Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་དགུ་པ།


  collapse section
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ།  རིན་ཆེན་འབྱུང་གནས་ཞི་བ།
   
   
   
   
   
   
   
   
   


 
no previousའཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ། རིན་ཆེན་འབྱུང་གནས་ཞི་བ།next

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ།
རིན་ཆེན་འབྱུང་གནས་ཞི་བ།

སྐབས་དང་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྗོད་པ།


DTG089_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་ཨཥྚ་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏཱ་པཉྫི་ཀ་སཱ་རོཏྟ་མ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ། ཕྱོགས་བཅུ་མཐའ་ཡས་པ་ན་རྣམ་པར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །གང་ཞིག་ཉི་མ་མང་པོ་ཕུན་སུམ་ཚོགས་པ་ཇི་སྲིད་དུ། །འཆར་དང་ནུབ་པས་འཇིག་རྟེན་ཉིན་དང་མཚན་མོར་འགྱུར་བ་ཡིན། །ཡུལ་རྣམས་སོ་སོར་ཁྱབ་པར་བྱེད་པ་དག་ལྡན་ཐོགས་མེད་པའི། །སངས་རྒྱས་རྟོགས་པའི་ཡོན་ཏན་གཅེས་གཏེར་ཁྱེད་ལ་འབྱུང་གྱུར་ཅིག །ཡི་གེ་གང་ཞིག་རྣ་ལམ་དུ། །ཅུང་ཟད་འཛིན་པར་བྱེད་པ་ཡང༌། །བྱང་ཆུབ་ས་བོན་འགྱུར་བ་ཡི། །རྒྱལ་བའི་ཡུམ་འདི་རྒྱལ་གྱུར་ཅིག །ཁྱབ་བདག་བྱམས་པ་གང་གི་རྒྱན་གྱི་རང་བཞིན་གྲུས་ནི་གང་ཞིག་རྒྱ་ཆེན་པོ། །མང་པོའི་དོན་གྱི་རྒྱ་མཚོ་མཉམ་པར་རང་གི་ཡན་ལག་དག་གིས་གཏན་ལ་ཕབ། །ཤེས་རབ་ཕ་རོལ་ཕྱིན་པའི་གཞུང་ལུགས་ཆེན་པོ་གང་ཡིན་དེ་ནི་བརྒྱད་སྟོང་པ། །


DTG089_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབྱུང་གནས་དམན་པའི་ཚིག་ཉུང་ཤིན་ཏུ་གསལ་བས་རྣམ་པར་བཤད་པར་བྱ། །ཅི་སྟེ་ཡང་ཅིའི་ཕྱིར་འདི་བཤད་ཅེ་ན། བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་ནང་ན། མདོ་སྡེ་རིན་པོ་ཆེ་ཉིད་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་གསུང་རབ་ནི་བཅུ་གཉིས་ཏེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླིང་གཞི་དང༌། རྟོག་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་དང༌། རྨད་དུ་བྱུང་བའི་ཆོས་དང༌། གཏན་ལ་དབབ་པ་དག་གོ །དེ་ལ་མདོའི་སྡེ་གང་ཞེ་ན། གང་ཚིག་རྐྱང་པས་ཟབ་པའི་དོན་སྟོན་པའོ། །དབྱངས་ཀྱིས་བསྙད་པ་གང་ཞེ་ན། མདོ་སྡེ་གང་ཡིན་པ་དེ་ལ་བར་དང་ཐ་མར་ཚིགས་སུ་བཅད་པ་བརྗོད་པའོ། །གང་ཡང་དྲང་བའི་དོན་གྱི་མདོ་སྡེ་དེ་ཡང་དབྱངས་ཀྱིས་བསྙད་པ་ཡིན་ཏེ། རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །ལུང་བསྟན་པ་གང་ཞེ་ན། གང་དུ་ཉན་ཐོས་འདས་ཤིང་དུས་བྱེད་པར་འགྱུར་བ་སྐྱེ་བའི་ལུང་བསྟན་པའོ། །གང་ཡང་ངེས་པའི་དོན་གྱི་མདོ་སྡེ་གསལ་བར་དགོངས་པས་བསྟན་པ་ཡང་ཡིན་ནོ། །ཚིགས་སུ་བཅད་པ་གང་ཞེ་ན། ཚིགས་སུ་བཅད་པ་བཤད་པ་གང་ཡིན་པ་སྟེ། ཚིག་རྐང་གཉིས་


DTG089_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཚིག་རྐང་གསུམ་དང༌། ཚིག་རྐང་བཞི་དང༌། ཚིག་རྐང་ལྔ་དང༌། ཚིག་རྐང་དྲུག་གོ །ཆེད་དུ་བརྗོད་པ་གང་ཞེ་ན། །གང་ཡི་རང་བ་ནས་བརྗོད་པའོ། །གླེང་གཞི་གང་ཞེ་ན། གང་བསྟན་པ་བརྗོད་པའམ། བྱུང་བ་དང་བཅས་པའི་བསྲབ་པ་བཅས་པ་བརྗོད་པའོ། །རྟོག་པ་བརྗོད་པ་གང་ཞེ་ན། དཔེ་དང་བཅས་པ་བརྗོད་པའོ། །དེ་ལྟ་བུ་བྱུང་བ་གང་ཞེ་ན། སྔོན་གྱི་སྦྱོར་བ་བདག་དང་ལྡན་པའོ། །སྐྱེས་པའི་རབས་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པའོ། །ཤིན་ཏུ་རྒྱས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་གནས་ཡིན་པའི་ཕྱིར་རོ། །རྨད་དུ་བྱུང་བའི་ཆོས་གང་ཞེ་ན། གང་དུ་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པའོ། གཏན་ལ་དབབ་པ་གང་ཞེ་ན། གང་དུ་ཕྱིན་ཅི་མ་ལོགས་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་སྟེ། དེ་ལྟར་བསྟན་པ་དེ་དག་གི་ནང་ན་འདི་ནི་བཅོམ་ལྡན་འདས་ཀྱི་མདོ་སྡེ་རིན་པོ་ཆེ་སྟེ། སྐྱེས་བུ་དམ་པའི་དོན་སྒྲུབ་པ་དང༌། ཟབ་པ་དམ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་སྟོན་པའི་ཕྱིར་རོ། །དེ་ནས་ཅི་ཙམ་གྱིས་འདིའི་བརྗོད་པར་བྱ་བའི་དོན་ཏེ། དེ་ཡང་གང་ཡིན་ཞེས་བྱ་བ་ནི་དྲི་བའོ། །བསྟན་བཅོས་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་མཁྱེན་པ་ཉིད། རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །དེ་རྣམས་ཞེས་བྱ་བ་ནི་རྣམ་པ་རང་གི་དོན་ལ་དྷཱའི་རྐྱེན་བྱ་བ་ཡིན་ཏེ། །དེ་དག་ནི་བརྒྱད་པོ་འདི་དག་གོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ལ་མངོན་པར་ཕྱོགས་ཤིང་ཡང་དག་པར་རྟོགས་པ་ནི་མངོན་པར་ཡང་དག་པར་རྟོགས་པའོ། །དེས་ན་དེ་ཉིད་ཀྱི་ཕྱིར་མངོན་པར་རྟོགས་པ་སྟེ། དེ་དག་གིས་ནི་རྟོགས་པའི་དོན་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་འདི་མངོན་པར་རྟོགས་པ་ཡིན་ཞེ་ན། གང་གི་ཕྱིར་རྣམ་པ་བདུན་གྱིས་ཐ་མི་


DTG089_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དད་པར་འགྲོ་ཞིང་ཐོབ་པའི་ཕྱིར་རོ། །རྩེ་མོ་ནི་རབ་ཀྱི་མཐའོ། །དེ་ཐོབ་པ་ནི་རྩེ་མོར་ཕྱིན་པའོ། །མཐར་གྱིས་པ་ནི་གོ་རིམས་ཏེ། དེ་དང་ལྡན་པ་ནི་མཐར་གྱིས་པའོ། །གཉི་གར་ཡང་མངོན་པར་རྟོགས་པ་ཞེས་བྱ་བ་རྗེས་སུ་འབྲང་ངོ༌། །ཡང་འདིའི་བསྡུས་པའི་དོན་དྲུག་ཡིན་པའི་ཕྱིར་ཡང་བསྟན་བཅོས་ལས། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེའི་རབ་དེ་ནི་གོ་རིམས་དང༌། །དེའི་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །གང་གི་ཕྱིར་དང་པོ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་མཚན་ཉིད་དོ། །དེ་ནས་བཞི་ནི་འདིའི་སྦྱོར་བ་དང༌། སྦྱོར་བའི་རབ་དང༌། སྦྱོར་བའི་གོ་རིམས་དང༌། སྦྱོར་བའི་མཐར་ཐུག་པའོ། །དེ་ནས་ཆོས་སྐུ་མཛད་པ་དང་བཅས་པ་དེ་ནི་འདིའི་རྣམ་པར་སྨིན་པ་སྟེ། གཙོ་བོའི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །ཡང་བསྟན་བཅོས་ལས། ཡུལ་གྱི་རྒྱུ་ནི་གསུམ་དག་དང༌། །སྦྱོར་བ་བཞི་ཡི་བདག་ཉིད་དང༌། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཡང་ན་འདིའི་བསྡུས་པའི་དོན་གསུམ་སྟེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་ནི་སྦྱོར་བའི་ཡུལ་ཏེ་དེའི་རྒྱུའོ། །ཡུལ་ཅན་སྦྱོར་བ་བཞིའི་བདག་ཉིད་དེ། རྣམ་པ་ཀུན་མངོན་པར་རྟོགས་པ་ལ་སོགས་པའོ། །རྒྱུ་དེའི་འབྲས་བུ་ནི་ཆོས་ཀྱི་སྐུ་སྟེ་དེ་ཉིད་ལས་སོ། །དེ་ཉིད་ལ་བརྒྱད་དམ། དྲུག་གམ། གསུམ་ནི་མདོ་འདིའི་དོན་ཏོ། །ཁ་ཅིག་ནི་ཐམས་ཅད་ཀྱང་གཙོར་དོན་གཅིག་ཉིད་དོ། །གཞན་དུན་ངག་གཅིག་ཏུ་ཡང་མི་འགྱུར་ཏེ། ལེའུ་བཅུ་ལ་སོགས་པའི་ཚིག་གི་ཚོགས་བཞིན་ནོ། །ཕན་ཚུན་ཡན་ལག་གི་དོན་གྱིས་མངོན་པར་རྟོགས་པ་གཅིག་དོན་དུ་ཉེ་བར་སྦྱོར་བའི་ཕྱིར་ཏེ། དེ་བས་ན་འགྲེལ་པ་དང་ལྡན་པ་དང༌། རྗེས་སུ་མཐུན་པའི་ཐབས་དང་ལྡན་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འདིར་གཙོ་བོ་ཡིན་ནོ་ཞེས་བརྗོད་དོ། །དེ་ནི་བདེན་པ་མ་ཡིན་ཏེ། གང་གི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉན་ཐོས་ཀྱི་སྡེ་སྣོད་ལས་ཀྱང་རབ་ཏུ་རྟོགས་པ་ཉིད་དེ། ཤེས་པར་འདོད་པའི་ཕྱིར་རོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་རྟོགས་པ་ཉིད་དོ།།


DTG089_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་འདོད་པ་མེད་པའི་ཕྱིར་རོ། །དེ་བས་ན་དེ་ཉིད་གཙོ་བོར་བརྗོད་པར་བྱ་བ་ཡིན་ན། འདི་ནི་མོས་པར་དཀའ་བ་སྟེ་ཐོབ་པ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་བཀའ་ལ་ཡང་མོས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཡང་འདི་གཙོར་བཅོམ་ལྡན་འདས་ཀྱིས་གསུངས་པར་བྱ་བ་ཡིན་ཏེ། ཇི་ལྟ་ཇི་ལྟར་འདི་ལ་མོས་པ་དེ་ལྟ་དེ་ལྟར་བྱང་ཆུབ་ལ་ཉེ་བར་འགྱུར་ཏེ། དེ་བས་ན་འདི་གཙོར་བརྗོད་པར་བྱ་བ་ཡིན་ནོ། །མངོན་པར་རྟོགས་པ་བརྒྱད་པོ་དག་ལ་སྙིང་པོ་ཇི་ལྟ་བ་བཞིན་དུ་འདི་རྒྱ་ཆེར་བརྗོད་ན་ཇི་ལྟར་གཙོ་བོར་བརྗོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྟེ། ལྷག་མ་ཡང་དེ་ཉིད་ལམ་དུ་བྱེད་པའི་ཕྱིར་རོ། །དེ་བས་ན་དེ་ལྟར་འདི་བརྗོད་པས་ནི་ཤིན་ཏུ་ཡང་གཙོ་བོར་བརྗོད་པ་མ་ཡིན་ནོ། །དེ་ལྟར་རྒྱ་ཆེར་སྤྲོས་པས་ནི་ཆོག་གོ །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མདོ་སྡེ་འདིར་གཙོར་བསྟན་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མ་ཡིན་ནོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་འབྲས་བུ་དང་བཅས་པས། སྦྱོར་བ་དང་བཅས་པ་གཙོ་བོར་གྱུར་པ་འདི་མདོ་སྡེ་རིན་པོ་ཆེའི་དོན་ཏོ། །འདི་ནི་དེ་ལྟར་ངེས་པར་གནས་པ་ཡིན་ནོ། །གང་ཡང་ཚད་མ་རྣམ་འགྲེལ་ལས་ཀྱང་སྐྱེས་བུའི་དོན་ནི་ཐོབ་པར་བྱེད་པ་ཡིན་ཏེ། དེ་བས་ན་དེར་ཡང་མངོན་པར་ཐོབ་པར་བྱེད་པ་ཞེས་བརྗོད་ཀྱི་གཙོར་རྗོད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་སྨོས་སོ། །འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པ་ལ། ཅི་སྟེ་གང་གི་ཚིག་ཡིན་ཞེ་ན། སྡུད་པ་པོའི་ཚིག་སྟེ། སྡུད་པ་པོ་ཉིད་ཀྱིས་འཇིག་རྟེན་པ་ཡང་དག་པར་ཡིད་ཆེས་པར་བྱེད་པའི་དོན་ཏེ། དེ་ཅིའི་ཕྱིར་མ་གསུངས་པ་སྨོས་ཤེ་ན། མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ཉིད་ཀྱིས་དེ་འདོན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་སྡུད་པའི་མདོ་ལས། དགེ་སློང་དག་འདི་སྐད་བདག་གིས་ཐོས་པ་ཞེས་ཀྱིས་ལ་ངའི་དམ་པའི་ཆོས་བསྡུ་བར་བྱའོ། །ཞེས་གསུངས་སོ། །ཅིས་ཏེ་འདིར་སྡུད་པ་པོ་གང་ཡིན་ཞེ་ན། གང་གི་ཕྱིར་དེ་ནི་ལྕང་ལོ་ཅན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་རྣམས་ཀྱི་


DTG089_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་སྐུ་དང༌། ཆོས་ཀྱི་ཚོགས་བསྲུང་བའི་དབང་དུ་བྱས་པའི་ཕྱིར་གཙོར་རྗེས་སུ་འབྲད་བར་བརྗོད་དེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་མདོ་སྡེ་ལས་བསྟན་པ་གཏད་པ་ཡིན་ནོ། །ཡང་འཕགས་པ་ཀུན་དགའ་བོ་ལ་གཏད་པ་དེ་ནི་ཉན་ཐོས་ཀྱི་འཇིག་རྟེན་ལ་བཞུགས་པར་བྱ་བའི་ཕྱིར་ཡིན་གྱི། སྡུད་པའི་དོན་དུ་ནི་མ་ཡིན་ཏེ། ཇི་ལྟར་ཡང་རྟག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་གནས་པའི་ཕྱིར་འཕགས་པ་ཀུན་དགའ་བོ་ནི་མ་ལུས་པ་ཐོས་པ་ཐོབ་པས་ཉན་ཐོས་ཀྱི་སྡེ་སྣོད་སྡུད་པ་པོ་ཡིན་ཏེ། །དེ་བཞིན་དུ་ཕྱག་ན་རྡོ་རྗེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་སྡུད་པ་པོ་ཡིན་ཏེ་དེ་ལྟར་རྒྱ་ཆེར་སྤྲོས་པས་ཆོག་གོ །མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་བསྟན་པའི་སྟོན་པ་པོ་ལས་འདིར་རང་ཉིད་ཀྱིས་ཐོས་ནས་སྡུད་པ་ཡིན་ཏེ། དེ་ནས་སྡུད་པ་པོ་མཚོན་པའི་དོན་དུ་ཐོས་པ་ཞེས་སྨོས་སོ། །བདག་གིས་ཞེས་བྱ་བ་མ་སྨོས་པར་སྒྲུབ་པ་སྟེ། རང་ཉིད་ཀྱིས་མ་ཐོས་པའི་ཆོས་བསྟན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེའི་ཕྱིར་སྒྲུབ་པ་པོ་སྨོས་པ་ནི་ངེས་པར་བྱ་བའི་དོན་ཏེ། བདག་ཉིད་ཀྱིས་བཅོམ་ལྡན་འདས་ལས་ཐོས་ཀྱི། བདག་གིས་བླ་མ་ལ་སོགས་པ་ལས་ཐོས་པ་ནི་མ་ཡིན་ནོ། །དེ་བས་ན་བདག་ཉིད་ཀྱིས་ཞེས་བྱ་བ་འདིས་ནི་མངོན་སུམ་དུ་ཐོས་པ་ཉིད་དོ་ཞེས་སྟོན་ཏོ། །དེས་ན་འདིས་ནི་སྡུད་པ་ཐོས་པར་གྱུར་པ་ཡིད་ཆེས་པ་མེད་པའི་དོགས་པ་བསལ་ཏོ། །གལ་ཏེ་མངོན་སུམ་ཐོས་ཀྱང་གཡེང་བ་དང༌། ལོག་པར་འཛིན་པ་ཡོད་ན་ཤིན་ཏུ་ཡང་ཡིད་ཆེས་པ་མེད་པར་འགྱུར་ཞེ་ན། དེའི་ཕྱིར་དེ་ཉིད་བསལ་བའི་ཕྱིར་འདི་སྐད་ཅེས་སྨོས་ཏེ། ཇི་ལྟར་བཤད་པ་དེ་བཞིན་དུ་བདག་གིས་ཐོས་པ་ཡིན་ཏེ། རྣམ་པ་འདི་ཉིད་ཀྱིས་གླེང་གཞི་འདི་ཉིད་དང༌། སྐབས་དང་ཉེ་བར་སྦྱར་བ་དང༌། མདོའི་ལུས་ཞེས་བྱ་བའི་དོན་ཏོ། །དེ་ལ་སྟོན་པ་པོ་ལ་སོགས་པ་འབྱུང་བ་ནི་གླེང་གཞི་ཡིན་ཏེ། ཡུལ་གང་དུ་སྟོན་པ་པོ་དང༌། ཉན་པ་པོ་འདུས་པ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཀུན་དགའ་བོ་ཞེས་བྱ་བའི་བར་དུའོ། །དེ་ལ་སྐབས་ནི་དེ་ནས་དང༌། དེ་སྐད་ཅེས་བྱ་བ་ལ་སོགས་པའོ། །ཉེ་བར་སྦྱར་བ་ནི་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་


DTG089_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པའོ། །ལྷག་མ་ནི་མདོའི་ལུས་ཡིན་ནོ། །ཇི་ཙམ་ཁྱོད་ཀྱིས་ཐོས་པར་བྱས་ཞེས་དྲིས་པ་ལ། དུས་གཅིག་ན་ཞེས་བྱ་བ་སྨོས་ཏེ། དུས་གཅིག་གི་ཚེ་ན་ཞེས་པའི་དོན་ཏོ། །དེས་ནི་གདུལ་བྱ་རྣམས་ཆོས་ལ་གུས་པ་བསྐྱེད་པའི་དོན་ཏེ། བཅོམ་ལྡན་འདས་ཀྱིས་ལན་ཅིག་བསྟན་པ་དང༌། བདག་ཉིད་ཀྱང་ཐོས་པ་འཛིན་པ་ཉིད་དུ་མཚོན་པ་ཡིན་ནོ། །གང་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་ཀྱིས་ལ་ངའི་ཆོས་ཡང་དག་པར་བསྡུ་བར་བྱ་ཞེས་མདོ་སྡེའི་ནང་དུ་གསུངས་པ་ལ། དེ་ནི་ཚིག་གི་ཕྱོགས་གཅིག་གིས་ཚིག་རྣམས་མཚོན་པ་ཡིན་ཏེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པའོ། །དེ་ཡང་ཇི་ལྟར་ཟན་ལ་ཞུགས་ཞེས་བྱ་བ་ལྟ་བུ་སྟེ། ཁྱིམ་དུ་ཞུགས་ནས་ཟན་ཟ་བར་རྟོགས་པར་བྱེད་པ་ཡིན་ནོ། །གླེང་གཞི་མེད་པར་ནི་སྟོན་པ་མེད་དེ། དེ་བས་ན་གླེང་གཞི་ནི་བཅོམ་ལྡན་འདས་ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་བྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སམ། ཤེས་རབ་ཀྱིས་བདུད་བཞི་བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །ཡང་ན་འདི་བདག་བསྟན་པས་ན་བཅོམ་ལྡན་འདས་ཏེ། །རྒྱུ་ཉིད་བྱེད་པ་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་རོ། །དེ་དག་གང་ཞེ་ན། དབང་ཕྱུག་ལ་སོགས་པ་དྲུག་སྟེ། ཇི་སྐད་བཤད་པའི་རིགས་པ་དང༌། །དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །ཞེས་བཤད་པ་ལྟ་བུ་སྟེ། དེ་ལ་དབང་ཕྱུག་ནི་བཅོམ་ལྡན་འདས་ཏེ་གཞན་དབང་མ་ཡིན་པའོ། །ཕུན་སུམ་ཚོགས་པ་ནི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་གཟུགས་ཕུན་སུམ་ཚོགས་པ་སྟེ། སྐུ་བླ་ན་མེད་པའི་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་ཕྱིར་རོ། །གྲགས་པ་ཕུན་སུམ་ཚོགས་པ་ནི་ཕྱོགས་དང་ཕྱོགས་མཚམས་སུ་སྒྲ་རྣམ་པར་གྲགས་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་མང་པོ་གང་གིས་བསྟེན་པ་དེ་ནི་དཔལ་ཏེ། བཅོམ་ལྡན་འདས་དེའི་ཕུན་སུམ་ཚོགས་པ་དང་འཇིག་རྟེན་དང་


DTG089_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་རིམ་པས་བརྟེན་པ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཤེས་བྱ་ཐམས་ཅད་ནི་རྣམ་པ་ཐམས་ཅད་ལ་ཡེ་ཤེས་དག་པ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཕྱིར་རོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་གཞན་གྱི་དོན་རྣམ་པ་ཐམས་ཅད་ལ་བྱ་བ་རྒྱུན་མི་འཆད་པར་བྱེད་པའི་ཕྱིར་རོ། །བཞུགས་ཏེ་ཞེས་བྱ་བ་ལ་ཡང་ན་བཞུགས་ཞེས་བྱ་བའི་སྒྲ་ད་ལྟར་གྱི་དོན་ཡིན་ཡང་འོག་ནས་ཏེ་ཞེས་བྱ་བའི་སྒྲ་འདས་པའི་དོན་ལ་བཞུགས་པའི་དབང་གིས་འདས་པའི་དོན་དུ་འགྱུར་རོ། །ལད་སྨེ་ཞེས་བྱ་བའི་ཚིག་གིས་ལད་ཅེས་པ་ད་ལྟར་གྱི་རྐྱེན་གོང་ན་ཡོད་ལ། སྨེ་ཞེས་པ་འདས་པའི་རྐྱེན་འོག་ཏུ་འབྱུང་ན་ཡོད་པའི་རྐྱེན་གཙོ་བོ་ཡིན་པའི་ཕྱིར་འདས་པའི་དོན་དུ་སྦྱར་རོ། །ཐུན་མོང་གི་བཞུགས་པ་ནི་སྐུ་གསུང་ཐུགས་མཉམ་པར་བཞག་ནས་ཞེས་བྱ་བའི་དོན་ཏོ། །གཞན་དུན་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཅེས་བྱ་བའི་མཚུངས་པའི་བཞུགས་པས་ལྷན་ཅིག་པའི་དོན་དུ་མི་འགྱུར་བའི་ཕྱིར་རོ། །ཁྱད་པར་དུ་ནི་སངས་རྒྱས་ཀྱི་བཞུགས་པ་བཞི་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང༌། འཆགས་པས་བཞུགས་པ་དང་མཉམ་པར་གཞག་པས་བཞུགས་པ་དང། ནང་དུ་ཡང་དག་པར་འཇོག་གིས་བཞུགས་པའོ། །དེ་ལ་སངས་རྒྱས་རྣམས་ཀྱི་སྐུའི་ཕྲིན་ལས་ཐམས་ཅད་ནི་དང་པོའོ། །གསུང་གི་ཕྲིན་ལས་ཐམས་ཅད་ནི་གཉིས་པའོ། །གང་རང་བཞིན་གྱིས་མཉམ་པར་གཞག་པ་དང༌། གང་ཏིང་ངེ་འཛིན་མངོན་དུ་མཛད་པའི་ཡིད་ལ་བྱེད་པ་སྟེ། དེ་གཉིས་གསུམ་པའོ། །གང་སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་རྣམས་ལ་གཟིགས་པ་དང༌། ལྷ་རྣམས་ཉེ་བར་འོང་བར་བྱ་པའི་ཡིད་ལ་བྱེད་པ་སྟེ། དེ་གཉི་ག་ཡང་བཞི་པའོ། །གང་དུ་བཞུགས་ཤེན། རྒྱལ་པོའི་ཁམས་ཅེས་བྱ་བ་སྨོས་ཏེ། རྒྱལ་པོའི་ཁབ་ཅེས་བྱ་བ་ནི་མ་ག་དྷཱའི་གྲོང་ཁྱེར་ན་རྒྱལ་པོ་མང་པོས་བཀུར་བའི་ཕོ་བྲང་འཁོར་རོ། །དེའི་ཕྱོགས་གང་དུ་ཞེ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་སྨོས་སོ། །དེ་ཅིའི་ཕྱིར་རྒྱལ་པོའི་ཁབ་ཏུ་སྟོན་ཞེ་ན། མདོ་སྡེ་འདི་ནི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་གནས་ཉིད་དུ་མཚོན་པའི་ཕྱིར་རོ། །ཅིའི་ཕྱིར་


DTG089_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྒོད་ཀྱི་ཕུང་པོ་སྟོན་ཞེ་ན། ཉན་པ་རྣམས་ལ་ཡང་འདི་རྣམས་རྟོགས་པར་དཀའ་བ་བསྟན་པའོ། །དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཅེས་པ་ལ། ཆེན་པོ་ནི་གྲངས་ཆེན་པོ་དང༌། ཡོན་ཏན་ཆེན་པོ་ཉིད་དོ། །ཉོན་མོངས་པས་སྤངས་པའི་དགེ་སློང་དགྲ་བཅོམ་པ་དེ་ནི་འདིར་མི་བཟུང་སྟེ། འཕགས་པ་ཀུན་དགའ་བོ་ཡང་བཟུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་བསྙེན་པར་རྫོགས་པའི་དགེ་སློང་དེ་འདིར་བཟུང་སྟེ། དེ་ཡང་འདིར་རྣམ་པ་གཉིས་ཏེ། གསོལ་བ་དང༌། བཞིའི་ལས་དང༌། ལྔ་པ་ནི་ཚུར་ཤོག་བྱས་པ་དང༌། མ་བྱས་པའོ། །བྱས་པ་ནི་དེ་བཞིན་གཤེགས་པས་དགེ་སློང་ཚུར་ཤོག །ཚངས་པར་སྤྱོད་ཅིག་ཅེས་བྱས་པ་དང༌། ཚུར་ཤོག་ཅེས་པ་མ་བྱས་པས་དེ་བཞིན་གཤེགས་པས་དགོངས་པ་ཙམ་གྱིས་སྐྲ་དང་ཁ་སྤུ་རང་ལྷུང་བ་དང༌། ལུས་ལ་ཆོས་གོས་གྱོན་ཞིང་དབང་པོ་ཞི་བ་དང༌། སྤྱོད་ལམ་མཛེས་པ་དང་ལྡན་པར་འགྱུར་བའོ། །དགེ་སློང་གི་དགེ་འདུན་ཞེས་བྱ་བ་ལ་དགེ་འདུན་ནི་ཚོགས་ཏེ། དེ་ཇི་ལྟར་དགེ་འདུན་ཡིན་ཞེ་ན། མི་ཕྱེད་པས་ན་དགེ་འདུན་ཏེ། གང་ཡང༌། སངས་རྒྱས་ཆོས་དང་དགེ་འདུན་ནི། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང༌། །གང་ཕྱིར་དབྱེ་བར་མི་ནུས་པས། །དེ་ཕྱིར་དགེ་འདུན་ཞེས་བྱའོ། །ཐབས་ཅིག་ཅེས་བྱ་བ་ནི་ལྷན་ཅིག་པའི་དོན་ཏོ། །དེ་ལ་གྲངས་ཆེན་པོ་ནི་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཏེ། ཕྱེད་ཀྱིས་མ་ཚང་བའི་བརྒྱ་ཕྲག་བཅུ་གསུམ་མོ། །འདིར་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་པའི་ཚིག་བཅོ་ལྔ་པ་ནི་ཡོན་ཏན་ཆེན་པོ་བསྟན་པ་སྟེ། དགྲ་བཅོམ་པ་ཉིད་ནི་ཉོན་མོངས་པའི་དགྲ་རྣམས་བཅོམ་པ་དང་ལྡན་པས་ན་དགྲ་བཅོམ་པའོ། །ཡང་ན་མི་སྐྱེ་ཞིང་ཡང་སྐྱེ་བ་མེད་པས་ན་དགྲ་བཅོམ་པའོ། །ཡང་ན་དེ་བཞིན་གཤེགས་པ་ལ་སྒྲུབ་པའི་མཆོད་པ་ཡང་དག་པར་མཆོད་པས་མཆོད་པར་བྱེད་པས་ན་དགྲ་བཅོམ་པའོ། །ཡང་ན་ལྷ་དང་མི་རྣམས་ཀྱིས་མཆོད་པ་དང༌། སྦྱིན་གནས་སུ་འོས་པས་ན་དགྲ་བཅོམ་པའོ། །དེ་བས་ན་མཆོད་པར་འོས་པ་དང༌། སྦྱིན་གནས་སུ་གྱུར་པའི་ཡོན་ཏན་གྱིས་ཟག་པ་ཟད་སྨོས་ཏེ། སྐྱེ་བ་དང༌། ཉོན་མོངས་པའི་དགེ་བའི་རྩ་བ་ནི་ཟག་པ་སྟེ།


DTG089_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ནི་འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པ་དང༌། ལྟ་བའི་ཟག་པ་དང༌། རྣམ་པ་བཞི་པའོ། །དེ་ཡང་གོ་རིམས་ཅི་ལྟ་བ་བཞིན་དུ་འདོད་པའི་ལྔ་དང༌། སྲིད་པའི་གསུམ་དང༌། མ་རིག་པའི་ཀུན་བརྟགས་པ་དང༌། ལྷན་ཅིག་སྐྱེས་པ་དང་ལྟ་བ་དྲུག་ཅུ་རྩ་གཉིས་ཏེ། ཟག་པ་འདི་རྣམས་ཟད་པས་ན་ཟག་པ་ཟད་པའོ། །དེ་ཡང་གོ་རིམས་བཞིན་དུ་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་གཉིས་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པའོ། །ཡང་ཡང་དག་པའི་ཏིང་ངེ་འཛིན་དང༌། །ཟད་ལ་མི་སྐྱེ་བའི་ཡེ་ཤེས་དང༌། ཡང་དག་པའི་རྣམ་པར་གྲོལ་བ་དང༌། ཡང་དག་པའི་ལྟ་བའོ། །ཡང་འདོད་པའི་རྒྱུ་ཡོངས་སུ་ཤེས་པ་དང༌། ཕུང་པོའི་རྒྱུ་ཡོངས་སུ་ཤེས་པ་དང༌། འདུ་བྱེད་ཀྱི་རྒྱུ་ཡོངས་སུ་ཤེས་པ་དང༌། ཉོན་མོངས་པའི་རྒྱུ་ཡོངས་སུ་ཤེས་པའོ། །ཡང་སྡུག་བསྔལ་ཀུན་འབྱུང་བའི་བདེན་པ་སྤང་བ་དང༌། འགོག་པའི་བདེན་པ་མངོན་སུམ་དུ་བྱ་བ་དང༌། ལམ་གྱི་བདེན་པ་བསྒོམ་པ་དང༌། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པའོ། །དེ་བས་ན་ཟག་པ་ཟད་པ་ཉིད་ཀྱིས་རྣམ་པར་དག་པའི་ཡོན་ཏན་ནི་ཉོན་མོངས་པ་མེད་པ་ཞེས་བྱ་བ་སྨོས་ཏེ། ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་བཞི་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་སྨིན་པའི་ཀུན་ནས་ཉོན་མོངས་པ་དང༌། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་མེད་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །གང་གིས་ཀུན་ནས་ཉོན་མོངས་ཤིང་སྡུག་བསྔལ་བར་བྱེད་པ་དང༌། གང་ཀུན་ནས་ཉོན་མོངས་པར་བྱེད་པ་དང༌། གང་གིས་ཀུན་ནས་ཉོན་མོངས་པར་བྱེད་པ་དང༌། གང་ཀུན་ནས་ཉོན་མོངས་པའོ། །དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་མེད་ཅེས་བསམ་པའོ། །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་འགག་པ་ནི་རྣམ་པར་སྨིན་པའི་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བསམ་པའོ། །


DTG089_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་འགགས་པས་སྲེད་པ་དང༌། ལེན་པ་དང༌། སྲེད་པ་འགགས་པ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་མེད་ཅེས་བསམ་པའོ། །སྲིད་པ་འགགས་པས་སྐྱེ་བ་དང༌། རྒ་བ་དང༌། འཆི་བ་འགག་པ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མེད་ཅེས་བསམ་པའོ། །ཀུན་ནས་ཉོན་མོངས་པ་ནི་སྡུག་བསྔལ་ཏེ། དེ་བས་ན་ཉོན་མོངས་པ་མེད་པས་སྡུག་བསྔལ་མེད་པའི་ཡོན་ཏན་ནི་དབང་དུ་གྱུར་པ་ཞེས་སྨོས་སོ། །རྫུ་འཕྲུལ་ལ་དབང་བ་དང༌། དབང་པོ་ལ་དབང་བ་དང༌། ཏིང་ངེ་འཛིན་ལ་དབང་བ་དང༌། ཤེས་རབ་ལ་དབང་བའོ། །ཇི་ལྟར་དེ་དག་ལ་དབང་བ་ཡིན་ཞེ་ན། གོ་རིམས་ཇི་ལྟ་བ་བཞིན་དུ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དག་ལ་ཁྱད་པར་དུ་དབང་དུ་གྱུར་པ་དང༌། སྤྱོད་པ་ལ་དབང་ཐོབ་པས་འཇིག་རྟེན་དགའ་བ་ཉིད་ཀྱིས་དེ་དག་དབང་དུ་འགྱུར་བ་དང༌། དེ་དག་གི་སེམས་དབང་དུ་གྱུར་པ་ཉིད་དང༌། ཉོན་མོངས་པ་དང༌། ལས་དང་རྣམ་པར་སྨིན་པ་ཐམས་ཅད་བཅད་པས་འཆིང་བ་ལས་གྲོལ་བ་བཞིན་དུ་རང་ལ་དབང་ཐོབ་པ་ཉིད་དོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་སེམས་རྣམ་པར་གྲོལ་བའོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཤེས་རབ་རྣམ་པར་གྲོལ་བའོ། དེ་ལ་སྲིད་པའི་ཕྱོགས་ཀྱི་ཉོན་མོངས་པ་སྤངས་པས་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐོབ་པ་ནི་སེམས་རྣམ་པར་གྲོལ་བའོ། །མ་རིག་པའི་ཕྱོགས་ཀྱི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་སྤངས་པས་ཐོབ་པ་དགྲ་བཅོམ་པ་ཐོབ་པའི་ལམ་གྱི་ཡེ་ཤེས་ནི་ཤེས་རབ་རྣམ་པར་གྲོལ་བའོ། །ཅང་ཤེས་པ་ཞེས་བྱ་བ་ནི་འཇིགས་པ་མེད་པ་སྟེ། ཅང་ཤེས་པ་རྣམ་པ་ལྔའོ། །འདི་ལྟར་ཐོག་འབབ་པ་ལ་སོགས་པའི་གནོད་པའི་དོགས་པ་མེད་པས་ཁྱུ་མཆོག་ཅང་ཤེས་པའོ། །འཐབ་མོའི་འཇིགས་པ་མེད་པས་རྟ་ཅང་ཤེས་དང༌། གླང་པོ་ཅང་ཤེས་པའོ། །ཕ་རོལ་གྱི་གནོད་པའི་འཇིགས་པ་མེད་པས་སེང་གེ་ཅང་ཤེས་སོ། །འཆི་བའི་འཇིགས་པ་མེད་པས་དགྲ་བཅོམ་པ་ཅང་ཤེས་སོ། །དེ་བཞིན་དུ་འདིར་ཡང་འཇིགས་པའི་བག་ཚ་བ་བཞི་སྟེ། སྡུག་བསྔལ་གྱིས་བག་ཚ་བ་དང༌། འཇིགས་པས་བག་ཚ་བ་དང༌། འཇིགས་རྟེན་གྱི་ཆོས་ཀྱིས་བག་ཚ་བ་དང༌། མི་ཤེས་


DTG089_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པས་བག་ཚ་བའོ། །དེ་དག་མེད་པས་གོ་རིམས་བཞིན་དུ་བདེ་བ་ཐོབ་པ་དང༌། མི་སྐྲག་པ་ཐོབ་པ་དང༌། མི་འཇིགས་པ་ཐོབ་དང༌།དབུགས་དབྱུང་བ་ཐོབ་པ་ཞེས་བརྗོད་དོ། །དེ་ལ་མྱ་ངན་དང༌། སྨྲས་སྔགས་འདོན་པ་དང༌། སྡུག་བསྔལ་བ། དང༌། ཡིད་མི་བདེ་བ་མེད་པས་སྡུག་བསྔལ་གྱིས་བག་ཚ་བ་མེད་དོ། །བདག་གིས་སྨད་པ་དང༌། གཞན་གྱིས་སྨད་པ་དང༌། ངན་སོང་དང༌། འཚོ་བ་མེད་པ་དང༌། ཆད་པ་དང༌། མྱ་ངན་དང༌། འཆི་བའི་འཇིགས་པ་མེད་པས་འཇིགས་པའི་བག་ཚ་བ་མེད་དོ། །རྙེད་པ་དང༌། མ་རྙེད་པ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། བསྟོད་པ་དང༌། སྨད་པ་དང༌། བདེ་བ་དང༌། སྡུག་བསྔལ་དག་གིས་མ་གོས་པས་འཇིག་རྟེན་གྱི་ཆོས་ཀྱིས་བག་ཚ་བ་མེད་དོ། །མི་ཤེས་པ་དང༌། ཐེ་ཚོམ་གྱི་ཤེས་པ་དང༌། ལོག་པའི་ཤེས་པ་རྣམ་པ་མེད་པས་མི་ཤེས་པའི་བག་ཚ་བ་མེད་དོ། །དེ་བས་ན་བག་ཚ་བ་མེད་པ་དང་བྲལ་བའི་ཕྱིར་ཅང་ཤེས་པའོ། །གླང་པོ་ཆེན་པོ་ཞེས་བྱ་བ་ནི་གཙོ་བོ་ཆེན་པོ་སྟེ། ཁ་ཅིག་ནི་གསུམ་རིག་པ་དང༌། ཁ་ཅིག་ནི་སོ་སོ་ཡང་དག་པར་རིག་པ་ཐོབ་པ། ཁ་ཅིག་ནི་མངོན་པར་ཤེས་པ་དྲུག་པ་ཐོབ་པ། ཁ་ཅིག་ནི་ཀུན་ཤེས་པ་བརྡ་སྤྲོད་པ། ཁ་ཅིག་ནི་གཅིག་པུར་གནས་པ་ཐོབ་པ་སྟེ། མཐར་ཐུག་པ་ཐུབ་པའི་ཆོས་རྙེད་པའི་ཕྱིར་གླང་པོ་ཆེན་པོའོ། །བྱ་བ་བྱས་པ། བྱེད་པ་བྱས་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་སྒྲུབ་པ་ཡོངས་སུ་རྫོགས་པའོ། །དེའི་ཕྱིར་ཚུལ་ཁྲིམས་ཏིང་ངེ་འཛིན་དང༌། ཤེས་རབ་ཡོངས་སུ་རྫོགས་པས་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་བ་ནི་བྱ་བ་སྟེ་ངེས་པར་བྱ་བ་ཡིན་པའི་ཕྱིར་རོ། །འདོད་པ་ཆུང་བས་འཚོ་བ་དང༌། ཆོག་ཤེས་པས་འཚོ་བ་དང༌། སྦྱངས་པའི་ཡོན་ཏན་གྱི་མིག་གིས་འཚོ་བ་དང༌། ཡང་དག་པར་མགུ་བར་བྱེད་པས་འཚོ་བ་ལ་སོགས་པ་ནི་བྱེད་པ་སྟེ། རང་དགར་སྤྱོད་པ་ཡིན་པའི་ཕྱིར་རོ། །དེ་གཉི་ག་ཡོངས་སུ་རྫོགས་པ་ནི་བྱ་བ་བྱས་པ་དང་བྱེད་པ་བྱས་པའོ། །ཁུར་བོར་བ་ཞེས་བྱ་བ་ལ་ཁུར་ནི་བཞི་སྟེ། ཕུང་པོའི་ཁུར་དང༌། ཉོན་མོངས་པའི་ཁུར་དང༌། དམ་བཅའ་བའི་ཁུར་དང༌། བརྩོན་པའི་ཁུར་རོ། །ཡོངས་སུ་དོར་བའི་ཕྱིར་དང༌། རབ་ཏུ་


DTG089_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བའི་ཕྱིར་དང༌། མཐར་ཕྱིན་དང༌། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེ་དག་གོ་རིམས་བཞིན་དུ་བོར་བ་སྟེ། ཡོངས་སུ་དོར་བ་དང༌། སྤངས་པ་དང༌། མཐར་ཕྱིན་པ་དང༌། ཡོངས་སུ་རྫོགས་པའོ། །དེ་ཡང་སྡུག་བསྔལ་ཡོངས་སུ་ཤེས་པ་དང༌། ཀུན་འབྱུང་པ་སྤངས་པ་དང༌། ལམ་བསྒོམས་པ་དང༌། འགོག་པ་མངོན་སུམ་དུ་བྱས་པས་སོ། །དེ་བོར་བས་ཕུང་པོ་མེད་པའི་བདེ་བ་དང༌། རྣམ་པར་གྲོལ་བའི་བདེ་བ་དང༌། རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་དང༌། ཉེ་བར་ཞི་བའི་བདེ་བ་ཐོབ་པའོ། །དེ་བས་ན་ཁུར་བོར་བ་ཉིད་ཀྱིས་ཁུར་པོར་བའི་བདེ་བ་ཐོབ་པའི་ཡོན་ཏན་བསྟན་ཏོ། །བདག་གི་དོན་རྗེས་སུ་ཐོབ་པ་ཞེས་བྱ་བ་ནི་རང་གི་དོན་ཐོབ་པ་ལ་རྣམ་པ་གཉིས་ཏེ། གནོད་པ་སྤངས་པ་དང༌། དོན་ཐོབ་པའོ། །དེ་ལ་དང་པོ་ནི་མ་རིག་པ་སྤངས་པས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །གང་ཡང་རིག་པ་བསྐྱོད་པས་མྱ་ངན་ལས་འདས་པ་ཐོབ་པ་སྟེ། དེ་ནི་གཉིས་པའོ། །སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཞེས་བྱ་བ་ནི་སྲིད་པར་ཀུན་ཏུ་སྦྱོར་བ་ནི་དགུ་སྟེ། སྐྱེས་བུ་སྲིད་པར་སྦྱོར་བར་བྱེད་པ་དང༌། སྲིད་པར་འཆིང་བར་བྱེད་པའི་ཕྱིར་ལྟ་བ་དང༌། མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་དང་ཕྲག་དོག་དང༌། སེར་སྣ་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། སྲིད་པའི་འདོད་ཆགས་སོ། །ལྟ་བ་ལ་སོགས་པ་ཡང་ཡིན་ཀུན་ཏུ་སྦྱོར་བ་ཡང་ཡིན་པས་ལྟ་བ་ལ་སོགས་པ་ཀུན་ཏུ་སྦྱོར་རོ། །འདི་དག་ཡོངས་སུ་ཟད་པ་གང་ཡིན་པ་དེ་ནི་དེ་སྐད་དུ་བརྗོད་དོ། །ཡོངས་སུ་ཟད་པ་ནི་རབ་ཏུ་ཉམས་པའོ། །དེ་ལས་དང་པོ་གསུམ་ནི་ཟག་པ་མེད་པའི་ཡང་དག་པར་ལྟ་བས་ཟད་པའོ། །བར་མ་གསུམ་དང་དགུ་པའི་ཕྱོགས་གཅིག་འདོད་པའི་ཁམས་ཀྱི་ཕྱོགས་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས་ཟད་པའོ། །ལྷག་མ་གསུམ་ནི་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཀྱིས་ཟད་པའོ། །ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ལ་ཡང་དག་པའི་ཤེས་པ་ནི་ཡང་དག་པའི་རྟོག་པ་དེས་སེམས་ཤིན་ཏུ་རྣམ་པར་གྲོལ་བའོ། །ཡང་དག་པར་མོས་པ་སྟེ་གང་དུ་མོས་ཤེ་ན་དཀོན་མཆོག་གསུམ་གྱི་ཡོན་ཏན་དང༌། ཐེག་པ་གསུམ་དང་ལྡན་


DTG089_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོན་པ་དག་དང༌། བདེན་པ་བཞི་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལའོ། །སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཐོབ་པ་ཞེས་བྱ་བ་ལ་སེམས་གང་གི་ཏིང་ངེ་འཛིན་གྱི་དབང་སྒྱུར་བ་དེ་ནི་སེམས་ཀྱི་དབང་སྟེ། ཐམས་ཅད་ཀྱང་ཡིན་ལ་དེ་ཡང་ཡིན་ནོ། །དེ་དག་ལ་དམ་པའི་ཕ་རོལ་ནི་མཐའོ། །ཕྱིན་པ་ནི་འགྲོ་བ་སྟེ། ཨེ་མ་ཞེས་བྱ་བ་ནི་འགྲོ་བའི་དོན་ཡིན་པའི་ཕྱིར་རོ། །དམ་པའི་མཐར་འགྲེ་བའི་ཕྱིར་ཕ་རོལ་ཏུ་སོན་པའོ། །དེ་ཇི་ལྟར་ཐོབ་པ་ཡིན་ཞེ་ན། གང་དུ་འདོད་པ་དང༌། གང་གི་ཚེ་འདོད་པ་དང༌། ཇི་སྲིད་འདོད་པ་དང༌། ལུགས་དང་མཐུན་པ་དང༌། ལུགས་ལས་བཟློག་པ་ཞེས་བྱ་བ་ལ་སོགས་པས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ་དང༌། གནས་པ་དང༌། ལྡང་བ་དང༌། འགོགས་པ་ལ་དབང་བའི་ཕྱིར་རོ། །ཐམས་ཅད་ཀྱང་ཞེས་བཤད་པ་དེ་ལ་འཕགས་པ་ཀུན་དགའ་བོ་ཡང་དེ་ལྟ་བུའི་ཡོན་ཏན་དང་ལྡན་ནམ་ཞེ་ན་མ་ཡིན་ཏེ། གང་ཟག་གཅིག་མ་གཏོགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་མ་གཏོགས་པ་ཞེས་བརྗོད་མོད་ཅེ་ན། གང་ཟག་སྨོས་པ་ནི་དགེ་འདུན་བསྡུ་བའི་ཕྱིར་ཏེ། འཕགས་པའི་གང་ཟག་བརྒྱད་ལས་གང་ཡང་རུང་བ་ཅིག་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱུན་དུ་ཞུགས་པ་ཉིད་ཀྱིས་མ་གཏོགས་པ་ཡིན་ཏེ། ཕྱི་རོལ་དུ་བཞག་པ་ཡིན་ནོ། །ཕྱིར་བསྟན་པ་ལ་ཁྱད་པར་དུ་བསྟན་པའི་དོན་ནི་འདི་ལྟ་སྟེ་ཞེས་བྱ་བའི་ཚིག་གི་ཕྲད་གཉིས་སོ། །ཁྱད་པར་དུ་བསྟན་པ་ནི་ཀུན་དགའ་བོ་ཡིན་ནོ། །ཚེ་དང་ལྡན་པ་ཞེས་བྱ་བའི་ཁྱད་པར་ནི་དགའ་བར་བྱ་བའི་ཕྱིར་ཏེ། འཇིག་རྟེན་ནི་ཚེ་འདི་འདོད་པ་ཡིན་ནོ། །དེ་བས་དེ་དང་ལྡན་པ་ནི་དགའ་བ་ཡིན་ནོ། །དེ་ཡན་ཆད་ནི་ཉན་ཐོས་ཀྱི་དགེ་འདུན་བསྟན་ཏེ། རབ་ཏུ་གྲགས་པའི་འཁོར་ཡིན་པའི་ཕྱིར་རོ། །ངེས་པའི་འཁོར་ཡིན་པའི་ཕྱིར་ཏེ་རབ་ཏུ་གྲགས་པ་དང༌། རབ་ཏུ་བྱུང་བ་ཡིན་པའི་ཕྱིར་དང༌། ངེས་པར་སངས་རྒྱས་ཀྱི་ཉེ་གནས་སུ་རྟག་ཏུ་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་མ་ཡིན་ཏེ། ཁྱིམ་པ་ཡིན་པའི་ཕྱིར་དང་འདི་ནས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་འགྲོ་


DTG089_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་དེ་ནས་ཀྱང་འདིར་འོངས་པའི་ཕྱིར་ཏེ། དེ་བས་བྱང་ཆུབ་སེམས་དཔའི་དགེ་འདུན་འདིར་མདོར་བསྡུས་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་མ་སྨོས་པ་སྟེ། གང་གི་ཕྱིར་འདི་ལྟ་སྟེ། མདོར་བསྡུས་ཏེ་བསྟན་པ་ཡང་བརྒྱད་སྟོང་པ་འདི་ཡིན་ཏེ། དེ་བས་ན་གླེང་གཞིའི་གཞུང་འདི་ཡང་མདོར་བསྡུས་ཏེ་བསྟན་པའི་གླེང་གཞི་ཡིན་ནོ། །དེ་ནི་ཆོས་སྟོན་པའི་སྐབས་ཀྱིས་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཡོད་པའི་བདུན་པའོ། །དེར་ཞུགས་ནས་ཡོད་པའི་ཞེས་བྱ་བའི་དོན་ཏོ། །ཡང་ན་བཞིའི་དོན་ཏེ། འདིར་དགེ་འདུན་གྱི་ནང་དུ་གཏོགས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ངེས་པར་གཟུང་བ་ཡིན་ཏེ། དགེ་སློང་དེ་དག་ལས་ཞེས་བྱ་བའི་དོན་ཏོ། །དགེ་སློང་གི་ཚོགས་ལས་ཕྱོགས་གཅིག་གི་མིང་ངེས་པར་བཟུང་བ་སྟེ། རབ་འབྱོར་ཞེས་བྱ་བ་ཡིན་ནོ། །དེ་ཡང་ཇི་ལྟར་གཡུལ་དུ་འཇུག་པའི་ངན་ནས་འཇིགས་ཏེ་ཁྱེར་ལ་ཤོག་ཅེས་བྱ་བ་ལྟ་བུའོ། །ཚེ་དང་ལྡན་པ་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །གནས་བརྟན་ཞེས་སྨོས་པ་ནི་མཆོད་པའི་དོན་ཏེ་གླང་པོ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ཡང་དགྲ་བཅོམ་པ་ཉིད་ཡོད་ན་ཉོན་མོངས་པ་མེད་པ་ལ་གནས་པའི་མཆོག་ཡིན་པའི་ཕྱིར་རོ། །བཀའ་སྩལ་ཏེ་ཞེས་བྱ་བ་ནི་རབ་ཏུ་སྦྱར་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། སྤོབས་པར་གྱིས་ཤིག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་འབྱོར་ཞེས་བྱ་བ་ནི་བོད་པའི་ཚིག་གོ །དེ་ཉིད་ལ་གསོལ་བ་གདབ་པའི་ཕྱིར། སྤོབས་པར་གྱིས་ཤིག་ཅེས་བྱ་བ་ནི་ཁྱེད་ཀྱི་བློ་མངོན་དུ་ཕྱོགས་པར་གྱིས་ཤིག་པ་ཡིན་ནོ། །གལ་ཏེ་ཡང་བླ་མ་ལ་གསོལ་བ་གདབ་ཅིང་སློབ་མ་ལ་མ་ཡིན་པ་དེ་ལྟ་མོད་ཀྱིས། གསོལ་བ་གདབ་པ་དེ་ནི་ཆོས་ལ་གུས་པ་བྱ་བ་ཉིད་དེ། དེ་ལྟར་ཡང་གནས་བརྟན་རབ་འབྱོར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱ་བ་བྱས་པར་གནས་པ་ཡིན་ནོ། །ཞེས་འཆད་པར་འགྱུར་བས་སོ། །གང་གིས་དབང་དུ་བྱས་ཤེ་ན། གསུངས་པ་ཤེས་རབ་ཀྱི་ཕ་རལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཀྱི་སྐུ་


DTG089_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་དང་བཅས་པའོ། །དེ་ལས་བཙམས་པ་ནི་སྐྱེས་བུ་དམ་པའི་དོན་གྱི་ཕྱིར་ཏེ། ཐབས་ལས་བྱུང་བ་ཉིད་ཡིན་པས་དེ་བསྟན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྤོབས་པར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཞེས་གསུངས་ཏེ། དེ་རྣམས་ཀྱི་དོན་ཞེས་བྱ་བའི་དོན་ཏེ། །གང་གི་ཕྱིར་དེའི་དོན་གྱི་ཕྱིར་རྒྱུ་མཚན་དང༌། རྒྱུ་མཚན་ཅན་གྱི་འབྲེལ་བ་སྟེ། དེ་བས་འབྲེལ་བ་ཙམ་སྨྲ་བར་འདོད་པའི་དྲུག་པོ་ཁྱད་པར་བརྗོད་པར་འདོད་པ་ནི་བཞི་བར་འགྱུར་རོ། །དེ་ནས་གང་གི་བདག་ཉིད་དུ་སྤོབས་པར་བྱ་ཞེ་ན། གསུངས་པ། ཅི་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་ནས་ཞེས་བྱ་བ་ནི་བར་དུའོ། །ཐོབ་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་ཡིན་ཏེ། གང་གི་ཕྱིར་དེ་ནི་ལམ་ཡིན་ཏེ། ལམ་ཡང་འགྲོ་བའི་གཞི་སྟེ། ངེས་པར་འབྱུང་བ་དང་བ་དང་མ་ལུས་པ་འགྲོ་བར་གྱིས་ཤིག་པའོ། །འགྲོ་བ་དེས་ཅིར་འགྱུར་ཞེ་ན། སྦྱོར་བ་དང༌། སྦྱོར་བའི་རབ་དང༌། སྦྱོར་བའི་གོ་རིམས་དང༌། སྦྱོར་བའི་མཐའོ། །དེ་དག་ལུས་པ་མེད་པར་གྱིས་ཤིག་པའོ། །དེ་ལྟར་ཚིག་གཉིས་པི་དེ་ནི་མངོན་པར་རྟོགས་པ་བརྒྱད་རབ་ཏུ་སྟོན་ཅིག་པའི། །

སྐབས་གཉིས་པ། ལམ་གྱི་རྣམ་པར་ཤེས་པ་ཉིད་བརྗོད་པ།


DTG089_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གང་ངེས་པར་འབྱུང་བར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་བསྟན་བཅོས་ལས། སེམས་བསྐྱེད་པ་དང་གདམས་ངག་དང༌། །ངེས་འབྱེད་ཡན་ལག་རྣམ་བཞི་དང༌། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང༌། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཐུབ་པ་ནི་དེ་བཞིན་གཤེགས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཉིད་ཀྱིས་དེ་མངོན་སུམ་དུ་མཛད་པའི་ཕྱིར་ལེའུ་དང་པོ་འདིར་བརྗོད་པར་བྱ་སྟེ། དེ་ཡང་དངོས་པོ་བཅུ་སྟེ། སེམས་བསྐྱེད་པ་དང༌། གདམས་ངག་དང༌། ངེས་པར་འབྱེད་པའི་ཆ་དང༌། སྒྲུབ་པའི་རྟེན་དང༌། དམིགས་པ་དང༌།


DTG089_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་བྱ་བ་དང་སྒྲུབ་པའོ། སྒྲུབ་པ་ཡང་གང་བྱ་བའི་དངོས་པོ་ཤེས་པའོ། །དེ་ཡང་རྣམ་པ་བཞི་སྟེ། གང་གི་ཕྱིར་དེ་ནི་གོ་ཆ་དང་འཇུག་པ་ནི་བྱ་བ་གཉིས་སོ། །ཚོགས་དང་ངེས་པར་འབྱུང་བ་དང་བཅས་པ་ནི་གཞན་གཉིས་སོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་དང་པོའི་ཚིག་གཉིས་པོ་འདིས་སེམས་བསྐྱེད་པ་གསུངས་སོ། །བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁྱད་པར་དུ་གྱུར་པ་དེ་ལ་འདིས་སེམས་པ་དང༌། བསམ་པ་དང་འདོད་པ་ནི་བྱང་ཆུབ་པའོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་བྱེད་པར་འདོད་པ་གང་ཡིན་པ་དེ་ནི་ཆེན་པོ་སྟེ། སེམས་ཅན་ཆེན་པོ་ནི་འདིར་སེམས་དཔའ་ཆེན་པའོ། །དེ་ལྟར་ཡང་བསྟན་བཅོས་ལས། སེམས་བསྐྱེད་པ་ནི་གཞན་དན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །སེམས་བསྐྱེད་པ་ཞེས་བྱ་བ་ནི་མཚན་གཞིའོ། །ལྷག་མ་ནི་མཚན་ཉིད་དོ། །སེམས་ནི་ཡང་དག་པར་འདོད་ཅིང་དེ་ལྟ་ན་འགྲོ་བར་འདོད་ཅེས་སྨྲ་བ་ལྟ་བུ་སྟེ། ང་འགྲོ་བར་འདོད་ཅེས་སེམས་པ་ཡིན་ནོ། །དེའི་བསྐྱེད་པ་ནི་སེམས་བསྐྱེད་པའོ། །མངོན་པར་འདོད་པ་དང་བསྐྱེད་པ་ནི་ཐ་མི་དད་པའི་ཕྱིར་བསྐྱེད་པ་སྨོས་པ་ནི་ཁྱད་པར་ཡོངས་སུ་གཟུང་བའི་དོན་ཏོ། །གཞན་གྱི་དོན་གྱི་ཆེད་དུ་ཡང་དག་པར་རྫོགས་པའི་སྔས་རྒྱས་ལ་དམིགས་པ་སེམས་བསྐྱེད་པ་ནི་སེམས་བསྐྱེད་པ་སྟེ། དེ་བས་ན་འདི་ནི་མཚན་ཉིད་དོ། །གཞན་གྱི་དབང་དུ་བསྟན་པ་ནི་གཞན་གྱི་དོན་གྱི་ཆེད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ། །འདི་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་འདི་ནི་འབྲུ་མང་པོ་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ནི་འདིར་སེམས་བསྐྱེད་པ་སྟེ། བཅོམ་ལྡན་འདས་ཀྱིས་འདིར་བཅུ་ལས་དང་པོའི་ངོ་བོ་ཉིད་དུ་གསུངས་ཏེ། དེ་ཙམ་གྱིས་དབང་དུ་བྱས་ནས་ཐོབ་པའི་ཕྱིར་རོ། དབྱེ་བ་ནི་མ་གསུངས་ཀྱང་གནས་སྐབས་ཀྱིས་ཡོད་པ་ཐོབ་པའི་ཕིར་རོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་ལས་གསུངས་ཏེ། དེའི་ཕྱིར་བསྟན་བཅོས་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། ཡིད་བཞིན་


DTG089_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ནི་ཤུ་རྩ་གཉིས་སོ། །དེ་ཡང་སེམས་བསྐྱེད་པ་རྣམ་པ་ནི་ཤུ་རྩ་པོའི་དབྱེ་བ་ཡང་གང་ཞེ་ན། དཔེ་ནི་ས་གསེར་ཟླ་བ་ལ་སོགས་པ་སྟེ། ས་གསེར་ཟླ་བ་ལ་སོགས་པ་དང་ཆོས་མཐུན་པའི་ཕྱིར་ས་གསེར་ཟླ་བ་ལ་སོགས་པའོ། །ཁ་ཅིག་ཏུ་སྤྱིའི་སྒྲ་ཡང་ཁྱད་པར་དུ་རྟོགས་པར་འགྱུར་ཏེ། སེམས་བསྐྱེད་པ་དང་པོ་ས་དང་འདྲ་བ་ནི་བྱང་ཆུབ་ལ་འདུན་པའི་མཚན་ཉིད་སྐྱེས་པར་གྱུར་པ་ས་དང་འདྲ་བ་སྟེ། སྔས་རྒྱས་ཀྱི་ཆོས་ཐམས་ཅད་དང༌། དེའི་ཚོགས་རབ་ཏུ་བསྐྱེད་ཅིང་གནས་པའི་ཕྱིར་རོ། །བསམ་པ་དང་འདྲ་བའི་གསེར་བཟང་པོ་ནི་གསེར་དང་འདྲ་བ་སྟེ། འགྱུར་བ་མེད་པ་སྟོན་པའི་ཕྱིར་རོ། །སྦྱོར་བ་དང་ལྡན་པ་ནི་ཟླ་བ་སྟེ་ཡར་ངོའི་ཟླ་བ་ཚེས་པ་དང་འདྲ་ཞིང་དགེ་བའི་རྩ་བ་རྣམས་སྐྱེ་ཞིང་འཕེལ་བ་རྙེད་པའི་ཕྱིར་རོ། །ཁྱད་པར་རྟོགས་པའི་བསམ་པ་ནི་ལྷག་པའི་བསམ་པ་ཡིན་ཏེ། དེ་དང་ལྡན་པ་ནི་མེ་སྟེ། མེ་དང་འདྲ་ཞིང་དེས་དེ་ཁྱད་པར་དུ་འགྲོ་བའི་ཕྱིར་བུད་ཤིང་གི་ཁྱད་པར་དང་ཕྲད་པའི་མེ་བཞིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་གཏེར་ཏེ། གཏེར་ཆེན་པོ་དང་འདྲ་སྟེ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་དཔག་ཏུ་མེད་པ་ཡང་དག་པར་ཚིམ་པར་བྱེད་པ་དང་མི་ཟད་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་རིན་པོ་ཆེའི་འབྱུང་གནས་ཏེ། དེ་དང་འདྲ་བར་ཡོན་ཏན་རིན་པོ་ཆེ་ཐམས་ཅད་དེ་ལས་འབྱུང་པའི་ཕྱིར་རོ། །རིན་པོ་ཆེའི་འབྱུང་གནས་ནི་རིན་པོ་ཆེ་སྐྱེ་བ་ལ་སོགས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་མཚོ་སྟེ། རྒྱ་མཚོ་དང་འདྲ་བར་མི་འདོད་པ་འབབ་པ་ཐམས་ཅད་ཀྱིས་མི་འཁྲུག་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྡོ་རྗེ་སྟེ། རྡོ་རྗེ་དང་འདྲ་བར་སྲ་བ་དང་མི་ཕྱིད་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་པ་ནི་རི་བོ་ཡིན་ཏེ། རི་དང་འདྲ་བ་ནི་མི་གྱོ་བ་དང་མི་འགུལ་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་སྨན་གྱི་རྒྱལ་པོ་དང་འདྲ་བར་སྒྲིབ་པ་ཐམས་ཅད་རབ་ཏུ་ཟད་པར་བྱེད་


DTG089_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་པ་དག་དང་ལྡན་པ་ནི་བཤེས་གྱེན་ཡིན་ཏེ། བཤེས་གཉེན་ཆེན་པོ་དང་འདྲ་བར་གནས་སྐབས་ཐམས་ཅད་དུ་འབྲེལ་པ་བཏང་སྙོམས་སུ་མི་བྱེད་པའི་ཕྱིར་རོ། །མངོན་པར་ཤེས་པ་དང་ལྡན་པ་ནི་ནོར་བུ་ཡིན་ཏེ། དེ་དང་འདྲ་བ་ནི་ཇི་ལྟར་མོས་པ་དེ་བཞིན་དུ་འབྲས་བུ་འབྱོར་པས་སོ། །སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པ་ནི་བསྡུ་བའི་དངོས་པོ་སྟེ། དེ་དང་ལྡན་པ་ནི་ཉི་མ་ཡིན་ཏེ། ཉི་མ་དང་འདྲ་སྟེ། གདུལ་བྱའི་ལོ་ཏོག་ཡོངས་སུ་སྨིན་པའི་ཕྱིར་རོ། །ཆོས་དང་དོན་དང༌། ངེས་པའི་ཚིག་དང༌། སྤོབས་པ་རྣམས་སོ་སོར་རིག་པ་དེ་དང་ལྡན་པ་ནི་གླུ་ཡིན་ཏེ། དྲི་ཟ་དབྱངས་སྙན་པ་དང་འདྲ་བ་སྟེ། གདུལ་བྱ་ལ་ཆོས་སྟོན་པས་མགུ་བར་བྱེད་པའི་ཕྱིར་རོ། །དོན་ལ་རྟོན་ཅིང་ཚིག་འབྲུ་ལེགས་པར་སྦྱར་པ་ལ་སོགས་པ་ནི་མ་ཡིན་ནོ། །ཆོས་ཀྱི་རིག་པ་དེ་ནི་རྗེས་སུ་འབྲང་བར་བྱའི་གནས་བརྟན་ལ་སོགས་པའི་གང་ཟག་ནི་མ་ཡིན་ནོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཡེ་ཤེས་དེ་ལ་རྗེས་སུ་འབྲང་བར་བྱའི་རྣམ་པར་ཤེས་རབ་ལ་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཆོག་ཏུ་ཚད་མར་གྱུར་པ་དེས་བསྟན་པ་ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པ་དེ་ལ་སྟོན་པར་བྱའི་དྲང་བའི་དོན་དོན་གྱི་མདོ་སྡེ་ལ་ནི་མ་ཡིན་ཏེ། དེ་དང་ལྡན་པ་ནི་རྒྱལ་པོ་སྟེ་རྣམ་པར་ཉམས་པ་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བསོད་ནམས་དང་ཡི་ཤེས་ཀྱི་ཚོགས་དང་ལྡན་བ་ནི་མཛོད་ཡིན་ཏེ། བང་མཛོད་དང་འདྲ་བ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཀྱི་གནས་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དེ་དང་ལྡན་པ་ནི་ལམ་པོ་ཆེ་ཡིན་ཏེ། རྒྱལ་པོའི་ལམ་དང་འདྲ་བ་སྟེ། འཕགས་པའི་གང་ཟག་ཐམས་ཅད་དང་རྗེས་སུ་གཤེགས་པ་ཉིད་ཀྱི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་བཞོན་པ་ཡིན་ཞིང་བཞོན་པ་དང་འདྲ་སྟེ། བདེ་བར་འགྲོ་བའི་ཕྱིར་རོ། །གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མའི་ཆུ་ཡིན་ཏེ། བཀོད་མའི་ཆུ་དང་འདྲ་བ་སྟེ། ཆུ་འཛིན་པ་དང༌། མི་ཟད་པའི་ཆུ་མིག་དང་ཆོས་མཐུན་པས། ཐོས་པ་དང་མ་ཐོས་པའི་


DTG089_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དོན་འཛིན་པ་དང༌། མི་ཟད་པའི་ཆུ་མིག་དང་འདྲ་བའི་ཕྱིར་རོ། །འདུ་བྱེད་ཐམས་ཅད་མི་རྟག་པ་དང༌། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་བ་སྟེ། ཆོས་ཀྱི་མདོ་བཞི་པོ་དེ་དག་དང་ལྡན་པ་ནི་སྙན་པར་སྨྲ་བ་སྟེ། སྙན་པར་སྨྲ་བའི་སྒྲ་དང་འདྲ་ཞིང་གདུལ་བྱ་ཐར་པ་འདོད་པ་རྣམས་ཀྱིས་ཐོས་པ་ན་དགའ་བའི་ཕྱིར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ཐ་དད་པ་མེད་པའི་བྱ་བ་བྱེད་པའི་ཕྱིར་བགྲོད་པ་གཅིག་པའི་ལམ་ཡིན་ཏེ། དེ་དང་ལྡན་པ་ནི་ཆུ་བོ་ཡིན་ལ། ཆུ་བོའི་རྒྱུན་དང་འདྲ་བ་སྟེ། རང་གི་ངང་གིས་འབབ་པའི་ཕྱིར་རོ། །དགའ་ལྡན་གྱི་གནས་སུ་སྐྱེ་བ་ལ་སོགས་པའི་བསྟན་པའི་ཐབས་ལ་མཁས་པ་དེ་དང་ལྡན་པ་ནི་སྤྲིན་ཡིན་ཏེ། སྤྲིན་དང་འདྲ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་བགྱི་བ་དེ་ལས་འཇུག་པས་སོ། །སྤྲིན་ལ་སོགས་པ་ནི་སྣོད་ཀྱི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའོ། །འདིར་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཤེས་པར་བྱེད་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་མ་ཆེན་མོ་གཉིས་ལས་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་བརྗོད་པ་ཡིན་ཏེ། དེ་ལ་དང་པོ་ནི་འདུན་པའི་མཚན་ཉིད་ཀྱི་ཁྱད་པར་རོ། །ལྷག་མ་ནི་དེའི་གྲོགས་ཀྱི་ཁྱད་པར་རོ། །དེ་ཉིད་སྦྱོར་བ་དང་བསམ་པ་ལ་སོགས་པ་དང་ལྷན་ཅིག་པ་ཡིན་པའི་ཕྱིར་རོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། ཐམས་ཅད་ཀྱང་གོ་རིམས་བཞིན་དུ་མི་ཟད་པ་བརྒྱད་བཅུར་བརྗོད་དེ་དང་པོ་ནི་སེམས་སྐྱེད་པ་ཉིད་དོ། །ལྷག་མ་ནི་དེའི་གྲོགས་ཏེ། སྦྱོར་བ་དང་བསམ་པ་ལ་སོགས་པ་སྣ་ཚོགས་པའོ། །དང་པོའི་སེམས་སྐྱེད་པ་ནི་གཞི་མི་ཟད་པ་སྟེ། སྦྱོར་བ་མི་ཟད་པ་ནས་ཐབས་ལ་མཁས་པ་མི་ཟད་པའི་བར་དུའོ། །དེ་ལྟ་མོད་ཀྱི་ཇི་ལྟར་བརྒྱད་ཅུར་བྱ་བ་ཡིན་ཞེ་ན། སེམས་བསྐྱེད་པ་བཅུ་པ་གཉིས་པའི་དབྱེ་བས་ལྷན་ཅིག་ཏུ་བྱས་ནས་དྲུག་ཅུ་རྩ་བརྒྱད་དུ་བྱའོ། །བཅུ་དང་ལྷན་ཅིག་ཚད་མེད་དང༌། །མངོན་ཤེས་བསྡུ་དངོས་སོ་སོར་རིག །སྟོན་ཟུང་ཕྱོགས་དང་གཉིས་གཉིས་དང༌། །ཆོས་མདོ་བགྲོད་དང་ལྷན་ཅིག་ཏུ། །རྩ་གཉིས་སེམས་བསྐྱེད་བཅུ་པ་ནི། །གཉིས་པའི་དབྱེ་བས་མི་ཟད་པ།།


DTG089_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དང་ལྔ་དང་བཞི་དང་ནི། །གཉིས་གཉིས་གསུམ་དང་སེམས་བསྐྱེད་དག །དེ་ལྟར་བཅོམ་ལྡན་འདས་ཀྱིས་གནས་བརྟན་ལ་གསོལ་བ་བཏབ་ནས་དེ་ཉིད་ཀྱིས་འདིར་སྔོན་གྱི་སྟོན་པས་ནི་མ་ཡིན་ནོ་ཞེས་གང་དག་རྟོག་པར་འགྱུར་བ་ལ། དེ་བསལ་བའི་ཕྱིར་སྡུད་པ་པོས་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་རྣམ་པར་རྟོག་པ་བསྐྱེད་པ་སྨྲས་སོ། །མ་ཤ་རི་ཞེས་བྱ་བ་ཡིན་པ་དང་རིགས་ཤ་ར་དྭ་ཏི་ཡིན་པས་ན་ཤཱ་རིའི་བུ་དང་ཤ་ར་དྭ་ཏིའི་བུ་ཞེས་འདིའི་མིང་རྣམ་པ་གཉིས་སུ་བྱས་སོ། །འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནི་བརྗོད་པར་འགྱུར་བའི་རྣམ་པར་རྟོག་པའོ། །དེ་ཉིད་ཅི་ཚེ་དང་ལྡན་པ་ཞེས་བྱ་བས་སྨྲས་སོ། །བདག་ཉིད་ཞེས་བྱ་བ་ནི་བདག་ཉིད་ལ་ཡོད་པའོ། །རང་གི་ཞེས་བྱ་བ་ནི་རང་ལ་རག་ལས་པའོ། །ཤེས་རབ་དང་སྤོབས་པ་ནི་ཤེས་རབ་ཀྱི་སྤོབས་པའོ། །དེ་ཉིད་ཀྱི་སྟོབས་ནི་རང་བཞིན་གྱིས་དེའི་སྟོབས་ཀྱིས་དེའི་བག་ཆགས་སུ་བརྗོད་དོ། །དེ་བསྐྱེད་པ་ནི་སྔོན་བསྐྱེད་པའོ། །དེ་ཉིད་བྱིན་གྱིས་བརླབས་པ་ནི་རབ་ཏུ་སད་པའོ། །འོན་ཏེ་ཞེས་བྱ་བ་ནི་ཅི་ཞིག་ཡིན་ཞེས་བྱ་བའོ། །སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་ནས་སངས་རྒྱས་ཀྱི་མཐུས་སོ། །དེ་ནས་སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱི་ལན་སྟོན་པ་ཡིན་ནོ། །ཀུན་ཏུ་ཚོལ་བའི་ཡིད་ཀྱི་བརྗོད་པ་ནི་རྟོག་པའོ། །སེམས་ཉིད་ལ་གནས་ཤིང་མི་སྟོན་པ་དེ་ཉིད་ནི་ཡོངས་སུ་རྟོག་པའོ། །དེ་བས་ན་སེམས་ཀྱི་རྟོག་པ་ཡོངས་སུ་ཤེས་པ་ནི་ཀུན་ཏུ་ཤེས་པའོ། །སེམས་ཀྱིས་ཞེས་བྱ་བ་ནི་སེམས་ཀྱིས་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པས་ཡིན་གྱི་ཚིག་གིས་ནི་མ་ཡིན་ནོ། །འདི་སྐད་ཅེས་བྱ་བ་ནི་མངོན་པར་བརྗོད་པར་འགྱུར་བའི་ལན་ནོ། །སྨྲ་བ་ཞེས་བྱ་བ་ལ་སོགས་པའི་ཚིག་དྲུག་སྟེ། །དེ་ལ་དང་པོའི་གསུམ་གྱིས་ནི་མདོ་ལ་སོགས་པའི་ཚིག་བརྗོད་དོ། །སྨྲ་བ་ནི་བཅོམ་ལྡན་འདས་ཀྱི་འཁོར་རྣམས་ལ་མདོ་ལ་སོགས་པ་སྨྲ་བའོ། །སྟོན་པ་ནི་དེ་ཉིད་དུ་སྲིད་པ་ལ་སོགས་པ་སྨྲ་བའོ། །ལུང་འབོགས་པ་ནི་ཕྱོགས་དག་ཏུ་ཉེ་བར་སོང་ནས་གདུལ་བྱ་དེ་དག་ལ་སྨྲ་བའོ། །དེ་ལྟར་གང་དང་གང་ཉིད་ཀྱི་དངོས་པོ་བཅོམ་ལྡན་འདས་ཀྱི་འཁོར་ལ་བརྗོད་པ་ནི་བཅོམ་ལྡན་འདས་ཀྱི་འཁོར་ལ་བསྟན་


DTG089_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འཆད་པ་ནི་དེ་ཉིད་དུ་གཞན་དག་ལ་བསྟན་པའོ། །ཡང་དག་པར་རབ་ཏུ་སྟོན་པ་ནི་ཀུན་ཏུ་སོང་ནས་རང་ཉིད་འཆད་པའོ། །སྨྲ་བ་ལ་སོགས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐྱེས་བུ་བྱེད་པ་དེས་བྱིན་གྱིས་བརླབས་པ་འམ་མཐུ་ཡིན་པའི་ཕྱིར་ཉན་ཐོས་ཀྱིས་ནི་མ་ཡིན་ཏེ། རང་དབང་མེད་པས་སོ། །འདི་ཉིད་དུ་རྒྱུ་བཤད་པར་འདོད་ནས། རང་ཉིད་འདྲི་བར་བྱེད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་རྒྱུ་སྨྲས་སོ། །ཆོས་གང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། །ཆོས་གང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་པ་དང༌། ཐེག་པ་ཆེན་པོའོ། །བསླབས་ནས་ཞེས་བྱ་བ་ནི་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་དག་གིས་སོ། །དེ་ཞེས་བྱ་བ་ནི་ཉན་ཐོས་སོ། །ཆོས་ཉིད་ཅེས་བྱ་བ་ནི་ཇི་ལྟར་ཐོས་པའོ། །མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའོ། །འཛིན་ཏོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ། །ཤེས་རབ་རྣམ་པ་གསུམ་གྱིས་ཤིན་ཏུ་རྣམ་པར་དྲན་པའི་ས་བོན་བསྐྱེད་པའི་ཕྱིར་རོ། །ཆོས་ཉིད་ནི་ཇི་ལྟར་ཐོས་པ་སྟེ། དེ་བཞིན་གཤེགས་པའི་ཆོས་སྟོན་པ་ཉིད་ཅེས་བྱ་བ་ནི་ཇི་ལྟར་ཐོས་པ་དང་འདྲ་བ་ནི་རྒྱུ་མཐུན་པ་སྟེ། ཆོས་ཉིད་ཇི་ལྟར་ཐོས་པའོ། །ཆོས་ཉིད་ཅེས་བྱ་བ་ནི་རང་གིས་བསྟན་པ་དང༌། དེ་བཞིན་གཤེགས་པས་བསྟན་པའི་རྒྱུ་མཐུན་པ་སྟེ། །སྐྱེས་བུའི་བྱེད་པར་བསྟན་ཏོ། །མི་འགལ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་བདག་ཉིད་ཆེན་པོ་དང་གཉིས་ཀྱིས་ཤཱ་རིའི་བུའི་རྣམ་པར་རྟོག་པ་དང༌། །གང་དག་གང་གིས་དོགས་པ་བསལ་ཏོ། །འདི་ཡན་ཆད་ཀུན་གྱིས་ཅི་ཞིག་བསྟན་ཅེ་ན། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆོས་ཐམས་ཅད་དོན་དམ་པར་གཟིགས་པ། བཅོམ་ལྡན་འདས་མཆོག་ཏུ་ཚད་མ་ཡིན་པར་བསྟན་ཏེ། གང་གི་སློབ་མ་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི་དེས་རྟག་ཏུ་བྱིན་གྱིས་བརླབས་པ་ཉིད་དེ། དེས་བྱིན་གྱིས་བརླབས་པའི་ཕྱིར་འདི་ལྟ་བུའི་ཆོས་ཀྱང་ཡང་དག་པར་སྨྲ་བ་ཡིན་ཏེ། གང་གི་ཕྱིར་གང་དེས་བཅོམ་ལྡན་འདས་ཉིད་དམ། ཉན་ཐོས་ཀྱིས་བསྟན་ཀྱང་དེ་ཐམས་ཅད་ནི་དེ་བཞིན་ཏེ། དེ་བཞིན་དུ་མ་ཡིན་ནོ། །དེ་ནས་གདམས་ངག་གི་སྐབས་ལ་བབས་ནས། གནས་བརྟན་རབ་འབྱོར་གྱིས་


DTG089_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་བཤད་པ་བཞིན་སྡུད་པ་པོས། དེ་ནས་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་བྱ་བའི་ཚིག་གཉིས་ནི་དེ་དང་དེ་ཡིན་ཞེས་རྟོགས་པར་བྱེད་པ་སྟེ། དཔེར་ན་འཇིགས་པ་འཇིགས་པ་ཞེས་བྱ་བ་གང་འཇིགས་པ་ཡིན་ཞེས་བྱ་བ་ལྟ་བུའོ། །ཚིག་བླ་དྭགས་ནི་མིང་ངོ༌། །ཆོས་ནི་དངོས་པོའོ། །གང་གིས་ཞེས་བྱ་བ་ནི་གང་གི་ཡང་དངོས་པོ་བདག་མ་ཡིན་ཏེ།གཏན་དུ་མེད་པ་ཡིན་ནོ་ཞེས་བསམས་སོ། །ནང་གི་གཟུགས་ཡོད་དེ། དེ་ཉིད་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེ་ན། བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་དེ་ནི་ནང་གི་ཕུང་པོ་ལ་སོགས་པའོ། །དེ་ལ་རེ་ཞིག་གཟུགས་ཅན་དེ་དག་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་དང༌། །གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ནི་གཟུང་བ་དང༌། །འཛིན་པའི་ཁྱད་པར་ཡིན་ན་གཟུང་བ་ནི་མེད་དེ་ཤེས་པ་ལས་ཐ་དད་པ་ཡོད་པ་ནི་མེད་པའི་ཕྱིར་རོ། །འཛིན་པ་ཡང་མེད་དེ་གཟུང་བ་མེད་ན་དེ་ཡང་མེད་པས་སོ། །ཆོས་དེ་ཡང་ཞེས་བྱ་བ་སྨོས་པ་ལ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་མི་དམིགས་པ་དང༌། གང་ཟག་ལ་བདག་མེད་པའི་ཡེ་ཤེས་དེ་གཉིས་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། དེ་ཡང་གལ་ཏེ་ཉེ་བར་དམིགས་ན་ནི་གཟུང་བར་འགྱུར་ལ། དམིགས་པར་བྱེད་པ་ཡང་འཛིན་པར་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་ཉིད་དུ་མེད་དེ། དེ་བས་ན་གཟུགས་ཅན་དུ་མི་དམིགས་ཀྱི། རང་གི་ངོ་བོ་ཉིད་ཁོ་ནར་རང་གསལ་བ་ཡིན་ཏེ། དེ་ཉིད་དེའི་གསལ་བ་ཡང་དག་པར་རིགས་པ་ཞེས་བརྗོད་དོ། །གང་དེའི་གསལ་བཞིན་པ་ན་གང་ཟག་དང༌། །ཆོས་ཀྱི་བག་ཆགས་སྔོན་བསྒོམས་པ་གང་ཡོད་པ་དེ་ལ་ངེས་པར་བརྟགས་ཤིང་སྤངས་པ་ན་སྣང་བ་མེད་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིན་ནོ། །དེ་ལ་དེ་དག་མི་དམིགས་པ་ནི་བདག་མེད་པའི་ཡེ་ཤེས་ཡིན་ཏེ། དཔེར་ན་ཕྱོགས་མཐོང་བ་ནི་གང་དེ་ལ་སྐུད་པ་དང་བུམ་པ་མི་སྣང་བའི་ཤེས་པ་སྐྱེས་ན་དེ་མ་མཐོང་བའི་ནི་མི་སྣང་བ་མཐོང་བ་བཞིན་ནོ། །འདི་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགའ་ཞིག་གཅིག་ཏུ་དབེན་པར་


DTG089_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སོང་སྟེ། ལུང་གི་དོན་དཔྱོད་པར་བྱེད་པ་སྐྱེ་བ་དེ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བོ། །འོན་ཀྱང་གང་ཞིག་ཐེ་ཙོམ་དུ་གྱུར་ན་རྗེས་སུ་དཔག་པ་ལ་སོགས་པའི་སྟོབས་ཀྱིས་བསྐྱེད་པ་དེ་ནི་རིགས་པ་བསམས་པ་ལས་བྱུང་བའི་ཤེས་རབ་བོ། །དེ་གཉིས་ཀྱི་ཐེ་ཚོམ་རྩ་བ་ནས་བཅད་དེ་འབད་པས་ཏིང་ངེ་འཛིན་ཐོབ་པ་དེ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཏུ་འགྱུར་རོ། །དེ་ལས་དང་པོའི་གཉིས་བསྟན་པར་བྱ་བའི་ཕྱིར། དེ་བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱང་ཆུབ་སེམས་དཔའི་ཆོས་ཞེས་བྱ་བ་ནི་ནང་གི་ཕུང་པོ་ལ་སོགས་པའོ། །མ་འཚལ་ཞེས་བྱ་བ་ནི་མ་དམིགས་པའོ། །ཚད་མས་གནོད་པ་ཡིན་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ་ཞེས་བསམས་སོ། །དེ་ཉིད་ལ་གནས་པ་བསྟན་པ་ནི་མི་དམིགས་པ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བ་ལ། མི་དམིགས་ཞེས་བྱ་བ་ནི་ཡིད་ཆེས་པའི་ལུང་ལས་སྐྱེས་པ་དེས་མི་དམིགས་ཤིང་གནོད་པ་ཡིན་ནོ། །ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བ་ནི་མི་སླུ་བ་དང་མཁས་པའི་སྐྱེ་བོ་དང་ཐུན་མོང་ཡིན་པའི་ཕྱིར་དང༌། ལྟ་བའི་རྗེས་སུ་འགྲོ་བའི་རྗེས་སུ་དཔག་པའི་གནོད་པས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཞེས་བྱ་བ་ནི་འཛིན་པ་བཀག་ཅིང་མེད་དེ་དེའི་གཟུང་བ་མེད་པའི་ཕྱིར་རོ། །དེ་ཉིད་དགག་པ་མེད་དེ་གསལ་བ་ཡང་དག་པར་དེ་ཉིད་ལ་གསལ་བ་མེད་པའི་གནོད་པས་སོ། །གང་ཞིག་ཅེས་བྱ་བ་ནི་གང་ཡང་མེད་པ་སྟེ། ཚད་མས་གནོད་པའི་ཕྱིར་རོ། །གང་ལ་ཞེས་བྱ་བ་ནི་གང་ཡང་མེད་པའོ། །དེ་ལ་ཡོད་པ་ཉིད་ནི་གཙོ་བོ་མ་ཡིན་པའི་ཕྱིར་རོ། །རྟོག་པའི་ཕྱིར་སྨྲ་བ་ནི་གདམས་པའོ། །རྗེས་སུ་སྦྱར་བའི་ཕྱིར་བསྟན་པ་ནི་རྗེས་སུ་བསྟན་པའོ། །འདིར་མ་དམིགས་ཞེས་བྱ་བས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བསྟན་ཏོ། །ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བས་ནི་རིགས་པས་བསམས་པ་ལས་བྱུང་བའི་ཤེས་རབ་བསྟན་ཏོ། །རིགས་པ་ནི་སྔར་བསྟན་ཏོ། །ཤིང་རྟ་ཆེན་པོ་དག་གིས་ཀྱང་དེ་དང་དེ་དག་ཏུ་རྒྱ་ཆེར་བསྟན་ཏོ། །དེའི་འོག་ཏུ་བསྒོམས་པ་ལས་བྱུང་བའི་ཤེས་རབ་བརྗོད་པར་བྱ་སྟེ། དེ་ཡང་རྣམ་པ་དགུར་སྒྲུབ་པ་ནི་ཞི་གནས་ཡིན།


DTG089_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་ལྷན་ཅིག་སྤྱོད་པ་ལྷག་མཐོང་ངོ༌། །ཞི་གནས་དེ་ཡང་གང་ཞེ་ན། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཇི་ལྟར་བྱང་ཆུབ་སེམས་དཔའི་དེའི་ནང་ཉིད་ལ་སེམས་འཇོག་པ་དང༌། རྒྱུན་དུ་འཇོག་པ་དང༌། བླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པ་དང༌། དུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། རྣམ་པར་ཞི་བར་བྱེད་པ་དང༌། རྩེ་གཅིག་ཏུ་བྱེད་པ་དང༌། སེམས་མཉམ་པར་འཇོག་པའོ། །དང་པོ་དང་ཐ་མའི་སེམས་ཞེས་སྨོས་པ་ནི་བར་དུ་ཡང་སྦྱར་བར་བྱའོ། །དེ་ལ་འཇོག་པ་ནི་ཏིང་ངེ་འཛིན་གྱི་དམིགས་པ་ལ་ངེས་པར་གདགས་པའོ། །རྒྱུན་དུ་འཇོག་པའི་སེམས་ཀྱི་རྒྱུན་དུ་འཇུག་པ་དེ་བཞིན་དུ་འཇོག་པ་ཡིན་ཏེ། གཞན་དུ་འགྲོ་བ་དགག་པས་སོ། །བླན་ཏེ་འཇོག་པ་ནི་རང་བཞིན་གྱིས་གྱོ་བའི་ཕྱིར་སེམས་དེ་ཇི་ལྟར་ཡང་གཞན་དུ་འགྲོ་བ་ན་དེ་བླན་ནས་ལེགས་པར་སྡོམ་པའི་ཕྱིར་རོ། །ཉེ་བར་འཇོག་པ་ནི་དེ་ནས་བརྟན་པར་གྱུར་པ་དང༌། རང་བཞིན་གྱིས་རགས་པ་ཉིད་ཀྱིས་གཞན་དག་ཏུ་རྣམ་པར་འཕྲོ་བ་ན་གོང་ནས་གོང་དུ་ཕྲ་བར་བྱེད་པས་དེ་ཉིད་དུ་འཇོག་པའི་ཕྱིར་རོ། །དུལ་བར་བྱེད་པ་ནི་རང་བཞིན་གྱིས་གཡེང་བ་ལ་དགའ་བའི་སེམས་ཏིང་ངེ་འཛིན་ལ་དགའ་བར་བྱེད་པའོ། །ཏིང་ངེ་འཛིན་གྱི་ཕན་ཡོན་མཐོང་བའི་ཕྱིར་ཏེ་ཏིང་ངེ་འཛིན་གྱི་ཕན་ཡོན་ནི་ཡོན་ཏན་ཐམས་ཅད་ཀྱི་ཁྱད་པར་དང་ལྡན་པ་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པའི་བར་དུའོ། །ཞི་བར་བྱེད་ཅེས་བྱ་བ་ནི་གལ་ཏེ་དེ་ལྟ་ན་ཡང་ཏིང་ངེ་འཛིན་ལ་དགའ་བ་མེད་ཅིང་དེའི་སེམས་གཡེང་བ་ལ་དགའ་བར་གྱུར་ན་དེས་ན་དེ་ཞི་བར་བྱེད་པ་ཡིན་ཏེ། གཡེང་བའི་སྐྱོན་ནི་སྡུག་བསྔལ་ཐམས་ཅད་ཡིན་ཏེ། མནར་མེད་པ་ཐོབ་པར་བྱེད་པའི་བར་དུ་ཡང་ཡིན་ནོ། །རྣམ་པར་ཞི་བར་བྱེད་པ་ཞེས་བྱ་བ་ནི་ལྡན་པའི་དུས་སུ་བརྣབ་སེམས་དང༌། ཡིད་མི་བདེ་བ་ལ་སོགས་པ་ཉེ་བར་ཞི་བར་བྱེད་པ་ནི་སྡུག་བསྔལ་བ་བཞིན་ནོ། །རྩེ་གཅིག་ཏུ་བྱེད་པ་ནི་དམིགས་པ་གཅིག་ལ་ཐགས་འཐག་པ་དང་ཆོས་མཐུན་པས་རྩེ་གཅིག་ཏུ་དེ་ལྟར་བྱེད་པ་རྩེ་གཅིག་ཏུ་བྱེད་པའོ། །སེམས་ཀྱི་ཉེས་པ་བདུན་གྱིས་གསལ་ནས་འབད་པས་དེ་བཞིན་དུ་རང་གི་ངང་གིས་འབྱུང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །མཉམ་པར་འཇོག་པ་ཞེས་བྱ་བ་ནི་རང་གི་ངང་


