས་ཕུལ་དུ་བྱང་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ནི་ཆོས་དཀོན་མཆོག་གོ །དེ་བས་ན་གསུངས་པ། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཚིག་བླ་དགས་ལགས་ཞེས་བྱ་བ་ནི་ལོག་པར་རྟོག་པའོ། །འདི་སྙམ་དུ་གལ་ཏེ་རྟོགས་པ་ཙམ་པ་ཙམ་མམ་ཁྱད་དུ་འཕགས་པའི་ཤེས་པ་བྱང་ཆུབ་ཡིན་ན། ཆོས་དེ་གཉི་ག་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཉིད་མ་ཡིན་ནོ་ཞེས་བསམས་པའོ། །མདོ་འོག་མ་ནི་ལན་ཡིན་ཏེ། བྱང་ཆུབ་ཅེས་བྱ་བ་ནི་སྟོང་པ་ཉིད་དེ། ཆོས་ཐམས་ཅད་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བས་གསལ་བཞིན་པར་གྱུར་པ་ཡིན་གྱི། རྣམ་པ་གཞན་དུ་ན་ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ནི་ཚིག་བླ་དགས་ཙམ་མོ་ཞེས་བྱ་བ་ནི་བརྡར་བཏགས་པའི་མིང་ཡིན་གྱི། དོན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་ཏོ། །ཡང་ན་དབྱེར་མེད་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ་ཞེས་བྱ་བ་ལ། འདི་ལྟར་ཆོས་ཐམས་ཅད་ཡང་དག་པར་རྟོགས་པས་ན་བྱང་ཆུབ་སྟེ། དེ་ཡང་དེ་དག་སྟོང་པ་ཉིད་ཀྱི་བདག་ཉིད་དབྱེར་མི་ཕྱེད་པ་གསལ་པར་གྱུར་པའོ། །ཡང་ན་བྱང་ཆུབ་རྟོགས་པ་ཙམ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །དེའི་དེ་བཞིན་ཉིད་དེ་ཁོ་ན་བཞིན་དུ་ངོ་བོ་ཉིད་ཀྱིས་གནས་པའོ། །མ་ནོར་བའི་དེ་བཞིན་ཉིད་ཅེས་བྱ་བ་ནི་སྤྲོས་པ་ཐམས་ཅད་ཀྱིས་དབེན་པ་ཕྱིན་ཅི་མ་ལོག་པའོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་ལ། གཞན་ནི་


DTG088_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བརྟགས་པ་ལས་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེའི་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱི་དངོས་པོ་སྟེ། བཏགས་པའི་རང་བཞིན་གྱི་སོ་སོར་སྣང་བའོ། །དེ་ཉིད་ནི་འཁྲུལ་པའི་མཚན་ཉིད་དེ་དང་བྲལ་བས་ན་གཞན་གྱི་དེ་བཞིན་ཉིད་མ་ཡིན་པའོ། །རྣམ་པ་གཞན་དུ་མི་འགྱུར་བ་ཞེས་བྱ་བ་ལ། རང་གི་ངོ་བོ་རིག་པ་ཙམ་ལས་མ་རིག་པའི་བག་ཆགས་ཀྱིས་བྱས་པ་བརྫུན་པའི་ལྷག་མ་ཙམ་རིག་པ་ནི་རྣམ་པ་གཞན་དུ་འགྱུར་བའོ། །བག་ཆགས་ཟད་པ་ལས་དེ་དང་བྲལ་བ་ནི་རྣམ་པ་གཞན་དུ་མི་འགྱུར་བ་སྟེ། དེ་དག་ཐམས་ཅད་ཀྱིས་སྟོང་པ་ཉིད་དུ་གསལ་བར་གྱུར་པ་བསྟན་པ་དེ་བས་ན་དེ་ཉིད་བྱང་ཆུབ་ཅེས་བྱའོ། །བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་དང་མཚན་མ་ཙམ་སྟེ་ཞེས་བྱ་བ་ལ། བྱང་ཆུབ་ཅེས་བྱ་བའི་སྒྲ་འདིས་ཅི་ཞིག་བརྗོད་དེ་ན། མིང་དང་མཚན་མ་ཙམ་དུ་བརྗོད་པ་སྟེ། གཟུགས་ཅན་མ་ཡིན་པའི་ཕུང་པོའི་མང་གི་སྒྲར་བརྗོད་དོ། །མིང་ཡང་དེ་ཡིན་ལ་མཚན་མ་ཡང་ཡིན་པས་ན་མིང་དང་མཚན་མ་སྟེ། མཚན་མ་སྨོས་པས་རྒྱུ་མེད་པའི་མི་ལྡན་པའི་འདུ་བྱེད་རྣམ་པར་བཅད་པའི་ཕྱིར་རོ། །དེ་བས་ན་མིང་དང་མཚན་མའི་སྒྲ་འདིས་མིང་དང་མཚན་མས་ཁྱབ་པའི་ངོ་བོའི་བྱང་ཆུབ་མཚོན་པར་བྱེད་པ་སྟེ། བྱང་ཆུབ་མིང་དང་མཚན་མ་ཙམ་སྣ་ཚོགས་པར་རྣམ་པར་རིག་པ་ཙམ་དེ་ནི་བྱང་ཆུབ་ཅེས་བྱའོ། །ཙམ་གྱི་སྒྲས་ནི་ངེས་པར་གཟུང་བའི་དོན་ཏོ། །