DTG089_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འབྱུང་བ་གོམས་པར་བྱས་ནས་ལྷུན་གྱིས་གྲུབ་ཅིང་རང་གི་ངང་གིས་འབྱུང་བས་ཡང་དག་པའི་དམིགས་པ་ལ་སེམས་འཛིན་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ནི་བླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ་དེས་ན་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་པས། །རང་གི་ངང་གིས་འབྱུང་བ་ཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ཞི་གནས་གྲུབ་པ་ཡོད་ན་དེ་དང་ལྷན་ཅིག་སྤྱོད་པའི་ཤེས་རབ་སྐྱེ་བར་འགྱུར་ཏེ། ལྟ་བ་དང༌། རིག་པ་དང༌། བློ་དང༌། སྣང་བ་དེ་ནི་ལྷག་མཐོང་ཡིན་ཏེ། དེ་གཉི་ག་ཡང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཡིན་ཏེ། དེ་བས་དེ་བསྟན་པའི་ཕྱིར། བཅོམ་ལྡན་འདས་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཞེས་བྱ་བ་ནི་ཚིག་གི་ཕྲད་གཞན་ཡིན་ཏེ། གལ་ཏེ་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ལྟར་ཞེས་བྱ་བ་ནི་ཡང་བདག་གིས་ཞེས་བྱ་བ་ལ་སོགས་པའོ། །བཤད་ཅིང་ཞེས་བྱ་བ་ནི་དང་པོར་ད་ལྟར་བྱུང་བ་ཡིན་ཡང་འདས་པའི་ཡུལ་དང་ཉེ་བར་འགྱུར་བས་ལད་ཅེས་བྱ་བའི་རྐྱེན་བྱས་པས་བཤད་ན་ཞེས་བྱ་བ་ཡིན་ནོ། །བཤད་པའི་དོན་དང་བསྟན་པས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་ཉིད་དོ། །ལུང་འབོགས་པ་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་ཉིད་དེ། མངོན་སུམ་དུ་བྱས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སེམས་མི་ཞུམ་པ་ཞེས་བྱ་བ་ནི་ཇི་ལྟར་ཐོབ་པ་དེ་ཉིད་ལ་དོན་ལ་སེམས་པ་ལ་སེམས་ཁྱད་དུ་མི་གསོད་མི་ཞུམ་སྟེ། དེ་ཉིད་དུ་ངེས་བར་བརྟག་པའི་ཕྱིར་རོ། །ཀུན་ཏུ་ཞུམ་པར་མི་བགྱིད་ཅེས་བྱ་བ་ནི་སེམས་ཀྱི་རྒྱུན་དུ་འཇུག་པ་ལ་ཡང་རྗེས་སུ་མི་འབྲང་ཞིང་ཞུམ་པར་མི་བགྱིད་དོ། །མི་འགོང་ཞེས་བྱ་བ་ནི་སེམས་རང་བཞིན་གྱིས་གྱོ་བའི་ཕྱིར། གཞན་དུ་སོང་བ་ལ་ཡང་ཀུན་ནས་ཤེས་པར་བྱས་ནས་སྡུད་པ་ན་སྐྱོ་བ་མེད་པ་ཡིན་ནོ། །མི་གསོང་


DTG089_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་ཞེས་བྱ་བ་ནི་སེམས་ཤིན་ཏུ་བརྟན་པར་གྱུར་ན་ཡང་རང་བཞིན་གྱིས་རྟོགས་པ་རགས་པ་གཞན་དུ་མི་འཕྲོ་བའི་ཕྱིར་གོང་ནས་གོང་དུ་ཕྲ་མོར་བྱེད་པ་ན་སྐྱོ་བ་མེད་པ་ཡིན་ནོ། །དེའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །ཡིད་ཕྱིར་ཕྱོགས་པར་མི་བགྱིད་ཅེས་བྱ་བ་ནི་ཏིང་ངེ་འཛིན་ལ་གནས་པར་བྱས་པ་ཡིན་ཡང་བར་མར་གནས་པའི་ཕྱིར་ཏེ། དེ་ལྟ་མོད་ཀྱི་དེ་ཉིད་དུ་སེམས་འདུལ་བར་བྱེད་དེ། ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་མཐོང་བས་སོ། །བཅོམ་ཞིང་ཕྱིར་ཕྱོགས་པར་མི་འགྱུར་ཞེས་བྱ་བ་ནི་དེ་ལ་དགའ་བ་མེད་པ་དང༌། མོས་པ་མེད་པས་རྣམ་པར་གཡེང་བ་བྱེད་པ་མེད་པར་འགྱུར་ཏེ། རྣམ་པར་གཡེང་བའི་སྐྱོན་རྣམས་མཐོང་བའི་ཕྱིར་རོ། །མི་སྐྲག་ཅེས་བྱ་བ་ནི་བརྣབ་སེམས་དང༌། ཡིད་མི་བདེ་བ་ལ་སོགས་པ་སྐྱེས་པ་ན་ཡང་མི་སྐྲག་པ་ཡིན་ཏེ། འོན་ཀྱང་དེ་ཉིད་འཇོམས་པ་ནི་ཡིན་ཏེ། གཡེང་བའི་སྐྱོན་མཐོང་བའི་ཕྱིར་རོ། །མི་དངང་ཞེས་བྱ་བ་ནི་སེམས་སྐྱོན་མེད་པ་རང་གིས་ངང་གིས་འབྱུང་བ་ཉིད་ཀྱི་དོན་གང་ཡིན་པའི་འདུ་བྱེད་དེ་ལ་མི་དངང་ཞིང་དེ་བྱེད་པ་ཞེས་བྱ་བའི་དོན་ཏོ། །དངང་བར་མི་འགྱུར་ཞེས་བྱ་བ་ནི་སེམས་ཡང་དག་པར་འགྱུར་ཏེ། འབད་པ་མེད་པར་རང་གི་འབྱུང་བས་དངང་བ་དང༌། ཡང་དག་པར་དངང་བ་དེ་མེད་པ་ཡིན་ཏེ། ལྷུན་གྱིས་གྲུབ་པ་ཉིད་ངང་གིས་འབྱུང་བ་འཛིན་ཞེས་བྱ་བའི་དོན་ཏོ། །དོན་དམ་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར་འདི་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཏིང་ངེ་འཛིན་འདི་ཉིད་བྱང་ཆུབ་སེམས་དཔའ་ཡིན་ཏེ། སེམས་ཀྱི་ཁྱད་པར་ཡིན་པའི་ཕྱིར་རོ། །འདི་ཉིད་ཅེས་བྱ་བ་ནི་དེ་དང་ལྡན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གདམས་པ་ཡིན་ནོ། །གང་དེ་གཉིས་དང་ཡང་དག་པར་ལྡན་པ་ནི་དེ་ལྟར་གནས་ན་ཞེས་བྱ་བ་ལ་ཏིང་ངེ་འཛིན་འདི་ཉིད་ལ་གནས་ན་འདི་མི་གཏོང་བ་ཡིན་ཏེ། དེ་ཉིད་གདམས་པ་དང་རྗེས་སུ་འབྲེལ་བའི་རྗེས་སུ་བསྟན་པའོ། །དེ་བས་ན་དེ་ལྟར་སེམས་བསྐྱེད་པའི་འོག་ནས་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་གདམས་པ་དང༌། རྗེས་སུ་བསྟན་པར་བྱ་བའི་བར་གྱིས་ནི་བསྒྲུབ་པ་ལ་གདམས་པ་བསྟན་ཏེ། ཇི་ལྟར་ལས་དང་པོ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་སྤྱད་


DTG089_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་དེའི་སྤྱོད་པ་ནི་སྒྲུབ་པ་སྟེ། དེ་ལ་གདམས་པ་ནི་བསྒྲུབ་པ་ལ་གདམས་པའོ། །འདི་ཉིད་ལ་བཅོམ་ལྡན་འདས་ཀྱིས་མདོར་བསྡུས་ནས་བཀའ་སྩལ་པ་ནི་འདི་ཙམ་ཉིད་དེ། དགུ་པོ་གཞན་ནི་ཆ་ཙམ་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དག་ཏུ་ནི་བཅུ་ཆར་ཡང་རྒྱ་ཆེར་གསུངས་སོ། །དེ་ཡང་བསྟན་བཅོས་ལས། བསྒྲུབ་དང་བརྟེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་རལ་དང༌། །ལམ་ནི་ཡོངས་སུ་འཛིན་པ་དང༌། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང༌། །བསྒོམ་ཞེས་བྱ་བ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། བསྒྲུབ་པ་ལ་གདམས་པ་ཡང་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དག་ལས་གཡེང་བའི་རྣམ་པར་རྟོག་པ་བཅུ་པོའི་གཉེན་པོ་རྒྱ་ཆེར་གསུངས་སོ། །དེ་བདག་གིས་ཀྱང་དགའ་ལྡན་ཉིད་ལས་རྣམ་པར་བཤད་པ་ཡིན་ཏེ། འདིར་ནི་མ་བརྗོད་དོ། །ད་ནི་འདི་ཉིད་བརྗོད་པར་བྱ་སྟེ། དེ་ལ་གཟུགས་ལ་སོགས་པ་སྟོན་པ་ཉིད་དང་ལྡན་པ་ནི་གང་གི་ཚེ་ཅུང་ཟད་ལྡན་པ་དང༌། མི་ལྡན་པ་ཡང་དག་པར་མི་དམིགས་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། དེ་ནི་སྡུག་བསྔལ་གྱི་བདེན་པ་ལ་གདམས་པའོ། །གཟུགས་ལ་སོགས་པ་སྐྱེ་བ་དང༌། འགག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ཅན་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་རྣམ་པར་ཤེས་པ་ཉིད་དེ། དེ་ནི་ཀུན་འབྱུང་གི་བདེན་པ་ལ་གདམས་པའོ། །སྟོང་པ་ཉིད་ནི་འཕེལ་བ་མེད་པའི་བར་དུའོ། །དེ་ལ་ནི་གཟུགས་ལ་སོགས་པ་མེད། སྡུག་བསྔལ་མེད། ཀུན་འབྱུང་མེད། འགོག་པ་མེད། ལམ་མེད་པ་ནས་སངས་རྒྱས་མེད། བྱང་ཆུབ་མེད་ཅེས་བྱ་བ་ནི་འགོག་པའི་བདེན་པ་ལ་གདམས་པའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང༌། བདག་ཉིད་ལྡན་པ་འམ་མི་ལྡན་པ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་འདས་པ་


DTG089_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་དུས་གསུམ་དུ་མི་སྦྱོར་ཏེ། དུས་གསུམ་པོ་སྟོང་པ་ཉིད་ལ་བསྟན་པའི་ཕྱིར་རོ། །འདི་ནི་ལམ་གྱི་བདེན་པ་ལ་གདམས་པའོ། །ཕུང་པོ་དང་ཐམས་ཅད་མཁྱེན་པ་ཉིད་མི་སྦྱོར་ཏེ། གང་གི་ཕྱིར་དེ་ཉིད་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་ཁམས་ལ་མ་ཡིན། སྐྱེ་མཆེད་ལ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་ལ་མ་ཡིན། བྱང་ཆུབ་ཀྱི་ཕྱོགས་ལ་མ་ཡིན། སངས་རྒྱས་ལ་མ་ཡིན། གང་གི་ཕྱིར་དེ་ཉིད་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་དེ་དང་སངས་རྒྱས་སུ་སྦྱོར་བར་མི་བྱེད་དོ། །གང་གི་ཕྱིར་དེ་ཉིད་མི་དམིགས་པས་དེ་དང་དེར་ཡང་མ་ཡིན་ཏེ། གང་གི་ཕྱིར་དེ་ཉིད་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་ལ་མ་ཡིན། བྱང་ཆུབ་ཀྱང་དེ་ལ་མ་ཡིན་ནོ། །དེ་ལྟར་ན་སངས་རྒྱས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་དེ་ཉིད་སངས་རྒྱས་སོ། །བྱང་ཆུབ་ཉིད་དེའོ། །དེ་ཉིད་བྱང་ཆུབ་ཡིན་ཏེ། དེ་ནི་སངས་རྒྱས་དཀོན་མཆོག་ལ་གདམས་པའོ། །ཅུང་ཟད་ཅི་ལྟར་ཡང་སྦྱོར་བར་མི་བྱེད། ཇི་ལྟར་ཡང་སྤྱོད་པར་མི་བྱེད། ཇི་ལྟར་གང་གི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་བྱེད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱ་ཆེན་པོའི་བྱ་བ་ནི་སྦྱོར་བ་དམ་པ་ཡིན་ཏེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་ཡིན་པས་རྣལ་འབྱོར་གཞན་ཐམས་ཅད་ཟིལ་གྱིས་མནན་ནས་གནས་པ་ཡིན་ཏེ། དེ་ནི་ཆོས་དཀོན་མཆོག་ལ་གདམས་པའོ། །འདིར་དགེ་འདུན་དཀོན་མཆོག་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་ཏེ། དེ་ཡང་གང་ཟག་ཉི་ཤུ་མདོ་ལས་བསྟན་ཏེ། དེ་བས་ན་བསྟན་བཅོས་ལས། དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང༌། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་འདོད་ཆགས་བཅོམ་པ་དང༌། མཐོང་ཆོས་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་བྱ་བ་ལ་དད་པས་རྗེས་སུ་འབྲང་བ་དང༌། ཆོས་ཀྱིས་རྗེས་སུ་འབྲང་བ་དང༌། །དད་པས་མོས་པ་དང༌། མཐོང་བས་ཐོབ་པ་དང༌། ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང༌། །མིའི་རིགས་ནས་རིགས་སུ་སྐྱེ་བ་དང༌། བར་ཆད་


DTG089_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་དང་བདུན་ནོ། །ཚིག་རྣམས་ལ་ཚིག་གི་ཕྱོགས་གཅིག་ཀྱང་འཇུག་པ་ཡིན་ཏེ། དཔེར་ན་འཇིགས་སྡེ་ལ་འཇིགས་སྡེ་ཞེས་བྱ་བ་ལྟ་བུའོ། །སྤྱིའི་སྒྲ་ལ་ཡང་ཁྱད་པར་འཇུག་པ་ཡིན་ཏེ། དཔེར་ན་ལྷར་སྐྱེས་པ་ལྟ་བུའོ། །དེས་ན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདས་པ་དང༌། མངོན་པར་འདུ་བྱེད་པས་མྱ་ངན་ལས་འདས་པ་དང༌། མངོན་པར་འདུ་མི་བྱེད་པས་མྱ་ངན་ལས་འདས་པ་དང་རྣམ་པ་བཞིའོ། །འོག་མིན་གྱི་བར་དུ་འགྲོ་ཞིང་དེ་ལས་གོང་དུ་མཐར་ཐུག་པར་མ་ཡིན་ནོ། །འོག་མིན་གྱི་མཐར་ཞེས་བྱ་བའི་དོན་ཏོ། །འཕར་བ་ཞེས་བྱ་བའི་མང་པོའི་ཚིག་ནི་མང་པོའི་དོན་ཏོ། །འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་མོ། །སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་དང༌། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་དང༌། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་དང༌། ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང༌། རང་སངས་རྒྱས་དང་ལྔའོ། །འདི་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར་བསྒྲུབ་པ་ལ་གདམས་པར་ཆ་ཙམ་བསྟན་པ་ཡིན་ནོ། །དེ་ནི་དགེ་འདུན་དཀོན་མཆོག་ལ་གདམས་པ་ཡིན་ཏེ། དེ་ལྟར་བསྟན་པ་ནི་དཀོན་མཆོག་གསུམ་ལ་གདམས་པའོ། །བྱང་ཆུབ་སེམས་དཔའ་ལུས་ངག་ཡིད་གསུམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང༌། ལུས་ངག་ཡིད་གསུམ་ཡང་མི་དམིགས་ལ། ཕ་རོལ་ཏུ་ཕྱིན་པ་དག་ཀྱང་མི་དམིགས་ཏེ། དེ་ནི་མ་ཞེན་པ་ལ་གདམས་པའོ། །གཟུགས་ལ་སོགས་པ་མི་ཤེས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་ཤེས་པའི་བར་དུ་ནི་ཡོངས་སུ་མི་ངལ་བ་ལ་གདམས་པའོ། །དེ་ཕྱོགས་རེ་རེར་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་མཐོང་ཞིང་དེ་དག་ལས་ཆོས་བསྟན་པ་ཐོབ་པ་དང། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མཐོང་བའོ། །དེ་ཐམས་ཅད་དང་བདག་དང་གཞན་ཡང་དག་པར་མི་ཤེས་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡོངས་སུ་རྫོགས་པར་


DTG089_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དེ་ཐམས་ཅད་ཀྱང་མི་ཤེས་པ་ཡིན་ཏེ། དེ་ལྟར་སྤྱོད་པ་ཀུན་ནས་ཡང་དག་པར་ཡོངས་སུ་འཛིན་པའི་ཕྱིར་ལམ་ཡོངས་སུ་འཛིན་པ་ལ་གདམས་པའོ། །དེ་ནས་སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་ཐོབ་པར་འགྱུར་ཏེ། དེ་དག་མི་ཤེས་ཏེ་གང་ཡང་ཤེས་པ་དེ་དག་ཐམས་ཅད་ཀྱང་མི་ཤེས་ཤིང་ཡང་དག་པར་མི་དམིགས་སོ། །དེ་ལ་སྤྱན་ལྔ་ནི་ཤའི་སྤྱན་དང༌། ལྷའི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་དང༌། ཆོས་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་ནོ། །དེ་ལ་ཤའི་སྤྱན་གྱིས་ནི་གཟུགས་རྣམས་མཐོང་བ་ཡིན་ནོ། །ལྷའི་སྤྱན་གྱིས་ནི་གཟུགས་མེད་པ་རྣམས་དང་འཆི་འཕོ་བ་དང༌། སྐྱེ་བ་མཐོང་བ་ཡིན་ནོ། །ཤེས་རབ་ཀྱི་སྤྱན་གྱིས་ནི་ཆོས་ཐམས་ཅད་མི་དམིགས་པའོ། །ཆོས་ཀྱི་སྤྱན་གྱིས་ནི་འཕགས་པའི་གང་ཟག་དང་དེའི་ཆོས་རྣམས་ཡང་དག་པར་མི་དམིགས་པའོ། །སངས་རྒྱས་ཀྱི་སྤྱན་གྱིས་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མི་དམིགས་པ་ཡིན་ཏེ། དེ་ནི་སྤྱན་ལྔ་ལ་གདམས་པའོ། །མངོན་པར་ཤེས་པ་དྲུག་གང་ཞེ་ན། རྫུ་འཕྲུལ་གྱི་བྱ་བ་དང༌། ལྷའི་རྣ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང༌། ལྷའི་མིག་དང་ཟག་པ་ཟད་པ་ཤེས་པའོ། །ལྷའི་མིག་གི་མངོན་པར་ཤེས་པས་ནི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ཤེས་པའོ། །འདི་ནི་མངོན་པར་འདུ་བྱས་པ་ཡིན་ལ། སྔ་མའི་ལྷའི་མིག་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །དེ་ནི་མངོན་པར་ཤེས་པ་དྲུག་ལ་གདམས་པའོ། །དེ་ཉིད་བསྒྲུབ་པའི་ཏིང་ངེ་འཛིན་མངོན་དུ་བྱས་ནས། ཆོས་ཐམས་ཅད་བདག་མེད་པར་ཉེ་བར་བརྟག་པ་ནི་ལྷག་མཐོང་ཡིན་ཏེ། དེ་ཡོངས་སུ་སྨིན་པ་ལས་ལྷུན་གྱིས་གྲུབ་པ་སྤྲོས་པ་མེད་པའི་སེམས་ཀྱི་ཁམས་མཉམ་པར་གཞག་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་པ་ཡིན་ཏེ། དེས་གང་དང་གང་མཐོང་བའི་དོན་དེ་མི་སྣང་བ་ཡིན་ཏེ། དེ་ནི་མཐོང་བའི་ལམ་ལ་གདམས་པའོ། །གང་མཐོང་བ་དེ་ཉིད་ཀྱི་རྒྱུན་ཤེས་པ་དེ་ནི་བསྒོམ་པ་ཡིན་ཏེ། དེ་ནི་བསྒོམ་པའི་ལམ་ལ་གདམས་པའོ། །དེ་ལྟར་ན་གདམས་ངག་བསྟན་པ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་ཞེས་བྱ་བ་ལ་ངེས་པར་རྟོགས་པ་ནི་ངེས་པར་


DTG089_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པའོ། །དེའི་ཆ་དང་ཡན་ལག་འདི་ནི་ངེས་པར་འབྱེད་པའི་ཆ་ཡིན་ཏེ། གཅིག་ཏུ་ངེས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ངེས་པར་འབྱེད་པ་ནི་སོ་སོར་འབྱེད་པ་སྟེ། དེའི་ཆ་ནི་བྱེད་པ་ཡིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་དག་ཀྱང་སོ་སོར་འབྱེད་པ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་བརྟེན་པ་དང༌། ཆ་དང་ཐོབ་པ་ནི་བཞི་པོ་འདི་དག་སྟེ། དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། འཇིག་རྟེན་ཆོས་ཀྱི་མཆོག་གོ །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་དྲོ་བའོ། །ཡུན་རིང་པོའི་དགེ་བའི་རྩ་བའི་རྩེ་མོར་གྱུར་པའི་ཕྱིར་རྩེ་མོའོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ་བཟོད་པས་ན་བཟོད་པའོ། །འཇིག་རྟེན་པ་ཐམས་ཅད་ཀྱི་ཆོས་ཀྱི་མཆོག་ཡིན་པས་ན་ཆོས་ཀྱི་མཆོག་གོ །དེ་དག་ནི་བདེན་པ་བཞི་ལ་དམིགས་ནས་མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་པའི་རྣམ་པར་ཉན་ཐོས་དང། རང་སངས་རྒྱས་དག་ལ་ཡང་ཡོད་དེ། དེ་དག་ལས་བྱང་ཆུབ་སེམས་དཔའ་ནི་ཁྱད་པར་རྣམ་པ་ལྔས་ཁྱད་པར་དུ་འཕགས་པར་བརྗོད་པར་བྱ་སྟེ། དེ་བས་ན་བསྟན་བཅོས་ལས། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །སེམས་ཅན་ཐམས་ཅད་ལ་སྐྱོབ་པའི་བསམ་པ་ཡོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིན་ཏེ། གང་ཆུང་ངུ་དང༌། ཆེན་པོའི་དྲོ་བ་ལ་སོགས་པའོ། །གང་ཉན་ཐོས་དང༌། རང་སངས་རྒྱས་དེ་དག་གི་དྲོ་བ་ལ་སོགས་པ་དག་ལས། ཤིན་ཏུ་ཁྱད་པར་དུ་གྱུར་པ་རྣམ་པ་ལྔས་ཁྱད་པར་དུ་གྱུར་པ་ཡིན་ཏེ། དམིགས་པ་དང་རྣམ་པ་དང༌། ཐེག་པ་གསུམ་ཐོབ་པའི་རྒྱུ་དང༌། ཡང་དག་པར་ཡོངས་སུ་འཛིན་པ་དང༌། རྣམ་པར་རྟོག་པ་བཞི་དང་ལྡན་པ་སྟེ། ཇི་ལྟར་རང་གི་དྲོ་བ་ལ་སོགས་པ་འདི་དག་གི་སོ་སོ་རེ་རེ་ལ་ཡང་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་དབྱེ་བས་བཅུ་གཉིས་སུ་འགྱུར་རོ། །དེ་ལ་དྲོ་བ་ཆུང་ངུའི་དམིགས་པ་ནི་བདེན་པ་བཞི་ལ་མི་རྟག་


DTG089_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པར་ཤེས་པའོ། །དེའི་རྣམ་པ་ནི་མངོན་པར་ཞེན་པ་ལ་སོགས་པ་འགོག་པ་ཡིན་ནོ། །དེ་ཡང་བསྟན་བཅོས་ལས། སྡུག་བསྔལ་གྱི་བདེན་པ་ལ་གཟུགས་མི་རྟག་པ་ལ་སོགས་པ་དམིགས་པ་དང༌། ཀུན་འབྱུང་བའི་བདེན་པ་ལ་ཀུན་འབྱུང་བ་སྤང་བར་བྱ་བ་ལ་སོགས་པ་དང༌། འགོག་པའི་བདེན་པ་ལ་འགོག་པ་མངོན་སུམ་དུ་བྱས་པ་ལ་སོགས་པའོ། །རྣམ་པ་ནི་དམིགས་པ་དེ་དག་ལ་སོ་སོར་མངོན་པར་ཞེན་པ་མེད་པ་དང༌། གནས་པ་མེད་པ་དང༌། བདེན་པ་མ་ཡིན་པར་ཤེས་པའོ། །མངོན་པར་ཞེན་པ་དང༌། གནས་པ་དང༌། བདེན་པའི་ཤེས་པ་ནི་འགོག་པའོ། །ལམ་གྱི་བདེན་པ་ཡང་གཟུགས་ཤེས་པར་བྱ། གཟུགས་དེས་ཀྱང་རློམ་སེམས་སུ་མི་བྱའོ། །ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་དེས་ཀྱང་རློམ་སེམས་སུ་མི་བྱའོ། །ཆོས་ཐམས་ཅད་ཤེས་པ་ནི་དམིགས་པའོ། །དེས་རློམ་སེམས་སུ་མི་བྱ་བ་ནི་རྣམ་པའོ། །དེ་ཉིད་གཞན་ཡང་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །གཞན་ཡང་ཞེས་སྨོས་པས་ནི་གདམས་ངག་ལ་ལྟོས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བ་ནི་བདེན་པ་གསུམ་དང་འབྲེལ་བའི་མི་རྟག་པ་ཉིད་ལ་སོགས་པ་ནི་དམིགས་པའོ། །མངོན་པར་ཞེན་པ་མེད་པ་ལ་སོགས་པ་ནི་རྣམ་པ་སྟེ། མི་དམིགས་པར་སྤྱོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པས་ཞེས་བྱ་བ་སྨོས་པ་ནི་རིམ་གྱིས་བསྒོམ་པ་ཞེས་བྱ་བའི་དོན་ཏོ། །བདེན་པ་གསུམ་གྱི་འོག་ཏུ་ལམ་གྱི་བདེན་པའི་དམིགས་པ་ནི་དམིགས་པ་མེད་པའོ། །དེས་རློམ་སེམས་མེད་པ་ནི་རྣམ་པ་བསྒོམས་པས་ཤེས་པར་བྱ་བ་ཡིན་ནོ། །དེ་ལྟར་བསླབ་པར་བགྱིའོ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་ཅིང་རློམ་སེམས་མེད་པ་དེ་ལྟར་བསླབ་པར་བྱའོ། །དེས་ཀྱང་ཞེས་བྱ་བས་ནི་གང་དེའི་སེམས་མཉམ་པ་མེད་པ་ཡིན་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །སེམས་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་དུ་དུས་ཆད་པ་མེད་པར་སེམས་ཅན་གྱི་དོན་གྱི་བྱ་བ་རྣམས་ཀྱི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་སོ། །ཀྱང་གི་སྒྲ་ནི་ལྷག་པའི་དོན་ཏོ།།


DTG089_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡོད་པར་འདོད་དེ། དེས་ཀྱང་རློམ་སེམས་སུ་མི་བྱེད་ན་ཐ་མལ་པའི་སེམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ནི་རྣམ་པ་གང་གིས་དེ་ལ་རློམ་སེམས་མེད་པ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པས་ལན་སྨྲས་སོ། །སེམས་དེ་ནི་སེམས་མ་མཆིས་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་གཉིས་ལ་དེ་མི་སྣང་བའི་ཕྱིར་རོ། །གལ་ཏེ་སེམས་མེད་ན་འོན་ཀྱང་དེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཞེས་སྨོས་སོ། །ཇི་ལྟར་འོད་གསལ་བ་ཡིན་ཞེ་ན། གང་གི་ཕྱིར་སེམས་ནི་འདོད་ཆགས་ལ་སོགས་པ་དང་དང་པོ་ནས་མི་ལྡན་པ་ཡིན་ཏེ། དེ་དག་ནི་རང་བཞིན་གྱིས་གློ་བུར་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱིས་ཀྱང་བྲལ་བ་མེད་དོ། །ཤཱ་རིའི་བུས་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་དེ་ལྟར་ཤེས་ཀྱང་རབ་འབྱོར་གྱིས་སྟོན་པར་བྱ་པའི་ཕྱིར་དྲིས་སོ། །དེ་སྐད་ཅེས་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ནི་རབ་འབྱོར་གྱིས་དྲིས་པའི་ལན་སྟོན་ཏོ། །དེ་ནི་མེད་དོ་ཞེས་བྱ་བ་དེ་ནི་མི་དམིགས་པ་སྟེ། སྒྲུབ་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ཉིད་པ་ཡང་མ་ཡིན་ཏེ། གནོད་པར་བྱེད་པ་ཡོད་པའི་ཕྱིར་རོ། །དངོས་པོ་དང༌། དངོས་པོ་མེད་པ་ལས་ཡང་དག་པར་འདས་པ་ནི་གནོད་པར་བྱེད་པ་ཡིན་ནོ། །ཡོད་དམ་ཞེས་བྱ་བ་ནི་ཅི་དེ་མེད་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཙམ་གྱིས་ཀྱང་རབ་འབྱོར་གྱིས་བསམས་པས་གསལ་པོར་མ་གྱུར་ནས། གསལ་བར་བྱ་བའི་ཕྱིར་དྲིས་པ་ནི་དེ་གང་ཡིན་ཞེས་བྱའོ། །རབ་འབྱོར་གྱི་ལན་ནི་སེམས་མེད་པ་དེ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པ་ཞེས་སྨོས་ཏེ། སེམས་རང་བཞིན་གྱིས་འོད་གསལ་བ་དང༌། འགྱུར་བ་མ་གོས་པའི་ཕྱིར་འགྱུར་བ་མེད་པའོ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་དང༌། རྣམ་པ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མེད་པའོ། །དེ་ལྟ་བས་ན་དེ་ལྟ་བུའི་སེམས་ཀྱིས་ཀྱང་རློམ་སེམས་སུ་མི་བྱ་སྟེ། དེ་ལ་ཡང་སེམས་མེད་པ་ཙམ་གྱི་ཕྱིར་ཏེ། སེམས་སྟོང་པ་ཉིད་ཙམ་ལས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་སེམས་དེ་ཡང་སེམས་མེད་པ་ཡིན་ཏེ་རང་བཞིན་གྱིས་འོད་གསལ་


DTG089_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་དམིགས་པའོ། །དེ་ལ་ཡང་རློམ་སེམས་མེད་པ་ནི་རྣམ་པའོ། །ཇི་ལྟར་སེམས་ལ་སེམས་མེད་པ་སྟེ་ཉེ་བར་གཟུགས་ལ་སོགས་པ་ཡང་གཟུགས་ལ་སོགས་པ་མེད་པ་ཉིད་དུ་དོན་གྱིས་ཤེས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སེམས་མེད་པར་ཡང་དག་པར་བསྟན་པའི་རྗེས་ཐོགས་ལའོ། །ཇི་ལྟར་ཡང་ཞེས་བྱ་བ་ནི་རབ་ཏུ་སྟོན་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་སྟོན་པ་ཡིན་ཞེ་ན། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་མཆོག་ཉིད་དུ་གསུངས་པ་དེ་ལྟར་སྟོན་པ་ཡིན་ནོ། །དེ་གང་གི་མཆོག་ཏུ་གྱུར་པ་ཡིན་ཞེ་ན། ཉོན་མོངས་པ་མེད་པ་ལ་གནས་པའིའོ། །ཉོན་མོངས་པ་མེད་པ་ལ་སྙོམས་པར་འཇུག་པ་རྣམ་པ་གཉིས་ལ་ཉོན་མོངས་པའི་གཡུལ་དང་འགལ་བ་གཅིག་པོ་དེ་ནི་འདིར་མི་བཟུང་སྟེ། གཉིས་པ་གནས་སྐབས་ཀྱིས་དེའི་གནས་པས་གནས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་དེ་ལྟར་ན་དམིགས་པ་དང་རྣམ་པའི་ཁྱད་པར་དང་ལྡན་པ་ནི་དྲོ་བ་ཆུང་དུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ཞེས་བྱ་བ་དེས་དེའི་གོང་ནས་གོང་དུ་ཡང་འཕེལ་བ་ཡིན་ཏེ། དེ་ནི་དྲོ་བ་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ །དྲོ་བ་ཆུང་ངུའི་སྐབས་ཡིན་པའི་ཕྱིར་ཕྱི་མ་དག་ཏུ་ཡང་རྗེས་སུ་འབྲང་བར་བྱའོ། །རྒྱུའི་ཁྱད་པར་བཅུ་གཉིས་ཀྱི་དབང་དུ་ཡང་བྱ་སྟེ། ཐོབ་པའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་དྲོ་བ་ལ་སོགས་པའོ། །བསྟན་བཅོས་ལས། ཐེག་པ་གསུམ་ཆར་རྒྱུ་བའོ། །ཞེས་བཤད་དོ། །གང་ཡང་ཉན་ཐོས་དང༌། རང་སངས་རྒྱས་དེ་དག་གི་རང་གི་བྱང་ཆུབ་ཉིད་ཀྱི་རྒྱུ་ཡིན་ནོ། །འདི་ཉིད་ཉན་ཐོས་ཀྱི་ས་ལ་སློབ་པར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལ་ཡོན་ཏན་ཡོད་པས་ན་ས་དང་གཞི་ཡིན་ཏེ། རྒྱུ་མཚན་གྱི་བདུན་པ་ཡིན་ནོ། །ས་ལ་ཞེས་བྱ་བ་ནི་རྒྱུ་མཚན་གྱི་དོན་ཏོ། །སློབ་པར་འདོད་པས་ཞེས་བྱ་བ་ནི་སྒྲུབ་པར་འདོད་པས་སོ། །མཉེན་པར་བྱ་བ་ནི་གཞུང་ཉན་པའོ། །གཟུང་བར་བྱ་ཞེས་བྱ་བ་ནི་བཟླས་པར་བྱ་བའོ། །བཅང་བར་བྱ་ཞེས་བྱ་བ་ནི་སེམས་ལ་གཞག་པར་བྱ་བའོ། །བཀླག་པར་བྱ་ཞེས་བྱ་བ་ནི་མི་བརྗེད་པའི་དོན་དུ་རྗོད་པར་བྱེད་པའོ། །ཀུན་ཆུབ་པར་བྱའོ་ཞེས་བྱ་བ་ནི་དོན་དང་ལྡན་པས་ཐམས་ཅད་ཤེས་པ་ཉིད་དུ་བྱ་བའོ། །རབ་ཏུ་སྟོན་པར་བྱ་པའོ། །ཞེས་བྱ་བ་ནི་གཞན་དག་ལ་དོན་དང་གཞུང་གི་དོན་དག་


DTG089_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པས་བདག་ཉིད་ཀྱི་བསོད་ནམས་ཀྱི་སྟོབས་ཀྱི་གཞན་དག་རྗེས་སུ་གཟུང་བ་ནི་བྱང་ཆུབ་པའི་དོན་དུ་གནས་པ་ཡིན་ནོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་སེམས་དཔས་སོ། །རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་ལ་རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་ངོ༌། །དེ་བྱའོ་ཞེས་བྱ་བ་ནི་ཐོབ་པར་བྱ་བའོ། །བྱང་ཆུབ་སེམས་དཔའི་ས་ལ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་རྣམ་པ་བཅུའོ། །ཐབས་མཁས་པ་ནི་འོག་ནས་བཤད་པའི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་མཇུག་ནས་འབྱུང་བའི་རྣམ་པ་བཅུའོ། །དེ་དང་ལྡན་པ་ནི་ཡོད་པའོ། །ཡོངས་སུ་བསྒྲུབས་པ་ནི་ཀུན་ནས་མཐར་ཕྱིན་པའོ། །དེ་དག་ནི་རྒྱུ་ཉིད་ཀྱི་ཁྱད་པར་རོ། །བསྟན་བཅོས་ལས། གཟུགས་སོགས་སྐྱེ་འཇིག་གནས་བྲལ་དང༌། །གནས་དང་བརྟགས་དང་བརྗོད་དུ་མེད། །ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་སྐྱེ་བ་དང་འཇིག་པ་མེད་པའི་ཆོས་ཙམ་དུ་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་དྲོད་འབྲིང་གི་དམིགས་པ་ཡིན་ནོ། །མིང་དེ་ཡང་གནས་པ་མེད་པ་དང་བྲལ་བ་མེད་པ་དེ་ནི་རྣམ་པའོ། །གང་ཡང་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཆོས་ཀྱི་བརྡ་ཅན་བརྟགས་པ་འདི་ནི་དྲོད་ཆེན་པོའི་དམིགས་པ་ཡིན་ནོ། །དེ་ནི་ཕུང་པོ་དང༌། ཁམས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་གང་གིས་ཀྱང་ཚིག་གིས་བརྗོད་པར་མ་ནུས་པ་ནི་རྣམ་པའོ། །དེ་ཉིད་དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །བདག་གིས་མ་འཚལ་ཞེས་བྱ་བ་ནི་དོན་ལས་མི་ཤེས་པའོ། །བདག་གིས་དངོས་པོ་མ་འཚལ་ཞེས་བྱ་བ་ནི་འོག་མའི་ཚིག་ལས་སོ། །བདག་གིས་དངོས་པོ་མ་འཚལ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་ངེས་པར་བཤད་པའོ། །ལྷག་མ་ནི་ངེས་པར་བཤད་པའོ། །མི་དམིགས་པ་ནི་མངོན་སུམ་གྱིས་སོ། །ཡང་དག་པར་རྗེས་སུ་མི་མཐོང་བ་ནི་རྗེས་སུ་དཔག་པས་སོ། །གློ་བ་ལ་གཅགས་པའི་དངོས་པོ་ཉིད་ནི་ཡིད་ལ་གཅགས་པ་སྟེ། རིགས་པ་མ་ཡིན་པས་བྱས་པ་ཉིད་ཀྱིས་སོ། །འདུ་བ་དང་འཇིག་པ་ཞེས་བྱ་བ་ལ་སྒྲ་ལས་རྟོགས་པ་ནི་འདུ་བའོ། །སྒྲ་ལས་གཞན་གྱི་ངེས་པ་སྐྱེད་པ་ནི་འཇིག་པའོ། །མིང་ཙམ་གྱིས་ཞེས་བྱ་བ་ནི་དོན་གྱིས་སྟོང་པའི་མིང་སྟེ། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལྟ་བུའོ། གང་དག་


DTG089_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བ་དང་འཇིག་པ་གལ་ཏེ་བྱ་བ་དང༌། དགག་པ་ཡིན་པར་འདོད་པར་གྱུར་པ་དེའི་ཚེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་བྱ་བར་གསུངས་བར་འགྱུར་རོ། །འོན་ཀྱང་ཞེས་བྱ་བ་ནི་སྐྱོན་ཤིན་ཏུ་ཆེ་བར་མཚོན་པ་ཡིན་ནོ། །དེ་ཡང་ཕྱི་ནས་བརྗོད་པར་བྱ་སྟེ་ཕྱི་ནས་ཀྱི་དོན་ཏེ་ཡང་ཡང་གི་སྒྲ་ཡིན་ནོ། །མི་གནས་ཞེས་བྱ་བ་ནི་ཁྱད་པར་དུ་འགྲོ་བ་སྟེ། ཐེར་ཟུག་ཏུ་གནས་པས་རྟག་པ་མེད་པ་ཞེས་པའི་དོན་ཏོ། །མི་གནས་པ་ལ་ཡང་མ་ལགས་ཞེས་བྱ་བ་ནི་འགྱུར་བའི་གནས་པ་དང༌། རྒྱུན་གྱིས་རྟག་པས་གནས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །རིགས་པ་འདིས་འདུ་བ་དང་འཇིག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་བསམས་སོ། །དེ་བཞིན་དུ་གནས་པ་མེད་པ་དང༌། གནས་པ་མེད་པ་མ་ཡིན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཞི་པོ་དེ་ག་ལས་ཤིན། ལན་དུ་མིང་དེ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ནི་དྲོད་འབྲིང་གི་དམིགས་པའི་ཁྱད་པར་དག་གོ །དེ་ལྟར་ཞེས་བྱ་བ་ནི་དོན་དང་མིང་གཉིས་མེད་པས་སོ། །མི་གནས་ཤིང་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་རྣམ་པར་གནས་པ་མ་ཡིན་པའོ། །མི་གནས་པ་ཡང་མ་ལགས། ཞེས་བྱ་བ་ནི་གནས་པ་ཡང་མ་ཡིན་པ་ཉིད་ཐ་སྙད་ངེས་པ་ཡིན་པའི་ཕྱིར་དེ་ནི་བཏགས་པ་ཙམ་མ་ཡིན། ཞེས་བསམ་པ་ཡིན་ནོ། །རྣམ་པར་གནས་པ་ཡང་མ་ལགས། ཞེས་བྱ་བ་ལ་བྲགས་པ་ཙམ་དེ་ཡང་གཟུགས་ལ་རྣམ་པར་གནས་པ་མ་ཡིན། ཕུང་པོ་དང༌། ཁམས་ལ་སོགས་པའི་ངོ་བོ་རྣམ་པ་སྣ་ཚོགས་སུ་གནས་པ་མ་ཡིན་ནོ། །གང་གི་ཕྱིར་དེས་ན་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་བསམས་སོ། །རྣམ་པར་མི་གནས་པ་ཡང་མ་ཡིན་ཏེ། ཞེས་བྱ་བ་ནི་གཏན་དུ་རྣམ་པར་མི་གནས་པ་མ་ཡིན་ཏེ། གང་ཞིག་གིས་ཐ་སྙད་ཙམ་དུ་བརྗོད་པར་ནུས་པའི་ཕྱིར་རོ། །དེ་དག་ནི་དྲོད་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཞེས་བྱ་བ་ནི་དམིགས་པ་དང་རྣམ་པ་ཇི་ལྟར་བཤད་པ་ལྟར་རོ། །ཟབ་མོ་ཞེས་བྱ་བ་ནི་མོས་པར་དཀའ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་དྲོད་འབྲིང་དང་ཆེན་པོའི་མཚན་ཉིད་དོ། །བཤད་པས་ནི་ཚིག་ལས་སོ། །སྟོན་པ་ནི་དོན་ལས་སོ། །


DTG089_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་སྟོན་པ་ནི་དོན་ལའོ། །དེ་ཡང་ཤེས་པ་སྐྱེས་པས་ཞི་གནས་སྐྱེས་པར་སེམས་མ་ཞུམ་ཞེས་བྱ་བ་ལ་སོགས་པས་དོན་སྔ་མ་བཞིན་དུ་བཤད་དོ། །བསམས་པ་ནི་ལྷག་པའི་བསམ་པའོ། །དེས་ན་གཅིག་ཏུ་ངེས་པ་ཞེས་བྱ་བའི་དོན་ཏོ། །མོས་པ་ནི་ཞི་གནས་དང་ལྷག་མཐོང་གི་སྟོབས་ཀྱིས་ངེས་པར་སྐྱེས་པའོ། །མ་བྲལ་བར་ཞེས་བྱ་བ་ནི་དེས་གོང་ནས་གོང་དུ་འགྲོ་བ་ཡིན་ནོ། །ཕྱིར་མི་ལྡོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་ཕྱིར་མི་ལྡོག་ཅེས་བྱ་བའི་ཕྱིར་མི་ལྡོག་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་མེད་པར་ངེས་པའོ། །དེ་ཉིད་ལ་ཕན་པས་ན་ཕན་པའི་རྐྱེན་ཅན་ནོ། །བྱང་ཆུབ་སེམས་དཔའི་ས་ནི་གོ་སྐབས་ཏེ་འདི་ལ་ཡོན་ཏན་གྱི་ཚོགས་ཡོད་པས་ན་ས་སྟེ། དེ་ལ་གནས་པའི་ལེགས་པ་ཞེས་བྱ་བ་ནི་དེ་ཉིད་ལ་ཡང་དག་པར་གནས་པའོ། །ཇི་ལྟར་ཞེ་ན། གནས་པའི་ཚུལ་གྱིས་ཏེ། གསུམ་མི་དམིགས་པའི་སྦྱོར་བས་སོ། །དེ་ནི་དྲོད་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ །རྩེ་མོ་ཆུང་དུ་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག །དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་གསུངས་སོ། གཟུགས་ལ་སོགས་པ་རྣམ་པར་རིག་པའི་ངོ་བོ་ལ་གནས་པ་མེད་པ་ནི་མི་གནས་པའོ། །དེ་ཡང་གང་ཞེ་ན། གཟུགས་ལ་སོགས་པ་དེ་ཉིད་དུ་རྟོག་པ་དང༌། གཟུགས་ལ་སོགས་པ་བཟུང་བར་རྣམ་པར་རྟོག་པའི་ངོ་བོས་སྟོང་པ་ཡིན་ཏེ། རྣམ་པར་རིག་པའི་ངོ་བོས་ནི་མ་ཡིན་ཏེ། རྣམ་པར་རིག་པ་དེ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཆུད་གསོན་པ་ནི་མ་ཡིན་ནོ། །ཞེས་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས་གསུངས་པས་སོ། །དེ་བས་ན་རྣམ་པར་རིག་པའི་ངོ་བོ་ལ་གང་གཟུགས་ལ་སོགས་པ་དེ་དག་ཉིད་ཀྱི་སྟོང་པར་སྟོན་པ་ཡིན་ཏེ། དེ་ནི་འདིར་དམིགས་པའོ། །གང་ཡང་དེ་དག་གཅིག་གི་རང་བཞིན་ཞེས་བྱ་བ་ནི་ཕན་ཚུན་གྱི་ངོ་བོ་ཉིད་དེ། །དེ་ནི་དེའི་རྣམ་པའོ། །དེ་ལྟར་ན་གཟུགས་ལ་སོགས་པ་ཉིད་སྟོང་པ་ཉིད་དེ། ཆོས་ལས་ཆོས་ཉིད་ཐ་མི་དད་པའི་ཕྱིར་


DTG089_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་གཟུགས་ལ་སོགས་པའོ། །གཟུགས་ལ་སོགས་པ་ཡང་ཡང་དག་པར་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་ཏེ། རྣམ་པར་རིག་པ་ནི་མ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དེ་མི་རྟག་པ་ལ་སོགས་པར་མི་གནས་ཞེས་བྱ་བ་ལ་གཟུགས་ལ་སོགས་པ་དེའི་མི་རྟག་པ་ལ་སོགས་པར་མི་གནས་པ་ཡིན་ཏེ། དེ་ཡང་གང་ཞེ་ན། དེ་ནི་མི་རྟག་པ་སོགས་པ་ཉིད་ནི་མི་དམིགས་པའོ། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་བྱ་བ་ནི་མི་རྟག་པ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མི་རྟག་པ་ཉིད་དེ། དེ་ནི་རྣམ་པའོ། །དེ་བཞིན་དུ་གཟུགས་པ་སོགས་པ་དེ་ནི་མི་གནས་པ་ཡིན་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དག་ལས་བཅོམ་ལྡན་འདས་ཀྱིས་མི་གནས་པ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་སོ། །རྣམ་པ་གཞན་དུ་ཡང་གསུངས་པ་ནི་ཚིག་དེ་ཉིད་དང་ཡི་གེ་དེ་ཉིད་ཀྱི་དོན་མདོར་བསྟན་པ་ནི་བཅོམ་ལྡན་འདས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་རྩེ་མོ་ཆུང་ངུའི་མཚན་ཉིད་ལའོ། །སྤྱོད་ཅིང་ཞེས་བྱ་བ་ནི་ཐོས་པ་དང་བསམས་པ་དག་གིས་སོ། །དེ་ལ་བསྒོམས་པས་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་དག་གིས་སོ། །གཟུགས་ལ་སོགས་པ་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ལ་དེ་ལ་མི་གནས་པ་ག་ལས་ཤེས་ཤེ་ན། གཟུགས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་གཟུགས་ལ་རྣམ་པར་རྟོག་པའོ། །འདི་ལ་སྤྱོད་པ་མ་ལགས་སོ་ཞེས་བྱ་བ་ནི་འདི་ལ་རྣམ་པར་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེའི་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི། དེ་ལ་སྤྱོད་པ་མ་ལགས་པ་ག་ལས་ཤེས་ཤེ་ན། ལན་ནི་མངོན་པར་འདུ་བྱེད་པ་རྣམས་ལ་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོངས་སུ་འཛིན་པ་མ་ལགས་ཞེས་བྱ་བ་ནི་དམིགས་པ་མ་ཡིན་ཞེས་བྱ་བའོ། །རྩོད་པ་ཞེས་བྱ་བ་ནི་རྩེ་མོ་ཆུང་ངུ་ཡིན་ནོ། །ཡོངས་སུ་རྫོགས་པར་བགྱིད་པ་ཡང་མ་ལགས་ཞེས་བྱ་བ་ནི་རྩེ་མོ་འབྲིང་ཡིན་ནོ། །ངེས་པར་འབྱུང་བར་ཡང་མི་འགྱུར་ཞེས་བྱ་བ་ནི་རྩེ་མོ་ཆེན་པོ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་ལ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་མཁྱེན་པའོ། །ཡོངས་སུ་མི་གཟུང་བ་ཞེས་བྱ་བ་ནི་གཟུང་བར་བྱ་བ་མ་ཡིན་པའོ། །གཟུང་བར་བྱ་བ་མ་ཡིན་པ་ག་ལས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་


DTG089_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་ལན་གསུངས་ཏེ། དེ་ནི་གཟུགས་མ་ལགས་ཞེས་བྱ་བ་ནི་གཟུགས་བཟུང་བ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ནི་རྩེ་མོ་ཆུང་ངུ་ལའོ། །སྤྱད་པར་བགྱིའོ་ཞེས་བྱ་བ་ནི་རྣལ་འབྱོར་དུ་བྱ་བའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །གལ་ཏེ་གཟུགས་ལ་སོགས་པ་ལ་གནས་ན་ནི་གཟུགས་ལ་སོགས་པ་མངོན་པར་འདུ་བྱེད་པ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་ཏེ། ཡོངས་སུ་མི་བཟུང་བ་ཡོངས་སུ་བཟུང་བས་གང་གཟུགས་ལ་སོགས་པ་ལ་མི་གནས་པ་ན་དམིགས་པ་ཡིན་ནོ། །གཟུགས་ཡོངས་སུ་བཟུང་བ་མེད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ཡོངས་སུ་བཟུང་བ་མེད་པའི་བར་ནི་ཡོངས་སུ་མི་བཟུང་བ་ཡིན་ཏེ། གང་ཡང་གཟུགས་ལ་སོགས་པ་ཡོངས་སུ་མི་འཛིན་ཅིང་གཟུགས་ལ་སོགས་པ་ལས་གཞན་ཡང་མི་འཛིན་པ་ནི་རྣམ་པའོ། །འདི་ཡང་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་འདིའི་མིང་གསུངས་སོ། །གང་ལ་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མེད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བརྗོད་དོ། །དམིགས་པ་ཡངས་པས་ན་ཡངས་པའོ། །སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པས་མདུན་དུ་མ་བགྱིས་པའོ། །ཚད་མེད་པ་ནི་སངས་རྒྱས་ཉིད་དོ། །དེ་ལ་ངེས་པ་ནི་ཚད་མེད་པར་ངེས་པའོ། །དེ་ནི་རྩེ་མོ་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ །དེ་ཡང་བཅོམ་ལྡན་འདས་ཀྱིས་འདིར་ནི་མདོར་བསྟན་པར་བཞེད་དེ་འདིར་ཡང་འཇུག་པ་རྣམ་པ་གསུམ་སྟེ། དེ་ནི་རྒྱས་པར་བསྟན་པ་ལ་དགའ་བ་སྟེ། མ་བཤད་པར་རྟོགས་པར་མི་ནུས་པས་ཚིག་ལྷུར་ལེན་པའོ། །གཉིས་པ་ནི་འབྲིང་དུ་བཤད་པ་ལ་དགའ་བ་སྟེ་ཕྱེད་ཙམ་དུ་བསྟན་ན་ལྷག་མ་རྟོགས་པར་འགྱུར་བས་རྣམ་པར་སྤྲོས་ཏེ་བཤད་ནས་གོ་བའོ། །གསུམ་པ་ནི་མདོར་བསྡུས་པ་ལ་དགའ་བ་ཡིན་ཏེ་ཅུང་ཟད་བསྟན་ན་ཤིན་ཏུ་མང་པོ་རྟོགས་པར་འགྱུར་བས་མགོ་སྨོས་པས་གོ་བའོ། །དེ་དག་ལ་གོ་རིམས་བཞིན་དུ་སྟོང་ཕྲག་བརྒྱ་པ་དང༌། སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། སྟོང་ཕྲག་བརྒྱ་པ་དག་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ལ་འདིར་ནི་མདོར་བསྡུས་པར་བཞེད་དེ་རྒྱས་པར་ནི་མ་ཡིན་ནོ། །རྩེ་མོ་འབྲིང་གི་དབང་དུ་བྱས་ཏེ། བསྟན་བཅོས་ལས། ཆོས་


DTG089_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མི་འཛིན་གང་ཡིན་དང༌། །དེ་དག་མཚན་མར་མི་མཐོང་ཞིང༌། །ཞེས་གསུངས་སོ། །གང་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་པ་དེ་ནི་འདིར་དམིགས་པའོ། །ཆོས་ཀྱི་མཚན་མ་མི་མཐོང་བར་བྱེད་པ་ནི་རྣམ་པའོ། །འདི་ཉིད་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཐམས་ཅད་མཁྱེན་པ་ནི་དངོས་པོ་ཐམས་ཅད་མཁྱེན་པའོ། །འཛིན་པ་མེད་པས་ན། ཡོངས་སུ་བཟུང་བ་མ་མཆིས་པའོ། །བཟུང་བ་མ་མཆིས་པ་གང་ལས་ཤེ་ན། མཚན་མར་གཟུང་བ་མ་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་རྣམས་ཀྱི་མཚན་མ་ནི་ཁྱད་པར་གྱི་མཚན་ཉིད་དེ་གཟུགས་དང་ཚོར་བ་དང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དུའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་ཏུ་རྒྱུ་སྡེ་ཅན་ཞེས་བྱ་བ་ནི་ཀུན་ཏུ་རྒྱུའི་མིང་ངོ༌། །འདི་ལ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པའོ། །ཀུན་ཏུ་རྒྱུ་སྡེ་ཅན་ཇི་ལྟ་བུ་ལ་ཞུགས་ཤེ་ན། དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྟེ། རྩེ་མོའི་འབྲིང་ལའོ། །དེ་ལྟར་མོས་པར་བྱས་ནས་དེ་ལ་ཡང་དད་པས་རྗེས་སུ་འབྲང་བ་ཡིན་ནོ། །གང་གིས་ཞུགས་པ་ཡིན་ཞེ་ན། སྤྱི་ལས་ཕྱོགས་གཅིག་གིས་འབྱུང་བ་ཡིན་པས། ཕྱོགས་གཅིག་གིས་ཡེ་ཤེས་ཏེ་རྩེ་མོ་འབྲིང་ལའོ། །དེ་ཞུགས་ནས་གང་བྱས་པ་དེ་བསྟན་པའི་ཕྱིར་གཟུགས་ལ་སོགས་པ་ཡོངས་སུ་མི་འཛིན་ཞེས་གསུངས་ཏེ། དེའི་མཚན་མ་ཡིད་ལ་མི་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་ལྡན་པ་ཤེས་པ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤེས་པ་དེ་གཟུགས་ཀྱི་ནང་ན་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པས་ཀྱང་དེའི་མཚན་མ་ཡིད་ལ་མི་བྱེད་པ་དེ་ཉིད་དུ་བསྟན་ཏོ། །གཟུགས་ལས་གཞན་དུ་ཡང་མ་ཡིན། རྣམ་པར་ཤེས་པ་ལས་གཞན་དུ་ཡང་མ་ཡིན། དེའི་མཚན་མ་ཡིད་ལ་མི་བྱེད་ཀྱང་དེ་དག་སྣང་བའི་ཕྱིར་རོ། །ཚིག་གི་རྣམ་གྲངས་འདི་ལ་ཞེས་བྱ་བ་ལ་ཚིག་ནི་རྩེ་མོའིའོ། །དེའི་རྣམ་གྲངས་ནི་རབ་ཏུ་དབྱེ་བ་སྟེ། རྩེ་མོ་འབྲིང་གི་ཞེས་བྱ་བའི་ཐ་ཚིག་གོ །མོས་སོ་ཞེས་བྱ་བ་ནི་གཅིག་ཏུ་ངེས་པ་སྐྱེས་པ་ཡིན་ནོ། །འདི་ལ་ཐམས་ཅད་དུ་ཞེས་བྱ་བ་ནི་བསྟན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཞེས་བྱ་


DTG089_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་རྗེས་སུ་བསྟན་པའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་རྩེ་མོ་འབྲིང་ཞེས་བྱ་བའི་དོན་ཏོ། །གང་གིས་དད་པའི་རྗེས་སུ་འབྲང་བ་ཞེས་བྱ་ཞེ་ན། ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོན་པའི་བསྟན་པ་ཚད་མར་བྱས་ནས་དེ་ལྟར་མོས་པ་ཞེས་བྱའོ། །དམིགས་པ་ཞེས་བྱ་བ་ནི་དངོས་པོ་ཉིད་དུ་མཐོང་བའོ། །མྱ་ངན་ལས་འདས་པ་ནི་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། དེ་ལ་ཡང་དངོས་པོ་ཉིད་དུ་རློམ་སེམས་སུ་མི་བྱེད་ཅིང༌། མྱ་ངན་ལས་འདས་པ་ལ་རློམ་སེམས་མེད་པ་དེ་ནི་རྩེ་མོ་འབྲིང་གི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ ། རྩེ་མོ་ཆེན་པོའི་དབང་དུ་བྱས་ཏེ། བསྟན་བཅོས་ལས། ཐམས་ཅད་དམིགས་པ་མེད་པར་ནི། །ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་རྟོགས་པ་ནི་འདིའི་དམིགས་པའོ། །ཆོས་ཐམས་ཅད་མི་དམིགས་པ་ནི་རྣམ་པ་སྟེ་འདི་ཉིད་གཞན་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་གང་ཡིན་འདི་གང་གི་ཡིན་ཞེས་བྱ་བ་ནི་སྤྱིར་བཀའ་སྩལ་པའོ། །ཅི་ཆོས་གང་མེད་པ་དང་མི་དམིགས་པ་དེ་ནི་ཁྱད་པར་རོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་བྱ་བ་ལ། གལ་ཏེ་དེ་ལྟར་ཞེས་བྱ་བ་ནི་གལ་ཏེ་མེད་པ་དང༌། མི་དམིགས་པ་ལ་བརྟགས་པ་ནི་རྣམ་པར་དཔྱད་པའོ། །བསམ་པ་ནི་ངེས་པར་ཐོབ་པའོ། །མ་ཞུམ་ཞེས་བྱ་བ་ནི་ཡེ་ཤེས་ལ་སྦྱར་བར་བྱ་བའོ། །ལྷག་མ་ནི་སྔ་མ་བཞིན་ཏེ་རྩེ་མོ་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ །བཟོད་པ་ཆུང་ངུའི་དབང་དུ་བྱས་ནས་བསྟན་བཅོས་ལས། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་གསུངས་སོ། །གཟུགས་ལ་སོགས་པ་དང་བྲལ་བའི་ངོ་བོ་ཉིད་ཀྱིས་ནི་དམིགས་པ་ཡིན་ནོ། །ངོ་བོ་ཉིད་དེའི་ངོ་བོ་ཉིད་ནི་རྣམ་པའོ། །དེ་ཡང་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཉིད་ཀྱང་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བ་ཞེས་བྱ་བ་ནས་ངོ་བོ་ཉིད་ཀྱི་མཚན་ཉིད་དང་བྲལ་བ་ཞེས་བྱ་བ་ནི་དམིགས་པའོ། །ངོ་བོ་ཉིད་ཀྱི་དོན་དང་བྲལ་བ་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་དེ་ནི་རྣམ་པའོ། །གང་འདི་ལ་སློབ་པར་འགྱུར་བ་འདི་ནི་ཐམས་


DTG089_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་འགྱུར་རམ་ཞེས་བྱ་བ་དེ་ནི་བཟོད་པ་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ །བཟོད་པ་འབྲིང་གི་དབང་དུ་བྱས་ནས་བསྟན་བཅོས་ལས། དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་ཞེས་བྱ་བ་གསུངས་སོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་ངེས་པར་འབྱུང་བ་མེད་པ་ཉིད་དེ་ནི་འདིའི་དམིགས་པའོ། །དེའི་ཚེ་ཡང་བྱང་ཆུབ་སེམས་དཔའི་ལུས་དང་སེམས་དང་མཚན་དང་གཞི་ཡོངས་སུ་དག་པ་ནི་རྣམ་པའོ། །དེ་ཉིད་བསྟན་པའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནས་གཞན་ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པའི་བར་གྱིས་གསུངས་ཏེ། དེ་ནི་བཟོད་པ་འབྲིང་གི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ །བཟོད་པ་ཆེན་པོའི་དབང་དུ་བྱས་ནས་བསྟན་བཅོས་ལས། དེ་དག་མཚན་ཉིད་མེད། དེ་ཡི་མཚན་མར་མི་བརྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་གསུངས་སོ། །དེ་དག་མཚན་ཉིད་མེད་པ་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱིས། རྣམ་པར་དབེན་པ་ཉིད་དེ་ནི་དེའི་དམིགས་པའོ། །གཟུགས་ལ་སོགས་པའི་མཚན་ཉིད་ལ། གཟུགས་ལ་སོགས་པ་ཞེས་བྱ་བ་ནི་གང་བརྟེན་པ་དང་མོས་པ་དང་འདུ་ཤེས་ཏེ། དེ་དག་ལས་བཟློག་པ་ནི་རྣམ་པའོ། །དེ་ལ་ཤིན་ཏུ་བརྟན་པར་ལྷག་པར་མོས་པ་ནི་བརྟེན་པའོ། །ངེས་པ་ནི་མོས་པའོ། །ཐ་སྙད་ནི་འདུ་ཤེས་སོ། །དེ་ཉིད་བསྟན་པའི་ཕྱིར་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་ནས། དེ་ལ་དང་པོ་མི་མཐུན་པའི་ཕྱོགས་བསྟན་པ་ནི་ཐབས་ལ་མཁས་པར་རིག་པར་བྱའོ། །ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་བས་ན་དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དངོས་སུ་དམིགས་པ་གསུངས་ཏེ། མཚན་མ་ལ་སྤྱོད་པ་བཀག་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་བསྟན་པས་སོ། །མཚན་མ་ལ་སྤྱོད་པ་བཀག་པ་ནི་གཟུགས་ལ་སོགས་པའི་མཚན་མ་ཡིན་ཏེ། གཟུགས་ལ་སོགས་པ་ལ་བརྟེན་པ་དང༌། མོས་པ་དང༌། འདུ་ཤེས་ཀྱི་མཚན་ཉིད་དེ་དེ་བས་ན་ཤུགས་ཀྱིས་རྣམ་པ་ཡང་བསྟན་པ་ཡིན་ནོ། །དེ་སྤྱོད་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་རློམ་སེམས་མེད་པ་རྣམ་པ་བརྒྱད་སྟོན་ཏོ། །ཉེ་བར་མི་འགྲོའོ་ཞེས་བྱ་བ་ནི་མི་འཛིན་


DTG089_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་བཟོད་པ་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ །ཆོས་ཀྱི་མཆོག་ཆུང་ངུའི་དབང་དུ་བྱས་ནས་བསྟན་བཅོས་ལས། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ཅེས་གསུངས་སོ། །ཏིང་ངེ་འཛིན་ཆོས་ཐམས་ཅད་ལ་ལེན་པ་མེད་པ་དེ་ནི་འདིའི་དམིགས་པའོ། །དེའི་བྱེད་པ་ཉིད་ཅེས་བྱ་བ་ནི་རྣམ་པའོ། །དེ་ཉིད་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ་ནིའི་སྒྲ་ནི་གཏན་ཚིགས་སོ། །རྗེས་སུ་ཉེ་བར་མ་སོང་བ་ཞེས་བྱ་བ་ནི་བསྟན་པའོ། །མ་བླངས་པ་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །གང་ལ་ཆོས་ཐམས་ཅད་ཀྱི་ལེན་པ་མེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདི་ཡན་ཆད་ཀྱིས་ནི་དམིགས་པ་བསྟན་ཏོ། །ཏིང་ངེ་འཛིན་འདི་ལ་གནས་ན་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་བསྟན་ཏེ། དེ་ནི་ཆོས་ཀྱི་མཆོག་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ །འབྲིང་གི་དབང་དུ་བྱས་ནས་བསྟན་བཅོས་ལས། །ལུང་སྟོན་པ་དང་རློམ་པ་ཟད། །ཅེས་བྱ་བ་གསུངས་པ་ཡིན་ནོ། །ཏིང་ངེ་འཛིན་འདི་ལ་གནས་ནས་སངས་རྒྱས་རྣམས་ཀྱིས་ལུང་སྟོན་པ་ཡིན་ཏེ་འདི་ནི་འདིའི་དམིགས་པའོ། །གང་འདིའི་ཏིང་ངེ་འཛིན་ལ་རློམ་སེམས་ཟད་པ་དེ་ནི་རྣམ་པའོ། །དེ་ཉིད་དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སོགས་པ་ནས་ལུང་བསྟན་ཏོ་ཞེས་བྱ་བའི་བར་གྱིས་དེའི་དམིགས་པ་བསྟན་ཏོ། །དེ་ནས་དེ་ནི་ཏིང་ངེ་འཛིན་ཞེས་བྱ་བ་ནས་ཐམས་ཅད་དུ་མ་མཆིས་ཞེས་བྱ་བའི་བར་གྱིས་ནི་རྣམ་པ་བསྟན་ཏོ། །དེ་ལྟ་བུ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རློམ་སེམས་སོ། །ཐམས་ཅད་ཅེས་པ་ནི་ཡང་མ་ལུས་པའོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཆོས་ཐམས་ཅད་ལེན་པ་མེད་པ་ཡངས་པ་མདུན་དུ་བྱས་པའོ། །བདག་ནི་བྱང་ཆུབ་སེམས་དཔའོ། །མཉམ་པར་གཞག་པའོ་ཞེས་བྱ་བ་ནི་ལྡོག་པ་མེད་པའོ། །བདག་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅེས་བྱ་བ་ནི་ཞག་གསུམ་པ་དང་བཞི་པ་ལ་སོགས་པར་སྙོམས་པར་འཇུག་པར་འགྱུར་རོ། །རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཆུང་ངུའི་ཆུང་ངུའི་བར་གྱི་རྣམ་པར་ཡང་ངོ༌། །ཐམས་ཅད་དུ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པ་ནས་བརྩམས་ཏེ། དེས་


DTG089_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་ཆོས་ཀྱི་མཆོག་འབྲིང་གི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །ཆེན་པོའི་དབང་དུ་བྱས་ནས་བསྟན་བཅོས་ལས། གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ། ཞེས་གསུངས་སོ། །ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་སེམས་དཔའ་ནི་གསུམ་པའོ། །དེ་ནི་ཕན་ཚུན་གྱི་ངོ་བོ་ཉིད་ནི་འདིའི་དམིགས་པའོ། །ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ནི་རྣམ་པའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པ་ནས་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བའི་བར་གྱིས་ནི་དམིགས་པ་གསུངས་སོ། །དེ་ལྟར་ན་བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དོན་དམ་པར་བྱང་ཆུབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་སེམས་དཔའ་སྟེ། འདི་དེའི་བདག་ཉིད་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའོ། །སྐབས་ཀྱིས་ནི་ཏིང་ངེ་འཛིན་ཆེན་པོ་དེ་ཉིད་སེམས་དཔའ་ཡིན་པས་འདི་ཉིད་སེམས་དཔའ་ཆེན་པོའོ། །ཡང་ཇི་ལྟར་ན་འདི་བྱང་ཆུབ་སེམས་དཔའ་ཉིད་ཡིན་ཞེ་ན། སྐབས་ཡིན་པའི་ཕྱིར་ཏེ། དེས་ན་གསུམ་པོ་འདི་དག་གི་ཕན་ཚུན་གྱི་ངོ་བོ་ཉིད་དང་ས་ནི་དམིགས་པའོ། །ཏིང་ངེ་འཛིན་དེ་བསྟན་པར་ནུས་སམ་ཞེས་བྱ་བ་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བ་བའི་བར་གྱིས་རྣམ་པ་བསྟན་ཏོ། །བསྟན་པར་ནུས་སམ་ཞེས་བྱ་བ་ནི་ཚིག་གིས་རབ་ཏུ་བསྟན་པའོ། །ཏིང་ངེ་འཛིན་དེ་ཡང་མི་ཤེས། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་ཡིན་པས་དེ་ལྟར་མི་སྣང་བ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པའོ། །ཡང་དག་པར་མི་ཤེས་ཞེས་བྱ་བ་ནི་བརྗོད་པར་མི་ནུས་པའི་ཕྱིར་རྣམ་པར་མི་རྟོག་པའོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་ནི་འཇིག་རྟེན་ཆོས་ཀྱི་མཆོག་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ །དེ་ནས་བསྟན་བཅོས་ལས། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ངེས་འབྱེད་ཆ་མཐུན་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་དེ་དག་ཡིན་ཏེ། རེ་རེ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་བཅུ་གཉིས་སུ་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ནི་དམིགས་པ་དང་རྣམ་པ་ཇི་སྐད་བསྟན་པ་ཉིད་ཀྱིས་བཅུ་གཉིས་བདག་གིས་ཇི་སྐད་བསྟན་པ་བཞིན་དུ་སྦྱར་བར་བྱའོ། །དེ་རྣམ་པར་རྟོག་པ་དང་ལྡན་


DTG089_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པར་བྱ་བའི་དབང་དུ་བྱས་ནས་བསྟན་བཅོས་ལས། གཟུང་བར་རྟོག་པ་རྣམ་པ་གཉིས། །གཞི་དང་དེ་ཡི་གཉེན་པོ་ཡིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ། །ཞེས་བྱ་བ་གསུངས་སོ། །གཟུང་བར་རྟོག་པ་ནི་གཟུང་པར་རྣམ་པར་རྟོག་པའོ། །དེ་ནི་རྣམ་པ་གཉིས་ཏེ། གཅིག་ནི་དངོས་པོ་ལ་རྣམ་པར་རྟོག་པ་ཡིན་ཏེ། གང་འཇིག་རྟེན་ལ་གྲགས་པའི་དངོས་པོ་ལའོ། །ཅིག་ཤོས་ནི་དེའི་གཉེན་པོ་སྟེ། དེ་ཡང་སོ་སོར་རྣམ་པ་དགུའོ། །ཇི་ལྟར་རྨོངས་པ་དང་ཕུང་པོ་ལ་སོགས་པའི་བྱེ་བྲག་ནི་མ་རིག་པ་དང་ཕུང་པོ་ལ་སོགས་པའི་བྱེ་བྲག་ཅེས་བྱ་བའི་ཐ་ཚིག་གོ །དེ་ཉིད་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་ལ་སོགས་པས་ནི་སྟོན་པར་མཛད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ནོ་ཞས་གསུངས་པ་དེ་མ་ཐག་ཅེས་བྱ་བའི་ཐ་ཚིག་གོ །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི། གང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ཉིད་བཅོམ་ལྡན་འདས་ཀྱི་བཀའ་ཡིན་པས་བསྟན་པར་བྱ་བའི་ཕྱིར་སྐབས་ཀྱི་ཤཱ་རིའི་བུས་གསོལ་བར་བྱ་བའི་དོན་དུ་སྨྲས་སོ། །ཆོས་གང་ལ་སློབ་པ་ལགས་ཞེས་བྱ་བ་ལ། སྤྱི་སྒྲ་དང༌། ཡོན་ཏན་དང༌། གཙོ་བོ་དང༌། སྐྱེས་བུ་ལ་སོགས་པ་ལ་ཞེས་བྱ་བའམ། འོན་ཏེ་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་ལ་སོགས་པའི་ཆོས་ལ་དམིགས་ནས་བསླབ་པར་བྱ། ཞེས་དགོངས་སོ། །བཅོམ་ལྡན་འདས་ཀྱིས་གང་ལ་ཡང་མི་སློབ་བོ་ཞེས་བཀའ་སྩལ་ཏེ། ཆོས་ཐམས་ཅད་བདག་མེད་པ་ཉིད་ལ་སློབ་པའི་ཕྱིར། ཞེས་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་དེ་ཆོས་ཐམས་ཅད་ལ་མི་སློབ་པ་ག་ལས་ཤེ་ན། ལན་ནི་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་དེ་ནི་ཞེས་བྱ་བ་ནི་རྫས་དང༌། ཡོན་ཏན་དང་ལས་ལ་སོགས་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེའི་ངོ་བོའོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟ་བུའི་ངོ་བོས་མངོན་པར་ཆགས་ཤིང་བདེན་པ་ཉིད་དུའོ། །སོ་སོའི་སྐྱེ་བོ་ནི་འཕགས་པ་མ་ཡིན་པ་སྟེ་དེ་ཡང་བྱིས་པའོ། །གང་གི་ཕྱིར་ཐོས་པ་དང་མི་ལྡན་པ་ནི་ཐོས་པ་མང་པོ་མེད་པའོ། འོ་ན་ད་ཇི་ལྟ་བུར་


DTG089_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ཞེས་བྱ་བ་ནི་ཇི་ལྟ་བུར་རྣམ་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མེད་པ་ཞེས་བྱ་བ་ནི་ཡོད་པ་ཡིན་ཏེ། གནོད་པར་བྱེད་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པར་ཡོད་དེ་ཞེས་བྱ་བ་ནི་མེད་པའི་ཕྱིར་དང༌། བརྫུན་པའི་ངོ་བོས་སྣང་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་བཤད་པའི་རིགས་པས་སོ། །མེད་པ་ཞེས་བྱ་བ་ནི་བརྫུན་པའོ། །མ་རིག་པ་ཞེས་བྱ་བ་ནི་མ་རིག་པའི་ཁྱད་པར་ཡིན་པའི་ཕྱིར་མ་རིག་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ནི་ཡུལ་གྱི་རྣམ་པར་རྟོག་པ་བསྟན་ཏེ། དེ་ནི་མ་རིག་པའི་རྣམ་པར་རྟོག་པ་དང་པོའོ། །དེ་དག་གིས་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོས་སོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པའོ། །མེད་པ་ལ་ཞེས་བྱ་བ་ནི་བྱིས་པས་བཟུང་བའི་དངོས་པོ་ཡོད་པའོ། །བརྟགས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དངོས་པོ་ཉིད་དུ་བཟུང་བའོ། །དེ་ནི་ཕུང་པོར་བརྟགས་པ་སྟེ། རྣམ་པར་རྟོག་པ་གཉིས་པའོ། །མཐའ་གཉིས་ལ་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པའོ། །ཞེན་པས་ཞེས་བྱ་བ་ནི་ཀུན་ནས་གནས་པའོ། །ག་ལས་ཤེ་ན། ཆོས་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཤེས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་ངེས་པར་མི་བྱེད་པ་སྟེ། སྦྱོར་བའི་ལམ་ཐོབ་པ་མེད་པའི་ཕྱིར་རོ། །མི་མཐོང་སྟེ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་རྟོག་པ་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནས་མངོན་པར་ཆགས་ཏེ་ཞེས་བྱ་བའི་བར་གྱིས་ནི་མཇུག་བསྡུ་བའོ། །དེ་ནི་མཐའ་གཉིས་ལ་ཆགས་པའི་རྟོག་པ་སྟེ་གསུམ་པའོ། །མངོན་པར་ཆགས་པ་ཞེས་བྱ་བ་ནི་མཐའ་གཉིས་ལ་གནས་པའོ། །དེའི་གཞིས་ཞེས་བྱ་བ་ནི་རྒྱུའོ། །དམིགས་པ་ཞེས་བྱ་བ་ནི་ལོག་པའི་ཤེས་པའོ། །གནས་ནས་ཞེས་བྱ་བ་ནི་རྟེན་པའོ། །མིང་དང་གཟུགས་ལ་མངོན་པར་ཞེན་པས་ཞེས་བྱ་བ་ནི་མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་གཟུགས་ནི་གཟུགས་ཀྱི་ཕུང་པོ་ཡིན་ཏེ། དེ་གཉིས་ཀ་ནི་མིང་དང་གཟུགས་སོ། །དེ་ལ་མངོན་པར་ཞེན་པ་སྟེ་མིང་དང་གཟུགས་ལ་མངོན་པར་ཞེན་པ་སྟེ་རྣམ་པར་རྟོག་པ་བཞི་པའོ། །ལྔ་པོ་གཞན་ནི་བརྟག་པར་བྱ་བ་ཡིན་ཏེ། གཟུགས་ལ་སོགས་པ་འདི་དག་ནི་ཀུན་ནས་ཉོན་མོངས་པ་འདི་


DTG089_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་རྣམ་པར་བྱང་བའོ་ཞེས་མི་ཤེས་མི་མཐོང་བ་ཡིན་ནོ། །ངེས་པར་མི་འབྱུང་ཞེས་བྱ་བ་ནི་ཁམས་གསུམ་དང་ཐེག་པ་ལས་སོ། །དེ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མི་ཤེས་པའི་རྣམ་པར་རྟོག་པ་སྟེ་ལྔ་པའོ། །དེ་དག་ནི་སྟོང་པ་ཉིད་ལ་དད་པར་མི་བྱེད་ཅིང་ཕ་རོལ་ཏུ་ཕྱིན་པ་དག་ལ་མི་གནས་པ་ཡིན་ཏེ། དེ་ནི་འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་སྟེ་དྲུག་པའོ། །དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དག་ལ་དམིགས་པ་ནི་ངེས་པར་མི་འབྱུང་སྟེ། དེ་ནི་ལམ་ལ་དམིགས་པའི་རྣམ་པར་རྟོག་པ་སྟེ་བདུན་པའོ། །དེ་བདག་དང་ཆོས་ལ་དམིགས་པ་ཡིན་ཏེ། དེ་ནི་བདག་ལ་དམིགས་པའི་རྣམ་པར་རྟོག་པ་སྟེ་བརྒྱད་པའོ། །སྐྱེ་བ་མེད་པ་དང༌། རབ་ཏུ་སྐྱེ་བ་མ་ཡིན་པ་དང༌། མངོན་པར་འདུ་མི་བྱེད་པ་རྣམ་པར་དག་པ་དེ་ནི་རྣམ་པར་རྟོག་པ་སྟེ་དགུ་པོ་དེ་ནི་དྲོ་བར་རྣམ་པར་རྟོག་པ་དགུ་པོ་འདི་དག་ནི་སྲབ་མོར་མ་བྱས་པ་དང༌། །མ་སྤངས་པ་དེ་བས་ན་དེ་དག་དང་ལྡན་པ་ཡིན་ནོ། །དེའི་རྣམ་པར་རྟོག་པའི་མུན་པ་བསྲབས་པར་བྱས་པའི་ཕྱིར། སྣང་བ་ཐོབ་པའི་ཏེང་ངེ་འཛིན་ལ་བརྟེན་པ་ཞེས་བྱ་བ་བསྟན་ཏེ། དེ་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུའོ། །གཉིས་པའི་དབང་དུ་བྱས་ནས་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པའོ། །བརྟགས་སོ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་དབྱེ་བས་རྣམ་པ་དགུ་གཟུང་བ་ཡིན་ནོ། །ཕུང་པོ་ལ་སོགས་པའི་དངོས་པོར་བརྟགས་པའི་དབྱེ་བས་ཕུང་པོ་ལ་སོགས་པས་རྣམ་པར་རྟོག་པ་ནི་རྣམ་པ་དགུའོ། །དེ་ལ་གཟུགས་སུ་རྣམ་པར་རྟོག་ཅིང་མངོན་པར་ཞེན་པ་ནས་རྣམ་པར་ཤེས་པའི་བར་དུ་ཞེན་པ་དེ་ནི་ཕུང་པོའི་དོན་དུ་རྣམ་པར་རྟོག་པའོ། །མིག་ཏུ་རྣམ་པར་རྟོག་ཅིང་མངོན་པར་ཞེན་པ་ནས་ཆོས་ཀྱི་བར་དུ་མངོན་པར་ཞེན་པ་དེ་ནི་སྐྱེ་བའི་སྒོའི་དོན་དུ་རྣམ་པར་རྟོག་པའོ། །མིང་དང་གཟུགས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མངོན་པར་ཞེན་པ་དེ་ནི་རིགས་ཀྱི་དོན་དུ་རྣམ་པར་རྟོག་པའོ། །མ་རིག་པ་ནས་རྒ་ཤིའི་བར་ནི་སྐྱེ་བའི་དོན་དུ་རྣམ་པར་རྟོག་པའོ། །ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དེ་ནི་སྟོང་


DTG089_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་དོན་དུ་རྣམ་པར་རྟོག་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ནི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་རྣམ་པར་རྟོག་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་མཐོང་བའི་ལམ་གྱི་རྣམ་པར་རྟོག་པའོ། །བསམ་གཏན་དང་གཟུགས་མེད་པ་དང་སྙོམས་པར་འཇུག་པ་དག་ནི་བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ནི་མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པའོ། །དེ་དག་གིས་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་གི་སྐྱོན་བསྟན་ཏོ། །ལམ་ཡང་དག་པ་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ལམ་བདག་མེད་པའི་ཡེ་ཤེས་སོ། །ཡང་དག་པ་ནི་དེ་ཁོ་ན་ཉིད་དོ། །མཐའ་ནི་མཆོག་དང་རྩེ་མོ་སྟེ། །ཡང་དག་པའི་མཐའ་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ། །གྲངས་སུ་ཞེས་བྱ་བ་ནི་བརྩིས་སུའོ། །རྣམ་པར་རྟོག་པ་དགུ་པོ་འདི་དག་ནི་རྩེ་མོའིའོ། །སྲབ་མོར་བྱས་པ་དང་མ་སྤངས་པ་དེ་བས་ན་དེ་དག་དང་ལྡན་པ་ནི་སྔ་མའི་རྣམ་པར་རྟོག་པ་དགུ་སྤོང་པ་ཉིད་དེ། དེ་བས་ན་སྣང་བ་མཆེད་པའི་ཏིང་ངེ་འཛིན་ལ་གནས་པ་ཡིན་ཏེ། དེ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་བསྟན་པ་ཡིན་ནོ། །འཛིན་པའི་རྟོག་པ་གཉིས་ཀྱི་དབང་དུ་བྱས་ནས་བསྟན་བཅོས་ལས། བདག་སོགས་རང་དབང་ངོ་བོ་དང༌། །དེ་བཞིན་ཕུང་སོགས་རྟེན་སྒོ་ནས། །རྫས་དང་བརྟགས་པའི་རྟེན་ཅན་གྱིས། །འཛིན་པ་རྣམ་པ་གཉིས་སུ་འདོད། །འཛིན་པ་ནི་འཛིན་པའི་རྣམ་པར་རྟོག་པའོ། །དེ་ནི་རྣམ་པ་གཉིས་ཏེ། རྫས་ལ་རྟེན་པ་དང༌། བརྟགས་པ་ལ་རྟེན་པའོ། །རྟེན་ནི་དམིགས་པའོ། །དེ་ཡང་གོ་རིམས་བཞིན་དུ་བདག་ལ་སོགས་པ་རང་དབང་ཅན་དང༌། ཕུང་པོ་ལ་སོགས་པ་ལ་རྟེན་པ་ཡིན་ནོ། །འདིར་ཡང་དེ་ནི་སོ་སོར་རྣམ་པ་དགུ་ཞེས་རྗེས་སུ་སྦྱར་རོ། །དེ་ལ་དང་པོའི་དབང་དུ་བྱས་ནས་དེ་དག་ཆོས་བདེན་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །དེ་དག་ཅེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོའོ། །ཆོས་བདེན་པ་ཞེ་བྱ་བ་ནི་ཡང་དག་པའི་བདེན་པའི་དོན་བདག་མེད་པ་མཐོང་བའོ། །ཡིད་མི་ཆེས་སོ་ཞེས་བྱ་བ་ནི་གུས་པར་མི་བྱེད་པ་སྟེ། བདག་ཉིད་རྣམ་པ་དགུར་རྟོག་པའོ། །ཡང་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་ཆོས་གང་ལ་ཡང་ཞེན་པར་མི་བྱེད་པ་ཡིན་ཏེ་བདག་ཉིད་དུ་


DTG089_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པར་མི་བྱེད་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་མི་དམིགས་པ་རྣམ་པ་དགུའི་མི་མཐུན་པ་ཉིད་ཀྱིས་རྣམ་པར་རྟོག་པ་དགུའོ། །བདག་དང་སེམས་ཅན་དང་མཐོང་བ་པོའི་བར་དུ་བསྟན་དུ་མེད་པའི་ཕྱིར་མི་དམིགས་པས་དེ་ནི་རང་དབང་གི་བདག་ཉིད་དུ་རྣམ་པར་རྟོག་པའོ་། །གཟུགས་དང་རྣམ་པར་ཤེས་པའི་བར་གྱིས་བདག་ཉིད་དུ་མི་དམིགས་པས་དེ་ནི་གཅིག་གི་བདག་ཉིད་དུ་རྣམ་པར་རྟོག་པའོ། །མི་གནས་ཡིད་ཀྱི་བར་དང་གཟུགས་ནས་ཆོས་ཀྱི་བར་མི་དམིགས་པས་དེ་ནི་རྒྱུའི་བདག་ཉིད་དུ་རྣམ་པར་རྟོག་པའོ། །མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་ནས། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་བར་ནི་ལྟ་བའི་བདག་ཉིད་དུ་རྣམ་པར་རྟོག་པའོ། །རྟེན་ཅིང་འབྲེལ་པར་བྱུང་བ་ནས་གཟུགས་མེད་པའི་ཁམས་ཀྱི་བར་ནི་ཀུན་ནས་ཉོན་མོངས་པའི་གཞིའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །བསམ་གཏན་དང་པོ་ནས་གཟུགས་མེད་པའི་སྙོམས་པར་འཇུག་པའི་བར་ནི་འདོད་ཆགས་དང་བྲལ་བའི་གཞིའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །འཕགས་པའི་བདེན་པ་ནི་མཐོང་བ་པོའི་གཞིའི་བདག་ཉིད་ཀྱི་རྣམ་པར་རྟོགས་པའོ། །རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བསྒོམ་པའི་གཞིའི་རྣམ་པར་རྟོག་པའོ། །སྟོབས་བཅུ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་མི་དམིགས་པས་དེ་ནི་དོན་བྱས་པ་ཉིད་ཀྱི་གཞིའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །བཟོད་པ་དགུ་པོ་འདི་དག་སྲབ་པར་བྱེད། སྤོང་བར་མི་བྱེད་དེ། དེ་བས་ན་འདི་དག་དང་ལྡན་པས་ནི་སྔ་མ་དེ་དག་ཉིད་སྤོང་བར་བྱེད་པ་ཉིད་དེ་དེ་བས་ན་གཟུང་བར་བྱ་བ་མེད་པ་གཅིག་ཏུ་ངེས་པར་ཡོད་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་ཏུ་ཞུགས་པའི་ཏིང་ངེ་འཛིན་ལ་གནས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པས་ནི་ཤཱ་རིའི་བུས་ཟུར་གྱིས་ཞུས་པ་གསུངས་སོ། །ཞུ་བ་ནི་འདི་སྙམ་དུ་སེམས་ཏེ། གལ་ཏེ་དེ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་དེའི་ཚེ་འདི་ལ་ཇི་ལྟར་མི་དམིགས་པ་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཡང་མི་སློབ་པ་སྟེ། དམིགས་པའི་ཚུལ་གྱིས་ཞེས་བྱ་བར་དགོངས་སོ། །དེ་ལྟར་སློབ་ན་ཞེས་བྱ་བ་ནི་མི་དམིགས་པའི་ཚུལ་གྱིས་


DTG089_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པའོ། །ཆོས་ཐམས་ཅད་ལ་ཞེས་བྱ་བ་ནི་ས་ཐམས་ཅད་ཀྱི་ཡོན་ཏན་ཐོབ་པ་ལའོ། །དེ་ལྟར་བསྟན་པ་འདི་འཛིན་པའི་རྣམ་པར་རྟོག་པ་དང་པོ་དགུའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་ཅི་སྒྱུ་མའི་སྐྱེས་བུ་འདི་ཞེས་བྱ་བ་ལ་སོགས་པ་ལ། འདྲི་བའི་བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་ཆོས་ཀྱི་མཆོག་འདི་ལ་བྱང་ཆུབ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་སྒྱུ་མའི་སྐྱེས་བུ་དང་འདྲ་བ་ཡིན་ཏེ། དེ་ལྟ་ན་སྒྱུ་མའི་སྐྱེས་བུ་ཡང་སློབ་པར་འགྱུར་འགྱུར་ཞིང་དེ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེ་ན། རབ་འབྱོར་དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་སྒྱུ་མའི་སྐྱེས་བུ་ལྟ་བུ་ཉིད་དུ་ནི་མི་འདོད་དེ་རྒྱུ་དེ་བས་ནའོ། །ན་ཞེས་བྱ་བ་ཚིག་གི་རྒྱུན་དུ་སྨྲས་པ་ཡིན་ནོ། །ཁྱེད་ཉིད་ལ་དྲི་བར་བྱས་ཞེས་བྱ་བ་ནི་དང་དྲིས་པ་དེ་ཉིད་ལ་དྲི་བར་བྱས་པའོ། །ཅི་ནུས་པ་ཞེས་བྱ་བ་ནི་ཅི་འདོད་པའོ། །སྟོན་ཅིག་ཅེས་བྱ་བ་ནི་ཤོད་ཅིག་པའོ། །ལྟར་ཉན་པ་དང་ཞེས་བྱ་བ་ནི་བདག་གིར་བྱས་པའོ། །འདི་ཞེས་བྱ་བ་ནི་ཚིག་ཉེ་བར་དགོད་པའོ། །ཇི་ཞེས་བྱ་བ་ནི་དྲི་བའོ། །ཇི་ཕུང་པོ་གཞན་ལ་སྒྱུ་མ་ཡང་གཞན་ནམ་ཞེས་བྱ་བ་ནི་དྲིས་པའི་དོན་ཏོ། །སྒྱུ་མ་ཉིད་ཀྱང་ཕུང་པོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་དྲིས་པའི་ལན་ནོ། །དོན་དང་སྒྱུ་མ་མཁན་གྱིས་སྤྲུལ་པའི་དངོས་པོའི་དོན་བཞིན་དུ་ཡང་དག་པར་སྣང་བ་མ་ཡིན་ཏེ། དེ་ནི་འདིར་སྒྱུ་མའི་སྒྲའི་དོན་ཏོ། །དེ་བས་ན་སྒྱུ་མ་ཉིད་ཅེས་གསུངས་སོ། །སྒྱུ་མའི་དོན་བསྟན་ནས་སྐྱེས་བུའི་དོན་བསྟན་པའི་ཕྱིར། འདིར་ནི་འདུ་ཤེས་ཀུན་ཤེས་པ་བརྟགས་པ་ཐ་སྙད་ཡིན་ནོ་ཞེས་བྱ་བ་ལ་ཁྱད་པར་དུ་དཔྱོད་པར་བྱེད་པ་ཡིན་པའི་ཕྱིར་འདུ་ཤེས་ཏེ། ཤེས་པ་དང་བློ་ཞེས་བྱ་བའི་དོན་ཏོ། །བྱིས་པ་རྣམས་དྲང་བའི་ཆེད་དུ་བརྟགས་པ་ནི་བརྟགས་པ་སྟེ་དེ་དག་ལོག་པ་ཉིད་དུ་མི་ཤེས་པའི་ཕྱིར་རོ། །འཕགས་པ་དང་འཕགས་པ་མ་ཡིན་པ་ཐམས་ཅད་འདིས་ཐ་སྙད་དུ་བྱེད་པས་ན་ཐ་སྙད་དོ། །དེ་ལ་འཕགས་པས་ནི་བརྟགས་པ་ལོགས་པ་ཉིད་དུ་རྟོགས་པས་གཞན་ལ་རྟོན་པར་བྱེད་པའོ། །འཕགས་པ་མ་ཡིན་པས་ནི་བདེན་པ་ཉིད་དུ་ཤེས་ནས་བདག་ཉིད་ཀྱང་འཇུག་པར་བྱེད་དོ། །འདིར་ཞེས་བྱ་བ་འདིས་ནི་བསྟན་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཞེས་བྱ་བ་ནི་མིང་ལ་སོགས་པ་རྣམས་རྗེས་སུ་བསྟན་


DTG089_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་དངོས་པོ་མེད་པ་དང་བདག་མེད་པ་དག་ལ་བྱང་ཆུབ་སེམས་དཔའོ་ཞེས་བརྟགས་པའོ། །དེ་བས་ན་འདི་ནི་སྒྱུ་མའི་སྐྱེས་བུ་ཉིད་དོ་ཞེས་བྱ་བ་ནི་སྤྱིའི་དོན་ཡིན་ནོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་ཡོངས་སུ་དགའ་བའི་ཕྱིར་ལན་གཉིས་སུ་བརྗོད་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་སྒྱུ་མའི་སྐྱེས་བུ་ཉིད་དུ་སྒྲུབ་ཅིང་བསྟན་པར་བྱ་བའི་ཕྱིར་བསྐལ་པའི་ལན་ཡོངས་སུ་གསལ་བར་བཏབ་པར་མཚན་པ་ཡིན་ནོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་བསླབ་པར་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལའོ། །སློབ་པས་ཞེས་བྱ་བ་ནི་སློབ་པར་བྱེད་པའི་རྒྱུ་ལ་སྟེ། དཔེར་ན། བུང་བ་ཉལ་ནས་འཕེལ་བྱེད་ལ། །པད་མའི་རྩ་བ་གནས་ནས་སྐྱེས། །ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་སེམས་དང་ལྡན་པའི་ཕྱིར་ལ། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ནི་ཡིད་མེད་པ་ཡིན་པའི་ཕྱིར་རོ། །སྒྱུ་མའི་སྐྱེས་བུ་ལྟར་ཞེས་བྱ་བ་ནི་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་དང་འདྲ་བར་བདག་བྱིད་མཐོང་བ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི། བདག་ཉིད་དེ་ལྟར་མཐོང་བ་ནི་དཀའ་བ་ཡིན་ན། དེ་ཇི་ལྟར་ཤེས་ཤེ་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་དངོས་པོའོ་དོན་ནི་སྒྱུ་མ་སྟེ། དེ་དང་འདྲ་བའི་སྐྱེས་བུ་ནི་སྒྱུ་མའི་སྐྱེས་བུའོ། །གཟུང་བར་བྱའོ་ཞེས་བྱ་བ་ནི་ངེས་པར་བྱའོ། །གཟུགས་ནི་སྒྱུ་མ་ལྟ་བུ་ཞེས་བྱ་བ་ནི་གཟུང་བར་སྣང་བའི་དངོས་པོ་ཡིན་པའི་ཕྱིར་རོ། །གང་ཞེས་བྱ་བ་ནི་ནང་དང་འདྲ་བའོ། །དེ་ཞེས་བྱ་བ་ནི་དེ་དང་འདྲ་བའོ། །དེ་དག་ཅེས་བྱ་བ་ནི་དེ་དག་དང་འདྲ་བ་སྟེ། །འཛིན་པའི་དངོས་པོ་ཡང་མེད་པའི་ཕྱིར་ཞེས་བྱ་བར་བསམས་པའོ། །ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་མེད་ན་འདི་ལ་སེམས་དང་ལྡན་པ་ཅི་ཞིག་ཅེ་ན། སེམས་དང་ལྡན་པའི་ཕུང་པོ་ལ་སོགས་པ་ནི་འཁྲུལ་པ་ཉིད་དེ། ཕུང་པོ་ལ་སོགས་པ་ནི་ཡིན་པ་མ་ཡིན་ནོ། །སྤྲུལ་པའི་སྐྱེས་བུ་ནི་སྤྲུལ་པ་ཡང་མེད་དོ། །དེ་བཞིན་དུ་ཚོར་བ་ལ་སོགས་པའི་གཞུང་དག་ལ་ཡང་བཤད་པར་བྱའོ། །སྐྱེ་མཆེད་དྲུག་ལ་ཡང་ལ་ལར་སྐྱེས་བུ་བཏགས་པ་ཡོད་དེ་དེ་ནི་ཞར་ལ་དབང་པོ་དྲུག་བཟུང་བ་ཡིན་ནོ། །


DTG089_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱིས་ནི་ཕུང་པོ་ལ་སོགས་པ་ལ་སྐྱེས་བུར་བཏགས་པ་ཡིན་ནོ། །ལྷག་མ་ནི་ཅི་རིགས་པར་བཏགས་པར་བྱའོ། །དེ་ལྟར་ན་བཏགས་པའི་རྣམ་པར་རྟོག་པ་དགུའོ། །སྒྱུ་མ་ཉིད་གཟུགས་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་ནི་ཕུང་པོར་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་མིག་ཅེས་བྱ་བ་ནས་ཆོས་ཞེས་བྱ་བའི་བར་ནི་སྐྱེ་མཆེད་རྣམས་སུ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་དང༌། སྒྱུ་མ་ཉིད་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་བར་དང༌། སྒྱུ་མ་ཉིད་ནམ་མཁའི་ཁམས་ཀྱི་བར་དང༌། །སྒྱུ་མ་ཉིད་རྣམ་པར་ཤེས་པའི་ཁམས་ཀྱི་བར་ནི་ཁམས་སུ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། སྒྱུ་མ་ཉིད་མ་རིག་པ་དང༌། སྒྱུ་མ་ཉིད་རྒ་ཤི་ཞེས་བྱ་བའི་བར་དུ་ནི་རྟེན་ཅིང་འབྲལ་པར་འབྱུང་བར་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ནི་རྣམ་པར་བྱང་བར་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོས་པ་མེད་ཉིད་ཅེས་བྱ་བ་ནི་མཐོང་བའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་བསྒོམ་པའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་སྟོང་པ་ཉིད་ཐམས་ཅད་ཅེས་བྱ་བ་ནི་ཁྱད་པར་གྱི་ལམ་དུ་བཏགས་པའི་རྣམ་པར་རྟོགས་པའོ། །སྒྱུ་མ་ཉིད་སྟོབས་བཅུ་ནས་སྒྱུ་མ་ཉིད་བྱང་ཆུབ་ཅེས་བྱ་བའི་བར་ནི་མི་སློབ་པའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པའོ། །ཆོས་ཀྱི་མཆོག་གིས་དགུ་པོ་འདི་དག་སྲབ་པར་བྱེད་ཅིང་མི་སྤོང་བ་དང༌། དེ་དག་དང་ལྡན་པ་ནི་སྔ་མའི་རྣམ་པར་རྟོག་པ་དགུ་སྤོང་བར་བྱེད་དེ། །ནས་བར་ཆད་མེད་པའི་ཏིང་ངེ་འཛིན་སྟོན་པར་བྱེད་དེ་བར་ཆད་བྱེད་པར་ནུས་པ་ནི་བར་ཆད་དོ། །བར་ཆད་བྱེད་པར་མི་ནུས་པ་ནི་དེ་མ་ཐག་པའོ། །དེ་དག་ལས་ཤེ་ན། དེའི་དེ་མ་ཐག་ཉིད་དུ་མཐོང་བའི་ལམ་སྐྱེ་བ་ཡིན་ཏེ། དེས་ནི་འཛིན་པར་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་བསྟན་ཏོ། །དེ་ལྟར་ན་འདིས་ནི་རྣམ་པར་རྟོག་པ་བཞི་དང་ལྡན་པའི་ཁྱད་པར་བསྟན་པ་ཡོངས་སུ་འཛིན་པའི་ཁྱད་པར་གྱི་དབང་


DTG089_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ནས་བསྟན་བཅོས་ལས། སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་གསུངས་ཏེ། རྣམ་པ་ཀུན་ཏུ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་རྣམ་པ་བཞི་སྟེ། གང་ཡོངས་སུ་བཟུང་བས་བྱང་ཆུབ་སེམས་དཔའི་ལམ་གྱི་རྗེས་སུ་འགྲོ་ཞིང་ལམ་མ་ཡིན་པས་མ་ཡིན་ཏེ། འདི་ལྟ་སྟེ་ཐབས་མཁས་པས་དང༌། དགེ་བའི་བཤེས་གཉེན་དང་དེ་གཉིས་ཀྱིས་ཀྱང་མི་མཐུན་པའི་ཕྱོགས་ཡོངས་སུ་སྤོང་ངོ༌། །དེ་ལ་ཐབས་མཁས་པས་ནི་སེམས་མི་འགོང་བ་ཉིད་ལ་སོགས་པ་སྟེ། རྒྱུ་ལ་འབྲས་བུར་བཏགས་པའི་ཕྱིར་རོ། །ངོ་བོ་ཉིད་མེད་སོགས་སྟོན་བྱེད་པ་ནི་དགེ་བའི་བཤེས་གཉེན་ནོ། །དེ་ཉིད་ཀྱི་སྐབས་བསྟན་པའི་ཕྱིར་ཐེག་པ་ལ་གསར་དུ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་དུ་གྱུར་པས་འཇིགས་པ་ནི་སྐྲག་པའོ། །སྐྲག་ཟིན་པ་ནི་དང་ངས་པའོ། །དེ་ཉིད་ཀྱི་རྒྱུ་ནི་ཤིན་ཏུ་དང་ངེས་པའོ། །བསྟན་པ་འདི་ཐོས་ན་ཞེས་བྱ་བ་ནི་སྒྱུ་མའི་སྐྱེས་བུར་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའི་ལག་ཏུ་སོང་ན་ནི་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུའི་ལག་ཏུ་སོང་ན་ཞེས་ན། སེམས་དཔའ་ཆེན་པོ་སྡིག་པའི་གྲོགས་པོའི་ལག་ཏུ་སོང་ནའོ། །འདིར་མ་ཞེས་བྱ་བའི་སྒྲ་རྟོགས་པར་བྱ་སྟེ།སྡིག་པའི་གྲོགས་པོའི་ལག་ཏུ་སོང་བར་གྱུར་པའམ་ཞེས་བྱའོ། །དེས་བ་མ་ཡིན་པ་དང༌། མི་མཁས་པ་དང༌། ཐབས་མཁས་པ་མ་ཡིན་ཏེ། སེམས་དཔའ་ཆེན་པོ་གང་དག་སེམས་དཔའ་ཆེན་པོའི་ལག་ཏུ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དོན་གྱིས་དེ་ལྟར་བསྟན་པ་ཡིན་ནོ། །ཐབས་མི་མཁས་པ་ཡོངས་སུ་གཏོང་བ་དང༌། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བ་རྣམས་མི་ཡོངས་སུ་འཛིན་པ་རྣམ་པ་གཉིས་པོ་དག་གོ །དེ་བས་ན་རབ་འབྱོར་དལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དཔའ་མཛངས་པ་ཐབས་མཁས་པ་ཡིན་ཏེ། དེ་གང་དག་ལ་ཆེན་པོ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོང་བའོ། །འདིར་ཡང་འམ་ཞེས་བྱ་བ་ནི་སྒྲ་རྟོགས་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། ཐབས་མཁས་པ་དང༌། དགེ་བའི་བཤེས་གཉེན་ནི་ཡོངས་སུ་འཛིན་པ་གཞན་གཉིས་ཡིན་ནོ། །དེ་ལ་གང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་


DTG089_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཤིང་བསྟན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་མི་དམིགས་པའི་ཡི་ཤེས་ཀྱིས་དགེ་བའི་ཆོས་རྣམས་སྤྱོད་ཅིང་དེ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཡོངས་སུ་བསྔོ་བ་དེ་ནི་ཐབས་མཁས་པའོ། །དེ་ལ་བཟློག་པ་ནི་ཐབས་ལ་མི་མཁས་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་ནི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཞུས་པ་ཡིན་ཏེ། ཞུ་བ་ནི་དགེ་བའི་བཤེས་གཉེན་གང་རྣམས་ལགས་ཞེས་བྱ་བ་ལ་སོགས་པའོ། །ལན་ནི་དང་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་ཀྱི་ལས་ཉེ་བར་སྟོན་པ་ནི་འདིར་བདུད་ཀྱི་ཉེས་པ་ཡང་བདུད་ཀྱི་ལས་ཡིན་ཏེ། བདུད་ཀྱི་བྱ་བ་ལས་བྱུང་བའི་ཕྱིར་དང་ལས་ཡིན་པའི་ཕྱིར་རོ། །ཇི་ལྟར་སྟོན་པ་ཡིན་ཞེ་ན། འདི་ལྟ་བུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བདུད་ཀྱིས་བྱིན་གྱིས་བརླབས་ནས་བྱུང་བའི་ལུས་ལ་སོགས་པའི་བྱ་བ་ནི་བདུད་ཀྱི་ཉེས་པའོ། །དེ་ལྟར་དེ་དག་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བར་ཆད་བྱེད་པ་ཉིད་དུ་རིག་པར་བྱའོ། །བདུད་ཀྱི་ཉེས་པ་འདི་དག་ཅེས་བྱ་བ་ནི་གང་ངས་ཁྱོད་ལ་བཤད་པའོ། །བདུད་ཀྱི་ལས་ཤེས་བྱ་བ་ནི་བདུད་རང་ཉིད་སྔས་རྒྱས་ལ་སོགས་པའི་ཆ་བྱད་དུ་བྱས་ནས་ལམ་ལོག་པར་སྟོན་པར་བྱེད་པའོ། །དེ་བཞིན་དུ་སྟོན་པ་ཞེས་བྱ་བ་དེ་དག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་དབེན་པ་ཉིད་དུ་རིག་པར་བྱའོ། །འདི་ནི་ཤེས་བྱ་བ་ནི་ངས་ཁྱོད་ལ་བསྟན་པ་དག་གོ །འདི་དག་ཅེས་བྱ་བ་ནི་བདུད་ཀྱི་ལས་རྣམ་པ་གཉིས་སོ། །སྟོན་ཞེས་བྱ་བ་ནི་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སྟོན་པ་ཞེས་བྱ་བར་སྦྱར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནས་རིག་པར་སྦྱར་རོ་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །གང་འདི་ཕ་རོལ་ཏུ་ཕྱིན་པ་ལས་འབྱེད་པར་བྱེད་ཅིང་གང་གི་ཕྱིར་བདུད་ཀྱི་ལས་མི་སྟོན་པ་དེ་དག་ནི་དོན་གྱིས་མི་དགེ་བའི་བཤེས་གཉེན་དུ་བསྟན་པར་ཤེས་སོ། །དེ་ནི་ཡོངས་སུ་འཛིན་པའི་ཁྱད་པར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྫོགས་སོ།། །།སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཞེས་བྱ་བའི་དབང་དུ་བྱས་ནས་བསྟན་བཅོས་ལས། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །གཉེན་པོ་དང་ནི་སྤོང་བ་


DTG089_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེ་དག་ཡོངས་སུ་གཏུགས་པ་དང༌། །ཤེས་རབ་སྙིང་བརྩེར་བཅས་པ་དང༌། །སློབ་མ་མཐུན་མོང་མིན་ཉིད་དང༌། །གཞན་གྱི་དོན་གྱི་གོ་རིམས་དང༌། །ཡི་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་བྱ་བ་གསུངས་ཏེ། རྟེན་ལ་རིགས་ཞེས་བྱ་བར་སྦྱར་རོ། །འདིར་རིགས་ནི་སྐབས་ཀྱི་བྱང་ཆུབ་སེམས་དཔའི་རིགས་ཡིན་ཏེ། སོ་སོར་ངེས་པར་གནས་པ་ནི་རྟེན་ཞེས་བྱའོ། །ཇི་སྟེ། ཅི་ཞིག་གང་གི་རིགས་ཡིན་ཞེ་ན། གང་རང་བཞིན་གྱིས་རྣམ་པར་དག་པར་དག་པ་གློ་བུར་གྱི་དྲི་མས་ཁེབས་པ་དེ་ནི་རིགས་ཡིན་ཏེ། རྡོའི་རིགས་དག་ལ་དྲི་མ་ཐམས་ཅད་སྦྱངས་ནས་ཕྱི་ཟངས་དང་ལྕགས་དང༌། གསེར། དངུལ་དག་གི་རིགས་གསལ་བར་འབྱུང་བ་བཞིན་ནོ། །ཇི་སྟེ་རྟེན་པའི་ཆོས་དེ་རྣམས་གང་དག་ཡིན་ཞེ་ན། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟོགས་པ་ནི་ཤེས་པའོ། །དེ་ཉིད་ཆོས་དེ་ཡང་རྣམ་པ་དྲུག་ནི་དྲོ་བ་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་ཀྱི་མཆོག་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་མོ། །གཉེན་པོ་དང་ནི་སྤོང་བ་དང༌། །ཞེས་བྱ་བ་ལ་གཉེན་པོ་ནི་ཤེས་པའོ། །སྤོང་བ་ནི་མི་མཐུན་པའི་ཕྱོགས་ཟད་པའོ། །དེ་དག་ཡོངས་སུ་གཏུགས་པ་དང༌། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་མཐར་ཐུག་པར་འགྲོ་བ་དང༌། ཚུལ་ཁྲིམས་འཆལ་བ་ལ་སོགས་པ་མཐར་ཐུག་པར་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་སྙིང་བརྩེར་བཅས་པ་དང༌། །ཞེས་བྱ་བ་ནི་ཤེས་རབ་དང་སྙིང་རྗེ་དག་ནི་ཉི་མ་དང་ཟླ་བའི་འོད་ལྟ་བུ་གང་ཡིན་པ་དག་གོ །སློབ་མ་མཐུན་མོང་མིན་ཉིད་དང༌། །ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་ཡི་ཤེས་སོ། །གཞན་གྱི་དོན་གྱི་གོ་རིམས་དང༌། །ཞེས་བྱ་བ་ནི་དུས་ཆད་པ་མེད་པའོ། །ལྷུན་གྱིས་གྲུབ་པར་འབྱུང་བའི་ཡེ་ཤེས་ཀྱང་ཡིན་ཏེ། གང་འདི་དག་གི་རྟེན་དུ་གྱུར་པ་དེ་དག་ཉིད་ཀྱང་བྱང་ཆུབ་སེམས་དཔའི་རིགས་ཏེ། དེ་ཡང་ཆོས་ཀྱི་དབྱིངས་ཉིད་དོ། །འདི་ལྟར་བསྟན་བཅོས་ལས། རྒོལ་བར་བྱེད་པ་ནི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཐ་དད་པ་དེ་མེད་པའི་ཕྱིར་རིགས་ཀྱི་དབྱེ་བ་འདི་ནི་སངས་རྒྱས་ཀྱི་རིགས་སོ། །འདི་ནི་རང་སངས་རྒྱས་


DTG089_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིགས་སོ། །འདི་ནི་ཉན་ཐོས་ཀྱི་རིགས་སོ་ཞེས་བྱ་བ་འདི་རུང་བ་མ་ཡིན་ནོ། འདིར་ལན་ནི་བསྟན་བཅོས་ལས། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡིས་དབྱེ་བ་ཡོངས་སུ་བརྗོད། །ཅེས་བྱ་བ་གསུངས་སོ། །བརྟེན་པ་ནི་སངས་རྒྱས་ལ་སོགས་པའི་ཆོས་ཐ་དད་པ་ཡིན་ཏེ། དེ་བས་ན་དེའི་དབྱེ་བས་རིགས་ཀྱི་དབྱེ་བ་ཡིན་ནོ། །ནམ་མཁའ་ཐ་དད་པ་མེད་ཀྱང་ལམ་གྱི་དབྱེ་བས་ཐ་དད་དེ། དབྱེ་བའི་ལམ་དང༌། བྱའི་ལམ་དང༌།ཉི་མའི་ལམ་བཞིན་ནོ། །དེ་ལྟར་འདི་ཐམས་ཅད་མདོར་བསྡུས་ནས་རབ་འབྱོར་གྱིས་ཞུས་པ་སྟེ། དེ་སྐད་ཅེས་གསོལ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་ཞེས་བྱ་བ་ལ། ཐེག་པ་ཆེན་པོ་ཐམས་ཅད་དུ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ཚིག་གཉིས་ལའོ། །བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་ཞེས་བྱ་བ་ནི་གང་ལ་བྱང་ཆུབ་ཀྱི་སྒྲའི་ཚིག་གི་དོན་དུ་བརྗོད་ཅེས་བྱ་བ་དང༌། ཚིག་གི་དོན་གང་ལགས་ཞེས་བྱ་བར་རྗེས་སུ་སྦྱར་རོ། །འདིར་རིགས་ཀྱི་དོན་གྱི་དངོས་པོ་གང་ཡིན་ཞེས་བྱ་བའི་དོན་ཏོ། །གང་ལ་བྱང་ཆུབ་སེམས་དཔའི་རིགས་ཡོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའོ། །དེ་ཡང་བདེ་བར་གཤེགས་པའི་བྱང་ཆུབ་ལ་ཡིན་གྱི་རིགས་མེད་པ་ནི་བྱང་ཆུབ་ཀྱི་རྟེན་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྒྲ་དེ་ཉིད་ཀྱིས་བྱང་ཆུབ་ཀྱི་རིགས་བརྗོད་པར་བྱ་བའི་ཕྱིར་འཕགས་པ་རབ་འབྱོར་གྱིས་འདི་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། རབ་འབྱོར་ཚིག་དོན་མེད་པ་ནི་བྱང་ཆུབ་སེམས་དཔའི་ཚིག་དོན་ཞེས་སྨོས་ཏེ། བྱང་ཆུབ་ཀྱི་རིགས་གང་ཡིན་པ་དེ་ཉིད་དོ། །དེས་ན་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཞེས་བྱ་བ་གསུངས་ཏེ། དེ་ནི་ཚིག་གི་དོན་མེད་པ་དང༌། རིགས་ཀྱི་དངོས་པོར་མེད་པ་སྟེ་ཆོས་དབྱིངས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་འདིའི་ཐ་སྙད་ཀྱི་ཡུལ་ནི་གང་གི་ཕྱིར་གང་ཕུང་པོ་ལ་སོགས་པའི་སྟོང་པ་ཉིད་དང༌། ཆོས་ཉིད་དེ་ནི་དེའི་ཆོས་ཀྱི་དབྱིངས་ཏེ། དེ་ཉིད་དག་ཅིང་མཐར་ཐུག་པ་ནི་བྱང་ཆུབ་ཅེས་བརྗོད་དོ། །དེ་བས་ན་རིགས་ཡིན་ན་ཡང་དངོས་པོར་ཡོད་པ་ནི་མ་ཡིན་ཏེ་དངོས་པོ་མེད་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་དོ། །ཡང་ན་བྱང་ཆུབ་ཀྱི་རིགས་ཡིན་ཡང་རྟེན་ནི་མ་ཡིན་ཏེ་སྔ་ཕྱི་ཐ་མི་དད་པས་སོ། །རྟེན་དང་བརྟེན་པའི་དབྱེ་


DTG089_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་དངོས་པོ་ལ་རྟོགས་པར་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེས་ན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དེ་ཉིད་དུ་གང་ལས་ཤེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་སོ། །གང་གི་ཕྱིར་ཆགས་པ་མེད་པ་ལ་བསླབ་པ་དེའི་ཕྱིར་ཆོས་ཀྱི་དབྱིངས་ཉིད་བྱང་ཆུབ་ཀྱི་རིགས་ཉིད་དེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་ཆོས་བཅོ་ལྔ་པོ་ཡིན་ཏེ། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆགས་པ་མེད་པ་ཞེས་བྱ་བ་ལ། གནས་པ་ནི་ཡང་དག་པ་མ་ཡིན་པའི་དངོས་པོ་ལ་དམིགས་པའི་ཕིར་མི་མཐུན་པའི་ཕྱོགས་ཡིན་ལ། དེ་དང་འགལ་བ་ཡིན་པའི་ཕྱིར་ཆགས་པ་མེད་དེ་རྣམས་ལའོ། །ཅི་རིགས་པར་དེའི་གཉེན་པོ་ཡིན་པའི་ཕྱིར་རམ་དེ་དང་འགལ་བའི་ཕྱིར་རོ། །དེ་དག་ལ་ཆགས་པ་མེད་པར་སློབ་པ་ནི་དགེ་བར་འགྱུར་བ་ཡིན་ནོ། །དེ་བས་ན་དེས་རྣམ་པར་རྟོག་པ་མ་ལུས་པའི་དྲི་མ་སེལ་བ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་མངོན་པར་འབྱུང་བ་ན་བྱང་ཆུབ་གྲུབ་པ་ཡིན་ཏེ། དེ་བས་ན་དེ་ཉིད་བྱང་ཆུབ་ཀྱི་རིགས་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ནོ། །ཆོས་དེ་དག་གི་ཇི་ལྟར་རྟེན་ཡིན་ཞེ་ན། རིགས་མེད་པ་དང༌། རིགས་དམན་པ་དང༌། རིགས་དམན་པ་དེ་དག་གི་ནི་རྟེན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་འོན་ཀྱང་གཟུགས་མེད་པའི་ཆོས་ཀྱི་དབྱིངས་ཇི་ལྟར་དེ་དག་གི་རྟེན་ཡིན་ཞེ་ན། གཟུགས་མེད་པའི་ནམ་མཁའ་ནི་ཟླ་བ་དང་ཉི་མའི་འོད་དང༌། མུན་པ་དང་དེ་ཟད་པའི་རྟེན་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །དེ་ནི་བསྒྲུབ་པའི་རྟེན་ཡིན་ནོ། །དམིགས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོགས་པ་དང༌། །གང་དག་འཇིག་རྟེན་འདས་འདོད་དང༌། །ཟག་ཅད་ཟག་པ་མེད་ཆོས་དང༌། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་མཐུན་མོང་ཆོས་རྣམས་དང༌། །གང་དག་ཐུབ་པའི་ཐུན་མོང་མིན། ཞེས་བྱ་བ་གསུངས་སོ། །དགེ་བ་ལ་སོགས་པ་ཞེས་བྱ་བ་ནི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །འཇིག་རྟེན་པ་ཡི་རྟོགས་པ་དང༌། །ཞེས་བྱ་བ་རྟོགས་པར་བྱ་བ་ཡིན་པས་རྟོགས་པ་སྟེ་དགེ་བའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགེ་བ་ཞེས་བྱ་བའི་དོན་ཏོ། །


DTG089_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་ནི་གོ་སླའོ། །དེ་ཉིད་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་པར་རྟོགས་པ་བདུན་གྱི་གོ་རིམས་ཀྱིས་རྟོགས་པར་བྱ་བ་ནི་ཁོང་དུ་ཆུད་པ་སྟེ། དེ་ཉིད་ཀྱི་དོན་གྱི་ཐབས་སོ། །འདིས་དོན་རྟོགས་པར་བྱས་པ་དེས་ན་ཆོས་ཐམས་ཅད་ལ་མ་ཆགས་པ་ཡོད་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་དོན་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་ལ་དམིགས་པ་ནི་གྲུབ་པའོ། །ཆེད་དུ་བྱ་བའི་དབང་དུ་བྱས་ནས་བསྟན་བཅོས་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱིས་རང་བྱུང་གི །ཆེད་དུ་བྱ་བ་འདི་ཞེས་བྱ། །ཞེས་བྱ་བ་ལ་འདི་གསུངས་སོ། །རང་འབྱུང་བར་འགྱུར་བས་ན་རང་འབྱུང་བ་སྟེ་བྱང་ཆུབ་སེམས་དཔའོ། །དེ་ནི་འདིའི་ཆེད་དུ་བྱ་བའོ། །ཆེད་དུ་བྱ་བ་གང་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཐེག་པ་གསུམ་གྱིས་བསྡུས་པའི་གནས་པ་ཡིན་ཏེ། ཇི་ལྟ་བུའི་ཆེད་དུ་ཞེ་ན། ཆེན་པོ་གསུམ་དག་གིས་གྲངས་སུ་བྱས་པས་ན་ཆེན་པོ་ཉིད་དེ། སེམས་དང་སྤོང་བ་དང་རྟོགས་པའོ། །དེ་ཉིད་ནི་གསུམ་སྟེ། དེ་ཡང་འདི་སྐད་སྟོན་ཏེ། ཆེན་པོའི་ཆེད་ཀྱི་ཡི་ཤེས་ལ་སོགས་པ་ནི་ཆེད་དུ་བྱ་བ་ཆེན་པོ་སྟེ་ཆེན་པོའི་བྱེད་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་སེམས་པའི་སེམས་དཔའ་ཆེན་པོ་འདི་ལ་ཡོད་པས་ན་སེམས་དཔའ་ཆེན་པོའོ། །མངོན་པར་རྟོགས་པའི་རྒྱན་གྱི་ཚིག་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དག་ལས་དེ་ལྟར་ཆེད་དུ་སེམས་ཅན་ཐམས་ཅད་ཀི་མཆོག་ཏུ་གྱུར་པ་ནི་དིའི་སེམས་ཆེན་པོ་ཡེ་ཤེས་ཆེན་པོ་ཡིན་ནོ་ཞེས་གསུངས་ཏེ། འདིར་ཡང་ཆེད་དུ་བྱ་བ་ནི་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་རིས་ཆེན་པོའི་གཙོ་བོ་བྱེད་པར་འགྱུར་བས་ན་སེམས་དཔའ་ཆེན་པོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཤཱ་རིའི་བུས་ཞུས་པས་ནི་སྤོང་བ་ཆེན་པོ་བསྟན་ཏོ། །རབ་འབྱོར་གྱིས་ཞུས་པས་ནི་རྟོགས་པ་ཆེན་པོ་བསྟན་ཏོ། །དེ་བས་ན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་གཞན་དུ་བྱས་ཏེ། སེམས་ཅན་ཀུན་ཚོགས་


DTG089_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ནི། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་འབྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་བྱ་བ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྐབས་སུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་དོན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནི་ཞེས་བྱ་བ་ནི་ངེས་པར་བཟུང་བའོ། །བྱང་ཆུབ་དོན་དུ་གཉེར་བས་ན་དོན་དང་འདོད་པའོ། །དེའི་ཆེད་དུ་སེམས་པ་ཉིད་ཡིན་པས་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ། །དེ་བས་ན་སེམས་དཔའ་ཆེན་པོའི་སྒྲ་ནི་ཆེད་དུ་བརྗོད་པ་ཡིན་པས་སོ། །འཕགས་པ་རབ་འབྱོར་གྱིས་ཞུས་པ་ནི་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའོ། །སེམས་ཅན་གྱི་རིས་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །དེའི་གཙོ་བོ་ཉིད་ནི་ཐེག་པ་གསུམ་གྱིས་ཡང་དག་པར་བཏུལ་བའི་ས་ཡིན་ཏེ་ཆེད་དུ་བྱ་བའོ། །སེམས་ཅན་གྱི་ཕུང་པོའི་གཙོ་བོ་ཉིད་ནི་ཆེན་པོ་ཉིད་དེ། དེ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ཉིད་ཀྱི་ཞེས་བྱ་བར་འགྱུར་ཏེ་དེ་ལྟར་ན་སེམས་ཅན་གྱི་ཕུང་པོ་ཆེན་པོ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་དུས་ལ་ཞེས་བྱ་བ་ནི་སྐབས་སོ། །བདག་ཏུ་ལྟ་བ་ལ་སོགས་པ་ལ་དོན་གཅིག་གོ །དེ་དག་གི་ལྟ་བ་ནི་གྲུབ་པའི་མཐའི་བྱེ་བྲག་གིས་དེའི་དངོས་པོར་མངོན་པར་ཞེན་པའོ། །འབྱུང་བ་ནི་འཁོར་བའོ། །འཇིག་པ་ནི་མྱ་ངན་ལས་འདས་པའོ། །དེ་གཉིས་ཀྱི་ལྟ་བ་ནི་གཙོ་བོ་ཉིད་དུ་ངེས་པའོ། །མྱ་ངན་ལས་འདས་པ་ཐོབ་པ་ནི་ཆད་པ་ཡིན་ནོ་ཞེས་བྱ་བ་ནི་ཆད་པར་ལྟ་བའོ། །བདག་ནི་རྟག་པར་གནས་པ་ཡིན་ནོ་ཞེས་བྱ་བ་ནི་རྟག་པར་ལྟ་བའོ། །ལུས་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པའོ། །དེ་དག་གི་ངོ་བོ་ཉིད་མེད་པ་ལ་ངོ་བོ་ཉིད་དུ་མངོན་པར་ཞེན་པ་ནི་རང་གི་ལུས་ལ་ལྟ་བའོ། །འདི་ལྟ་བུ་ཞེས་བྱ་བ་ནི་ཇི་སྐད་དུ་བསྟན་པའོ། །སོགས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལ་སོགས་པ་ལོག་པའི་ལྟ་བ་རྣམས་ཀྱང་རྟོགས་པར་བྱ་བ་ཡིན་ནོ། །ཆོས་ཞེས་བྱ་བ་ནི་ལམ་ལ་རིགས་པ་སྟེ་དེ་ནི་སྤོང་བ་ཆེན་པོ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་ཀྱང་ཡིན་སེམས་


DTG089_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཡིན་པའོ། །ཐམས་ཅད་མཁྱེན་པ་ཡང་ཡིན་སེམས་ཀྱང་ཡིན་ནོ། །ཟག་པ་མེད་པ་ནི་བག་ཆགས་དང་བཅས་པའི་ཟག་པ་ཐམས་ཅད་ངེས་པར་སྦྱངས་པའོ། །སོ་སོའི་སྐྱེ་བོ་ཐམས་ཅད་མི་མཉམ་པ་ནི་མཉམ་པ་མེད་པའོ། །མཉམ་པ་མེད་པའི་སངས་རྒྱས་དེ་དང་མཉམ་པ་ནི་མི་མཉམ་པ་དང་མཉམ་པའོ། །མ་ཆགས་པ་ནི་བསྟན་པའོ། །ཡོངས་སུ་མ་ཟིན་པ་ནི་རྗེས་སུ་བསྟན་པའོ། །དེ་ལ་ཡང་རློམ་སེམས་མེད་པའི་ཕྱིར་ཞེས་བྱ་བར་བསམས་པའོ། །ཡང་གི་སྒྲ་ནི་གཞན་ལྟ་ཅི་སྨོས་ཞེས་པའོ། །ལྷག་མ་ནི་རྟོགས་པར་སླ་སྟེ། བཤད་པ་དང་འདྲ་བ་ཉིད་དེ་དེ་ནི་རྟོགས་པ་ཆེན་པོ་ཉིད་དོ། །སྒྲུབ་པའི་ཆེད་དུ་བྱ་བ་རྫོགས་སོ།། །།སྒྲུབ་པ་ཉིད་བཤད་པར་བྱ་སྟེ། དེ་ཡང་རྣམ་པ་བཞི་སྟེ། གོ་ཆའི་སྒྲུབ་པ་དང༌། འཇུག་པའི་སྒྲུབ་པ་དང༌། ཚོགས་ཀྱི་སྒྲུབ་པ་དང༌། ངེས་པར་འབྱུང་བའི་སྒྲུབ་པའོ། །དེ་ལ་དང་པོ་གོ་ཆའི་སྒྲུབ་པ་བཤད་པར་བྱ་བ་སྟེ། དེ་ལྟར་ན་གནས་བརྟན་ཤེས་རབ་ཆེན་པོས་སེམས་དཔའ་ཆེན་པོའི་རྒྱུ་མཚན་དེ་ཉིད་བསྟན་པའི་ཕྱིར་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འཇུག་པ་ཉིད་ནི་འཛེག་པ་ཡིན་ཏེ་གང་གི་ཕྱིར། འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བའི་ཚིག་གིས་སོ། །གོ་ཆ་ཆེན་པོ་བགོ་བར་སེམས་དཔས་ན་སེམས་དཔའ་ཆེན་པོའོ། །ཐེག་པ་ཆེན་པོ་ལ་གནས་པར་སེམས་དཔས་ན་སེམས་དཔའ་ཆེན་པོ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པ་ཡིན་པའི་ཕྱིར་ཞེས་བྱ་བར་བསམས་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོ་སོར་གོ་ཆ་ཉེ་བར་སྦྱར་བར་བྱ་སྟེ། གོ་ཆའི་སྒྲུབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དག་ལས་བྱིས་པ་རྣམས་ཀྱིས་གོ་ཆ་བཞིན་དུ་བསྟན་ཏོ། །དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། སྦྱིན་པ་ལ་སོགས་རྣམ་དྲུག་ལ། །དེ་དག་སོ་སོར་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་བྱ་བ་ཡིན་ཏེ་ཇི་ལྟར་མདོ་ལས་དྲུག་ཚན་དྲུག་གིས་བསྟན་པ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་མ་འདིར་ནི་བསྟན་བཅོས་ཀྱི་དོན་གཞན་དུ་བརྗོད་པར་བྱ་སྟེ། གོ་ཆ་ཁྲབ་དང་བསྲུངས་པ་དང༌། །གང་ཕྱིར་སྒྲུབ་པ་དབུ་མ་ཡིན། །རྣམ་ཀུན་རྣམ་པ་ཐམས་ཅད་ཀྱིས། །ཇི་སྐད་བསྟན་པས་


DTG089_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་གནོན། །ཞེས་བྱ་བ་ཡིན་ཏེ། དེ་བས་གོ་ཆའི་མཚན་ཉིད་རབ་འབྱོར་གྱིས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་ཞེས་བྱ་བ་ནི་འདི་ལྟར་སེམས་དཔའོ། །ཇི་ལྟར་ཞེ་ན། སེམས་ཅན་དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཡུལ་ཕྱོགས་དང་གྲོང་ཕྱོགས་སུ་ཆད་པ་མེད་པ་ཡིན་ཏེ་དཔག་ཏུ་མེད་པ་དང༌། གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ནི་ལམ་བསྟན་པས་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའོ། །འདི་ཙམ་གྱིས་ནི་ཇི་སྐད་བསྟན་པས་ཕ་རོལ་གནོན་ཅིང་སྐུར་པ་འདེབས་པའི་གཉེན་པོ་བསྟན་པའོ། །བདག་གིས་སེམས་ཅན་གྲངས་མེད་པ། །ཞེས་བྱ་བ་ལ་སོགས་པ་ནི་སྒྲོ་བཏགས་པའི་གཉེན་པོའི་སྒོ་ནས་གསུངས་ཏེ། བྱེད་པ་དང་ལས་བཀག་པས་བྱ་བ་བཀག་པ་ཡང་རྟོགས་པ་ཡིན་ནོ། །དེ་ལྟར་མཐའ་གཉིས་ཀྱི་གཉེན་པོའི་སྒོ་ནས་དབུ་མའི་ལམ་ཡིན་ནོ། །ཇི་ལྟར་མྱ་ངན་ལས་བཟླ་བའི་བསམ་པའི་དུས་སུ་ཡང་དེ་ལྟར་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཅན་དེ་དག་ཅེས་བྱ་བ་ལ་སོགས་པ་ནས་གང་ཡང་མེད་དོ་སྙམ་དུ་སེམས་སོ་ཞེས་བྱ་བའི་བར་ཏེ། དེས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་གོ་ཆ་བསྟན་ནས། བསམས་པ་ལས་བྱུང་བའི་ཤེས་རབ་དྲི་བར་བྱ་བའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་མཐའ་གཉིས་དང་བྲལ་བ་གང་ལས་ཤེས་ཇི་ལྟར་རིགས་ཤེ་ན། རིགས་པའི་རྒྱུ་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །ཆོས་རྣམས་ནི་ཕུང་པོ་ལ་སོགས་པའོ། །དེ་དག་ནི་མཐའ་གཉིས་དང་བྲལ་བ་ཉིད་དེ་འདི་ནི་ཆོས་ཉིད་ཀྱི་རང་བཞིན་ཡིན་ནོ། །ཇི་ལྟར་ཞེ་ན། སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཞེས་སྨོས་ཏེ། དེ་ལྟར་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་གསུམ་སྟེ། དང་པོ་ནི་བཏགས་པ་སྟེ་གཟུང་བ་དང་འཛིན་པས་བསྡུས་པ་ཕུང་པོ་ལ་སོགས་པའོ། །གཉིས་པ་ནི་གཞན་གྱི་དབང་ཡིན་ཏེ་རྒྱུའི་དབང་དུ་གྱུར་པ་རྫས་སུ་ཡོད་པ་བཏགས་པའི་གཞིའོ། གསུམ་པ་ནི་ཡོངས་སུ་གྲུབ་པ་སྟེ་དེ་བཞིན་དུ་རྟག་ཏུ་ཡོད་ཅིང་དེ་ཡང་གཞན་གྱི་དབང་ལས་བཏགས་པས་སྟོང་པ་ཉིད་དོ། །སྒྱུ་མ་མཁན་གྱིས་རྡེའུ་ལ་སོགས་པ་ལ་སྔགས་བཏབ་པའི་བྱ་བས་


DTG089_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་ཆེ་ལ་སོགས་པའི་གཟུགས་མེད་ཀྱང་རྣམ་པ་ནི་འདིར་སྒྱུ་མ་ཡིན་ཏེ། དེ་དང་ཆོས་མཐུན་པར་རྣམ་པར་རིག་པ་ཙམ་ཉིད་ཡང་དག་པར་ཡོད་ཀྱང་འཁྲུལ་པའི་དབང་གིས་ཕུང་པོ་ལ་སོགས་པའི་ངོ་བོར་སྣང་བ་ནི་སྒྱུ་མ་ཞེས་བརྗོད་དོ། །དེའི་ཆོས་ཉིད་ཉེ་བར་བཟུང་བ་ནི་ཤེས་པའོ། །དེ་ལ་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བརྗོད་ཀྱི་ཕུང་པོ་ལ་སོགས་པ་བརྫུན་པ་ལ་ནི་མ་ཡིན་ཏེ་གང་གི་ཕྱིར་བརྫུན་པའི་ཆོས་རྣམས་ཉིད་ཡིན་ན་ནི་དེ་ཡང་བརྫུན་པ་ཉིད་དུ་འགྱུར་ཏེ། དོན་དམ་པར་ནི་མ་ཡིན་ནོ། །རྣམ་པར་རིག་པ་ཙམ་ཡང་མེད་ན་ནི་རྒྱུ་མེད་པར་ཡང་ཡེ་ཤེས་དམ་པ་སྐྱེ་བར་མི་འགྱུར་ཏེ། གང་གི་ཕྱིར་དེའི་ཡུལ་དུ་གྱུར་པའི་ཕྱིར་དོན་དམ་པ་ཡང་ཡོད་པར་འགྱུར་རོ། །གལ་ཏེ་རྣམ་པར་རིག་པ་ཡོད་ཀྱང་དེ་ཉིད་ཀྱི་ཆོས་ཉིད་མེད་ན་ནི་དེའི་ཚེ་དེའི་བདག་ཉིད་མེད་པས་ཡང་དག་པའི་ཡེ་ཤེས་སྐྱེས་ཀྱང་རིག་པར་མི་འགྱུར་ཏེ། དེ་བས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དོན་དམ་པ་གཟིགས་པར་མི་འགྱུར་རོ། །གཞན་ཡང་སྐྱེས་བུ་རྣམ་པ་ཉིད་ཀྱི་རྣམ་པར་རིག་པ་རང་ཉིད་ལ་ཡོད་ཅིང་ཕུང་པོ་ལ་སོགས་པའི་རྣམ་པ་གལ་ཏེ་མི་སྣང་ན་ནི་དེའི་ཚེ་སྐྱེས་བུ་རྣམས་ཀྱིས་མཐོང་བར་མི་འགྱུར་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །ཡང་ན་གང་གཅིག་མཐོང་བར་འགྱུར་བ་དེས་ཐམས་ཅད་ཀྱང་མཐོང་བར་འགྱུར་བས་ཐལ་ཆེས་པར་འགྱུར་རོ། །དེ་བས་ན་རྣམ་པར་རིག་པ་ནི་ཡོད་ཅིང་ཕུང་པོ་ལ་སོགས་པའི་ངོ་བོས་ནི་མེད་དོ་ཞེས་བརྗོད་ན་ནི་མཐའ་གཉིས་དང་བྲལ་བ་གྲུབ་པོ། །འདི་ཉིད་འཇིག་རྟེན་གྱི་གྲགས་པའི་དཔེས་ཀྱང་རྟོག་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡིན་པ་ནི་འདི་མ་ཡིན་པ་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་དཔེར་ན་ཞེས་བྱ་བ་ནི། དེ་ཉིད་ཇི་ལྟར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་རབ་ཏུ་གྲགས་པའི་དཔེ་བསྟན་པ་ནི་འདི་ལྟའི་སྒྲའོ། །མཁས་པ་ནི་མཛངས་པའོ། །སྒྱུ་མ་བྱེད་པ་ནི་སྒྱུ་མས་འཚོ་བའོ། །དེའི་ཉེ་གནས་ནི་གང་དེའི་སློབ་མ་ཡིན་གྱི་སྒྱུ་མས་འཚོ་བ་ནི་མ་ཡིན་པའོ། །སྐྱེ་བོའི་ཚོགས་ནི་སྐྱེ་བོའི་ཕུང་པོའོ། །མི་སྣང་བར་བྱས་པ་ནི་ཡང་དག་པར་མ་མཐོང་སྟེ། སྤྲུལ་པ་ཉེ་བར་བསྡུས་པའི་ཕྱིར་རོ། །དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ནི་སྤྱིར་དྲིས་ནས་ཁྱད་པར་འདྲི་བའོ། །དེ་ལ་ཡང་གང་


DTG089_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འོན་ཀྱང་ཞེས་བྱ་བའི་དོན་ཏོ། །བསད་པ་ཞེས་བྱ་བ་ནི་གཞན་གྱིས་བསད་པའོ། །ཤི་བ་ནི་རང་ཤི་པའོ། །བཤིག་པ་ནི་མཐོང་བར་བྱས་པའོ། །མི་སྣང་བར་བྱས་པ་ནི་རང་ཉིད་མི་སྣང་བར་བྱས་པའོ། །བསམས་པ་ལས་བྱུང་བའི་ཤེས་རབ་བསྟན་ནས། བསྒོམས་པ་ལས་བྱུང་བའི་ཤེས་རབ་བསྟན་པར་བྱ་སྟེ། བསྒོམ་པ་ཡང་རྣམ་པ་གསུམ་སྟེ། ཞི་གནས་དང༌། ལྷག་མཐོང་དང༌། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའོ། །དེ་ལ་ཞི་གནས་ཀྱི་དབང་དུ་བྱས་ནས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་བསྟན་པ་ཞེས་བྱ་བ་ཇི་སྐད་ཐོས་པ་བསམས་པ་ལས་བྱུང་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་ཏོ། །དེ་ལ་མི་སྐྲག་ཅེས་བྱ་བ་ནི་དམིགས་པ་རྣམ་དྲུག་གིས་སོ། །སེམས་ཡང་དག་པར་བསྡུས་ཀྱང་བརྣབ་སེམས་དང་ཡིད་མི་བདེ་བ་ལ་དམིགས་པ་འབྱུང་བ་ན། མི་སྐྲག་ཅིང་དེ་ཉིད་སེལ་བར་བྱེད་དེ་གཡེང་བའི་ཉེས་པ་མཐོང་བའི་ཕྱིར་རོ། །མིང་དང་ཞེས་བྱ་བ་ནི་སེམས་ལ་སྐྱོན་མེད་ཅིང་རང་གི་ངང་གིས་འབྱུང་བའི་དོན་མངོན་པར་འདུ་བྱེད་པས་མི་དངང་སྟེ། དེ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཤིན་ཏུ་དངང་བར་མི་འགྱུར་བས་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་ཅིང་རང་གི་ངང་གིས་འབྱུང་བའི་མཉམ་པར་གཞག་པའི་སེམས་ཀྱིས་འབད་པར་མི་བྱེད་པས་ཤིན་ཏུ་དངང་བར་མི་འགྱུར་བའོ། །འདི་ཙམ་གྱིས་ཞེས་བྱ་བ་ནི་ཞི་གནས་འདིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་ལ་གོ་ཆ་བསྟན་པས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པས་ནི་ལྷག་མཐོང་གསུངས་ཏེ། དེ་ཡང་དངོས་པོ་ལ་མི་དམིགས་པ་དང༌། དོན་དམ་པའི་སྟོང་པ་ཉིད་དོ། །སྟོང་པ་ཉིད་ནི་མཐོང་བ་མེད་པ་ཡིན། གང་དག་ལ་གང་གི་རྣམ་པས་ཡོངས་སུ་མྱ་ངན་ལས་འདས་པར་ཡང་མ་མཐོང་བའོ། །དོན་བདག་གིས་འཚལ་ཏེ་ཞེས་བྱ་བ་ནི་དོན་དམ་པར་བདག་གིས་འཚལ་ཏེ། གོ་ཆ་མ་མཆིས་པའི་གོ་ཆ་བགོས་པའོ། །ཀྱེ་མ་ཞེས་བྱ་བའི་སྒྲ་ནི་དོན་དམ་པ་མཉན་པའི་འོས་སུ་འགྱུར་པའི་ཕྱིར་རོ། །རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་


DTG089_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་ཉིད་རྣམ་པར་དག་པའོ། །དེའི་རང་བཞིན་ཉིད་ཡིན་ཏེ། དེ་བས་ན་དེ་ཁོ་ན་བཞིན་དུ་བཏགས་པས་མ་བྱས་པའོ། །རྣམ་པར་མ་བྱས་པའོ། །རྣམ་པར་མ་བྱས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་སྐྱོན་གྱིས་དྲི་མར་མ་བྱས་པ་ཉིད་དོ། །མངོན་པར་འདུ་མ་བྱས་པ། ཞེས་བྱ་བ་ནི་གཉེན་པོས་དག་པར་མ་བྱས་པ་ཉིད་དོ། །སེམས་ཅན་དེ་དག་ཀྱང་ཞེས་བྱ་བ་ནི་དེ་དག་ཀྱང་དོན་དམ་པ་ཉིད་དུ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་ཟུང་དུ་འབྲེལ་པར་འཇུག་པའི་ལམ་བསྟན་པའི་ཕྱིར་སྨྲས་པའོ། །དང་པོ་འདིར་ལྷག་མཐོང་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་ཏེ། འོན་ཀྱང་བཏགས་པ་དང༌། ཡོངས་སུ་གྲུབ་པའི་ངོ་བོ་དག་གིས་འཆིང་བ་དང་ཐར་པའི་དངོས་པོ་མེད་པར་མཐོང་བའི་ཕྱིར་ལྷག་མཐོང་ངོ༌། །གཞན་དབང་ལ་དེ་གཉིས་ཀྱི་ངོ་བོར་མཐོང་བའི་ཕྱིར་ཞི་གནས་སོ། །དེ་ལ་ཕུང་པོ་ཉིད་བརྟགས་པ་ཉིད་དེ་ངོ་བོ་ཉིད་ཀྱིས་མེད་པ་ཡིན་ན། དེ་དག་དེ་བཞིན་ཉིད་དུ་ག་ལ་ཡོད། དེས་ན་དེ་དང་དེ་ཡང་མ་བཅིངས་མ་གྲོལ་བ་སྟེ། ཡང་དག་པར་མེད་པའི་ཕྱིར་དང་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་གང་པོ་ཞེས་བྱ་བ་ལ་སོགས་པ་ནི་ཞི་གནས་ཀྱི་སྐབས་བསྟན་ཏོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་ཞི་གནས་སྟོན་པ་ཡིན་ཏེ། སྒྱུ་མའི་སྐྱེས་བུ་ཞེས་བྱ་བའི་ཚིག་གིས་སོ། །འདི་ལྟར་གླང་པོ་ལ་སོགས་པའི་གཟུགས་སུ་སྣང་བའི་ཤིང་རྟ་དང་རྡེའུ་ལ་སོགས་པ་ནི་སྒྱུ་མའོ། །འདི་ཡང་དེ་དང་ཆོས་མཐུན་པའི་ཕྱིར་རྣམ་པར་རིག་པ་ཉིད་ཕུང་པོ་ལ་སོགས་པའི་གཟུགས་སུ་སྟོན་པ་ནི་སྒྱུ་མ་ཉིད་དུ་བརྗོད་དོ། །སྒྱུ་མ་ཡང་ཡིན་སྐྱེས་བུ་ཡང་ཡིན་པ་དང༌། སེམས་དང་ལྡན་པའི་ཕྱིར་ཏེ། དེ་བས་ན་སྒྱུ་མའི་སྐྱེས་བུའོ། །དེའི་ངོ་བོ་ཉིད་བཞིན་དུ་ཞི་གནས་ཀྱང་མ་བཅིངས་མ་གྲོལ་བ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཞེས་བྱ་བ་ལ་སོགས་པ་ནས་གོ་ཆ་ཆེན་པོའོ་ཞེས་བྱ་བའི་བར་གྱིས་ནི་ཞི་གནས་ཀྱི་མཇུག་སྡུད་དོ། །གོ་ཆ་མེད་པའོ་ཞེས་བྱ་བ་འདིས་ནི་ལྷག་མཐོང་གི་མཇུག་སྡུད་དོ། །དེ་བས་ན་འདི་ནི་ཟུང་དུ་འབྲེལ་བའི་ལམ་མོ། །འདིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་


DTG089_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བའི་ཚིག་གིས་ནི་ཐེག་པ་ལ་ཞུགས་པའི་དུས་ནས་ཡང་གོ་ཆ་ཡོངས་སུ་མ་བཏང་བའི་ཕྱིར་རོ། །བྱམས་མའི་བུ་ཅང་མི་སྨྲ་བར་གྱུར་ཏོ་ཞེས་བྱ་བ་ནི་གཏམ་ཡོངས་སུ་རྫོགས་པའོ། །དེ་ནི་གོ་ཆའི་སྒྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི། རབ་འབྱོར་གྱིས་ཐེག་པ་ཆེན་པོ་ལ་ཇི་ལྟར་ཞུགས་པ་དང༌། ཐེག་པ་ཆེན་པོ་ལ་གནས་པ་འདི་ཉིད་དཔྱད་པའི་ཕྱིར་དེ་གང་ལགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་དག་གི་དྲི་བ་དྲུག་གོ །འདིས་འགྲོ་བས་ན་ཐེག་པའོ། །ཐེག་པ་ཆེན་པོ་དེ་དག་གང་ལགས་ཞེས་བྱ་བ་ནི་དྲི་བ་དང་པོའི་དོན་ཏོ། །དེ་གང་ལྟར་ཡང་དག་པར་འཇུག་པ་ཞེས་བྱ་བ་ནི་རབ་ཏུ་གནས་པ་སྟེ་རབ་ཀྱི་སྒྲ་གང་ན་ཡོད་ན་འགྲོ་བ་ལ་འཇུག་པ་ཡིན་ནོ། །གང་གིས་འགྲོ་བ་དེ་ནི་ཐེག་པ་སྟེ། འགྲོ་བ་ནི་བྱ་བའོ། །དེས་ན་གང་གིས་བྱ་བ་དེས་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ནི་ངེས་པར་འབྱུང་བའི་དོན་ཏོ། །དེས་ན་གང་ནས་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བར་དྲི་བ་ཡིན་ནོ། །འགྲོ་བ་ནི་གང་ཞིག་གི་མཚན་ཉིད་ཡིན་པས་དེས་ན་དེ་གང་གིས་འཇུག་པར་འགྱུར་ཞེས་དྲིས་པ་ཡིན་ནོ། །འགྲོ་ཞིང་སོང་ནས་ལ་ལར་གནས་པའི་དོན་ཡིན་པས་དེས་ན་གང་དུ་གནས་པར་འགྱུར་བ་ཞེས་དྲིས་པ་ཡིན་ནོ། །འདིས་དམན་པའི་རིགས་ངེས་པར་འབྱུང་བ་མ་ཡིན་ཏེ། དེས་ན་དེས་གང་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་དྲིས་པ་ཡིན་ནོ། །དེ་སྐད་ཅེས་གསོལ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ་ཡིན་ནོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ལ་འདི་ནི་ཐེག་པ་ཆེན་པོ་གཟུང་ངོ༌། །དཔག་ཏུ་མེད་པའི་ཚིག་བླ་དགས་ཞེས་བྱ་བ་ནི་རྗོད་པར་བྱེད་པའོ། །ཚད་མེད་པ་ཞེས་བྱ་བ་ནི་དཔག་ཏུ་མེད་པ་ཉིད་དང་ལྡན་པའོ། །དེ་ལ་དང་པོ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གཉིས་པ་ནི་གུས་པ་དང་དུས་རིང་པོར་རྒྱུན་མི་འཆད་པ་ལ་སོགས་པ་ཡིན་པའི་ཕྱིར་རོ། །ཡང་དག་པར་འཇུག་པ་ཞེས་བྱ་བ་ནི་གོ་ཆ་བགོས་ནས་རབ་ཏུ་གནས་པ་ཡིན་པས་ཡང་དག་པར་འཇུག་པའོ། །དེས་ན་གོ་ཆ་ནི་འོག་ངེས་པར་འབྱུང་བའི་ནི་གོང་དུ་འགྲོ་བ་འང་དེ་ནི་ཡང་དག་པར་གནས་པའི་སྒྲུབ་པའོ། །ཡང་དག་པར་གནས་པ་དེ་ཡང་རྣམ་པ་གཉིས་ཏེ། ཡང་དག་


DTG089_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པའི་སྒྲུབ་པ་དང༌། ཚོགས་ཀྱི་སྒྲུབ་པའོ། །དེ་ལ་འགྲོ་བར་རྩོམ་པ་ནི་ཆས་པའོ། །ལྷག་པར་བྱས་པ་དག་ནི་ལྕི་བའི་ཕྱིར་ཁུར་ཏེ་རྣམ་པ་ཐམས་ཅད་ཀྱི་ཁུར་ཡིན་པས་ཚོགས་སོ། །དེ་གཉིས་ཀས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡང་དག་པར་བསྡུས་པའི་ཕྱིར་དང༌། ཕ་རོལ་ཏུ་ཕྱིན་པ་དེའི་ངོ་བོ་ཡིན་པའི་ཕྱིར་དང༌། ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པའི་ཕྱིར་རམ། ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཡིན་པའི་ཕྱིར་ཅི་རིགས་པར་སྦྱར་རོ། །ཁམས་གསུམ་ནས་ཞེས་བྱ་བ་ནི་གང་ཅུང་ཟད་ཉོན་མོངས་པ་ཅན་ནམ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དེ་ནི་འདིར་ཁམས་གསུམ་པ་ཡིན་ཏེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་བཤད་པས་སོ། །དེས་ན་ངེས་པར་འབྱུང་བར་འགྱུར་བ་ནི་ཉན་ཐོས་ཀྱི་ཐེག་པ་ནི་ཉོན་མོངས་པ་ཅན་ཉིད་ལ་ངེས་པར་འབྱུང་བའོ། །དམིགས་པ་མེད་པ་ནི་མི་དམིགས་པ་ཉིད་དེ་ཆོས་ཀྱི་དབྱིངས་སོ། །དེའི་མཚན་ཉིད་ཀྱིས་ཡང་དག་པར་འབྱུང་བ་ནི་ཤིང་དང་ལྷ་ཁང་ལ་སོགས་པ་སྔར་མ་མཐོང་བའི་གྲོང་དུ་འབྱུང་བ་ཡིན་ནོ། །ལན་དྲུག་པོ་འདི་དག་གིས་ཐེག་པ་ཆེན་པོ་རྣམ་པ་དྲུག་ཏུ་སྨྲས་སོ། །དཔག་ཏུ་མེད་པའི་ཆེན་པོ་ཉིད་དང༌། ཡང་དག་པར་འཇུག་པའི་ཆེན་པོ་ཉིད་དང༌། ངེས་པར་འབྱུང་བའི་ཆེན་པོ་ཉིད་དང༌། མཚན་ཉིད་ཆེན་པོ་ཉིད་དང༌། ཐོབ་པའི་ཆེན་པོ་ཉིད་དང༌། གནས་ཀྱི་ཆེན་པོ་ཉིད་དོ། །ཡང་ན་རྣམ་པ་བདུན་ཏེ་གཞལ་དུ་མེད་པ་དང༌། དཔག་ཏུ་མེད་པའི་དབྱེ་བས་སོ། །སྐུར་པ་འདེབས་པའི་གཉེན་པོ་བསྟན་ནས་སྒྲོ་འདོགས་པའི་གཉེན་པོ་བསྟན་པའི་ཕྱིར། འོན་ཀྱང་གང་ནས་ཞེས་བྱ་བ་ལ་སོགས་པ་ནས་དེ་སྐད་ཅེས་བཀའ་སྩལ་བ་དང་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་ཞུགས་པ་ཞེས་བསྟན་པ་ལ་དེ་དག་གི་མཚན་ཉིད་ནི་རྣམ་པ་ལྔ་བཤད་པར་བྱ་སྟེ། གོ་རིམས་བཞིན་དུ་རིགས་དང༌། སྨོན་ལམ་དང༌། ལྷག་པའི་བསམ་པ་དང༌། གཞི་དང་ངོ་བོ་ཉིད་དེ། རིགས་ནི་ཆོས་ཉིད་དོ། །གཞི་ནི་ཡུལ་ལོ། །ལྷག་མ་ནི་རྟོགས་པར་སླའོ། །གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་སྙིང་རྗེ་སྔོན་དུ་འགྲོ་བའི་བསམ་པས་དངོས་པོ་ཐམས་ཅད་གཏོང་བ་དང༌། །དེ་བཞིན་དུ་སྤོང་བ་ཐམས་ཅད་ཅིག་ཅར་སྲུང་བ་


DTG089_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དང། དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་སྡུག་བསྔལ་ཐམས་ཅད་ལ་ཇི་མི་སྙམ་པའི་བཟོད་པ་དང༌། །དེ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བའི་ཆོས་ཐམས་ཅད་ཀྱི་ཚོགས་སྒྲུབ་པར་བྱེད་པ་ཉིད་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་སྦྱིན་པ་དང༌། །ཚུལ་ཁྲིམས་དང། བཟོད་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་བཞིན་དུ་ལས་ཐམས་ཅད་ལ་ལུས་དང་ངག་དང་ཡིད་རྣམ་པ་ཐམས་ཅད་དུ་དབང་དུ་བྱས་ནས་རྣམ་པ་ཐམས་ཅད་དུ་སེམས་གནས་པ་དང༌། ཆོས་ཐམས་ཅད་ཀྱི་རྣམ་པ་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་དག་ནི་གོ་རིམས་བཞིན་དུ་བསྟན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་འཇུག་པའི་སྒྲུབ་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །ལམ་དང་བྱམས་ལ་སོགས་པ་དང༌། །དམིགས་པ་མེད་དང་ལྡན་པ་དང༌། །འཁོར་གསུམ་རྣམ་པར་དག་པ་དང། ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེ་དག་ནི་སྒྲུབ་པ་རྣམ་པ་དགུ་སྟེ། ཡུལ་གྱི་དབྱེ་བས་སོ། །ཡུལ་གྱི་བདུན་པ་ཡིན་ཏེ་བསམ་གཏན་གཟུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བསམ་གཏན་བཞི་ལས་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་དཔྱོད་པ་ནི་གཉེན་པོའི་ཡན་ལག་གོ །དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །སེམས་རྩེ་གཅིག་པ་ཉིད་ནི་ཞི་གནས་ཀྱི་ཡན་ལག་གོ །གཉིས་པ་ནི་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་གོ །ལྷག་མ་ནི་སྔ་མ་བཞིན་ནོ། །གསུམ་པ་ནི་ཡན་ལག་སྟེ། །བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་ནི་གཉེན་པོའི་ཡན་ལག་གོ །བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །ལྷག་མ་ནི་སྔ་མ་བཞིན་ནོ། །བཞི་པ་ནི་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་གོ །སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་ཕན་ཡོན་གྱི་ཡན་ལག་གོ །ལྷག་མ་ནི་སྔ་མ་བཞིན་ནོ། །གཟུགས་མེད་པ་ནི་རྣམ་པ་བཞི་སྟེ། །རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་


DTG089_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལས་ཡང་དག་པར་འདས་ནས་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་པ་ནི་ནམ་མཁའ་མཐའ་ཡས་སྐྱེད་མཆེད་སྡོ། །ནམ་མཁའི་འདུ་ཤེས་ལས་ཡང་དག་པར་འདས་ནས་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་པ་ནི་རྣམ་ཤེས་མཐའ་ཡས་སྐྱེད་མཆེད་དོ། །ཤེས་བྱ་དང་ཤེས་པའི་འདུ་ཤེས་དག་ལས་ཡང་དག་པར་འདས་ནས་ཅི་ཡང་མེད་དོ་སྙམ་པ་ནི་ཅི་ཡང་མེད་པའི་སྐྱེད་མཆེད་དོ། །ཅི་ཡང་མེད་པའི་འདུ་ཤེས་ལས་ཀྱང་ཡང་དག་པར་འདས་ཕྲ་བ་ནི་འདུ་ཤེས་མེད་པ་དང་འདྲ་བ་ཡང་དག་པར་སྤྱོད་པའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ་སྲིད་པའི་རྩེ་མོའོ། །དེ་དག་ནི་བསམ་གཏན་དང་གཟུགས་མེད་པའི་འཇུག་པའོ། །སྦྱིན་སོགས་ཞེས་བྱ་བ་ནི་སྔར་བཤད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཉིད་དེ་དག་ནི་ཕ་རོལ་ཕྱིན་པའི་འཇུག་པའོ། །ལམ་དང་ཞེས་བྱ་བ་ལ་ལམ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་ཏེ། །དེ་དག་བསྒོམ་པ་ནི་ལམ་གྱི་འཇུག་པའོ། །བྱམས་པ་ལ་སོགས་པ་ཞེས་བྱ་བ་ལ་ཚད་མེད་པའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕྱིར་ཚད་མེད་པའོ། །དེ་ལ་རྣམ་པ་བཞི་སྟེ། །བྱམས་པ་དང༌། །སྙིང་རྗེ་དང༌། །དགའ་བ་དང༌། །བཏང་སྙོམས་དང༌། དེ་དག་གི་གོ་རིམས་བཞིན་དུ་བདེ་བ་དང་ལྡན་པར་འདོད་པ་དང༌། །སྡུག་བསྔལ་དང་བྲལ་བར་འདོད་པ་དང༌། །བདེ་བ་དང་མི་འབྲལ་བར་འདོད་པ་དང༌། །ཀུན་ནས་ཉོན་མོངས་པ་མེད་པར་འདོད་པའོ། །ཀྱེ་མ་སེམས་ཅན་ཐམས་ཅད་ནི་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པ་དང༌། །སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པ་དང༌། །བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པ་དང༌། །ཀུན་ནས་ཉོན་མོངས་པ་དང་བྲལ་བར་གྱུར་ཅིག་སྙམ་པའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ཏེ་དེ་དག་ནི་ཚད་མེད་པའི་འཇུག་པའོ། །སྟོང་ཉིད་ཉི་ཤུས་ཆོས་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་བསྒོམ་པ་ནི་མི་དམིགས་པ་དང་ལྡན་པའི་འཇུག་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྦྱིན་པར་བྱ་བ་དང༌། །སྦྱིན་པ་པོ་དང༌། །ལེན་པ་པོ་མི་དམིགས་པ་ནས། །ཤེས་རབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང༌། །བྱང་ཆུབ་སེམས་དཔའ་དང་ཡིད་ལ་བྱེད་པ་མི་དམིགས་པའི་བར་དེ་ནི་འཁོར་གསུམ་ཡོངས་


DTG089_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དག་པའི་འཇུག་པའོ། །སྒོམ་པ་པོ་འམ། བསྒོམ་པར་བྱ་བ་འམ། སྒོམ་པ་གང་ཡང་མེད་པ་དེ་ནི་སྒོམ་པ་མི་དམིགས་པ་སྟེ་སྒོམ་པ་རྣམ་པར་འཇིག་པའོ། །དེའི་དོན་དང་དེའི་ཆེད་དུ་གང་དགེ་བའི་ཆོས་ཐམས་ཅད་བསྒོམ་པ་དེ་ནི་ཆེད་དུ་བྱ་བའི་འཇུག་པའོ། །མངོན་པར་ཤེས་པ་དྲུག་གི་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འགྲོ་ཞིང་དེར་སངས་རྒྱས་རྣམས་ལ་མཆོད་པ་དང༌། དེ་དག་ལ་ཐེག་པ་ཆེན་པོའི་ཆོས་ཉན་ཅིང་སེམས་ཅན་རྣམས་ལ་ཡོངས་སུ་སྨིན་པར་བྱེད་པ་དང༌། རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ནི་མངོན་པར་ཤེས་པ་དྲུག་གི་འཇུག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ཅིང་འཁོར་ལོ་བསྐོར་བ་དང༌། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ་ནི་རྣམ་པ་ཀུན་མཁྱེན་པའི་འཇུག་པ་སྟེ། འཇུག་པའི་སྒྲུབ་པ་ཡང་རྫོགས་སོ། །ཚོགས་ཀྱི་སྒྲུབ་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། རྩེ་དང་སྦྱིན་ལ་སོགས་པ་དྲུག ། ཞི་གནས་ལྷག་མཐོང་བཅས་པ་དང༌། །ཟུང་དུ་འབྲེལ་བའི་ལམ་གང་དང༌། །ཐབས་ལ་མཁས་པ་གང་ཡིན་དང༌། །སེམས་པ་དང་ནི་བསོད་ནམས་དང༌། །ལམ་དང་གཟུངས་དང་ས་བཅུ་དང༌། །གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཚོགས་རྣམས་ཀྱི་མཐར་ཇི་ལྟར་སྲིད་པའི་ཆོས་ཉིད་གང་ཡིན་པ་ལ་སོ་སོར་རྟོག་པ་ནི་བརྩེ་བ་ལ་སོགས་པའི་ཚོགས་སོ། །དེ་ལ་དམྱལ་བ་དང་ཡི་དགས་དང༌། དུད་འགྲོར་སྐྱེས་པ་དག་ལ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བ་དང༌། སངས་རྒྱས་རྣམས་ལ་དད་པ་དང༌། ལྷ་དང་མི་རྣམས་སུ་སྐྱེ་བར་འདོད་པ་ནི་སྐྱེ་བའི་ཚོགས་སོ། །སྦྱིན་པ་ལ་སོགས་པའི་ཚོགས་དྲུག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཉིད་དོ། །ཞི་གནས་དང་ལྷག་མཐོང་དང་ཟུང་དུ་འབྲེལ་བའི་ཚོགས་གསུམ་པ་ནི་གོ་ཆའི་སྒྲུབ་པ་དང་འདྲའོ། །གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་མི་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དག་ལ་སྤྱོད་པ་གཞན་དག་ལ་ཡང་དག་པར་འཛིན་དུ་འཇུག་པ་དེ་ནི་ཐབས་ལ་མཁས་པའི་ཚོགས་སོ། །གང་སྟོང་པ་ཉིད་ཉི་ཤུ་དག་ཡོངས་སུ་ཤེས་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་དག་ཀྱང་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལས་རྒྱ་ཆེར་གསུངས་ཏེ། །ནང་སྟོང་པ་ཉིད་


DTG089_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། རང་གི་ངོ་བོ་ཉིད་སྟོང་པ་ཉིད་དང༌། གཞན་གྱི་ངོ་བོ་ཉིད་སྟོང་པ་ཉིད་དེ། འདི་དག་རེ་རེའི་རིགས་པ་ཡང་ཐེར་ཟུག་ཏུ་གནས་པ་མེད་པ་དང༌། འཇིག་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཞེས་གསུངས་པ་ཡིན་ནོ། །གང་གི་ཕྱིར་འདི་དག་ཇི་ལྟར་རིགས་པར་རང་གི་ངོ་བོ་གང་ཡིན་པ་དེ་ཉིད་ཀྱིས་སྟོང་པ་ཉིད་དེ་རྟག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །རྟག་པ་ཡང་ཐེར་ཟུག་ཏུ་གནས་པ་དང༌། འཇིག་པའི་ཆོས་ཅན་མ་ཡིན་ཏེ་དེ་དག་གི་རང་བཞིན་ནི་རྣམ་པ་གཉིས་པོ་དེ་དག་གོ །དེ་བས་ན་དེ་ནི་དེའི་སྟོང་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེས་དེའི་སྟོང་པ་ཉིད་དེ་གང་ལས་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ །འདིའི་རང་བཞིན་ཞེས་བྱ་བ་ལ་སོགས་པས་ནི་གང་ལས་ཀྱང་མི་སྐྱེ་བ་ཞེས་སྟོན་ཏོ། །དེ་ལ་ནང་གི་ཆོས་རྣམས་ནི་མིག་ལ་སོགས་པ་དྲུག་སྟེ། དེ་དག་གིས་ནི་ནང་སྟོང་པ་ཉིད་དོ། །ཕྱིའི་ཆོས་རྣམས་ནི་གཟུགས་ལ་སོགས་པ་དྲུག་སྟེ། དེ་དེ་དག་གིས་སྟོང་པ་ཉིད་སྟོང་པ་ཉིད་དོ། །མིག་ལ་སོགས་པ་ནི་གཟུགས་ལ་སོགས་པ་དེ་དག་གི་སྟོང་པ་ཉིད་དེ། །དེའི་ཡུལ་ཉིད་ཀྱི་སྟོང་པ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་ཡང་མིག་ལ་སོགས་པས་སྟོང་པ་ཉིད་དེ་དེའི་ཡུལ་ཅན་ཉིད་ཀྱིས་སྟོང་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་དེ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཕྱོགས་རྣམས་ཀྱི་སྟོང་པ་ཉིད་དོ། །དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ་དེ་དེས་སྟོང་པ་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཏེ་དེ་དག་གིས་སྟོང་པ་ནི་འདུས་


DTG089_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སྟོང་པ་ཉིད་དོ། །གང་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང༌། །གནས་པ་མེད་པ་དང༌། །མི་འགྱུར་བ་ཉིད་དེ་ནི་འདུས་མ་བྱས་ཏེ་དེའི་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །གང་གི་མཐའ་མི་དམིགས་པ་དེ་ནི་མཐའ་ལས་འདས་པ་སྟེ། །དེ་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ལ་དབུས་ཀྱི་དངོས་པོ་འོང་བ་དང་འགྲོ་བ་མེད་པས་ཐོག་མ་དང་བར་དང་ཐ་མ་ཡང་མེད་དེ། །དང་པོ་དང་བར་མ་དང་ཐམས་ཅད་ཀྱིས་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །གང་ལ་སྤངས་པ་དེ་ནི་དོར་བ་སྟེ། །དེས་སྟོང་པ་ནི་དོར་བ་མེད་པ་སྟོང་པ་ཉིད་དེ། །གང་ལ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཉན་ཐོས་ལ་སོགས་པས་མ་བྱས་པས་མི་འགྱུར་བ་ཉིད་དོ། །དེས་སྟོང་པ་ནི་རང་བཞིན་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །གཟུགས་སོ་རིང་བ་ནི་གཟུགས་ཀྱི་མཚན་ཉིད་དོ། ཚོར་བའི་མཚན་ཉིད་ནི་མྱོང་བའོ། །འདུ་ཤེས་ཀྱི་མཚན་ཉིད་ནི་མཚན་མར་འཛིན་པའོ་ཞེས་ཤེས་པར་བྱ་སྟེ། །ཆོས་དེ་དག་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ནི་རང་གི་མཚན་ཉིད་དོ། །མི་དམིགས་པ་སྟོང་པ་ཉིད་ནི་འདས་པ་དང་མ་འོང་པ་དང་ད་ལྟར་བྱུང་བ་རྣམས་ཕན་ཚུན་མི་དམིགས་པ་ཡིན་ཏེ་ཐོག་མ་ནས་རྣམ་པར་དག་པའི་ཕྱིར་རོ། །གང་རྟེན་ཅིང་འབྲེལ་པར་བྱུང་པ་དེ་ནི་སྔོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཏེ་དེ་ལྟར་ན་ཡང་དག་པར་སྦྱོར་བ་ལས་བྱུང་བའི་ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་ནི་ཡོད་པ་མ་ཡིན་ཏེ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པས་ཡང་དག་པར་སྦྱོར་བས་སྟོང་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ་དེས་སྟོང་པ་ནི་དངོས་པོ་ཉིད་དོ། །དངོས་པོ་མེད་པ་ནི་འདུས་མ་བྱས་ཏེ་དེ་སྟོང་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །རང་གི་ངོ་བོ་ཡིན་པས་ན་རང་གི་ངོ་བོ་སྟེ་དེས་སྟོང་པ་ནི་རང་གི་ངོ་བོ་སྟོང་པ་ཉིད་དོ། །གཞན་གྱི་ངོ་བོ་ནི་ཆོས་ཉིད་དེ་ཆོས་ཀྱི་དབྱིངས་སོ། །དེས་སྟོང་པ་ནི་གཞན་གྱི་ངོ་བོ་སྟོང་པ་ཉིད་དོ། །དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་དང་སེང་གེ་རྣམ་པར་རོལ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་གྱི་ཚོགས་སོ། །ལམ་གྱི་ཚོགས་ནི་བྱང་ཆུབ་ཀྱི་ཕྱོགས་རྣམ་པ་མང་པོ་ཡིན་པས་དེ་བཤད་པར་


DTG089_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་བཞི་དང༌། །ཡང་དག་པར་སྤོང་བ་བཞི་དང༌། །རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། །དབང་པོ་ལྔ་དང༌། །སྟོབས་ལྔ་དང༌། །བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། །འཕག་པའི་ལན་ཡན་ལག་བརྒྱད་དེ་དེ་ནི་བྱང་ཆུབ་ཀྱི་ཆིས་རྣམས་སོ། །དེ་ལ་གང་གི་རྗེས་སུ་ལྟ་བས་དྲན་པ་ཉེ་བར་གནས་པ་དེ་ནི་དྲན་པ་ཉེ་བར་གཞག་པའོ། །དམིགས་པའི་བྱེ་བྲག་གིས་ནི་བཞི་སྟེ། །ལུས་དྲན་པ་ཉེ་བར་གཞག་པ་དང༌། །ཚོར་བ་དྲན་པ་ཉེ་བར་གཞག་པ་དང༌། །སེམས་དྲན་པ་ཉེ་བར་གཞག་པ་དང༌། །ཆོས་དྲང་པ་ཉེ་བར་གཞག་པའོ། །དེ་ལ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དང། །ལུས་དང་ལྡན་པའི་རྣམ་པར་རྟོག་པས་རྣམ་པར་རྟོག་པར་ཡང་མི་བྱེད་དེ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བརྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་སོ། །དེ་བཞིན་དུ་ཕྱིའི་ལུས་དང༌། །དེ་བཞིན་དུ་ནང་ཕྱིའི་ལུས་དང༌། །དེ་བཞིན་དུ་ནང་དང་ཕྱི་དང་ཕྱི་ནང་གི་ཚོར་བ་དང་སེམས་དང། །ཆོས་དང་ཚོར་བའི་རྗེས་སུ་ལྟ་བ་ནས། །ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བའི་བར་དུ་སྟེ། །ཆོས་དང་ལྡན་པའི་རྣམ་པར་རྟོག་པས་རྣམ་པར་རྟོག་པར་ཡང་མི་བྱེད་ལ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་བརྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཕན་པའི་སེམས་དང༌། །ཡིད་མི་བདེ་བ་རྣམ་པར་བསལ་ནས་སོ། །འདིར་ནང་གི་ལུས་ནི་རང་གི་མིག་ལ་སོགས་པ་དྲུག་གོ །ཕྱི་རོལ་གྱི་ལུས་ནི་རང་གི་ལུས་ལས་ཕྱི་རོལ་གྱི་འདུས་བྱས་སོ། །ཕྱི་ནང་གི་ལུས་ནི་ལྷག་མ་འབྱུང་པ་དང་འབྱུང་བ་ལས་གྱུར་བ་རང་གི་ལུས་སུ་གཏོགས་པའོ། །ཚོར་བ་ལ་སོགས་པ་ཡང་ལུས་ལ་དམིགས་པའི་དབྱེ་བས་རྣམ་པ་གསུམ་སྟེ། །ཚོར་ནི་བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། །ཆོས་ནི་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བའོ། །ལུས་ལ་སོགས་པ་ལ་རྗེས་སུ་ལྟ་བ་ནི་ལུས་ལ་སོགས་པའོ་ཆོས་ཉིད་ལ་རྗེས་སུ་ལྟ་བའོ། ལུས་ལ་སོགས་པ་དང་ལྡན་པ་ནི་ལུས་ལ་སོགས་པའི་མིང་དང་ལྡན་པའོ། །འདི་ནི་བདག་གི་ལུས་ཏེ་བདག་གི་ལུས་ལ་རྟག་པ་དང་མི་རྟག་པ་དང་བདེ་བ་དང་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པས་རྟོག་པའོ། །དེ་ལ་ཡང་མི་དམིགས་པའི་ཚུས་ཀྱིས་རྗེས་སུ་ལྟ་བ་ནི་


DTG089_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་རྟོག་པའོ། །གུས་པར་བྱེད་པ་དང་རྟག་ཏུ་བྱེད་པའི་སྦྱོར་བ་ཡིན་པས་ན་བརྟུན་པའོ། །རྗེས་སུ་ལྟ་བ་དང་ཤེས་བཞིན་གྱི་སྦྱོར་བས་ན་ཤེས་བཞིན་ནོ། །མི་བརྗེད་པའི་བདག་ཉིད་དང༌། །རྒྱུན་ཏུ་སྲུང་བར་བྱེད་པའི་བདག་ཉིད་དང༌། །ཕྱི་རོལ་དུ་མི་གཡེང་བར། བྱེད་པའི་བདག་ཉིད་ཀྱི་དྲན་པ་ལྡན་པའོ། །འདི་དག་བཙོན་འགྲུས་དང་ཤེས་རབ་དང་དྲན་པ་ཡིན་ཏེ། །འདུ་དག་གི་ཕན་ཡོན་བསྟན་པའི་ཕྱིར་འཇུག་རྟེན་ལ་བརྣབ་སེམས་དང༌། །ཡིད་མི་བདེ་བ་བསལ་ཏེ་ཞེས་བྱ་བ་གསུངས་སོ། །བསལ་ཏེ་ཞེས་བྱ་བ་ནི་སྤངས་པའོ། །འཇིག་རྟེན་ནི་འཇིག་རྟེན་གྱི་ཆོས་ལའོ། །རྙེད་པ་དང་གྲགས་པ་དང་བསྟོད་པ་ལ་ནི་བརྣབ་སེམས་སོ། །མ་རྙེད་པ་དང་གྲགས་པ་དང་སྡུག་བསྔལ་བ་དང་སྨད་པ་ལ་ནི་ཡིད་མི་བདེ་བའོ། །འདེ་དག་ཡི་ཤེས་ཡང་དག་པར་འཛིན་པས་ན་ཡང་དག་པར་འཛིན་པའོ། །ཡང་ན་ཡང་དག་པར་སྤང་པའོ། །དེ་ནི་རྣམ་པ་བཞི་སྟེ།འདི་ལྟ་སྟེ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་ཙོམ་མོ། །ཡི་ཤེས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་དང༌། །དེ་བཞིན་དུ་སྡིག་པ་མི་དགེ་བའི་ཆིས་རྣམ་མ་སྐྱེད་པ་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ་ཞེས་བྱ་བ་ལ་སོགས་པ་དང༌། །དེ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེས་པའི་ཕྱིར་ཞེས་བྱ་བ་དང༌། །དེ་བཞིན་དུ་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་ཕྱིར་ཞིང་འབྱུང་བའི་ཕྱིར་འདུན་པ་སྐྱེད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གོ་ཆའི་བཙོན་འགྲུས་ཀྱིས་འདི་ལྟར་བྱའོ་སྙམ་པའི་འདུན་པ་སྐྱེད་དོ་ཞེས་བྱ་བའོ། །སྦྱོར་བའི་བཙོན་འགྲུས་ཀྱིས་ནི་འབད་དོ། །སྐྱོ་བ་མེད་པའི་བཙོན་འགྲུས་ཀྱིས་ནི་བཙོན་འགྲུས་ཙོམ་མོ། །ཐབས་ཀྱི་བཙོན་འགྲུས་ཀྱིས་ནི་ཡི་ཤེས་རག་ཏུ་འཇོག་གོ །དེ་ལ་བྱིང་བ་ལ་ནི་སེམས་རབ་ཏུ་འཛིན་བས་མཐོ་བར་བྱེད་དོ། །རྒོད་བ་ལ་ནི་མངོན་པར་བསྡུས་པས་སེམས་ཡང་དག་པར་རབ་ཏུ་འཇོག་གོ །རྫུ་འཁྲུལ་ནི་འཇིག་རྟེན་ལས་འདས་པའི་རྣམས་ནི་རྫུ་འཁྲུལ་གྱི་གནས་པ་ཡིན་པའི་ཕྱིར་རྫུ་འཁྲུལ་གྱི་རྐང་པའོ། །དེ་ཡང་བཞི་སྟེ་འདུན་པའི་ཏིང་ངེ་འཛིན་དང༌། །བརྩོན་འགྲུས་