བྱང་ཆུབ་ཁོ་ན་ཡིན་གྱི། རྟོགས་པར་བྱ་བ་དང༌། རྟོགས་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་སྣ་ཚོགས་པ་རྟོགས་པ་ཙམ་ཉིད་རྟོགས་པར་བྱ་བ་དང༌། རྟོགས་པར་བྱེད་པས་སྟོང་པ་ཉིད་ཡང་དག་པར་གསལ་བར་གྱུར་པར་བྱང་ཆུབ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །སྣ་ཚོགས་ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། ཁྱབ་པར་རིགས་པའི་ཕྱིར་རོ། །ཇི་ལྟར་ན་ཙམ་གྱི་དོན་ཡིན་ཞེ་ན། ཚིག་གཅིག་ལས་ཀྱང་ངེས་པར་གཟུང་བ་ཁོང་དུ་ཆུད་པའི་ཕྱིར་ཆུ་ཉིད་འཐུང་ཞེས་བྱ་བ་ལྟ་བུ་སྟེ། ཉིད་ཀྱི་དོན་ལ་དངོས་པོ་གཙོ་བོར་གྱུར་པའི་ཕྱིར་རོ། །ཡང་དག་པར་གསལ་བར་གྱུར་ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། ཤུགས་ལས་ཡིན་ཏེ་རྣམ་པ་གཞན་དུ་ན་རྟོགས་པ་མེད་པ་དག་ཀྱང་བྱང་ཆུབ་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ་ཞེས་བྱ་བ་ལ། ཤེས་པར་བྱ་བ་ཡིན་པས་ན་བྱང་ཆུབ་སྟེ།


DTG088_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བྱང་ཆུབ་རབ་ཀྱི་མཐར་ཕྱིན་པ་དེ་བཞིན་གཤེགས་པའི་གསུངས་སོ། །དེ་ཡང་ཆོས་ཐམས་ཅད་ཀྱི་ཐ་དད་པ་ནུབ་པའི་དེ་བཞིན་ཉིད་གསལ་བར་གྱུར་པ་ཡིན་པ་དེ་བས་ན་བྱང་ཆུབ་ནི་སྟོང་པ་ཉིད་ཁོ་ནའོ། །དེ་ནི་སངས་རྒྱས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་བྱང་ཆུབ་ཀྱི་སྒྲ་ནི་ལས་སུ་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ནོ། །མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཕྱིར་བྱང་ཆུབ་ཅེས་བྱ་བའི་སྒྲ་ནི་ཡང་དག་པ་ཉིད་དང༌། མངོན་པའི་སྒྲ་ནི་མ་ལུས་པ་གསུངས་ཏེ། འཁྲུལ་པ་ཐམས་ཅད་ཀྱིས་དབེན་པའི་སྒོ་ནས་མཁྱེན་པ་ཞེས་བྱ་བའི་དོན་ཏོ། །འཁྲུལ་པ་ཐམས་ཅད་ཀྱིས་དབེན་པ་ནི་བྱང་ཆུབ་ཀྱི་སྒྲ་ལས་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་ཡིན་ལ། ཁྱབ་པའི་རིགས་པས་ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ཐོབ་པ་དེ་བས་ན་བྱང་ཆུབ་ནི་སྟོང་པ་ཉིད་ཁོ་ན་ཡིན་ཏེ། དེ་ཉིད་ཆོས་དཀོན་མཆོག་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། དེ་ལྟར་དག་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དགེ་འདུན་དཀོན་མཆོག་ལ་ལོག་པར་རྟོག་པ་སྟེ། འདིར་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་དགེ་འདུན་དཀོན་མཆོག་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཡིན་ལ་དེ་དག་ཐམས་ཅད་ཀྱང་དགེ་འདུན་དཀོན་མཆོག་གི་ནང་དུ་འདུ་བར་འགྱུར་རོ། །དེ་ཡང་རིགས་པས་མ་ཡིན་ཏེ་དབྱེར་མི་ཕྱེད་པའི་དོན་ནི་དགེ་འདུན་གྱི་དོན་ཡིན་ན། གལ་ཏེ་དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མི་སྤྱོད་ན་རྒྱུ་མེད་པས་གང་ལས་དེའི་བྱང་ཆུབ་ཡིན། ཅི་སྟེ་སྤྱོད་ན་མི་དམིགས་པ་དང་བཅས་པ་གང་ལས་བྱང་ཆུབ་ཡིན། ཅི་སྟེ་གཉིས་མེད་པའི་ཚུལ་གྱིས་སྤྱོད་ན་འདིའི་བྱང་ཆུབ་ཀྱི་དོན་གྱི་དགེ་བའི་རྩ་བ་རྣམ་པར་འཕེལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ལོག་པར་རྟོག་པའོ། །འདིར་ལན་ནི་གཉིས་ཀྱིས་སྤྱོད་ན་དགེ་བའི་རྩ་བ་མི་འཕེལ་ལ་གཉིས་མེད་པས་སྤྱོད་ན་འཕེལ་ཏེ། འཕེལ་བར་གྱུར་པ་དེ་དག་གིས་གང་ནས་བརྩམས་ཏེ། བདུད་ལ་སོགས་པས་མི་ཐུབ་པར་འགྱུར་ལ། གང་མི་དགེ་བས་ཀྱང་བཅོམ་པ་ནི་དམན་པའི་བྱང་ཆུབ་ཏུ་ལྟུང་བ་དེ་བས་ན་དེ་དག་གིས་མི་ཆོམས་པར་གྱུར་པ་ནི་དགེ་འདུན་དཀོན་མཆོག་གི་གྲངས་སུ་འགྲོ་སྟེ། ཇི་སྐད་དུ། ངེས་འབྱེད་