DTG089_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཏིང་ངེ་འཛིན་དང༌། །སེམས་ཀྱི་ཏིང་ངེ་འཛིན་དང༌། །དཔྱོད་པའི་ཏིང་ངེ་འཛིན་ཏོ། །འདི་ལྟར་ལ་ལ་ནི་འདུན་པ་དྲག་པོ་དང་ལྡན་པས་ཙེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེད་དོ། །ལ་ལ་ནི་ཡང་དག་པར་སྤོང་བའི་བཙོན་འགྲུས་ཀྱིས་མི་དགེ་བའི་ཚོགས་མི་སྐྱེ་པ་ཉིད་དང་ལེན་པར་བསྟན་ཏོ། །ལ་ལ་ནི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་མཚན་ཉིད་ཀྱིས་སེམས་ཡོངས་སུ་འཛིན་ཏོ། །ལ་ལ་ནི་མི་དགེ་བའི་ལས་ཕྲ་མོ་ཡང་དག་པར་སྤྱོད་དམ་འོན་ཏེ་ཡང་དག་པར་མི་སྤྱོད་ཅེས་གང་བདག་ཉིད་ཡོངས་སུ་དཔྱོད་པ་དེ་ནི་ཡང་དག་པར་ངེས་པར་སྤོང་ངོ༌། །དེ་དག་གིས་ཀུན་ནས་དཀྲིག་པ་ཐག་རིང་དུ་གྱུར་ནས་བག་ཉལ་སྤང་པའི་ཕྱིར་གོང་དུ་ཡང་དག་པར་སྤོང་བ་བཞི་པོ་དེ་དག་གིས་བཙོན་འགྲུས་རྩོམ་པ་ན་སྤོང་པའི་འདུ་བྱེད་བརྒྱད་མངོན་པར་འབྱུང་བ་ཡིན་ཏེ། །འདུན་པ་དང་བརྩོན་འགྲུས་དང༌། །དད་པ་དང༌། །ཤིན་ཏུ་སྒྱང་པ་དང༌། །དྲན་པ་དང༌། །ཤེས་བཞིན་དང༌། །སེམས་པ་དང༌། །བཏང་སྙོམས་སོ། །དེ་ལ་ནམ་ཞིག་བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་སྐྱེ་བར་འགྱུར་ཞེས་བྱ་བ་ནི་འདུན་པའོ། །མི་དགེ་བའི་ཆོས་ཐམས་ཅད་ངེས་པར་འཇོམས་པ་ནི་བརྩོན་འགྲུས་སོ། །གོང་མའི་ཆོས་རྟོགས་པར་བྱ་བ་ལ་དད་པ་ནི་དད་པའོ། །དེ་སྔོན་དུ་འགྲོ་བ་ནི་ཤིན་ཏུ་སྦྱངས་པའོ། །དེ་ལ་ཟི་གནས་ཀྱི་ཕྱོགས་དྲན་པའོ། །ལྷག་མཐོང་གི་ཕྱོགས་ཤེས་ཞིན་ནོ། །དེ་ལ་སེམས་མངོན་པར་འདུ་ཤེས་པ་ནི་སེམས་པའོ། །ཀུན་ནས་ཉོན་མོངས་པ་མ་པ་ནི་བཏང་སྙོམས་སོ། །འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་སྤོང་པའོ་འདུ་བྱེད་དང་ལྡན་པ་རྫུ་འཁྲུལ་གྱི་རྐང་པ་དེ་དབེན་པ་གནས་པ་དང༌། །འདོད་ཆགས་དང་བྲལ་བ་ལ་གནས་པ་དང༌། །འགོག་པ་ལ་གནས་པ་དང༌། །རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པར་བྱེད་དོམ། །དེ་ལ་དབེན་པ་ནི་ཉོན་མོངས་པ་ལས་སོ། །འདོད་ཆགས་དང་བྲལ་བ་ནི་སྲིད་པ་ལས་སོ། །འགོག་པ་ནི་སྡུག་བསྔལ་ལོ། །རྣམ་པར་སྤོང་བ་ནི་ཕུང་པོ་ཐམས་ཅད་སྤངས་པ་སྟེ། །དེ་ནི་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བའོ། །དབང་བྱེད་པ་ནི་དབང་པོ་སྟེ་དད་པ་ལ་སོགས་པ་སྔ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ཆོས་བསྐྱེད་པ་ལ་དབང་ཐོབ་པའོ་ཕྱིར་དབང་པོ།


DTG089_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་འགྱུར་བ་ཡིན་ཏེ། །དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་དུའོ། །འཛུ་འཁྲུལ་གྱི་རྐང་པ་དང་ལྡན་པའི་རྟགས་མཐོང་བས་གོང་དུ་ཁྱད་པར་གྱི་ཆོས་འབྱུང་བ་ལ་རེ་བ་སྐྱེས་ཏེ་སྟོན་པ་དང་ཉན་ཐོས་ཀྱི་ཐེག་པ་ལ་ཡིད་ཆེས་པ་སྐྱེའོ། །ཡིད་ཆེས་པ་དེ་གང་དུ་འཇིག་རྟེན་ལས་འདས་པའི་ཆོས་འབྱུང་བ་ལ་དབང་བྱེད་པས་དད་པའི་དབང་པོ་ཞེས་བྱའོ། །དབང་པོའི་སྟོབས་ཀྱིས་ཀྱང་བཙོན་འགྲུས་ལ་སོགས་པ་ཤིན་ཏུ་ལྷག་པར་སྐྱེ་སྟེ། །དེས་དེ་ཞིན་དུ་འཇིག་རྟེན་ལས་འདས་པའི་ཆོས་འབྱུང་བ་ལ་དབང་བྱེད་པས་བརྩོན་འགྲུས་ལ་སོགས་པའི་དབང་པོ་ཞེས་བྱའོ། །དེས་ན་དབང་པོ་ལྔར་འགྱུར་རོ། །དབང་པོ་ལྔ་བསྒོམ་པ་ལ་ཇི་ལྟར་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་མི་ཚུགས་ཤིང་ཐུབ་པར་དཀའ་བས་དེ་ལྟར་སྟོབས་ཞེས་བྱ་བ་མང་དུ་འགྱུར་ཏེ། །དད་པའི་སྟོབས་ནས་ཤེས་རབ་ཀྱི་སྟོབས་ཀྱི་བར་རོ། མཐོང་བའི་ལམ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ན་བྱང་ཆུབ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེའི་ཡན་ལག་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །དེ་ལ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་བསུམ་ནི་ལྷག་མཐོང་གི་ཕོགས་སོ། །ཤིན་ཏུ་སྦྱངས་པ་དང༌། །ཏིང་ངེ་འཛིན་དང༌། །བཏང་སྙོམས་ནི་ཞི་གནས་ཀྱི་ཕྱོགས་སོ། །དེ་དག་ཐོབ་པས་བདག་གིས་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་སྤངས་བར་མཐོང་ནས། བསྒོམ་པས་སྤང་བར་བྱ་བར་བྱ་བ་དེ་དག་སྤང་བའི་ཕྱིར་འཕགས་པའི་ལམ་ཕུང་པོ་གསུམ་དུ་སྒོམ་པར་བྱེད་དེ། །ཡང་དག་པའི་ལྟ་བ་དང༌། །ཡང་དག་པའི་རྟོག་པ་དང༌། །ཡང་དག་པའི་ངག་དང༌། །ཡང་དག་པའི་ལས་ཀྱི་མཐའ་དང༌། །ཡང་དག་འཚོ་བ་དང༌། །ཡང་དག་པའི་རྩོལ་བ་དང༌། །ཡང་


DTG089_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་དྲན་པ་དང༌། །ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་དངོས་པོ་གཉིས་དང་ཡང་དག་པར་རྩོལ་བ་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང༌། །ཡང་དག་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ལྷག་མ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་སྟེ། །དེ་ཡང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། །རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་པར་འབྱུང་བའོ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལ་གཞི་གནས་གནས་དང་ནི། །ངོ་བོ་ཉིད་དུ་བརྟག་ཡིན། །ཞེས་བྱ་བ་གསུངས་སོ། །དེ་ལ་དྲན་པ་ནི་བྱང་ཆུབ་ཀྱི་གནས་སོ། །ཆོས་རྣམ་པར་འབྱེད་པ་ནི་རང་བཞིན་ནོ། །བཙོན་འགྲུས་ནི་ངེས་པར་འབྱུང་བའོ། །དགའ་བ་ནི་ཕན་ཡོན་ནོ། ཀུན་ནས་ཉོན་མོངས་པའི་གནས་ངན་ལེན་གྱི་རྒྱུ་ལས་བྱུང་བའི་ཕྱིར་ཤིན་ཏུ་སྦྱངས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་སྟེ། དེ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་གནས་སོ། །བཏང་སྙོམས་ནི་ངོ་བོ་ཉེད་དོ། །ཡོངས་སུ་གཅོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕོགས་ཀྱི་གཉེན་པོར་ནི། །ལན་གྱི་ཡན་ལག་དེ་བརྒྱད་དོ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དང༌། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །དེ་ལ་མཐོང་བའི་ལམ་ལ་ཡོངས་སུ་གཅོད་པ་ནི་ཡང་དག་པའི་ལྟ་བའོ། །གཞན་གྱི་གོ་བར་བྱེད་པ་ནི་ཡང་དག་པའི་རྟོག་པའོ། །ཡང་དག་པའི་ངག་ཀུན་ནས་སློང་བར་གོ་བར་བྱེད་པའི་ཕྱིར་རོ། གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ནི་རྣམ་གསུམ་སྟེ། །ཡང་དག་པའི་ངག་དང༌། །ཡང་དག་པའི་ལས་ཀྱི་མཐའ་དང༌། །འཚོ་བའོ། །དེ་དག་གིས་ནི་གོ་རིམས་བཞིན་དུ་གསུམ་ལ་ཡིད་ཆེས་པར་གྱུར་རོ། །གཏང་དང་འབེལ་བའི་གཏང་རྣམ་པར་ངེས་པས་ཤེས་རབ་ལ་ཡིད་ཆེས་བར་འགྱུར་རོ། །མི་བྱ་བ་མི་བྱེད་པའི་ཕྱིར་ནི་ཚུལ་ཁྲིམས་སོ། །ཆོས་ཀྱི་རིམ་པར་ཆོས་གོས་ལ་སོགས་པ་ཚོལ་བ་ནི་ཡོ་བྱད་བསྙུངས་པའོ། །མི་མཐུན་པའི་གཉེན་པོའི་ཡན་ལག་ནི་རྣམ་པ་གསུམ་སྟེ། །ཡང་དག་པའི་རྩོལ་བ་དང༌། །ཡང་དག་པའི་དྲན་པ་དང༌། །ཡང་དག་པའི་ཏིང་ངེ་འཛིན་ཏོ།


DTG089_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ནི་གོ་རིམས་བཞིན་དུ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང༌། །ཉེ་བའི་ཉོན་མོངས་པ་བྱིང་བ་དང༌། །རྒོད་པ་དང༌། །མི་མཐུན་པའི་ཕྱོགས་ཁྱད་པར་ཅན་གྱི་ཡོན་ཏན་མངོན་པར་སྒྲུབ་པ་ལ་འགེགས་བྱེད་པའི་གཉེན་པོའོ་དོན་ཏོ། །དེ་དག་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རེ་རེའི་དབྱེ་བ་ཡིན་ཏེ་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་འགྱུར་རོ། །ཟད་ལ་མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་པོ། །དེའི་ཕྱོགས་ནི་རྗེས་སུ་མཐུན་པ་སྟེ་དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་སོ། །དེ་དག་ནི་འདི་ལ་ལམ་ཡིན་ཏེ་ཐམས་ཅད་ཀྱང་ལམ་གྱི་ཚོགས་ཏེ། །ཅི་རིགས་པར་བརྩོན་འགྲུས་དང༌། །བསམ་གཏན་དང༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར་བསྡུས་པ་ཡིན་ནོ། །གཟུངས་ཞེས་བྱ་བ་གཅིག་གིས་ཚིག་ཏུ་བྱས་པ་ནི་རིགས་ཀྱི་དབང་དུ་བྱས་པ་ཡིན་ཏེ། །གཟུངས་རྣམས་མ་ལུས་གཟུངས་ཀྱི་ཚིག་གོ །ཨ་ར་པ་ཙ་ལ་སོགས་པའི་ཡི་གེ་དེ་དག་ལ་དེའི་དོན་དེ་བཞིན་ཉིད་དུ་འཇུག་པར་སྒོམ་པར་བསྒོམ་པ་ན་བསྒོམ་པ་ཡོངས་སུ་རྫོགས་པ་ན་དེའི་དོན་ལ་བཟོད་པ་བསྐྱེད་པར་འགྱུར་ཏེ། །དེ་ནི་བཟོད་པའི་གཟུངས་སོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྟན་པའི་ཆོས་ཀྱི་ཕུང་པོ་འཛིན་པའི་རྒྱུར་གྱུར་པ་ནི་ཆོས་ཀྱི་གཟུངས་སོ། །དེ་ནས་དེའི་དོན་འཛིན་པའི་རྒྱུ་ནི་དོན་གྱི་གཟུངས་སོ། །དེ་ནས་སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར་སྔགས་དོན་ཡོད་པ་སྟོན་པ་ལ་དབང་བ་ནི་སྔགས་ཀྱི་གཟུངས་ཏེ། །དེ་ལ་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། །ཨའི་སྒོ་ནི་ཐབས་ཏེ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཇི་ལྟར་ཤེས་ཤེན་ཆོས་ཐམས་ཅད་ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནམ་མཁའ་དང༌། །མཉམ་སྟེ། །དེས་ནི་སྐྱེ་བ་མེད་ཅིང་དང་པོ་ཉིད་ནས་དྲི་མ་དང་བཅས་པའི་གནས་སྐབས་ཉིད་ནས་ཀྱང་སྐྱེ་བ་མེད་པ་ཡིན་ཏེ། །དེ་བས་ན་དེ་བཞིན་ཉིད་ལ་སྐྱེ་བ་མེད་པ་ཉིད་ཀྱིས་ཡི་གེ་ཨའི་དོན་ཏོ། །ཡི་གེ་རའི་སྒོ་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བའི་ཕྱིར་ཏེ། །དེ་བས་ན་ཇི་ལྟར་ནམ་མཁའ་ལ་རྡུལ་གྱིས་མི་གོས་པ་དེ་བཞིན་དུ་དེ་ཡང་ཉོན་མོངས་པའི་རྡུལ་གྱིས་ཏེ། །འདི་ནི་ཡི་གེ་རའི་དོན་ཏོ། །ཡི་གེ་པ་ནི་ཆོས་


DTG089_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྒོ་སྟེ་དོན་དམ་པར་ཁྱད་པར་མེད་པའི་ཕྱིར། །འདི་ནི་ཆོས་ཐམས་ཅད་དོན་དམ་པར་ཁྱད་པར་མེད་དོ། །དེ་ཡང་དེ་བཞིན་ཉིད་དུ་དེ་ལྟ་བུ་ཡིན་ཏེ། །དེ་ནི་མེད་པའི་དོན་ཏོ། །ཡི་གེ་ཙ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། །འཆི་འཕོ་དང་སྐྱེ་བ་མི་དམིགས་པས་འདི་ནི་དེ་བཞིན་ཉིད་ལ་འཆི་བ་དང་སྐྱེ་བ་མེད་པའི་ཕྱིར་ཙའི་དོན་ཏོ། །ཡི་གེ་ན་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་མིང་དང་བྲལ་བས་ན་བདག་གི་མིང་མེད་པའི་ཕྱིར་ནའི་དོན་ཏོ། །དེ་བཞིན་དུ་ཡི་གེ་ལ་ལ་སོགས་པ་ལ་དེ་བཞིན་དུ་རིག་པར་བྱ་སྟེ། །དེ་ནི་གཟུངས་ཀྱི་ཚོགས་སོ། །ས་བཅུ་དང་ཞེས་བྱ་བ་ནི། །བྱང་ཆུབ་སེམས་དཔའ་འཕག་པ་རྣམས་ཀྱིས་ནི་བཅུ་སྟེ། །དེ་དག་ནི་སའི་ཚོགས་སོ། །དེ་ཡང་རབ་ཏུ་དགའ་དང༌། །དྲི་མ་མེད་དང་འོད་འཕྲོ་བ་དང༌། །སྦྱང་དཀའ་བ་དང་མངོན་དུ་འགྱུར་བ་དང༌། །རིང་དུ་སོང་བ་དང༌། །མི་གཡོ་བ་དང༌། །ལེགས་པའི་བློ་གྲོས་དང༌། །ཆོས་ཀྱི་སྤྲིན་ནོ། །དེ་ལ་གང་དང་པོ་ལ་བདག་དང་གཞན་གྱི་དོན་སྒྲུབ་པ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པས་རབ་ཏུ་དགའ་བ་སྟེ། །དེས་བྱང་ཆུབ་སེམས་དཔའ་འདི་རབ་ཏུ་དགའ་བའོ། །དེ་ནས་འདི་ལ་ཚུལ་ཁྲིམས་འཆལ་པའི་དྲི་མ་དང་བྲལ་བ་དེ་བ་ན་དྲི་མ་མེད་པའོ། །གང་གི་ཕྱིར་འདི་ལ་ཏིང་ངེ་འཛིན་མ་ཉམས་པ་ལ་བརྟེན་ནས་ཆོས་སྣང་བ་དེ་བས་ན་འོད་བྱེད་པའོ། །གང་གི་ཕྱིར་འདི་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཉོན་མོངས་པའི་བུད་ཤིང་སྲེག་པ་དེ་བས་ན་འོད་འཕྲོ་བའོ། །གང་གི་ཕྱིར་འཇིག་རྟེན་ལས་འདས་པའི་མ་རིག་པ་དང་བདེན་པའི་ཤེས་པ་ཕན་ཚུན་འགལ་བ་དཀའ་བས་སྦྱོང་བར་བྱེད་པ་དེ་བས་ན་སྦྱང་དཀའ་བའོ། །གང་གི་ཕྱིར་འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་ཆགས་པ་མེད་པའི་བདེ་བ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་འགྱུར་ཞིང་གནས་པ་དེ་བས་ན་མངོན་དུ་གྱུར་པའོ། །གང་གི་ཕྱིར་འདི་ལ་བྱང་ཆུབ་ཀྱི་ཕྱོགས་དང༌། །བདེན་པ་དང༌། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་ནས་མཚན་མ་མེད་པ་ལ་གནས་ཤིང་རྩོལ་བ་དང་བཅས་པ་དེ་བས་ན་རིང་དུ་སོང་བའོ། །གང་གི་ཕྱིར་འདི་ལ་དེ་ཉིད་རང་གི་ངང་གི་འབྱུང་བའི་ཕྱིར་མི་གཡོ་པའོ། །གང་གི་ཕྱིར་འདི་ལ་སོ་སོ་ཡང་དག་པར་རིག་པ་དག་གིས་བྱང་ཆུབ་སེམས་དཔའ་ལེགས་པར་སྟོན་པས་ལེགས་པའི་བློ་གྲོས་སོ། །གང་གི་ཕྱིར་འདི་ལ་བྱང་ཆུབ་སེམས་དཔའ་རྒྱལ་


DTG089_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་དུ་དབང་བསྐུར་བ་དེ་བས་ན་ཆོས་ཀྱི་སྤྲིན་ནོ། །འདི་དག་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཡང་དག་པར་བསྡུས་པ་ཡིན་ནོ། །དེ་ལ་གོ་རིམས་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་བཅུར་ཡང་བྱ་བ་ཡིན་ཏེ་བཅུ་གང་ཞེ་ན། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཐབས་དང༌། སྨོན་ལམ་དང༌། སྟོབས་དང༌། ཡེ་ཤེས་ཏེ་འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་ཉེ་བར་བསགས་པ་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཡོངས་སུ་བསྔོ་བ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཐབས་དེས་དེ་མི་ཟད་པར་བྱེད་པའི་ཕྱིར་རོ། །དེ་ཡང༌། བྱང་ཆུབ་བསྔོས་པའི་དགེ་བ་ནི། །བྱང་ཆུབ་བར་དུ་ཟད་པ་མེད། །རྒྱ་མཚོར་ཆུ་ཐིགས་གཏོར་བ་ཡང༌། །འཇིག་པའི་བསྐལ་བར་གནས་པ་བཞིན། །ཞེས་སྨོས་སོ། །བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པ་དང༌། གང་གི་སྐྱེ་བ་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྒོམ་པའི་སྟོབས་དང༌། སོ་སོར་བརྟགས་པའི་སྟོབས་དང༌། གང་ཡང་ཉིན་རེ་འམ། སྐད་ཅིག་རེ་རེ་ལ་དེ་དག་སྤྱོད་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དགོངས་པ་ཇི་ལྟ་བ་བཞིན་ནམ་སྒྲ་ཇི་བཞིན་པ་མ་ཡིན་པར་ཐེག་པ་ཆེན་པོ་ཡོངས་སུ་ཤེས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ས་རྣམས་ནི་ས་བཅུ་པ་ལ་སོགས་པ་ལས་རྒྱས་པར་བསྟན་ཏོ། །ས་སྦྱོང་བ་ནི་ཡང་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལ་བརྟགས་པ་དང༌། རྗེས་སུ་བསྟན་པ་ཡིན་ནོ། །ས་རྣམས་སྦྱོང་བའི་དབང་དུ་བྱས་ནས། བསྟན་བཅོས་ལས་ཚིགས་སུ་བཅད་པ་ཉི་ཤུ་གསུངས་ཏེ། དེ་དག་ཀྱང་ས་ཇི་ལྟ་བ་བཞིན་དུ་སོ་སོར་བཤད་པར་བྱ་སྟེ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང༌། སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་བསྟེན་པ་དང༌། །དམ་ཆོས་དམིགས་པ་ཚོལ་བ་དང༌། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང༌། །སངས་རྒྱས་བཀུར་བསྟོད་དགའ་བ་དང༌། །ཆོས་བསྟན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་


DTG089_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །ཞེས་བྱ་བ་ལ་རྣམ་པ་བཅུ་ནི་རྣམ་པ་བཅུ་སྟེ། །དེ་ཡང་བསམ་པ་ལ་སོགས་པ་སྟེ། བསམ་པ་ནི་དད་པ་དང་འདུན་པའོ། །ཕན་པའི་དངོས་པོ་ནི་ཐམས་ཅད་ལ་ཕན་པར་འདོད་པའོ་རྒྱུ་ཉིད་ནི་འདི་ལ་སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་དོ། །གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚོལ་བ་ནི་ཡོངས་སུ་ཚོལ་བའོ། །དེ་ཡང་དམ་པའི་ཆོས་རྣམས་ལ་དམིགས་པ་སྟེ། ཆོས་ཡོངས་སུ་ཚོལ་བ་ཞེས་བྱ་བའི་དོན་ཏོ། །ངེས་པར་འབྱུང་བ་ནི་ཁྱིམ་གྱི་གནས་ནས་ངེས་པར་འབྱུང་བའོ། །ངེས་པར་འབྱུང་བ་དེ་ལ་སེམས་པ་ཉིད་དེ་འདོད་པ་ཉིད་དོ། །དགའ་བ་ཞེས་བྱ་བ་ལ་ཡང་འདིར་རྟག་ཏུ་ཞེས་བྱ་བ་རྗེས་སུ་སྦྱོར་རོ། །བདེན་པའི་ཚིག་ཅེས་བྱ་བ་ནི་བདེན་པའི་ངག་སྟེ་དེ་དག་ནི་བཅུའོ། །འདི་དག་ཅེས་བྱ་བ་ནི་བསམ་པ་ལ་སོགས་པའོ། །ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །བཀུར་སྟི་གུས་པར་ཉན་པ་དང༌། །བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །ཞེས་བྱ་བ་ལ་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །བཟོད་པ་ནི་བཟོད་པའི་སྟོབས་སོ། །རབ་ཏུ་དགའ་བ་ཉིད་ནི་རབ་ཏུ་དགའ་བའོ། །སེམས་ཅན་ཐམས་ཅད་ཡོངས་སོ་མ་བཏང་བ་ནི་སྙིང་བརྩེ་བ་ཆེན་པོའོ། །བཀུར་སྟི་ནི་བཀུར་བར་བྱ་བར་འོས་པའོ། །གུས་པར་ཉན་པ་ནི་དགེ་བའི་བཤེས་གཉེན་རྣམས་ལ་བརྟེན་པའི་འདུ་ཤེས་སོ། །སྦྱིན་པ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དག་ལའོ། །བརྒྱད་པ་སྨོས་པ་དེ་ནི་ཡོངས་སུ་སྦྱངས་པ་གཉིས་པ་ཉིད་བརྒྱད་ཡིན་ནོ། །ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །འཁོར་བས་ཡོངས་སུ་མི་སྐྱོ་དང༌། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །ཞེས་བྱ་བ་ལ་ཐོས་པས་ཞེས་བྱ་བ་ནི་མང་དུ་ཐོས་པས་སོ། །ཞིང་ཀུན་སྦྱོང་ཞེས་བྱ་བ་ནི་ཡོངས་སུ་དག་པར་རོ། །དེ་ལ་དེ་དག་ཉིད་བསོད་ནམས་ཡོངས་སུ་བསྔོ་བས་རློམ་སེམས་མེད་པའི་བདག་ཉིད་དེ་དེས་རློམ་པ་མེད་པས་དེ་རྣམ་ལྔ་ཞེས་བྱ་བའི་ཚིག་གིས་སོ། །ཡོངས་སུ་སྦྱོང་བ་ལྔ་པ་ནི་གསུམ་པ་ཡིན་ནོ། །ནགས་གནས་འདོད་ཆུང་ཆོག་ཤེས་དང༌། །སྦྱང་པ་ཡང་དག་སྡོམ་བསྟེན་དང༌། །བསླབ་པ་


DTG089_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མི་གཏོང་དང༌། །འདོད་པ་རྣམས་ལ་སྨོད་པ་དང༌། །མྱ་ངན་འདས་དང་བདོག་ཀུན་གཏོང༌། །མི་ཞུམ་པ་དང་ལྟ་བ་མེད། །ཅེས་བྱ་བ་ལ། ནགས་གནས་ནི་དགོན་པ་ན་གནས་པ་འམ་ཡང་ན་དེ་བྱེད་པའོ། །ཆོག་ཤེས་པ་ནི་ཡང་དག་པར་དགའ་བའོ། །སྦྱངས་པ་ཡང་སྡོམ་བསྟེན་དང༌། །ཞེས་བྱ་བ་ནི་མི་གཏོང་བའོ། །སྨོད་པ་ཞེས་བྱ་བ་ནི་སྐྱོ་བའོ། །བདོག་ཀུན་གཏོང་ཞེས་བྱ་བ་ནི་བདོག་པ་ཐམས་ཅད་གཏོང་བའོ། །མི་ཞུམ་པ་དང་ལྟ་བ་མེད། །ཅེས་བྱ་བ་ནི་མ་ཞུམ་པའི་སེམས་ཉིད་དང་དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་སྟེ། ཞུམ་པ་མེད་པ་དང་བག་འཁུམས་པ་མེད་པའི་ཕྱིར། རྣམ་པ་བཅུ་པོ་འོག་ནས་བཤད་པ་དག་ཀྱང་འདིས་རྗེས་སུ་འབྲང་སྟེ། དེས་ན་ཡོངས་སུ་སྦྱོང་བ་བཅུ་པོ་ཉིད་ནི་བཞི་པ་ཡིན་ནོ། །འདྲིས་དང་ཁྱིམ་ལ་འཁྲེན་པ་དང༌། །འདུ་འཛིན་གྱུར་པའི་གནས་དང་ནི། །བདག་བསྟོད་གཞན་ལ་བརྙས་པ་དང༌། །མི་དགེ་ལས་ཀྱི་ལམ་བཅུ་དང༌། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །ཡིད་གཉིས་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་དག་ཐོབ། ཅེས་བྱ་བ་ལ། འདྲིས་པ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང༌། ཁྱིམ་ལ་འཁྲེན་པ་ནི་ཁྱིམ་དུ་སོང་ནས་སེར་ན་བྱེད་པའོ། །འདུ་འཛིར་གྱུར་པ་ནི་གཏམ་མི་འདྲ་བ་སྣ་ཚོགས་སོ། །བསྟོད་པ་སྟོད་པར་བྱེད་པའོ། །བརྙས་པ་ནི་སྨོད་པའོ། །ལས་ཀྱི་ལམ་ནི་ལས་ལམ་མོ། །རློམ་པ་ནི་མཐོ་བར་སེམས་པའོ། །ཁེངས་པ་ནི་བླ་མ་རྣམས་ལ་ལུས་ཀྱིས་མི་འདུད་པའོ། །ཕྱིན་ཅི་ལོག་ནི་ཕྱིན་ཅི་ལོག་གི་དོན་འཛིན་པའོ། །ཡིད་གཉིས་ནི་ཐེ་ཚོམ་མོ། །ཉོན་མོངས་པ་བཟོད་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བག་ཆགས་ལྷག་པར་བསྒོ་བ་སྟེ། དེ་དག་ནི་འདྲིས་པ་ལ་སོགས་པའོ། །སྦྱིན་དང་ཚུལ་ཁྲིམས་བཟོད་བཙོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་པ། །བསླངས་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང༌། །དབུལ་ཡང་སློང་བ་མི་སྤོང་ལས། །ས་ནི་དྲུག་པ་ཡང་དག་འཐོབ། །ཅེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེས་རབ་ཏུ་རྫོགས་པ་ཞེས་བྱ་བ་ནི་དྲུག་གོ །ཉན་ཐོས་ལ་དགའ་བ་དང༌། རང་སངས་རྒྱས་


DTG089_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་བ་དང༌། སྐྲག་པའི་སེམས་ཡོངས་སུ་སྤངས་བ་དེ་དག་ནི་གསུམ་མོ། །བསླངས་ནས་མི་ཞུམ་པའི་སེམས་ཉིད་དང༌། བདོག་པ་ཀུན་བཏང་ཡང་མི་དགའ་བ་ཉིད་དང༌། དབུལ་ཡང་སློང་བ་མི་སྤོང་བ་དེ་ནི་གསུམ་སྟེ་ཆོས་བཅུ་གཉིས་པོ་དེ་དག་གིས་ནི་ས་དྲུག་པ་ཐོབ་པ་ཡིན་ནོ། །བདག་དང་སེམས་ཅན་འཛིན་པ་དང༌། །སྲོག་དང་གང་ཟག་ཆད་རྟག་དང༌། །མཚན་མ་རྒྱུ་དང་ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་དང་ཆགས་གནས་དང༌། །སེམས་ནི་ཀུན་ཏུ་ཞུམ་པ་དང༌། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང༌། །དེར་ལྟ་བ་ལ་མངོན་ཞེན་དང༌། །སྟོང་པ་ཉིད་ལ་རྩོད་པ་དང༌། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ། །རྣམ་ཐར་སྒོ་གསུམ་ཤེས་པ་དང༌། །འཁོར་གསུམ་རྣམ་པར་དག་ཉིད་དང༌། །སྙིང་རྗེ་དང་ནི་རློམ་སེམས་མེད། །ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་དང་བཟོད་ཤེས་དང༌། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་ཏུ་འཇོམས་པ་དང༌། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང༌། །ཞི་གནས་ངེས་པར་སེམས་པ་དང༌། །ལྷག་མཐོང་ལ་ནི་མཁས་པ་དང༌། །སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང༌། ཆགས་པའི་ས་མིན་གང་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང༌། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ། །གཉིས་པ་ཉི་ཤུའི་སྒྲ་ལ་ནི་ཡོན་ཏན་ཉི་ཤུས་ལྷག་པ་ཡིན་ཏེ། ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་ལྷག་མ་སྟེ། བདག་ཏུ་འཛིན་པ་ལ་སོགས་པ་ཉེས་པ་ཉི་ཤུའོ། །ཉེས་པ་ནི་དྲི་མའོ། །གང་ལ་རྣམ་པར་ཆད་པ་ནི་རབ་ཏུ་ཉམས་པའོ། །རྣམ་ཐར་སྒོ་གསུམ་ཤེས་པ་དང༌། ཞེས་བྱ་བ་ལ་སོགས་པ་ཡང་ཡོན་ཏན་ཉི་ཤུ་ཡོངས་སུ་རྫོགས་པས་ནི་ས་བདུན་པ་ཐོབ་པ་ཡིན་ནོ་ཞེས་མདོར་བསྡུས་པའི་དོན་ཏོ། །འཛིན་པ་ཞེས་བྱ་བ་ནི་མངོན་པར་ཞེན་པའོ། །དེའི་ཁྱད་པར་ནི་བདག་ལ་སོགས་པ་ནས་སྐྱེ་མཆེད་ཀྱི་བར་དུའོ། །རྟག་པ་ཞེས་བྱ་བ་ནི་གཅིག་ཏུ་བསྡུ་བའི་དབྱེ་བ་ཡིན་ཏེ། རྣམ་པར་དབྱེ་བ་བདུན་པར་བྱས་སོ། །དཀོན་མཆོག་གསུམ་དང་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་དཀོན་མཆོག་ལ་སོགས་པ་ནས་སངས་རྒྱས་དཀོན་མཆོག་ལ་སོགས་པ་ལ་ལྟ་བའི་བར་དུའོ། །


DTG089_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མངོན་པར་ཞེན་པ་ནི་ངེས་པའོ། །ཡིད་འབྱུང་བ་ནི་སྐྱོ་བའོ། །དེ་དང་འགལ་བ་ནི་སྟོང་པ་ཉིད་ལ་གནོད་པའོ། །མཉམ་པ་ནི་ལྷན་ཅིག་པའི་དོན་ཏོ། །དེ་ལ་ཉེས་པ་བསྟན་པའི་དོན་ནི་བདག་ཏུ་འཛིན་པ་དང་སེམས་ཅན་དུ་འཛིན་པ་དང༌། སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པ་དང༌། ཆད་པར་འཛིན་པ་དང༌། རྟག་པར་འཛིན་པ་དང༌། མཚན་མར་འཛིན་པ་དང༌། རྒྱུར་འཛིན་པ་དང༌། ཕུང་པོར་འཛིན་པ་དང༌། ཁམས་སུ་འཛིན་པ་དང༌། སྐྱེ་མཆིད་དུ་འཛིན་པ་དང༌། ཁམས་གསུམ་པ་ལ་རྣམ་པར་གནས་པ་དང༌། ཁམས་གསུམ་ལ་ཆགས་པ་དང། སངས་རྒྱས་ལ་ལྟ་བ་ལ་གནས་པ་དང༌། ཆོས་ལ་ལྟ་བ་ལ་གནས་པ་དང༌། དགེ་འདུན་ལ་ལྟ་བ་ལ་གནས་པ་དང༌། ཚུལ་ཁྲིམས་ལ་ལྟ་བ་ལ་གནས་པ་དང༌། སྟོང་པ་ཉིད་ཀྱི་ཆོས་ཉིད་ལ་ཡིད་འབྱུང་བ་དང༌། སྟོང་པ་ཉིད་ལ་འགལ་བ་དག་གོ །ཡོན་ཏན་རྗེས་སུ་སྟོན་པའི་དོན་ནི་སྟོན་པ་ཉིད་ཡོངས་སུ་རྫོགས་པ་དང༌། མཚན་མ་མེད་པ་མངོན་སུམ་དུ་བྱེད་པ་དང༌། སྨོན་པ་མེད་པ་ཤེས་པ་དང༌། འཁོར་གསུམ་ཡོངས་སུ་དག་པ་དང༌། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་ལ་བརྩེ་བའོ། །དེ་དག་ལ་ཡང་རློམ་སེམས་མེད་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་བ་དང༌། ཐེག་པ་ཡང་དག་པར་རབ་ཏུ་རྟོགས་པ་དང༌། མི་སྐྱེ་བ་ལ་བཟོད་པའི་ཤེས་པ་དང༌། ཐེག་པ་གཅིག་ཏུ་སྟོན་པ་དང༌། ཆོས་ཐམས་ཅད་ཀྱི་རྟོག་པ་ཀུན་ཏུ་འཇོམས་པ་དང༌། འདུ་ཤེས་དང༌། ལྟ་བ་སྤོང་བ་དང༌། ཉོན་མོངས་པ་སྤོང་བ་དང༌། ཞི་གནས་ལ་ངེས་པར་སེམས་པ་དང༌། ལྷག་མཐོང་ལ་མཁས་པ་དང༌། སེམས་དུལ་བ་དང༌།ཐམས་ཅད་དུ་ཐོགས་པ་མེད་པའི་ཡེ་ཤེས་དང༌། ཆགས་པ་མེད་པའི་ས་མ་ཡིན་པ་དང༌། ཇི་ལྟར་འདོད་པའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང༌། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དེར་ཡང་བདག་གི་ངོ་བོ་ཡང་དག་པར་སྟོན་པའོ། །སེམས་ཅན་ཀུན་ཡིད་ཤེས་པ་དང༌། །མངོན་པར་ཤེས་པས་བརྩེ་པ་དང༌། །སངས་རྒྱས་ཞིང་བཟང་སྒྲུབ་པ་དང༌། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བརྟེན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང༌། །བསམ་བཞིན་སྲིད་པ་ལེན་


DTG089_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། །ལས་ནི་རྣམ་པ་འདི་བརྒྱད་བཤད། །བཟང་སྒྲུབ་ཅེས་བྱ་བར་སྦྱར་ཏེ་ཡོངས་སུ་དག་པ་ཞེས་བྱ་བའི་དོན་ཏོ། །རྣམ་བརྒྱད་ཅེས་བྱ་བའི་ཚིག་གིས་ནི་རྣམ་པ་བརྒྱད་ཉིད་དེ་ཡོངས་སུ་སྦྱངས་པ་བརྒྱད་པའོ། །འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་བའི་རྗེས་སུ་འཇུག་པ་དང༌། མངོན་པར་ཤེས་པས་རྣམ་པར་བརྩེ་བ་དང༌། སངས་རྒྱས་ཀྱི་ཞིང་སྒྲུབ་པ་དང༌། སངས་རྒྱས་རྣམས་ལ་བརྟེན་པ་དང༌། ཡོངས་སུ་བརྟག་པ་གཅིག་ཏུ་བྱས་པ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌།སྒྱུ་མ་ལྟ་བུའི་རིང་ངེ་འཛིན་ལ་ཡང་དང་ཡང་དུ་སྙོམས་པར་འཇུག་པ་དང༌། སྲིད་པར་བསམས་བཞིན་དུ་སྐྱེ་བའོ། །སངས་རྒྱས་ཀྱི་ཞིང་ནི་རྣམ་པ་གཉིས་ཏེ། དང་པོ་ནི་སྣོད་ཀྱི་འཇིག་རྟེན་ཕྱི་མ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །སྨོན་ལམ་དག་ནི་མཐའ་ཡས་དང༌། །ལྷ་ལ་སོགས་པའི་སྐད་ཤེས་དང། །སྤོབས་པ་ཆུ་བོ་ལྟ་བུ་དང༌། །མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང༌། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །བརྒྱད་ཀྱི་འོག་ཏུ་དགུ་བ་ཡིན་ཏེ། དེའི་ཡོངས་སུ་སྦྱོང་བ་ནི་བཅུ་གཉིས་ཏེ། སྨོན་ལམ་མཐའ་ཡས་པ་དང༌། ལྷ་ལ་སོགས་པའི་སྐད་ཤེས་དང༌། །སྤོབས་པ་ཆི་བོ་ལྟ་བུ་དང༌། མངལ་དུ་འཇུག་པ་ཕུན་སུམ་ཚོགས་པ་དང༌། རིགས་ཕུན་སུམ་ཚོགས་པ་དང༌། རུས་ཕུན་སུམ་ཚོགས་པ་དང༌། ཆོ་འབྲང་ཕུན་སུམ་ཚོགས་པ་དང༌། འཁོར་ཕུན་སུམ་ཚོགས་པ་དང༌། སྐྱེ་བ་ཕུན་སུམ་ཚོགས་པ་དང༌། ངེས་པར་འབྱུང་བ་ཕུན་སུམ་ཚོགས་པ་དང༌། བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་དང༌། ཡོན་ཏན་ཕུན་སུམ་ཚོགས་པའོ། །ས་དགུ་འདས་ནས་ཡེ་ཤེས་ནི། །གང་གི་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་བ་ཡིན་པར་ཤེས་པར་བྱ། །ས་དགུ་ནི་རིགས་ལ་སོགས་པའི་སའོ། །དེ་ལ་རིགས་ཀྱི་ས་ནི་མྱ་ངན་ལས་འདས་པའི་རིགས་ཅན་ནོ། །བརྒྱད་པའི་ས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པའོ། །མཐོང་བའི་ས་ནི་རྒྱུན་དུ་ཞུགས་པའོ། །བསྲབས་པའི་ས་ནི་ལན་


DTG089_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཕྱིར་འོང་བའི་འབྲས་བུའོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བའོ། །བྱ་བ་བྱས་སོ་ཞེས་ཁོང་དུ་ཆུད་པའི་ཕྱིར་དེའི་ས་ནི་བྱས་རྟོགས་པ་ཅན་གྱི་སའོ། །ཉན་ཐོས་ཀྱི་ས་ནི་ཉན་ཐོས་ཁོ་ན་རྣམ་པ་དྲུག་པའོ། །རང་སངས་རྒྱས་ཀྱི་ས་ནི་རང་སངས་རྒྱས་ཀྱི་སའོ། །བྱང་ཆུབ་སེམས་དཔའི་ས་ནི་སྔར་བཤད་པའི་ས་རྣམས་སོ། །ས་དགུ་པོ་འདི་དག་འདས་ནས་བྱང་ཆུབ་སེམས་དཔའི་ཡེ་ཤེས་གང་གིས་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་བའོ། །དེ་དག་ནི་སའི་ཚོགས་སོ། །གཉེན་པོའི་ཚོགས་ཀྱི་དབང་དུ་བྱས་ནས་བསྟན་བཅོས་ལས། མཐོང་དང་གོམས་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་བྱ་བ་གསུངས་ཏེ། གོམས་པ་ནི་སྒོམ་པའོ། །གཟུང་བ་ནི་མཐོང་བའི་ལམ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་ཏེ། དངོས་པོ་ཙམ་ལ་གནས་པ་དང༌། གཉེན་པོ་ལ་གནས་པའོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་ཏེ། གང་ཟག་རྫས་ལ་བརྟེན་པ་དང༌། །གང་ཟག་རྫས་ལ་བཏགས་པའི་གཞི་ལ་བརྟེན་པའོ་། །དེ་དག་ནི་བསྒོམ་པའི་ལམ་ལ་ཡང་ངོ༌། །བརྒྱད་པོ་འདི་དག་སྤང་བའི་ཕྱིར་གཉེན་པོ་བརྒྱད་ནི་གཉེན་པོའི་ཚོགས་སོ། །དེ་ལ་མཐོང་བའི་ལམ་ནི་དེ་བཞིན་ཉིད་ལ་སོགས་པ་དང༌། གཟུགས་ལ་སོགས་པ་དང༌། རྨི་ལམ་ལ་སོགས་པའི་གཟུང་བའི་དངོས་པོ་ཡང་དམིགས་པ་ནི་རྣམ་པར་རྟོག་པ་སྟེ། དེའི་ཆོས་ཉིད་ལ་དམིགས་པའི་མཚན་ཉིད་མི་དམིགས་པ་ནི་དེའི་གཉེན་པོའོ། །སྦྱིན་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་གཉེན་པོའི་དངོས་བོ་ལ་དམིགས་པ་ནི་རྣམ་པར་རྟོག་པའོ། །མི་དམིགས་པ་ནི་གཉེན་པོའོ། །དགྲ་བཅོམ་པའི་སྦྱིན་པ་ལ་སོགས་པ་དང་གང་ཟག་གི་རྫས་རྣམས་ལ་དམིགས་པ་ནི་རྣམ་པར་རྟོག་པའོ། མི་དམིགས་པ་ནི་གཉེན་པོའོ། །མིང་དང་བརྡ་དང་ཐ་སྙད་ལ་སོགས་པ་ལ་དམིགས་པ་ནི་རྣམ་པར་རྟོག་པའོ། །མི་དམིགས་པ་ནི་གཉེན་པོའོ། །བསྒོམ་པའི་ལམ་ལ་གནས་པ་མེད་པ་མ་ཡིན་པ་ནི་ཆོས་ཐམས་ཅད་གནས་པ་མེད་པའི་ཚུལ་གྱིས་ཏེ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་ཞེས་བྱ་


DTG089_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ཏོ། །དེ་དག་ནི་གཟུང་བའི་དངོས་པོ་མི་དམིགས་པའོ། །སྦྱིན་པ་ལ་སོགས་པའི་གཉེན་པོའི་དངོས་པོ་ནི་མི་དམིགས་པའོ། །རྒྱུན་ཏུ་ཞུགས་པ་ལ་སོགས་པ་གང་ཟག་གི་རྫས་མི་དམིགས་པ་དང༌། རྒྱུན་ཏུ་ཞུགས་པ་ལ་སོགས་པ་ལ་ཞུགས་པ་དང༌། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་གང་ཟག་བཏགས་པའི་གཞི་རྣམས་ལ་དམིགས་པ་སྟེ། དེ་དག་མི་གཉེན་པོའི་ཚོགས་སོ། །ཚོགས་ཀྱི་སྒྲུབ་པ་རྫོགས་སོ།། །།འདིར་ངེས་བར་འབྱུང་བས་ན་ངེས་པར་འབྱུང་བའི་སྒྲུབ་པའི་སྐབས་སོ། །དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། ཆེད་དུ་བྱས་དང་མཉམ་ཉིད་དང། །སེམས་ཅན་དོན་དང་འབད་མེད་དང༌། །ཤིན་ཏུ་ངེས་བར་འབྱུང་བ་དང༌། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ངེས་འབྱུང་ལམ་གྱི་སྤྱོད་ཡུལ་ཅན། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདིར། །ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་བྱ་བ་གསུངས་སོ། །འདི་ཉིད་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནི་ཅི་ཞིག་གསོལ་བ་ཡིན་ཞེ། ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་བྱང་ཆུབ་སེམས་དཔའ་ངེས་བར་འབྱུང་བར་གྱུར་ཏོ། །དེའི་ཕྱིར་ཐེག་པ་འདི་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །དེ་ཅིའི་ཕྱིར་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་ཞེ་ན། དེས་བདག་ཉིད་ཆེན་པོ་མི་ཐོབ་པ་ཐོབ་པའི་ཕྱིར་རོ། དེ་ཡང་གང་ཡིན་ཞེ་ན། སེམས་ཅན་གྱི་ཚོགས་ཀྱི་མཆོག་ཉིད་དུ་སྒྲུབ་པ་ཡིན་ཏེ། སེམས་ཆེན་པོ་ཉིད་དང༌། སྤོང་བ་ཆེན་པོ་ཉིད་དང༌། རྟོགས་པ་ཆེན་པོ་ཉིད་ཀྱི་ཆེན་པོ་ཡིན་ཏེ་དེ་ལྟར་འདི་ནི་ཆེད་དུ་བྱ་བའི་ངེས་པར་འབྱུང་བའོ། །ནམ་མཁའ་དང་མཉམ་པ་ཉིད་ཀྱིས་དེ་ཐེག་པ་ཆེན་པོ་ཡིན་ཏེ། དེ་བས་ན་ཐེག་པ་དེ་ནི་ཐེབ་པ་ཆེན་པོ་ཞེས་བརྗོད་དོ་ཞེས་སྦྱོར་རོ། །ནམ་མཁའ་དང་མཉམ་པ་ཉིད་ཅེས་བྱ་བ་ལ་ཇི་ལྟར་མཉམ་པ་ཉིད་ཡིན་ཞེ་ན། ཇི་ལྟར་ནམ་མཁའ་ལ་ཕྱོགས་ཀྱི་བྱེ་བྲག་མེད་དེ་ཁ་དོག་མ་ཡིན། དབྱིབས་མ་ཡིན། ཐོགས་པ་མེད་པ། བསྟན་དུ་མེད་པ། མཐའ་མེད་པ། དབུས་མེད་པ། བྲི་བ་མེད་པ། འཕེལ་བ་མེད་པ། སྐྱེ་བ་མེད་པ།


DTG089_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་མེད་པ། འདོད་པའི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་ཀྱི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །ཐེག་པ་ཆེན་པོ་ཡང་དེ་བཞིན་ཏེ། དེ་བས་ན་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་དེ་ནི་ཐེག་པ་ཆེན་པོ་ཡིན་ཏེ། དེའི་ཕྱིར་མཉམ་པ་ཉིད་ཀྱིས་ངེས་བར་འབྱུང་བ་ཡིན་ནོ། །ཇི་ལྟར་ནམ་མཁའ་ལ་ཞེས་བྱ་བ་ལ་སོགས་པས་ནི་ནམ་མཁའ་ནི་གོ་སྐབས་འབྱེད་པ་ཡིན་ཏེ། ཐེག་པ་ཆེན་པོ་ལ་གོ་སྐབས་ཡོད་པ་དེས་ན་དེ་དག་འབྱེད་པའི་ཕྱིར་འཇིག་རྟེན་གྱི་ཁམས་དང༌། གཡང་ས་དང༌། ཕྱོགས་སུ་ཡོངས་སུ་ཆད་པ་མེད་པས་ཚད་མེད་གྲངས་མེད་དཔག་མེད་པ་སྟེ། རྣམ་གྲངས་འདིས་ཞེས་བྱ་བའི་རྣམ་པ་འདིས་སོ། །འདི་ལྟ་སེམས་ཅན་འདི་སྙེད་ཀྱི་གོ་སྐབས་འབྱེད་པ་ཡིན་ཞེ་ན། གང་གི་ཕྱིར་སེམས་ཅན་མེད་པས་ནམ་མཁའ་མེད་དོ། །ནམ་མཁའ་མེད་པས་ཐེག་པ་ཆེན་པོ་མེད་དོ། །ཐེག་པ་ཆེན་པོ་མེད་པས་ཆོས་ཐམས་ཅད་མེད་དོ། །དེ་བས་ན་སེམས་ཅན་དང༌། ནམ་མཁའ་དང༌། ཐེག་པ་ཆེན་པོ་དང༌། ཆོས་ཐམས་ཅད་ཀྱི་གཟུགས་སུ་མེད་པ། བསྟན་དུ་མེད་པ།ཐོགས་པ་མེད་པ། མཚན་ཉིད་གཅིག་པས་འདི་ལྟ་སྟེ། མཚན་ཉིད་མེད་པའོ། །དེ་ལྟར་དེ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་གོ་འབྱེད་པ་ན་ཐེག་པ་ཆེན་པོ་ཡིན་ཏེ། དེ་བས་དེ་ནི་སེམས་ཅན་ངེས་པར་འབྱོང་བའོ། །འདི་ལ་ཞེས་བྱ་བ་ལ་སོགས་པ་ལ། འོང་བས་ན་འོང་བའོ། །ངེས་པར་འགྲོ་བས་ན་ངེས་པར་འགྲོ་བའོ། །གནས་པ་ནི་འགྲོ་བ་ལས་ལྡོག་པའོ། །ཐེག་པ་ཆེན་པོ་ལ་གསུམ་པོ་དེ་དག་མེད་པའོ། །གང་གི་ཕྱིར་ཆོས་ཐམས་ཅད་ནི་གཡོ་བ་མེད་པ་སྟེ། གང་གི་ཕྱིར་དེ་དག་རང་བཞིན་གྱིས་གང་དུ་ཡང་འགྲོ་བ་མེད་ཅིང་གང་ནས་ཀྱང་འོང་འོང་བ་མེད་གང་དུ་ཡང་གནས་པར་འགྱུར་བ་མེད་དེ། གྱོ་བ་དང་འགུལ་བ་དེས་འབད་པ་མེད་པའི་ངེས་པར་འབྱུང་བའོ། །བཅོམ་ལྡན་འདས་ཞེས་བྱ་ལ་སོགས་པ་ལ། འདི་ལྟར་ཞེས་བྱ་བ་ནི་ནམ་མཁའ་ཉིད་དོ། །འདི་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལའོ། །སྔོན་གྱི་མཐའ་ཞེས་བྱ་བ་ནི་འདས་པའི་དུས་སོ། །ཕྱི་མའི་མཐར་ཞེས་བྱ་བ་ནི་མ་འོངས་པའི་དུས་སུའོ། །དབུས་ཞེས་བྱ་བ་ནི་ད་ལྟར་བྱུང་བའོ། །གསུམ་པོ་འདི་ཡང་ཐེག་པ་ཆེན་པོ་ལ་མི་དམིགས་ཏེ། དེ་ནི་དུས་


DTG089_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཉམ་པ་ཉིད་ཀྱི་ཐེག་པ་སྟེ་དེ་བས་ན་ཐེག་པ་ཆེན་པོའོ། །ཇི་ལྟར་དུས་གསུམ་མཉམ་པ་ཉིད་ཡིན་ཞེ་ན། གང་གི་ཕྱིར་འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོང༌། མ་འོངས་པའི་དུས་ཀྱང་མ་འོངས་པའི་དུས་ཀྱིས་སྟོང༌། ད་ལྟར་བྱུང་བའི་དུས་ཀྱང་ད་ལྟར་བྱུང་བའི་དུས་ཀྱིས་སྟོང་སྟེ། དུས་གསུམ་མཉམ་པ་ཉིད་ཀྱིས་སོ། །ཐེག་པ་ཆེན་པོ་ཡང་ཐེག་པ་ཆེན་པོས་སྟོང༌། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང༌། སྟོང་པ་ཉིད་ལ་ནི་འདས་པའམ། ད་ལྟར་བྱུང་བ་མེད་དོ། །ཀུན་ནས་ཉོན་མོངས་པ་མེད་དོ། །རྣམ་པར་བྱང་བ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །དེ་བས་ན་ཐེག་པ་དེ་ནི་དུས་གསུམ་མཉམ་པ་ཉིད་དེ། དེ་ནི་བསྟན་དུ་མེད་པས་ཤིན་ཏུ་ངེས་པར་འབྱུང་བའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་རབ་འབྱོར་གྱིས་ཐེག་པ་ཆེན་པོའི་སྒྲའི་དོན་བསྟན་པ་ལ། བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ནས། འདི་ལ་བསླབས་པས་ཞེས་བྱ་བ་ལ་སོགས་པས་ནི་ཐོབ་པའི་མཚན་ཉིད་ཀྱིས་ངེས་པར་འབྱུང་བའི་སྐབས་སྟོན་ཏོ། །འདིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ནས་ཐེག་པ་ཆེན་པོའི་སྟོན་པ་ནི་སྐབས་མ་ཡིན་པ་ཉིད་ཀྱིས་གཞན་དག་གིས་དོགས་པ་སྤང་བའི་ཕྱིར། གང་པོས་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་ལན་ནོ། །རྗེས་སུ་མཐུན་པར་སྟོན་ཏོ་ཞེས་བྱ་བ་ནི་གང་གི་ཕྱིར་ཁྱོད་ཀྱིས་ཆོས་ཐམས་ཅད་དང་ཐེག་པ་ཆེན་པོའི་ངོ་བོ་ཉིད་སྟོན་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ཏེ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། དེ་བས་ན་རྗེས་སུ་མཐུན་པར་སྟོན་ཏོ་ཞེས་བྱ་བར་དགོངས་སོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པའི་སྐབས་ཉིད་ཀྱིས་ནི་ཐོབ་པའི་མཚན་ཉིད་ཀྱིས་ངེས་པར་འབྱུང་བའི་དབང་དུ་བྱས་ནས། དེ་ལ་ཐོབ་པ་རྣམ་པ་བཅུ་གཉིས་ཀྱི་བྱེ་བྲག་གིས་ཚིག་བཅུ་གཉིས་སྨྲས་སོ། །དེ་ནས་དེ་གཉིས་ཀྱི་ཁྱད་པར་བསྟན་པའི་དོན་དུ་ནི་ཡང་གི་སྒྲའོ། །དེ་ལ་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་དང་པོའི་ཚིག་བསྟན་ཏོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པའོ། །གཟུགས་


DTG089_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པའོ། །བཅོམ་ལྡན་འདས་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་བཞི་པའོ། །བཅོམ་ལྡན་འདས་སངས་རྒྱས་ཞེས་བགྱི་བ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་ལྔ་པའོ། །ཇི་ལྟར་བདག་ཅེས་བགྱི་བ་ལ་སོགས་པས་ནི་དྲུག་པའོ། །ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ་ཞེས་བྱ་བས་ནི་བདུན་པའོ། །གང་གཟུང་དུ་མ་མཆིས་པ་ཞེས་བྱ་བ་ལ་སོགས་པས་ནི་བརྒྱད་པའོ། །དེ་ལྟར་ཆོས་དེ་དག་ཞེས་བྱ་བ་ལ་སོགས་པས་ནི་དགུ་པའོ། །དེ་ཅི་ཞེས་བྱ་བ་ལ་སོགས་པས་ནི་བཅུ་པའོ། །བཅོམ་ལྡན་འདས་མངོན་པར་མ་གྲུབ་པ་ལས་གུད་ན་ཞེས་བྱ་བ་ལ་སོགས་པས་ནི་བཅུ་གཅིག་པའོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་བཅུ་གཉིས་པའོ། །བརྟགས་པ་ལ་མངོན་པར་ཞེན་པའི་གོམས་པ་མཐར་ཐུག་པ་ནི་མངོན་པར་ཞེན་པ་སྐྱེ་བ་ནི་གཞན་གྱི་དབང་སྟེ། དེ་རྣམ་པ་ཐམས་ཅད་དུ་ལྡོག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ནི་བྱང་ཆུབ་སེམས་དཔའ་ཐོབ་པ་ཡིན་ཏེ། དེ་ནི་སྤྱིའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། འདིར་ཡང་བཅོམ་ལྡན་འདས་ཀྱི་ཐེག་པ་ཆེན་པོ་འདི་ལ་འདས་པ་དང༌། མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསླབས་ནས་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་བོ། །རྗེས་སུ་འཐོབ་པར་འགྱུར་རོ། །རྗེས་སུ་ཐོབ་བོ་ཞེས་གསུངས་སོ། །དེ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་མི་དམིགས་པ་སྟེ། དེ་བས་ན་སེམས་ཅན་མེད་པ་དང༌། ཆོས་ཐམས་ཅད་མེད་པ་དང༌། བྱང་ཆུབ་སེམས་དཔའ་མེད་པ་ཡིན་ཏེ། དེ་ལྟར་སེམས་ཅན་མེད་པ་དང༌། ཆོས་ཐམས་ཅད་མེད་པ་དང༌། བྱང་ཆུབ་སེམས་དཔའ་མེད་པ་ནི་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་འདི་དག་ཐམས་ཅད་གཉིས་སུ་བྱར་མེད་དེ་དེ་བས་ན་སྔོན་གྱི་མཐའ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ཉེ་བར་མ་མཆིས་ཞེས་བྱ་བ་འདི་ནི་དང་པོའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ལ་སྔོན་གྱི་མཐའ་ཞེས་བྱ་བ་ལ་སོགས་པ་ལ་དེ་གང་ལས་ཤེ་ན། གཏན་ཚིགས་ནི་གཟུགས་སུ་མ་མཆིས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། གཟུགས་ལ་སོགས་པ་ནི་ནམ་མཁའ་དང་མཉམ་པ་ཡིན་ཏེ། གང་གི་ཕྱིར་གཟུགས་ཀྱི་སྟོང་པ་ཉིད་ལ་བརྟེན་པ་དེས་ན་འདི་དག་


DTG089_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མུ་མ་མཆིས་པ་སྟེ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་ཀྱི་མཐའ་དང་བྲལ་བ་ཉིད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་གཉིས་པའི་དོན་ཏོ། །གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། ཉེ་བར་མི་མཆི་ཞེས་བྱ་བ་ནི་ཉེ་བར་མི་འགྲོ་བ་སྟེ། གང་གི་ཕྱིར་འདི་དག་ཀྱང་མེད་ཅིང་མི་དམིགས་ཏེ། གཟུགས་ལ་སོགས་པ་སྟོང་པ་ཉིད་ལ་བརྟེན་པ་གང་གི་ཕྱིར་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་སྤང་བ་ཡོད་པ་མ་ཡིན་ཞིང་བྱང་ཆུབ་སེམས་དཔའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གསུམ་པའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་གཟུགས་སུ་སྣང་བ་ནའོ། །བྱང་ཆུབ་སེམས་དཔའི་ཆོས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཟུགས་ལ་སོགས་པའོ། །ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པའི་སྡེ་ཚན་གྱི་བྱེ་བྲག་གིས་ཐམས་ཅད་དོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་ཐམས་ཅད་དེ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པའི་སྡེ་ཚན་ནོ། །ཡང་ཐམས་ཅད་ཅེས་བྱ་བ་ནི་སྡེ་ཚན་དེ་ཐམས་ཅད་ལ་རེ་རེ་ཞིང་ཡང་ཐམས་ཅད་དོ། །རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་རང་རང་གི་ཕན་ཚུན་ཐམས་ཅད་མི་དམིགས་པ་སྟེ་དེ་དག་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ངོ༌། །བཅོམ་ལྡན་འདས་དེ་ཞེས་བྱ་བ་ལ་སོགས་པ་ལ་ཆོས་དེ་ཞེས་བྱ་བ་ནི་སྐབས་ཀྱི་བྱང་ཆུབ་སེམས་དཔའ་ཞེས་རྟོགས་པར་བྱེད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ངོ༌། །ཆོས་གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའོ། །ཆོས་གང་གིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བས་སོ། །ཆོས་གང་ལ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ཐོབ་པར་བྱ་བའོ། །གདམས་པར་བགྱི་ཞེས་བྱ་བ་ནི་ཐོབ་པར་བྱ་བའི་ཕྱིར་ཏེ། གང་ཞིག་གང་གིས་གང་དུ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གདམས་པ་མེད་པས་རྗེས་སུ་སྒྲུབ་པ་མེད་པའི་ཕྱིར། གང་ཞིག་གང་ལ་གང་དུ་ཐོབ་པ་མེད། །ཅེས་བྱ་བ་ནི་བཞི་པའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ཉིད་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །མིང་ཙམ་ཞེས་བྱ་བ་ནི་དོན་གྱིས་སྟོང་པ་ནི་མིང་སྟེ། དེའི་ཕྱིར་དོན་མེད་པའི་ངོ་བོ་


DTG089_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མིང་ཡིན་ཏེ། བརྡའི་སྔ་རོལ་དུ་དོན་ཙམ་དུ་མཐོང་བའི་ཕྱིར་རོ། །མིང་ལ་ཡང་དོན་གྱི་རང་གི་ངོ་བོ་མེད་དེ་དོན་མི་ཤེས་པ་ཡང་མིང་ཙམ་ཤེས་པ་ཡོད་དོ། །དོན་མེད་ཀྱང་སྒྲ་སྦྱོར་བའི་ཕྱིར་མིང་དོན་མེད་དོ། །དེ་ཉིད་ཀྱི་ཕྱིར་མིང་དེ་ཡང་མངོན་པར་མ་གྲུབ་སྟེ། མིང་ཉིད་མངོན་པར་མ་གྲུབ་པོ། །དེས་ན་བྱང་ཆུབ་སེམས་དཔའི་མིང་མངོན་པར་མ་གྲུབ་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མིང་མངོན་པར་མ་གྲུབ་པས་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་ལྔ་པའི་དོན་ཏོ། །དེ་ལྟར་རེ་ཞིག་ཚིག་ལྔས་ནི་ཆོས་བདག་མེད་པའི་སྒོ་དང༌། མིང་ཙམ་གྱི་སྒོ་ནས་བཏགས་པའི་བྱང་ཆུབ་སེམས་དཔའི་ཐོབ་པ་དགག་པ་ཡིན་ནོ། །གང་ཟག་ལ་བདག་མེད་པའི་སྒོ་ནས་དེ་དགག་པའི་ཕྱིར་ནི་ཚིག་དྲུག་པ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་བདག་བདག་ལ་ཞེས་གསུངས་པ་དང༌། བཅོམ་ལྡན་འདས་བདག་ཤིན་ཏུ་མངོན་པར་མ་གྲུབ་པ་ཞེས་བྱ་བ་ལ། ཤིན་ཏུ་ཞེས་བྱ་བ་ནི་ཚིག་ཏུ་མངོན་པར་མ་གྲུབ་པ་ཡིན་ཏེ་དེ་ནི་ཡང་དག་པར་ཡོད་པ་མ་ཡིན་ཏེ། མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པ་དེ་བཞིན་དུ་སྒྲ་དང་སྐབས་ཀྱིས་རྟོགས་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཡང་མེད་པ་ཡིན་ནོ། །གཞན་གྱི་དབང་གི་ངོ་བོ་མེད་དཔའི་དབང་དུ་བྱས་ནས། ཚིག་བདུན་པ་སྨྲས་ཏེ། དེ་བཞིན་དུ་ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ་ལ་ཞེས་བྱ་བ་ལ་འདི་གང་ལས་ཤེས་ཤེ་ན། གང་གི་ཕྱིར་བཅོམ་ལྡན་འདས་མ་ཆེན་མོ་དག་ལས་རབ་འབྱོར་གྱི་ཚིག་བཅུ་གཉིས་ཀྱིས་བསྟན་ཏེ། དེས་ན་བཅུ་གཉིས་པོ་འདི་དག་གི་མིང་དང་རྒྱུ་ཐོབ་པ་ལ། ཤཱ་རིའི་བུས་དྲི་བ་བྱས་པ་ལ་གནས་བརྟན་རབ་འབྱོར་གྱིས་གཏན་ཚིགས་ཀྱི་རིམ་པས་བཤད་པ་ནི་ཚིག་བདུན་པ་ལ། རྒྱུ་གང་གིས་ཚིག་རྣམས་ངོ་བོ་ཉིད་མེད་པ་འདྲི་བ་ལ་རྗེས་སུ་དྲིས་པ་ནི་ངོ་བོ་ཉིད་མེད་པས་གཏན་ཚིགས་བསྟན་ནས། ཤཱ་རིའི་བུས་རྣམ་གྲངས་འདིས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་མཇུག་བསྡུ་བར་བྱས་སོ། །དེ་ནས་འདིར་ཡང་ཤེས་པར་བྱ་བ་ནི་འདྲི་བ་དང༌། རྗེས་སུ་དྲིས་པ་དང༌། གཏན་ཚིགས་བརྗོད་པ་དང༌། དེའི་མཇུག་བསྡུ་བའོ། །དེ་ནི་དོན་གྱིས་ཤེས་བར་བྱ་བ་ཡིན་གྱི་ཆེད་དུ་བསྟན་པ་ནི་མ་ཡིན་ནོ། །ཆེད་དུ་བསྟན་ན་ནི་བདུན་པའི་ཚིག་


DTG089_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་ཉམས་པར་འགྱུར་ཏེ། གང་གི་ཕྱིར་ཚིག་བདུན་པ་ཉམས་པ་རྣམ་པ་གསུམ་དུ་འགྱུར་ཏེ། དུས་ཀྱིས་བྱུང་བ་ནི་ཚིག་འོག་མ་དང་ཚིག་གཅིག་ཏུ་འགྱུར་བ་ནི་ཉམས་པ་དང་པོའོ། །ཚིག་ཏུ་བྱས་པའི་དོན་ལ་རྣམ་པར་དབྱེ་བ་དང་པོ་བསལ་ནས་དྲུག་པའི་རྣམ་པར་དབྱེ་བ་བྱས་པ་ནི་ཉམས་པ་གཉིས་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བ་བསལ་ནས་ངོ་བོ་ཉིད་མ་མཆིས་པ་ཞེས་བརྗོད་པ་ནི་ཉམས་པ་གསུམ་པའོ། །དོན་བཤད་པར་བྱ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནི་གཞན་དབང་གི་ངོ་བོས་སོ། །འདི་དག་ལ་དངོས་པོ་མེད་པའི་ངོ་བོ་ཡིན་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ་ཆོས་ཐམས་ཅད་དོ། །གང་ཡང་གསུངས་པ། འདུས་པ་ལས་བྱུང་བའི་རང་གི་ངོ་བོ་ནི་མེད་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རོ། །རྒྱུད་ཉེ་བར་གནས་པ་ནི་འདུས་པའོ། །དེ་ལ་གང་ཡང་ཡོད་པ་དེ་ནི་འདུས་པ་ལས་བྱུང་བའོ། །འདུས་པ་ལས་བྱུང་བ་གང་ཡིན་པ་དེ་ནི་རང་གི་ངོ་བོ་མེད་དེ་རྒྱུ་དང་བྲལ་བ་ཡོད་ན་མེད་པའི་ཕྱིར་རོ། །གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནི་མི་རྟག་པའི་ཕྱིར་རོ། །ཕྱི་ནས་མེད་དེ་ཡོད་པ་དག་ནི་ཕྱི་ནས་མེད་པར་མི་རིགས་ཏེ་འགལ་བ་དེ་བས་ན་སྐད་ཅིག་གཅིག་ཉིད་ལ་དངོས་པོ་གང་ཡིན་པ་དེ་ནི་སྐད་ཅིག་ལས་གཞན་དུ་རང་གི་ངོ་བོ་མེད་དེ། དེ་བས་ན་དངོས་པོ་མེད་པ་དེ་དག་གི་རང་གི་ངོ་བོ་ཡིན་ནོ། །གཞན་ཡང་གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ལ། སྡུག་བསྔལ་བ་ལ་ཡང་སྤང་བར་བྱ་བ་ཡིན་ནོ། །དེ་ན་ཡང་འདི་དག་ནི་དངོས་པོ་མེད་པའི་ངོ་བོ་ཡིན་ཏེ། དེའི་ཕྱིར་གཞན་གྱི་དབང་གིས་རང་གི་ངོ་བོས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རོ་ཞེས་བྱ་བ་འདི་ཉིད་ནི་བདུན་པའི་དོན་ཡིན་ནོ། །དངོས་པོ་མེད་པའི་རང་གི་ངོ་བོ་ཉིད་བརྟགས་པ་འདིས་ཀྱང་གཟུགས་ལ་སོགས་པ་ཐོབ་པ་མ་ཡིན་ནམ། གང་གི་ཕྱིར་རྫ་མཁན་གྱིས་བུམ་པ་དང༌། ཐ་ག་པས་རས་ལ་སོགས་པ་བསྐྱོད་པར་སྣང་ངོ་ཞེ་ན། དེས་ན་གཟུགས་དེ་གང་ལགས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བརྟགས་པའི་གཟུགས་ལ་སོགས་པ་གང་མངོན་པར་གྲུབ་པ་དེ་གང་ལགས་ཞེས་བྱ་བ་ནི།ཅི་ཡང་མེད་པ་ཉིད་དེ། བརྟག་པ་ཐམས་ཅད་ནི་འདུས་མ་བྱས་ཞེས་བྱ་བའི་དོན་ཏོ། །


DTG089_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་ཕྱིར་རྗེས་སུ་བསྟན་པའི་ཚིག་ནི་རབ་འབྱོར་གྱིས་རིགས་པ་སྨས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་འདུས་མ་བྱས་ཡིན་ཏེ་འདི་ནི་འདུ་བྱེད་མེད་པའི་ཕྱིར་རོ། །རྫ་མཁན་དང་ཐ་ག་པ་ལ་སོགས་པ་ཡང་བརྟགས་པ་ཡིན་པས་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བརྟགས་པ་ལ་སྐྱེ་བ་དང༌། འགག་པ་ལ་སོགས་པ་བཀག་པ་ཡིན་ནོ་ཞེས་བྱ་བ་ནི་བརྒྱད་པའི་དོན་ཏོ། །བཅོམ་ལྡན་འདས་མ་འདི་ལས་ནི་བརྟགས་པའི་གཟུང་བ་ཡང་བཀག་པ་ཡིན་ཏེ། དེ་ནི་བྱིས་པས་གཟུང་བ་ཡིན་པའི་ཕྱིར་རོ། །བརྒྱད་པའི་འོག་ཏུ་ཚིག་གསུམ་གྱིས་ཡོངས་སུ་གྲུབ་པའི་རང་བཞིན་གྱི་ངོ་བོའི་དབང་དུ་བྱས་ནས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལྟར་ཞེས་བྱ་བ་འདི་ལྟར་བརྟགས་པའི་རང་གི་ངོ་བོས་སོ། །དེ་དག་གི་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོས་སོ། །གང་རང་གི་ངོ་བོ་ཉིད་མེད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མངོན་པར་མ་གྲུབ་པའོ། །དེ་ནི་ཡོངས་སུ་མ་གྲུབ་པའི་རང་གི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་དེའི་ཚེ་ཆོས་ཉིད་ལས་ཆོས་ཅན་ཐ་དད་པ་མེད་པའི་འཁྲུལ་པར་ཟད་ན་སྟོང་པ་ཉིད་ཀྱང་ཟད་པ་ཡིན་ལ། ཅི་སྟེ་སྟོང་པ་ཉིད་ནི་བརྟག་པ་ཡིན་ན་དེའི་ཚེ་དེ་དང་ཐ་མི་དད་པས་འཁྲུལ་པ་འཁྲུལ་པར་ཡང་བརྟག་པར་འགྱུར་རོ་ཞེ་ན། གང་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་ཡང་ཡོངས་སུ་གྲུབ་པའི་ངོ་བོ་དེ་ནི་འཁྲུལ་པའི་རང་གི་ངོ་བོ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དང༌། གཞན་དབང་ཐ་མི་དད་པ་བཀག་པ་ནི་དགུ་པའི་དོན་ཏོ། །དེ་ཅི་ཞེས་བྱ་བ་ལ་སོགས་པས་ཐ་མི་དད་པས་ཐ་དད་པའི་ཕྱིར་ཏེ་ཅི་ཞེས་སྨོས་ཏེ། དེའི་ཚེ་ཇི་ལྟར་མངོན་པར་མ་གྲུབ་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཙམ་གྱི་བྱང་ཆུབ་སེམས་དཔས་སོ། །མངོན་པར་མ་གྲུབ་པ་ལ་ཞེས་བྱ་བ་ནི་སྟོང་པ་ཉིད་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པར་བགྱི་ཞིང་གང་གིས་ཀྱང་མ་ཡིན་པའོ། །གང་གི་ཕྱིར་སྐྱེ་བ་མེད་པ་ལ་གདམས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐ་དད་པ་བཀག་པ་ནི་བཅུ་པའི་དོན་ཏོ། །གཞན་དབང་གི་ངོ་བོ་ནི་འཁྲུལ་བ་ཉིད་དེའི་འཁྲུལ་པ་ལྡོག་པ་དེའི་ཚེ་སྟོང་པ་ཉིད་ཀྱི་གཞི་ཅི་ཞིག་ཡིན། ཅི་སྟེ་གཞི་མེད་ན་དེ་ལྟར་ན་གང་ཞིག་ཆོས་ཉིད་ཡིན། རི་བོང་གི་རྭ་


DTG089_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདི་ཁྱད་པར་ཅི་ཞིག་ཡོད། རི་བོང་གི་རྭ་དང་འདྲ་བའི་བྱང་ཆུབ་སེམས་དཔའི་ཐོབ་པ་ནི་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་མངོན་པར་མ་གྲུབ་པ་ལས་གུད་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་དམ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཤེས་པར་བྱ་བ་རྣམས་སོ། །སངས་རྒྱས་ཀྱི་ཆོས་སམ་ཞེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐོབ་པའོ། །བྱང་ཆུབ་སེམས་དཔའི་ཆོས་སམ་ཞེས་བྱ་བ་ནི་སྔར་ཐོབ་པའི་ཡོན་ཏན་རྣམས་སོ། །གང་ཡང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ཡང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །འདི་དག་ཐམས་ཅད་ནི་ཐོབ་པའི་དུས་ན་མངོན་པར་མ་གྲུབ་པ་ལས་གུད་ན་སྟོང་པ་ཉིད་ཐ་དད་པར་མི་དམིགས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཤེས་པ་ལས་ཐ་མི་དད་ཅིང་ཐམས་ཅད་སྟོང་པ་ཉིད་བཞིན་དུ་དེའི་ཚེ་སྣང་ངོ་ཞེས་བྱ་བའི་དོན་ཏོ། །འདི་ཡང་འདིས་སྟོན་པ་ཡིན་ཏེ། གང་འདིའི་སངས་རྒྱས་ཀྱི་བྱང་ཆུབ་དང༌། སེམས་ཅན་དང༌། སོ་སོའི་སྐྱེ་བོའི་གནས་སྐབས་དང་རྗེས་སུ་འཇུག་པའི་ཕྱིར་ཆོས་ཀྱི་དབྱིངས་བཞིན་དུ་རྟག་པར་སྣང་བ་ཡིན་ཏེ། དེའི་ཆོས་ཉིད་དེ་ནི་ཇི་སྲིད་གཞན་གྱི་དབང་ཡོད་པ་དེ་སྲིད་དུ་ཆོས་ཉིད་ཅེས་བརྗོད་དོ། །ཕྱི་ནས་གཞན་ན་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་རང་གི་ངོ་བོ་ཉིད་ཀྱི་སྐུ་སངས་རྒྱས་བརྗོད་དོ། །དེ་ནི་འདིར་བཅུ་གཅིག་པའི་དོན་ཏོ། །བཅུ་གཉིས་པའི་ཚིག་ནི་གལ་ཏེ་ཞེས་བྱ་བ་ནས་བརྩམས་ནས། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བའི་བར་གྱིས་བསྟན་ཏེ། འདིར་སེམས་མི་ཞུམ་ཞེས་བྱ་བ་ལ་སོགས་པའི་ཚིག་ལྔས་ནི་ཞི་གནས་རྣམ་པ་ལྔ་བསྟན་ཏོ། །ཅིའི་ཕྱིར་བཅོམ་པར་མི་བགྱིད་ཅེས་བྱ་བའི་ཚིག་གཅིག་གིས་རྣམ་པ་བཞི་བརྗོད་དེ་ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུན་གཅིག་ཏུ་བྱེད་སེམས་མཉམ་པར་འཇོག་པར་བྱེད་པའོ། །ཏིང་ངེ་འཛིན་གྱི་སེམས་ལ་འདི་དག་མེད་ན་ཡན་ལག་ལྔར་ཐལ་བར་འགྱུར་བས་དེས་ན་བཞི་པོ་དེ་ཉིད་ཀྱི་ཕྱིར་བཅོམ་པ་བཀག་པས་ཡིད་ཕྱིར་བཅོམ་པར་མི་བགྱིད་ཅེས་བྱ་བ་ཡིན་ཏེ། དེ་ལྟར་ཚིག་དྲུག་གིས་ཞི་གནས་རྣམ་པ་དགུ་བསྟན་ཏོ། །ཡང་དག་པ་ལ་སོ་སོར་རྟོག་པའི་སྣང་བ་ནི་གསལ་བའོ། །གསལ་བ་དེ་ལ་སྐྲག་པར་མི་བྱེད་པ་ནི་མི་སྐྲག་པ་སྟེ། དེ་འགོག་པར་བྱེད་པའོ། །དེས་ནི་མི་སྐྲག་ཅེས་བྱ་བའི་ཚིག་གཅིག་གིས་ནི་


DTG089_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མཐོང་བསྟན་ཏོ། །མི་དངང་ཤིན་ཏུ་དངང་བར་མི་འགྱུར་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་ཟུང་དུ་འབྲེལ་བའི་ལམ་བསྟན་ཏོ། །དེའི་ཕྱིར་མི་དངང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་མི་དངང་བ་ཡིན་ཏེ། དེ་མེད་པའི་ཕྱིར་དེ་ནི་ཞི་གནས་ཀྱི་ཡན་ལག་གོ །ཡང་དག་པའི་ཡེ་ཤེས་ལས་དངངས་པ་ནི་ཤིན་ཏུ་དངངས་པའོ། །དེ་མི་སྐྱེ་བ་ནི་ལྷག་མཐོང་གི་ཡན་ལག་གོ །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་རྗེས་སུ་བརྟག་པའོ། །བསྒོམ་པའོ་ཞེས་བྱ་བ་ནི་ཞི་གནས་ཀྱིས་སོ། །ཉེ་བར་དམིགས་པའོ་ཞེས་བྱ་བ་ནི་ཉེ་བར་རྟོག་པ་ནི་ངེས་པར་སེམས་པ་ཡིན་ཏེ། ཟུང་དུ་འབྲེལ་པའི་ལམ་གྱིས་སོ། །དེ་ནི་བཅུ་གཉིས་པའི་དོན་ཏོ། །འདིའི་འཐད་པར་སྒྲུབ་པའི་ཕྱིར་ཚིག་བཅུ་གསུམ་པས་བསྟན་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་བྲིས་པའོ། །ལན་ནི་བཅོམ་ལྡན་འདས་གང་གི་ཚེ་ཞེས་བྱ་བ་ལ་ཆོས་འདི་དག་ཅེས་བྱ་བ་ནི་ཆོས་ཐམས་ཅད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའོ། །གཟུགས་བརྟགས་པ་ནས་རྣམ་པར་ཤེས་པའི་བར་དང༌། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་ཉེ་བར་མི་འགྲོ་ཞེས་བྱ་བ་ནི་ཉེ་བར་མི་དམིགས་པ་སྟེ། དེས་སྣང་བ་མེད་པའི་ཕྱིར་ཉེ་བར་མི་འགྲོ་བའོ། །ཉེ་བར་མི་རིག་ཅེས་བྱ་བ་ནི་རྣམ་པར་རྟོག་པར་མི་བྱེད་པ་སྟེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་བཀག་པ་ཡིན་ནོ། །ཁྱད་པར་གྱིས་རྣམ་པར་རྟོག་པ་དགག་པའི་ཕྱིར་གཟུགས་ལ་སོགས་པ་སྐྱེ་བ་དང་འགག་པ་མེད་དེ་གཟུགས་ལ་སོགས་པ་སྔར་ནི་སྐྱེས་པ་དང་ད་ལྟར་ནི་འགག་པ་ཡིན་ནོ་ཞེས་མི་མཐོང་སྟེ། གང་གི་ཕྱིར་བརྟག་པ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་སྐྱེ་བ་དང་འགག་པ་མེད་དེ་དེ་བས་ན་གཉིས་ཀ་ཡང་མི་མཐོང་ངོ༌། །གཞན་དབང་ལྡོག་པ་མེད་པར་ལན་བཏབ་པ་བཀག་པ་ཡིན་ནམ། བརྟགས་པར་རབ་ཏུ་སྣང་བས་ནི་དེ་ཉེ་བར་མི་འགྲོ་བ་གང་ལས་ཡིན་ཞེ་ན། །དེ་ནས་ཚིག་དྲུག་གིས་ནི་བརྟགས་པ་ལ་མངོན་པར་ཞེན་པ་ན་སྐྱེ་བ་ཡིན་ལ། མི་རྟེན་པ་དང་མངོན་པར་ཞེན་པ་མེད་པ་དེའི་ཚེ་ནི་ལྡོག་པར་འདོད་དོ། །སྔོན་སྐྱེ་བ་མེད་པའི་ཕྱིར་དང༌། སྔ་མ་ནི་རང་


DTG089_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངང་གིས་འཇིག་པའི་ཕྱིར་དེ་ལྟར་ན་དེ་དག་ནི་སྐྱེ་བ་མེད་པ་དང་འཇིག་པ་མེད་པ་དེའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བྱ་བའི་ཚིག་གཞན་དབང་གི་རང་གི་ངོ་བོའི་དབང་དུ་བྱས་པ་ཡིན་ནོ་སྙམ་པ་འདི། ཐམས་ཅད་སེམས་ལ་བཞག་ནས་དྲི་བ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་སྨོས་སོ། །ལན་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གཟུགས་ལ་སོགས་པ་སྐྱེ་བ་མེད་པ་དང༌། འཇིག་པ་མེད་པ་དེ་དག་ནི་དེའི་དངོས་པོ་མེད་པ་དག་སྟེ། དངོས་པོ་མེད་པ་ཡང་སྐྱེ་བ་དང༌། འཇིག་པའི་དངོས་པོའི་ངོ་བོ་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །གང་ཡང་དངོས་པོ་མེད་པའི་རང་གི་ངོ་བོ་གཞན་དབང་ཡིན་ནོ་ཞེས་གསུངས་པ་ནི་དངོས་པོ་མེད་པ་གཉིས་མེད་ན་ནི་འབྱུང་བའི་དོན་གྱིས་ཏེ། དེ་ལས་གཅིག་ཏུ་འགལ་བའི་ཕྱིར་རོ། །དེ་ལྟར་ན་ཐ་མི་དད་པ་བཀག་ནས་ཐ་དད་པ་ཡང་དག་པར་སྨྲས་པ། དེ་ནི་སྐྱེ་བ་མེད་པ་དང༌། འཇིག་པ་དང༌། གཟུགས་ལ་སོགས་པས་འདི་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་པའོ། །གཟུགས་ལ་སོགས་པ་མེད་པར་གྱུར་པ་དེའི་ཚེ་གཉིས་སུ་བགྱིར་མ་མཆིས་ཞེས་བྱ་བ་མི་རིགས་པ་མ་ཡིན་ནམ་ཞེ་ན། འདིར་དེའི་ཕྱིར་གང་ཡང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པས་འདི་སྨྲས་སོ། །གཞན་གྱི་དབང་ནི་གཟུགས་ལ་སོགས་པ་མི་བཟུང་སྟེ། ཇི་ལྟར་ཞེ་ན། གང་གཉིས་སུ་མེད་པ་ནི་སྐྱེ་བ་དང་འཇིག་པ་དང་བྲལ་བ་ཡོངས་སུ་གྲུབ་བོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཡོངས་སུ་གྲུབ་པ་ནི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་བརྟགས་པ་མེད་པའི་མཚན་ཉིད་དེ། སྐྱེ་བ་མེད་པ་དང༌། འཇིག་པ་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་མེད་པའི་མཚན་ཉིད་དོ། །དེས་ན་གསུམ་པོ་འདི་དག་ནི་གཉིས་སུ་མེད་པའི་ངོ་བོ་ཡིན་ཞེས་བསམས་ཏེ་དེ་ནི་ཐོབ་པའི་མཚན་ཉིད་ཀྱི་ངེས་པར་འབྱུང་བའོ། །ད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་པར་འབྱུང་བའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་བརྗོད་པར་བྱ་སྟེ། དེ་ལ་དང་པོ་ཆོས་བཞི་ཉེ་བར་དྲི་བར་བྱ་སྟེ་བྱང་ཆུབ་སེམས་དཔའ་གང་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་གང་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན། ཉེ་བར་ཡོངས་སུ་རྟོག་པ་གང་ཡིན་ཞེ་ན། དེ་ལ་བྱང་ཆུབ་ཉིད་སེམས་དཔའ་སྟེ་དེས་ན་བྱང་ཆུབ་སེམས་


DTG089_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དཔའོ། །དེས་ཆོས་ཐམས་ཅད་རྟོགས་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་ཀྱི་ཡེ་ཤེས་ཏེ་མངོན་པར་ཞེན་པ་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པར་རྟོག་པ་ལས་སྲུང་བར་བྱེད་པས་ནད་པ་སྟེ། རྣམ་པར་རྟོག་པའི་གཉེན་པོའི་ཆོས་རྣམས་སོ། །རྣམ་པར་རྟོག་པ་དག་ལས་ཆགས་པ་མེད་པ་ནི་ཨ་པར་མི་ཏ་སྟེ། ཆགས་པ་དང་བྲལ་བའོ། །དེ་དག་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏེ། འདིར་ཤེས་རབ་ཀྱང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཆོས་ཐམས་ཅད་རྟག་པ་དང་བདེ་བ་དང༌། གཙང་བ་དང༌། བདག་དང་སྤོང་མ་མ་ཡིན་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་དང༌། མི་དབེན་བ་དང༌། སོ་སོར་ཡང་དེ་ལས་བཟློག་པ་རྣམ་པ་བཅུ་དྲུག་གིས་བཟློག་ཅིང་བཀག་པས་ཉེ་བར་རྟོག་པའོ། །དེ་ལ་འདིར་ཉེ་བར་བརྟག་པ་འདི་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལས་གསུངས་ཏེ། དེའི་འོག་ཏུ་ཉེ་བར་བརྟག་པ་གཞན་ཡང་དེ་དག་ལས་གསུངས་སོ། །དེ་ཉིད་འདི་ལས་བསྟན་པའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནས། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་ནི་སྔ་མ་བཞིན་ནོ། །དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཅིའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་འདི་གཉིས་སུ་མེད་པའི་གྲངས་སུ་བྱས་པ་སྟེ། གཉིས་སུ་མེད་པ་ཡང་ཆོས་ཀྱི་དབྱིངས་ཡིན་ཏེ། རྒྱུ་དེས་ན་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་པ་ཡིན་ཏེ། སྐྱེ་བ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་བའི་དོན་ཏོ། །གཞན་དབང་གི་རང་གི་ངོ་བོ་ནི་འདིར་མ་གྲུབ་སྟེ། དེ་ནི་དོན་དམ་པ་མ་ཡིན་པའི་ཕྱིར་ལ། འདི་ནི་དོན་དམ་པའི་དབང་དུ་བྱས་པའི་ཕྱིར་རོ། །གལ་ཏེ་འདིར་ཉེས་པ་ཅིར་འགྱུར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དཀའ་བའི་ལས་ལ་སྤྱོད་པ་ནི་སྤྱོད་པའོ། །དེ་ཅིའི་ཕྱིར་སྤྱོད་ཅེ་ན་སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །སྦྱོར་བའི་བཙོན་འགྲུས་ལྟ་ཞོག །སེམས་ཅན་རྣམས་ཀྱི་ཕྱིར་ལག་པ་དང༌། རྐང་པ་དང༌། མགོ་དང་ལུས་སྦྱིན་པ་ལ་སོགས་པའི་སྡུག་བསྔལ་གང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་


DTG089_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་ཕྱིར་རོ། །དེ་དག་སོ་སོར་མྱོང་བར་བྱ་བའི་ཕྱིར་དུ་ཅིའི་ཕྱིར་སྤྲོ་བར་བྱེད་ཅེ་ན། གོ་ཆའི་བརྩོན་འགྲུས་ཀྱིས་སྦྱོར་བར་བྱེད་པ་ཡིན་ཏེ་དེས་ན་དཀའ་བའི་སྤྱོད་པ་མི་བྱེད་པ་སྟེ། དེ་ལ་བརྩོན་པ་མ་ཡིན་ནོ། །དེའི་རྒྱུ་གཞན་དབང་ཉིད་ཀྱིས་དོན་དམ་པ་མ་ཡིན་པའི་ཕྱིར་ལ། དོན་དམ་པ་མ་ཡིན་པ་ལ་ནི་གོམས་པར་མི་བྱེད་ཅིང་ཁྱད་པར་དུ་ཡང་དཀའ་བ་སྤྱོད་པར་མི་བྱེད་ཅེས་རྒོལ་བ་ལ། དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱི་ལན་ནོ། །དེ་ལ་དང་པོའི་ཚིག་གིས་ནི་ཁས་མི་ལེན་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་དཀའ་བ་སྤྱོད་པར་འདོད་པ་དེ་ནི་དེ་ལ་མི་འདོད་པ་སྒྲུབ་པ་ཞེས་བྱ་བའི་སྐྱོན་དུ་འགྱུར་ན། བདག་མི་འདོད་དེ་གང་ལས་མི་འདོད་པར་བྱེད་ཅེ་ན། དཀའ་བའི་འདུ་ཤེས་ཀྱི་དཀའ་བ་སྤྱོད་ན་ནི་ཡིད་ལ་གཅགས་པར་འགྱུར་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པའི་ལན་ཡིན་ཏེ། མི་སྤྱོད་ཅེས་བྱ་བ་ནི་སྤྱོད་པར་མི་འགྱུར་བ་དང༌། ཟིན་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གཉིས་པའི་ལན་ནོ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་བཞི་པའི་ལན་ནོ། །ཅི་ནས་ཀྱང་བདག་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པ་སྡུག་བསྔལ་ཐམས་ཅད་ལས་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་ཐམས་ཅད་ལས་སོ། །དེ་དག་ཐམས་ཅད་ལ་ཡོངས་སུ་ཐར་པར་བྱའོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཁམས་དང་འགྲོ་བ་དང༌། སྐྱེ་གནས་ཀྱི་བྱེ་བྲག་ཐམས་ཅད་ནས་སོ། །ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་ཇི་ལྟ་བའི་སྡུག་བསྔལ་གསུམ་ལས་སོ། །རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་རྩོལ་བ་ཐམས་ཅད་ལས་སོ། །ཐམས་ཅད་དུ་ཞེས་བྱ་བ་ནི་མ་ལུས་པ་མཐའ་དག་ལས་ཐར་པར་བྱ་བའོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགས་སོ། །གནོད་སེམས་ནི་ཁོང་ཁྲོ་བའོ། །ཇི་ལྟར་བདག་མེད་ཅེ་ན་ཐམས་ཅད་ནས་ཞེས་བྱ་བ་ནི་བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་ལ་སོགས་


DTG089_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱེ་བ་ཐམས་ཅད་ནས་སོ། །ཡང་ཐམས་ཅད་ཅེས་བྱ་བ་ནི་ཇི་ལྟར་མཐོང་བ་དང་མ་མཐོང་བའི་བྱེ་བྲག་གིས་ཡོད་པའོ། །རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་དབྱེ་བའམ་དབྱེ་བ་མ་ཡིན་བས་སོ། ཇི་ལྟར་དབྱེ་བ་མ་ཡིན་ཞེ་ན། ཐམས་ཅད་དུ་ཞེས་བྱ་བ་ནི། ཇི་ལྟར་ཡོད་པའི་སྡེ་ཚན་བསྡུས་པའམ། ཐ་དད་པ་སྟེ། ཇི་ལྟར་བདག་དེ་ལྟར་ཆོས་ཐམས་ཅད་མེད་པ་ཡིན་ནོ། །ཡང་ཐམས་ཅད་ཞེས་བྱ་བ་ནི་ཕུང་པོ་དང༌། ཁམས་ལ་སོགས་པའི་སྡེ་ཚན་གྱི་དབྱེ་བ་ཐམས་ཅད་དོ། །ཐམས་ཅད་ནི་ཇི་ལྟར་ཡོད་པའི་སྡེ་ཚན་རྣམས་ཡོངས་སུ་རྫོགས་པའི་ཡན་ལག་གི་ཕྱིར་རོ། །རྣམ་པ་ཐམས་ཅད་ཇི་ལྟར་ཡོད་པའི་སྡེ་ཚན་སོ་སོ་དེ་དག་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་བྱེ་བྲག་གིས་བདག་དང་གཞན་དག་ལ་བསྡུས་པའམ་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ལྟར་དཀའ་བ་སྤྱོད་པ་མེད་པར་ཐལ་བར་འགྱུར་ལ་ལན་བཞི་སྨྲས་པ་ཡིན་ནོ། །ལན་བཞི་པ་ལ་འདི་ལྟར་ཡང་བསྟན་པ་ཡིན་ཏེ། དཀའ་བ་སྤྱོད་པ་ཡང་སྐྱེ་བ་མེད་པ་ཉིད་ཀྱི་དེ་བཞིན་ཉིད་མཐོང་ནས། དེ་སྤྱོད་པར་བྱ་སྟེ། གང་གི་ཕྱིར་དེ་ནུས་པ་དང་འབྲས་བུ་ཆེན་པོར་འགྱུར་བའི་ཕྱིར་རོ། །སྐྱེ་བ་མེད་པ་ལ་ནི་སྡུག་བསྔལ་ཐམས་ཅད་སྣང་བ་མེད་པ་དང༌། དེ་ཉིད་མཐོང་བ་དང༌། རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་བཀག་པས་སོ། །ཚེ་དང་ལྡན་པ་གནས་བརྟན་ཤཱ་རིའི་བུས་གང་ཡང་ཞེས་བྱ་བ་ནས་བཙམས་ནས། དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །འདིར་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་དང༌། སངས་རྒྱས་དང་ཞེས་བྱ་བའི་དོན་ཏོ། །དེ་ནས་ཐོབ་པའི་རྣམ་པར་རྟོག་པ་དགག་པའི་ཕྱིར་དེ་སྐད་ཅེས་སྨྲས་པ་དང༌། ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་སོ་སོར་སྣང་བ་ཉིད་དོ་ཞེས་བྱ་བའི་བར་དུ་སྨྲས་སོ། །ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ངོ༌། །རྗེས་སུ་ཐོབ་པ་ཉིད་ཅེས་བྱ་བ་ནི་དང་པོ་ཉིད་ནས་ཆོས་ཀྱི་དབྱིངས་ཉིད་ཀྱི་ཕྱིར་ཏེ། ཆོས་ཀྱི་དབྱིངས་རང་བཞིན་ཉིད་ཀྱིས་རྣམ་པར་


DTG089_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཕྱིར་རོ་ཞེས་བསམས་སོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱི་ལན་ནི། །སྐྱེ་བ་མེད་པའི་ཆོས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་སོ། །ཐོབ་པར་བྱེད་ཅེས་བྱ་བ་ནི་ཐོབ་པར་རོ། །ཁོ་བོ་མེ་འདོད་དོ་ཞེས་བྱ་བ་ནི་རྟོག་བ་མེད་པའོ། །གལ་ཏེ་ཐོབ་བར་འདོད་ན་ནི་དེའི་ཚེ་ཁོ་བོ་སྐྱེ་བར་འདོད་པ་ཡིན་ཏེ་ཐོབ་པར་འགྱུར་ན་དེ་ནི་མི་འདོད་དེ། རིགས་པ་མེད་པས་ཐོབ་པར་ཐལ་བར་འགྱུར་རོ། །རིགས་པ་མེད་པའི་ཕྱིར་ཆོས་ཀྱི་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆོས་ཐམས་ཅད་ཉིད་ལ་སྐྱེ་བ་མེད་པ་དང་ཞེས་བྱ་བ་ཕྱོགས་ལ་ནི་ཐལ་བ་འདི་ཡིན་ཏེ། དེ་ལ་སྐྱེ་བ་མེད་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ་རིགས་པ་མེད་པའི་ཕྱིར་རོ་ཞེས་བསམས་པའོ། །གཉིས་ཀ་ཡང་ཐོག་མ་མེད་པ་ནས་ཐོབ་བ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཞེས་བྱ་བ་ལ་སོགས་པ་ལ་གང་གཉིས་ཀ་ཡང་སྐྱེ་བ་མེད་པ་ཉིད་ཡིན་པས་མི་རིགས་པའོ། །དེ་ཅི་གཉིས་པོ་གང་ཡང་རུང་བ་ལས་སྐྱེ་ན་ནི་རིགས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱི་གཉིས་པོ་གང་ཡང་རུང་བ་ལས་སྐྱེས་པའི་ཕྱོགས་བསལ་བའི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཞེས་བྱ་པ་ལ་སོགས་པ་སྨྲས་སོ། །ཉིད་ནི་རིམ་པ་གཞན་དུ་གང་གི་མཐར་ཡང་སྦྱར་བར་བྱའོ། །སྐྱེ་བ་མེད་པའི་ཆོས་ཕྱིས་སྐྱེ་བར་འགྱུར་བའམ་ཕྱིས་མ་སྐྱེས་པ་ཉིད་དེ་བཞིན་དུ་འགྱུར་བའོ། །དེ་ལ་རྣམ་པར་རྟོག་པ་གཉིས་པ་ལ་ཇི་ལྟར་གཞན་དུ་སྐྱེ་བར་འགྱུར་བ་དང༌། རྣམ་པར་རྟོག་པ་དང་པོ་ལ་ནི་ཆོས་ཀྱི་དབྱིངས་ལ་ནི་སྐྱེ་བ་འགལ་བ་ཡིན་ནོ་ཞེས་བྱ་བར་བསམས་ཏེ། དེ་བས་ན་གཉིས་ཀ་ཡང་སྐྱེ་བ་མེད་པ་ཡིན་པའི་ཕྱིར་ལེགས་པར་སྨྲས་པ་ཡིན་ནོ། །སྐྱེ་བ་མེད་ནི་ཆོས་ཀྱི་སྐྱེ་བ་མེད་པའི་ཆོས་ཐོབ་པར་ཡང་མི་རིགས་ཏེ། །དེ་ནི་ཐོབ་པའི་རྣམ་པར་རྟོག་པ་དགག་པ་སྟེ། དེ་བས་ན་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་སོ། །དེ་ཡང་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང༌། ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཐོབ་པ་ཡང་མེད་པ་ལ། ཐོབ་པར་བྱ་བ་ཡང་མེད་པར་བལྟ་བར་བྱ་བ་ཁོ་ནའོ། །གང་དེ་ཉིད་ནི་ཀུན་བརྟགས་ཀྱི་ཆོས་རྣམས་


DTG089_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་པ་ཉིད་དེ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པའོ། །དེས་ཀུན་བརྟགས་པའི་མངོན་པར་ཞེས་པ་ཟད་པ་དེ་ནི་མངོན་པར་ཞེན་པའི་རྒྱུ་ཟད་པ། སྒྲིབ་པ་ཐམས་ཅད་བསྡུས་པ་དང་ལྡན་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཐམས་ཅད་ཀྱི་གཞན་དབང་ཞེས་བྱ་བ་ཟད་པར་འགྱུར་ཏེ། སྔ་མ་དག་རང་གིས་འགག་ལ་རྒྱུ་མེད་པས་གཞན་སྐྱེ་བ་མེད་པའི་ཕྱིར་རོ། །དེས་ན་རང་བཞིན་གྱིས་འོད་གསལ་བ་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་ལ། གློ་བུར་གྱི་སྒྲིབ་པའི་དྲི་མས་དྲི་མ་ཅན་དུ་བྱས་པ་ལ་དེས་དེ་དག་ཟད་པ་ཡོད་ན། དེ་ཟད་པའི་མཚན་ཉིད་ཀྱི་རྣམ་པར་དག་པ་ནི་སྔ་ན་མེད་པ་ཐོབ་པར་འགྱུར་ཏེ། དཔེར་ན་རང་བཞིན་གྱིས་རྣམ་པར་དག་པའི་ནམ་མཁའ་ལ་གློ་བུར་གྱིས་གཙེ་བ་དང༌། རྡུལ་དང༌། མུན་པ་དང༌། སྤྲིན་དང༌། དུ་བ་ལ་སོགས་པའི་སྒྲིབ་པའི་དྲི་མས་དྲི་མ་ཅད་དུ་བྱས་པ་བཞིན་ཏེ། ཕྱི་ནས་དེའི་ཐོབ་ཀྱི་མཚན་ཉིད་ཀྱིས་རྣམ་པར་དག་པ་དེས་ཐོབ་པར་འགྱུར་ཏེ། འཁྲུལ་པ་ཐམས་ཅད་ལྡོག་པ་ན་ཤིན་ཏུ་རྣམ་པར་དག་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྔ་ན་མེད་པ་བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར་ཏེ། དེ་ཉིད་དེའི་རྣམ་པར་དག་པའི་བདག་ཉིད་དོ། །ཡང་དག་པར་རིགས་པའི་ཕྱིར་ཐོབ་པའི་མངོན་པར་རྟོགས་པ་གྲུབ་པ་ཡིན་ཏེ། དེ་ནི་གྲུབ་མཐའོ། །དེ་ལ་དེ་ནི་གློ་བུར་གྱི་སྒྲིབ་པ་རྣམ་པར་དག་པར་བྱ་བའི་ཕྱིར་གནས་བརྟན་གཉིས་ཀྱིས་བརྗོད་བར་བྱ་བར་ནི་དེ་ལ་ཤཱ་རིའི་བུ་ལས་བཙམས་ནས་ཤཱ་རིའི་བུས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྐྱེས་པས་ན་སྐྱེ་བ་ཡིན་ཏེ། གཞན་དབང་གི་རང་གི་ངོ་བོའོ། །ཡང་དེ་ཅི་ཕྱི་ནས་མ་སྐྱེས་པར་འགྱུར་བའི་རྒྱུ་མེད་པའི་ཕྱིར་སྐྱེ་བ་མེད་པའི་ཕྱོགས་གཅིག་གོ །འོན་ཏེ་མ་སྐྱེས་པ་ལ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་ཆོས་སྔར་མ་སྐྱེས་པ་ཡིན་པ་ཕྱིས་སྐྱེ་བར་འགྱུར་རམ་ཞེས་བྱ་བ་ནི་གཉིས་པའི་ཕྱིར་རོ། །དེ་ལ་དང་པོ་ནི་སྐྱེ་བ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ནི་ཐོབ་པ་ག་ལ་ཡོད། གཉིས་པའི་ཕྱོགས་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་བརྗོད་པར་བྱ་སྟེ། ཡང་དག་


DTG089_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་རྟག་པ་ཡིན་པས་ཟད་པ་མེད་དོ་ཞེས་བྱ་བར་བསམས་སོ། །རབ་འབྱོར་གྱིས་སྨྲས་པ་ཞེས་བྱ་བ་ནི་ལན་སྨྲས་པའོ། །སྐྱེ་བ་ནི་སྐྱེས་པའི་ཆོས་ཏེ་རྣམ་པ་ཐམས་ཅད་པ་ཉིད་ཀྱིའོ་།མི་སྐྱེ་བ་ནི་སྐྱེ་བའི་ཆོས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་ཏེ། འདི་གཉིས་ཀྱི་དབྱེ་བ་ཡིན་ནོ། །དེ་ནི་མི་སྤོབས་སོ་ཞེས་བྱ་བ་ནི་སྨྲ་བར་ཏེ་བརྗོད་པར་མི་འདོད་པའོ། །ཆོས་ཐམས་ཅད་ཀྱི་སྟོང་བ་ཉིད་ཀྱི་སེམས་ཀྱི་རྒྱུད་ལ་དམིགས་པ་ན་འཁྲུལ་པ་ཐམས་ཅད་ལྡོག་པར་འགྱུར་བ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བའོ། །དེ་ན་འདི་ལ་རྒྱུ་མེད་པར་བརྗོད་པར་བྱ་བར་མ་ཡིན་ནོ། །འདི་ལ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་རྟོག་པ་ཡང་མེད་དོ་ཞེས་བྱ་བར་བསམས་པའོ། །ཤཱ་རིའི་བུས་སྨྲས་པ་ཞེས་བྱ་ནི་སྨྲ་བའི་རྣམ་པར་རྟོག་པ་དགག་པའི་ཕྱིར་སྨྲས་པའོ། །སྐྱེ་བ་མེད་པའི་ཆོས་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་མེད་པ་ནི་ཚད་མས་གྲུབ་པ་ཡིན་པའི་ཕྱིར་སྤོབས་པར་འདོད་པ་ཉིད་དེ། སྨྲ་བར་ནུས་པ་ཡིན་པས་དེ་ཡང་སྨྲ་ནུས་སོ། གང་གི་ཕྱིར་སྤོབས་པར་མི་ནུས་ཞེས་བྱ་བ་ནི་ཟུར་གྱིས་དྲིས་པའོ། །སྨྲས་སོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་ལན་སྨྲས་སོ། །སྐྱེ་བ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནི་ཡིད་ཀྱི་སྒྲའོ། །སྤོབས་པ་ཞེས་བྱ་བ་ནི་སྨྲ་བའི་བརྗོད་པའི་དངོས་པའོ། །ཡང་སྤོབས་པ་ཞེས་བྱ་བ་ནི་ཡང་དག་པར་སྨྲ་བའི་བློའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ནི་གསུམ་པོ་འདི་དག་ཀྱང་སྐྱེ་བ་མེད་པ་ཉིད་དེ། ཆོས་ཀྱི་ངོ་བོ་ཉིད་ཁོ་ན་ཆོས་ཐམས་ཅད་དེ་ལ་སོ་སོར་སྣང་ངོ་ཞེས་བསམས་སོ། །དེ་བཞིན་དུ་སོ་སོར་སྣང་ངོ་ཞེས་བྱ་བས་ནི་འཇུག་སྡུད་པ་ཡིན་ནོ། །དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་པར་འབྱུང་བའོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པའོ། །ཤཱ་རིའི་བུ་སྐབས་ཉིད་ཀྱི་རབ་འབྱོར་གྱི་ཆིག་ལ་བསྟོད་ནས་ལམ་གྱི་ངེས་པར་འབྱུང་བའི་སྐབས་སྟོན་པར་བྱེད་དེ། གཞག་པར་བྱའོ་ཞེས་བྱ་བ་ནི་ཐེ་ཙོམ་མེད་པར་བགྲང་བར་བྱའོ། །གང་དག་གང་ཉིད་ལ་ཞེས་བྱ་བ་ནི། གང་དེའི་གནས་ལས་ངེས་པར་འབྱུང་པ་དང༌། །རྒལ་བ་དང༌། མི་གཡོ་བ་དང༌། མི་ཉམས་པ་དང༌། འགལ་བར་མི་བྱེད་


DTG089_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། འཁྲུག་པར་མི་བྱེད་པའོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་ནི་དེ་ལྟར་སྐབས་འབྱེད་པ་ཡིན་ནོ། །འདི་སྐད་ཅེས་བྱ་བ་ནི་ལམ་གྱི་ངེས་པར་འབྱུང་བའོ། །མེ་གནས་པ་ནི་གང་ལ་ཡང་མངོན་པར་ཞེན་པ་མེད་པའི་ཆོས་དེ་ལ་དེ་སྐད་ཅེས་བཤད་དོ། མི་འདའོ་ཞེས་བྱ་བ་ནི་མི་ཉམས་པའོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་ལ་མི་དམིགས་པ་ནི་གྲོལ་བའོ། །འདི་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བསྟན་པའོ། །ཆོས་ཐམས་ཅད་མི་གནས་པ་ཡང་ཡིན། ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །གང་ཡིན་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་གང་ཡིན་ཞེས་པའོ། །ཐེག་པ་ཐམས་ཅད་ལ་ཞེས་བྱ་བ་ནི་ཐེག་པ་གསུམ་གྱི་ཐུན་མོང་ངོ༌། །གལ་ཏེ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཉིན་ནོ། དེ་ལྟ་ན་གཞན་ནི་མ་ཡིན་ནོ། ཆོས་ཐམས་ཅད་གནས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །དེ་ལྟར་ན་ཞེས་བྱ་བ་ནི་གང་གི་ཕྱིར་དེ་བས་ན་ཞུམ་པར་འགྱུར་བ་ཞེས་བྱ་བ་ནི་སེམས་ཞུམ་པར་འགྱུར་བའོ། །ནེམ་ནུར་དུ་འགྱུར་ཞེས་བྱ་བ་ནི་ཐེ་ཚོམ་དུ་འགྱུར་བའོ། །རྨོངས་པར་འགྱུར་བ་ནི་རྟོག་པ་མེད་པའོ། །གཞན་དུ་འགྱུར་བ་ནི་རྒྱབ་ཀྱིས་ཕྱོགས་པའོ། །ཡིན་ལ་བྱེད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་ཡིད་ཀྱིས་སོ། །ཚེ་དང་ལྡན་པ་ཇི་ལྟར་ཡིད་ལ་བྱེད་བ་དང་མ་བྲལ་བར་འགྱུར་ཞེས་བྱ་བ་ལ། ཤཱ་རིའི་བུས་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་ཡིན་པར་ཤེས་ནས་དྲིས་པ་འདི་ནི་ཡིད་ལ་བྱེད་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེའི་འོག་ཏུ་དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པས་ནི། རབ་འབྱོར་གྱིས་ལེགས་སོ་ཞེས་བྱ་བའི་ཚིག་སྔོན་དུ་འགྲོ་བ་སྟེ་དེ་ནི་རྒྱས་པར་དྲོ་བ་ཡིན་པའི་ཕྱིར་ལེགས་སོ་ཞེས་བྱ་བ་བྱིན་པ་ཡིན་ནོ། །འོན་ཀྱང་ཞེས་བྱ་བ་སོགས་པ་ནི་ལན་ནོ། །དོན་དེ་ཉིད་ཅེས་བྱ་བ་ནི་འདི་འདོད་པ་ཉིད་དེ་འདོད་པ་ཉིད་མཚན་ཉིད་ཀྱི་ཕྱིར་ལན་ནོ། །ཡང་དག་པའི་ཚིག་ཏུ་བརྗོད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཡིད་ལ་བྱེད་པའི་མི་མཐུན་པ་ཡང་དག་པའི་ཚིག་སྟེ་ཡང་དག་པའི་དངོས་པོའོ། །དེའི་བརྗོད་པ་ནི་རྒྱས་བ་དང་བཅས་པའོ། །ངེས་པར་འབྱུང་བ་ཡང་


DTG089_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ལ་ནི་རྒོལ་བའོ། །ངེས་པར་བརྗོད་པ་ཞེས་བྱ་བ་ནི་དྲིས་པའོ། །དེ་ནི་རིགས་པ་སྟོན་པར་འདོད་པ་ཡིན་ཏེ། རང་ཉིད་འདྲི་བ་སྟེ། དེ་ཅེའི་ཕྱིར་ཞེ་ན་ཞེས་བྱ་བ་སྨྲས་ཏེ། ཡང་དག་པའི་ཚིག་དེ་གང་ལས་ཤེས་ཤེ་ན། སེམས་ཅན་ནི་བདག་སྟེ་དེ་ནི་འདིར་དཔེའོ། །ཡིད་ལ་བྱེད་པ་ནི་རྣམ་པར་རྟོག་པ་དེས་དེ་ནི་དཔེ་ཅན་ནོ། །ངོ་བོ་ཉིད་མེད་པར་རིགས་པར་བྱའོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གཏན་ཚིགས་བརྟག་པར་བྱའོ། །དེ་ལ་ངོ་བོ་མེད་པར་ནི་རང་གི་མཚན་ཉིད་དང་སྟོང་པ་ཉིད་ཀྱི་མཚན་ཉིད་འདི་དག་གིས་འཛིན་པར་ཉིད་དོ། །དེས་ན་ཡང་ཇི་ལྟར་བདག་ངོ་བོ་ཉིད་མེད་པ་དེ་བཞིན་དུ་ཡིན་ལ་བྱེད་པ་ཡང་འཛིན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །ལྷག་མ་རྣམས་ལ་ཡང་ངོ་བོ་ཉིད་མེད་པ་ཞེས་བྱ་བའི་གཏན་ཚིགས་སུ་སྦྱར་རོ། །དངོས་པོ་ཡོད་པ་ནི་དངོས་པོ་ཉིད་དོ། །དེ་དང་བྲལ་བ་ནི་མེད་པ་ཉིད་དོ། །དབེན་པ་ནི་དངོས་པོ་ཉིད་དོ། །བསམ་གྱིས་མི་ཁྱབ་པ་ནི་དེའི་བསམ་པར་བྱ་བའི་ཡུལ་མེད་པའི་ཕྱིར་རོ། །མངོན་པར་བྱང་ཆུབ་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་ལ་མ་ཡིན་པ་ཉིད་དོ། །ཡང་དག་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ཀྱི་དོན་གྱིས་ཏེ། མངོན་པར་བྱང་ཆུབ་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ཡིན་ཏེ་ཡང་དག་པར་ཇི་ལྟ་བ་བཞིན་གྱི་དོན་མ་ཡིན་པ་ནི་ཉིད་ཀྱི་ཕྱིར་རོ། །འདི་ལྟ་བུ་ཞེས་བྱ་བ་ནི་འདི་སྐད་བསྟན་པའོ། །ཡང་འདི་ལྟ་བུས་ཞེས་བྱ་བ་ནི་ཡང་དག་པའི་དོན་ལ་སོ་སོར་རྟོག་པས་སོ། །གནས་པ་ཞེས་བྱ་བ་ནི་ཞི་གནས་ཀྱི་ཚུལ་གྱིས་སོ། །འདོད་དོ་ཞེས་བྱ་བའི་སྒྲས་ནི་ལེའུ་ཡོངས་སུ་རྫོགས་པའི་དོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱད་པ་སྤྱོད་པ་སེམས་བསྐྱེད་པ་ལ་སོགས་པ་བཅུའི་དོན་ཏོ། །དེ་གསལ་བར་བྱེས་པའི་ལེའུ་ནི་ལེའུའོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་པ་ལས་ལེའུ་དང་པོའོ།། །།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་པ་འདི་ནས་བཙམས་ཏེ་ལམ་ཤེས་པ་བརྗོད་པར་བྱ་སྟེ། དེ་ཡང་དངོས་པོ་བཅུ་གཅིག་གིས་བསྟན་ཏེ། གང་གི་ཕྱིར་བསྟན་བཅོས་ལས། མོག་མོག་བོར་བྱེད་ལ་སོགས་དང༌།།


DTG089_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་བསེ་རུའི་ལམ་གང་དང༌། །འདི་དག་གཞན་པའི་ཡོན་ཏན་གྱི། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པའི་ལམ། །བསྟོད་དང་བཀུར་དང་བསྔགས་པ་དང༌། །བསྔོ་དང་རྗེས་སུ་ཡིད་རང་བ། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་པ་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་བྱ་བ་གསུངས་ཏེ། ཉན་ཐོས་ཀྱི་ལམ་དང༌། རང་སངས་རྒྱས་ཀྱི་ལམ་དང༌། ཕན་ཡོན་ཆེ་བ་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་དང། བསྒོམ་པའི་ལམ་གྱི་བྱེད་པ་དང༌། མོས་པ་ཡིད་ལ་བྱེད་པ་དང༌། བསྟོད་པ་དང༌། བཀུར་བ་དང༌། བསྔགས་པ་དང༌། བསྔོ་བ་ཡིད་བྱེད་པ་དང༌། རྗེས་སུ་ཡིད་རང་བ་ཡིད་ལ་བྱེད་པ་དང༌། སྒྲུབ་པ་དང༌། ཤིན་ཏུ་དག་པ་སྟེ་དངོས་པོ་བཅུ་གཅིག་པོ་དེ་དག་ནི་ལམ་ཤེས་པ་ཉིད་དེ་དེ་ཡང་བྱང་ཆུབ་སེམས་དཔའི་ཡིན་ནོ་ཞེས་བྱ་བ་དོན་ཏོ། །དེ་ལ་དང་པོར། མོག་མོག་པོར་བྱེད་ལ་སོགས་དང༌། །ཞེས་བྱ་བ་ལ་གང་གི་ཕྱིར་བསྟན་བཅོས་ལས། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང༌། །ཡུལ་ངེས་པ་དང་ཁྱབ་པ་དང། །རང་བཞིན་དང་ནི་དེ་ཡི་ལས། །ཞེས་བྱ་བ་གསུང་ཏེ། རུང་བར་བྱ་བ་ཞེས་བྱ་བ་ནི་སེམས་སྐྱེད་པ་སྟེ། དོན་དང་པོའོ། །ཕྱིར་ཞེས་བྱ་བ་ནི་དེའི་དོན་དུའོ། །མོག་མོག་པོར་མཛད་ཅེས་བྱ་བ་ནི་ལྷ་རྣམས་ཀྱི་འོད་དམན་པའོ། །འོད་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་འོད་ཀྱིས་ཏེ་དེ་ནི་དོན་གཉིས་པའོ། །ཡུལ་ངེས་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཡུལ་སོ་སོར་ངེས་པ་སྟེ་དོན་གསུམ་པའོ། །ཡུལ་ལ་ཁྱབ་པ་ནི་བཞི་པའོ། །རང་བཞིན་ནི་ལྔ་པའོ། །ལས་ནི་དྲུག་པའོ། །གལ་ཏེ་འདི་དག་དོན་དྲུག་ཡིན་ན་ཇི་ལྟར་སྔོས་པོ་གཅིག་ཡིན་ཞེ་ན། འདི་ལམ་ཤེས་པའི་གཞི་ནི་སེམས་སྐྱེས་པ་སྟེ། དེ་དང་བྲལ་ན་དེ་མི་རུང་བའི་ཕྱིར་རོ། །དེས་ན་དེ་ཉིད་རུང་བ་ཞེས་བརྗོད་དེ་དེ་ཉིད་ནི་དེ་ལ་གཙོ་བོ་ཡིན་ནོ། །ལྷག་མ་ནི་དེའི་འཁོར་རོ། །གཙོ་བོ་ཡང་དངོས་པོ་གཅིག་ལ་གཙོར་འདོགས་པ་ཡིན་ནོ། །དེ་ལ་མོག་མོག་པོར་མཛད་པའི་དབང་


DTG089_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ནས་ཡང་དེའི་ཚེ་ཞེས་བྱ་བ་གསུངས་སོ། །དེའི་ཚེ་ཞེས་བྱ་བ་ནི་དེའི་དུས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་ཁྱད་པར་གྱི་དོན་མངོན་པར་རྟོགས་པའི་དོན་གྱི་བྱེ་བྲག་གོ །འདུས་ཏེ་ཞེས་བྱ་བ་ནི་ཚོགས་པའོ། །འཁོད་པ་ནི་འདུག་པའོ། །སུམ་ཅུ་རྩ་གསུམ་རིས་ཞེས་བྱ་བ་ནི་སྡེ་ཚན་ནོ། །དེའི་དངོས་པོ་ནི་སུམ་ཅུ་རྩ་གསུམ་པའོ། །རྒྱལ་པོ་ཆེན་པོ་བཞི་ནི་རྣམ་ཐོས་སྲས་དང༌། ཡུལ་འཁོར་སྐྱོང་དང༌། འཕགས་སྐྱེས་པོ་དང༌། སྤྱན་མི་བཟང་ལ་སོགས་ཏེ་བྱང་ལ་སོགས་པའི་ཕྱོགས་རྣམས་ཀྱིའོ། །དེ་དག་གི་ཚོགས་ཀྱི་དངོས་པོ་ནི་རིས་སོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་ཉིད་མི་མཇེད་དེ་དེའི་བདག་པོ་ནི་ཚངས་པའོ། །དེའི་ཚོགས་ནི་དེའི་རིས་སོ། །བསམ་གཏན་བཞི་པའི་རིས་ཀྱི་གོང་དུ་གནས་གཙང་མ་ལྔ་སྟེ། མི་ཆེ་བ་དང༌། མི་འདུད་པ་དང༌། གྱ་ནོམ་སྣང་བ་དང༌། ཤིན་ཏུ་མཐོང་བ་དང༌། འོག་མིན་ནོ། །གཙང་མའི་གནས་གང་ཞེ་ན། འཕགས་པ་རྣམས་འདི་ཉིད་དུ་སྐྱེ་བའི་ཕྱིར་རོ། །དེ་དག་ནི་རིགས་ལྔ་དག་ལས་སྟོང་ཕྲག་ལྔ་ཡིན་ཏེ། གཟུགས་ཁམས་ཀྱི་ལྷའི་རིས་ལས་འདི་ཙམ་ཉིད་དེ། གོང་མ་ཇི་ལྟ་བ་བཞིན་དུ་འོད་དང་ནུས་པ་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ཡང་འཁོད་པ་སྟེ། གང་དེ་དག་གི་འོད་དེ་ཡང་ཟིལ་གྱིས་མནན་ཏེ་ཞེས་བྱ་བ་ནི་མོག་མོག་པོར་བྱས་པར་གྱུར་རོ། །དང་ཡང་དེ་ཞེས་བྱ་བ་ནི་དུས་མཉམ་པ་ཉིད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རུང་བར་བྱ་བ་ཡིན་ཞེ་ན། སེམས་བསྐྱེད་པ་དེའི་དོན་དུ་མོག་མོག་པོར་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་ཐམས་ཅད་མངོན་པར་ཟིལ་གྱིས་མནན་པར་ཤེས་པ་ནི་དེ་ལ་ཐམས་ཅད་ཀྱང་དད་པ་སྐྱེ་བའི་ཕྱིར་རོ། །འདི་ནི་སྣང་བའོ། །རང་གི་ལས་ཀྱི་རྣམ་པར་སྨིན་པ་ནི་རྣམ་པར་སྨིན་པའོ། །དེ་ལ་སྐྱེས་པ་ནི་ལྷན་ཅིག་སྐྱེས་པ་སྟེ། མངོན་པར་འདུས་མ་བྱས་པ་ཞེས་བྱ་བའི་དོན་ཏོ། །གང་གི་རྒྱུས་ཟིལ་གྱིས་མནན་པ་ཡིན་ཞེ་ན། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་སོ། །བྱེད་པ་གང་གིས་ཤེ་ན། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་འོད་ཀྱིས་སོ། །དེ་དག་ཀྱང་མཐུ་ཆེན་པོ་ཡིན་ན་ཅིའི་སླད་ཀྱིས་


DTG089_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པར་བྱེད་པ་མ་ཡིན་ཞེ་ན་སངས་རྒྱས་ཀྱི་མཐུས་ཞེས་གསུངས་ཏེ། སངས་རྒྱས་ཀྱི་མཐུ་ནི་ཐམས་ཅད་པས་མཐུ་ཆེ་བ་ཡིན་ཏེ། དེ་དག་གི་མཐུ་ཟིལ་གྱིས་གནོན་པར་བྱེད་ཞེས་བྱ་བར་བསམས་ཏེ། དེ་ནི་མོག་མོག་པོར་བྱེད་པ་ཉིད་དོ། །ཡང་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ལ། དྲུང་ནས་ཞེས་བྱ་བ་ནི་ཉེ་བ་ལས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་འདི་དང་སྦྱར་ཏེ་ལམ་ཤེས་བ་ཞེས་བྱ་བའི་དོན་ཏོ། །མན་ངག་ཅེས་བྱ་བ་ནི་ཉེ་བར་སྟོན་པ་དེ་ཉིད་ཀྱི་དོན་ཏེ། རྟོགས་པའི་ཕྱིར་སྨྲ་བ་ནི་མན་ངག་གོ །དེ་དང་རྗེས་སུ་འབྲེལ་བར་བྱ་བའི་ཕྱིར་བསྟན་པ་ནི་རྗེས་སུ་བསྟན་པའོ། །དེ་དང་ལྷན་ཅིག་པའི་བསྟན་པ་ནི་རྗེས་སུ་བསྟན་པ་ཞེས་ཚིག་བསྡུས་པའོ། །གནས་པར་བགྱི་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བོ། །བསླབ་པར་བགྱི་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བའོ། །རྣལ་འབྱོར་དུ་བགྱི་ཞེས་བྱ་ནི་བསྒོམས་པ་ལས་བྱུང་བའོ། །མཐུ་ཞེས་བྱ་བ་ལ་སོགས་པ་འོད་ལ་སོགས་པའི་རྣམ་གྲངས་སོ། །དེ་ལ་མཐུ་ཞེས་བྱ་བ་ནི་བསྟན་པའོ། །ཅིག་ཤོས་གཉིས་ནི་རྗེས་སུ་བསྟན་པའོ། །གཟི་བརྗིད་ཅེས་བྱ་བ་ནི་སྤོབས་པ་དང་ནུས་པ་སྐྱེད་པར་བྱེད་པའི་འོད་ཀྱིས་སོ། །བྱིན་གྱི་རླབས་ནི་རབ་ཏུ་ཟད་པར་བྱེད་པའོ། །དེ་ཡན་ཆད་ཀྱི་ཚིག་གིས་ནི་རུང་བ་ཉིད་ཀྱི་སྐབས་སུ་བྱས་ནས། བྱང་ཆུབ་སེམས་དཔའ་གང་གིས་ཞེས་བྱ་བ་སོགས་པ་གསུང་ཏེ། སེམས་བཀྱེད་པར་བྱའོ་ཞེས་བྱ་བ་ནི་རུང་བ་ཉིད་དོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམན་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པ་ནི་ཡང་དག་པ་ཉིད་དོ། །དེ་ཡང་ངེས་པ་ནི་ཡང་དག་པ་ཉིད་དུ་ངེས་པའོ། །དེ་ལ་ཞུགས་པ་ནི་ཐོབ་པའོ། །མཚམས་བཅད་པ་ནི་ཟམ་པ་བཅད་པའོ། །གང་ཡང་དཔེར་ན་རྒྱུན་དུ་ཞུགས་པ་སྲིད་པ་ལན་བདུན་པ་དང༌། སྐྱེ་བ་གཉིས་པ་དང༌། གསུམ་པ་འཁོར་བར་རིགས་ནས་རིགས་སུ་སྐྱེ་བ་དེ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་མཚན་གྱི་སེམས་བསྐྱེད་པའི་སྐལ་བ་མེད་དེ། དེ་ནི་ཉན་ཐོས་ཞི་བ་གཅིག་ཏུ་ངེས་པའི་ཐེག་པས་བྱང་ཆུབ་པར་བྱེད་མི་ནུས་ཏེ། ནམ་


DTG089_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདོད་པ་མེད་པའི་ཕྱིར་རུང་བ་ཉིད་ཀྱིས་ཡུལ་ངེས་པའོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནས་རྗེས་སུ་ཡི་རང་བར་བྱའོ་ཞེས་བྱ་བའི་བར་གྱིས་ཁྱབ་པ་བསྟན་ཏོ། །ཉན་ཐོས་ཀྱི་བྱང་ཆུབ་རྗེས་སུ་བཟུང་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །དེ་དག་གིས་རང་གི་བྱང་ཆུབ་རྟོགས་པར་བྱས་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་འབྱོར་པ་མཐོང་ནས་རང་ཉིད་ཀྱིས་བསླུས་པ་བཞིན་དུ་སེམས་པ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། བྱང་ཆུབ་སེམས་བསྐྱེད་ནས་མི་གཡོ་བའི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་བཞིན་དུ་སྤྲུལ་པའི་གཟུགས་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་བྱང་ཆུབ་མཆོག་རྟོགས་པ་ནི་ཁྱབ་པའོ། །དེ་དག་གི་དགེ་བའི་ཕྱོགས་ལ་ཁོ་བོ་བར་ཆད་མི་བྱེད་དོ་ཞེས་བྱ་བ་ནི་རང་བཞིན་ནོ། །དགེ་བ་ཕྱོགས་དེ་ནི་དགེ་བའི་ཚོགས་ཏེ་དགེ་པའི་ཆོས་ཡང་དག་པར་སྡུད་པའི་ཕྱིར་བསྐྱེད་པ་སྟེ་དེའི་ཕྱིར་དགེ་བའི་ཕྱོགས་སྐྱེ་བར་རུང་བ་ཉིད་ཀྱི་རང་བཞིན་ནོ། །ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལ་ལྷག་པར་དམིགས་པར་ཞེས་སྨོས་པ་ནི་དེའི་ལས་སོ། །ཁྱད་པར་དུ་འཕག་པ་ལས་ཞེས་བྱ་བར་སྦྱར་ཏེ་དེས་ནི་བྱང་ཆུབ་ཀྱི་སེམས་བཟུང་སྟེ་དེ་ལས་བྱུང་བས་ནི་རྒྱུའི་ལྔ་པའོ། །ཆོས་རྣམས་ལས་ཞེས་བྱ་བ་ནི་འབྲས་བུ་དང་རྒྱུར་གྱུར་པའི་ཐེག་པ་ཆེན་པོའི་ཆོས་བཟུང་བ་ཡིན་ནོ། །དམིགས་པར་བྱ་ཞེས་བྱ་བ་ནི་ཐོབ་པ་བྱའོ། །དེ་བས་ཁོ་བོ་བར་ཆད་མི་བྱེད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་སྒྲའི་དོན་ཏོ། །ཐེག་པ་ཆེན་པོ་ནི་རྣམ་པ་གཉིས་ཀ་ཐོབ་པར་བྱ་བ་ཡིན་ཏེ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །བྱང་ཆུབ་ཀྱི་སེམས་དེ་ཉིད་བསྐྱེད་པའི་ཕྱིར་སྤྲོ་བར་བྱེད་པ་ནི་སྔར་བྱང་ཆུབ་སེམས་བསྐྱེད་པ་ལ་ཡང་དག་པར་མགུ་བར་བྱེད་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་གཉིས་ཀ་ཡང་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་བ་ཡིན་ལ། ལམ་ཤེས་པ་ཉིད་ལ་སྤྲོ་བར་བྱེད་པ་ཡིན་ཏེ་དེས་ན་དེས་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱོད་ལེགས་སོ་ཞེས་བྱ་བ་ནི་གཞན་གྱི་དོན་ཆེན་པོ་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་བཀའ་


DTG089_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་གཟོ་བར་བགྱི་ཞེས་བྱ་བ་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱི་སྔོན་གྱི་ཉན་ཐོས་རྣམས་ཀྱིས་རྒྱལ་བའི་སྲས་ལ་བཀུར་སྟི་མང་དུ་བྱས་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་སྟི་བྱའོ་ཞེས་བྱ་བ་ནི་བྱས་པ་གཟོ་བའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་བྱས་པ་གཟོ་བ་དེ་ཉིད་རྒྱུ་གང་གིས་སོ། །སྔོན་ཞེས་བྱ་བ་ནི་སྔ་མའོ། །ཚངས་པ་ནི་མྱ་ངན་ལས་འདས་པའོ། །དེའི་ཕྱིར་སྤྱོད་པ་ནི་ཚངས་པར་སྤྱོད་པའོ། །དེ་སྤྱོད་པ་ནི་བྱང་ཆུབ་ཀྱི་ཕྱིར་ཏེ། དེ་བས་ན་བྱང་ཆུབ་ཀྱི་ཕྱིར་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་ཅེས་བྱ་བའི་དོན་ཏོ། །གཞན་དག་གིས་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་དང་འདྲ་བའི་ཚིག་གི་ཕྲད་དེ་ཇི་ལྟར་གྱི་དོན་ཏོ། །རྗེས་སུ་གཟུང་བར་བགྱིའོ་ཞེས་བྱ་བ་ནི་གདམས་པར་བྱ་བའོ། །རྗེས་སུ་ཡོངས་སུ་གཟུང་བར་བགྱིའོ་ཞེས་བྱ་བ་ནི་རྗེས་སུ་བསྟན་པར་བྱའོ། །ཚིག་འོག་མ་དག་ལས་སམ་ཞེས་བྱ་བའི་སྒྲ་ནི་ཡང་དག་པའི་དོན་ཏོ། །བདག་ཅག་གིས་ཀྱང་ཞེས་བྱ་བ་ནི་ཉན་ཐོས་ཀྱིས་ཀྱང་ངོ༌། །བདག་ཅག་ཅེས་བྱ་བ་ནི་རིགས་མཐུན་པ་དག་གི་ནང་གི་ཐ་སྙད་དོ། །ལེགས་པར་ཉོན་ལ་ཞེས་བྱ་བ་ནི་རྩེ་གཅིག་པར་ཉོན་ཅིག་པའོ། །ཤིན་ཏུ་ཞེས་བྱ་བ་ནི་རྩེ་གཅིག་པའི་ཡིད་ཀྱིས་སོ། །ཡིད་ལ་ཟུང་ཤིག་ཅེས་བྱ་བ་ནི་བསམས་པ་དང་བསྒོམས་པ་ལས་བྱུང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བའོ་ཞེས་བྱ་བ་ནི་ལམ་ཤེས་པར་བྱ་བ་ལ་སྤྱད་པར་བྱ་བའོ། །དེ་ལ་དང་པོ་ཉན་ཐོས་ཀྱི་ལམ་ལ་མཐོང་བའི་ལམ་གྱི་དབང་དུ་བྱས་ནས། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟོང་པ་ཉིད་ལ་གནས་པ་ཞེས་བྱ་བ་ནི་བདེན་པ་བཞི་ནི་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་འཕགས་པ་རྣམས་ལ་བདེན་པ་ཉིད་ཀྱིས་སོ་སོར་སྣང་གི་བྱིས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེའི་ཕྱིར་དེ་ཉིད་འཕགས་པའི་བདེན་པ་ཡིན་ཏེ། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་མོ། །དེ་ལ་སྡུག་བསྔལ་ནི་འཁོར་བར་གཏོགས་པའི་ཕུང་པོ་རྣམས་སོ། །སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་ངོ༌། །སྡུག་བསྔལ་ཟད་པ་ནི་འགོག་པའོ། །དེ་ཐོབ་པར་བྱེད་པའི་ཤེས་པ་ནི་ལམ་མོ། །འཕགས་པའི་བདེན་པ་བཞི་པོ་


DTG089_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རྣམ་པ་གང་ཡིན་པ་དེ་དག་གི་སྟོང་པ་ཉིད་ལ་གནས་པ་ནི་སྟོང་པ་ཉིད་ལ་གནས་པའོ། །དེ་ལྟ་བུའི་སྟོང་པ་ཉིད་མཐོང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་མཐོང་བའི་ལམ་ལ་གནས་པར་བྱ་བ་སྟེ་མཉམ་པར་གཞག་པའི་སེམས་ཀྱིས་སོ། །སྟོང་པ་ཉིད་མཐོང་བ་ཡང་མི་དམིགས་པའོ། །དེ་བཞིན་དུ་བསྟན་བཅོས་ལས། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་ནི་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། །ཉན་ཐོས་ཀྱི་སྡེ་སྣོད་ལ་བདེན་པའི་རྣམ་པ་བཅུ་དྲུག་ཏུ་བརྗོད་དེ། འདི་ལྟ་སྟེ་སྡུག་བསྔལ་ནི་མི་རྟག་པ་སྟེ། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། སྟོང་པ་དེ་ནི་ཤེས་པར་བྱ་བའོ། །ཀུན་འབྱུང་བ་ནི་རྒྱུ་དང༌། ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་དང༌། འགོག་པ་ནི་འགོག་པ་དང༌། །ཞི་བ་དང༌། གྱ་ནོམ་དང༌། ངེས་པར་འབྱུང་བ་དང༌། ལམ་ནི་ལམ་དང༌། རིགས་པ་དང༌། སྒྲུབ་པ་དང༌། ངེས་པར་འབྱིན་པའོ། །དེ་དག་ནི་སྤངས་པ་དང༌། མངོན་སུམ་དུ་བྱ་བ་དང༌། བསྒོམ་པ་དག་གོ་རིམས་བཞིན་ཏེ། དེ་དག་ནི་འདིར་མི་བཟུང་ངོ༌། །གང་ཡང་བཅོམ་ལྡན་འདས་མ་ཆེན་མོ་དག་ལས་གསུངས་པ་དེ་འདིར་བཟུང་སྟེ། ཉན་ཐོས་ཀྱི་བྱང་ཆུབ་དེ་ནི་མྱུར་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་ལ་རྣམ་པ་བཞིས་ཡིད་ལ་བྱེད་པ་ཡིན་པ་ནི་སྔ་མ་བཞིན་ཏེ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང་སྟོང་པ་དང་བཞི་པའོ། །རིམ་པ་བཞིན་དུ་སྐྱེ་བ་དང་འཇིགས་པ་དང་འབྲེལ་བའི་ཕྱིར་དང༌། མི་མཐུན་པའི་ཕྱིར་དང༌། བདག་གི་མཚན་ཉིད་མ་ཡིན་པའི་ཕྱིར་དང༌། བདག་གིས་སྟོང་པའི་ཕྱིར་དང༌། གང་གི་ཕྱིར་བདག་ཉིད་ཀྱིས་སྟོང་པ་ནི་ཞི་བ་སྟེ་ཤི་བའི་རོ་བཞིན་ནོ། །ཀུན་འབྱུང་ལ་རྣམ་པ་བཅུ་གཅིག་ཏུ་མཛད་ནས་བསྟན་ཏེ། །དེས་ན་རྣམ་པ་བཞི་སྤང་བར་བྱ་བའི་དོན་དུ་ནད་དང་ཤུ་བ་དང༌། ཟུག་རྔུ་དང༌། སྡིག་པའོ། །སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་ཕྱིར་དང༌། སྡུག་བསྔལ་གྱི་ཁྱད་པར་ཅན་གྱི་རྒྱུ་ཉིད་ཀྱི་ཕྱིར་དང༌། འདི་དང་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་སྡིག་པ་དང་ཆོས་མཐུན་པའོ། །ཡང་


DTG089_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བདེན་པ་ཉིད་ཡོངས་སུ་ཤེས་པའི་དོན་དུ་དགྲ་དང༌། འཇིག་པའི་ཆོས་ཉིད་དང༌། གྱོ་བ་དང༌། རབ་ཏུ་འཇིག་པ་ལས་སོ། །གང་གི་ཕྱིར་བདག་འཇིག་པར་ནུས་པས་དགྲའོ། །སྐད་ཅིག་རེ་རེ་ལ་འཇིག་པའི་ཕྱིར་འཇིག་པའི་ཆོས་ཉིད་དོ། །དགྲ་བཅོམ་པས་ལམ་གྱི་རང་བཞིན་གྱིས་རྩ་བ་ནས་བཏོན་པའི་ཕྱིར་གྱོ་བའོ། །འཇིག་པར་བྱེད་པའི་ཕྱིར་རབ་ཏུ་འཇིག་པའོ། །རྟུན་པའི་དོན་ཡང་རྣམ་པ་གསུམ་སྟེ། །འཇིགས་པ་དང༌། འཚེ་བ་དང༌། འགོ་བའི་ནད་དེ་ཐོག་འབབ་པ་ལ་སོགས་པ་འཇིགས་པའི་རྒྱུར་གྱུར་པའི་ཕྱིར་དང༌། འབྱུང་པོ་དང༌། སྲིན་པོ་ལ་སོགས་པ་དང་ཆོས་མཐུན་པའི་ཕྱིར་དང༌། མུ་གེ་དང༌། ཕ་རོལ་གྱི་དམག་ཚོགས་ལ་སོགས་པ་དང་ཆོས་མཐུན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ལུགས་ལས་བཟློག་པ་མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནས་བརྩམས་ནས། དེ་བཞིན་དུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་དེ་ལ་འགོག་པས་ན་འགོག་པ་སྟེ་འགོག་པའི་བདེན་པའོ། །འདིས་འགོག་པས་ན་འགོག་པ་སྟེ་ལམ་གྱི་བདེན་པའོ། །དེ་ལ་འགོག་པའི་བདེན་པ་ནི་རྣམ་པ་བདུན་ཏེ། བདག་མེད་པ་དང༌། ཞི་བ་དང༌། རྣམ་པར་དབེན་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུས་མ་བྱས་པའོ། །གང་གི་ཕྱིར་རྣལ་འབྱོར་པའི་བདག་ཉིད་ནི་སྡུག་བསྔལ་གྱི་ཕུང་པོའི་བདག་ཉིད་དོ། །དེ་ནས་སྡུག་བསྔལ་མེད་པས་བདག་མེད་པའོ། །ཉོན་མོངས་པ་ཉེ་བར་ཞི་བས་ཞི་བའོ། །སྡུག་བསྔལ་དང་ཉོན་མོངས་པ་ནི་མི་གཙང་བའོ། །དེ་དག་ཉེ་བར་ཞི་བས་རྣམ་པར་དབེན་པ་སྟེ་གཙང་བ་ཞེས་བྱ་བའི་དོན་ཏོ། །བདག་དང་བདག་གི་དང་བྲལ་བས་ན་སྟོང་པ་ཉིད་དེ། འདུས་བྱས་ཐམས་ཅད་ཀྱི་རྒྱུ་མཚན་མེད་པས་མཚན་མ་མེད་པའོ། །ཁམས་གསུམ་དུ་སྨོན་པ་ནི་སྨོན་པ་སྟེ་དེ་ཟད་པ་ནི་སྨོན་པ་མེད་པའོ། །མ་འོངས་པའི་ལས་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་མངོན་པར་འདུ་མི་བྱེད་པའོ། །འགོག་པ་ཐོབ་པར་བྱེད་པའི་ལམ་གྱི་བདེན་པ་ཡང་རྣམ་པ་བདུན་པོ་དེ་ཉིད་དེ་དེས་ན་བདག་མེད་པ་དང༌། ཞི་བ་དང༌། རྣམ་པར་དབེན་པ་ལ་


DTG089_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཐོབ་པར་བྱེད་པས་ལམ་ལ་ཡང་བདག་མེད་པ་དང༌། ཞི་བ་དང༌། རྣམ་པར་དབེན་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་མི་བྱེད་པ་སྟེ། རྣམ་པ་ཉི་ཤུ་རྩ་དགུ་པོ་དེ་དག་དང་ལྡན་པས། ཉན་ཐོས་ཀྱི་ལམ་གྱི་བྱང་ཆུབ་མྱུར་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་དག་ནི་རྣམ་པ་ཐམས་ཅད་མི་དམིགས་པས། ལམ་ཤེས་པ་ཉིད་ལ་འཇུག་པར་འགྱུར་ཏེ་དེས་ན་ཀཽ་ཤི་ཀ་དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཐེག་པ་དམན་པའི་ལམ་བསྒོམས་པས་བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པས་དམན་པའི་བྱང་ཆུབ་ཏུ་ལྟུང་བར་འགྱུར་རོ་ཞེས་དོགས་པར་བྱས་ནས། ཀཽ་ཤི་ཀ་དེའི་ཕྱིར་ལམ་ཤེས་པ་འདི་ལ་གོ་ཆ་ཆེན་པོ་ཐབས་ལ་མཁས་པ་ཆེན་པོའོ། །དེ་གྱོན་པ་ནི་གོས་པ་ན་བདག་ཉིད་སྲུང་བའི་དོན་དུའོ། །དེ་ལ་གོ་ཆ་ཆེན་པོ་ནི་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་སྒོམ་པར་བྱེད་པའོ། །ལངས་ནས་ཀྱང་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །དེ་ནི་ཉན་ཐོས་ཀྱི་མཐོང་བའི་ལམ་མོ། །འདིའི་འོག་ཏུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཤད་པར་བྱ་སྟེ། གཟུགས་ལ་གནས་བར་མི་བྱའོ་ཞེས་བྱ་བ་ནས་བརྩམས་ནས། འདིས་གནས་ཤིང་ཡིད་ལ་བྱེད་པ་འདི་དང་མ་བྲལ་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་ལ་སངས་རྒྱས་ཉིད་ལ་གནས་པར་མི་བྱའོ་ཞེས་བྱ་བའི་བར་གྱིས་ནི་དྲོ་བ་བསྟན་ཏོ། །དེའི་འོག་ཏུ་སངས་རྒྱས་ཉིད་ལ་གནས་པར་མི་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྩེ་མོ་བསྟན་ཏོ་དེ་ནས་རྣམ་པར་ཤེས་པ་སྟོང་པའོ་ཞེས་དམིགས་པས་གནས་པར་མི་བྱའོ་ཞེས་བྱ་བའི་བར་གྱིས་ནི་བཟོད་པ་བསྟན་ཏོ། །ལྷག་མས་ནི་ཆོས་ཀྱི་མཆོག་གོ །དེ་ལ་གཟུགས་ལ་སོགས་པ་ལ་གནས་པ་མེད་པ་ལ་མངོན་པར་ཞེན་པ་མེད་པས་དྲོ་བའོ། །གཟུགས་ལ་སོགས་པ་དེ་དག་གི་མཚན་ཉིད་མི་དམིགས་པ་ནི་རྩེ་མོའོ། །གཟུགས་ལ་སོགས་པ་ལ་གཉིས་སུ་མི་དམིགས་པ་ནི་བཟོད་པའོ། །དམིགས་པར་བྱེད་པས་ན་དམིགས་པ་དེ་བས་ན་སྟོང་པ་ཉིད་ལ་དམིགས་པ་ཉིད་ཀྱང་གཉིས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའི་ཁྱད་པར་དག་ལ་མི་གནས་པ་ནི་ཆོས་ཀྱི་མཆོག་གོ །བཅོམ་ལྡན་འདས་


DTG089_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དེ་དང་དེས་བསྟན་བཅོས་གཞན་དུ་དྲང་བར་བྱ་སྟེ། གཟུགས་སོགས་མི་གནས་པ་ནི་དྲོད། །དེ་བཞིན་ཞེས་གང་རྩེ་མོ་ཡིན། །གཟུགས་སོགས་རྟག་དང་མི་རྟག་ཅེས། །མི་གནས་དེ་ནི་བཟོད་པ་ཡིན། །འདིར་ནི་སྐྱེས་བུ་འཕགས་འབྲས་དང༌། །ཁྱད་པར་དག་ལ་མི་གནས་པ། །དེ་ཉིད་ཆོས་མཆོག་ཅེས་བྱ་སྟེ། །འཕགས་པ་ཉན་ཐོས་ལམ་ཡིན་ནོ། །འདིར་མིག་གི་འདུས་ཏེ་རེག་པ་ལ་གནས་པར་མི་བྱའོ་ཞེས་བྱ་བ་ནི། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་ཚོགས་པ་གང་ཡིན་པའི་བདེ་བ་ལ་སོགས་པ་དང་མཐུན་པའི་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་འདྲ་བ་ཙམ་གྱིས་དེ་བདེ་བ་ལ་སོགས་པ་སྐྱེད་པའི་སེམས་ལས་བྱུང་བའི་རེག་པ་ལ་བརྗོད་དོ། །དབང་པོའི་འགྱུར་བ་དང་རེག་པ་ཞེས་བྱ་བ་ནས། དེས་ན་དབང་པོའི་དབྱེ་བས་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་ཡིན་ཏེ། དེ་ཡང་ཆོས་མངོན་པ་ལས་གསུམ་འདུས་པ་ལས་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་ནི་རེག་པ་སྟེ། ཚོར་བ་སྐྱེད་པའི་ལས་ཅན་ནོ་ཞེས་གསུངས་སོ། །སྡུག་པ་ཞེས་བྱ་བ་ནི་གཙང་བའོ། །མི་སྡུག་པ་ནི་མི་གཙང་བའོ། །འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་ཉོན་མོངས་པ་མ་རིག་པ་ཟད་པ་ནས་འདུས་མ་བྱས་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་འདིར་ཞེས་བྱ་བ་ནི་འདོད་པའི་ཁམས་སུའོ། །དེ་ཉིད་དུ་ཞེས་བྱ་བ་ནི་དེ་ཉིད་དུ་སྐྱེ་བའོ། །ཕུང་པོའི་ལྷག་མ་མ་ལུས་པ་ཞེས་བྱ་བ་ནི་ཕུང་པོ་ནི་ཚོགས་སོ། །དེ་ལྷག་མ་ཡིན་པས་ཕུང་པོའི་ལྷག་མའོ། །དེ་ལས་བཟློག་པའི་ཕྱིར་ཕུང་པོའི་ལྷག་མ་མེད་པའོ། །སངས་རྒྱས་ཀྱི་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཡིན་ཏེ། རིམ་པ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཡོངས་སུ་ཟད་པས་ཟག་པ་མེད་པའི་ཆོས་ལ་འགྲོ་བ་མཐའ་ཡས་པའི་དོན་དུ་ནམ་མཁའི་མཐས་གཏུགས་པའི་བར་དུ་གནས་པའོ། །བཞེངས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཐོབ་པ་ཉམས་པ་མེད་པའི་ཕྱིར་རོ། །མི་གནས་ཤིང་མི་གནས་པ་ཡང་མ་ཡིན་ཞེས་བྱ་བ་ནི་གནས་པ་མེད་པའི་ཡིད་ཉིད་ཀྱི་ཕྱིར་དང་བཞེངས་པ་མེད་པའི་ཕྱིར་རོ། །རྣམ་པར་མི་གནས་ཤིང་རྣམ་པར་མི་གནས་པ་ཡང་མ་ཡིན་པ་ཞེས་བྱ་བ་ནི་སྤོང་བའི་ཚུལ་གྱིས་སྔ་མ་བཞིན་ནོ། །ལྷག་མ་ནི་རྟོགས་པར་སླ་སྟེ་དེ་ནི་ཆོས་ཀྱི་མཆོག་


DTG089_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གོ །དེ་ལྟར་ཉན་ཐོས་ཀྱི་ལམ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་བཤད་པ་ཡིན་ནོ། །སངས་རྒྱས་ཀྱི་མཐུས་བསེ་རུའི་ལམ་གྱི་གནས་སྐབས་ལ་ལྷའི་བུ་ཁ་ཅིག་རྣམ་པར་རྟོག་པ་འདི་ལྟ་བུར་གྱུར་ཏེ། །དེའི་དབང་དུ་བྱས་ནས་དེ་ནས་འཁོར་དེའི་ནང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁ་ཅིག་ཅེས་བྱ་བ་ནི་གང་རབ་འབྱོར་གྱིས་བསྟན་པའི་ཉན་ཐོས་ཀྱི་ལམ་ཡང་ཟབ་པར་བསམས་པའོ། །ཇི་ལྟར་གནོད་སྦྱིན་རྣམས་ཞེས་བྱ་བ་ནི་དེ་དག་གིས་བརྗོད་པའོ། །ཇི་ལྟར་གནོད་སྦྱིན་རྣམས་ཀྱིས་བརྗོད་པ་ནི་བསྟན་པ་སྟེ། དེ་དག་གིས་སྐད་ཀྱིས་སོ། །དེ་ལ་སྒྲ་དེ་དག་དང་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་རྗེས་སུ་བསྟན་པའོ། །ཚིག་ནི་ངག་གི་ཚོགས་སོ། །སྨྲ་བ་ནི་ངག་གི་ཚོགས་ཀྱིས་སོ། །བཤད་པ་ནི་རྟོགས་པར་བྱེད་པའོ། །དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་ཞེས་བྱ་བ་ནི་སྐབས་ལ་བབ་པའི་ཕྱིར་བློ་ལ་གནས་པའི་བསེ་རུའི་ལམ་སྟོན་པར་བྱེད་དོ། །ཤེས་པར་མི་རུང་ཤེས་པར་མི་རུང་ཞེས་བྱ་བའི་ཚིག་གཉིས་ནི་ངེས་པར་བཟུང་བའི་དོན་ཏོ། །སྲིད་པ་ཐ་མ་གཞན་ལས་རྣམ་པར་ཤེས་པ་ནི་བསེ་རུ་སྟེ། བསེ་རུའི་ཐེག་པ་དེ་དག་ལ་ནི་གཞན་གྱིས་བསྟན་པ་མེད་དེ། གང་གི་ཕྱིར་དེ་དག་ནི་རང་བྱུང་བ་ཉིད་ཀྱིས་རང་གི་མངོན་སུམ་དུ་འགྱུར་བ་ཡིན་ཏེ། དེ་བས་ན་གཞན་གྱིས་བསྟན་པ་དོན་མེད་དོ། །འདི་ལྟར་ཞེས་བྱ་བ་ནི་འདི་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཇི་ལྟ་བུ་ཞེ་ན། འདི་ལ་ཅུང་ཟད་ཀྱང་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་བསེ་རུའི་ཐེག་པ་ལའོ། །ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་ཅུང་ཟད་ཀྱང་སྨོས་པ་མེད་དེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཆོས་གང་ཡང་མེད་པས་སོ། །ཐོས་པ་ནི་ཉན་པ་པོ་སྟེ། ཆོས་ཐམས་ཅད་རང་རང་གི་ངོ་བོ་མེད་པ་སྟེ། དཔེར་ན་སངས་རྒྱས་ཀྱི་སྤྲུལ་པས་སྤྲུལ་པའི་འཁོར་རྣམས་ལ་ཆོས་བཤད་པ་ན་ཅུང་ཟད་ཀྱང་སྨོས་པ་མེད་པ། སུས་ཀྱང་སྟོན་པ་མེད་ཅིང་གང་ཡང་ཉན་པ་མེད་པ་བཞིན་ནོ། །དེ་ནས་ལྷའི་བུ་དེ་དག་ལ་སོགས་པ་ཞེས་གསུངས་སོ། །གསལ་བ་ནི་ཟབ་པ་མ་ཡིན་པའོ། །ལན་གཉིས་བརྗོད་པ་ནི་དགའ་བས་སོ། །འདི་ནི་ཞེས་བྱ་བ་ནི་བདག་ཅག་གི་རྣམ་པར་རྟོག་པའོ། །འཕགས་པ་མ་ཡིན་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་རིང་བའི་ཕྱིར་དང༌། སྤྲོས་པ་མེད་པ་ཉིད་ཀྱིས་ཕྲ་བའི་ཕྱིར་རོ། །


DTG089_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བར་དཀའ་བ་ཉིད་ཀྱིས་ཟབ་གོ །ཉན་ཐོས་ཀྱི་ལམ་གྱི་ཡེ་ཤེས་ཀྱི་སེམས་དཔས་ཆེས་རིང་བ་དང༌། །ཆེས་ཕྲ་བ་དང༌། །ཆེས་ཟབ་པས་རབ་ཏུ་འཇུག་པའོ། །སྟོན་པ་ནི་ཚིག་གིས་སོ། །འཆད་པ་ནི་དོན་གྱིས་སོ། །འདི་ལྟར་འདི་ལ་ཅུང་ཟད་ཀྱང་སྨོས་པ་མེད་དེ་ཞེས་གསུངས་པ་དེ་ནི་ཤེས་པ་ཟབ་པ་ཉིད་དུ་བསྟན་ཏེ། དེས་ན་བསྟན་བཅོས་ལས། གཞན་གྱིས་བསྟན་ཡང་མི་དགོས་ལ། །རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་གསུངས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། བཟོད་པ་འདི་ལ་མ་བརྟེན་པར་ཞེས་བྱ་བ་དང༌། དེ་ལྟར་འདི་ལ་ཅུང་ཟད་ཀྱང་སྨོས་པ་མེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ནི་ཤེས་པའི་གཟུང་བ་མེད་པ་ཉིད་ཐོབ་པ་ཞེས་བྱ་བའི་དོན་ཏེ། དེས་ན་ཉན་ཐོས་ཤེས་པ་ཡང་བླང་བར་བྱ་བ་ཡིན། དེ་བཞིན་གཤེགས་པའི་ཡང་བླང་བར་བྱ་བ་ཡིན། བསེ་རུ་ལྟ་བུའི་ཡང་ཤིན་ཏུ་རྟོགས་པར་བྱ་བ་ཡིན་ནོ་ཞེས་བསམས་སོ། །དེ་ནི་བསེ་རུ་ལྟ་བུའི་གཟུང་བའི་རྣམ་པར་རྟོག་པ་སྤང་བའོ། །དེ་ནས་ཡང་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ལ་སོགས་པའི་སྟོབས་ཀྱིས་ལོག་པའི་སྐྱེས་བུ་སོ་སོར་སྣང་བ་ནི་སྒྱུ་མའོ། །འདྲ་བར་སྟོན་པ་ནི་སྤྲུལ་པ་སྟེ་དེ་གཉིས་ལྟ་བུའོ། །དེ་གཉིས་དང་འདྲ་བ་ནི་སྒྱུ་མ་དང་འདྲ་བའི་སེམས་ཅན་དེ་སྒྱུ་མ་ཉིད་ནི་མ་ཡིན་ནོ། །ལོག་པ་ཉིད་ནི་སྒྱུ་མ་ཉིད་དུ་བསམས་སོ། །ཡང་རབ་འབྱོར་གྱིས་བསམ་པ་ནི་ལོག་པའི་ཁྱད་པར་གྱི་སྒྱུ་མ་དང་རྨི་ལམ་སྟེ། དེ་གཉིས་དང་འདྲ་བ་ནི་ལོག་པ་ཉིད་དོ། །དེ་བས་ན་སྒྱུ་མ་དང་སེམས་ཅན་ནི་ལོག་པ་ཉིད་དུ་གཉིས་སུ་མེད་པ་ཡིན་ཏེ་ཁྱད་པར་མེད་པ་ཡིན་ནོ། །དེ་ཉིད་ཀྱིས་སྒྱུ་མའི་སྐྱེས་བུའི་བཞིན་དུ་སྐྱེས་བུའི་རྫས་མེད་པ་བསྟན་ཏོ། །ཆོས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་སྐྱེས་བུའི་ཆོས་ཐམས་ཅད་ཀྱང་སྒྱུ་མ་དང་འདྲ་བ་སྟེ། སྐྱེས་བུ་དེའི་རྫས་མེད་ན་ཆོས་ཀྱང་མེད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ཞེས་བྱ་བ་ལ་སོགས་པ་ནས། འདི་ལ་ཡང་དག་པར་འཛིན་པ་སུ་ཡང་མི་འབྱུང་ངོ་ཞེས་བྱ་བའི་བར་གྱིས་ནི་གནས་བརྟན་རབ་འབྱོར་གྱིས་ཆོས་ཉན་པ་བཞིན་ཡང་དག་པར་འཛིན་པ་ཡང་མེད་དོ་ཞེས་བསྟན་ཏོ། །རབ་ཏུ་


DTG089_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་བྱེད་པས་ཡང་དག་པར་འཛིན་པའོ། །དེ་མེད་པ་ནི་ཡང་དག་པར་འཛིན་པའི་རྫས་མེད་པའི་ཕྱིར་རོ། །མ་སྨོས་པ་ཞེས་བྱ་བ་ནི་གསལ་བར་མ་བཤད་པའོ། །ཡོངས་སུ་སྣང་བ་ཞེས་བྱ་བ་ནི་གསལ་བའོ། །བཅས་པ་ཞེས་བྱ་བ་ནི་སྟོན་པ་དང་ཉན་པའི་ཐ་སྙད་དོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་སྐྱེས་བུའི་རྫས་ནི་མེད་དེ་ནང་གི་ཕུང་པོ་ལ་སོགས་པ་མ་འདྲེས་པ་ཉིད་ལ་སྐྱེས་བུར་བསྟན་ཏེ། དེས་ན་སྐྱེས་བུ་བཏགས་པ་ལ་བརྟན་པ་ཕུང་པོ་ལ་སོགས་པ་ལ་འཛིན་པ་འདི་དག་ཡོད་པ་ཡིན་གྱི། བསེ་རུ་ལྟ་བུའི་འཛིན་པའི་རྣམ་པར་རྟོག་པ་སྤངས་པ་ནི་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནས། གང་མ་སྐྱེས་པ་ནི་མེ་ཏོག་ཀྱང་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་བསེ་རུ་ལྟ་བུའི་རིགས་བརྗོད་དོ། །འདིར་ཆོས་ཀྱི་རྣམ་གྲངས་འདི་ཞེས་བྱ་བ་ནི་ཆོས་ཀྱི་བྱེ་བྲག་བསེ་རུའི་ལམ་མོ། །རབ་འབྱོར་ལ་མངོན་པར་གཏོར་རོ་ཞེས་བྱ་བ་ནི་ཆོས་འཆད་པ་ལ་མཆོད་པས་ནི་ཆོས་ལ་མཆོད་པའི་ཕྱིར་རོ། །བརྒྱ་བྱིན་ལ་རྗེས་སུ་བརྗོད་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཤེས་ནས་བཤད་པའི་ཕྱིར་རོ། །འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནི་འོག་ནས་བརྗོད་པའི་ཕྱིར་རྣམ་པར་རྟོག་པ་ལ་སེམས་པའོ། །འདི་དག་ནི་ཞེས་བྱ་བ་ནི་དེ་ལྟར་བགྱིའོ། །མེ་ཏོག་ནི་དྲི་མ་མེད་པ་ཉིད་ཀྱིས་མེ་ཏོག་དང་ཆོས་མཐུན་པའི་ཕྱིར་ཏེ། བསེ་རུ་ལྟ་བུའི་ལམ་གྱིས་ཡང་དག་པར་བསྡུས་པའི་དགེ་བ་རྣམས་སོ། །ལྷའི་གནས་ན་ཡིད་པ་ཞེས་བྱ་བ་ནི་སྲིད་པའོ། །མ་མཐོང་ཞེས་བྱ་བ་ནི་ཟག་པ་མེད་པ་ཉིད་ཀྱིས་ཁམས་གསུམ་དུ་ལྷུང་བ་མེད་པའི་ཕྱིར་རོ་ཞེས་བསམས་སོ། །མངོན་པར་གཏོང་བ་ཞེས་བྱ་བ་ནི་འཁོར་རྣམས་ལ་སྤྲུལ་པའི་མེ་ཏོག་མཚོན་པ་ཡིན་ནོ། །སྤྲུལ་པ་ནི་ཇི་ལྟར་སྣང་པ་བཞིན་དུ་མེད་པའི་ཕྱིར་རོ། །ག་ལས་ཤེ་ན། འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡིད་ལས་བྱུང་བ་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིད་ཀྱིས་སྤྲུལ་པ་ཞེས་བྱ་བའི་དོན་ཏོ། །བརྒྱ་བྱིན་གྱི་ཡིད་ལས་བྱུང་བ་ཉིད་ཀྱང་དགག་པའི་ཕྱིར་འདི་དག་ནི་མ་བྱུང་བ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཇི་ལྟར་བཟུང་བའི་ཤིང་ལ་སོགས་པ་མེད་དེ། དེ་བས་དེ་དག་ལས་བྱུང་བ་ཡང་མ་ཡིན་ལ་དེ་བཞིན་དུ་ཡིད་ཀྱང་མེད་དེ་འཛིན་པ་མེད་པའི་ཕྱིར་རོ། །དེ་བས་ན་དེ་ལས་བྱུང་བ་ཡང་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་མ་སྐྱེས་


DTG089_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མེ་ཏོག་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་གང་དང་དེ་ནི་རྟག་ཏུ་འབྲེལ་པ་ཡིན་པའི་ཕྱིར་དེ་ནི་མེ་ཏོག་ཀྱང་མ་ཡིན་བསེ་རུའི་ལམ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་སེམས་ཏེ་ཁྱད་པར་མེད་པར་བྱུང་བ་ནི་སྐྱེ་བའོ། །དེས་ན་འབྲས་བུ་ནི་རིགས་འདྲ་བ་ལ་བརྟེན་པ་ཡིན་ཏེ་རྒྱུ་ལ་གནས་པས་བསེ་རུའི་རྟེན་ནི་བསེ་རུའི་ལམ་མོ། །བསེ་རུ་ནི་འདུས་བྱས་ཀྱི་ཆོས་ཀྱི་ལམ་ལ་བརྟེན་པར་རིགས་པ་ཡིན་ཏེ་ཟག་པ་དང་བཅས་པ་ནི་རིགས་མི་འདྲ་བ་ཉིད་ཀྱི་ཕྱིར་རོ། །འདུས་བྱས་ཀྱང་ཟག་པ་མེད་པར་ལྡན་པ་ནི་དེ་དང་ལྡན་པའི་ཕྱིར་དང་པོ་ཉིད་ནས་ཟག་པ་མེད་པ་ཡང་སྐྱེ་བར་ཐལ་བར་འགྱུར་རོ། །དེ་བས་ན་ཟག་པ་མེད་པ་ཉིད་ཀྱི་རིགས་འདྲ་བ་ནི་བསེ་རུའི་ཆོས་ཀྱི་དབྱིངས་ཉིད་དེ། བསེ་རུའི་ལམ་ནི་གནས་དང༌། གཞི་དང༌། རྟེན་དང༌། རིགས་ཡིན་ཏེ་དེ་ནི་བསེ་རུའི་ལམ་གྱི་རྟེན་ཡིན་ནོ། །འདིར་བསྟན་བཅོས་ལས། གཟུང་བའི་རྟོག་པ་ཉམས་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ནས་བསེ་རུ་རྣམས་ནི་ཇི་ལྟར་གཞན་གྱི་དོན་བྱེད་པ་ཡིན་ཞེ་ན། འདོད་པ་ཙམ་གྱིས་དེ་འགྲུབ་པ་ཡིན་ནོ། །དེ་དག་ལས་ཇི་ལྟར་ཉན་པར་བྱེད་ཅེ་ན། གུས་པར་ཉན་པ་ཙམ་གྱིས་ཏེ། གང་གི་ཕྱིར་བསྟན་བཅོས་ལས། གང་གང་དོན་ནི་གང་གང་ལས། །ཇི་ལྟ་ཇི་ལྟར་ཉན་འདོད་དང༌། །དེ་ལ་སྒྲ་མེད་ཀྱང་དོན་དེ། །དེ་ནི་དེ་ལྟ་དེ་ལྟར་སྣང༌། །ཞེས་གསུངས་སོ། །གང་དང་གང་ཞེས་བྱ་བ་ནི་གདུལ་བྱ་ལའོ། །དོན་གང་དང་གང་ལ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་འམ་འཕགས་པའི་ལམ་ཉིད་དོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་གང་དང་གང་གི་རྣམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བའི་བར་གྱིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་པ་ཡིན་ཏེ། དེ་ལ་གང་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་ཚད་མེད་པ་ལ་སློབ་བོ་ཞེས་བྱ་བའི་བར་གྱིས་ནི་དྲི་བ་བསྟན་ཏོ། །མིང་དང་ཚིག་ཏུ་བཏགས་པ་ཞེས་བྱ་བ་ནི་ཐ་སྙད་དོ། །དེ་སྟོན་པ་དང་འགལ་བར་མི་བྱེད་པ་དང༌། དེ་ཉིད་བསལ་བར་བྱེད་པ་དང༌། དེ་ཉིད་ཉེ་བར་སྟོན་པ་སྟེ། དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་ཉིད་དུ་སྟོན་པ་ཡིན་ཏེ་དེ་ནི་དྲོད་དོ། །


DTG089_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཆོས་ཚད་མེད་དཔག་ཏུ་མེད་པ་ལ་སློབ་བོ་ཞེས་བྱ་བ་ནས། དེ་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང༌། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ་ཞེས་བྱ་བའི་བར་གྱིས་ནི་རྩེ་མོ་བསྟན་ཏོ། །ཇི་ལྟར་མི་སློབ་པ་ཡིན་ཞེ་ན། དམིགས་པ་མེད་པའི་ཕྱིར་ཏེ། དེ་ནི་རྩེ་མོའོ། །གང་གཟུགས་འཕེལ་བར་བྱ་བ་དང། འགྲིབ་པར་བྱ་བའི་ཕྱིར་མི་སློབ་པ་དང་ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བའི་བར་གྱིས་ནི་བཟོད་པ་བསྟན་ཏོ། །དེ་ལ་གཟུགས་ལ་སོགས་པ་ཡོངས་སུ་གཟུང་བ་མེད་པའི་རིགས་ནི་བཅོམ་ལྡན་འདས་མ་ཆེན་པོ་ལས་བསྟན་ཏོ། །ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་བར་ལ་བསྟན་པ་དེ་ནི་བཟོད་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཀྱི་མཆོག་སྟོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་བློ་ལ་གནས་པའི་རྒྱུ་འདྲེན་པར་བྱེད་པའོ། །དེ་ལྟར་ཡང་བཅོམ་ལྡན་འདས་མ་ཆེན་པོ་ལས་གསུངས་ཏེ། དེས་གཟུགས་ཀྱི་སྐྱེ་བ་མི་མཐོང༌། འགག་པ་མི་མཐོང༌། བླང་བ་མི་མཐོང༌། དོར་བ་མི་མཐོང༌། ཀུན་ནས་ཉོན་མོངས་པ་མི་མཐོང༌། རྣམ་པར་བྱང་བ་མི་མཐོང༌། འཕེལ་བ་མི་མཐོང༌། འགྲིབ་པ་མི་མཐོང༌། སྩོགས་པ་མི་མཐོང༌། འབྲི་བ་མི་མཐོང་ཞེས་བྱ་བ་འབྱུང་བ་ནི་ཆོས་ཀྱི་མཆོག་གོ་དེ་ལྟར་ཡང་བསྟན་བཅོས་ལས། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོད་གྱུར་པ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །ཅེས་བསྟན་ཏེ་རང་སངས་རྒྱས་ཀྱི་ལམ་མོ། །བྱང་ཆུབ་སེམས་དཔའི་ལམ་བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕེན་ཡོན་བཅས་པ་འདི་བཤད་དོ། །ཞེས་བྱ་བ་གསུངས་སོ། །འདིའི་མདོར་བསྡུས་པའི་དོན་ནི་བདེན་པ་རེ་རེ་ལ་བཟོད་པ་གཉིས་དང་ཤེས་པ་གཉིས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་


DTG089_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཤེས་པ་དང༌། དེ་བཞིན་དུ་ཀུན་འབྱུང་དང༌། འགོག་པ་དང་ལམ་ལ་ཡང་སྦྱར་རོ། །བདེན་པ་རྣམ་པ་མང་པོའི་སྐད་ཅིག་མ་ནི་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་གྱི་ལམ་ཤེས་པ་ཉིད་དུ་བརྗོད་དོ། །ཕན་ཡོན་དང་བཅས་པའི་སྐད་ཅིག་མ་འདི་དག་གི་ཁྱད་པར་གྱི་མཚན་ཉིད་ཀྱི་དབང་དུ་བྱས་ནས། བསྟན་བཅོས་ལས་ཚིགས་སུ་བཅད་པ་ལྔ་སྟེ། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །ཆེན་པོ་ཚད་མེད་ཉིད་དང་བཅས། །དཔག་མེད་མཐའ་ཉིད་མེད་པ་དང༌། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །བླང་དང་དོར་བ་མེད་སོགས་དང༌། །བྱམས་ལ་སོགས་དང་སྟོང་ཉིད་དང༌། །སངས་རྒྱས་ཉིད་ནི་འཐོབ་པ་དང༌། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང༌། །ཉམ་ང་བ་དང་ནད་ཀུན་སེལ། །མྱ་ངན་འདས་འཛིན་ཞི་ཉིད་དང༌། །སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་གསུངས་ཏེ། ལམ་ཉིད་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་གྱི་སྐད་ཅིག་མ་ཞེས་བྱ་བའི་དོན་ཏོ། །ཡུལ་འདིའི་དབང་དུ་མཛད་ནས་དང་པོའི་ཚིག་རྐང་པ་གསུམ་དོན་གཞན་དུ་བྱས་པ་ནི་དང་པོའི་སྐད་ཅིག་མ་ཚིག་རྐང་པ་གཉིས་ཀྱིས་སོ། །དམ་པའི་དོན་དུ་གཟུགས་ལ་སོགས། །ཤེས་པ་མ་ཡིན་གཞན་ཚིག་མིན། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་དེ་ནི་གཟུགས་ལ་སོགས་པ་ལས་མཚན་ཉིད་ཀྱི་དབྱེ་བས་ཐ་དད་པ་མ་ཡིན་ཏེ། དོན་དམ་པར་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ནོ། །དེ་ལྟར་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། གཟུགས་ལ་སོགས་པ་ནང་ཡིན་པ་དེ་ནི་དེ་དེ་བཞིན་ཉིད། གང་ཡང་ཆོས་འདི་དག་ཐམས་ཅད་ཡོངས་སུ་འཚལ་ན་ནི་ཡང་དག་པར་ལྡན་པ་ཡང་མ་ཡིན། ཡང་དག་པར་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་དང་ལྡན་པའོ། །ཡང་དག་པ་དང་ལྡན་པ་ཡང་མ་ཡིན། ཡང་དག་པར་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་གཅིག་པ་ཡང་


DTG089_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་དང་ཐ་དད་པ་ཡང་མ་ཡིན་པ་སྟེ། བརྟགས་པ་རྣམས་ནི་མེད་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནི་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་མེད་པའི་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་དེ་བས་ན་གཟུགས་ཀྱི་ཕུང་པོ་མེད་པ་ནས་གཟུགས་མེད་པ་ནས་གཟུགས་མེད་པའོ། །མིག་གི་རྣམ་པར་ཤེས་པ་མེད་པའི་ཕྱིར་བསྟན་དུ་མེད་པའོ། །རང་དང་གཞན་གྱི་སྐྱོན་འབྱུང་བའི་འཆིང་བ་མེད་པའི་ཕྱིར་ཐོགས་པ་མེད་པའོ། །བྱེ་བྲག་སོ་སོར་སྣང་བ་ནུབ་པའི་ཕྱིར་མཚན་ཉིད་དང་ལྡན་པ་སྟེ། འདི་ལྟར་མཚན་ཉིད་མེད་པ་ཡིན་ཏེ། དེ་ནི་དེ་བཞིན་ཉིད་ཙམ་གྱི་མཚན་ཉིད་དོ། །དེས་ན་འདིའི་དང་པོ་མཚན་ཉིད་ཀྱི་སྐབས་བསྟན་པ་ནི་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའི་བར་དང༌། དེའི་འོག་ཏུ་དང་པོའི་སྐད་ཅིག་མ་དེ་སྐད་སྨྲས་པ་དང༌། ལྷའི་དབང་པོ་ཞེས་བྱ་བའི་བར་གྱིས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་བསྟན་ཏོ། །སྐད་ཅིག་མ་དེ་དག་གི་ཁྱད་པར་གྱི་མཚན་ཉིད་ནི་བསྟན་བཅོས་ལས། ཆེན་པོ་ཚད་མེད་ཉིད་དང་བཅས། །དཔག་དང་མཐའ་ཉིད་མེད་པ་དང༌། །དེ་དག་གཟུགས་ལ་སོགས་པར་སྦྱོར། །ཞེས་བྱ་བ་ལ་ཆེན་པོ་དང་ཚད་མེད་པ་དང་ལྷན་ཅིག་པ་ནི་ཆེན་པོ་ཚད་མེད་པ་འདི་དང་བཅས་པའོ། །དེ་ཉིད་ཆེན་པོ་ཚད་མེད་པ་ཞེས་བྱ་བའི་དོན་ཏོ། །མཐའ་གཉིས་ནི་མཐའ་ཁོ་ནའོ། །དཔག་པ་དང་མཐའ་གཉིས་ནི་དཔག་པ་དང་མཐའ་དག་གོ །དེ་གཉིས་མེད་པ་ནི་དཔག་ཏུ་མེད་པ་དང་མཐའ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆེན་པོ་ལ་སོགས་པ་ནི་གང་གཟུགས་ལ་སོགས་པ་དང་སྦྱར་རོ། །གཟུགས་ལ་སོགས་པ་དེ་དག་ལ་ཆེན་པོ་ལ་སོགས་པ་དམིགས་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆེན་པོ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཉིད་དང༌། ཚད་མེད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང༌། དཔག་ཏུ་མེད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང༌། མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །འདི་ཡང་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལ་སོགས་པའི་ཤེས་པ་ནི་མངོན་པར་ཞེན་པ་མེད་པར་བལྟ་བར་བྱའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱ་བ་ནི་ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕིན་པའོ་ཞེས་མངོན་པར་ཆགས་པར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་མདོའི་ཚིག་གིས་


DTG089_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་ནས་དེ་སྐད་ཅེས་སྨྲས་པ་དང༌། ལྷའི་དབང་པོ་ཞེས་བྱ་བ་ལ་སོགས་པས་ནི་བརྒྱ་བྱིན་གྱིས་བསྟན་ཏོ། །གནས་བརྟན་རབ་འབྱོར་ཞེས་བྱ་བ་ལ་སོགས་པས་རབ་འབྱོར་གྱིས་བརྗོད་པ་རྗེས་སུ་བརྗོད་པ་ཡིན་ནོ། །དེ་བས་ན་རབ་འབྱོར་ཉིད་ཀྱི་རྗེས་སུ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་གཟུགས་ལ་སོགས་པ་ཆེན་པོ་ཉིད་ནི་དུས་འདི་ལ་ཡོད་དོ། །དུས་འདི་ལ་མེད་དོ་ཞེས་བྱ་བ་ཉིད་ནི་དུས་ཡོངས་སུ་ཆད་པ་མེད་པ་ཉིད་དོ། །དེ་ལ་མི་དམིགས་པའི་ཕྱིར་དེ་ནི་ཆེན་པོ་ཉིད་ཡིན་ཏེ་དེ་བས་ན་སྡུག་བསྔལ་ལ་ཆོས་ཤེས་པའོ། །དེ་བཞིན་ཉིད་ཀྱི་རང་བཞིན་ནི་ནམ་མཁའ་ལྟ་བུ་སྟེ། ཚད་ཀྱིས་ཡོངས་སུ་བཅད་དུ་མེད་པའི་ཕྱིར་ཚད་མེད་པ་ཡིན་ཏེ། དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །གྲངས་ཡོངས་སུ་བཅད་པ་མེད་པ་ནི་དཔག་ཏུ་མེད་པ་ཡིན་ཏེ། དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །ཡུལ་ཕྱོགས་ཡོངས་སུ་བཅད་པ་མེད་པའི་ཕྱིར་མཐའ་ཡས་པ་འམ་དམིགས་པ་མཐའ་ཡས་སོ། །གང་གི་ཕྱིར་དམིགས་པ་ནི་ཆོས་དེ་དག་ཐམས་ཅད་ཀྱི་མཐའ་ཡོད་པ་མ་ཡིན་ཏེ། གྲངས་ལས་འདས་འདས་པའི་ཕྱིར་རོ། །གཞན་ཡང་ཆོས་ཐམས་ཅད་ནི་མེད་པ་ཉིད་ཀྱི་མཐས་ཡས་པ་ཡིན་ཏེ། །དེ་དག་ནི་སྐྱེ་བ་དང༌། འཇིག་པའི་མཐའ་གཉིས་མེད་པའི་ཕྱིར་རོ། །དམིགས་པ་དེ་གཉིས་ཀ་ཡང་བདག་མེད་པའི་ཤེས་པ་སྟེ། སེམས་ཅན་ལ་དམིགས་པ་ནི་བདག་མེད་པ་གཉིས་ཀ་ཡིན་ཏེ། དེ་ཡང་མཐས་མཐའ་ཡས་པའོ། །བརྒྱ་བྱིན་གྱིས་སྨྲས་པ། དེ་ཇི་ལྟར་མཐའ་ཡས་པ་ཡིན་ཞེ་ན། རབ་འབྱོར་གྱིས་སྨྲས་པ་ནི་བགྲང་བའི་ཚུལ་གྱིས་ཀྱང་མ་ཡིན། བགྲང་བ་མང་པོས་ཀྱང་མ་ཡིན་ཞེས་བྱ་བ་ནི་བགྲང་བ་ལས་འདས་པ་ཉིད་ཀྱིས་ཀྱང་མ་ཡིན། གྲངས་མཐའ་ཡས་པས་ཀྱང་མ་ཡིན་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་ཞེས་བྱ་བ་ལ། འོ་ན་ཞེས་བྱ་བའི་སྒྲ་ནི་མི་གཟིགས། ཆོས་ཀྱི་ཚིག་བླ་དྭགས་པས་ཀྱང་མ་ཡིན་ཞེས་བྱ་བ་ལ་ཆོས་ནི་བདག་གི་རྫས་སོ། །དེའི་ཚིག་བླ་དགས་མ་ཡིན་པ་ནི་དེ་མེད་པའི་ཕྱིར་ཏེ། ཆོས་ཉིད་ཀྱི་རང་གི་དོན་མི་བསྒྲུབ་པས་ན་ཆོས་ཀྱི་ཚིག་བླ་དྭགས་མ་ཡིན་ནོ། །མིང་དུ་བཏགས་པ་ཞེས་བྱ་བ་ནི་རྨོངས་པ་དང་ལྡན་པས་སོ། །དེ་ག་ལས་ཤེ་ན། གང་གི་ཕྱིར་གློ་བུར་དུ་བྱུང་བ་ཡིན་ཏེ། རྣམ་པར་དཔྱོད་པ་ཡོད་ན་གྱོ་བ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དངོས་