DTG088_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ནས་བཟུང་སྟེ། །མཐོང་དང་བསྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་བྱ་བ་གསུངས་པ་ཡིན་ནོ། །ལྷག་མ་ནི་ཞར་ལས་འོངས་པའོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། འཚང་རྒྱ་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ཐབས་ལ་མཁས་པ་ལ་ལོག་པར་རྟོག་པའོ། །རབ་ཏུ་འབྱེད་པ་ལ་མཁས་པའི་སྒྲ་མ་གསུངས་པ་ནི་ཡུལ་གྱིས་ཡུལ་ཅན་བསྟན་པའི་ཕྱིར་རོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནས། དེ་གང་ལགས་ཞེས་བྱ་བའི་བར་གྱིས་ནི་ལོག་པར་རྟོག་པ་སྟེ། འདི་སྙམ་དུ་གལ་ཏེ་བདེན་པ་མཐོང་བ་དང༌། མ་མཐོང་བ་དག་ལ་ཡང་ཐབས་ལ་མཁས་པ་གསུངས་པ་དེ་ལྟར་ན་ཡང་དེ་ཙམ་གྱིས་དམན་པའི་བྱང་ཆུབ་ལྡོག་པར་མི་འགྱུར་རོ་ཞེས་སེམས་སོ། །ཚིག་གི་ཚོགས་འོག་མས་ནི་ལན་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སྤྲོས་པ་དང་བྲལ་བ་ནི་མངོན་པར་རྟོགས་པའོ་ཞེས་བྱ་བའི་བར་གྱིས་ནི་མངོན་པར་རྟོགས་པ་ལ་ལོག་པར་རྟོག་པ་ཡིན་ཏེ། རྟོགས་པ་ནི་བྱང་ཆུབ་ཡང་དག་པར་རྟོགས་པ་ཡིན་ལ་མངོན་དུ་ཕྱོགས་པས་རྟོགས་པ་ནི་རྟོགས་པའོ། །ཐུབ་པའི་ཞེས་བྱ་བ་ནི་ཐུབ་པ་ཉིད་ལ་མངོན་དུ་བལྟས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། གཅིག་ཏུ་མི་འགྱུར་རམ་ཞེས་བྱ་བའི་བར་གྱིས་ནི་ལོག་པར་རྟོག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མངོན་པར་རྟོགས་པ་ནི་ཡོད་མེད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ཕྱིན་ཅི་ལོག་གི་ལོག་པར་རྟོག་པའོ། །མདོ་ལས་སྤྲོས་པའི་སྒྲ་དང་བསྟན་བཅོས་ལས་ཕྱིན་ཅི་ལོག་གི་སྒྲ་གཉིས་ནི་དོན་གཅིག་པ་ཉིད་ཀྱི་ཕྱིར་རོ། །སྤྲོས་པ་ཞེས་བྱ་བ་དེ་ཡང་ཇི་ལྟར་ཡིན་ཞེས་བྱ་བ་ནི་ལོག་པར་རྟོག་པའོ། །གལ་ཏེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་དང་བྲལ་བ་ཕྱིན་ཅི་ལོག་བཞི་དང་བྲལ་བར་གྱུར་པའི་ཆོས་ཉན་ཐོས་ཀྱི་ལམ་དུ་འགྱུར་གྱི་སངས་རྒྱས་ཀྱི་ལམ་ནི་མ་ཡིན་ནོ་ཞེས་སེམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་


DTG088_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ་ཞེས་བྱ་བ་ནི་ལན་ནོ། །མི་སྤྲོ་བ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཉིད་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པའོ། །འཕྲོ་བར་མི་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་རྟོག་པར་མི་བྱེད་པའོ། །ངོ་བོ་ཉིད་ནི་ངོ་བོ་ཉིད་འཕྲོ་བར་མི་བྱེད་ཅེས་བྱ་བ་ནི་ངོ་བོ་ཉིད་དང་བཅས་པའི་ཐ་དད་པ་དག་ནི་དབྱེར་མེད་པ་དང་མི་ལྡན་པའི་ཕྱིར་རོ། །དངོས