DTG089_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པ་ནི་བདག་གི་རྫས་མེད་པས་སོ། །བདག་དང་འབྲེལ་པ་ཡོད་ན་ནི་བདག་ཅེས་ཅུང་ཟད་བརྗོད་ན་དེ་ཡང་མེད་ན་བདག་ཅེས་བྱ་བ་གཏན་དུ་མེད་པའི་ཕྱིར་དེ་ནི་བདག་མེད་པའོ། །ཡང་ན་བདག་ཏུ་བཏགས་པའི་ཡུལ་ཕུང་པོ་ལ་སོགས་པ་ནི་བདག་གི་ཡིན་ན་དེ་ཡང་མེད་པས་བདག་གི་མེད་དོ། །ཡང་ན་མིང་དང་འདུ་ཤེས་སོ། །གང་དེའི་འདུ་ཤེས་དེ་མེད་པའི་ཕྱིར་བདག་གི་མེད་པའོ། །དམིགས་པའི་ཡུལ་དེ་མེད་པའི་ཕྱིར་དམིགས་སུ་མེད་པའོ། །འདི་ལ་ཞེས་བྱ་བ་ནི་སྟོན་པའི་བསྟན་པའོ། །དེ་ཡང་ཡིད་ཆེས་པའི་ལུང་གིས་ཀྱང་བདག་མེད་པ་གྲུབ་པར་བསྟན་པའི་ཆེད་དུ་གང་ལ་སེམས་ཅན་མཐའ་ཡས་པ་ཡོད་དམ་ཞེས་སྨྲས་ཏེ། བགྲང་བ་ལས་འདས་པ་ཉིད་ཀྱིས་གོང་ཡང་མེད་དོ་ཞེས་བསམས་སོ། །བདག་མེད་པ་ཚད་མས་གྲུབ་པ་ཡིན་ཡང་ཡིད་ཆེས་པའི་ལུང་གིས་ཀྱང་བདག་མེད་པ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ། ཀཽ་ཤི་ཀ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཞུགས་ཏེ་ཞེས་བྱ་བ་ནི་ངལ་བསོ་བ་མེད་པའོ། །གསུང་ཞེས་བྱ་བ་ནི་ཚིག་གིས་སོ། །མཐའ་ཡས་པ་ཞེས་བྱ་བ་ནི་འཇིག་རྟེན་ནོ། །གོ་བར་བྱེད་པ་ཞེས་བྱ་བ་ནི་དོན་གོ་བར་བྱེད་པའི་དབྱངས་དེ་སྒྲ་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །འབྲུག་སྒྲ་ལྟ་བུ་ནི་ཟབ་པའོ། །དབྱངས་ནི་རོལ་མོའི་དབྱངས་བཞིན་དུ་སྣ་ཚོགས་པའོ། །གང་ལ་དེ་ལྟ་བུའི་སྒྲ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཟིན་ཀྱང་ཞེས་བྱ་བ་ནི་འོན་ཀྱང་ངོ༌། །ཐོག་མ་ནས་དག་པའི་ཕྱིར་ཞེས་བྱ་བ་ནི་དང་པོ་ཉིད་ནས་སེམས་ཅན་མེད་པའོ། ཡོངས་སུ་དག་པའི་ཕྱིར་ཞེས་བྱ་བ་ནི་ཐམས་ཅད་དུ་སེམས་མེད་པའོ། རྣམ་གྲངས་འདིས་ཀྱང་ཞེས་བྱ་བ་ནི་རྣམ་པས་སོ། །མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་དེ་གང་ཡིན་ཞེ་ན། །དེ་ན་སེམས་ཅན་མཐའ་ཡས་པའི་ཕྱིར་ཞེས་བྱ་བས་ནི་སེམས་ཅན་རྣམས་སྐྱེ་བ་དང༌། འགག་པ་དང་བྲལ་བའི་ཕྱིར་སེམས་ཅན་མཐའ་ཡས་པའོ། །དེ་ལྟར་ཡང་ཞེས་བྱ་བ་ནི་དེ་བཞིན་དུ་གྲངས་ལས་འདས་པའོ། །དེ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་གང་ཡིན་པ་དེ་ལ་སངས་རྒྱས་ཉིད་དུ་ངེས་པར་བཟུང་བ་དེ་ཉིད་སངས་རྒྱས་སུ་བལྟ་བར་བྱ་བ་སྟེ། འདི་ནི་སྐད་ཅིག་མ་དྲུག་པའོ། །དེའི་སྐབས་ནི་དེ་ནས་


DTG089_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་ཀྱིས་དབང་པོར་བཅས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་ནི་བརྒྱ་བྱིན་ནོ། །ཚངས་པ་ནི་མི་མཇེད་ཀྱི་བདག་པོའོ། །སྐྱེ་དགུའི་བདག་པོ་ནི་འཇིག་རྟེན་སྐྱོང་བ་རྣམས་སོ། །ཁྱད་པར་གྱི་ཆོས་ཐོས་ནས་རབ་ཏུ་དགའ་བའི་ཕྱིར་འབད་པ་མེད་པར་འབྱུང་བའི་ཚིག་ནི་ཆེད་དུ་བརྗོད་པའོ། །ཆེད་དུ་བརྗོད་དེ་ཞེས་བྱ་བ་ནི་བརྗོད་པར་གྱུར་པའོ། ཨེ་མ་ཧོ་ཞེས་བྱ་བ་ནི་ངོ་མཚར་ཏོ། །ཆོས་ཞེས་བྱ་བ་ནི་བཤད་པའི་ཆོས་སོ། །ཡང་ཆོས་ནི་ཆོས་རབ་ཏུ་སྟོན་པ་སྟེ་མཐོང་བའི་ལམ་མོ། །དེ་ཉིད་ཀྱི་ཆོས་ཉིད་དེ་དེ་བཞིན་གཤེགས་པ་འབྱུང་བ་སྟེ། འདི་ནི་སྨྲ་བ་ནི་དེ་བཞིན་གཤེགས་པ་གང་ཡིན་པའོ། །འབྱུང་བ་ནི་སྐྱེ་བ་སྟེ་ཟག་པ་མེད་པའི་ཤེས་པའི་མཚན་ཉིད་དོ། །སྨྲ་བ་ཞེས་བྱ་བ་ནི་འདིའི་ཚིག་དང་པོ་ཅུང་ཟད་ཙམ་ཤེས་པའོ། །དེ་ནས་རིམ་གྱིས་གསལ་བ་དང༌། རབ་ཏུ་གསལ་བ་དང༌། ཤིན་ཏུ་གསལ་བར་རྟག་ཏུ་རྟོགས་པ་ཡིན་ཏེ། བརྗོད་ཅིང་བསྟན་ཏེ་བཤད་ལ་རབ་ཏུ་བཞག་པའོ། །བཅོམ་ལྡན་འདས་སླན་ཆད་ཅེ་བྱ་བ་ལ་སོགས་པས་ནི་སྐད་ཅིག་མ་དྲུག་པ་ཉིད་སྨྲས་སོ། །ད་སླན་ཆད་ཅེས་བྱ་བ་ནི་ད་ནས་གཟུང་བའོ། །འཛིན་ཏོ་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །མ་བྲལ་བ་ནི་ཐོབ་པ་མཉམས་སོ། །གནས་པ་ནི་མངོན་སུམ་དུ་གྱུར་པས་སོ། །དེ་བཞིན་གཤེགས་པ་ལགས་པར་འཛིན་ཏོ་ཞེས་གང་སུངས་པ་ནི། དེ་བཞིན་གཤེགས་པ་ཡིན་ནོ་ཞེས་ཀྱང་པར་གྱི་བློ་ཐོབ་པའི་ཕྱིར་རོ། །དེ་ཐོབ་པས་ཀྱང་ལུང་བསྟན་པ་ཡིན་ཏེ། དེས་ལྷའི་བུ་དག་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ན་ཚོད་ཆུང་ཞིང་གཙང་བ་གང་ཡིན་པ་དེ་ནི་བྲམ་ཟེའི་ཁྱེའུ་ཞེས་བརྗོད་དོ། །དེ་ལ་བོད་པ་ནི་བྲམ་ཟེའི་ཁྱེའུའོ། །སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་བྱ་བ་ནི་རང་ཉིད་མངོན་པར་བྱང་ཆུབ་པས་སམ། བློ་ཁྱད་པར་དུ་འཕགས་པ་འདི་ལ་ཡོད་པས་ན་སངས་རྒྱས་སོ། །དེ་ལྟ་བུ་ནི་སངས་རྒྱས་དག་ལ་ཡང་ཡོད་དོ་ཞེ་ན། རྣམ་པར་བཅད་པའི་ཕྱིར་བཅོམ་ལྡན་འདས་ཞེས་སྨོས་སོ། །སྐལ་པ་དྲུག་དང་ལྡན་པའི་དོན་གྱིས་བཅོམ་ལྡན་ནོ། །དེ་ནི་བྱང་ཆུབ་སེམས་དཔའ་ལ་ཡང་ཡོད་དོ་ཞེ་ན། དེ་རྣམ་པར་བཅད་པའི་ཕྱིར་སངས་རྒྱས་ཞེས་སྨོས་ཏེ་དེ་ནི་མངོན་པར་སངས་རྒྱས་པའི་ཕྱིར་རོ། །ཆོས་ཇི་ལྟ་བ་དེ་བཞིན་དུ་གསུངས་པས་ན་དེ་བཞིན་གཤེགས་པའོ།།


DTG089_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པའི་དགྲ་བཅོམ་པས་ན་དགྲ་བཅོམ་པའོ། །ཡང་དག་པ་ནི་ཕྱིན་ཅི་མ་ལོག་པའམ། ཐམས་ཅད་དེ་སངས་རྒྱས་འདིས་ཡང་དག་པར་རྫོགས་པར་སངས་རྒྱས་པའོ། །འདིས་ནི་སྟོན་པ་ཉིད་ཕུན་སུམ་ཚོགས་པར་བསྟན་པའོ། །མི་སྟོན་པ་འམ་ཕྱིན་ཅི་ལོག་ཏུ་སྟོན་པ་ནི་སྟོན་པ་མ་ཡིན་ཏེ། ཕྱིན་ཅི་ལོག་གི་ཚིག་གིས་ཉོན་མོངས་པའམ་མི་ཤེས་པའི་དབང་གིས་ཀྱང་འབྱུང་ན། དེ་གཉིས་ཀ་ཡང་འདི་ལ་མེད་དེ་གོ་རིམས་བཞིན་དུ་དགྲ་བཅོམ་པ་ཡང་དག་པར་སངས་རྒྱས་པའི་ཕྱིར་རོ། །འཁོར་བ་ན་བཞུགས་པས་འདི་ལྟར་ཇི་ལྟ་བུའི་ནུས་པ་ཡོད་ཅེ་ན་བདེ་བར་གཤེགས་པ་ཞེས་གསུངས་ཏེ། གཤེགས་པ་ནི་སྲེད་པ་ལས་གྲོལ་བའོ། །བདེ་བའི་སྒྲ་ནི་རབ་ཏུ་བསྔགས་པ་དང༌། ཡང་ལྡོག་པའི་དོན་ཏོ། །ཕྱི་རོལ་པ་དང༌། སློབ་པ་དང༌། མི་སློབ་པ་རྣམ་པར་གཅད་པའི་ཕྱིར་གོ་རིམས་བཞིན་དུ་གཟུགས་བཟང་པོ་ལྟ་བུ་དང༌། རིམས་ནད་ལེགས་པར་བྱང་བ་ལྟ་བུ་དང༌། བུམ་པ་ལེགས་པར་གང་བ་ལྟ་བུ་ཡིན་པར་སྦྱར་རོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་གཤེགས་པའི་ཕྱིར། རབ་ཏུ་བསྔགས་པའི་གཤེགས་པ་ནི་བདེ་བར་གཤེགས་པའོ། །ཕྱི་རོལ་གྱི་ཐར་པ་དེ་ནི་ཚད་མར་བཅད་པ་ཉིད་ཀྱིས་ཐ་མ་ཡིན་པའི་ཕྱིར་རོ། །སྐྱེ་དང་སྐྱོན་ནི་ཡང་དག་འབྱུང༌། །སླར་ལྡོག་པ་ཞེས་བསྟན་པ་ཡིན། །དེ་གཉིས་ནི་སློབ་པ་ཡིན་ནོ། །དེ་བས་ན་ལྡོག་པ་མེད་པར་གཤེགས་པ་ནི་བདེ་བར་གཤེགས་པའོ། །ཉོན་མོངས་པའི་ནད་ཀྱིས་ལྷག་མ་མེད་པ་སྟེ་ལམ་བསྟན་པས་སྐུ་གསུང་ཐུགས་ཀྱི་སྐྱོན་སྤངས་པའི་ཕྱིར་རོ། །མི་སློབ་པ་ཡིན་ན་དེ་ནི་ཐེག་པ་དམན་པའི་དགྲ་བཅོམ་པ་ཉིད་ལས་ཇི་ལྟ་བ་བཞིན་དུ་ཡོད་པ་ཡིན་ལ། བཅོམ་ལྡན་འདས་ནི་དེ་ཡོད་པ་མ་ཡིན་ཏེ། དེས་ནི་ལྷག་མ་མེད་པར་གཤེགས་པའི་ཕྱིར་བདེ་བར་གཤེགས་པའོ། །སུའི་དགྲ་གཅིག་གི་གསུམ་དུ་ཇི་ལྟར་འགྱུར་ཞེ་ན། ཐ་ག་པའི་ཐབས་ཀྱིས་རིགས་པ་སྨྲས་པ། དཔེར་ན། ཤྭེ་ཏོ་ཏྲ་བ་ཏི། ཨ་ལམ་བུ་ཡཱ་ནཱ་མ་ཡ་ཏེ། ཞེས་བྱ་བས་དཀར་པོ་རྒྱུགས་ཏེ་སོང་ངོ་ཞེས་བྱ་བ་དང༌། ཁྱི་འདི་ནས་རྒྱུགས་ཏེ་སོང་ངོ་ཞེས་བྱ་བ་དང༌། ཀུ་བའི་གྲོང་དུ་སོང་ངོ་ཞེས་བྱ་བ་དང༌། ཕུབ་མའི་གྲོང་དུ་མ་འགྲོ་ཞེས་བྱ་བ་ལྟ་བུའོ། །ཇི་ལྟར་བདེ་བར་གཤེགས་པ་ཡིན་ཞེས་ན། གང་གི་ཕྱིར་རིག་པ་དང་ཞབས་སུ་ལྡན་པ་ཞེས་སྨོས་ཏེ། རིག་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །ལྷག་


DTG089_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་ཁྲིམས་དང་སེམས་ནི་རྐང་པའོ། །རིག་པ་ནི་རྐང་པ་དེ་གཉིས་ཀྱི་སྔོན་དུ་འགྲོ་བ་ཡིན་ཏེ་དེས་ན་རིག་པའི་མིག་གཉིས་ཀྱིས་བལྟ་ཞིང་ཅིག་ཤོས་གཉིས་ཀྱི་རྐང་པས་འགྲོ་བ་ལྟར་དེ་བཞིན་གཤེགས་པས་ན་བདེ་བར་གཤེགས་པའོ། །དེ་ལ་ཚིག་གཉིས་པོ་འདིས་ནི་སྟོན་པ་ཕུན་སུམ་ཚོགས་པ་ཉིད་ཀྱི་རྒྱུ་བསྟན་ཏོ། །འཇིག་རྟེན་རིག་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་གདུལ་བའི་དུས་ལ་སོགས་པ་ཡོངས་སུ་མཁྱེན་པས་ན་འཇིག་རྟེན་རིག་པའོ། །སྐྱེས་བུ་ཉིད་འདུལ་བ་ཡིན་པས་སྐྱེས་བུ་འདུལ་བའོ། །དེ་ནི་ཁ་ལོ་སྒྱུར་བ་ནི་ཡང་དག་པར་འདུལ་བའོ། །དེ་དང་འདྲ་བ་ཁ་ལོ་སྒྱུར་བ་ཉིད་གཞན་ཡང་ཡོད་དེ་བདེ་བར་གཤེགས་པའོ། །དེ་ལས་ལྷག་པ་མེད་དོ་ཞེས་བསྟན་པའི་ཕྱིར་བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་སྨོས་སོ། །ཚིག་གཉིས་པོ་འདིས་ནི་སྟོན་པ་ཕུན་སུམ་ཚོགས་པའི་ལམ་བསྟན་ཏོ། །ཅི་སྟེ་འདི་ལས་ཀྱི་ཡུལ་ངན་སོང་གི་འགྲོ་བ་ཡང་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་སྨོས་སོ། །དེ་ནི་ཀུན་འབྱུང་ལ་ཆོས་ཤེས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ཅེས་བྱ་བ་ནི་སྐད་ཅིག་མ་བདུན་པ་གསུངས་ཏེ། ཇི་སྲིད་ཅེས་བྱ་བས་ནི་ཡོངས་སུ་མཐར་ཐུག་པའི་བར་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཀུན་མཁྱེན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་སྡུད་པ་ཞེས་བྱ་བ་ནི་འདྲེན་པའོ། །རྗེས་སུ་ཡོངས་སུ་འཛིན་པ་ཞེས་བྱ་བ་ལ་རྗེས་སུ་ཞེས་བྱ་བ་ནི་མཐུན་པའི་དོན་ཏོ། །མཐུན་པ་ནི་རིགས་པ་དང་འཐད་པའོ། །ངོ་མཚར་ཏོ་ཞེས་བྱ་བ་ནི་ཡོངས་སུ་སྡུད་པའོ། །ཤིན་ཏུ་ངོ་མཚར་ཏོ་ཞེས་བྱ་བ་ནི་རྗེས་སུ་ཡོངས་སུ་སྡུད་པའོ། །བླང་བ་མེད་པ་དང་དོར་བ་མེད་པ་དང་ལྡན་པ་ནི། བླང་བ་མེད་པ་དང་དོར་བ་མེད་པ་དག་གི་ལྷན་ཅིག་པ་དང༌། མཐུན་པས་ལེན་པ་མེད་པ་སྟེ། དེ་ནི་བླང་བ་མེད་པའོ། །དཔེར་ན་ཇི་ལྟར་ཡོངས་སུ་མི་ལེན་མི་གཏོང་པ་དེ་ལྟར་ཡོངས་སུ་ལེན་པ་ཞེས་བྱ་བའི་དོན་ཏོ། །འདིར་བསྟན་བཅོས་ལས། བླང་མེད་དོར་བ་མེད་སོགས་དང༌། །ཞེས་གསུངས་སོ། །དང་པོ་ནི་མིང་ལ་སོགས་པ་ཡོངས་སུ་ལེན་པའོ། །བླང་མེད་ནི་རྣམ་པར་རྟོག་པའི་བླང་བ་མེད་པའི་དོན་ཏོ། །དོར་བ་མེད་པ་ཉིད་ནི་དོར་བ་མེད་པའོ། །འདི་ནི་དོར་བ་མེད་པའི་


DTG089_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་ལེན་པར་བྱེད་པའི་བཅོམ་ལྡན་འདས་མ་དེ་ཡོངས་སུ་ལེན་པར་བྱེད་དོ། །དེ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ། །བརྒྱ་བྱིན་གྱི་སྐབས་ཡིན་པའི་ཕྱིར་དེས་རྗེས་སུ་མཚོན་པའི་ལེའུ་ནི་བརྒྱ་བྱིན་གྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་གཉིས་པོའོ།། །།བསྟན་བཅོས་ལས། བྱམས་པ་ལ་སོགས་པ་ཞེས་བྱ་བ་ནི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། ཚད་མེད་པ་བཞི་པོ་དེ་དག་ནི་བྱམས་པ་ལ་སོགས་པའོ། །དེ་དག་ནི་བདག་མེད་ཉིད་མཐོང་ན་ནི་སྐད་ཅིག་མ་བརྒྱད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་སྟོན་པའི་གླེང་གཞི་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་ཞེས་བྱ་བ་ནས་བཀའ་སྩལ་པ་ཞེས་བྱ་བའི་བར་གྱིས་ནི་སྡུད་པ་པོས་སྨྲས་པ་ཡིན་ནོ། །སྐད་ཅིག་མ་བརྒྱད་པ་མངོན་སུམ་དུ་བྱ་བ་ལ་ཐེག་པ་དམན་པར་ལྟུང་བའི་གཉེན་པོ་ལ་ལྷག་པར་གུས་པ་བསྐྱེད་པའི་ཕྱིར་སྐད་ཅིག་དེ་ཉིད་ལ་བཅོམ་ལྡན་འདས་ཀྱིས། ལྷའི་བུ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སྐབས་ཀྱི་མཐོང་བའི་སྐབས་ཀྱི་མཐོང་བའི་སྐད་ཅིག་མའི་ཤེས་རབ་བོ། །དེ་ཉིད་ཀྱི་ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཕ་རོལ་ཞེས་ན། ཐེག་པ་དམན་པར་ལྟུང་བའི་སའིའོ། །དེ་ཡང་གང་ཡིན་ཞེ་ན། ཚད་མེད་པ་བཞིའི་བདག་ཉིད་མཐོང་བའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེ་དག་ཐོབ་ན་དེ་སེམས་ཅན་ཐམས་ཅད་ལ་བདག་དང་མཉམ་པ་ཉིད་དུ་མཐོང་ནས་སྐྱབས་ཀྱི་འོས་སུ་གྱུར་པ་ཡིན་ཏེ། བདག་ཉིད་ཁོ་ན་ལ་ཕན་པར་སྤྱོད་པ་ནི་མ་ཡིན་ནོ། །ཐེག་པ་སྨན་པ་གང་དུ་ལྟུང་བ་ལ་བྱམས་པ་ལ་སོགས་པའི་ངོ་བོ་མཐོང་ཙམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་ཉིད་སྐད་ཅིག་མ་བརྒྱད་པའོ། །གང་ལ་ལ་དེ་འཛིན་ཏམ་ཞེས་བྱ་བ་ནས་ཀུན་ཆུབ་པར་བྱེད་པ་ཞེས་བྱ་བའི་བར་གྱིས་ནི་མངོན་སུམ་དུ་བྱེད་པས་སོ། །རབ་ཏུ་འདོན་པར་བྱེད་ན་ཞེས་བྱ་བ་ནི་གཞན་དག་ལ་རབ་ཏུ་འདོན་པའི་ཕྱིར་དེས་དེ་འཛིན་པས་ན་རབ་ཏུ་འདོན་པར་བྱེད་ན། ཞེས་བྱ་བའི་བར་དུའོ། །དེ་ལ་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་དག་གིས་གླགས་རྙེད་པར་མི་འགྱུར་རོ་ཞེས་བྱ་


DTG089_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནས་རབ་ཏུ་འདོན་པར་འགྱུར་ཞེས་བྱ་བའི་བར་གྱིས་ནི་ཕན་ཡོན་བསྟན་ཏེ། དེ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །བསྟན་བཅོས་ལས་སྟོང་ཉིད་ཐོབ་པ་ནི་སྟོང་པ་ཉིད་བཅུ་དྲུག་གིས་མཐོང་བས་གང་ཐོབ་པའི་ཐབས་ཀྱིས་མཐོང་བ་དེ་ནི་སྐད་ཅིག་མ་དགུ་པའི་དོན་ཏོ། །དེ་ཡང་ལྷའི་བུ་དག་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ནས། མི་འབྱུང་མི་སྐྱེ་ཞེས་བྱ་བའི་བར་དུ་གསུངས་སོ། །འདིར་ཡང་མཐོང་བའི་སྐད་ཅིག་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་གང་གིས་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེ་ན། སྟོང་པ་ཉིད་བཅུ་དྲུག་པོ་འདི་དག་མཐོང་བས་སོ། །འདིར་ཕན་ཡོན་ནི་དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་གཉིས་པའི་སྒྲའི་དབང་དུ་བྱས་པས་སོ། །བཀབ་པ་མེད་པའི་ཕྱོགས་ནི་བླ་གབ་མེད་པའོ། །ཉལ་བ་ནི་གཉིད་ལོག་པའོ། །འབྱུང་བ་ནི་རྒྱུན་གྱིས་འཇུག་པའོ། །བསུང་བ་དང༌། བསྐྱབ་པ་དང༌། ལྷན་ཅིག་པའི་སྦ་བ་ནི་བསྲུང་བ་དང་བསྐྱབ་པ་དང་སྤ་བའོ། །སྔགས་ལ་སོགས་པས་ནི་བསུང་བའོ། །གཞན་ལ་བསྒོ་བས་ནི་བསྐྱབ་པའོ། །རང་ཉིད་ཉེ་བར་སོངས་ནས་བྱིན་གྱིས་རློབ་པ་ནི་སྦ་བའོ། །ཡང་ན་ལུས་ཀྱིས་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྦྱོར་བ་ནི་བསྲུང་བའོ། །ཕྱི་རོལ་གྱི་ཉེ་བར་འཚེ་བ་བཟློག་པ་ནི་བསྐྱབ་པའོ། །ནང་གི་ནད་ལ་སོགས་པ་བཟློག་པ་ནི་སྦ་བའོ། །དེ་དག་བྱ་བ་ནི་ཚིག་གམ་ཡིད་ཀྱིས་ཡང་དག་པར་སྦྱོར་བའོ། །དེ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་བཟུང་བ་སྟེ་སངས་རྒྱས་ཀྱི་དངོས་པོ་ནི་སངས་རྒྱས་ཉིད་དོ། །གང་གིས་སངས་རྒྱས་སུ་གྱུར་པ་དེས་ཡོངས་སུ་བཟུང་བ་སྟེ། མཚན་དང་འོད་དང་ཏིང་ངེ་འཛིན་དང་གཟུགས་ལ་སོགས་པའི་ཕུན་སུམ་ཚོགས་པ་འམ། སངས་རྒྱས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་དག་ཏུ་སངས་རྒྱས་ཀྱི་སྐུའི་བདག་ཉིད་སྟོན་པའོ། །དེ་ཉིད་དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་པའོ། །ཡོན་ཏན་འདི་ཞེས་བྱ་བ་ནི་མཚན་ཕུན་སུམས་ཚོགས་པ་ལ་སོགས་པའོ། །འདི་དག་ཅེས་བྱ་བ་ནི་མངོན་པར་མཐོང་བ་རྣམས་སོ། །མཐོང་བའི་ཆོས་ཞེས་བྱ་བ་ནི་སྐྱེ་བས་ཐོབ་པ་སྟེ་དེ་ལ་ཡོད་པའོ། །འཐོབ་པ་ནི་བསྟན་པའོ། །ཡོངས་སུ་འཇིག་པ་ནི་


DTG089_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བསྟན་པའོ། །དེ་ནི་འགོག་པ་ལ་ཆོས་ཤེས་པའོ། །རྣམ་པར་བྱང་བ་ཀུན་ཞེས་བྱ་བས་ནི་སྐད་ཅིག་མ་བཅུ་གཅིག་བསྟན་ཏེ། འདིས་རྣམ་པར་བྱང་བར་བྱེད་པས་ན་རྣམ་པར་བྱང་བ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་ཡོངས་སུ་གཟུང་བ་ཡིན་ཏེ། དེ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཡང་ཅི་ཞེས་བྱ་བ་ནས་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །ཉམ་ང་བ་དང་ནད་ཀུན་སེལ། །ཞེས་བྱ་བ་ལ་ཉམ་ང་བ་ནི་ཕོངས་པའོ། །མུ་སྟེགས་ཅན་དང་མངོན་པའི་ང་རྒྱལ་ཅན་དང་ལྷན་ཅིག་རྩོད་པ་དང༌། རྒོལ་བ་དང༌། འགལ་བར་བྱེད་པ་དེ་དག་སེལ་བའོ། །དེ་བཞིན་དུ་དེ་ཇི་ལྟར་བསལ་ནས་དེ་ཡང་འདི་ཐོས་པ་དང༌། ཐེག་པ་གསུམ་གྱི་ཉོན་མོངས་པ་དང༌། ངན་སོང་དང་འཁོར་བའི་ནད་རྣམས་ཟད་པར་འགྱུར་ཏེ། དེ་བ་ན། ཉམ་ང་བ་དང་ནད་ཀུན་སེལ། །ཞེས་བྱ་བས་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་གཅིག་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས། གནས་པར་མི་འགྱུར་རོ་ཞེ་བྱ་བའི་བར་གྱིས་སོ། །ཆོས་ཞེས་བྱ་བ་ནི་བསྟན་པའོ། །རྩོད་པ་ནི་སུན་དབྱུང་བས་སོ། །རྒོལ་བ་ནི་ཐོབ་པས་སོ། །འགལ་བར་བྱེད་པ་ནི་ཕན་ཚུན་ཞེ་སྡང་གིས་སོ། །དེ་དག་གི་བསམ་པ་ནི་རྩོད་པ་ལ་སོགས་པའི་བསམ་པའོ། །དེ་ནི་འདི་ལྟར་འགྱུར་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་འདི་ཉིད་ཀྱི་ཆོས་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་སྐད་ཅིག་མ་བཅུ་གཉིས་པའི་མཚན་ཉིད་དོ། །རྩི་ཞེས་བྱ་བ་ལ་ཨུ་ཤ་ནི་བུས་པའོ། །དེ་འཛིན་པ་ནི་བུས་བ་འཛིན་པ་སྟེ་རྩི་མ་གིའོ། །གདུག་པ་ནི་སྦྲུལ་གྱི་གདུག་པ་སྟེ་ཆེ་བའོ། །འདེའི་དུག་འདི་ལ་ཡོད་པ་ནི་སྦྲུལ་གདུག་པའོ། །སྐྱེ་བོ་ཞེས་བྱ་བ་ནི་ལུས་ཅན་ནོ། །སྲོག་ཆགས་སུ་གྱུར་པ་ནི་དུད་འགྲོའི་བྱེ་བྲག་གོ །གཞི་བརྗིད་ཅེས་བྱ་བ་ནི་ནུས་པས་སོ། །སྟོབས་ནི་གནོད་པར་བྱེད་པ་ཉིད་ཀྱིས་སོ། །མཐུ་ནི་གནོད་པ་མེད་པ་ཉིད་ཀྱིས་སོ། །སྟོབས་བསྐྱེད་པས་ཞེས་བྱ་བ་ནི་དེའི་སྦྱོར་བས་དེའི་ནུས་པ་སྐྱེས་པའི་ཕྱིར་ཏེ་དེ་ནི་འགོག་པ་ལ་རྗེ་སུ་ཤེས་པའོ། །མྱ་ངན་འདས་འཛིན་ཞི་ཉིད་དང༌། །ཞེས་བྱ་བ་ལ་འཛིན་པ་ནི་མངོན་པར་ཞེན་པའོ། །འདི་ཉིད་བསྟན་པའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཞེས་བྱ་བ་ནི་སྐད་ཅིག་མ་བཅུ་གཉིས་ཉི་


DTG089_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། དེ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ། །སངས་རྒྱས་རྣམས་ཀྱིས་བསྲུང་བ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་རྣམས་ཀྱིས་བསྲུང་བའོ། །སོགས་པའི་སྒྲས་ནི་ལྷ་ལ་སོགས་པ་ཡིན་ཏེ། འདི་ཉིད་བསྟན་པའི་ཕྱིར་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སྐད་ཅིག་མ་བཅུ་བཞི་པ་བསྟན་ཏོ། །དེ་ནི་ལམ་ལ་ཆོས་ཤེས་པའོ། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་ཞེས་བྱ་བ་ལ། སྲོག་གཅོད་པ་སྤང་བ་ནི་སྲོག་མི་གཅོད་པའོ། །དེའི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གནས་པ་དང༌། དེ་ཉིད་ལ་གང་གཞན་དག་འགོད་པ་དེ་ནི་སྐད་ཅིག་མ་བཅོ་ལྔ་པའོ། །འདི་ཉིད་བསྟན་པའི་ཕྱིར། ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སྐད་ཅིག་མ་བཅོ་ལྔ་པའོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཞན་དག་ལ་སྟོན་པའི་ཚིག་གོ །གཟུང་བར་འོས་པ་ནི་གཟུང་བར་འོས་པར་འགྱུར་རོ། །རང་ཉིད་ཀྱང་དེ་ལ་གནས་པ་ཡིན་པས་དེ་བས་ན་གཟུང་བར་འོས་པའི་ཚིག་གོ །འདི་ལ་འཇམ་ཞིང་སྙན་པའི་ཚིག་ཡོད་པ་ནི་ཚིག་འཇམ་པའོ། །སྦྱིན་པ་ལ་སོགས་པ་དེ་དག་ལ་ཡང་གནས་ཤིང་དེ་དག་ནི་བསྔགས་པ་སྨྲ་བས་ནི་ཚིག་རིམ་པར་སྨྲ་བ་ཉིད་དོ། །ཚིག་འཆལ་པ་མེད་པ་ནི་ཕན་པ་དང་མི་ཕན་པ་འདྲ་བའི་ཚིག་མི་སྨྲ་བ་ཡིན་ནོ། །དེ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །སྦྱིན་པ་ལ་སོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ལམ་ཤེས་པ་ཉིད་ཀྱི་སྐད་ཅིག་མ་བཅུ་དྲུག་པའོ། །དེ་ཉིད་བཤད་པའི་ཕྱིར་ཁྲོ་བས་ཟིལ་གྱིས་གནོན་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ནས་ཁ་ཏོན་བྱེད་པར་འགྱུར་བའི་བར་གྱིས་གསུངས་སོ། །ཡོངས་སུ་འདུལ་བར་བྱེད་ཅེས་བྱ་བ་ནི་ཁྲོ་བ་ཡོངས་སུ་འདུལ་བའི་ཕྱིར་དང། ཁེངས་པའི་མཚན་ཉིད་ཀྱི་ང་རྒྱལ་ཟད་པར་བྱེད་པའི་ཕྱིར་རོ། །ཁོན་དུ་འཛིན་པ་ནི་འདུད་པར་མི་འཛིན་པའོ། །གནོད་སེམས་ནི་སེམས་ཅན་ལ་ཞེ་སྡང་བའོ། །བག་ལ་ཉལ་བ་ནི་ཁོན་དུ་འཛིན་པའོ། །དྲན་པ་དང་བྱམས་པ་ཞེས་བྱ་བ་དེ་གཉིས་ལ་དྲན་པ་བཤད་པའི་ཕྱིར་དེ་ནི་འདི་སྙམ་དུ་ཞེས་བྱ་བ་ལ་


DTG089_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་ཏེ། དེས་ཞེས་བྱ་བ་ནི་གནོད་སེམས་ཀྱིས་སོ། །འཁྲུག་པ་ཞེས་བྱ་བ་ནི་རྣམ་པར་འགྱུར་བའོ། །འདིས་ནི་ཞེ་སྡང་ང་ང་རྒྱལ་འཁོར་དང་བཅས་པ་སྤོང་བར་བསྟན་ཏེ། གང་གི་ཕྱིར་ཞེ་སྡང་གིས་ནི་གཞན་དག་རྗེས་སུ་འཛིན་པར་མི་བྱེད་པའི་ཕྱིར་རོ། །དེ་མེད་ཀྱང་ང་རྒྱལ་ཅན་གྱིས་ནི་བདག་དང་མཉམ་པར་རྗེས་སུ་འཛིན་པར་མི་བྱེད་དེ། དེ་བས་ན་གཉིས་ཀ་ཡང་སྤངས་པའི་ཕྱིར་རོ། །བདག་གིས་ཐེག་པ་གསུམ་གྱི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ་ཐ་མ་བཅུ་དྲུག་བར་བསྟན་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་དུ་བསྟན་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་ཉིད་བསྒོམ་པའི་ལམ་ཡང་ཡིན་ཏེ། དེ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །དེ་གཉིས་ཀ་ཡང་གོ་རིམས་བཞིན་ཕྱི་ནས་བརྗོད་པར་བྱ་སྟེ། དང་པོ་ཉིད་དུ་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་གྱི་བྱེད་པ་ནི་ཚིག་ཉུང་བར་བརྗོད་པར་བྱ་སྟེ། དེ་ནི་བསྟན་བཅོས་ལས། ཀུན་ནས་ཞི་དང་ཐམས་ཅད་ནས། །འདུད་དང་ཉོན་མོངས་ལས་རྒྱལ་དང༌། །གནོད་པས་བརྫི་བ་མེད་ཉིད་དང༌། བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་གསུངས་སོ། །འདུད་པ་ནི་འདུད་པའོ། །ཐམས་ཅད་ནས་ཞེས་བྱ་བ་ནི་རྗེས་སུའི་སྒྲའི་དོན་ཏེ། ཡོངས་སུ་ཞི་བ་དང༌། ཡོངས་སུ་འདུད་པའི་དོན་ཏོ། །དེ་གཉིས་ཀ་ཡང་གོ་རིམས་བཞིན་དུ་ཞེ་སྡང་དང༌། ང་རྒྱལ་དག་ཡོངས་སུ་ཟད་པའི་ཕྱིར་ཏེ། དེ་གཉིས་ཀྱང་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས། ཉེ་བར་གནས་པ་ངོ་མཚར་ཏོ་ཞེས་བྱ་བའི་བར་གྱིས་སྨྲས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་དག་གི་ནང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པའི་ལམ་སྟོན་ཏེ། གང་ཞེས་བྱ་བའི་དོན་ཏོ། །དེ་ནི་ཡོངས་སུ་ཞི་བ་དང༌། ཡོངས་སུ་འདུད་པའི་ལས་སོ། །ཐམས་ཅད་ནས་ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བ་ནི་ཉོན་མོངས་པ་ལས་ཤིན་ཏུ་རྒྱལ་བའི་ཕྱིར་ཏེ། དེ་ཉིད་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནས། འདི་ནི་གནས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །སྲོག་གི་བར་


DTG089_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་དུ་འགྱུར་བ་ཞེས་བྱ་བ་ནི་དེ་དག་ལ་མཚོན་གྱིས་བཏབ་པའོ། །གཞན་གྱིས་གནོད་པར་བྱེད་པས་ཞེས་བྱ་བ་ནི་རི་དྭགས་ལ་སོགས་པའི་ནང་དུ་སོང་བ་ན་གཞན་གྱིས་གནོད་པ་བྱས་པ་གང་ཡིན་པ་ནི་གཞན་གྱིས་སོ། །གང་གི་ཕྱིར་དེས་ནི་བཅོམ་ལྡན་འདས་མ་དེས་བདག་དང་གཞན་གྱི་ཉོན་མོངས་པ་ལས་རྒྱལ་བ་སྟེ། དེ་ནི་འདིའི་རྒྱུ་མཐུན་པ་ཡིན་ཞེས་གསུངས་སོ། །འདི་ནི་ཉོན་མོངས་པ་ལས་རྒྱལ་བའི་ལས་སོ། །སྲོག་གི་བར་ཆད་བྱ་བའི་ཕྱིར་གཞན་གྱིས་གནོད་པ་བྱ་བར་མི་ནུས་པ་དེ་བས་ན་གནོད་པས་བརྫི་བ་མེད་པ་ཉིད་དོ། །དེ་ཉིད་བསྟན་པའི་ཕྱིར། ཀཽ་ཤི་ཀ་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནས། གཉིས་ཀ་ལ་གནོད་པར་བྱ་བར་ཡང་མི་སེམས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལ་ཞེས་བྱ་བ་ནི་ལུས་ལའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ལུས་ལ་ཕོག་པར་མི་འགྱུར་བས་ག་ལས་ཤེས་ཞེས་བྱ་བའི་ཐ་ཚིག་གོ །ལན་ནི་རིག་སྔགས་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་ཐམས་ཅད་དུ་ཡུལ་ཐམས་ཅད་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་ཐོགས་པ་མེད་པའི་མཐུ་ཡོད་པས་ན་གོ་རིམས་བཞིན་དུ་ཆེན་པོ་དང༌། ཚད་མེད་པ་དང༌། གཞལ་དུ་མེད་པའོ། །དེ་བས་ཀྱང་ལྷག་མའི་མཐུ་ཡོད་པའི་ཕྱིར་བླ་ན་མེད་པའོ། །མཉམ་པ་མེད་པས་ན་མི་མཉམ་པའོ། །མཉམ་པ་མེད་པ་དང་མཉམ་པས་ན་མི་མཉམ་པའོ། །མཉམ་པ་དང་མཉམ་པ་ནི་མཉམ་པ་དང་མཉམ་པ་སྟེ་ཅུང་ཟད་དམའ་བའོ། །དེ་ཡང་མེད་པ་ནི་མི་མཉམ་པ་དང་མཉམ་པའོ། །བདག་ལ་གནོད་པ་ནི་ཉེ་བར་གནོད་པར་བྱེད་པའོ། །དེ་བཞིན་དུ་གཞན་དག་དང་གཉིས་ཀ་ལ་ཡང་ངོ༌། །དེ་ནུས་ཀྱང་མི་སེམས་པ་ནི་སེམས་ཀྱི་བྱ་བ་མ་ཡིན་ནོ། །དེ་བས་ན་གཞན་གྱི་གནོད་པས་བརྫི་བ་མེད་པ་ཉིད་ནི་འདིའི་ལས་ཡིན་ཏེ། དེ་ནི་གནོད་པས་བརྫི་བ་མེད་པའི་ལས་ཀྱིས་སོ། །བྱང་ཆུབ་དང་ནི་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ཏེ་ལས་ལྔའོ། །དེ་བསྟན་པའི་ཕྱིར་གཉིས་ཀ་ལ་མི་སེམས་པ་ནི་འོག་ནས་ཞེས་པ་ནས་གཞན་ཡང་ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་གསུངས་སོ། །དེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་སོ། །རྣམ་པར་ལྟ་བར་འགྱུར་རོ་ཞེས་བྱ་བ་ནི་གདུལ་བྱ་ལ་སོགས་པའི་དོན་དུའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་


DTG089_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཏེ། དེ་དག་ལས་ཤེས་ཤེ་ན། གང་མ་ཐོབ་པ་དེ་ནི་གང་ཡང་མེད་དེ་ཞེས་བྱ་བ་ནི་གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་ཏེ། དེ་ཡང་སོ་སོར་རང་གིས་རིག་པ་ཡིན་ནོ། །གལ་ཏེ་འདིས་ཐོབ་པར་མ་གྱུར་ན་ནི་འདི་ཐམས་ཅད་མཁྱེན་པའི་སྔགས་དང་ཡང་ལྡན་པར་མི་འགྱུར་ན། གང་གི་ཕྱིར་འདིས་མ་ཐོབ་པར་གྱུར་པ་དེ་གང་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་ཐམས་ཅད་ཤེས་པ་ཡིན་ཏེ། དེས་ན་གང་འདིས་ཤེས་པར་མ་གྱུར་པ་དེ་ནི་གང་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟར་མི་ཤེས་པ་ཡང་མ་ཡིན་ནོ། །རབ་ཀྱི་མཐར་ཕྱིན་པ་དང༌། མངོན་སུམ་གྱི་ཤེས་པ་འདིར་བཟུང་སྟེ། དེས་ན་གང་འདིར་མངོན་སུམ་དུ་མ་བྱས་པར་གྱུར་པ་དེ་གང་ཡང་མེད་དོ་ཞེས་གསུངས་སོ། །ལམ་གྱི་སྒྲ་ནི་ཕན་ཚུན་རྣམ་པར་རྟོག་པ་ལ་སྟོང་པའི་དོན་ཏོ། །དེའི་ཕྱིར་དེ་ནི་ཐམས་ཅད་མཁྱེན་པ་དང༌། ཡེ་ཤེས་ཐམས་ཅད་དང༌། དེ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་སྟེ། དེ་ལྟར་ན་ཐམས་ཅད་ཤེས་པ་ནི་རྫོགས་པའི་བྱང་ཆུབ་པོ། །ཡང་དག་པ་ཞེས་བྱ་བ་ནི་མངོན་སུམ་དུ་བྱེད་པ་ཡིན་ཏེ། དེ་ཉིད་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །ཐམས་ཅད་ལས་ཁྱད་པར་དུ་གྱུར་པའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་ནི་ཐ་སྙད་ཙམ་དུ་ཐ་དད་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་ནི་ཐོབ་བའོ། །དེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལས་སོ། །རྟེན་མཆོད་ནི་ཞེས་བྱ་བ་ལ། རྟེན་ནི་རྣམ་པ་གཉིས་ཏེ། གཅིག་ནི་གླེགས་བམ་དུ་བྱས་པའོ། །དེ་ལས་གཞན་པ་ནི་འཛིན་པ་ནས་ཁ་ཏོན་བྱེད་པར་འགྱུར་ཞེས་བྱ་བའི་བར་རོ། །དེ་བས་ན་མཆོད་པ་ཉིད་དེ་དེ་ལྟར་ན་དེ་ནི་རྣམ་པ་གཉིས་སོ། །དེར་ཕྱོགས་པའི་སེམས་ཅན་གཞན་དག་ལ་རྣམ་པར་མི་འཚེ་བ་ཡིན་ཏེ། དེ་གཉིས་ཀྱང་གོ་རིམས་བཞིན་དུ་གནས་པ་ཀཽ་ཤི་ཀ་ཞེས་བྱ་བའི་ཚིག་གཉིས་པོའི་ཕན་ཡོན་འདི་དག་ཀྱང་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཆུང་ངུ་ན་ཞེས་བྱ་བ་ནི་མཆོག་ཏུ་མ་གུས་པའོ། །བཞག་པ་ནི་འོག་ཏུ་བཀུར་སྟི་མི་བྱེད་པའོ། །གླགས་ནི་མཐོང་བ་དང་སྐབས་སོ། །མ་གཏོགས་ཞེས་བྱ་བ་ནི་སྐྱེ་བ་སྔ་མའི་ལན་གྲངས་གཞན་ལ་མྱོང་བ་དང༌། མྱོང་བར་མ་ངེས་པའི་རྣམ་པར་སྨིན་པའི་མི་དགེ་བའི་ལས་ནི་སྔོན་གྱི་ལས་སོ། །དེའི་རྣམ་


DTG089_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨིན་པ་ནི་མི་འདོད་པའི་འབྲས་བུའོ། །འདི་ལ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ་ནི་དཔེའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་དཔེ་དང་ལྡན་པར་བསྟན་ཏོ། །བྱང་ཆུབ་ཀྱི་སྙིང་པོའི་ནང་ན་འདུག་པ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་དོན་དུ་སྙིང་པོ་ནི་བྱང་ཆུབ་ཀྱི་སྙིང་པོའི་སྙིང་པོ་སྲ་བ་སྟེ་དེ་ལ་བཞུགས་ནས་བྱང་ཆུབ་རྟོགས་པའི་ཕྱིར་རོ། །གང་གིས་སྲ་བ་ཡིན་ཞེ་ན། གསེར་གྱི་རང་བཞིན་གྱིས་སོ། །དེ་ལྟར་ན་བསྐལ་པ་དང་པོ་ཆགས་པ་ནི་གསེར་གྱི་རང་བཞིན་གྱི་ས་གཞི་དང༌། རིན་པོ་ཆེ་སྣ་བཞིའི་རི་རབ་དང༌། གསེར་གྱི་རི་བདུན་དང༌། རོལ་པའི་མཚོ་བདུན་གྲུབ་སྟེ། ཕྱི་རོལ་དུ་ནི་རྒྱ་མཚོ་ཆེན་པོ་དང༌། ལྕགས་ཀྱི་རི་མངོན་པར་གྲུབ་བོ། །གསེར་གྱི་རང་བཞིན་གྱི་ས་ལ་རྡོ་རྗེའི་རང་བཞིན་གྱི་སྲ་བ་གྲུབ་བོ། །གང་སའི་རང་བཞིན་གྱི་གླིང་བཞི་དང་གླིང་ཕྲན་དང་བརྒྱད་གྲུབ་པའོ། །ནང་ན་འཛམ་བུའི་གླིང་གི་ལྟེ་བར་གྱུར་པ་ཡིན་ཏེ། དེ་ཡང་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་དང༌། །བྱང་ཆུབ་པའི་གནས་ཡིན་པས་རྡོ་རྗེའི་གདན་ཞེས་བརྗོད་དོ། །བྱང་ཆུབ་ཀྱི་སྙིང་པོ་དེར་འདུག་པ་ནི་ཕྱིན་པའོ། །ཀུན་གྱི་དངོས་པོ་ནི་ཀུན་ནས་སོ། །ཁོར་ཡུག་ནི་ཀུན་ནས་ཡོངས་སོ་འཁོར་བའོ། །ནང་ན་ཞེས་བྱ་བ་ནི་དབུས་སོ། །བྱང་ཆུབ་ཀྱི་ཕྱིར་གྱི་ཤིང་ནི་བྱང་ཆུབ་ཀྱི་ཤིང་ངོ༌། །དེའི་དྲུང་ན་བཞུགས་ནས་བྱང་ཆུབ་རྟོགས་པའི་ཕྱིར་རོ། །དེའི་རྩ་བའི་ཉེ་འཁོར་དེ་ན་འདུག་གོ །འམ་གྱི་སྒྲ་ནི་རྣམ་པར་རྟོག་པའི་དོན་དུ་ཕན་ཚུན་ལྟོས་པ་ཡིན་ནོ། །ཀྱལ་ཀ་ཞེས་བྱ་བ་ནི་རྣམ་པར་འཚེ་བའོ། །གསོད་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །གནོད་པར་བྱེད་པ་ཞེས་བྱ་བ་ནི་འབྱུང་པོ་དང༌། ཤ་ཟ་ལ་སོགས་པས་གནོད་པར་བྱེད་པའི་ཕྱིར་རོ། །མི་འཇིགས་པ་དང༌། ཁོ་ན་མེད་པ་དང༌། མི་སྐྲག་པ་ནི་བྱམས་པ་ཆེན་པོའི་མིང་ཅན་གྱི་ཚད་མེད་པའོ། །སྟོན་པ་ཞེས་བྱ་བ་ནི་བདུད་དཔུང་དང་བཅས་པ་ཡོད་བཞིན་དུ་རྣམ་པར་གནོན་པའི་ཕྱིར་རོ། །བརྗོད་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའོ། །མཆོད་རྟེན་དུ་གྱུར་པ་ཞེས་བྱ་བ་ལ། དེ་དང་འདྲ་བར་གྱུར་པ་ནི་དེར་གྱུར་པའོ། །དྲི་མ་མེད་པར་བྱ་བ་ལ་སོགས་པས་བསལ་བར་འོས་པའི་ཕྱིར་ནི་གསོལ་བའོ། །གང་གི་ཕྱིར་མཆོད་རྟེན་དུ་གྱུར་པ་དེས་ན་དེར་འདུག་པ་ལ་གཞན་གྱིས་ཀླན་ཀ་མི་བྱེད་དོ། །གང་


DTG089_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར་སྐྱབས་ལ་སོགས་པ་ཡིན་པ་དེས་ན་དེར་འདུག་པ་ལ་གནོད་པ་མེད་པར་འགྱུར་རོ། །དེར་ཉེ་བར་གནས་པ་ལ་སྐྱབས་མེད་པས་ན་སྐྱོབ་པའོ། །འཇིགས་པས་ཉེན་ཏེ་ཉེ་བར་འོངས་པ་ནི་སྐྱབས་སོ། །མི་འཇིགས་པའི་དོན་དུ་འདིར་གནས་པས་ན་གནས་སོ། །མཆོག་ཏུ་བགྲོད་པའི་གནས་ཡིན་པས་ན་དཔུང་གཉེན་ཏེ་མཆོག་ཏུ་བགྲོད་པའོ། །དེ་ནི་རྟེན་གྱི་མཆོད་པ་སྟེ་ལས་དྲུག་གོ །འཇིག་རྟེན་པའི་བསྒོམ་པའི་ལམ་དང་པོ་བརྗོད་པར་བྱ་སྟེ། དང་པོ་ཡིན་པའི་ཕྱིར་རོ། །དེ་ཡང་རྣམ་པ་གཉིས་ཏེ། མོས་པ་ཡིད་ལ་བྱེད་པ་དང༌། བསྔོ་བ་ཡིད་ལ་བྱེད་པ་དང༌། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའོ། །དེ་ལ་མོས་པ་ཡིད་ལ་བྱེད་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། །མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང༌། །རྣམ་གསུམ་ཤེས་བྱ་ཞེས་བྱ་བ་ལ། རང་ནི་རང་ཉིད་དོ། །རང་དང་གཞན་དང་གཞན་ཁོ་ནའི་ཞེས་བྱ་བའི་དོན་ཏོ། །དོན་དང་གཙོ་བོ་དང་བསམ་པ་གང་ལ་ཡོད་པ་དེ་ནི་གོ་རིམས་བཞིན་དུ་རང་གི་དོན་དང༌། རང་དང་གཞན་གྱི་དོན་དང་གཞན་གྱི་དོན་ཉིད་དོ། །བསྟན་བཅོས་ལས། དེ་ཡང་སོ་སོར་རྣམ་པ་གསུམ། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །འདོད་ཅེས་གསུངས་སོ། །དེ་ཡང་ཞེས་བྱ་བ་རང་གི་དོན་ལ་སོགས་པའོ། །རྣམ་པ་གསུམ་ཞེས་བྱ་བ་ནི་གསུམ་གྱི་དབྱེ་བས་སོ། །དེ་ཡང་བསྟན་བཅོས་ལས། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། ཞེས་སྨོས་ཏེ། དེ་ཡང་རྣམ་པ་གསུམ་སྟེ། ཆུང་ངུའི་ཆུང་ངུ་ལ་སོགས་པ་སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བ་སྟེ། དཔེར་ན་རང་གི་དོན་ལ་མོས་པ་ལ་ཡང་ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོ་དང༌། །ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་འབྲིང་དང༌། ཆེན་པོའི་ཆེན་པོ་དང༌། དེ་བཞིན་དུ་རང་དང་གཞན་གྱི་དོན་དང༌། །དེ་བཞིན་དུ་གཞན་གྱི་དོན་ལ་ཡང་གསུམ་གསུམ་དུ་སྦྱར་ཏེ། དེ་ལྟར་དེ་ཡང་ཉི་ཤུ་རྩ་བདུན་དུ་འདོད་པ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་དེ་ལྟར་ན་གསུམ་ཡིན་ཏེ་གསུམ་དུ་དབྱེ་བས་ཉི་ཤུ་རྩ་བདུན་དུ་འདོད་དོ། །མོས་པ་ཞེས་བྱ་བ་ནི་དད་པ་དང་འདུན་པ་སྟེ། །རིགས་པ་དང་ལྡན་པའི་མཚན་ཉིད་ལ་མོས་པའོ། །མདོ་དང་མདོའི་དོན་གྱི་ངོ་བོ་ནི་བཅོམ་ལྡན་འདས་མ་དང་


DTG089_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དཔྱད་པའི་ཡི་གེ་འདྲི་བ་ལ་སོགས་པའི་ལུས་དང༌། དེ་ལ་མཆོད་པ་མེ་ཏོག་ལ་སོགས་པ་རྣམ་པ་མང་པོ་དག་གིས་སོ། །སྤྱོད་པ་དང་མཆོད་པ་ལས་བྱུང་བའི་བསོད་ནམས་ནི་མདོ་ཇི་ལྟ་བ་བཞིན་དུ་སྟེ། དེ་ལ་དང་པོ་ནི་དེ་སྐད་ཅེས་བཀའ་སྩལ་བ་དང༌། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མཆོད་པས་མཆོད་པར་འགྱུར་ཞེས་བྱ་བའི་བར་གྱིས་གསུངས་སོ། །བྲིས་ནས་ཞེས་བྱ་བ་ནི་རང་གིས་སོ། །གླེགས་བམ་དུ་ཆུད་པར་བགྱིས་པ་ནི་གཞན་གྱིས་སོ། །ལྷའི་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པ་སྟེ། །དྲི་ངན་པ་ལ་སོགས་པ་སྤང་པའི་ཕྱིར་ཏེ། མེ་ཏོག་ནི་སིལ་མའོ། །ཕྲེང་བ་ནི་མེ་ཏོག་གི་ཕྲེང་བའོ། །དྲི་ནི་ཤིང་དྲི་ཅན་ནོ། །བྱུག་པ་ནི་སྦྱར་བའི་དྲིས་བྱུགས་པའོ། །ཕྱེ་མ་ནི་ཨ་ག་རུ་དང་ཙན་དན་ལ་སོགས་པའོ། །ན་བཟའ་ནི་གོས་ཀྱི་བྱེ་བྲག་གོ །མཆོད་པ་མང་པོ་ནི་ཞལ་ཟས་ལ་སོགས་པའོ། །རྣམ་པ་མང་པོ་ནི་བཟའ་བ་དང༌། སྟན་ལ་སོགས་པའི་བྱེ་བྲག་དག་གིས་སོ། །མེ་ཏོག་ལ་སོགས་པ་དག་གིས་བཀུར་སྟི་བགྱིས་ཞེས་བྱ་བར་སྦྱར་ཏེ། མཆོད་པར་བྱས་ཞེས་བྱ་བའི་དོན་ཏོ། །བླ་མར་བགྱིས་པ་དང་ཞེས་བྱ་བ་ནི་གུས་པའོ། །རི་མོར་བགྱིས་ཞེས་བྱ་བ་ནི་དང་བས་སོ། །མཆོད་པ་ཞེས་བྱ་བ་ནི་རབ་ཏུ་འདུད་པ་དང༌། ཐལ་མོ་སྦྱར་བ་དང་བསྟོད་པ་ལ་སོགས་པ་དག་གིས་སོ། །རྗེད་པ་ནི་གཡས་ཕྱོགས་སུ་བསྐོར་བའོ། །གསོལ་བ་ནི་མེ་ཏོག་རྙིས་པ་ལ་སོགས་པ་འཕྱགས་པ་དང་གསོལ་བའོ། །སྐུ་ཞེས་བྱ་བ་ནི་སྐུ་གདུང་ངོ༌། །མཆོད་རྟེན་གྱི་ནང་དུ་ཞེས་བྱ་བ་ནི་མཆོད་པའི་གནས་ཀྱི་ནང་དུའོ། །སྩལ་ཏེ་ཞེས་བྱ་བ་ནི་བཞག་པའོ། །ཡོངས་སུ་འཛིན་ཅིང་ཞེས་བྱ་བ་ནི་ཟ་མ་ཏོག་ལ་སོགས་པའི་ནང་དུ་བཅུག་པའོ། །བཅང་བ་ཡང་ཟ་མ་ཏོག་ལ་སོགས་པར་བཅུག་པ་བཅངས་ཤིང་བཀུར་བའོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་མཆོད་པ་དང་བཅས་ཟ་མ་ཏོག་ལ་སོགས་པའོ། །གང་འདི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐུ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་བདག་ཉིད་ཀྱི་དངོས་པོའོ། །དེ་མངོན་པར་གྲུབ་པ་ལམ་གང་ལ་བསླབས་པས་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བའི་བར་དུའོ། །ཐམས་ཅད་མཁྱེན་པ་ཉིད་དེ་གང་ཡིན་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་


DTG089_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་མངོན་པར་གྲུབ་པ་ཞེས་སྨྲས་སོ། །མངོན་པར་གྲུབ་པ་ཞེས་བྱ་བའི་དོན་གང་ཡིན་ཞེ་ན། མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་སྨྲས་སོ། །འདིའི་དོན་ཡང་མ་སྐྱེས་ཞེས་བྱ་བ་སྨྲས་སོ། །འདི་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ལའོ། །བདག་གི་དངོས་པོ་ཡང་ཡིན་ལ་བདག་ཏུ་བཏགས་པ་ཡང་ཡིན་པའི་སྐུ་ནི་གཟུགས་ཀྱི་སྐུའོ། །དེ་བཞིན་གཤེགས་པ་འགྲོ་སྟེ་གང་དུ་འགྲོ་ཞེ་ན། དེ་བཞིན་གཤེགས་པའི་དབང་པོའོ་གྲངས་སུ་འགྲོ་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་གཉིས་ལས་བྱུང་བ་ཡིན་ན་ནི་རབ་ཏུ་དབྱེ་གཞི་སྟོན་པ་ཡིན་ཏེ། རབ་ཏུ་དབྱེ་བ་ནི་འཇིག་རྟེན་ལ་གྲགས་པའོ། །འདི་ཉིད་ནི་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པའོ། །དེའི་གཞི་ལས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་ལ་མཆོད་པ་བྱེད་པ་ལའོ། །ལྷག་མ་རྟོགས་པར་སླའོ། །དེ་ནི་རང་གི་དོན་ལ་མོས་པ་ཆུང་ངུའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་ནས། །ཤེས་རབ་དམན་པ་ཞེས་བྱ་བའི་བར་གྱིས་ནི་གཉིས་པ་བསྟན་ཏོ། །འདྲིས་བར་ཞེས་བྱ་བ་ནས་རབ་ཏུ་འདོན་པར་བགྱིད་ཅེས་བྱ་བའི་བར་དུ་རང་གི་དོན་ཏོ། །དེའི་འོག་ཏུ་གཞན་གྱི་དོན་ནི་དེ་ལ་འཆད་པར་བྱེད་པ་ནི་བསྲན་པའོ། །གསུམ་གྱིས་ནི་རྗེས་སུ་བསྟན་པའོ། །འཆད་པར་བྱེས་པ་ནི་དོན་ལས་སོ། །ལུང་ནོད་པར་བགྱིད་ཅེས་བྱ་བ་ནི་གདམས་ངག་ཏུ་བྱེད་པའོ། །ཉེ་བར་སྟོན་པ་ནི་ཚིག་ལས་སོ། །ཁ་ཏོན་དུ་བྱེད་ཅེས་བྱ་བ་ནི་ཁ་ཏོན་དུ་གོམས་པར་བྱེད་པའོ། །མ་བགྱིས་ན་དེ་ལྟར་འགྱུར་ན་ནི་འབྲས་བུ་ཆེ་བ་ཉིད་དུ་འགྱུར་བའོ། །རྟོགས་པར་མ་གྱུར་པ་ནི་ཐོབ་པར་མ་གྱུར་པ་སྟེ་སྒྲ་ལས་སོ། །རིག་པར་མ་གྱུར་ཞེས་བྱ་བ་ནི་གླེགས་བམ་ལས་མ་ཐོབ་པའོ། །འོན་ཏེ་ཞེས་བྱ་བ་ནི་ཕྱོགས་གཞན་རྟོགས་པར་བྱེད་པའོ། །རིག་པར་བྱེད་ཅེས་བྱ་བ་ལ་ཤེས་པས་ན་རིག་པ་སྟེ་དོན་རིག་པའོ། །དེ་བྱེད་པས་ན་ཤེས་པར་བྱེད་པའོ། །རྟོགས་ནས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་པ་བདེན་པ་རྣམས་ཤེས་ནས་སོ། །དད་པ་ནི་སེམས་ལ་ཡོད་པའི་ཆོས་ཏེ། གང་གིས་སེམས་ལ་ཤིན་ཏུ་དྲི་མ་མེད་པར་བྱེད་པ་ཆུ་རྙོག་པ་ཅན་ལ་རྙོག་པ་དང་བྲལ་བར་བྱེད་པར་ནོར་བུ་བཞིན་ནོ། །རྒྱུན་ཏུ་ཞུགས་པ་ཉིད་


DTG089_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་ཞུགས་པའི་འབྲས་བུའོ། །ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་ཉིད་ལམ་མོ། །དགྲ་བཅོམ་པའི་དངོས་པོ་ནི་དགྲ་བཅོམ་པ་ཉིད་དེ་འབྲས་བུ་བཞིན་པའོ། །བདག་གཅིག་པུ་སོ་སོར་རྟོག་པས་ནི་རང་སངས་རྒྱས་སོ། །རྒྱས་པར་བྱ་བ་ནི་འཕེལ་བར་བྱ་བའོ་ཕྱིར་མི་ལྡོག་པ་ལ་འབྱེད་པའོ། །བསྒྲུབ་དཀའ་བ་ནི་རྙེད་པར་དཀའ་བའོ། །བརྩོན་འགྲུས་ནི་དགེ་བའི་ལས་ལ་བརྩོན་པའོ། །ལེ་ལོ་ནི་ལས་ངན་པ་ལ་ཞེན་པའོ། །སེམས་སྟོབས་ནི་བརྟན་པའོ། །ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ཏོ། །འདུ་ཤེས་ནི་དྲན་པའོ། །མོས་པ་ནི་དད་པའོ། །དེ་ཁོ་ན་ཉིད་རྣམ་པར་འབྱེད་པ་ནི་ཤེས་རབ་བོ། །དད་པ་ལས་སོགས་པའི་དབང་པོ་ཉམ་ཆུང་བ་ནི་བརྩོན་འགྲུས་ཞན་པ་ལ་སོགས་པའི་སིག་ཏུ་བརྗོད་དོ། །དེ་ལ་བརྩོན་འགྲུས་ཞན་པ་དང་ལེ་ལོ་ནི་བརྩོན་འགྲུས་ཀྱི་དབང་པོ་ཉམ་ཆུང་བའོ། །སེམས་སྟོབས་ཞན་པ་དང༌། སེམས་དམན་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །འདུ་ཤེས་དམན་པ་ནི་དྲན་པའི་དབང་པོའོ། །མོས་པ་དམན་པ་ནི་དད་པའི་དབང་པོའོ། །ཤེས་རབ་དམན་པ་ནི་ཤེས་རབ་ཀྱི་དབང་པོའོ། །འཐད་པ་དང་བཅས་པས་བཅོམ་ལྡན་འདས་མ་རྟོགས་པར་དཀའ་བའི་ཤེས་པ་ནི་དཔྱོད་པ་ཤས་ཆེ་བའོ། །བསོད་ནམས་ཤས་ཆེ་བ་ནི་བརྟག་པར་བྱ་བ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནི་རང་གི་དོན་ལ་མོས་པ་ཆུང་ངུའི་འབྲིང་ངོ༌། །ཀཽ་ཤི་ཀ་དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནས་རབ་ཏུ་འབྲང་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་གསུམ་པའོ། །རྒྱུན་མི་འཆད་པར་མཉན་པར་བྱ་བ་ལ་སོགས་པ་ནས་ཡོངས་སུ་འདྲི་བར་བྱེད་ཅེས་བྱ་བའི་བར་ཡང་ཐེ་ཙོམ་ཆད་པའི་དོན་ཏེ། རབ་ཏུ་འབྲང་བར་བྱའོ་ཞེས་བྱ་བའི་མཐའ་ན་འདུག་པ་ཡང་འཐད་པ་དང་བཅས་པའི་ཤེས་པ་སྟེ། །དེ་ནི་དཔྱོད་པ་ལྷག་མའོ། །བསོད་ནམས་ལྷག་པ་ནི་བརྟག་པར་བྱ་བ་སྟེ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་རང་གི་དོན་ལ་མོས་པ་ཆུང་ངུའི་ཆེན་པོའོ། །ཀཽ་ཤི་ཀ་དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནས། བསོད་ནམས་མང་དུ་སྐྱེད་དོ་ཞེས་བྱ་བ་གཉིས་པའི་བར་གྱིས་ནི་གཞི་པ་བསྟན་ཏོ། །རིན་པོ་ཆེ་སྣ་བདུན་དག་ནི་གསེར་དང༌། དངུལ་དང༌། བཻ་ཌུ་ཪྻ་དང༌། མུ་ས་ལ་གརྦ་དང༌། པདྨ་རཱ་ག་དང༌། མུ་ཏིག་དང༌། ཀེ་ཀེ་རུའོ། །དེའི་གཞི་ལས་ཞེས་


DTG089_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། བྱ་བ་ནི་དེའི་རྒྱུ་ལས་སོ། །བཅོམ་ལྡན་འདས་མ་ལ་དད་ཅིང་མོས་པ་ནི་སེམས་དང་བའོ། ལྷག་པའི་བསམ་པ་ནི་སེམས་བསྐྱེད་པའོ། །ཉམ་པ་ལ་སོགས་པ་དང༌། འདིའི་དོན་རྣམ་པར་འགྲེལ་པ་དང༌། ཡིད་ཀྱིས་རྗེས་སུ་རྟོག་པ་དང༌། ཡོངས་སུ་དཔྱོད་པ་དང༌། གླེགས་བམ་དུ་ཆུད་པར་བྱས་པ་དང༌། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང༌། ཚུལ་དང་མ་བྲལ་བས་བཞག་པ་ནི་སྤྱོད་པ་ལྷག་པའོ། །བསོད་ནམས་ལྷག་པ་ནི་གཞུང་ཇི་ལྟ་བ་བཞིན་ཏེ། ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་རང་གི་དོན་དུ་མོས་པ་འབྲིང་གི་ཆུང་ངུའོ། །ཀཽ་ཤི་ཀ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་ལྟ་ཞོག་ཅེས་བྱ་བ་ནས་བསོད་ནམས་མང་དུ་བསྐྱེད་དོ་ཞེས་བྱ་བ་གཉིས་པའི་བར་གྱིས་ནི་བསྔོ་བ་བསྟན་ཏོ། །གླིང་རྫ་རྔ་ཆེན་པོ་ཙམ་གྱི་འབྲས་བུ་ཡོད་པའི་ཤིང་འཛམ་བུས་མཚོན་པའི་ཕྱིར་འཛམ་བུའི་གླིང་ངོ༌། །དེའི་གཞི་ཞེས་བྱ་བ་ནི་འདི་བླས་སྐྱེ་བ་གང་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་རྟོགས་སླའོ། །འདི་ལ་སོགས་པ་གང་དུ་ཕན་ཡོན་བརྗོད་པ་ནི་སྤྱོད་པ་ལྷག་པའོ། །དེ་ལ་གང་ཇི་སྐད་བསྟན་པའི་ཕན་ཡོན་གྱིས་དད་པ་ལྷག་པར་བསྐྱེད་པ་དེ་ནི་སྤྱོད་པ་ལྷག་པ་སྟེ། དེ་ནི་རང་དོན་ལ་མོས་པ་འབྲིང་གི་འབྲིང་ངོ༌། །ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པ་ལྟ་ཞོག་གི་ཞེས་བྱ་བ་ལ་སོགས་པ་ནས། བསོད་ནམས་མང་དུ་བསྐྱེད་དོ་ཞེས་བྱ་བ་གཉིས་པའི་བར་གྱིས་ནི་དྲུག་པ་བསྟན་ཏོ། །འདི་ལ་གླིང་ཆེན་པོ་ཡོད་པས་ན་གླིང་ཆེན་པོ་བཞི་པའོ། །འཇིག་རྟེན་འཛིན་པས་ན་འཇིག་རྟེན་གྱི་ཁམས་སོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་རང་གི་དོན་ལ་མོས་པ་འབྲིང་གི་ཆེན་པོའོ། །ཀཽ་ཤི་ཀ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ལྟ་ཞོག་གི་ཞེས་བྱ་བ་ཀ་སོགས་པ་ནས་བསོད་ནམས་མང་དུ་བསྐྱེད་དོ་ཞེས་བྱ་བ་གཉིས་པའི་བར་གྱིས་ནི་བདུན་པའོ། །འདི་ལ་གླིང་བཞི་པ་སྟོང་གི་ཚད་ཡོད་པ་དེ་ནི་གླིང་བཞི་པ་སྟོང་ངོ༌། །དེ་ཉིད་ཚད་པས་སྤྱི་ཕུད་དང་ལྡན་པའི་ཕྱུར་སྤྱི་ཕུ་དེ། དེ་ནི་རང་གི་དོན་ལ་མོས་པ་ཆེན་པའི་ཆུང་ངུའོ། །དེ་གཉིས་ནི་བརྒྱད་པའོ། །འདི་ལ་སྟོང་གཉིས་ཀྱི་ཚད་ཡོད་པ། དེ་ནི་སྟོང་གཉིས་པ་སྟེ། སྟོང་སྤྱི་ཕུད་སྟོང་ཞེས་བྱ་བའི་དོན་ཏོ། །དེ་ནི་བར་མ་ཡིན་ཏེ། སྟོང་ཆུང་ངུ་དང༌། སྟོང་ཆེན་པའི་བར་ཡིན་པའི་ཕྱིར་རོ། །དེ་ནི་རང་གི་དོན་ལ་མོས་པ་ཆེན་པོའི་འབྲིང་


DTG089_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ངོ༌། །དེ་ནས་དེའི་འོག་ཏུ་ནི་དགུ་པའོ། །འདི་ལ་སྟོང་གསུམ་ཡོད་པ་ནི་སྟོང་གསུམ་སྟེ། །སྟོང་གཉིས་པ་སྟོང་པ་ཞེས་བྱ་བའི་དོན་ཏེ། དེ་ཉིད་སྟོང་ཆེན་པོ་ཡིན་ཏེ། དེ་ནི་རང་གི་དོན་ལ་མོས་པ་ཆེན་པོའི་ཆེན་པོའོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོ་ལྟ་ཞོག་གི་ཞེས་བྱ་བ་ལ་སོགས་པ་ནས་གསོལ་བར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་བཅུ་པ་བསྟན་ཏོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཐམས་ཅད་མི་ལུས་ཐོབ་པའོ། །འདི་ལ་སྔ་མ་མེད་པ་དང༌། །ཕྱི་མ་མེད་པ་ནི་སྔ་ཕྱི་མེད་པ་སྟེ། །ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །སེམས་ཅན་སྔ་ཕྱི་མེད་པར་ལྷན་ཅིག་སྐྱེ་བར་རྗེས་སུ་ཤེས་པའོ། །ལྷག་པ་ཡོངས་སུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་མཆོད་རྟེན་ལ་མཆོད་པ་བྱེད་པའོ། །འདིར་ཡང་བསྐལ་པའམ། བསྐལ་པ་ལས་ལྷག་པར་འདི་ལ་ཡང་སིལ་སྙན་དང༌། །གླུ་དབྱངས་ཐམས་ཅད་དང༌། །གར་ལ་སོགས་པ་དང༌། །མེ་ཏོག་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་རྟེན་ལ་མཆོད་པ་ལྷག་པའོ། །བཅོམ་ལྡན་འདས་མ་ལ་སོགས་པའི་བསོད་ནམས་ལྷག་པ་དང༌། །རིགས་པའི་ཤེས་པའི་མཐའི་བར་གྱིས་བསྟན་ཏོ། །དེ་ནི་འདིར་སྤྱོད་པ་དང་མཆོད་པ་ལྷག་པ་སྟེ། །དེ་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུའོ། །བཅོམ་ལྡན་འདས་རྣམ་གྲངས་འདི་ལྟ་བུ་ལྟ་ཞོག་གི་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱ་མཚོ་ཆེན་པོ་འདི་ལས་སྐྱེས་སོ་ཞེས་བྱ་བའི་བར་གྱིས་ནི་བཅུ་གཅིག་པ་བསྟན་ཏེ། །སྟོང་གསུམ་གྱི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞེས་བྱ་བ་ནི་མཆོད་རྟེན་ལ་མཆོད་པའི་ཁྱད་པར་རོ། །ལྷག་མ་ནི་བཅུ་པ་བཞིན་ནོ། །བཅོམ་ལྡན་འདས་མ་ལ་སྤྱོད་པ་དང་མཆོད་པ་རིགས་པ་དང་བཅས་པའི་ཕན་ཡོན་རྒྱ་ཆེན་པོ་ཡོངས་སུ་ཤེས་པ་ནི་ལྷག་པའོ། །འདི་ལྟ་བུ་ཉིད་དུ་བསམ་པ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །འདྲ་བ་མེད་པའི་ཕྱིར་མཚུངས་པ་མེད་པའོ། །མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ལས་སོ། །བརྒྱའི་ཆར་ཡང་ཞེས་བྱ་བ་ལ་སོགས་པ་ནས་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བའི་བར་གྱིས་ཚིག་ལ་ཡང་ཆ་ཞེས་བྱ་བར་སྦྱར་བའི་དོན་ཏོ། །འདིར་ཆ་ནི་ཆ་ཤས་སོ། །ཉེ་བར་མི་འགྲོ་ཞེས་བྱ་བ་ནི་མི་ཐོབ་པའི་དོན་ཏོ། །ཆར་ཡང་ཉེ་བར་མི་འགྲོ་བར་མ་ཟད་ཀྱི། །འོན་ཀྱང་མཚུངས་པའི་


DTG089_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་གྲངས་དང་ཆར་ཡང་ཉེ་བར་མི་འགྲོ་བ་ཡིན་ནོ། །ཡང་གི་སྒྲ་ནི་ཕན་ཚུན་ལྟོས་པའི་བསྡུ་བའོ། །ཇི་ལྟར་ཆར་ཡང་ཉེ་བར་མི་འགྲོ་ཞེས་བསྟན་པ་ལྟར་ཇི་ལྟར་གྲངས་སུ་ཉེ་བར་མི་འགྲོ་ཞེ་ན། །གྲངས་ལས་ལྷག་པར་ཡང་མཚུངས་པ་མེད་པས་སོ། །བསོད་ནམས་སྔ་མ་དེས་བརྒྱ་སྟོང་དང་བྱེ་བ་བརྒྱ་སྟོང་གིས་ཀྱང་ཕྱི་མའི་བསོད་ནམས་དང་མཚུངས་པར་མི་བཟོད་པ་ཡིན་ནོ། །གྲངས་ནི་བགྲང་བ་སྟེ་སྐྱེ་འབྲི་ལ་སོགས་པའོ། །ཇི་ལྟར་མི་འགྲོ་ཞེ་ན། །དེ་ཤིན་ཏུ་ཤས་ཆེ་ཡང་མཉམ་པ་མེད་པའི་ཕྱིར་རོ། །སྔ་མའི་བསོད་ནམས་དེས་ལྔ་ཕྲག་གམ། །བཅུ་ཕྲག་གམ། །ཉི་ཤུ་ཕྲག་གམ། འབུམ་ཕྲག་གམ། །བྱེ་བ་བརྒྱ་ཕྲག་གིས་ཀྱང་ཕྱི་མའི་བསོད་ནམས་ལ་མཉམ་པར་མི་བཟོད་པའོ། །དཔེ་དང༌། །དཔེས་བསྟན་པར་བྱ་བ་དང༌། །རྒྱུར་ཡང་ཉེ་བར་མི་བཟོད་དོ་ཞེས་བྱ་བར་སྦྱར་རོ། །དཔེ་ཡིན་པས་དཔེར་ཡང་ངོ༌། །དེ་ཉིད་དཔེས་ཞེས་བྱ་བ་ནི་དཔེས་བསྟན་པར་བྱ་བའོ། །རྒྱུ་ཉིད་ནི་རྒྱུ་ཉིད་དོ། །དཔེ་ཐ་དད་པས་ན་དཔེའོ། །གྲངས་ཀྱི་དཔེ་ནི་དཔེས་བསྟན་པར་བྱའོ། །གྲངས་ཀྱི་དཔེ་ཡིན་པས་རྒྱུའོ། །དེ་དག་གསུམ་གྱིས་ཀྱང་མཉམ་པ་མེད་པ་ནི་མི་བཟོད་པའོ། །དཔེར་ན་བཅུའི་གྲངས་ཀྱི་དཔེ་འམ། །བཅུ་ལྔ་བ་ལ་སོགས་པའི་གྲངས་ཀྱི་དཔེ་འམ། །བསྐལ་པའི་གྲངས་ཀྱི་དཔེས་ཀྱང་མཉམ་པར་མི་བཟོད་པས་སོ། །རྒྱུར་ཡང་ཉེ་བར་མི་བཟོད་དོ་ཞེས་བྱ་བ་ནི་དེ་ལྟར་ཤིན་ཏུ་མཚུངས་པ་མེད་པས་མཉམ་པའི་དོན་དུ་མཚུངས་པ་མེད་པ་གནས་པ་སྟེ། །དེ་ལ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གྲོགས་པོ་ཞེས་བྱ་བ་ནི་ཇོ་བོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་རྒྱུ་བ་ཞེས་བྱ་བ་ནི་བསམ་པའོ། །དྲན་པར་བྱོས་ཤིག་ཅེས་བྱ་བ་ནི་དྲན་པའོ། །ཁ་ཏོན་དུ་བྱོས་ཤིག་ཅེས་བྱ་བ་ནི་ཡིད་ཀྱིས་བརྗོད་པའོ། །རིག་སྔགས་ཆེན་མོ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་སྔར་བཤད་ཟིན་ཏོ། །དེས་ན་རིག་པ་འདི་ལས་ལྷག་པ་མེད་པའི་ཕྱིར་བླ་ན་མེད་པའོ། །ཆོས་འདི་ལས་ལྷག་པ་མེད་པའི་ཕྱིར་གོང་ན་མེད་པའོ། །རིག་པ་འདི་དང་མཚུངས་པ་མེད་པའི་ཕྱིར་མཉམ་པ་མེད་པའོ། །མི་མཉམ་པ་དེ་བཞིན་གཤེགས་པ་རྣམས་ཏེ། །དེ་དང་མཉམ་པའི་ཕྱིར་མི་མཉམ་པ་དང་མཉམ་པའོ། །རབ་ཏུ་འབྱེད་དོ་ཞེས་བྱ་བ་ནི་རབ་ཏུ་སྟོན་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་


DTG089_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ནི། །དེ་ལ་བརྟེན་པའི་ཕྱིར་དེས་ཡོངས་སུ་བཟུང་བ་དང་གཉིས་པའོ། །སངས་རྒྱས་རྣམས་ཀྱི་ཤེས་པ་ནི་ཡེ་ཤེས་སོ། །རང་ཉིད་འབྱུང་བས་རང་འབྱུང་ངོ༌། །བསམ་པ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །སྔོན་ཐོས་པའི་ཞེས་བྱ་བ་ནི་སྔོན་ཐོས་པ་ལས་བྱུང་བ་དེའི་སྤྱོད་པའོ། །སྨན་དང་སྐར་མ་ཞེས་བྱ་བ་ནི་སྨན་དང་སྐར་མ་དག་གོ །སྣང་བར་བྱེད་ཅེས་བྱ་བ་ནི་གསལ་བར་བྱེད་པ་དག་གོ །ཆོས་ནི་མྱ་ངན་ལས་འདས་པ་སྟེ། །ཆོས་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པའི་ཕྱིར་རོ། །དེ་ཉིད་མཚུངས་པ་སྟེ་ཉོན་མོངས་པ་དང་སྡུག་བསྔལ་ཞི་བར་བྱེད་པའི་ཕྱིར་ཏེ། །དེ་ནི་སྤྱོད་པའོ། །དགེ་བ་ནི་བཟང་པོ་སྟེ་དེའི་སྤྱོད་པའོ། །ཡ་ང་བ་མ་སྤངས་པས་འཆི་བ་དེའི་རྒྱུ་སྤངས་པ་ནི་ཡ་ང་བ་ཡོངས་སུ་སྤངས་པ་འདི་ནི་བསྟན་པའོ། །ལྷག་མ་ནི་རྗེས་སུ་བསྟན་པའོ། །དབྱིག་པས་ཞེས་བྱ་བ་ནི་དབྱུག་པ་ལ་སོགས་པའོ། །ཡོངས་སུ་བཟུང་བའི་ཞེས་བྱ་བ་ནི་རབ་ཏུ་བཟུང་བའི་ཕྱིར་རོ། །ཉེ་བར་གནས་པར་འགྱུར་ཞེས་བྱ་བ་ནི་དེའི་མཐུས་དེ་ལྟར་འགྱུར་བའི་ཕྱིར་རོ། །གདུག་པ་ནི་རི་དགས་གདུག་པའོ། །སྡིག་སྦྲུལ་ཞེས་བྱ་བ་ནི་སྦྲུལ་ཏེ། །ཡོན་པོར་འགྲོ་བས་ཏེ་དེ་དག་གི་དགོན་པའོ། །མ་གཏོགས་པར་ཞེས་བྱ་བ་ནི་གང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ལ་སོགས་པ་བོར་བའོ། །དྲན་པས་བསམས་པ་ཞེས་བྱ་བ་ནི་ཡིད་ལ་བྱ་བས་སོ། །ཞེ་འགྲས་པའི་སེམས་ཀྱིས་ཞེས་བྱ་བ་ནི་སེམས་ཅན་ལ་ཞེ་སྡང་བའི་སེམས་ཀྱིས་སོ། །མིག་མི་རྩོལ་བ་ནི་ཡིད་ལ་བྱེད་པའོ། །དཔུང་གི་ཚོགས་ནི་དམག་གི་ཕུང་པའོ། །དེ་ནི་གླང་པོ་དང༌། །རྟ་དང༌། །རྐང་ཐང་དང༌། །ཤིང་རྟ་སྟེ་རྣམ་པ་བཞིའོ། །བཀོད་པ་ནི་འདུས་པས་སོ། །གཟུགས་ཅན་སྙིང་པོ་ནི་མགདྷཱའི་བདག་པོའོ། །གསལ་རྒྱལ་ནི་མཉན་ཡོད་ཀྱི་བདག་པོའོ། །ཤཱཀྱ་ནི་ཤཱཀྱའི་རིགས་སུ་སྐྱེས་པའོ། །ལི་ཙྪ་བཱི་ནི་རྒྱལ་རིགས་ཡངས་པ་ཅན་གྱི་བདག་པོའོ། །སླར་ལོག་པ་ནི་ལོག་པར་གྱུར་པའོ། །བར་སྣང་གི་ནམ་མཁའ་ལ་འདུག་ནས་ཞེས་བྱ་བ་ནི་ནམ་མཁའ་ནས་ནམ་མཁར་འདུག་པའོ། །ཡུན་རིང་མོ་ནི་ཡུན་རིང་མོ་ཞིག་གིས་སོ། །ནང་དུ་བྱུང་ངོ་ཞེས་བྱ་བ་ནི་ཡང་བྱུང་བའོ། །ངན་དོན་མ་ཡིན་པ་ནི་བསྐལ་པར་བསགས་པའི་


DTG089_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རྩ་བས་སོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་དུ་ཡིན་པས་ན་དེ་བཞིན་ཉིད་དུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་དུ་ཚེལ་བ་ལས་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་འབྲིང་ངོ༌། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཞེས་བྱ་བ་ལ་སོགས་པ་ནས་ཡོངས་སུ་འདྲེན་པ་གཉིས་པའི་བར་གྱིས་ནི་བཅུ་གཉིས་པ་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ན་འདྲེན་པ་ལ་སོགས་པ་ཉིད་ཀྱིས་ཞེས་པ་རིགས་པ་དང་བཅས་པ་ནི་སྤྱོད་པ་ལྷག་པ་ཡིན་ནོ། །བསོད་ནམས་ལྷག་པ་ནི་བརྟག་པར་བྱ་བ་སྟེ་ལྷག་མ་ནི་སྔ་མ་བཞིན་ཏེ། །ཡོན་ཏན་ནི་བསྟོད་པ་འམ་བསྔགས་པའོ། །སྔོན་དུ་འགྲོ་བ་ནི་ཐོག་མར་འགྲོ་བའོ། །འདྲེན་པ་ཞེས་བྱ་བ་ནི་ཡང་དག་པར་སྡུད་པར་བྱེད་པའོ། །ཡོངས་སུ་འདྲེན་པ་ཞེས་བྱ་བ་ནི་ཡང་དག་པར་འཕེལ་བར་བྱེད་པའོ། །ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རང་ཉིད་མཆོག་ཏུ་གྱུར་པ་ཉིད་པས་ཕ་རོལ་ཏུ་ཕྱིན་པའོ། །གཞན་དག་ནི་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པ་ཉིད་ཀྱིས་སོ། །ལྷག་མ་ནི་རྟོགས་པར་སླ་སྟེ། །དེ་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་ནས། །ཡོན་ཏན་ངས་བཤད་པར་བྱའོ་ཞེས་པའི་བར་གྱིས་བཅུ་གསུམ་པ་བསྟན་ཏོ། །གང་འདི་གླེགས་བམ་དུ་ཆུད་པར་བྱས་ཏེ། །དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གཞན་ལ་མཆོད་པ་བྱེད་པ་འདི་ཐམས་ཅད་ནི་ཕན་ཡོན་ཏེ། །དེ་ལྟར་ཤེས་པ་ཙམ་ནི་སྤྱོད་པ་ལྷག་པ་ཡིན་ཏེ། །འདི་ནི་རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གཉིས་ཀའི་བར་གྱིས་ནི་བཅུ་བཞི་པ་བསྟན་ཏོ། །སྤྱོད་པ་ལྷག་པ་ནི་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །འདི་ནི་རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་འབྲིང་ངོ༌། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཡང་ཀཽ་ཤི་ཀ་ས་ཕྱོགས་གང་དུ་ཡང་ཞེས་བྱ་བའི་བར་གྱིས་ནི་བཅོ་ལྔ་པ་བསྟན་ཏོ། །བརྒལ་བ་ཞེས་བྱ་བ་ནི་དྲི་བ་ཡིན་ཏེ། །འདི་ནི་རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོ་བསྟན་ཏོ། །ཡང་ཀཽ་ཤི་ཀ་ས་ཕྱོགས་གང་དུ་ཞེས་བྱ་བ་ལ་སོགས་པ་ནས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་


DTG089_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པའི་བར་གྱིས་ནི་བཅུ་དྲུག་པ་བསྟན་ཏོ། །ལྷ་ལ་སོགས་པ་ཐམས་ཅད་དད་པ་དང་ལྡན་པས་འོངས་ནས་དེ་རྣམས་ལ་ཆོས་ཀྱི་སྦྱིན་པ་མཛད་པ་ནི་སྤྱོད་པ་ལྷག་པའོ། །འདིར་རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་ནས་ཚེ་འདི་ལ་ཡོན་ཏན་འདི་དག་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བཅུ་བདུན་པ་བསྟན་ཏོ། །ལྷ་ལ་སོགས་པ་འོངས་པ་ནས་མཆོད་པར་ཤེས་པ་དང༌། །དགའ་བ་སྐྱེས་པ་དང༌། དད་པ་ལ་སོགས་པ་ནི་བཅོམ་ལྡན་འདས་མའི་མཐུ་ཡིན་ཏེ་དེ་ནི་སྤྱོད་པ་ལྷག་པའོ། །མཐོང་ན་ཞེས་བྱ་བ་ནི་ཡང་དག་པར་མཐོང་བའོ། །ངེས་པར་ཞེས་བྱ་བ་ནི་གདོན་མི་ཟ་བར་རོ། །རྟོགས་པར་བྱའོ་ཞེས་བྱ་བ་ནི་ཤེས་པར་བྱའོ། །མི་མ་ཡིན་པའི་དྲི་ཞེས་བྱ་བ་ལ་མི་ཉིད་ཀྱི་དངོས་པོ་ནི་མིའོ། །དེ་མ་ཡིན་པ་ནི་མི་མ་ཡིན་པའོ། །མི་གཙང་བ་མེད་པ་ནི་ངོ་ཚ་བ་ཕྱེད་པའོ། །མེ་ཏོག་ལ་སོགས་པ་དང་ལྡན་པའི་ཕྱིར་གཙང་སྦྲའོ། །འབྱོར་བར་སེམས་པ་ནི་འགྲོ་བར་སེམས་པའོ། །ངལ་བ་ནི་གནོད་པའོ། །རྒྱ་ཆེན་པོ་ཞེས་བྱ་བ་ནི་ཤིན་ཏུ་རྒྱ་ཆེ་བའོ། །བདེ་བར་འགྲོ་བར་འགྱུར་ཞེས་བྱ་བ་ནི་བདེ་བ་དང་འདའ་བར་འགྱུར་བའོ། །བརྐམ་པ་ནི་མངོན་པར་འདོད་པའོ། །འདུ་ཤེས་ནི་དྲན་པའོ། །འདི་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ངོ༌། །ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས་ལེའུ་རྫོགས་ཀྱི་བར་གྱིས་ནི་བཅོ་བརྒྱད་པ་བསྟན་ཏོ། །སྤྱོད་པ་ལྷག་པ་ནི་མདོ་ཇི་ལྟ་བ་བཞིན་དུ་སྦྱར་ཏེ་འདི་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོའོ། །དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་འདིར་མཆོད་རྟེན་ནི་མཆོད་པའི་གནས་སོ། །ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཛིན་པ་ནི་རྣམ་པ་གསུམ་སྟེ། །གླེགས་བམ་དུ་ཆུད་པར་བྱས་ནས་གང་བསྲུང་ཞིང་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བཞག་པ་དང༌། །གང་འཛིན་པ་དང་འཆང་བ་ལ་སོགས་པས་བདག་ཉིད་ལ་བཞག་པ་ནི་གཉིས་པའོ། །གང་ལ་དཔག་ཏུ་མེད་པའི་ཡོན་ཏན་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྐད་དུ་གསུངས་པའི་འབྲུ་མང་པོ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ཏེ་དེ་དང་མཆོད་རྟེན་ཟླས་དབྱེ་


DTG089_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དེ་གཉིས་ཀ་ལ་བསྙེན་བཀུར་བ་མེ་ཏོག་ལ་སོགས་པས་མཆོད་པའོ། །དེ་བརྗོད་པའི་ལེའུ་ནི་དཔག་ཏུ་མེད་པ་ཡོན་ཏན་བཟུང་བ་དང༌། །ཕ་རོལ་ཏུ་ཕྱིན་པ་དང་མཆོད་རྟེན་ལ་རི་མོར་བྱ་བའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། །སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་གསུམ་པའོ།། །།མོས་པའི་དབང་དུ་བྱས་ནས་དེ་ལ་བདག་གི་དོན་དགུ་དང༌། །བདག་དང་གཞན་གྱི་དོན་དགུ་བསྟན་ཏོ། །ལེའུ་འདིར་ཡང་བདག་གི་དོན་དགུ་བཤད་པར་བྱ་སྟེ། །དེ་ལ་དང་པོ་དེ་བཞིན་སྐུ་གདུང་དེ་དག་ལ་ཞེས་བྱ་བའི་བར་གྱིས་ནི་བཅུ་དགུ་པ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་ལྷག་པའི་ཆོས་ཀྱི་ཕྱིར་དེ་ལྟར་གཟུགས་ཀྱི་སྐུ་ལ་ནི་མ་ཡིན་ཏེ། །འཇིག་ཚོགས་ཡིན་པའི་ཕྱིར་རོ། །འདི་ལྟར་དེས་ན་དོན་དེ་ལ་དད་པ་དང༌། །དད་པ་ཤུགས་ཀྱིས་ལྷག་པར་རྟོགས་པ་ཡིན་ཏེ། །དེ་ནི་འདིར་སྤྱོད་པ་ལྷག་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་གདུང་དག་གོ །དྲུག་པ་ནི་བྱས་པའི་དྲུག་པར་བྱས་ཏེ་དེ་བྱུར་བུར་གཏམས་པའོ། །ཇི་དེ་གཉིས་མཉམ་པ་འམ་ཞེ་ན། །མ་ཡིན་ཏེ་བྱུར་བུར་ཞེས་སྨྲས་སོ། །བཞག་སྟེ་ཞེས་བྱ་བ་ནི་ཉེ་བར་འགོད་པའོ། །འདི་གཉིས་ལས་གཅིག་ཁྱེར་ཅིག་ཅེས་བྱ་བ་ནི་སེམས་ལ་ཁྱེར་ཅིག་པའོ། །རི་མོར་བགྱི་ཞེས་བྱ་བ་ནི་ལྷག་པར་གུས་པའོ། །དེ་དག་ལས་བཅོམ་ལྡན་འདས་མ་ནི་བླ་མ་དམ་པ་ཡིན་ཏེ། །གང་གི་ཕྱིར་འདིའི་སྐུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དག་པའི་དོན་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏེ་དེ་དང་ལྡན་པ་ནི་ཡང་དག་པའི་དོན་ཅན་ནོ། །འཇིག་ཚོགས་ནི་གཟུགས་ཀྱི་སྐུ་སྟེ། །འཇིག་པས་ན་འཇིག་པ་སྟེ་མི་རྟག་པའོ། །འཇིག་པ་ཡང་ཡིན། །ཚོགས་པ་ཡང་ཡིན་པས་ན་འཇིག་ཚོགས་དེ་གཟུགས་ཀྱི་སྐུའོ། །ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པའོ་ཞེས་བྱ་བ་ལ་འདིར་ཆོས་ནི་འཕགས་པའི་ལམ་སྟེ་དེ་ཡང་རབ་ཀྱི་མཐར་ཕྱིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་མི་རྟག་པ་ཡང་མ་ཡིན་ཏེ། །རྒྱུན་རྟག་པའི་ཕྱིར་རོ། །ཡང་དག་པའི་མཐའ་རབ་ཏུ་ཕྱེ་བ་ལ་ཡང་དག་པ་ནི་དེ་ཁོ་ན་ཉིད་དོ། །དེ་དག་གི་མཐའ་ནི་རྩེའོ། །དེ་ལས་ལྷག་པའི་དེ་ཁོ་ན་ཉིད་ནི་མེད་པས་དེ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ལ་དེའི་བདག་ཉིད་དུ་ཐ་སྙད་བཏགས་


DTG089_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །སྐུ་གང་ཡིན་ཞེ་ན། །འདི་ལྟ་སྟེ་ཞེས་པ་ལ་སོགས་པ་གསུངས་སོ། །དེ་བཞིན་ཉིད་ཙམ་གྱི་དོན་དམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། །དེ་ལས་ལྷག་པ་ནི་མ་ཡིན་ནོ་ཞེས་བསམས་སོ། །དེ་བཞིན་གཤེགས་པ་སྐུ་གདུང་ཉིད་ལ་རི་མོར་མི་བགྱིད་པ་ཉིད་མ་ཡིན་ནམ་ཞེ་ན། བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པའི་སྐུ་གདུང་ལ་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླ་སྟེ། །འདི་ནི་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆུང་ངུའོ། །འོན་ཀྱང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། །ཡང་བཅོམ་ལྡན་འདས་འཛམ་བུའི་གླིང་བལྟམས་པ་ལྟ་ཞོག་ཅེས་བྱ་བའི་བར་གྱིས་ནི་ཉི་ཤུ་པ་བསྟན་ཏོ། །འོན་ཏེ་ཞེས་བྱ་བ་སྟེ་ཁྱད་པར་གྱི་དོན་ཇི་ལྟར་ཡང་བདག་དེ་དག་ལ་རི་མོར་བྱེད་པ་དེ་ལྟ་མོད་ཀྱི་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བའི་སྒྲ་ནི་སྔར་ཡང་ཁྱད་པར་བསྟན་པའི་ཕྱིར་རོ། །སྐྱེས་ཏེ་ཞེས་བྱ་བ་ནི་ཁྱད་པར་གྱིས་ཀྱང་གཏན་ཚིགས་སུ་གཏོགས་ཏེ། །སྐྱེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་ནི་དཔེ་བསྟན་ཏོ། །ལྷ་རྣམས་འདུ་བའི་དབང་དུ་བྱས་པའི་ཕྱིར་ལྷའི་འདུན་པ་སྟེ་གནས་ཆེན་པོའོ། །གང་ལ་འདུག་ནས་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས་སྟོན་པ་སྟེ། །འདིར་དེ་ཉིད་ལ་ཆོས་བཟངས་ཞེས་བརྗོད་དོ། །དེ་ཡང་གྲོང་ཁྱེར་བལྟ་ན་སྡུག་གི་ལྷོ་ནུབ་ཀྱི་ཕྱོགས་ཀྱི་ཆ་ན་ཡོད་དོ། །ཨི་ཤ་ནི་སྐྱེས་བུ་ཆེན་པོའོ། །དེའི་གྲགས་པ་དང་སོ་སོར་སྣང་བ་དང་འདོད་པ་དང༌། །དེ་ལ་ཆེན་པོ་འདི་ལ་ཡོད་པས་ནི་མཐུ་ཆེ་བ་སྟེ། །སེམས་དཔའ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདིར་ཤེས་པའི་བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་རྒྱུ་དང་རྐྱེན་དུ་གྱུར་པ་རྒྱུའི་ངོ་བོ་དང༌། །རྐྱེན་གྱི་ངོ་བོ་དེས་ན་དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བརྒྱ་བྱིན་དང་འདྲ་སྟེ་དེ་བཞིན་གཤེགས་པའི་སྐུ་གདུང་དག་ནི་རྒྱུ་དང་རྐྱེན་དུ་གྱུར་པ་མ་ཡིན་ཏེ། །བརྒྱ་བྱིན་དེའི་བསྟན་པ་བཞིན་དུ་གཟུགས་ཀྱི་སྐུ་ནི་སྔར་ཆོས་ཀྱི་སྐུའི་གཞིར་གྱུར་པ་ཉིད་ཡིན་ན་ཞེས་བསྟན་ཏེ། །འདིར་ཡང་མཐུ་ཆེ་བའི་ཡེ་ཤེས་ཀྱི་སྐུའི་རྟེན་དང་འདྲ་བ་ཡིན་ཏེ། །འདི་ལྟར་འདིའི་དོན་ལ་དད་པ་དང༌། །དད་པ་གང་ཡིན་པ་དེ་ནི་སྤྱོད་པ་ལྷག་པ་སྟེ། །འདི་ནི་གཞན་གྱི་དོན་ལ་


DTG089_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་ཆུང་ངུའི་འབྲིང་ངོ༌། །ཡང་བཅོམ་ལྡན་འདས་འཛམ་བུའི་གླིང་བྱུར་བུར་བལྟམས་པ་ལྟ་ཞོག་ཅེས་བྱ་བ་ནས། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་ཞེས་བྱ་བའི་བར་གྱིས་ནི་ཉི་ཤུ་རྩ་གཅིག་པ་བསྟན་ཏོ། །བཅོམ་ལྡན་འདས་མའི་བདག་ཉིད་ཆེན་པོ་འདིར་བསྟན་པས་འདོད་པ་དང༌། དང་བ་སྐྱེས་པ་ཡིན་པ་དེ་ཉིད་འདིར་སྤྱོད་པ་ལྷག་པ་ཡིན་ཏེ་འདི་ནི་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོའོ། །འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གདུང་དག་ནི་ཞེས་བྱ་བ་ལ་སོགས་པ་ནས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཅེས་བྱ་བའི་བར་གྱིས་ནི་ཉི་ཤུ་རྩ་གཉིས་པ་བསྟན་ཏོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ཕྱིར་མཆོད་པའི་འོས་ཤིན་ཏུ་མཆོད་པར་བྱ་བ་ཡིན་ལ་དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ནོ། །དེ་བས་ན་གང་གི་ཚེ་སྐུ་གདུང་ནི་དེའི་གཞིར་གྱུར་པའི་ཕྱིར་མཆོད་པ་ཡིན་པ་དེའི་ཚེ་དེ་སྐྱེད་པར་བྱེད་པ་ནི་དེ་བས་ཀྱང་མཆོད་པར་བྱ་བ་ཡིན་ཏེ། །སྐུ་གདུང་རྣམས་ནི་དེ་ལྟ་མ་ཡིན་ནོ། །དོན་འདི་ལ་ལྷག་པར་དད་པ་ནི་སྤྱོད་པ་ལྷག་པ་ཡིན་ཏེ། །འདི་ནི་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུའོ། །འོན་ཀྱང་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ནས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣོད་དུ་གྱུར་པའོ་ཞེས་བྱ་བའི་བར་གྱིས་ནི་ཉི་ཤུ་རྩ་གསུམ་པ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་འདིར་བསྟན་པ་ནི་ནོར་བུ་རིན་པོ་ཆེ་དང་འདྲ་བར་ཤེས་པར་བྱ་སྟེ། །རིན་པོ་ཆེ་དེ་ཕྱུང་ཡང་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་གང་ལ་རེ་བ་སྐྱེ་བ་ཡིན་ཏེ། །དེ་བཞིན་དུ་སངས་རྒྱས་དང༌། །དེའི་ཡུམ་གྱི་ཡོན་ཏན་གྱིས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཀྱང་སྐུ་གདུང་རྣམས་མཆོད་པར་འགྱུར་ཏེ་དེ་ནི་འདི་ལ་དད་པ་ལྷག་པ་དང༌། །སྤྱོད་པ་ལྷག་པ་ཡིན་ཏེ། །གཞན་གྱི་དོན་ལ་མོས་པ་འབྲིང་གི་འབྲིང་ངོ༌། །བཅོམ་ལྡན་འདས་ཡང་ཇི་ལྟར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་ཞེས་བྱ་བའི་བར་གྱིས་ནི་ཉི་ཤུ་རྩ་བཞི་པ་བསྟན་ཏོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་ཕྱིར་ཆོས་བསྟན་ཏོ། །གཞན་ཆོས་སྟོན་པ་ན་ཡང་མཆོད་པར་འགྱུར་ཏེ། །རྒྱལ་བའི་


DTG089_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་རྒྱལ་པོའི་མཐུ་གང་ལས་ཀྱང་མི་འཇིགས་པར་ཀུན་གྱིས་མཆོད་པ་ཡིན་ཏེ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་ཕྱིར་དེའི་མཐུས་སྐུ་གདུང་རྣམས་ཀྱང་མཆོད་པ་ཡིན་ཏེ། །དེ་ལྟར་ན་འདིར་འདིའི་དོན་བསོད་ནམས་ཡོད་པ་ལ་དད་པ་ལྷག་པ་དང་སྤྱོད་པ་ལྷག་པ་ཡིན་ནོ། །འདི་ནི་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོའོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་ནས་མཆོད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་ཉི་ཤུ་རྩ་ལྔ་པ་བསྟན་ཏོ། །བཅོམ་ལྡན་འདས་མ་ལ་མཆོད་པས་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་འགྱུར་རོ། །དེས་ན་འདིའི་དོན་ལ་དད་པ་ལ་སོགས་པ་ནི་སྤྱོད་པ་ལྷག་པ་ཡིན་ཏེ། །འདི་ནི་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུའོ། །གཞན་ཡང་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་ནས་ཡང་དག་པར་མཐོང་བ་གཉིས་པའི་བར་གྱིས་ནི་ཉི་ཤུ་རྩ་དྲུག་པ་བསྟན་ཏོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཉིད་མཐོང་བར་བྱེད་པ་ཡང་བཅོམ་ལྡན་འདས་མ་ཡིན་ཏེ། །དོན་འདི་ལ་དད་པ་ལ་སོགས་པ་སྤྱོད་པ་ལྷག་པའོ། །ཆོས་ཉིད་ཅེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་སྐུའོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ་ཞེས་གསུངས་སོ། །བརྒྱ་བྱིན་གྱི་ཚིག་མ་རྫོགས་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནས་ད་ལྟར་ང་ཡང་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །བརྟེན་ནས་ཞེས་བྱ་བ་ནི་ཐོབ་པའི་རྒྱུར་བྱས་པའོ། །གཞུང་འདི་ཙམ་གྱིས་ནི་བཅོམ་ལྡན་འདས་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་བསྟན་ཏོ། །ཆོས་ཀྱི་སྐུ་ནི་མ་ཡིན་པའི་ཕྱིར་རོ། །དེ་བསྟན་པའི་ཕྱིར་ཡང་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཡང་དག་པར་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི། སྤྲོས་པ་མེད་པའི་ཡེ་ཤེས་ཀྱིས་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་གཟིགས་སོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་གཟིགས་པའི་དོན་ཏོ། །འདིར་གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་དོན་ལ་མོས་པ་ཆེན་


DTG089_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འབྲིང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་ནས་ལེའུ་རྫོགས་པའི་བར་གྱིས་ནི་ཉི་ཤུ་རྩ་བདུན་པ་བསྟན་ཏོ། །ཐེག་པ་ཆེན་པོ་དེ་དག་ཐམས་ཅད་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཡང་དག་པར་སྡུད་པ་ཡིན་ལ། །བཅོམ་ལྡན་འདས་མ་ནི་གཙོ་བོ་ཡིན་ཏེ། །དེ་དག་གི་སྔོན་དུ་འགྲོ་བའི་ཕྱིར་དང༌། །ཡང་དག་པར་བསྡུས་པ་ཡིན་པའི་ཕྱིར་རོ། །འདིའི་དོན་ལ་དད་པ་ལ་སོགས་པ་ནི་སྤྱོད་པ་ལྷག་པ་ཡིན་ནོ། །ཐབས་མཁས་པས་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡོངས་སུ་བསྔོས་པ་རྣམས་ལ་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རང་བཞིན་གྱི་དཔེ་ནི་མེ་ཏོག་ལ་སོགས་པའི་ཤིང་རྣམས་སོ། །གྲིབ་མ་ནི་འདིར་དེ་དག་གི་གྲིབ་མ་རོ་གཅིག་པ་སྟེ། །དེ་དག་ནི་ཐབས་མཁས་པས་ཡོངས་སུ་ཟིན་པའི་དཔེའོ། །འདི་ནི་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོའོ། །ཡོན་ཏན་ནི་སྐབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། །དེ་དག་ཡོངས་སུ་རྫོགས་པའི་ལེའུ་ལས་དེ་སྐད་ཅེས་སྨྲས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཞི་པའོ།། །།བྱེད་པ་དང་མོས་པ་བསྟན་ནས། །བསྟོད་པ་དང་བཀུར་བ་དང་བསྔགས་པ་བརྗོད་པར་བྱ་སྟེ། །བསྟོད་པས་ན་བསྟོད་པའོ། །བཀུར་བས་ན་བཀུར་བའོ། །བསྔགས་པས་ན་བསྔགས་པ་སྟེ་དེ་གང་ལ་ཡོད་པ་ནི་བསགས་པ་སྟེ། །རབ་ཏུ་བསྔགས་པའི་དོན་ནོ། །དེས་ན་བསྟན་བཅོས་ལས། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་དག་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། །བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་བྱ་བ་གསུངས་ཏེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པས་ནི་གང་སྔར་བཤད་པ་སྟེ། རང་གི་དོན་དང་གཉིས་ཀའི་དོན་དང་གཞན་གྱི་ཆའི་དབྱེ་བས་དགུ་ཚན་གསུམ་གྱིས་རིམ་པ་བཞིན་དུ་བསྟོད་པ་དང༌། །བཀུར་བ་དང་བསྔགས་པར་འདོད་པ་ཡིན་ཏེ། །འདོད་པ་ཞེས་བྱ་བ་ནི་བསྟོད་པ་ལ་སོགས་པ་རེ་རེ་ལ་སྦྱར་བར་བྱའོ། །དེ་ལ་ཡོན་ཏན་བརྗོད་པ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་


DTG089_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བས་བསྟོད་པ་དང་བཀུར་བ་དང་བསྔགས་པ་ཡིན་ཏེ། དེ་དག་ཏུ་ཡང་སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པ་དང་ཆེན་པོའི་ཆེན་པོ་ལ་སོགས་པའི་བར་གྱིས་དབྱེ་བས་དགུ་ཚན་གསུམ་ཞེས་བྱ་བའི་དོན་ཏོ། །དེ་དག་ལས་བྱང་ཆུབ་སེམས་དཔའི་རྒྱུ་ནི་རྣམ་པ་གཉིས་ཏེ། གཞན་གྱི་དོན་བྱེད་པའི་ནུས་པ་དང༌། གཞན་གྱི་དོན་བྱེད་པ་ལ་གཙོ་བའོ། །དེ་ལས་དང་པོ་དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་ནས། གཞན་ཡང་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཅེས་བྱ་བའི་བར་གྱིས་ནི་དང་པོ་བསྟན་ཏོ། །འདིས་ནི་གཞན་གྱི་དོན་བྱེད་པའི་ནུས་པ་དངོས་པོ་གསུམ་ལ་མོས་པ་ཤིན་ཏུ་བརྟན་པར་བྱ་བ་སྟེ། གཞན་གྱི་བྱ་བ་ལུང་འབོགས་པ་དང༌། བཅོམ་ལྡན་འདས་མའི་ཡོན་ཏན་དང༌། རང་ཉིད་དེ་ཉིད་བྱེད་པ་ལའོ། །དེ་ལ་དང་པོ་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནས། ལྷག་པར་མོས་ཤིང་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མངོན་པར་དད་ཅིང་རྟོག་ལ་མོས་ཏེ་ཞེས་བྱ་བར་སྦྱར་རོ། །གང་གིས་མོས་པར་བྱ་ཞེ་ན། འདི་ལ་མངོན་པར་དད་ཅིང་ཞེས་བྱ་བ་ལ་སོགས་པ་ནས། ཚུལ་དང་མ་བྲལ་བས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པ་བསྒྲུབ་པར་བགྱིས་པར་འགྱུར་བར་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཇི་ལྟར་གསུངས་ཤེ་ན་བྱང་ཆུབ་ཀྱི་ཕྱིར་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ཇི་ལྟ་བུ་ཞེ་ན། འདི་ལ་སེམས་དང་བ་ཉིད་ཀྱིས་སོ། །ཇི་ལྟར་མོས་པ་ཡིན་ཞེ་ན། འདི་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་རབ་ཏུ་གཟུང་བར་བྱ་བའི་ཕྱིར་ཏེ། དེ་ཡང་དད་པས་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་མངོན་པར་དད་ཅིང་རྟོག་ལ་ཞེས་བྱ་བ་གསུངས་ཏེ། དེ་ནི་དེ་ཉིད་དེ་འདི་ཉིད་ལ་དད་པས་ཞེས་བྱ་བའི་དོན་ཏོ། །འདི་ལ་དགེ་བའི་ཆོས་རྣམས་གནས་པས་ན་ལྷག་པའི་བསམ་པ་སྟེ་ཆུའི་གནས་བཞིན་ནོ། །དེ་ཡང་དད་པ་དང་འདུན་པའོ། །ལྷག་པ་དང་ཁྱད་པར་གྱི་བསམ་པ་ནི་ལྷག་པའི་བསམ་པའོ། །དེས་ཉན་པ་ནི་ཚིག་དང་དོན་ལས་སོ། །འཛིན་པ་ནི་ཟློས་པ་ལས་སོ། །འཆང་བ་ནི་སེམས་ལ་བཞག་པས་སོ། །ཀློག་པ་ནི་ཚིག་ཏུ་བརྗོད་


DTG089_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །ཀུན་ཆུབ་པར་བགྱིད་པ་ནི་རྣམ་པ་ཐམས་ཅད་དུ་རྟོགས་པར་བྱེད་པའོ། །འདི་དག་གིས་ནི་རང་གི་དོན་བསྟན་ཏོ། །རབ་ཏུ་འདོན་ཏམ་ཞེས་བྱ་བ་ནི་གཞན་དག་འདོན་དུ་འཇུག་པའོ། །འདི་ནི་བསྟན་པའོ། །གཞན་ནི་རྗེས་སུ་བསྟན་པའོ། །སྟོན་ཏམ་ཞེས་བྱ་བ་ནི་ཚིག་ལས་སྟོན་པའོ། །ཉེ་བར་སྟོན་ཏམ་ཞེས་བྱ་བ་ནི་དོན་ལས་སོ། །ལུང་ནོད་དམ་ཞེས་བྱ་བ་ནི་གདམས་པས་སོ། །འདི་དག་ནི་གཞན་གྱི་དོན་ཏོ། །ཁ་ཏོན་བགྱིད་དམ་ཞེས་བྱ་བ་ནི་ཤིན་ཏུ་གོམས་པ་ཡང་ནས་ཡང་དུ་རང་གི་དོན་བྱེད་པས་སོ། །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཏམ་ཞེས་བྱ་བ་ལ་རྟག་ཏུ་ཚིག་ཏུ་སྟོན་པ་དང༌། རྒྱ་ཆེར་ཞེས་བྱ་བ་ནི་མང་པོ་དག་སྟོན་པའི་ཕྱིར་རོ། །རྣམ་པར་འགྲེལ་པ་ཞེས་བྱ་བ་ནི་རྒྱ་ཆེར་ཞེས་བྱ་བར་སྦྱར་རོ། །ཡིད་ཀྱི་རྗེས་སུ་རྟོག་པ་ཞེས་བྱ་བ་ནི་སེམས་བརྟགས་ནས་ལྟ་བ་ལ་ཡང་དག་པར་སྦྱར་བ་སྟེ། དེ་ནི་ཞི་གནས་སྐྱེད་པའི་ཕྱིར་རོ། །ཡོངས་སུ་དཔྱོད་པར་བགྱིད་ཅིང་ཞེས་བྱ་བ་ནི་རྣམ་པར་དཔྱོད་པ་སྟེ། ལྷག་མཐོང་སྐྱེད་པའི་ཕྱིར་རོ། །འདི་དག་གིས་ནི་སྤྱོད་པ་བསྟན་ཏོ། །འདི་མེད་ན་ཕྱོགས་གཞན་གྱི་གླེགས་བམ་དུ་ཆུད་པར་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་ཀྱིས་ན་ཆུང་ངུ་ན་ཞེས་སྨོས་སོ། །འཆང་ངམ་ཞེས་བྱ་བ་ནི་མི་འཇིག་པར་བྱ་བའི་ཕྱིར་རོ། །འཇོག་པར་ཞེས་བྱ་བ་ནི་རང་གི་ཁྱིམ་ལ་སོགས་པར་རོ། །བསྔགས་པ་གསུམ་དང་ལྡན་པ་ནི་དམ་པ་སྟེ་འཕགས་པའོ། །འདི་ནི་ཆོས་ཀྱི་ལམ་ནི་དམ་པའི་ཆོས་སོ། །དེ་ཡུན་རིང་དུ་གནས་པ་ནི་དེའི་རྒྱུ་དང་དེའི་དོན་ནོ། །གང་གི་ཕྱིར་འདི་ནི་ཐུན་མོང་གི་དམ་པའི་ཆོས་ཡིན་ཏེ། དེ་ནི་འདིའི་ཡོན་ཏན་དང་པོའོ། །འཕགས་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས། སངས་རྒྱས་ཞེས་བྱ་བ་ནི་འཇིག་རྟེན་གྱི་བླ་མ་རྣམས་སོ། །དེ་དག་ལ་བདག་གིས་བྱས་པ་གཟོ་བར་བྱས་ཏེ། དེ་དག་གི་ཚུལ་འདི་ནི་བྱང་ཆུབ་ཐོབ་པར་བྱེད་པ་སྟེ་ཤེས་རབ་བོ། །དེ་དག་གིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཚད་མེད་པའི་སངས་རྒྱས་བསྐྱེད་ནས་མ་འོངས་པའི་སྐྱེ་བོ་རྣམས་ཀྱི་དོན་དུ་རང་གི་རིགས་གཞག་པ་ཉིད་དེ། བདག་གི་བར་དུ་ཡང་ཉེ་བར་གནས་པ་ཡིན་ནོ། །དེ་བས་ན་སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིག་ཅེས་འདི་ཡང་འཇོག་པ་ཡིན་ཏེ་འདི་ནི་འདིའི་ཕྱོགས་གཉིས་ཏེ་སངས་རྒྱས་ཀྱི་དབང་དུ་བྱས་པའོ། །བྱང་


DTG089_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པ་བསྒྲུབ་པར་བགྱིས་པའོ། །དེ་ཡང་འདིས་འགྱུར་བ་དང་འཇོག་པ་དང༌། ཚུལ་དང་མ་བྲལ་བས་ཤེས་པར་བྱ་བས་སོ། །འདི་ཡང་འདི་ལྟར་འཇོག་པ་ཞེས་བྱ་བ་ནི་འདིའི་ཕན་ཡོན་གསུམ་པ་སྟེ། བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའོ། །བས་ཞེས་བྱ་བའི་སྒྲ་ནི་གོང་མར་ཡང་སྦྱར་རོ། །མ་གྱུར་ཞེས་བྱ་བ་འདི་ནི་རྣམ་པ་གཉིས་ཀྱི་བྱ་པ་བསྟན་ཏོ། །དེ་ལྟར་བསྟན་པ་ཞེས་བྱ་བས་ནི་བྱ་བ་བསྟན་པ་དང༌། འདི་ལྟར་དོན་ཆེ་བ་ལ་སོགས་པ་སྨོས་སོ། །ཆེ་བའི་དོན་དང་འབྲས་བུ་འདི་ལ་ཡོད་པ་ནི་དོན་ཆེ་བ་སྟེ་འདི་ནི་བསྟན་པའོ། །གཞན་ནི་རྗེས་སུ་བསྟན་པའོ། །ཕན་ཡོན་ཆེ་བ་ནི་ཇི་སྐད་བསྟན་པའི་ཕན་ཡོན་རྣམས་ཀྱིས་སོ། །འབྲས་བུ་ཆེ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ལན་ཅིག་ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །རྣམ་པར་སྨིན་པ་ཆེ་བ་ནི་འཕགས་པ་ཐམས་ཅད་ཀྱི་འབྱོར་བ་དག་གིས་སོ། །སྟོན་པ་མང་པོ་དང་ལྡན་པ་ཉེ་བར་བསྒྲུབ་པ་སྟེ། འདི་ཙམ་གྱིས་ནི་བཅོམ་ལྡན་འདས་མའི་ཡོན་ཏན་བསྟན་ཏོ། །མི་གཏང་ངོ་ཞེས་བྱ་བ་ནི་ཡོངས་སུ་གཟུང་བ་དང་མི་སྤོང་བའི་ཕྱིར་རོ། །བསྲུང་བར་བྱའོ་ཞེས་བྱ་བ་ནི་མེ་དང་བྱི་བ་ལ་སོགས་པ་རྣམས་སོ། །བཙའ་བར་བྱས་པ་ནི་ཆོམ་རྐུན་ལ་སོགས་པས་སོ། །གང་གི་ཕྱིར་གང་རྙེད་པར་དཀའ་བས་འདི་ཙམ་གྱིས་ནི་བདག་ཉིད་ཀྱི་བྱ་བར་བསྟན་ཏོ་ཞེས་བྱ་བ་ནི་དངོས་པོ་གསུམ་པོ་འདི་ལ་ལྷག་པར་མོས་པ་སྟེ། དེ་བཞིན་དུ་རྣམ་པར་འཛིན་པས་སོ། །རབ་ཏུ་འཇུག་པ་མེད་པར་ནི་མོས་པ་བརྟན་པར་མི་འགྱུར་ཏེ། དེས་ནི་འདི་ཙམ་གྱིས་དོན་བྱེད་ནུས་པར་བསྟན་ཏོ། །དེ་ཡོད་ཀྱང་གང་གཞན་གྱི་དོན་ཉུང་ཟད་བྱེད་པ་འམ་ཉུང་ཟད་ཀྱང་མི་བྱེད་པ་དེ་ནི་བསོད་ནམས་དམན་པ་ཡིན་ནོ། །དེ་ལས་གཞན་པ་དེ་ནི་བསོད་ནམས་ཤིན་ཏུ་མང་བ་ཡིན་ཏེ། འདི་ནི་འདིའི་བསྟོད་པ་དང་བཀུར་བ་དང་བསྔགས་པ་ཡིན་ཏེ། དེ་བས་ན་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ནས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བསོད་ནམས་མང་དུ་བསྐྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བསྟོད་པ་དང་པོ་བསྟན་ཏོ། །བདག་ཉིད་ཀྱང་ཞེས་བྱ་བ་ལ་བདག་ཉིད་ཀྱང་ནི་གང་


DTG089_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འདིར་ཡང་རྗེས་སུ་འདྲེན་པའི་དོན་ཏོ། །གཞན་མཆོད་པ་བྱེད་དུ་འཇུག་པ་ནི་མ་ཡིན་གྱི། བདག་ཉིད་བྱེད་པ་ནི་རང་ཉིད་ཀྱི་དོན་ཏོ། །དོན་ཉེ་བར་འཚལ་བ་ནི་དོན་དུ་ཉེ་བར་འཚལ་བ་སྟེ་མཆོད་པར་འདོད་པའོ། །དེ་དང་ལྡན་པས་ནི་དོན་དུ་གཉེར་བར་འཚལ་བའོ། །ལྷག་པའི་བསམ་པ་དེ་དང་ལྡན་པ་ནི་འདུན་པ་ཅན་ནོ། །སློང་ནི་བཅོམ་ལྡན་འདས་མ་ལ་མཆོད་པའི་དོན་དུ་གཉེར་བའི་ཕྱིར་རོ། །བརྩལ་བ་ཞེས་བྱ་བ་ནི་དང་དུ་བླངས་པའོ། །ཉེ་བར་སྤྲད་པ་ཞེས་བྱ་བ་ནི་མདུན་དུ་བསྟབས་པའོ། །གཏད་པ་ཞེས་བྱ་བ་ནི་ལེན་དུ་བཅུག་པའོ། །ཡོངས་སུ་གཏད་པ་ཞེས་བྱ་བ་ནི་ཡོངས་སུ་བཏང་ནས་ཀྱང་ཡིན་ལ་གཅགས་པ་མེད་པའི་ཕྱིར་རོ། །ཐ་ན་ཞེས་བྱ་བ་ནི་ཆུང་ངུ་ན་ཞེས་བྱ་བའི་དོན་ཏོ། །གླེགས་བམ་དུ་ཆུད་པར་བྱས་ནས་ཞེས་བྱ་བ་ནི་རང་གིས་བྲིས་སམ། གཞན་གྱིས་བྲིས་སམ། དེའི་རང་གིས་སམ་རིན་མ་ཡིན་པས་བྲིས་ཀྱང་རུང་བའོ། །ཡོངས་སུ་གཏོང་བ་ནི་སྦྱིན་པའོ། །དེ་ལ་འདོད་པའི་བློ་ཡོད་པ་དེ་ནི་བློ་དང་ལྡན་པའོ། །ཡང་དག་པར་སྟོན་པར་བྱེད་ཅེས་བྱ་བ་ནི་སྟོན་ཀྱང་རང་གི་ངོ་བོ་ལས་སོ། །སྩོལ་ཞིང་ཞེས་བྱ་བ་ནི་མཆོད་པའི་ཕྱིར་ཡང་དག་པར་འགེད་པ་ནི་མང་དུ་ཤས་ཆེར་ཡོད་ན་མཉམ་པར་སྦྱིན་པའོ། །རྒྱས་པ་ནི་སྤངས་པའོ། །དེས་སྤྱོད་པ་ནི་རྒྱས་པར་བྱེད་པའོ། །བདག་ཉིད་སོ་སོ་ནས་ཞེས་བྱ་བ་ནི་བདག་ཉིད་ནའོ། །ལྷག་མ་ནི་རྟོགས་པར་སླ་སྟེ། འདི་ནི་ཆུང་ངུའི་ཆུང་ངུའི་བསྟོད་པའོ། །གཞན་ཡང་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཅེས་བྱ་བ་ནས། གཞན་ཡང་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་པ་གཉིས་པའི་བར་གྱིས་ནི་སྤྱད་པ་གཉིས་པ་བསྟན་ཏོ། །དེ་བས་ཞེས་བྱ་བ་ནི་བསྟོད་པ་དང་པོ་ལས་སོ། །འདི་ནི་ཆུང་ངུའི་འབྲིང་གི་བསྟོད་པའོ། །གཞན་ཡང་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་ཞེས་བྱ་བ་ལ་སོགས་པ་ནས་ཡང་ཀཽ་ཤི་ཀ་བསོད་ནམས་ལྟ་ཞོག་ཅེས་བྱ་བའི་བར་གྱིས་ནི་གསུམ་པ་བསྟན་ཏོ། །ཡང་དག་པར་བཙུད་ཅིང་ཞེས་བྱ་བ་ནི་ཡང་དག་པར་འཛིན་དུ་འཇུག་པའོ། །བཀོད་ན་ཞེས་བྱ་བ་ནི་འདའ་བ་མེད་པར་རོ། །མངོན་པར་དང་བས་ཞེས་བྱ་བ་ནི་བཅོམ་ལྡན་འདས་མའི་ཡོན་ཏན་དག་ལའོ། །གཞན་དུ་ཡང་དག་པར་རྗེས་སུ་མ་ཡིན་པར་འགྱུར་རོ། །མངོན་པར་དད་པར་བྱེད་


DTG089_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ནི་གཞན་དུ་ན་སྣོད་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་འོག་མ་དག་ལ་ཡང་ཤེས་པར་བྱའོ། །ལེ་ལོ་ནི་ངན་པ་ལ་བརྩོན་པ་སྟེ། ལེ་ལོ་མ་ཡིན་པ་ནི་བརྩོན་པའོ། །དེ་བསྒྲུབ་པ་ནི་ཇི་སྐད་བཤད་པ་བཞིན་དུ་བྱའོ། །ཉེ་བར་བརྩོན་པ་ནི་མངོན་པར་བརྩོན་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་འདི་བཅོམ་ལྡན་འདས་མ་འཛིན་དུ་འཇུག་པའོ། །དེ་ཡང་བྱང་ཆུབ་བསྒྲུབ་པ་ཉིད་དུ་སྟོན་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་དེ་བཞིན་དུ་རིགས་པ་དག་གིས་ཡང་དག་པར་སྟོན་པ་སྟེ། དེ་ནས་ཡང་དག་པར་འགོད་པ་ནི་ཀློག་པ་དང་མཆོད་པ་ལ་སོགས་པ་ལ་གཞུག་པའོ། །ཞུགས་པ་དག་ལ་ནི་ཡང་དག་པར་གཟེངས་བསྟོད་པ་དང༌། སྤྲོ་བར་བྱ་སྟེ། བརྩོན་འགྲུས་དང༌། ལེ་ལོ་གཉིས་ཀྱི་ཡོན་ཏན་དང་སྐྱོན་བསྒྲགས་པའོ། །བརྩོན་འགྲུས་བརྩམས་པ་ནི་བསྟོད་པ་དག་གིས་ཡང་དག་པར་དགའ་བར་བྱའོ། །འདི་དག་ལ་འཇིག་རྟེན་དག་ནི་ཕྱིན་ཅི་ལོག་པ་ཡིན་ཏེ་འདི་སྟོན་པར་ནུས་པ་མ་ཡིན་ནོ་ཞེ་ན། ཚིག་ལ་མཚོན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ནི་རྣམ་པ་གསུམ་སྟེ། དད་པ་དང་ལྡན་པ་དང༌། དད་པ་མེད་པ་དང་བཏང་སྙོམས་པའོ། །དེ་ལ་དད་པ་ལ་ནི་ཚིག་གཉིས་ཀྱིས་འགྲུབ་པ་ཡིན་ཏེ། དེ་ནི་ཡང་དག་པར་བཤད་པའི་ཚིག་ཉིད་ཀྱིས་རྟོགས་པར་འགྱུར་རོ། །དད་པ་མེད་པ་ལ་ནི་རྣམ་པར་མཚོན་པས་རྣམ་པར་རྟོགས་པར་འགྱུར་ཏེ་ལྟ་བ་ངན་པ་དག་ལ་རིགས་པས་གནོད་པར་བྱས་པའི་ཕྱིར་རོ། །བཏང་སྙོམས་པ་ལ་ནི་རྗེས་སུ་མཚོན་པས་རྟོགས་པར་འགྱུར་ཏེ། རྗེས་སུ་དགའ་བར་བྱེད་ཅིང་བཅོམ་ལྡན་འདས་མ་དེའི་ཡོན་ཏན་བསྟན་པས་སོ། །དེ་ལྟར་སྣོད་དུ་བྱས་པའི་ཕྱིར་འདིའི་དོན་དེ་ལ་ཡང་དག་པར་སྟོན་པ་ཡིན་ཏེ། དེ་ལྟར་ཡང་ཞེས་བྱ་བ་ནི་ཡང་དག་པར་བསྟན་པ་འདིའི་སེམས་སྦྱོང་བར་བྱེད་དེ་ལྟ་བ་ངན་པ་ལས་བཟློག་པའི་ཕྱིར་རོ། །འོན་ཀྱང་ཐེ་ཚོམ་མེད་པར་བྱེད་དེ། རིགས་པ་གཞན་དག་གིས་སོ། །སློབས་ཤིག་ཅེས་བྱ་བ་ནི་བསླབ་པ་རྣམ་པ་གསུམ་གྱིས་སོ། །འདི་ལ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་གསུངས་སོ། །བསླབས་ཤིང་ཞེས་བྱ་བ་ནི་སེམས་ཀྱིས་སོ། །སྤྱད་དེ་ཞེས་བྱ་བ་ནི་ཞི་གནས་ཀྱིས་སོ། །འབད་ན་ཞེས་བྱ་བ་ནི་ལྷག་མཐོང་གིས་སོ། །སེམས་ཅན་གྱི་ཁམས་


DTG089_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སེམས་ཅན་གྱི་ཕུང་པོའོ། །གཏན་དུ་ཡིན་པའི་ཕྱིར་བླ་ན་མེད་པའོ། །ཕུང་པོ་ནི་ཚོགས་ཏེ་ཟག་པ་དང་བཅས་པ་འམ་ཟག་པ་མེད་པ་དེ་དག་ཟད་པ་ནི་ཐམས་ཅད་ཟད་པ་སྟེ་དེའི་ཆེད་དུའོ། །མངོན་པར་གནས་པ་ནི་སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ། །ཡང་དག་པའི་མཐར་རབ་ཏུ་འབྱེད་དོ་ཞེས་བྱ་བ་ནི་ཙམ་གྱིས་ལྷག་པར་ཡོད་པས་སོ། །ཡོངས་སུ་གཏོང་པའི་བློ་དང་ལྡན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་གཏོང་བའི་བློ་དང་ལྡན་པའོ། །དེ་བས་ཀྱང་ཞེས་བྱ་བ་ནི་བསྟོད་པ་གཉིས་པའི་བསྟོད་པས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་པ་ཡིན་པའི་ཕྱིར་ཏེ། དེ་ནི་ཆུང་ངུའི་ཆེན་པོའི་བསྟོད་པའོ། །དེའི་འོག་ཏུ་བསྟོད་པ་ལྔ་ནི་ཀཽ་ཤི་ཀ་རྣམ་གྲངས་འདིས་གླིང་བཞི་པའི་ཞེས་བྱ་བ་ལ་སོགས་པ་ནས། ཡང་དག་པར་བཙུད་ཅིང་བཀོད་པ་དང་ཞེས་བྱ་བའི་བར་གྱིས་ནི་དང་པོའི་ཆ་དང་དེའི་འོག་ཏུ་ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ནས། གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་ཞེས་བྱ་བའི་བར་གྱིས་ནི་གཉིས་པའི་ཆ་བསྟན་ཏོ། །མདོ་འདི་དག་ལས་གསུངས་པ་ནི་བསོད་ནམས་ལྷག་པས་ནི་དད་པ་ལ་སོགས་པ་སྐྱེ་བ་ཡིན་ཏེ། ཤུགས་ཀྱིས་རྟོགས་པ་ནི་བསོད་ནམས་ཀྱི་ཆ་ལྷག་པས་སྤྱོད་པ་ལྷག་པ་ཡིན་ནོ། །རྣམ་གྲངས་འདིས་ཞེས་བྱ་བ་ནི་རྣམ་པ་སྟེ། དངོས་པོ་གསུམ་ལ་མོས་པ་ཞེས་བྱ་བ་ནི་གནས་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་རིམ་པ་བཞིན་འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོ་དང༌། ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་འབྲིང་གི་བསྟོད་པའོ། །གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་ན་ཞེས་བྱ་བ་ལ་སོགས་པ་ནས་གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་ན་ཞེས་བྱ་བའི་བར་ནི་ལྟ་ཞོག་ཅེས་བྱ་བ་ལྔ་ཡོད་པས་བསྟོད་པ་ལྔ་པ་བསྟན་ཏོ། །གཅིག་པོ་དེ་ཉིད་དགུ་པའི་རིམ་པས་འཆད་པའི་ཕྱིར་ཏེ། དེ་ལྟ་མོད་ཀྱི་བརྒྱད་པ་ལས་ཁྱད་པར་ཆེན་པོ་མེད་པ་ཡིན་ནམ་ཞེ་ན། འདི་ལ་ནི་ཉེས་པ་མེད་དེ། འཇིག་རྟེན་གྱི་ཁམས་གཅིག་གང་གཱའི་ཀླུང་གི་བྱེ་མ་ཉེད་ཀྱི་འཇིག་རྟེན་གྱི་ཁམས་བཞིན་ནོ། །མདོ་ལས་གསུངས་པའི་བསོད་ནམས་ལྷག་པ་ནི་དད་པ་ལ་སོགས་པ་ལྷག་པའོ། །དེ་ལས་ནི་སྤྱོད་པ་ལྷག་པ་ཡིན་ནོ། །ཚིག་ཉམས་པས་ཕྱི་ལ་བསྐང་བར་བྱའོ། །བསམ་གཏན་བཞི་ལ་ཞེས་བྱ་བ་ལ། འདིར་མདོ་ལས་འདོད་པ་དག་ལས་དབེན་པ།


DTG089_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ཞིང་ནང་ཡོངས་སུ་དང་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་གྱུར་པའི་དགའ་བ་དང༌། བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ་དགའ་བ་མེད་པའི་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་བ་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ནི་ཉོན་མོངས་པའི་འདོད་པ་དང་མི་ལྡན་པའི་ཕྱིར་དང༌། དངོས་པོའི་འདོད་པ་དག་ལ་དམིགས་པ་མེད་པའི་ཕྱིར་རོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནི་ཉོན་མོངས་པའི་འདོད་པའི་རྒྱུ་ལས་བྱུང་པའི་ལུས་དང༌། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པའོ། །རྣམ་པར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་ཞེས་བྱ་བ་ནི་འདོད་པའི་གཉེན་པོ་རྣམ་པར་རྟོག་པ་དང༌། དཔྱོད་པ་དག་དང་ལྡན་པའི་ཕྱིར་རོ། །དབེན་པ་ལས་སྐྱེས་པའི་ཞེས་བྱ་བ་ནི་འདོད་པ་ལས་དབེན་པ་ལས་སྐྱེས་པའོ། །དགའ་བ་དང་བདེ་བ་ནི་འདོད་པའི་དོན་གྲུབ་པ་སྟེ་གནས་སོ་ཞེས་བྱ་བ་ལུས་དང་ངག་དང་ཡིད་གསུམ་ཤིན་ཏུ་སྦྱངས་པའི་དགའ་བ་དང་བདེ་བ་དང་ལྡན་བའོ། །བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་ཞེས་བྱ་བ་ནི་བསྒྲུབས་ནས་གནས་པ་སྟེ། ཉེ་བར་བསྒྲུབས་པ་ནི་ཡང་དག་པར་བསྒྲུབས་པའོ། །གནས་སོ་ཞེས་བྱ་བ་ནི་རྗེས་སུ་མྱོང་བའོ། །དེ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པས་སེམས་འཁྲུལ་པ་ཉིད་ཀྱི་སྐྱོན་མཐོང་བ་སྟེ། དེ་ལས་བཟློག་ནས་ཏིང་ངེ་འཛིན་ལ་གནས་


DTG089_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ཞིང་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སེམས་གཅིག་ཏུ་གྱུར་པའི་ཕྱིར་ཏེ། དེ་ནི་རྣམ་པར་རྟོག་པ་དང་དཔྱོད་པ་རྒྱུན་མི་འཆད་པར་འཇུག་པ་མེད་པའོ། །རྣམ་པར་རྟོག་པ་མེད་པ་དཔྱོད་པ་མེད་པ་ཞེས་བྱ་བ་ནི་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་འཛིན་པ་མེད་པས་སོ། །དགའ་བའི་འདོད་ཆགས་ཞེས་བྱ་བ་ནི་རིགས་པ་ཉིད་ཀྱི་ཕྱིར་དེ་བཏང་སྙོམས་ཡིན་ཏེ། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ལ་དགའ་བ་ལ་ཡང་བཏང་སྙོམས་པའི་ཕྱིར་རོ། །དྲན་པ་དང་ཤེས་བཞིན་ཅན་ཞེས་བྱ་བ་ནི་དགའ་བའི་གོ་སྐབས་མི་སྦྱིན་ཞིང་ཤེས་རབ་ལན་མང་དུ་བྱེད་པའི་ཕྱིར་རོ། །བདེ་བ་ནི་མྱོང་བའི་བདེ་བ་དང༌། ཤིན་ཏུ་སྦྱངས་པའི་བདེ་བའོ། །ལུས་ཀྱིས་ཞེས་བྱ་བ་ནི་གཟུགས་ཀྱི་ལུས་དང༌། ཡིད་ཀྱི་ལུས་སོ། །འཕགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །བདེ་བ་ལ་གནས་པ་ནི་བསམ་གཏན་པ་འདི་ཉིད་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལ་བདེ་བ་སྤོང་བར་བྱེད་པ་ནི་བསམ་གཏན་བཞི་པའོ། །སྡུག་བསྔལ་དང་པོས་སོ། །དེས་ན་འདི་ཉིད་སྔ་ནས་ཞེས་བྱ་བ་སྨྲས་སོ། །ཡིད་བདེ་བ་ནི་གསུམ་པས་སོ། །ཡིད་མི་བདེ་བ་ནི་གཉིས་པས་སོ། །སྔ་ནས་ཤེས་པ་ནི་འདིར་ཡང་སྦྱར་རོ། །བཏང་སྙོམས་ནི་འདིར་ཚོར་བ་སྟེ། དེ་བས་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཞེས་སྨྲས་སོ། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བ་སྟེ་གཉིས་འདིར་གཏན་དུ་རྣམ་པར་དག་པ་ཐོབ་པས་སོ། །དེ་ལ་བསམ་གཏན་དང་པོ་ལ་ནི་ཡན་ལག་ལྔ་སྟེ། རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་ནི་གཉེན་པོའི་ཡན་ལག་གོ །དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །སེམས་རྩེ་གཅིག་པ་ནི་དེ་གཉིས་ཀའི་ཡན་ལག་གོ །གཉིས་པ་ལ་ནི་ཡན་ལག་བཞི་སྟེ། ནང་ཡོངས་སུ་དང་བ་ནི་གཉེན་པོའི་ཡན་ལག་གོ །ཡན་ལག་ལྷག་མ་ནི་སྔ་མ་བཞིན་ནོ། །གསུམ་པའི་ཡན་ལག་ནི་ལྔ་སྟེ། བཏང་སྙོམས་དང་དྲན་པ་དང༌། ཤེས་བཞིན་ནི་གཉེན་པོའི་ཡན་ལག་གོ །བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །གནས་ཀྱི་ཡན་ལག་ནི་སྔ་མ་བཞིན་ནོ། །བཞི་པའི་ཡན་ལག་ནི་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་གོ །བདེ་བ་ཡང་མ་ཡིན་


DTG089_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་ཕན་ཡོན་གྱི་ཡན་ལག་གོ །གནས་ཀྱི་ཡན་ལག་ནི་སྔ་མ་བཞིན་ནོ། །བསམ་གཏན་བཞི་པོ་འདི་དག་ལ་བཀོད་པའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་ཆེན་པོའི་ཆེན་པོའི་བསྟོད་པའོ། །གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་ན་ཞེས་བྱ་བ་ནས་རབ་ཏུ་འབྱེད་པ་ལ་འབུལ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བཀུར་བ་དང་པོ་བསྟན་ཏོ། །མ་ཚང་བ་བསྐང་བ་ནི་སྔ་མ་བཞིན་དུ་བྱ་སྟེ། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་ལ་བཀོད་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་ཐམས་ཅད་ཀྱི་བར་ལ་བཀོད་ན་ཞེས་བྱ་བ་ནི་བསམ་གཏན་རྣམས་ནི་བསྟན་ཟིན་ཏོ། །བྱམས་པ་ལ་སོགས་པ་ནི་འདོད་པ་ན་སྤྱོད་པའི་སེམས་ཅན་ལ་དམིགས་པའི་ཚངས་པའི་གནས་བཞི་ཡིན་ཏེ། སེམས་ཅན་ཚད་མེད་པ་ལ་དམིགས་པས་ན་ཚད་མེད་པ་ཡིན་ཏེ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སོ། །ཀྱེ་མའོ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་སྨོན་པ་དང༌། སྡུག་བསྔལ་དང་བྲལ་བར་སྨོན་པ་དང༌། བདེ་བ་དང་མི་འབྲལ་བར་སྨོན་པ་དང༌། ཀུན་ནས་ཉོན་མོངས་པ་ལས་གྲོལ་བར་སྨོན་པ་ཞེས་བྱ་བའི་རྣམ་པ་སྟེ། བདེ་བ་དང་ལྡན་པའི་བསམ་པ་དང༌། སྡུག་བསྔལ་དང་བྲལ་བའི་བསམ་པ་དང༌། བདེ་བ་དང་མི་འབྲལ་བའི་བསམ་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་བསམ་པའོ། །མོས་པས་སྤྱོད་པའི་ས་ལ་ནི་བཞི་ཆར་ཡང་སེམས་ཅན་ལ་དམིགས་པའོ། །རབ་ཏུ་དགའ་བ་ལ་སོགས་པ་བདུན་པ་ནི་དེ་བཞིན་ཉིད་ལ་དམིགས་པའོ། །མི་གཡོ་བ་ལ་སོགས་པ་ལ་ནི་དམིགས་པ་མེད་པའོ། །ཚད་མེད་པ་རྣམས་ལ་མདོ་ལས་བྱམས་པ་དང་ལྡན་པའི་སེམས་ཡངས་པ། རྒྱ་ཆེ་བ། མི་གཉིས་པ། ཚད་མེད་པ། གཅུགས་པ་མེད་པ། ལྷོད་པ་མེད་པ། སྒྲིབ་པ་མེད་པ། གནོད་པ་མེད་པ། ཐམས་ཅད་དུ་འགྲོ་བ། ཤིན་ཏུ་བསྒོམས་པ་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ཕྱོགས་གཅིག་ཁྱབ་པར་


DTG089_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། ཡོངས་སུ་རྫོགས་པར་བྱས་ནས་གནས་ཏེ། ཕྱོགས་བཅུ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང༌། དེ་བཞིན་དུ་དགའ་བ་དང་ལྡན་པ་དང༌། དེ་བཞིན་དུ་བཏང་སྙོམས་དང་ལྡན་པ་ལ་ཡང་སྦྱར་རོ། །དེ་ལ་བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་ནི་ཡོན་ཏན་ཅན་བསྟན་ཏོ། །ལྷག་མས་ནི་ཡོན་ཏན་བསྟན་ཏོ། །ཡངས་པ་ཞེས་བྱ་བས་ནི་བསམ་པ་རྒྱ་ཆེ་བ་བསྟན་ཏོ། །རྒྱ་ཆེ་བ་ཞེས་བྱ་བ་ནི་འཕེལ་བས་སོ། །ཚད་མེད་པ་ཞེས་བྱ་བ་ནི་དམིགས་པ་ལས་སོ། །གཉིས་སུ་མེད་པ་ཞེས་བྱ་བ་ནི་གཅིག་གི་བདག་ཉིད་ཀྱི་རྣམ་པར་མི་རྟོག་པའི་ཕྱིར་རོ། །གཅུགས་པ་མེད་པ་ནི་མི་མཐུན་པའི་ཕྱོགས་སྤངས་པའི་ཕྱིར་རོ། །དེ་ལ་བྱམས་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ནི་རིམ་པ་བཞིན་དུ་གནོད་སེམས་དང༌། རྣམ་པར་འཚེ་བ་དང༌། མི་དགའ་བ་དང༌། རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བའོ། །ལྷོད་པ་མེད་པ་ཞེས་བྱ་བ་ནི་གཉིད་དང་རྨུགས་པ་ཉེ་བར་ཞི་བའི་ཕྱིར་རོ། །སྒྲིབ་པ་མེད་པ་ཞེས་བྱ་བ་ནི་རྒོད་པ་དང་འགྱོད་པ་ཉེ་བར་ཞི་བས་སོ། །གནོད་པ་མེད་པ་ཞེས་བྱ་བ་ནི་གསུམ་པོ་འདི་དག་ཉིད་ཀྱིས་སེམས་དྲི་མར་མ་བྱས་པས་སོ། །ཐམས་ཅད་དུ་འགྲོ་བ་ཞེས་བྱ་བ་ནི་མཛའ་བོ་དང་བར་མ་དང༌། དགྲ་བོ་གསུམ་ལ་ཡང་རབ་ཏུ་འཇུག་པའོ། །ཤིན་ཏུ་བསྒོམས་པ་ཞེས་བྱ་བ་ནི་དུས་གསུམ་ལ་ཡང་མཉམ་པོར་འཇུག་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་རྣམ་པས་ཁྱབ་པ་ནི་རྒྱས་པར་རོ། །འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །ཐམས་ཅད་དང་ལྡན་པ་ནི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པའི་དབྱེ་བས་ཐམས་ཅད་དང་ལྡན་པས་སོ། །ཕྱོགས་གཅིག་ནི་ཕྱོགས་ཀྱི་ཆའོ། །གང་དུ་ཞེ་ན། འཇིག་རྟེན་ཞེས་སྨོས་ཏེ་སྣོད་ཀྱི་འཇིག་རྟེན་ནོ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་ནི་ཆོས་ནི་དབྱིངས་དང་འདྲ་བའི་མཐའོ། །འདི་ལ་ནམ་མཁའ་དང་འདྲ་བའི་མཐའ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། ཉི་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་སེམས་ཏིང་ངེ་འཛིན་ལ་གནས་པ་སྟེ། འཕགས་པའི་གནས་པས་སོ། །ཕྱོགས་བཅུ་ཞེས་བྱ་བ་ནི་ཕྱོགས་བཅུའི་རྣམ་པ་སྟེ། ལྷག་མ་ནི་རྟོགས་པར་སླའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་གཟུགས་མེད་པ་རྣམ་པ་བཞི་སྟེ། དེ་དག་ཀྱང་མདོ་


DTG089_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང༌། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་ཞེས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །གཟུགས་ཀྱི་འདུ་ཤེས་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་འདུ་ཤེས་ཏེ། དེ་ལ་མ་ཆགས་པ་ནི་ཐམས་ཅད་དུ་ནམ་མཁའི་འདུ་ཤེས་པས་སོ། །དེ་ལས་ཡང་དག་པར་འདས་པ་ནི་སོ་སོར་སྣང་བ་མེད་པས་སོ། །ཐོགས་པའི་འདུ་ཤེས་ནི་རྩིག་པ་དང་ར་བ་ལ་སོགས་པའི་སྒྲིབ་པའི་འདུ་ཤེས་སོ། །སྣ་ཚོགས་པའི་འདུ་ཤེས་ནི་ཁང་བཟངས་དང༌། སྐྱེད་མོས་ཚལ་དང༌། རི་དང༌། མཚོ་དང༌། ཟླ་བ་དང༌། ཉི་མ་ལ་སོགས་པའི་འདུ་ཤེས་སོ། །ནམ་མཁའ་མཐའ་ཡས་སོ་ཞེས་དེ་ལྟར་འདི་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་དམིགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདའ་བར་བྱ་ཞེ་ན། དེ་ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་མོས་པ་དང་ལྡན་པ་མཐའ་ཡས་པ་དེ་ཉིད་ལ་མོས་པར་བྱས་ནས། ཐམས་ཅད་དུ་ནམ་མཁའི་འདུ་ཤེས་ལས་བཟློག་པའི་ཕྱིར་རོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་ནི། དེ་དེ་ལས་བསྐྱོད་ནས་ཅུང་ཟད་ཀྱང་དམིགས་པར་མི་མཐོང་སྟེ། དོན་མེད་པ་དང༌། རྣམ་པར་ཤེས་པ་མེད་དེ་ཅུང་ཟད་ཙམ་ཉིད་དུ་དམིགས་པར་བྱས་ནས་ཐོབ་པའོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཀྱང་འདོད་ཆགས་དང་བྲལ་ནས་དེ་ཡང་བཟློག་པ་ཡིན་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་ནི་སྔར་ལོག་


DTG089_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནས་འདུ་ཤེས་མེད་པ་ཡང་མ་ཡིན་ཏེ། འདུ་ཤེས་ནི་རབ་ཏུ་ཕྲ་བར་འཇུག་པ་ཁོ་ན་སྟེ། དེས་ན་འདུ་ཤེས་མེད་པ་ནི་འདུ་ཤེས་མེད་པ་ཉིད་མ་ཡིན་ཏེ། གང་དུ་འདུ་ཤེས་མེད་པ་ཡང་མ་ཡིན་པའི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །མངོན་པར་ཤེས་པ་ལྔ་ལ་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང༌། ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང༌། ལྷའི་མིག་གོ །འདིར་མདོ་ལས་དེ་རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉིད་དུ་མྱོང་བར་བྱེད་དེ་ས་ཡང་གཡོ་བར་བྱེད། གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་བ་དང༌། མང་པོར་ཡང་གྱུར་ནས་གཅིག་ཏུ་གྱུར་བ་དང༌། སྟེང་དུ་འབྱུང་བ་དང་ནུབ་པ་ཡང་ཉམས་སུ་མྱོང་བར་བྱེད་དོ། །ཐད་ཀར་རྩིག་པ་དང༌། ཐད་ཀར་ར་བ་དང༌། ཐད་ཀར་རི་ལ་ཡང་ཐོགས་པ་མེད་པར་འགྲོའོ། །ནམ་མཁའ་ལ་ཡང་འགྲོའོ། །ས་ལ་ཡང་འབྱུང་བ་དང་བྱི་ཟུལ་བྱེད་དོ། །ཆུ་ལ་ཡང་ས་བཞིན་དུ་འགྲོའོ། །དུ་བ་འཐུལ་བར་བྱེད། འབར་བར་ཡང་བྱེད་དོ་ཞེས་རྒྱས་པར་ཡང་བརྗོད་དོ། །དེ་ལྷའི་རྣ་བའི་ཁམས་ཀྱིས་མི་ལས་འདས་པའི་སྒྲ་ཡང་ཐོས་ཏེ་ལྷ་དང་མི་དག་གོ །དེ་སེམས་ཅན་གཞན་དང་གང་ཟག་གཞན་གྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་དང༌། ཞེ་སྡང་དང་བཅས་པ་དང༌། ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བཅས་པ་དང༌། གཏི་མུག་དང་བྲལ་བའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནས། བླ་ན་མེད་པའི་སེམས་ལ་བླ་ན་མེད་པའི་ཡེ་ཤེས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་སྐྱེ་བ་གཅིག་རྗེས་སུ་དྲན་པ་ནས་གཉིས་དང་གསུམ་ནས་བྱེ་བ་བྲག་བཅུ་དང༌། བརྒྱ་ཕྲག་སྟོང་གི་བར་དུ་ཡང་རྗེས་སུ་དྲན་ནོ། །ཉི་མ་གཅིག་ནས་གཉིས་དང༌། གསུམ་ནས་བསྐལ་པ་བྱེ་བ་ཕྲག་བཅུ་དང༌། བརྒྱ་ཕྲག་སྟོང་གི་བར་དུ་ཡང་རྗེས་སུ་དྲན་ནོ། །བདག་ནི་ཆེ་གེ་མོ་ཞིག་ན་གནས། མིང་ནི་འདི་ཞེས་བྱ། དེ་བཞིན་དུ་རུས་དང༌། དེ་བཞིན་དུ་རིགས་དང༌། དེ་བཞིན་དུ་ཟས་དང༌། དེ་བཞིན་དུ་གནས་པའི་ཡུན་རིང་ཐུང་དང༌། དེ་བཞིན་དུ་ཚེའི་མཐའོ། །དེ་ནས་བདག་ཤི་འཕོས་ནས་ཆེ་


DTG089_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གེ་མོར་སྐྱེས་སོ་ཞེས་བྱ་བ་ནས་དེ་ནས་འདིར་སྐྱེས་སོ་ཞེས་བྱ་བའི་བར་དང༌། རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། དན་རྟགས་དང་བཅས་པ་རྣམ་པ་དུ་མ་ཤེས་པའི་བར་དུ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའོ། །དེ་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་རྣམས་ཀྱི་འཆི་བ་དང༌། སྐྱེ་བ་དང༌། སྐྱེས་པ་དང༌། ཁ་དོག་བཟང་པོ་དང༌། ཁ་དོག་ངན་པ་དང༌། དམན་པ་དང༌། གྱ་ནོམ་པ་དང༌། བདེ་འགྲོ་དང༌། ངན་འགྲོ་དང༌། སེམས་ཅན་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་མཐོང་ཞིང་རབ་ཏུ་ཤེས་པ་ཡིན་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང༌། ངག་གིས་ལེགས་པར་སྤྱོད་པ་དང༌། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་འཕགས་པ་རྣམས་ལ་སྐུར་བ་མི་འདེབས་པ་དང༌། ཡང་དག་པའི་ལྟ་བ་དང་ལྡན་པ་དག་སྟེ། ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཡང་སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང༌། ངག་གིས་ཉེས་པར་སྤྱོད་པ་དང༌། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་བ་འདེབས་པ་ལོག་པར་ལྟ་བ་དག་སྟེ། དེ་དག་ལ་ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་པའི་འོག་ཏུ་ཤི་ནས་ཀྱང་གང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ལྟར་ལྷའི་མིག་མི་ལས་འདས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་སྐྱེ་བ་དང། འཆི་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན་ཏེ། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་སོ་སོ་དང༌། ཐ་དད་པ་འདི་དག་ལ་རབ་ཏུ་བཀོད་པ་ཞེས་བྱ་བར་སྦྱར་རོ། །ལྷག་མ་ནི་རྟོགས་པར་སླ་སྟེ་འདི་ནི་བཀུར་བ་དང་པོའོ། །དེའི་འོག་ཏུ་ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རྣམ་གྲངས་འདི་ལྟ་བུར་བཀོད་པ་ལྟ་ཞོག་ཅེས་བྱ་བ་ནས་བསམ་གཏན་བཞི་བ་ལ་བཀོད་ན་ཞེས་བྱ་བའི་བར་དང༌། སོ་སོའི་མཐར་ཡང་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་ནས་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་


DTG089_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བར་འགྱུར་རོ་ཞེས་བྱ་བའི་བར་དང་བཅས་པའི་གོ་རིམས་བཞིན་དུ་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། ལྔ་བ་དང༌། དྲུག་པའི་བཀུར་བའོ། །དེ་ནི་ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོའི་བཀུར་བའོ། །གཞན་ཡང་ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་ནས། གཞན་ཡང་ཞེས་བྱ་བའི་བར་གྱིས་ནི་བདུན་པ་བསྟན་ཏོ། །བཅོམ་ལྡན་འདས་མ་གཞན་དག་ལ་བྱིན་པ་ནི་སྔ་མ་དག་ལ་ཡང་ཡོད་དེ་འདིར་ནི་རང་ཉིད་ཀློག་པ་དང༌། གཞན་དག་ལ་བྱིན་ནས་ཀྱང་ལྷག་པ་ཡིན་ཏེ། དེ་ནི་ཆེན་པོའི་ཆུང་ངུའི་བཀུར་བའོ། །གཞན་ཡང་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དོན་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་ནས་གཞན་ཡང་ཀཽ་ཤི་ཀ་ཞེས་བྱ་བའི་བར་གྱིས་ནི་བརྒྱད་པ་བསྟན་ཏོ། །འདིའི་དོན་རྣམ་པར་འགྲེལ་པ་དང་ཞེས་གང་སྔར་གསུངས་པ་དང༌། དོན་ལ་མཁས་པ་ཞེས་བྱ་བ་དེ་གཉིས་ལས་སྔ་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་སེམས་ཉམས་པ་རགས་པའི་ངོ་བོར་འཛིན་པ་དག་ལ་དང་བ་བསྐྱེད་པར་བསམས་པ་ཡིན་ལ། འདིར་ནི་མཐའ་གསུམ་དུ་མི་དམིགས་པ་ལ་སོགས་པ་དོན་དམ་པར་བསམས་པ་ཡིན་ཏེ། དེ་ལ་དོན་ལ་མཁས་པའི་ཚིག་ནི་དོན་ཡིད་ལ་བྱེད་པའི་ཚིག་གིས་སོ། །དོན་དང་བཅས་པ་པ་ནི་དེ་ཉིད་ཀྱི་དོན་དང་ལྡན་པའོ། །ཚིག་འབྲུ་དང་བཅས་པ་ནི་དེ་ཉིད་ཀྱི་དོན་གྱི་ཚིག་འབྲུ་དང་ལྡན་པའོ། །བསྟན་པ་ནི་དེའི་དོན་མདོར་ཡང་དག་པར་སྟོན་པས་སོ། །ཡོངས་སུ་གསལ་བར་བྱེད་པ་ནི་རིགས་པ་དག་གིས་སོ། །འདི་ཞེས་བྱ་བ་ནི་བརྒྱད་པའི་སྤྱོད་པ་ལྷག་པ་སྟེ། འདི་ནི་བརྒྱད་པའི་སྐབས་ཡིན་པས་སོ། །དེ་བས་ཞེས་བྱ་བ་ནི་བདུན་པའི་སྤྱོད་པ་ལས་སོ། །འདི་ཡང་བསྟན་པར་བགྱི་བ་ལགས་སོ་ཞེས་བྱ་བ་ནི་ཟུར་གྱེས་སམ། ལུས་ཀྱི་བརྡས་དྲིས་པ་སྟེ། བསྟན་པར་བྱ་བ་ནི་མ་ཡིན་ཏེ་གསལ་བའི་ཕྱིར་རོ་ཞེས་བསམས་སོ། །ཁོང་དུ་མ་ཆུད་པ་དག་ལ་ཞེས་བྱ་བ་ནི་ཤེས་པ་བླུན་པ་སྟེ། དེ་ནི་རིགས་པ་དང་ལུང་དག་གིས་ཡང་དག་པར་མ་ཟིན་པ་གཞན་གྱི་ཚིག་གི་གཡོ་བར་བྱེད་པའི་ཕྱིར་རོ། །འདི་གང་གིས་གཡོ་བར་བྱེད་ཅེ་ན། དེ་ཉིད་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྨྲས་སོ། །འདིར་ལན་ནི་ཀཽ་ཤི་ཀ་མ་འོངས་པའི་དུས་ན་ཞེས་བྱ་བ་གསུངས་སོ། །བཅོམ་ལྡན་འདས་མ་ཉིད་ཕྱིན་ཅི་


DTG089_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་དོན་སྟོན་པ་གང་ཡིན་པ་དེ་ནི་དེའི་གཟུགས་བརྙན་ཡིན་ཏེ། དེ་ཉིད་ཀྱིས་ན་བླུན་པའི་དད་པ་དང་ལྡན་པའི་ཚིག་གིས་སོ། །དེ་ལ་ཞེས་བྱ་བ་ནི་དེ་ལྟར་ཐོས་ནས་ཆུད་ཟོས་པར་གྱུར་ན་མི་རུང་ངོ་ཞེས་སྨོས་པ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལས་རབ་ཏུ་ཉམས་པ་དང༌། ཞིག་པར་མི་འགྱུར་བའི་དོན་དུའོ། །ཇི་ལྟར་ཡང་འདི་ལས་གཟུགས་བརྙན་དུ་འགྱུར་བ་དང༌། ཇི་ལྟར་ཡང་མི་འགྱུར་བ་དེ་གཉིས་ཀ་བཅོམ་ལྡན་འདས་མ་ཆེན་པོ་དག་ལས་རྒྱ་ཆེར་གསུངས་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་གཙང་བ་ནི་རྣམ་པ་དང༌། མཚན་མ་དང༌། དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་དེ། དེས་ན་བྱང་ཆུབ་སེམས་དཔའི་ས་དང་པོ་ནས་ས་བཅུ་པའི་བར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ་ཞེས་གང་དེ་ལྟར་སྟོན་པ་དེ་ནི་གཟུགས་བརྙན་དུ་སྟོན་པ་ཡིན་ནོ། །ཇི་ལྟར་མི་རྟོག་པ་ཡིན་ཞེ་ན། གཟུགས་ནི་རང་བཞིན་གྱིས་སྟོང་པ་ཉིད་དེ། གང་ཡང་གཟུགས་ཀྱི་རང་བཞིན་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ན་དེ་ལ་གཟུགས་ཉིད་མེད་ན་དེ་ལ་རྟག་པ་འམ་མི་རྟག་པ་ག་ལ་ཡོད་དེ་ཞེས་བྱ་བ་ལ་སོགས་པའོ། །གང་ལ་དེ་ལྟར་སྟོན་པ་དེ་ནི་གཟུགས་བརྙན་སྟོན་པ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་བརྙན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྒྱ་བྱིན་གྱིས་ཞུས་པའོ། །ཀཽ་ཤི་ཀ་མ་འོངས་པའི་དུས་ན་ཞེས་བྱ་བ་ལ་སོགས་པས་ནི་ལན་བཀའ་སྩལ་ཏོ། །གཟུགས་ཅན་གྱི་དབང་པོ་ལྔ་ནི་ལུས་ཀྱིས་ཡང་དག་པར་བསྡུས་པའི་ཕྱིར་རོ། །ཡང་ན་རྡུལ་ཕྲ་རབ་བསགས་པའི་ལུས་སོ། །དེ་དག་མ་བསྒོམས་པ་ནི་གང་དག་ལ་མ་གོམས་པ་དང༌། མ་བསྡམས་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བརྗོད་དོ། །དབང་པོ་མ་བསྡམས་པའི་ཕྱིར་ཚུལ་ཁྲིམས་མ་བསྒོམས་པའོ། །དེས་ན་སེམས་མ་བསྒོམས་པ་ནི་ཏིང་ངེ་འཛིན་མ་གོམས་པའོ། །དེས་ན་ཤེས་རབ་མ་བསྒོམས་པ་ནི་མཉམ་པར་གཞག་པའི་སེམས་ཁོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པའོ། །


DTG089_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཤེས་རབ་འཆལ་པ་ནི་ཕྱིན་ཅི་ལོག་ཏུ་མཐོང་བའོ། །དེས་ན་ལུག་ལྟར་ལྐུགས་པ་ནི་གཞན་ལས་ལེགས་པར་གསུངས་པ་མི་ཉན་པའི་ཕྱིར་དང༌། རང་ཉིད་ལེགས་པར་གསུངས་པ་མི་འཆད་པའི་ཕྱིར་རོ། །དེས་ན་ཤེས་རབ་ཉམས་པ་ནི་ཡང་དག་པའི་ལྟ་བ་ཉམས་པའི་ཕྱིར་རོ། །གཟུགས་མི་རྟག་པ་ནི་མཚོན་པ་ཙམ་ཡིན་ཏེ། སྡུག་བསྔལ་ལ་སོགས་པ་ལ་ཡང་བལྟ་བར་བྱའོ། །ཐེག་པ་ཆེན་པོའི་རྟག་པ་མེད་པ་ནི་མི་རྟག་པའོ་ཞེས་གསུངས་སོ། །དེ་རྣམ་པར་བཅད་པའི་དོན་དུ་འཇིག་པ་ཞེས་སྨོས་ལ། འཇིག་པའི་མཚན་ཉིད་ནི་མི་རྟག་པའི་དོན་དེ་གང་གི་ཕྱིར་མེད་པ་འམ་མ་སྐྱེས་པ་ལ་ནི་འཇིག་པ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་འཇིག་པ་སྟོན་པར་བྱེད་པ་ནི་དངོས་པོ་གསུམ་མི་དམིགས་པ་ཡིན་ཏེ། ཡོད་པ་དང༌། སྐྱེ་བ་དང༌། འགག་པའོ། །དེ་བས་ན་དེ་ལྟར་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་བཞིའི་གཉེན་པོར་ཐེག་པ་དམན་པར་བསྡུས་པའི་ཡང་དག་པའི་ལྟ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་གང་སྟོང་པ་དེ་ལ་གཟུགས་བརྙན་དུ་སྟོན་པ་མ་ཡིན་ནོ། །ཅི་སྟེ་གཟུགས་ལ་སོགས་པ་འདི་མི་རྟག་པ་དང༌། སྡུག་བསྔལ་ལ་སོགས་པར་བྱང་ཆུབ་སེམས་དཔས་བསྒོམས་པ་མ་ཡིན་ནམ་ཞེ་ན་བསྒོམས་པ་མ་ཡིན་ཏེ། ཡང་ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བལྟའོ་ཞེས་བྱ་བ་ནི་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བསྒོམས་པས་སྐྱོན་ཅིར་འགྱུར་ཞེ་ན། དེའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་བརྙན་ལ་ཞེས་བྱ་བ་ནི་ཐེག་པ་དམན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་མའི་གཟུགས་བརྙན་མདོར་བསྡུས་པ་བསྟན་ནས། དེའི་སྤྱོད་པ་ནི་རབ་ཏུ་གྲགས་པ་ཡིན་ནོ། །ཇི་ལྟར་གཟུགས་བརྙན་མ་ཡིན་པ་དེ་ནི་གོང་ཉིད་དུ་དོན་ལ་མཁས་པས་བཀླག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །གང་ཡང་རང་གི་ངོ་བོ་ཉིད་མེད་པ་ལ་སོགས་པ་སྟོང་པ་ཉིད་ཀྱི་ཚིག་རྣམས་ལ་གནས་པ་མེད་པ་དེ་ནི་ཐེག་པ་ཆེན་པོ་ལ་གོམས་པ་དག་གི་གཉེན་པོ་སྟེ། ཆོས་ཀྱི་སྐུའི་མཛད་པའི་རབ་ཏུ་བྱེད་པ་ལ་ཕྱིན་ཅི་མ་ལོག་པའི་མཛད་པར་བཅོམ་ལྡན་འདས་མ་ཆེན་མོ་དག་ལས་གསུངས་སོ། །བཅོམ་ལྡན་འདས་མ་འདི་ལས་ནི་ཕྱིན་ཅི་མ་ལོག་པའི་མཐའ་དག་ངེས་པར་འབྱུང་བ་བརྒྱད་ལས་ཐོབ་པའི་ངེས་པར་འབྱུང་བ་དང༌། ཐམས་ཅད་མཁྱེན་པ་ཉིད་དུ་


DTG089_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བ་ཉིད་དུ་ཟབ་པ་དང༌། ཡོངས་སུ་གསལ་བར་བསྟན་ཏེ་དེ་བས་ན་དེ་ལ་ངེས་པར་གཟུང་བར་བྱའོ། །དེ་ནི་བཀུར་བ་ཆེན་པོའི་འབྲིང་ངོ༌། གཞན་ཡང་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཞེས་བྱ་བ་ལ་སོགས་པ་ནས་ལྟ་ཞོག་ཅེས་བྱ་བ་ལྔ་པོའི་འོག་གི་གཞན་ཡང་ཞེས་བྱ་བའི་བར་གྱིས་ནི་བཀུར་བ་དགུ་པ་བསྟན་ཏོ། །རྒྱུན་དུ་ཞུགས་པ་ཉིད་ནི་འབྲས་བུ་ཡིན་ནོ། །རབ་ཏུ་འབྱེད་དོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་གྲུབ་པ་དེའི་བར་དུ་ཞེས་བྱ་བ་ནི་བཀུར་བ་ཆེན་པོའི་ཆེན་པོའོ། །གཞན་ཡང་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཞེས་བྱ་བ་ནས། གཞན་ཡང་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞེས་བྱ་བའི་བར་གྱིས་ནི་བསྔགས་པ་དང་པོ་བསྟན་ཏོ། །ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བས་ནི་བསྔགས་པ་ཆུང་ངུའི་ཆུང་ངུ་འབྲིང་བསྟན་ཏོ། །གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་ན་ཞེས་བྱ་བ་ལ་སོགས་པ་ནས། གཞན་ནས། གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་ན་ཞེས་བྱ་བའི་བར་གྱིས་ལྟ་ཞོག་ཅེས་བྱ་བ་ལྔ་བ་ནི་བསྔགས་པ་གཉིས་པ་བསྟན་ཏོ། །ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བས་ནི་བསྔགས་པ་ཆུང་ངུའི་འབྲིང་བསྟན་ཏོ། །གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་ན་ཞེས་བྱ་བ་ལ་སོགས་པ་ནས། གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་གི་ཞེས་བྱ་བའི་བར་གྱིས་ལྟ་ཞོག་ཅེས་བྱ་བ་ལྔས་ནི་བསྔགས་པ་གསུམ་པ་བསྟན་ཏོ། །དགྲ་བཅོམ་པ་ཉིད་ནི་དགྲ་བཅོམ་པ་ཉིད་ཀྱི་དངོས་པོའོ། །དེ་ནི་བསྔགས་པ་ཆུང་ངུའི་ཆེན་པོའོ། །གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་གི་ཞེས་བྱ་བ་ལ་སོགས་པ་ནས་འདུ་བྱེད་པ་ལྟ་ཞོག ། ཅེས་བྱ་བའི་བར་གྱིས་ནི་བསྔགས་པ་བཞི་བ་བསྟན་ཏོ། །རང་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་སངས་རྒྱས་སོ། །བདག་ཉིད་གཅིག་པུ་སངས་རྒྱས་པས་ན་རང་སངས་རྒྱས་སོ། །དེ་ནི་བསྔགས་པ་འབྲིང་གི་ཆུང་ངུའོ། །གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནས་ལྟ་ཞོག་ཅེས་བྱ་བ་ལྔས་ནི་བསྔགས་པ་ལྔ་པ་བསྟན་ཏེ། དེ་ནི་བསྔགས་པ་འབྲིང་གི་འབྲིང་ངོ༌། །གཞན་ཡང་ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ཞེས་བྱ་བ་ནས་འདུ་བྱེད་པ་ལྟ་ཞོག་ཅེས་བྱ་བའི་བར་གྱིས་ནི་བསྔགས་པ་དྲུག་པ་བསྟན་ཏེ། གང་ལ་ལ་ཞིག་ཅེས་བྱ་བས་


DTG089_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དང་པོ་བསྟན་ཏོ། །གཞན་གང་ཞིག་ཅེས་བྱ་བས་ནི་གཉིས་པ་བསྟན་ཏོ། །གང་གི་ཞེས་བྱ་བས་ནི་གསུམ་པ་བསྟན་ཏོ། །ཉེ་བར་གཏད་དེ་ཞེས་བྱ་བས་ནི་བྱིན་པའོ། །བསམ་པ་གང་གིས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕེལ་བ་ལ་སོགས་པར་གྱུར་པ་ནི་ཐོབ་པའོ། །འདི་ཞེས་བྱ་བ་ནི་གསུམ་པའོ་།དེ་བས་ནི་ཞེས་བྱ་བ་ནི་དང་པོ་དང་གཉིས་པ་སྟེ་དེ་ནི་བསྔགས་པ་འབྲིང་གི་ཆེན་པོའོ་ཞེས་བྱ་བ་ལ་སོགས་པ་ལྔས་ནི་བསྔགས་པ་བདུན་པ་བསྟན་ཏེ། དེ་ནི་བསྔགས་པ་ཆེན་པོའི་ཆུང་ངུའོ། །གཞན་ཡང་ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་ནས་བསོད་ནམས་མང་དུ་བསྐྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བསྔགས་པ། བརྒྱད་པ་བསྟན་ཏེ། བཅོམ་ལྡན་འདས་གྲངས་བཟུང་བར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་གྲངས་ནི་སྔ་མ་ལས་ཕྱི་མའི་བསོད་ནམས་ལྔ་དང༌། བཅུ་དང༌། བརྒྱད་དང༌། སྟོང་ལྔ་བ་ལ་སོགས་པའོ། །བགྲང་བར་མང་ཞེས་བྱ་བ་ནི། བཅུ་དང་བརྒྱ་ལྔ་བ་ལ་སོགས་པའོ། །དཔེ་ནི་གང་གཱའི་བྱེ་མ་ལྔ་བ་ལ་སོགས་པའོ། །ཟླ་ནི་གང་གཱའི་ཀླུང་བཅུའི་བྱེ་མ་ལྔ་བ་ལ་སོགས་པའོ། །རྒྱུ་ནི་བཅུ་ལྡབ་བརྒྱའི་གང་གཱའི་ཀླུང་གི་བྱ་མ་ལྔ་བ་ལ་སོགས་པའོ། །ཤིན་ཏུ་ཚད་མེད་པ་མ་ཡིན་པའི་ཕྱིར་ཉེ་བར་མི་འགྲོ་བ་སྟེ། ཉེ་བ་ན་ཡོད་པ་ཉེ་བའི་རྒྱུའོ། །དེ་ཡང་གཟུང་སླ་བར་མ་ཡིན་ནོ། །འདི་ནི་བསྔགས་པ་ཆེན་པོའི་འབྲིང་ངོ༌། །ལྟ་ཞོག་ཅེས་བྱ་བ་ལ་སོགས་པ་ལྔས་ནི་བསྔགས་པ་དགུ་བ་བསྟན་ཏོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཀཽ་ཤི་ཀས་བསོད་ནམས་ལྷག་པའི་རིགས་པ་སྨྲས་པ་ཡིན་ནོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་རིགས་པ་དང་བཅས་པ་སྤྲོ་བ་སྐྱེད་པ་ཡིན་ཏེ། དེ་ནི་བསྔགས་པ་ཆེན་པོའི་ཆེན་པོའོ། །བསོད་ནམས་ཀྱི་རྣམ་གྲངས་ནི་འདི་རབ་ཏུ་དབྱེ་བ་སྟེ། །དེ་གསལ་བར་བྱེད་པའི་ལེའུ་ནི་དེའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས་ལེའུ་ལྔ་པའོ།། །།བསྟོད་པ་དང་བཀུར་བ་དང་བསྔགས་པ་བསྟན་པ། ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་


DTG089_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དེ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་མཁས་མཚན་མ་མེད་པ་དང༌། །སངས་རྒྱས་རྗེས་སུ་ཡི་རང་དང༌། །ཁམས་གསུམ་གཏོགས་པ་མ་ཡིན་དང༌། །ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་དང༌། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་དེ་ལས་འདི་མཆོག་ཏུ་བྱེད་པས་ན་ཁྱད་པར་ཅན་ནོ། །དེ་ཡང་འདི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དབང་དུ་བྱས་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་དོན་ཡིན་ཏེ་ཡུམ་ཆེན་མོ་དག་ལས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ཅིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ་ཞེས་གསུངས་པའི་ཕྱིར་རོ། །ཁྱད་པར་དེས་ཡོངས་སུ་བསྔོ་བ་ནི་ཡོངས་སུ་བསྔོ་བ་ཁྱད་པར་ཅན་ནོ། །དེ་ཡང་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལྡན་པ་སྟེ། ཇི་སྐད་དུ་བཤད་པས་སོ། །ཁྱད་པར་གྱིས་ཁྱད་པར་ཅན་དུ་གྱུར་པ་ནི་སེམས་དཔའ་ཆེན་པོ་སྟེ། འདི་ལ་ཡོངས་སུ་བསྔོ་བའི་འབད་པ་ལྷག་པ་ཡོད་པ་ནི་སེམས་དཔའ་ཆེན་པོའོ། །རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་ནི་རྗེས་སུ་ཡི་རང་བ་ཡིན་ནོ། །དེ་ཡང་དང་པོར་འདི་ལ་མི་དམིགས་པའི་ཡོངས་སུ་བསྔོ་བ་བསྟན་ཏེ། རྒྱ་ཆེར་འོག་ནས་འཆད་དེ་དེ་དང་ལྡན་པ་ནི་དེའི་ཡོངས་སུ་བསྔོ་བའོ། །འདི་ཉིད་ཅེས་བྱ་བ་ནི་བསོད་ནམས་བྱ་བའི་དངོས་པོའི་སྒྲ་དང་སྦྱར་རོ། །དེ་དག་ལས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ལས་བྱུང་བའི་བསོད་ནམས་ཀྱི་བདག་ཉིད་ལས་སོ། །དམ་པ་ཞེས་བྱའོ་ཞེས་བྱ་བ་ནས་མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ལ་ཅིའི་ཕྱིར་དམ་པ་ཞེས་བྱ་ཞེ་ན་འབྲས་བུ་མཆོག་ལ་སོགས་པའི་རྒྱུའི་ཕྱིར་རོ། །དེ་ཡང་གང་ལས་ཤེས་ཤེ་ན། དེ་ཡང་རིམ་པ་བཞིན་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་


DTG089_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་ཉིད་ཡིན་པའི་ཕྱིར། རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཅིག་པ་ཡང་དག་པར་བསྡུས་པ་ཡིན་ནོ། །རྣམ་གྲངས་ཡིན་ཡང་ཐམས་ཅད་གཟུང་བའི་ཤུགས་ཀྱིས་མི་མཉམ་པའི་སངས་རྒྱས་དེ་དག་དང་ཐུན་མོང་དུ་གྱུར་པའི་ཁྱད་པར་གྱིས་མི་མཉམ་པ་དང་མཉམ་པ་སྟེ། འདི་ནི་ཀུན་ཏུ་འོད་ཀྱི་སའོ། །ཇི་ལྟར་ཆོས་ཀྱི་སྤྲིན་མི་མཉམ་པ་ཞེས་བྱ་ཞེ་ན། མི་མཉམ་པ་དང་མཉམ་པ་དང་ཆོས་མཐུན་པ་སྟེ། ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་སུ་བལྟ་བར་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ཉིད་དམ་པ་ལ་སོགས་པའི་ཚིག་སྔ་མའི་གཞུང་གིས་ཡོངས་སུ་བསྔོ་བའི་ཁྱད་པར་བསྟན་ནས། དམ་པ་ལ་སོགས་པའི་ཚིག་དེ་ཉིད་ནི་བྱེད་པ་མཆོག་ཡིན་ཏེ་དེ་ནི་ཡོངས་སུ་བསྔོ་བའི་ཁྱད་པར་ཅན་བྱེད་པ་དང་བཅས་པའོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པས་ནི་མི་དམིགས་པའི་ཡོངས་སུ་བསྔོ་བ་གསུངས་ཏེ། འདི་ལ་ཕྱོགས་བཅུ་ཡོད་པས་དེ་ནི་ཕྱོགས་བཅུའི་འཇིག་རྟེན་ཏེ། ནམ་མཁའི་ཚད་ཀྱི་སྣོད་ཀྱི་འཇིག་རྟེན་ནོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དུའོ། །ཐམས་ཅད་གཏོགས་པ་ཞེས་བྱ་བ་ནི་ཁྱབ་པ་སྟེ། བར་མེད་པ་ཞེས་བྱ་བའི་དོན་ཏོ། །དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པ་ཟློས་པ་ནི་ཕྱོགས་རེ་རེ་དང་འབྲེལ་པའི་དོན་ཏོ། །མཐའ་ཡས་མུ་མེད་པ་དག་ཏུ་ཞེས་བྱ་བ་ནི་མཐའ་ཡས་མུ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་འདིར་དོན་ལྷག་པ་ལས་བཟླས་པ་ཡིན་ཏེ་སྒྲ་ལས་ནི་མ་ཡིན་ནོ། །དེ་དག་ནི་འདིར་ཕྱོགས་རིང་པས་མ་ཆགས་པའི་ཕྱིར་ཚད་མེད་ཅིང་གྲངས་མེད་པས་གྲངས་མེད་པའོ། །ཕྱོགས་ཡངས་པས་ཡོངས་སུ་མ་ཆད་པའི་ཕྱིར་གཞལ་དུ་མེད་པའོ། །སོ་སོར་བསམ་པར་མི་ནུས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །བསམ་པར་བྱ་བ་དེ་དག་ལ་བསམ་པར་མི་ནུས་པས་ན་མཐའ་ཡས་པའོ། །དེ་ལྟར་ཕྱོགས་མ་ལུས་པར་སོ་སོར་སྟོང་གསུམ་གྱི་མཐའ་ཡས་པ་དག་ལ་ཕྱོགས་རེ་རེར་ཡང་སྟོང་གསུམ་གང་ཡིན་པ་སྟེ། དེ་ལ་དཔག་ཏུ་མེད་པའི་ཡང་དཔག་ཏུ་མེད་པ་ནས་མཐའ་ཡས་མུ་མེད་པའི་བར་གྱིས་དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བར་སྦྱར་རོ། །འདིར་ཡང་བཟླས་པ་སོ་སོར་སྟོང་གསུམ་