་པོ་མེད་པ་ཡང་དངོས་པོ་མེད་པ་འཕྲོ་བར་མི་བྱེད་ཅེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ལ་གཉི་གར་མེད་པའི་ཕྱིར་རོ། །ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་དཔྱད་མི་བཟོད་པའི་ཕྱིར་རོ། །སྐད་ཅིག་གཅིག་དང་ལྡན་པའི་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པའོ། །གསོལ་བ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཆོས་ཐམས་ཅད་གང་ཡང་མ་འདུས་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་ལམ་ལ་ལོག་པར་རྟོག་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ལ། དེའི་ལྟག་ཡན་ཆད་ནི་ལོག་པར་རྟོག་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས། ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ལ་ལོག་པར་རྟོག་པའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནི་གཉེན་པོའི་ཕྱོགས་སོ། །ཇི་ལྟར་དེ་དག་གིས་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་ཞེས་བྱ་བ་ནི་ལོག་པར་རྟོག་པའོ། །ལན་ནི་གཞུང་འོག་མ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ཡིན་ནོ། །དེའི་འོག་ནས་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ལ་ལོག་པར་རྟོག་པའོ། །འདི་སྙམ་དུ་མི་མཐུན་པའི་ཕྱོགས་ནི་ཉོན་མོངས་པ་དག་ཡིན་ལ། དེ་དག་འདུལ་བར་བྱེད་པ་འདི་ཆོས་འདུལ་བ་ཡིན་ཏེ། གལ་ཏེ་ཡོད་ན་དེའི་ཚེ་སེམས་ཅན་དང་ཉོན་མོངས་པ་དག་ཡོད་པར་གྱུར་ལ་དེ་དག་དང་དེ་དག་ལྡན་པ་དང་བྲལ་བར་ཁས་བླང་བར་བྱའོ་ཞེས་སེམས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །ཆོས་འདུལ་བ་དེ་ཉིད་ནི་གང་དང་ལྡན་པ་དང་བྲལ་བའི་རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ་ཞེས་དགོངས་སོ། །རབ་འབྱོར་འདི་ནི་ཞེས་བྱ་བ་ནས། དེ་བཞིན་ཉིད་དུ་གནས་པའོ་ཞེས་བྱ་བའི་བར་གྱིས་མཚན་ཉིད་ལ་ལོག་པར་རྟོག་པའོ། །ཆོས་ཀྱི་མཚན་ཉིད་གང་ཡང་


DTG088_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་སྐབས་འབྱེད་པའོ། །འཁོར་བ་ལས་དགྲོལ་བར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི་ལོག་པར་རྟོག་པའོ། །དེ་མན་ཆད་ནི་ལན་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་ཕུང་པོ་གསུམ་དུ་ལུང་བསྟན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བསྒོམ་པ་ལ་ལོག་པར་རྟོག་པའོ། །དེ་ལ་དང་པོར་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་མི་ནུས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་ནི་ལོག་པར་རྟོག་པའོ། །འདིར་མཚན་ཉིད་ཐ་དད་པ་ཡང་མ་ལགས་ཞེས་བྱ་བ་ནི་མཚན་ཉིད་ཀྱི་རྣམ་པ་ཐ་དད་པ་མེད་པའོ། །དེ་མན་ཆད་རྒྱས་པར་ནི་ལན་ཡིན་ནོ། །དྲི་བ་གཞན་དག་ནི་དེ་དང་འདྲེན་མའོ། །དེ་ལྟར་ལོག་པར་རྟོག་པ་བཅུ་དྲུག་བསྟན་པ་ཡིན་ནོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས་རྩེ་མོའི་མངོན་པར་རྟོགས་པ་སྟེ་ལེའུ་ལྔ་པའོ།། །།


previousལེའུ་ལྔ་པ། རྩེ་མོའི་མངོན་པར་རྟོགས་པའི་འགྲེལ་པ།next