DTG089_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བར་བྱ་བ་ཡིན་ནོ། །སྟོང་གསུམ་གཅིག་ཉིད་ལ་ནི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མ་ཡིན་ནོ་ཞེ་ན། འདས་པའི་དུས་ན་ཞེས་བྱ་བ་གསུངས་ཏེ། དེང་དེ་བཞིན་གཤེགས་པ་གཅིག་ཏུ་ཐམས་ཅད་མ་ཡིན་ཡང་འདས་པའི་དུས་ལ་ཐོག་མ་མེད་པའི་ཕྱིར་དཔག་ཏུ་མེད་པའོ། །དེས་ན་འཇིག་རྟེན་གྱི་ཁམས་གཅིག་ཡིན་ཡང་འདས་པའི་དུས་སུ་དེ་བཞིན་གཤེགས་པ་ཚད་མེད་པ་སྟེ། དུས་རིང་བས་ཡོངས་སུ་མ་ཆད་པའི་ཕྱིར་རོ། །གྲངས་ཀྱང་དེ་ཙམ་དུ་ཡོངས་སུ་མ་ཆད་པས་གྲངས་མེད་པའོ། །ཡིད་ཀྱིས་ཐད་ཀ་དང༌། དབྱིབས་ཡངས་པ་ཡོངས་སུ་མ་ཆད་པས་ན་གཞལ་དུ་མེད་པའོ། །རེ་རེ་ནས་བསམ་དུ་མེད་པས་བསམ་གྱིས་མི་ཁྱབ་པའོ། རེ་རེ་ནས་བསམ་པ་མཐའ་ཡས་ཤིང་རྟོགས་པ་མེད་པས་ན་མཐའ་ཡས་པའོ། །འདི་ལྟ་བུའི་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་བཞུགས་པ་མ་ཡིན་པའོ། །ཉོན་མོངས་པའི་དགྲ་རྣམས་དེས་བཅོམ་པ་དང་ལྡན་པས་དགྲ་བཅོམ་པའོ། །ཕྱིན་ཅི་མ་ལོག་པར་ཐམས་ཅད་མཁྱེན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཚིག་གཉིས་པོ་འདིས་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །འཁོར་བའི་ལམ་ཡིན་པའི་ཕྱིར་ལམ་སྟེ་ངའོ་སྙམ་པའི་ང་རྒྱལ་ལོ། །འཁོར་བའི་ལམ་ཡིན་པའི་ཕྱིར་འཇུག་པ་ནི་སྲིད་པ་སྟེ། ཇི་སྐད་དུ། ཕ་ནི་ང་སྙམ་ང་རྒྱལ་ཏེ། །མ་ནི་སྲིད་པར་ཡིན་པར་བརྗོད། །ཅེས་བསྟན་ཏོ། །དེ་དག་རྩད་ནས་བཅད་པའི་ཕྱིར་ལམ་ཆད་པ་དང་འཇུག་པ་ཆད་པའོ། །སྤྲོས་པ་ནི་གཉིས་སུ་རྣམ་པར་རྟོག་པའོ། །སྲིད་པ་ནི་འཁོར་བའོ། །དེ་དག་ལྷག་པར་འདྲེན་པ་ནི་ཆོས་ལ་ལྟ་བ་དང་གང་ཟག་ཏུ་ལྟ་བའོ། །དེ་དག་ཡོངས་སུ་ཟད་པའི་ཕྱིར་སྤྲོས་པ་དང་སྲིད་པར་འདྲེན་པ་ཆད་པའོ། །མཆི་མ་ཟད་པ་ཞེས་བྱ་བ་ནི་སྲིད་པ་མེད་པས་ཡང་གཉེན་ནི་མེད་ཅིང་མྱ་ངན་མེད་དེ། དེས་ན་མཆི་མ་ཡོངས་སུ་ཟད་པའོ། །ཚེར་མ་དང་ཆོས་མཐུན་པའི་ཕྱིར་ཚེར་མ་སྟེ་ལྟ་བ་ངན་པའོ། །དེ་དག་སྤངས་པ་ནི་ཚེར་མ་བཅོམ་པའོ། །ལྷག་མ་ནི་གླིང་གཞི་ཉིད་དུ་བསྟན་ཏོ། དང་པོ་སེམས་བསྐྱེད་པ་ནི་གངས་དང་འདྲ་བའོ། །དེ་གཟུང་བ་ནི་དེ་ནས་བརྩམས་པའོ། །དེའི་བར་ཞེས་བྱ་བ་ནི་ཙམ་གྱི་སྐབས་སུའོ། །ཚུལ་ཁྲིམས་ལ་སོགས་པའི་


DTG089_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ནི་ཚུལ་ཁྲིམས་ལ་སོགས་པའི་ཚོགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་སྟོབས་ལ་སོགས་པ་ཡོད་མོད་ཀྱི་དེ་དག་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ཏེ། དེས་ན་དེ་རྣམ་པར་བཅད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྨོས་སོ། །ཟག་པ་མེད་པའི་ལམ་ཡོངས་སུ་ཤེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་དང་ཡང་དག་པར་ལྡན་པས་ན་ལྡན་པའོ། །གང་ཡིན་ཞེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་ཡང་གསུངས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་བདེ་བ་སྟེ་ཉེ་བར་ཞི་བའི་བདེ་བ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་དབང་ཕྱུག་ནི་དབང་བས་སོ། །རྫུ་འཕྲུལ་མངོན་པར་འདུ་བྱེད་པ་ཡང་ངོ༌། །དག་པ་ཉིད་ཀྱི་ཕྱིར་སྒྲིབ་པ་མེད་པའོ། །ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་མ་ཆགས་པའོ། །ཐམས་ཅད་དུ་ཤེས་པའི་རྣམ་པ་ཐམས་ཅད་ལ་འཇུག་པས་ཐོགས་པ་མེད་པའོ། །རྗེས་སུ་དཔག་པའི་དོན་དུ་དཔེའི་ཁྱད་པར་མེད་པའི་ཕྱིར་དཔེ་མེད་པའོ། །ཡོངས་སུ་རྣམ་པར་བཅད་པ་ནི་དཔག་པའོ། །ཁྱད་པར་གྱི་བྱེ་བྲག་མ་ལུས་པའི་ངོ་བོ་གསལ་བར་འཛིན་པ་ནི་མངོན་སུམ་མོ། །གཞན་དག་ནི་དེས་དེ་ལ་དཔག་པར་བྱ་བ་མ་ཡིན་ཏེ་ཤི་བ་བཞིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་དག་པའི་ལྟ་བའི་ཡེ་ཤེས་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་ཉིད་སྟོབས་ཡིན་ཏེ་ཐམས་ཅད་ཟིལ་གྱིས་གནོན་པ་ཉིད་ཀྱི་ཕྱིར་རོ། །གང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྟོབས་ཞེས་བྱ་བ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྟོབས་ནི་ནུས་པ་སྟེ། དུས་ཆད་པ་མེད་པར་དོན་སྣ་ཚོགས་རྣམ་པ་ཐམས་ཅད་བྱེད་པའི་ཕྱིར་རོ། །སྟོབས་ནི་གང་སངས་རྒྱས་ཀྱི་ཡེ་ཤེས་མཐོང་ཞིང་ཐོབ་པ་མངོན་སུམ་དུ་བྱེད་པའོ། །མི་འཇིགས་པ་བཞིས་ལེགས་པར་ཁོང་དུ་ཆུད་པ་ནི་རང་གི་ཆོས་དང༌། གང་ཡང་ཆོས་རྣམས་ཁོང་དུ་ཆུད་པར་ཞེས་བྱ་བར་སྦྱར་རོ། །དེ་ཇི་ལྟར་ཞེ་ན་ཆོས་ཐམས་ཅད་དོན་དམ་པར་ཡང་དག་པའི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབ་ཅིང་བསྒྲུབས་པའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཆོས་ལན་གསུམ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དེ་ཉིད་འཁོར་ལོ་སྟེ། ལྷ་དང་མི་རྣམས་ལ་འཕོ་བའི་ཕྱིར་རོ། །དེ་བསྐོར་བ་ནི་ཕྱོགས་བཅུ་དག་ཏུའོ། །དེ་ནི་བསྟན་པའོ། །འདིའི་བཤད་


DTG089_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ལན་དགུ་སྟེ། ཆོས་དེ་ཉིད་གསལ་པོར་བྱེད་པའི་ཚིག་ནི་ཆོས་ཀྱི་སྒྲོན་མའོ། །དེ་ཐོགས་པ་ནི་ཡིད་ལ་རྣམ་པར་གཞག་པའོ། །ཚིག་དེ་ཉིད་ནི་ཆོས་ཀྱི་རྔ་བོ་ཆེ་སྟེ། དེ་ཡང་དག་པར་བརྡུང་བ་ནི་གདུལ་བྱའི་སྐྱེ་བོས་ཉན་པའོ། །ཚིག་དེ་ཉིད་ནི་ཆོས་ཀྱི་དུང་སྟེ་ཡིད་འགེངས་པའོ། །དེ་འབུད་པ་ནི་གདུལ་བྱ་ཉིད་ཀྱིས་ཤེས་པའོ། །དེའི་དུང་སྒྲོགས་པ་ནི་དེ་ཉིད་ལ་དམིགས་ནས་དེའི་དོན་ཡིད་ལ་བྱེད་ཅིང་ཡིད་ལ་བྱེད་པ་ན་བསམས་པ་དང༌། བསྒོམས་པའི་དོན་ཡོངས་སུ་རྫོགས་པར་འགྱུར་རོ། །བསྒོམས་པའི་སྟོབས་ལས་བྱུང་བའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེ་ཉིད་ཆོས་ཀྱི་རལ་གྲི་སྟེ་དེ་འདེབས་པ་ནི་ཉོན་མོངས་པ་རྣམས་རྣམ་པར་འཇོམས་པའོ། །དེ་ཉིད་སེམས་ཅན་མང་པོ་ལ་འབེབས་པས་ན་ཆོས་ཀྱི་ཆར་ཏེ་དེ་རབ་ཏུ་འབེབས་པའོ། །དེ་ཉིད་གཏན་པ་མེད་པའི་ཕྱིར་མཆོད་སྦྱིན་ཏེ་དེ་ལ་མཆོད་པའོ། །དེ་ལ་ཆོས་ཀྱི་སྦྱིན་པས་ནི་སེམས་ཅན་ཐམས་ཅད་ཚིམ་པའོ། །ཡང་དག་པར་རྟོགས་པ་ནི་ཡོངས་སུ་སྟོབས་པའོ། །བཏུལ་བ་ནི་བདེན་པ་དག་ལ་བཀོད་པས་དྲན་པ་ཉེ་བར་གཞག་པའོ། །བསླབ་པ་ནི་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དག་ལའོ། །མོས་པ་ནི་དབང་པོ་དང་སྟོབས་དག་ལའོ། །གཅིག་ཏུ་ངེས་པ་ནི་ངེས་པར་གྱུར་པའོ། །སངས་རྒྱས་རྣམས་ཀྱི་འཁོར་ཞེས་བྱ་བ་ནི་ཐ་དད་པའི་དབང་དུ་བྱས་པའི་དྲུག་པའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སྐབས་པར་བྱེད་པའོ། །སངས་རྒྱས་ལ་སོགས་པ་ལ་བརྟེན་པ་ནི་ཞིང་དུ་བྱས་པའོ། །ཡིད་ཀྱིས་བསྒོམས་པ་ནི་བསྒོམས་པའོ། །དེ་ལ་ཕན་པ་ནི་ཡིད་ལ་བསྒོམས་ཏེ། དང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །མ་ལུས་པ་མངོན་པར་བསྡུས་པ་ནི་མ་ལུས་པ་ལ་རྗེས་སུ་ཡི་རང་ངོ་ཞེས་བྱ་བར་སྦྱར་རོ། །གཅིག་ཏུ་ཞེས་བྱ་བ་ནི་ཕུང་པོ་གཅིག་གིས་སོ། །མངོན་པར་བསྡུས་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་བསྡོམས་པའོ། །གཞལ་ནས་ཞེས་བྱ་བ་ནི་མཉམ་པར་གཞག་པའི་སེམས་ཀྱིས་ངེས་པར་བརྟགས་པའོ། །རྗེས་སུ་ཡི་རང་བ་ཞེས་བྱ་བ་ནི་དགའ་བར་དམིགས་པར་བྱས་པས་སོ། །རྗེས་སུ་ཡི་རང་ཞེས་བྱ་བ་ནི་དགའ་བ་སྐྱེད་པར་བྱེད་པའོ། །མཆོག་ནི་རབ་མཆོག་གོ །དེ་ལྟར་ན་ཇི་ལྟར་ཚིག་བཅུ་གཅིག་གིས་ཡིན་ཞེ་ན། དམིགས་པ་རྣམ་པ་བཅུ་གཅིག་ཏུ་ཁྱད་པར་དུ་


DTG089_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཡིན་པས་སོ། །དེ་ག་ལས་ཤེས་ཤེ་ན། དབུས་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དེ་དག་འཁོར་དང་བཅས་པའི་དགེ་བའི་རྩ་བ་དེ་ལ་དེ་དམིགས་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་ཡོངས་སུ་སྔོ་བར་བྱེད་ཅེ་ན། དེའི་ཕྱིར་བྱང་ཆུབ་སྡུད་པར་གྱུར་ཅིག་ཅེས་སྨོས་ཏེ་འདྲེན་པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ཉིད་གནས་བརྟན་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའི་ཇི་ལྟར་ཡི་རང་བ་དང༌། ཇི་ལྟར་ཡོངས་སུ་སྔོ་བར་བྱེད་པ་ནི་དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་ཏོ། །ཇི་ལྟར་ཡང་དེ་ལ་དམིགས་པའི་སྦྱོར་བ་བྱ་བ་དེ་ཉིད་ཉེ་བར་བསྟན་པའི་ཕྱིར། བྱམས་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་དྲིས་ཏེ་དངོས་པོ་གང་དག་གིས་ཞེས་བྱ་བ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དེ་དག་གིས་སོ། །དམིགས་པ་གང་དག་གིས་ཞེས་བྱ་བ་ནི་དེ་དག་གི་དགེ་བའི་རྩ་བ་དག་གིས་སོ། །རྣམ་པ་གང་གིས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ལ་སོགས་པ་དག་གིས་སོ། །སེམས་དེ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བའི་སེམས་སོ། །མཚན་མར་བྱས་པ་ཞེས་བྱ་བ་ནི་རྟོགས་པར་བྱེད་པ་སྟེ། གཞན་དུ་ན་རྗེས་སུ་ཡི་རང་བའི་ཡོངས་སུ་བསྔོ་བའི་འབྲེལ་པ་མེད་པའི་ཕྱིར་རོ། །འོན་ཀྱང་དམིགས་པར་ནུས་སམ་ཞེས་བྱ་བ་ནི་དྲི་བའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཙུན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལྟར་ན་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། མེད་པ་ལ་མཚན་མར་འཛིན་པ་དང༌། འཇིག་པ་དང༌། ངེས་པར་རྟོགས་པ་དང༌། གོ་རིམས་བཞིན་དུ་འདུ་ཤེས་དང༌། སེམས་དང་ལྟ་བ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། འདི་དག་བསྒྲུབ་པའི་ཕྱིར་འདོད་ཆགས་ཀྱི་དཔེ་བསྟན་ཏེ། འདི་ལྟར་ཡང་ཞེས་བྱ་བ་ནི་གཞན་གྱི་གཞུང་འདོད་པ་ལ་རྟོགས་པར་བྱེད་དེ། གནོད་སྦྱིན་ཇི་ལྟ་བ་བཞིན་དུ་གཏོར་མ་ཡང་དེ་བཞིན་ནོ་ཞེས་བྱ་བར་བསམས་སོ། །སེམས་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་སོ། །ཆོས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་བསྟན་པའོ། །ཁམས་ཐམས་ཅད་ཅེས་བྱ་བ་ནི་བཤད་པའོ། །གལ་ཏེ་དངོས་པོ་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པས་ནི་སྐྱོན་བསྟན་ཏོ། །དངོས་པོ་དེ་གང་ཡིན་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་ཡི་རང་བའི་སེམས་དང་ལྡན་པའོ། །སེམས་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་སོ། །དེ་ཡང་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱིར་གང་ཞིག་


DTG089_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཡོངས་སུ་བསྔོ་བའི་ཕྱིར་རོ་ཞེས་བྱ་བར་བསམས་སོ། །དེ་ཉིད་ཀྱི་ཕིར་འཕགས་པ་བྱམས་པས་འཕགས་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་ཡང་རྗེས་སུ་ཡི་རང་བ་དང་ལྡན་པ་ཡོངས་སུ་བསྔོ་བ་ལ་སོགས་པ་ཡོད་པར་གྱུར་ཀྱང་ངོ༌། །བརྩམ་ཞེས་སྨས་པ་ནི་བསྒྲུབ་པ་རྣམ་པར་བཅད་པའི་ཕྱིར་རོ། །དད་པའི་ནི་ཡང་དག་པར་ཡིད་ཆེས་པའོ། །དགའ་བ་ནི་མགུ་བའོ། །དང་བ་ནི་རྙོག་པ་དང་བྲལ་བའོ། །གུས་པ་ནི་སྲིད་ཞུའོ། །ཉེ་བར་བསྟན་པ་ནི་བསྟན་པར་བྱས་པའོ། །སེམས་ཞུམ་པར་མི་འགྱུར་བ་ནི་བག་མི་འཁུམས་པའོ། །ཡང་དག་པར་ཞུམ་པ་ནི་ཀུན་ཏུ་ཞུམ་པའོ། །ཡི་གསོད་པ་ནི་སྐྱོ་བའོ། །ཡི་གསོད་པ་ཐོབ་པ་ནི་སྐྱོ་བའི་རབ་ཏུ་གདུང་བའོ། །སྐྲག་པར་བརྩོན་པ་ནི་སྐྲག་པའོ། །ཀུན་ནས་སྐྲག་པ་ནི་དངང་བའོ། །དེའི་རྒྱུ་ནི་ཤིན་ཏུ་དངང་བ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་ཞུམ་པ་ལ་སོགས་པ་ཡོད་པ་མ་ཡིན་པའོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ལ་གང་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བའི་སེམས་སོ།།ཟད་པ་ཞེས་བྱ་བ་ནི་བསྟན་པའོ། །འགག་པ་ནི་རྣམ་པར་ཞིག་པ་ཉིད་ཀྱི་ཕྱིར་རོ། །བྲལ་བ་ནི་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་གྱུར་ཞེས་བྱ་བ་ནི་ཡང་སྐྱེ་བ་མེད་པའོ། །གང་ཡང་ཞེས་བྱ་བ་ནི་ཅི་ཡང་མེད་དེ་རང་གི་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱིར་རོ། །འགྲོགས་པ་ནི་དུས་མཉམ་པ་ཉིད་དོ། །སེམས་འགས་ཀྱང་སེམས་ཀྱི་ཆོས་ཉིད་ཐེར་ཟུག་པ་ཡིན་ནོ་ཞེ་ན། སེམས་ཀྱི་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་འདུས་མ་བྱས་པས་ཡོངས་སུ་བསྔོ་བ་དང་བྲལ་བའོ། །ལེགས་པར་གཟུང་བའི་ཚིག་ནི་ཉེས་པར་གཟུང་བ་ལོག་པར་ཡོངས་སུ་བསྔོས་པ་ཉིད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །བརྩམས་ཏེ་ཞེས་བྱ་བ་ནི་དབང་དུ་བྱས་པའོ། །ཇི་ལྟར་ཞེ་ན། གཞིར་བྱ་སྟེ་ཞེས་བྱ་བ་སྨོས་ཏེ་དྲི་བའི་གཞིར་བྱས་པའོ། །ཇི་ལྟར་ཞེ་ན། བྱམས་པ་འདི་ལས་ཞེས་བྱ་བ་ནི་གཅོད་པའི་ཚིག་སྟེ། བྱམས་པ་ལ་ཞེས་བྱ་བ་ནས་བརྩམས་ཏེ་ཇི་ལྟར་ལྟ་བ་ཕྱིན་ཅི་ལོག་པར་མི་འགྱུར་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་ལྟར་དྲིས་པ་ལ་འཕགས་པ་བྱམས་པས་ལན་དུ་འཕགས་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་གང་གིས་གང་ཡོངས་སུ་བསྔོ་བ་ཞེས་བྱ་བ་ནི། སེམས་གང་གིས་གང་ཡོངས་སུ་སྔོ་བར་བྱེད་པའོ། །དེ་ལ་


DTG089_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་གཉིས་ཀ་ལའོ། །ཇི་ལྟར་ཞེས་བྱ་བ་ནི་ལེགས་པར་ཡོངས་སུ་གཟུང་བ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་བསྔོ་བ་ཞེས་བྱ་བ་ནི་ལེགས་པར་ཡོངས་སུ་བསྔོས་པ་ཡིན་ནོ། །དེ་གཉིས་གསལ་བར་བྱ་བའི་ཕྱིར་ནམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །དེ་ལྟར་ན་གང་གི་ཚེ་ཕྱིན་ཅི་ལོག་ཏུ་གྱུར་ཞེ་ན། དེའི་ཕྱིར་ཇི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡན་ཆད་ཀྱིས་ནི་ཕྱིན་ཅི་ལོག་ཏུ་ཐལ་བར་འགྱུར་བར་རྒོལ་བ་ལ་ལན་གདབ་པར་བྱས་ནས་མི་དམིགས་པ་བསྟན་པར་བྱ་བའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཤེས་ཤིང་ཞེས་བྱ་བ་ནི་བསྟན་པའོ། །འདི་ལྟར་སེམས་ཏེ་ཞེས་བྱ་བ་ནི་བཤད་པ་སྟེ། ཕྱིན་ཅི་ལོག་པའི་སེམས་ཀྱི་ཡིད་ལ་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ལ་སོགས་པ་ལ་སེམས་དེ་ཉིད་བསམས་པ་ཞེས་བྱ་བ་དང་སྦྱར་རོ། །འདས་པ་ཉིད་ཀྱི་ཕྱིར་ཟད་པའོ། །ཟད་པ་ལ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཀྱིས་ཡིད་ལ་བྱེད་པའོ། །དེ་མི་ནུས་ཞེས་བྱ་བ་ནི་རི་བོང་གི་རཱ་བཞིན་དུ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ཉིད་དོ། །ཆོས་གང་དག་གིས་ཞེས་བྱས་བ་ནི་སེམས་ལས་བྱུང་བ་བདག་གིས་སོ། །ཆོས་གང་དག་ལ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །དེ་ལྟར་ཞེས་བྱ་བ་ནི་མི་དམིགས་པ་སྟེ་ཐམས་ཅད་དུ་སྟོང་པ་ཉིད་དུ་རོ་གཅིག་པར་ཡིད་ལ་བྱེད་པར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་ནི་འཕགས་པ་བྱམས་པས་འདས་པའི་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །མ་བྱོན་པའི་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་ནས་གཞན་ཡང་འཕགས་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ལྟར་བྱུང་བའི་དབང་དུ་བྱས་ནས་གཞན་ཡང་འཕགས་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་མི་དམིགས་ཡོངས་སུ་བསྔོ་བ་སྟེ་གཉིས་པའོ། །གཞན་ཡང་འཕགས་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དུས་གསུམ་གྱི་སངས་རྒྱས་ལ་སོགས་པའི་བསོད་ནམས་ལ་རྗེས་སུ་ཡི་རང་བ་ནི་འདིར་མདོར་བསྡུས་པའོ། །མཆོག་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདིར་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར་ཇི་


DTG089_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནི་སེམས་པ་སྟེ་ཡང་དག་པར་ཡིད་ལ་བྱེད་པའོ། །ཆོས་དེ་དག་ཅེས་བྱ་བ་ནི་གང་ཡོངས་སུ་བསྔོ་བར་བྱ་བ་དག་གོ །ཆོས་དེ་ཡང་མི་ཟད་པའོ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཆོས་ཉིད་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་དོ། །དེ་ལྟར་ཡོངས་སུ་བསྔོ་བ་ཡིན་ནོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ་ཞེས་དགོངས་སོ། །ཆོས་འདི་ནི་ཆོས་ལས་ཡོངས་སུ་མི་བསྔོའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ནི་དེ་ལྟར་ཡང་སྟེ་སྔ་མ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་བཙུན་པར་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་གསུངས་སོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །འདི་ཕྱིན་ཅི་མ་ལོག་པར་ཡོངས་སུ་བསྔོ་བ་སྟེ་གསུམ་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བསོད་ནམས་མངོན་པར་འདུ་བྱེད་པ་ནི་བསོད་ནམས་ཀྱི་ལས་སོ། །མངོན་པར་ཆག་པ་ནི་འདུ་ཤེས་པའོ། །འོ་ན་ཇི་ལྟར་ཡོངས་སུ་སྔོ་བར་བྱེད་ཅེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབེན་པ་དང་ཞི་བ་ནི་གོ་རིམས་བཞིན་དུ་རང་དང་གཞན་དང༌། རང་དང་གཞན་གྱི་མཚན་ཉིད་ཀྱང་སྟོང་པ་ཉིད་ཀྱི་ཕྱིར་རོ། །སལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་དེ་ཉིད་བསྟན་པའི་ཕྱིར་གསུངས་པ། དབེན་པ་དང་ཞི་བ་ཉིད་དུ་ཤེས་ན་ཡང་གལ་ཏེ་མངོན་པར་ཞེན་པ་ཡོད་པར་གྱུར་ན་དེའི་ཚེ་ཡང་དག་པར་ཡོངས་སུ་སྔོ་བར་བྱེད་པ་མ་ཡིན་ནོ། །དེ་ནི་ཞེས་བྱ་བ་མཇུག་བསྡུ་བའོ། །དེ་ཉིད་ཡང་དག་པའི་ཡོངས་སུ་བསྔོ་བ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཚིག་སྨོས་སོ། །འདི་ནི་དབེན་པའི་ཡོངས་སུ་བསྔོ་བ་སྟེ་བཞི་བའོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་ནི་དྲན་པར་བྱེད་པའོ། །ཇི་འདྲ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་རྟག་པ་སྟེ། གང་འདྲ་བ་ཉིད་དུ་ཡོངས་སུ་བསྔོ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་རོ། །དེ་འདྲ་བ་ཉིད་ཅེས་བྱ་བ་ནི་གང་དང་དེ་གཉིས་རྟག་ཏུ་འབྲེལ་པས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བ་དེ་ནི་དགེ་བའི་རྩ་བ་ཡིན་ཏེ། གང་རྗེས་སུ་ཡི་རང་བ་དང་ལྡན་པའོ། །གང་གིས་ཀྱང་ཞེས་


DTG089_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་ཀྱིས་སོ། །དེའི་རིགས་ཅན་ཞེས་བྱ་བ་ནི་དེ་ཉིད་རིགས་ཏེ་གང་གིས་སྤྱིའོ། །དེའི་མཚན་ཉིད་ཅན་ཞེས་བྱ་བ་ནི་གང་ཅི་དེ་ཉིད་མཚན་ཉིད་དོ། །དེའི་རིགས་ཞེས་བྱ་བ་ནི་དེའི་ཚོགས་སོ། །དེའི་རང་བཞིན་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ཅན་ནོ། །གལ་ཏེ་དེ་ལྟར་ཤེས་ན་ཞེས་བྱ་བ་ནི་གལ་ཏེ་འདིས་ཀྱང་དེ་འདྲ་བ་ཉིད་ལ་སོགས་པར་དེ་ཁོ་ན་ཉིད་དུ་མངོན་པར་ཞེ་ན། དེའི་ཚེ་ཡང་དག་པའི་ཡོངས་སུ་བསྔོ་བ་མ་ཡིན་ནོ། །གང་འདས་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཁོ་ནའི་རྣམ་པར་རྟོག་པ་གཞན་དུ་གསུངས་ཏེ། མ་ཕིན་པ་ནི་མ་སྐྱེས་པའོ། །གནས་པ་ནི་ཡོད་པ་མ་ཡིན་ཏེ་རང་བཞིན་གྱིས་འཇིག་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གསུམ་ཚར་ཡང་མི་དམིགས་ཏེ་དེ་བས་ན་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན་མཚན་མ་ཡང་མ་ཡིན་ཏེ་རྒྱུ་མེད་པའི་ཕྱིར་རོ། །རྒྱུ་མེད་ནི་ཡུལ་ཡང་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཞེས་བྱ་བ་ནི་ཟད་པ་ཉིད་ལ་སོགས་པའོ། །དེས་ན་དེ་མཚན་མར་བྱེད་ཅིང་ཉེ་བར་དམིགས་ན་དེའི་ཚེ་ཡང་དག་པར་སེམས་པ་མ་ཡིན། ཡང་དག་པར་ཡིད་ལ་བྱེད་པ་མ་ཡིན་པ་སྟེ་དེའི་ཚེ་ཡང་དག་པར་སྔོ་བར་བྱེད་པ་མ་ཡིན་ནོ། །དེ་ལྟ་ན་གང་གི་ཚེ་ཁོང་དུ་མ་ཆུད་པ་འམ་དྲན་པ་དང་བྲལ་བས་མཚན་མར་མི་བྱེད་པ་དེའི་ཚེ། ཡང་དག་པའི་ཡོངས་སུ་བསྔོ་བར་འགྱུར་རོ་ཞེ་ན་དེ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་ཞེས་བྱ་བ་ནི་དེ་ལྟར་མཚན་མར་མི་བྱེད་པ་ཡོངས་སུ་སྔོ་བར་བྱེད་པ་མ་ཡིན་ནོ། །ཡོངས་སུ་བསྔོ་བ་ཙམ་ཡང་མེད་དོ་ཞེས་བྱ་བར་དགོངས་སོ། །འོ་ན་གང་གི་ཚེ་ཡང་དག་པར་ཡོངས་སུ་བསྔོ་བ་ཡིན་ཞེ་ན་དེ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྟེ་ཞེས་བྱ་བའི་སྒྲ་ནི་གལ་ཏེ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་དེ་འདྲ་བ་ཉིད་ལ་སོགས་པ་སྟེ། མཚན་མ་མེད་པ་དང་ཡུལ་མེད་པའོ། །མཚན་མ་ཞེས་བྱ་བ་ནི་ཤེས་པ་ལ་ཡང་དག་པར་དམིགས་པ་དང༌། ཡང་དག་པར་སེམས་པ་ཡིན་ཏེ་དེ་ནི་ཡང་དག་པར་ཡིད་ལ་བྱེད་པའོ། །མཚན་མར་མི་འཛིན་ཞེས་བྱ་བ་ནི་ཡང་དག་པར་མི་ཤེས་ཤིང་མངོན་པར་མ་ཞེན་པའོ། །དེ་ལྟར་ན་ཞེས་བྱ་ལ་སོགས་པ་ནི་མཇུག་བསྡུ་བའོ། །དེ་བཞིན་དུ་སངས་རྒྱས་ཀྱི་བསོད་ནམས་ཀྱི་ཚོགས་རྗེས་སུ་ཡི་རང་བ་ལ་སོགས་ཀྱི་ངོ་བོ་ཉིད་གང་ཡིན་པའི་ཆོས་ཉིད་གང་ཡིན་པ་རྗེས་སུ་དྲན་པ་དེ་ནི་སངས་རྒྱས་ཀྱི་བསོད་ནམས་ཀྱི་རང་


DTG089_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྗེས་སུ་དྲན་པའི་ཡོངས་སུ་བསྔོ་བ་སྟེ་ལྔ་བའོ། །འདི་ལ་ཞེས་བྱ་བ་ལ་སོགས་པ་ལ་འདི་ལ་ཞེས་བྱ་བ་ནི་གང་དེ་གཉིས་ཀ་སྟེ་དེ་གཉིས་ཡིད་ལ་བྱེད་ཅིང་མཚན་མར་མི་བྱེད་པའོ། །དེ་ཞེས་བྱ་བའི་སྒྲ་ནི་རབ་ཏུ་གྲགས་པ་སྟེ། ཐབས་ལ་མཁས་པ་གང་ཡིན་པ་དེ་རབ་ཏུ་གྲགས་པའོ། །གང་ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་གསུངས་སོ། །ཇི་སྟེ་འདིར་ཐབས་ལ་མཁས་པའི་ཐབས་གང་ཡིན་ཞེ་ན། དེའི་ཕྱིར་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་ཅེས་བྱ་བ་ནི་མདོའི་བདག་ཉིད་དོ། །ཐོས་པ་དང་མི་ལྡན་པ་ཞེས་བྱ་བ་ནི་འདི་མ་ཐོས་པ་ཞེས་བྱ་བ་ནི་ལྷག་མའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔོ་བ་བསོད་ནམས་བྱ་བ་དེ་ཉིད་དེ་འདི་ལ་འཇུག་པ་དང༌། འཛིན་པར་མི་ནུས་ཞེས་བྱ་བར་སྦྱོར་ཏེ། དེ་ལ་ནི་དེ་ལྟར་ཡིན་ན་ཡང་དེ་སྐད་མ་ཟེར་ཅིག་ཅེས་བརྗོད་པར་བྱ་བར་རིགས་སོ། །གང་ལ་ཞེ་ན། གང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་ཐབས་དང་བཅས་པའི་ཡོངས་སུ་བསྔོ་བ་སྟེ་དྲུག་པའོ། །ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་འདི་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ལ། དེ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལུས་ནི་བདག་ཉིད་ཀྱི་དངོས་པོའོ། །དུ་བྱེད་ནི་དགེ་བའི་ཙ་བ་དག་གོ །དེའི་ཕྱིར་དེ་དག་ནི་ཞི་བ་དབེན་པ་སྟེ་ངོ་བོ་ཉིད་མེད་པ་ཞེས་བྱ་བའི་དོན་ཏོ།།དེའི་ཕྱིར་ཡང་དམིགས་པ་དང་བྲལ་བ་ནི་མི་དམིགས་པ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་ཡང་མི་དམིགས་པ་དེ་ལྟ་ན་ཡང་ངོ༌། །ཡང་དག་པ་ཇི་ལྟ་བ་ནི་ཕྱིན་ཅི་མ་ལོག་པ་དང༌། འགག་པ་ལ་སོགས་པའོ། །མཚན་མར་བྱས་ཤིང་ཞེས་བྱ་བ་ནི་འཛིན་པའོ། །རྣམ་པར་རྟོག་པ་ཞེས་བྱ་བ་ནི་མངོན་པར་ཞེན་པའོ། །ཡང་དག་པ་ཇི་ལྟ་བ་མ་ཡིན་པ་ནི་རྣམ་པར་རྟོག་པའི་སྣང་བའོ། །ཡང་དག་པ་ཇི་ལྟ་བ་ནི་འགགས་པ་ལ་སོགས་པའོ། །དམིགས་པའི་བདག་ཉིད་ཀྱི་འདུ་ཤེས་ཀྱི་མི་དམིགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན་དེས་ཅིར་འགྱུར་ཞེ་ན། དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་ལྷག་པའི་ཞེས་བྱ་བའི་དོན་ཏེ་དེ་ནི་ཤིན་ཏུ་ཡང་མཚན་མར་བྱེད་པ་མི་རིགས་པའི་ཕྱུར་རོ། །དུག་དང་བཅས་ཟུག་རྔུ་དང་བཅས་


DTG089_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་དེ་དང་ཆོས་མཐུན་པའི་ཕྱིར་རོ། །དེ་ནི་མཚན་མ་མེད་པའི་ཡོངས་སུ་བསྔོ་བ་སྟེ་བདུན་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། བཟང་པོ་ནི་ཁ་དོག་ལ་སོགས་པ་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་གལ་ཏེ་ཡང་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་ཞེས་བྱ་བ་ནི་དེ་ལྟ་མོད་ཀྱི་ཞེས་བྱ་བའི་དོན་ཏོ། །སེམས་ཏེ་ཞེས་བྱ་བ་ནི་ཁ་དོག་ལ་སོགས་པ་ལ་ཆགས་པའི་ཕྱིར་རོ། །མྱང་བ་ནི་མྱང་བ་སྟེ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །ཞུ་བའི་ཚེ་ཞེས་བྱ་བ་ནི་ཐ་མར་གྱུར་བའོ། །རྣམ་པར་སྨིན་པ་ནི་འབྲས་བུའོ། །ལོག་པར་ཟིན་པ་ཞེས་བྱ་བ་ནི་ལོག་པར་ཐོས་པས་སོ། །ལོག་པར་རིག་པ་ཞེས་བྱ་བ་ནི་རྣམ་པར་མ་རྟོགས་པའོ། །ལོག་པར་ཁ་ཏོན་དུ་མ་བྱས་པ་ཞེས་བྱ་བ་ནི་ལོག་པར་གོམས་པས་སོ། །ལེགས་པར་གསུངས་པ་དེ་ནི་སངས་རྒྱས་ཀྱིས་གསུངས་པའོ། །ན་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་དོན་དུའོ། །དེ་དེ་ལྟར་ཞེས་བྱ་བ་ནི་གང་འདི་གསུངས་པའོ། །སྤང་བར་འགྱུར་ཏེ་ཞེས་བྱ་བ་ནི་འདིར་ཕུང་ཁྲོལ་བྱེད་པ་སྟེ་དུག་གོ །དེས་ན་ཞེས་བྱ་བ་ནི་མཇུག་སྡུད་པའོ།།ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་དྲི་བའོ། །འདི་ལ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །སྐུར་པ་གདབ་པ་ནི་སྨོད་པ་སྟེ་ཡང་དག་པ་མ་ཡིན་པའི་སྨྲ་བས་བརྗོད་པའི་ཕྱིར། ཡོངས་སུ་གཟུང་བར་བྱ་ཞེས་བྱ་བ་ལ་སོགས་པའི་ཚིག་སྨོས་པ་ནི་རྗེས་སུ་ཡི་རང་བ་མཚོན་ཏེ་བར་མ་ཆད་པར་བྱུང་བ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་མཁྱེན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་ན་དེའི་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་ཡིན་ཏེ། དུག་མེད་པ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ག་ལས་ཤེས་ཤེ་ན། ལྷག་པའི་བསམ་པས་ཤེས་པ་ལ་སོགས་པ་གསུངས་སོ། །དེ་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཡོངས་སུ་བསྔོ་བ་སྟེ་བརྒྱད་པའོ། །གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོའོ། །མ་གཏོགས་པ་མ་འདུས་པ་སྟེ་དུས་གསུམ་དང༌། ཁམས་གསུམ་དུ་མ་གཏོགས་པ་ཉིད་ཀྱི་ཕྱིར་ཏེ། དེ་དག་གི་ཚུལ་ཁྲིམས་ལ་སོགས་པ་ལ་ཆོས་ཀྱི་དབྱིངས་ཙམ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་སོ། ཡོངས་སུ་བསྔོ་བ་ཡང་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའོ། །ཆོས་འདི་ལ་ཞེས་བྱ་བ་ནི་


DTG089_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་བྱང་ཆུབ་ལའོ། །ཆུད་མ་ཟོས་པར་ཞེས་བྱ་བ་ནི་མཉམས་པའོ། །སངས་རྒྱས་ཀྱིས་གནང་བ་དང་མ་གཏོགས་པ་ཡོངས་སུ་བསྔོ་བ་དག་གིས་ཆོས་ཀྱི་དབྱིངས་དང་ཡོངས་སུ་བསྔོ་བ་མཉམ་པ་ཉིད་དུ་བསྟན་པའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བའི་སྒྲ་ནི་གཉིས་པ་ནི་ཡང་གི་དོན་དུ་རྟོགས་པར་བྱའོ། །གང་ཆོས་ཀྱི་དབྱིངས་དང་མཉམ་པའི་ཡོངས་སུ་བསྔོ་བ་འདི་ནི་ཡང་དག་པའི་ཡོངས་སུ་བསྔོ་བ་སྟེ། འདི་ནི་ཡང་དག་པའི་ཡོངས་སུ་བསྔོ་བ་ཡིན་ནོ་ཞེས་སྦྱར་རོ། །གང་ཞེ་ན་འདིས་ནི་ཞེས་བྱ་བ་སྨོས་ཏེ་འདས་མ་ཐག་ཏུ་བསྟན་ཏེ། མ་གཏོགས་པའི་ཡོངས་སུ་བསྔོ་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། གང་སངས་རྒྱས་ཀྱིས་གནང་བའི་ཡོངས་སུ་བསྔོ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །འདི་ནི་ཁམས་གསུམ་དུ་མ་གཏོགས་པའི་ཡོངས་སུ་བསྔོ་བ་སྟེ་དགུ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གང་ཡིན་པ་ཞེས་བྱ་བ་དེ་ནི་ཞེས་བྱ་བ་ནི་གང་མ་གཏོགས་པ་མ་ཡིན་པར་བསྟན་པའོ། །འདི་ལ་ཡང་ཞེས་བྱ་བ་ནས་ཡོངས་སུ་བསྔོ་བ་ཞེས་བྱ་བའི་བར་གྱིས་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཡོངས་སུ་བསྔོ་བ་བསྟན་པ་ཡིན་ནོ། །འདིར་ཞེས་བྱ་བ་ནི་འདིར་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་དང་གཉིས་ཀྱིའོ། །མཆོག་ཅེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཅིག་གི་ཁྱད་པར་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་བ་ཞེས་བྱ་བའི་བར་ནི་གོ་སླའོ། །འདིར་བསྟན་པ་བསོད་ནམས་ཆེན་པོ་འབྱུང་བའི་རྒྱུར་གྱུར་པ་དད་པ་ལ་སོགས་པ་ནི་སྔ་མ་བས་ཁྱད་པར་དུ་གྱུར་པའི་རྒྱུ་ཡིན་ནོ། །འདི་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆུང་ངུ་སྟེ་བཅུ་པའོ། །བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག་ཅེས་བྱ་བ་ནས། རང་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བའི་བར་ནི་རྟོགས་པར་སླའོ། །འདི་བསྟེན་པའི་བསོད་ནམས་ལྷག་པས་དད་པ་ལ་སོགས་པ་སྔ་མ་བས་ཁྱད་པར་དུ་གྱུར་པ་ཡིན་ཏེ། དེ་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་འབྲིང་སྟེ་བཅུ་གཅིག་པའོ། །ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས་སྦྱིན་པ་བྱིན་ལ་ཞེས་བྱ་བའི་བར་ནི་བསྟན་པའོ། །


DTG089_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་དེ་ལྟ་བུར་ཞེས་བྱ་བ་ནས་བྱིན་ལ་ཞེས་བྱ་བའི་བར་ནི་བཤད་པའོ། །དེ་ལྟ་བུ་ཞེས་བྱ་བ་ནི་འཆད་པར་འགྱུར་བས་སོ། །ན་བ་ནི་ནད་དོ། །དེའི་གསོ་སྨན་ནི་དེའི་རྐྱེན་ནོ། །ཡོ་བྱད་ནི་ཆུ་ཚགས་ལ་སོགས་པའོ། །བདེ་བའི་རྒྱུ་དག་ནི་བདེ་བའོ། །དེ་དག་སྦྱར་བ་ནི་བསྟབས་པའོ། །བདེ་བ་ལ་རེག་པ་ནི་བདེ་བ་ཡོངས་སུ་མྱོང་བའོ། །དེས་གང་གནས་པ་ནི་འཆགས་པ་ལ་སོགས་པའོ། །དེ་སེམས་ཅན་རེ་རེ་ལ་ཡང་སོ་སོར་བཞག་པ་སྟེ་རིམ་གྲོ་བྱེད་པར་བརྟག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་རེ་རེར་ཡོངས་སུ་བརྟག་སྟེ་ཞེས་བྱ་བའི་རྗེས་སུ་འཇུག་སྟེ། བྱང་ཆུབ་སེམས་དཔའ་རེ་རེ་བསྙེན་བཀུར་བ་ཉིད་དུ་སོ་སོར་བཞག་པ་སྟེ་དེ་ནི་ཉེ་བར་གནས་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཉེ་བར་གནས་ཤེ་ན་རང་བཞིན་གྱིས་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རེ་རེས་སེམས་ཅན་རེ་རེ་ལ་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དྲུག་པའོ། །དེ་དག་ནི་ནང་དུ་རེ་རེས་སེམས་ཅན་དེ་དག་ཐམས་ཅད་ཉིད་ལ་སྦྱིན་པ་བྱིན་པའོ། །ཡུན་རིང་དུ་དེ་ཙམ་དུ་བསམས་པ་ཞེས་བྱ་བ་ནི་དུས་ཡུན་རིང་པོ་དེ་ཙམ་དུ་བསགས་པའོ། །དེ་ལྟར་རྒྱ་ཆེར་ཡང་དག་པར་བསྡུས་པ་ཞེས་བྱ་བ་ནི་རྒྱ་ཆེར་བསྐྱེད་པ་ཞེས་བྱ་བའི་བར་དུའོ། །ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་ཡོད་པའི་བྱང་ཆུབ་སེམས་དཔའ་ནི་བསྙེན་བཀུར་བྱེད་པའོ། །འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་རེ་རེ་ནས་བསྙེན་བཀུར་བྱེད་པའོ། །འདིར་བསྙེན་བཀུར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་སྙེད་དང༌། །འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རེ་རེ་ཞེས་བྱ་བ་ནི་ལྷག་མའོ། །སེམས་ཅན་ཐམས་ཅད་རེ་རེ་ཡང་དེ་སྙེད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་བརྟག་པ་ནི་སྔ་མ་བཞིན་ནོ། །ལྷག་མ་ནི་རྟོགས་པར་སླའོ། །འདི་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆེན་པོའོ། །བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་སྟེ་བཅུ་གཉིས་པའོ། །ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་རྫོགས་ནས། རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པ་བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་བ་ཡི་རང་བ། །རྗེས་སུ་ཡི་


DTG089_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་བྱ་བ་གསུངས་ཏེ། འདི་ཉིད་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ལུས་པ་ཞེས་བྱ་བ་ནི་ལུས་པ་མེད་པར་བྱེད་པའོ། །མཆོག་ཉིད་ལ་སོགས་པ་བཅུ་བཞི་པ་གསུངས་པ་ཇི་ཙམ་གྱིས་ནི་མཆོག་ཏུ་གྱུར་ཞེས་བྱ་བ་ནི་དྲིས་པའོ། །དེ་ཙམ་གྱིས་ན་མཆོག་ཏུ་འགྱུར་ཞེས་བྱ་བ་ནི་ལན་ནོ། །འདིར་བསམ་པ་གང་ཡིན་ཞེ་ན། བསམ་པ་འདི་ཡིན་ཏེ། ཕྱོགས་ཉིད་ལ་སོགས་པ་ནི་ཕྱོགས་བཅུ་དང༌། དབུས་དང་དུས་གསུམ་གྱི་དགེ་བའི་རྩ་བ་དམིགས་ནས་རྣམ་པ་བཅུ་བཞིར་འགྱུར་བ་ཡིན་ནོ། །དེ་ལྟར་གང་དུ་ཚིག་གསུམ་ཡོད་པ་དེར་ཡང་ཕྱོགས་བཅུ་དང་དུས་གསུམ་གྱི་དབྱེ་བས་རྣམ་པ་བཅུ་གསུམ་དུ་འགྱུར་རོ། །དེར་དབུས་ཀྱི་འཇིག་རྟེན་གྱི་ཁམས་ཇི་ལྟར་འདུས་ཤེ་ན། དབུས་དེ་ནི་ཚར་བཅད་པ་བྱས་ནས་འདུས་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་ནི་ཕྱོགས་གཅིག་ལ་ཡང་འཇིག་རྟེན་གྱི་ཁམས་ཞེས་ཐ་སྙད་འདོགས་ཏེ་དཔེར་ན་ཟླ་བ་བརྒྱད་དམ་དགུ་འདས་ནས་བུ་བཙའ་བར་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །གང་གི་ཚེ་ཞག་སུམ་ཅུ་ལ་ཟླ་བ་ཡིན་པ་དེའི་ཚེ་ཟླ་བ་བརྒྱད་པ་ཡིན་ལ། གང་གི་ཚེ་ཕྱོགས་གཅིག་ལ་ཟླ་བ་ཡིན་པ་དེའི་ཚེ་ནི་དགུ་ཡིན་ནོ། །མི་འཛིན་པ་ནི་གཟུང་བ་ཉིད་དུ་སོ་སོར་མི་སྣང་བའི་ཕྱིར་རོ། །རློམ་སེམས་སུ་མི་བྱེད་པ་ནི་དངོས་པོ་ཉིད་དུ་མི་སྣང་པའི་ཕྱིར་རོ། །མི་དམིགས་པ་ནི་རང་གི་ངོ་བོ་ཉིད་མི་སྣང་བའི་ཕྱིར་རོ། །མི་རྟོག་པ་ནི་སྤྱིའི་མཚན་ཉིད་ཀྱིས་སོ། །རྣམ་པར་མི་རྟོག་པ་ནི་ཁྱད་པར་གྱི་མཚན་ཉིད་དག་གིས་སོ། །མི་མཐོང་བ་ནི་མཐོང་ཡང་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །ཡང་དག་པར་རྗེས་སུ་མི་མཐོང་བ་ནི་རྒྱུན་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །བརྟགས་པ་ནི་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་པའོ། །དེས་རྣམ་པར་བསྒྲུབས་པ་ནི་ཡང་དག་པར་སྟོན་པའོ། །མ་སྐྱེས་པ་ནི་ས་བོན་མེད་པའི་ཕྱིར་རོ། །ངེས་པར་མ་སྐྱེས་པ་ནི་གྲུབ་པ་མེད་པའོ། །འོང་བ་མེད་པ་ནི་མ་འོངས་པའི་དུས་སམ་འཇིག་རྟེན་སྔ་མ་ནས་སོ། །འགྲོ་བ་མེད་པར་ནི་འདས་པར་རོ། །དེ་བཞིན་དུ་འགག་པ་ཡང་མེད་དོ་ཞེས་བྱ་བ་ལ་ངོ་བོ་ཉིད་མེད་པ་དང༌། ཡོངས་སུ་བརྟགས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་བཞིན་ཞེས་བྱ་བ་ནི་ཡོངས་སུ་བརྟགས་


DTG089_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཉིད་ཀྱིས་དེ་ལྟ་བུར་གྱུར་པའོ། །ཆོས་དེ་དག་ཅེས་བྱ་བ་ནི་དགེ་བའི་ཆོས་གཞན་གྱི་དབང་གི་ངོ་བོའོ། །ཆོས་ཉིད་ནི་བྱིས་པའི་བློའི་སྤྱོད་ཡུལ་གྱི་ངོ་བོ་སྟོང་པ་ཉིད་དོ། །རྗེས་སུ་ཡི་རང་བའི་སྐབས་ཡིན་ན་ཡང་དེ་ལྟར་རྗེས་སུ་ཡི་རང་བ་ནས་དེ་བཞིན་དུ་ཡོངས་སུ་བསྔོ་བར་བྱེད་ཅེས་བྱ་བའི་ཚིག་གིས་ངེས་པར་ཡོངས་སུ་བསྔོ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ལྷག་མ་རྒྱུར་མི་བཟོད་དོ་ཞེས་བྱ་བའི་བར་ནི་བཤད་པ་ཉིད་དོ། །དེ་ནི་མི་དམིགས་པའི་རྗེས་སུ་ཡི་རང་བ་སྟེ་དང་པོའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་གྲོལ་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་དོན་དམ་པ་ཉིད་དོ། །སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཆགས་པ་ནི་སྲིད་པའོ། །དེ་མེད་པ་ནི་མ་ཆགས་པའོ། །སྲིད་པའི་རྒྱུ་ཅན་གྱི་སྐྱེ་བ་མེད་པས་ན་མ་བཅིངས་པ་མ་གྲོལ་བའོ། །མི་བསྔོ་པའི་ཚུལ་གྱིས་ཞེས་བྱ་བ་ནི་མི་དམིགས་པའི་ཕྱིར་རོ། །དེ་ཇི་ལྟར་ཞེ་ན། མི་འཕོ་བ་དང་མི་འཇིག་པ་ཞེས་གསུངས་སོ། །དེ་ལྟར་ན་གནས་སྐབས་གཞན་དུ་འཕོ་བ་འམ་སྔ་མ་འཇིག་ཅིང་ཕྱི་མ་སྐྱེ་བ་ནི་ཡོངས་སུ་བསྔོ་བ་ཡིན་ན་ཆོས་ཀྱི་དབྱིངས་ནི་གནས་སྐབས་དེ་ལྟ་བུ་ཡང་མ་ཡིན་ཏེ་འཕོ་བ་མེད་ཅིང་འཇིག་པ་མེད་པའི་ཕྱིར་རོ། །ཡང་དག་པར་བླངས་ཏེ་ཞེས་བྱ་བ་ནི་བླ་མ་དམ་པ་དེ་ལས་ཡང་དག་པར་བླངས་པའོ། །སྤྱོས་པ་ནི་ཁ་ཟེར་བའོ། །བརྡེགས་པ་ནི་བསྣུན་པའོ། །བརྒྱད་པ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པའོ། །བཅས་པ་ནི་ལྡན་པ་ཞེས་བྱ་བའི་དོན་ཏོ། །རྨུགས་པ་ཉིད་ཀྱི་ཟིལ་གྱིས་གནོན་པར་ཞེས་བྱ་བར་སྦྱར་རོ། །དེ་ལ་རྨུགས་པ་ནི་སེམས་ལས་སུ་མི་རུང་ཞིང་ཞུམ་པ་སྟེ་སེམས་ལས་སུ་མི་རུང་ཞིང་གང་ཞུམ་པའི་མཚན་ཉིད་ཅན་ནི་རང་གི་དམིགས་པ་མི་རྟོགས་པ་སྟེ་རྨུགས་པའོ། །གཉིད་ནི་འཇུག་པ་རང་དབང་མེད་པར་སེམས་སྡུད་པ་སྟེ། སེམས་སྡུད་པ་ཡང་མིག་ལ་སོགས་པའི་དབང་པོའི་སྒོ་ནས་འཇུག་པ་མེད་པའོ། །སེམས་འཇུག་པ་རང་དབང་མེད་པ་དེ་ནི་གཉིད་ཉིད་དོ། །ལྷག་མ་ལེའུ་རྫོགས་པའི་བར་ནི་རྟོགས་པར་སླའོ། །ཐབས་ནི་རྣམ་པར་གྲོལ་བ་དང་འདྲའོ། །དེས་ན་ཆོས་ཀྱི་དབྱིངས་ལ་མི་དམིགས་པའི་རྗེས་སུ་ཡི་རང་བ་འདི་ནི་


DTG089_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་རྗེས་སུ་ཡི་རང་བ་སྟེ་གཉིས་པའོ། །རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བ་ནི་དེ་དག་གོ །དེ་རྗོད་པར་བྱེད་པའི་ལེའུ་ནི་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་དྲུག་པའོ།། །།འཇིག་རྟེན་པའི་བསྒོམ་པའི་ལམ་ཡིད་ལ་བྱེད་པ་རྣམ་པ་གསུམ་བཤད་ནས་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་བསྒྲུབ་པ་དང༌། ཤིན་ཏུ་དག་པ་ཞེས་བྱ་བ་སྔར་ཡང་བསྟན་ནས། དེ་ལ་བསྒྲུབ་པའི་རང་གི་ངོ་བོའི་དབང་དུ་བྱས་ནས་བསྟན་བཅོས་ལས། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་དུ་མི་བྱེད་དང༌། །ཆོས་དབྱིངས་དམིགས་པ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་བྱ་བ་གསུངས་ཏེ། སྒྲུབ་པ་དེའི་ཡན་ལག་ནི་ལྔ་སྟེ། བསྒོམ་པའི་ལམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་བསྒྲུབ་པ་ལ་སོགས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་ནི་དེའི་ངོ་བོ་ཉིད་དོ། །མཆོག་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་པར་བསྒྲུབ་པའོ། །ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་ནི་ཀུན་ལ་མངོན་པར་འདུ་མི་བྱེད་པའོ། །ཆོས་ཐམས་ཅད་ལ་མི་དམིགས་པར་གཏོད་པར་བྱེད་པ་ནི་གཏོད་པར་བྱེད་པའོ། །ཆོས་ཐམས་ཅད་མི་དམིགས་པ་ཉིད་ཀྱི་བྱང་ཆུབ་འཐོབ་པ་ནི་དོན་ཆེན་པོ་ཉིད་དོ། །དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་བསྒོམ་པའི་ལམ་གྱི་རང་གི་ངོ་བོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པའི་ཡེ་ཤེས་ཏེ། སྤངས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དེ་དེ་ཉིད་ཀྱི་རིག་པ་ནི་འདིར་གསལ་བར་བྱེད་པ་ལགས་སོ་ཞེས་བྱ་བ་ཡིན་ཏེ། སྒྲིབ་བ་མུན་པ་ཐམས་ཅད་སྤངས་པ་ནི་གསལ་བ་སྟེ་


DTG089_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བྱེད་པའོ། །འདི་སྤངས་པ་ཕུན་སུམ་ཚོགས་པའོ། །ཆོས་ཐམས་ཅད་དོན་པར་སྣང་བ་ནི་གསལ་ལ་བ་སྟེ། དེ་བྱེད་པ་ནི་ཡེ་ཤེས་ཕུན་དུམ་ཚོགས་པའོ། །དེས་ན་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ད་ལྟར་གྱི་དུས་སོ། །ཕྱག་བགྱི་བར་འོས་པ་ཞེས་བྱ་བ་ནི་རྒྱུན་དུ་མ་འོངས་པའི་དུས་སུའོ། །ཚིག་གཅིག་པོ་དེས་ནི་ཕུན་སུམ་ཚོགས་པ་གཉིས་བསྟན་ཏོ། །ད་ནི་ཚིག་གཉིས་ཀྱིས་སྤངས་པ་ཕུན་སུམ་ཚོགས་པ་གསུངས་ཏེ། མ་གོས་པ་ཞེས་བྱ་བ་ནི་སྒྲིབ་པའི་དྲི་མ་ཐམས་ཅད་ཟད་པའི་ཕྱིར་རོ། །འཇིག་རྟེན་ཐམས་ཅད་ཀྱི་གོས་པ་དང་བྲལ་བ་ཞེས་བྱ་བ་ནི་ཁམས་གསུམ་པའི་དྲི་མ་ཐམས་ཅད་ཟད་པའོ། །དེ་ནི་ཚིག་གཉིས་ཀྱིས་ཡེ་ཤེས་ཕུན་སུམ་ཚོགས་པ་གསུངས་ཏེ། ཆོས་ཐམས་ཅད་དོན་དམ་པར་སྣང་བའི་སྣང་བ་སྟེ་བྱེད་པའོ། །ཚིག་འོག་མ་གཉིས་ནི་གཏན་ཚིགས་གསུངས་ཏེ་རབ་རིབ་ནི་མི་ཤེས་པའོ། །དེ་ལས་བཟློག་པ་ནི་རབ་རིབ་དང་བྲལ་བ་སྟེ། ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ནི་མ་ལུས་པའོ། །ཁམས་གསུམ་གྱི་དོན་དམ་པ་དེ་ལ་རབ་རིབ་དང་བྲལ་བར་བྱེད་པ་དེ་ནི་དམིགས་པས་ཁྱབ་པའོ། །ཉོན་མོངས་པ་དང་ལྟ་བ་དེ་དག་ཉིད་མུན་པ་སྟེ་ཐམས་ཅད་ཀྱང་ཡིན་དེ་དག་ཀྱང་ཡིན་པས་དེ་དག་ཐམས་ཅད་དོ། །དེ་དག་སེལ་བ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་ཟད་པའོ། །འདི་ཐམས་ཅད་ཀྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །གཞན་གྱི་དོན་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་པར་བགྱི་བ་ལགས་སོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པས་སོ། །མཆོག་གི་ཚིག་གིས་ནི་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། རང་བྱང་ཆུབ་ཀྱི་བར་དུ་དེ་བྱེད་པའོ། །དེ་དག་གི་ཐབས་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ནོ། །དེ་དག་བདེ་བར་བགྱིད་པ་ནི་བར་ཆད་སེལ་པའི་ཕྱིར་རོ། །འཇི་སྲིད་འཇིག་རྟེན་འདས་པའི་ཡེ་ཤེས་མ་ཐོབ་པ་དེ་སྲིད་དུ་ལྡོངས་པའོ། །དེ་དག་གིས་དེ་སྐྱེད་པར་བྱེད་པའི་ཕྱིར་སྣང་བར་བགྱིད་པའོ། །འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་སྤོང་བར་བྱེད་པ་དེ་ནི་སྣང་བ་སྟེ། འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་ཉིད་དོ། །འདི་ཙམ་གྱིས་ནི་ཐེག་པ་དམན་པའི་དོན་


DTG089_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །བྱང་ཆུབ་སེམས་དཔའི་དོན་གྱི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་དོན་གྱི་ཕྱིར་གཙོ་བོ་སྟེ་དེ་ལ་དེ་ཉིད་སྒྲུབ་པ་ནི་དམིགས་པའི་བྱེ་བྲག་གི་སྤྱན་ལྔ་སྟེ་འཁོར་རོ། །ཐ་མི་དད་པས་ནི་དེ་ཉིད་སྤྱན་ཏེ་ཆོས་ཐམས་ཅད་དོན་དམ་པར་གཟིགས་པའི་ཕྱིར་རོ། །ཁྱབ་པར་གཟིགས་པ་ལ་བར་ཆད་གསུམ་སྟེ། གཏི་མུག་དང༌། མུན་པ་དང༌། རབ་རིབ་བོ། །དེ་ལ་གཏི་མུག་ནི་མི་ཤེས་པའོ། །མུན་པ་ནི་མུན་ནག་གོ །རབ་རིབ་ནི་མིག་གི་ནད་དོ། །དེ་དག་རབ་རིབ་མ་མཆིས་པར་བགྱི་བ་ནི་རྣམ་པར་འཇིག་པར་བྱེད་དོ། །རབ་རིབ་དང་བྲལ་བར་བགྱིད་བ་ནི་མདོར་བསྡུས་པ་སྟེ། ཐུན་མོང་ཡིན་པའི་ཕྱིར་རོ། །ཅི་ཞིག་སྐྱེད་པར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དོ། །དེ་དག་གི་ངོ་བོ་ཉིད་གསུམ་སྟེ་ཀུན་བརྟགས་པ་དང༌། གཞན་དབང་དང༌། ཡོངས་སུ་གྲུབ་པའོ། །བརྟགས་པ་ནི་མི་བྱེད་པ་སྟེ། དེ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་རོ། །གཞན་དབང་ནི་ཡང་དག་པ་མ་ཡིན་པ་ལ་ཀུན་ཏུ་རྟོག་པ་སྟེ། དེའི་གཉེན་པོ་ཉིད་ཡིན་པའི་ཕྱིར་དེ་མི་བྱེད་པའོ། །ཡོངས་སུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཏེ། ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱི་ཕྱིར་དེ་ཡང་མི་བྱེད་པའོ། །གལ་ཏེ་ཡང་དག་པའི་ཤེས་པ་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐོག་མ་མེད་པ་ནས་སེམས་ཀྱི་རྒྱུད་ལ་འཁྲུལ་པ་ལྡོག་པ་ཉིད་ན་ཡང་དག་པའི་ཡེ་ཤེས་གྲུབ་བོ། །འོ་ན་ཅི་ཞིག་བྱེད་ཅེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལམ་ལོག་པར་ཀུན་ཏུ་རྟོག་པ་དེ་དག་ལམ་རབ་ཏུ་བསྒོམས་པས་ཆོས་བདག་མེད་པའི་ཡེ་ཤེས་ལ་འཛུད་པར་བྱེད་དོ། །གང་གི་ལམ་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱིའོ། །འདི་ཙམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཡིན་པ་སྟེ་རྫོགས་སོ་ཞེས་བསྟན་ཏོ། །དེ་ནི་གཞན་གྱི་དོན་དུ་ཡང་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་གསུངས་པ་དེ་ནི་གཞན་གྱི་དོན་དུ་ཡང་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་དེའི་ཚེ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །འོ་ན་


DTG089_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་སྐྱེད་པ་དང་འགོག་པར་བྱེད་ཅིང་སྐྱེ་བ་དང་འགག་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་མི་སྐྱེད་པ་ཞེས་བྱ་བ་ནི་རྣམ་པར་དག་པའོ། །ཆོས་ཐམས་ཅད་མི་འགོག་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དག་སྟེ་དོན་དམ་པར་སྐྱེ་བ་དང་འགོག་པ་མེད་པ་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་སྣང་བའོ་ཞེས་བྱ་བར་དགོངས་སོ། །དེ་དག་དོན་དམ་པར་ནི་ཆོས་ཀྱི་དབྱིངས་ཏེ། དེའི་ཕྱིར་བྱིས་པ་ལ་སྣང་བའི་དངོས་པོ་དེ་དག་ནི་ཐོག་མ་མེད་པ་ནས་གཏན་དུ་མེད་པས་སྐྱེ་བ་དང་འགག་པ་དེ་དག་ནི་མེད་དེ་དེའི་ཕྱིར་དེ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཉེ་བར་བཟུང་སྟེ། ཡང་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་སུམ་པ་གསུངས་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུམ་ནི་སྐྱེད་པར་བྱེད་པའོ། །གང་གི་ཕྱིར་ཞེ་ན། ཆོས་རིན་པོ་ཆི་དེ་དག་ཉིད་ཐམས་ཅད་སྦྱིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་རྒྱུའི་གནས་སྐབས་མ་ལུས་པར་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་དེ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་བསྐྱེད་པའོ། །སངས་རྒྱས་མ་སྨོས་པ་དེ་ནི་སངས་རྒྱས་སྐྱེད་པར་བྱེད་པ་ཉིད་དུ་དོན་གྱིས་ཤེས་ཏེ། ཡང་དེ་ཙམ་གྱིས་སངས་རྒྱས་ཀྱི་ཡུམ་ནི་ཁྱད་པར་དུ་རྟོགས་པས་སོ། །དེའི་ཕྱིར་ཡང་ཡོན་ཏན་གྱི་ཁྱད་པར་དེ་ཉིད་སྟོབས་བཅུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་བྱེད་པའོ། །གང་ཞེ་ན་བཅུ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། བསམ་གཏན་དང་རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡན་པ་གསལ་བར་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང༌། དེ་དག་གི་མཚན་ཉིད་ནི་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལས་ཇི་སྐད་དུ་གསུངས་པ་ལྟ་བུའོ།།


DTG089_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྲིད་པ་དང་མི་སྲིད་པ་ནི་གནས་དང་གནས་མ་ཡིན་པ་སྟེ་དཔེར་ན་ཉེས་པར་སྤྱོད་པ་དག་ལས་རྣམ་པར་སྨིན་པ་མི་འདོད་པ་ནི་གནས་ཡིན་ལ། འདོད་པ་ནི་གནས་མ་ཡིན་པ་ལྟ་བུའོ། །ལས་དང་རྣམ་པར་སྨིན་པ་ནི་ལས་དང་རྣམ་པར་སྨིན་པའོ། །ཁམས་སྣ་ཚོགས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་ལ་སོགས་པ་སྐྱེད་པར་བྱེད་པའི་བསམ་པའོ། །མོས་པ་སྣ་ཚོགས་ནི་འདི་ལྟ་སྟེ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལ་དགའ་བར་རོ། །དབང་པོ་ནི་དད་པ་དང་བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་སྟེ་དེ་དག་གི་མཆོག་དང་མཆོག་མ་ཡིན་པ་ཉིད་འདི་ནི་དབང་པོ་རྣོན་པོའོ། །འདི་ནི་དབང་པོ་འབྲིང་ངོ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་ནི་འདི་ནི་འདོད་ཆགས་ཀྱི་གཉེན་པོའི་ལམ་མོ། །འདི་ནི་ཞེ་སྡང་གི་གཉེན་པོའི་ལམ་མོ་ཞེས་བྱ་བ་ལ་སོགས་པའོ། །བསམ་གཏན་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། ཀུན་ནས་ཉོན་མོངས་པ་ལ་སོགས་པ་སྟེ། དེ་ལ་ཀུན་ནས་ཉོན་མོངས་པ་ནི་རོ་མྱང་བ་ལ་སོགས་པའོ། །རྣམ་པར་བྱང་བ་ནི་མི་དམིགས་པ་ལ་སོགས་པའོ། །སྡོང་བ་ནི་སེང་གེ་རྣམ་པར་བསྒྱིངས་པའམ་འདུག་པའོ། །སྔོན་གྱི་གནས་ནི་སྔོན་གྱི་སྐྱེ་བའམ། དེ་རྗེས་སུ་དྲན་པ་ནི་དྲན་པའོ། །འཆི་འཕོ་བ་དང་སྐྱེ་བ་ནི་སེམས་ཅན་རྣམས་ཀྱི་འཆི་བ་དང་སྐྱེ་བའོ། །ཟག་པ་ནི་ཉོན་མོངས་པའོ། །གང་དེ་དག་ལས་གང་གིས་ཟད་པར་བྱེད་པ་དང༌། དེ་གཉིས་ཀ་ནི་ཟག་པ་ཟད་པའོ། །སེམས་ཅན་འདི་དག་ནི་གནས་དང་གནས་མ་ཡིན་པ་ལ་སོགས་པ་ཐམས་ཅད་དུ་ཡང་དག་པར་ཤེས་པ་ནི་འདིར་གནས་དང་གནས་མ་ཡིན་པ་ལ་སོགས་པ་མཁྱེན་པའོ། །དེ་ཉིད་སྟོབས་ཏེ་གཞན་གྱིས་མི་གནོད་ཅིང་ཟིལ་གྱིས་གནོན་པར་མི་ནུས་པ་གང་ལས་ཤེ་ན། མི་འཇིགས་པ་བཞི་བགྱིས་པའི་སླད་དུའོ་ཞེས་གསུངས་ཏེ། རིག་པ་སྨྲ་བ་ལས་སེང་གེ་ལྟར་ཤིན་ཏུ་འཇིགས་པ་མེད་པ་སྟེ། དེའི་དངོས་པོ་ནི་མི་འཇིགས་པ་ཉིད་དོ། །མི་འཇིགས་པ་ནི་བཞི་སྟེ། མངོན་


DTG089_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང༌། ཟག་པ་ཟད་པ་ལ་མི་འཇིགས་པ་དང༌། བར་དུ་གཅོད་པ་ལ་ལ་མི་འཇིགས་པ་དང༌། ངེས་པར་འབྱུང་བའི་ཆོས་རྣམས་ལ་མི་འཇིགས་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཟག་པ་ཟད་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ་དེ་གཉིས་ནི་རང་གི་དོན་ཏོ། །བར་དུ་གཅོད་པའི་ཆོས་ནི་མྱ་ངན་ལས་འདས་པའི་མི་མཐུན་པའི་ཕྱོགས་སོ། །ངེས་པར་འབྱུང་བའི་ཆོས་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་སྟེ། འདི་གཉིས་ནི་གཞན་གྱི་དོན་ཏེ་གཞན་ལ་དེ་དག་སྟོན་པའི་ཕྱིར་རོ། །མི་འཇིགས་པ་ནི་དེའི་དམ་བཅས་པ་དེ་དག་ལས་འཇོག་པ་ཞེས་བྱ་བའི་དོན་ཏེ་དེ་བྱེད་པའོ། །མགོན་མེད་པ་ནི་སེམས་ཅན་ཐོག་མ་མེད་པ་ནས་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་པ་དེ་དག་ཏུ་ཡང་སྐྱེ་བ་མེད་པས་དེ་དག་གི་མགོན་དང༌། སྐྱབས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེ་མཛད་པའོ། །འདི་ཙམ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་འདི་སྒྲུབ་པ་ཡིན་ནོ། །འདི་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་བསྒྲུབ་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་རྣམས་སོ། །དེའི་གཉེན་པོ་ནི་འཇོམས་པའོ། །ཆོས་ཀྱི་དབྱིངས་ཉིད་དེའི་བདག་ཉིད་ཆེན་པོ་མ་ཡིན་ནམ་ཞེ་ན། ཐར་ཟུག་ཏུ་གནས་པ་མ་མཆིས་པའོ་ཞེས་བྱ་བ་གསུངས་ཏེ། གལ་ཏེ་ཆོས་ཀྱི་དབྱིངས་གཉེན་པོ་ཡིན་ན་ནི་ཐེར་ཟུག་ཏུ་གནས་པ་ཐོག་མ་དང་ཐ་མ་མེད་པར་ངོ་བོ་གཅིག་པ་ཉིད་ཀྱི་ཕྱིར་དེའི་ཚེ་དང་པོ་ཉིད་ནས་འཁོར་བ་མེད་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོག་མ་ཡོད་པ་ཡིན་ཏེ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་ཡིན་ཡིན་པས་སེམས་དེའི་གཉེན་པོ་ཡིན་ནོ། །འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ནས། ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་དོན་དམ་པའོ། །དེ་བསྟན་པ་ནི་དེ་སྣང་བར་བྱེད་པའི་ཕྱིར་ཏེ། རང་དང་གཞན་གྱི་དོན་ཏོ། །གཞན་གྱི་དོན་གྱི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་གིས་ཉམས་སུ་མྱོང་བ་མེད་པའི་ཕྱིར་


DTG089_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པའོ། །ཆོས་ཀྱི་འཁོར་ལོ་ལན་གསུམ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་ནི་བསྟན་པའོ། །དེ་ཉིད་ནི་འཁོར་ལོ་སྟེ་གདུལ་བྱའི་རྒྱུད་ལ་འཕོ་བའི་ཕྱིར་རོ། །དེ་བསྐོར་བ་ནི་བསྐོར་བར་བྱེད་པ་སྟེ། སངས་རྒྱས་རྣམས་ཀྱིས་དེ་ཉིད་དེར་བསྐོར་བའོ། །དེ་ལ་ཆོས་ཀྱི་འཁོར་ལོ་ནི་བདེན་པ་བཞིའོ། །དེ་ལན་གསུམ་དུ་བསྐོར་བ་སྟེ། འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་སྟེ། བདེན་པ་བཞིའི་ངོ་བོ་ཉིད་ཡོངས་སུ་གཅོད་པ་སྟེ་བསྐོར་བ་དང་པོའོ། །དེ་ཉིད་གོ་རིམས་བཞིན་ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་དང༌། མངོན་སུམ་དུ་བྱ་བ་དང༌། བསྒོམ་པར་བྱ་བ་ཡོངས་སུ་གཅོད་པ་ནི་བསྐོར་བ་གཉིས་པའོ། །དེ་ཉིད་བདག་གིས་ཡོངས་སུ་ཤེས་པ་ཉིད་དང༌། སྤངས་པ་དང༌། མངོན་སུམ་དུ་བྱས་པ་དང༌། བསྒོམས་པར་ཡོངས་སུ་གཅོད་པ་ནི་ཡོངས་སུ་བསྐོར་བ་གསུམ་པའོ། །སྡུག་བསྔལ་གྱི་བདེན་པའི་ངོ་བོ་དང༌། སྡུག་བསྔལ་ཉིད་དུ་ཤེས་པར་བྱ་བ་དང༌། སྡུག་བསྔལ་ཉིད་དུ་ཤེས་པ་དེ་ནི་རྣམ་པ་གསུམ་མོ། །ཀུན་འབྱུང་གི་བདེན་པའི་ངོ་བོ་ཉིད་དང༌། སྤང་བར་བྱ་བ་ཉིད་དང༌། སྤངས་པ་ཉིད་དེ་ནི་རྣམ་པ་གསུམ་མོ། །འགོག་པ་བདེན་པའི་ངོ་བོ་ཉིད་དང༌། མངོན་དུ་བྱ་བ་ཉིད་དང༌། མངོན་སུམ་དུ་བྱས་པ་ཉིད་དེ་ནི་རྣམ་པ་གསུམ་མོ། །ལམ་གྱི་བདེན་པ་དེའི་ངོ་བོ་ཉིད་དང༌། བསྒོམ་པར་བྱ་བ་ཉིད་དང༌། བསྒོམས་པ་ཉིད་དེ་ནི་རྣམ་པ་གསུམ་སྟེ། དེའི་ཕྱིར་རྣམ་པ་བཅུ་གཉིས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ལ་ཡང་ཀུན་ནས་ཉོན་མོངས་པ་ནི་འགོག་པ་ཡང་མ་ཡིན་ཏེ། འཇིག་པའི་རྒྱུ་རྣམས་ཀྱིས་ཅུང་ཟད་ཀྱང་བྱས་པ་མེད་པའི་ཕྱིར་རོ། །རྣམ་པར་བྱང་བ་རྣམས་བསྐྱེད་པ་ཡང་མེད་དེ་ལོག་པའི་ཤེས་པ་ལོག་པས་སེམས་ཙམ་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་ཉིད་སྐྱེ་བ་མ་ཡིན་ནམ་ཞེ་ན། མཐའི་སྐད་ཅིག་མ་སྐྱེས་པ་ཉིད་ཀྱིས་རྒྱུན་འགོག་པ་ཉིད་ཀྱི་ཕྱིར་ཏེ་མི་འགག་པ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ལོག་པའི་ཤེས་པ་སྔར་འགོག་པ་ན་ཡང་དག་པའི་ཡེ་ཤེས་ཉིད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར། འགོག་པ་དངོས་པོ་མེད་པ་ལ་རྒྱུ་ཉིད་མི་རིགས་


DTG089_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ལ་སེམས་ཉིད་མི་མཐུན་པའི་ཕྱོགས་འགག་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ཕྱིར་རོ། །གཞན་དུ་འཁྲུལ་པ་ཐམས་ཅད་ལོག་པའི་དུས་སུ་ཡང་དག་པའི་ཤེས་པ་མེད་པར་འགྱུར་རོ། །དེ་ནི་བསྒོམ་པའི་ལམ་གྱི་ངོ་བོ་ཉིད་དོ། །བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནས་མཁྱེན་པ་ཐོབ་པ་ཞེས་བྱ་བའི་བར་གྱིས་ནི་མཆོག་བསྟན་ཏོ། །གནས་པར་གྱི་ཞེས་བྱ་བ་ནི་མཆོད་པ་དག་གིས་འཇུག་པར་བྱའོ། །ཡིད་ལ་བགྱི་ཞེས་བྱ་བ་ནི་བླ་མར་རྗེས་སུ་དྲན་པའོ། །ཕྱག་འཚལ་བར་བགྱི་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱིས་སོ། །གཞི་ནི་སྐབས་སོ། །འདྲི་བ་ནི་གཏན་ཚིགས་སོ། །བཅོམ་ལྡན་འདས་མ་མཆོག་ཉིད་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པས་ཡོངས་སུ་ཟིན་པ་ནི་དམིགས་པ་ཅན་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཕ་རོལ་ཏུ་ཕྱིན་པ་ལྔའི་བདག་ཉིད་ཀྱི་བསོད་ནམས་ལས་ཁྱད་པར་དུ་གྱུར་པ་ནི་མཆོག་སྟེ། གཞི་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་འདི་ནི་དེ་དག་གི་ཡོངས་སུ་འདྲེན་པ་སྟེ་དེ་ནི་མཆོག་ཉིད་ཀྱི་རྒྱུའོ། །ཡོངས་སུ་འདྲེན་པ་མེད་པ་ཞེས་བྱ་བ་ནི་ཡོངས་སུ་འདྲེན་པ་དང་བྲལ་བའོ། །སྐལ་བ་མེད་པ་ནི་མི་རུང་བའོ། །དམུས་ལོང་ནི་དེ་དང་འདྲ་བའོ། །ལྷག་མ་ནི་རྟོགས་པར་སླ་སྟེ་དེ་ནི་མཆོག་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་ནས་བཀའ་སྩལ་པ་གཉིས་པ་ཡན་ཆད་ཀྱིས་མངོན་པར་སྒྲུབ་པ་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྒོམ་པའི་ལམ་མོ། །གང་ཕུང་པོ་ལྔ་ནས་ཆོས་ཐམས་ཅད་ཀྱི་བར་དུ་མངོན་པར་འདུ་མི་བྱེད་པ་ནི་མངོན་པར་སྒྲུབ་པའོ། །ཡན་ལག་གི་དོན་ནི་རྟོགས་པར་སླའོ། །དེ་ནི་མངོན་པར་འདུ་མི་བྱེད་པ་ནི་སྒྲུབ་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་གྲངས་སུ་འགྲོའོ་ཞེས་བྱ་བ་ལ། ཆོས་གང་ཞེས་བྱ་བ་ནི་ཟག་པ་མེད་པའོ། །ཆོས་གང་ཡང་ཐོབ་པར་བྱེད་པ་མེད་ཅེས་བྱ་བ་ནི་ཆོས་རྣམས་མི་དམིགས་པས་ཐོབ་པར་བྱེད་པ་ནི་གཏོད་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་ཤཱ་རིའི་བུ་ཞེས་བྱ་བ་ཡན་ཆད་ཀྱིས་ནི་དོན་ཆེན་པོ་བསྟན་ཏེ། གལ་ཏེ་


DTG089_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གང་ཡང་ཐོབ་པར་མི་བྱེད་ན། འོ་ན་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པ་མ་ཡིན་ནོ་ཞེས་བསམས་ནས། བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ཐོབ་པར་མི་བྱེད་པ་དེ་རྣམ་གྲངས་འགའ་ཞིག་གིས་ཐོབ་པར་བྱེད་པའོ་ཞེས་བཅོམ་ལྡན་འདས་ཀྱིས་ཀཽ་ཤི་ཀ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམིགས་པ་ནི་བྱིས་པས་གཟུང་བའི་དངོས་པོའོ། །མིང་ནི་འདུ་ཤེས་སོ། །འདུ་བྱེད་ནི་རྟག་པའོ། །ཇི་ལྟར་ཐོབ་པར་བྱེད་པ་དེ་ཞུས་པ་ནི་འོ་ན་ཞེས་བྱ་བ་ལ་སོགས་པའོ། །ལན་ནི་ཀཽ་ཤི་ཀ་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་ཐོབ་པར་མི་བྱེད་པ་དེ་ལྟར་ཆོས་རྣམས་ཐོབ་པ་སྟེ། གང་ཡང་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པར་རོ། །བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་སྐྱེ་བ་ལ་སོགས་པ་རྣམ་པར་རྟོག་པའི་ཕྱིར་ཞེས་བྱ་བར་དགོངས་སོ། །མི་སྐྱེ་བ་དང་མི་འགོག་པ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དེས་ན་གནས་པ་ཡང་མ་ལགས་པ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟ་བུར་ཡང་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཉིད་དུ་མ་འཚལ་བར་བགྱིད་པའོ། །རིང་དུ་བགྱིད་ཅེས་བྱ་བ་ནི་ཡང་དག་པར་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ། །གསོག་ཏུ་བགྱིད་ཅེས་བྱ་བ་ནི་མངོན་སུམ་དུ་གྱུར་ཀྱང་ཡེ་ཤེས་དེའི་མཚན་ཉིད་མེད་པའི་ཕྱིར་རོ། །གསོབ་ཏུ་བགྱིད་ཅེས་བྱ་བ་ནི་དེའི་འབྲས་བུ་མེད་པའི་ཕྱིར་རོ། །མི་བགྱིད་ཅེས་བྱ་བ་ནི་སྐྱེད་པར་མི་བྱེད་པའོ། །རྣམ་གྲངས་འདི་ཡོད་དོ་ཞེས་བྱ་བ་ནི་ཇི་ལྟར་ཁྱོད་ཀྱིས་བསྟན་པ་ལྟར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེ་རིང་དུ་བྱེད་པ་ལ་སོགས་པ་ག་ལས་ཞེས་བྱ་བའོ། །ཡོངས་སུ་གསལ་བར་ཞེས་བྱ་བ་ནི་བསྟན་པ་སྟེ། གཟུགས་ནས་སངས་རྒྱས་ཉིད་ཀྱི་བར་དུ་གསལ་བར་བྱས་པ་མ་ཡིན་པའི་ཕྱིར་རོ། །གཟུགས་ནས་སངས་རྒྱས་ཉིད་ཀྱི་བར་དུ་མ་ཡིན་ཞེས་བྱ་བ་ནི་ཆོས་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཆོས་ཅུང་ཟད་མཐོང་ན་ནི་རིང་དུ་བྱེད་པར་འགྱུར་ཏེ། མི་བགྱིད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །རྣམ་གྲངས་གང་གིས་ཞེས་བྱ་བ་ནི་ཆེན་པོ་ཉིད་གང་ལགས་ཞེས་བྱ་བར་


DTG089_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པའོ། །རབ་འབྱོར་གྱིས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ཞུས་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བསམས་པའོ། །མ་གཡེངས་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་ཞེས་བྱ་བ་ནི་དོན་ཆེན་པོ་ཉིད་ཡིན་ན་ཡང་ངོ༌། །ཡང་གི་སྒྲ་ནི་ལྷག་པའི་བསམ་པའི་དོན་ཏོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྒྱུ་མཐུན་པ་ཞེས་བྱ་བ་ནི་དེའི་རྗེས་ལས་སྐྱེས་པའི་ངེས་པའི་ཤེས་པ་སྟེ། །གང་སེམས་ཅན་ལ་དམིགས་པ་ཞེས་བྱ་བ་དང་སྦྱར་རོ། །སེམས་ཅན་དང༌། གང་ཟག་དང༌། རྫས་དེ་དང་འདྲ་བར་ངོ་བོ་ཉིད་མེད་པའི་རང་བཞིན་ཅན་ཏེ། ངོ་བོ་ཉིད་ནི་མཚན་ཉིད་དོ། །རང་བཞིན་ནི་སྐྱེ་བ་སྟེ་དེ་དག་མེད་པའོ། །སེམས་ཅན་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་ཀྱི་བཤད་པའོ། །སེམས་ཅན་གྱི་རང་བཞིན་སྐྱེ་བ་མེད་པ་དེས་ན་ལྷག་མ་གཞན་ཡང་རྟོགས་པར་སླའོ། །དབེན་པ་ཞེས་བྱ་བ་ནི་སྟོང་པའོ། །བསམ་པ་ནི་དམིགས་པའོ། །མངོན་པར་རྫོགས་པར་འཚང་རྒྱ་བ་ནི་མངོན་སུམ་དུའོ། །དེ་མེད་པ་ནི་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཉིད་དོ། །དོན་ཇི་ལྟ་བ་ནི་ཡང་དག་པར་ཡོད་པའི་དོན་ཏོ། །དེ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ནི་མི་འཛིན་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་སེམས་ཅན་སྟོབས་ཡང་དག་པར་སྒྲུབ་པ་ནི་སྟོབས་རྫོགས་པ་ཅུང་ཟད་ཀྱང་མེད་དེ། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ༌། །མངོན་པར་སྒྲུབ་པའི་ཡན་ལག་ལྔ་བསྟན་ནས། དྲུག་པ་མོས་པའི་རྒྱུ་དང༌། བདུན་པ་སྤོང་པའི་རྒྱུ་ཡང་བསྟན་ཏེ་དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། སངས་རྒྱས་བསྟན་དང་སྦྱིན་སོགས་དང༌། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱིས་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །ཞེས་གསུངས་ཏེ། ཚིག་གསུམ་གྱིས་ནི་མོས་པའི་རྒྱུ་གསུམ་བསྟན་ཏོ། །ཚིག་གཞན་ལྔ་ནི་སྤོང་བ་སྟེ་ཆོས་ཀྱིས་ཕོངས་པའི་རྒྱུ་བཞི་བསྟན་ཏོ། །མ་མོས་པ་ནི་མོས་པའོ། །འདི་ལ་མོས་


DTG089_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བསྒོམ་པའི་ལམ་འདི་ཉིད་ལ་མོས་པའོ། །དེ་ཉིད་དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་ནས་རྨོངས་པར་མི་འགྱུར་ཞེས་བྱ་བའི་བར་གྱིས་གསུངས་ཏེ། མོས་པ་ཞེས་བྱ་བ་ནི་ངེས་པའི་དངོས་པོ་ཉིད་ལ་དེ་བཞིན་དུ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མོས་པ་སྟེ་དེ་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཚིག་གསུམ་གྱིས་རྣམ་པ་གཞན་བཀག་པས་དེ་ལ་མོས་པའི་མཚན་ཉིད་གསུངས་ཏེ། དེ་ལ་ནེམ་ནུར་ནི་གནོད་པ་སྟེ་གནོད་པར་བྱ་བ་དང༌། གནོད་པར་བྱེད་པ་མེད་པའི་ཕྱིར་ནེམ་ནུར་མེད་པའོ། །ཐེ་ཚོམ་ནི་ཡིད་གཉིས་སོ། །རྨོངས་པ་ནི་མི་ཤེས་པའོ། །དེ་ནི་རྣམ་པ་གཞན་གསུམ་སྟེ་དེ་ནི་མོས་པའོ། །མོས་པའི་རྒྱུ་ནི་གསུམ་སྟེ། དེ་ལ་དྲན་པ་གཉིས་ནི་གང་ནས་ཤི་འཕོས་ནས་འདིར་སྐྱེས་བ་དང༌། ཡུན་ཇི་སྲིད་ཅིག་ཏུ་སྤྱད་པའོ། །དེ་ཞེས་བྱ་བ་ནི་གང་མོས་པར་བྱེད་པ་དང༌། མོས་པ་དང༌། མོས་པར་བྱ་བའི་མཚོན་པའོ། །དེའི་ཕྱིར་དེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཉིད་ཅེས་བྱ་བ་ནི་མངོན་པར་རྟོགས་པ་བརྒྱད་པོ་དག་གོ །དོན་གྱི་ཚུལ་ཞེས་བྱ་བ་ནི་ཇི་ལྟར་དེ་དག་གི་རང་ཉིད་ཀྱི་དངོས་པོ་རྣམས་སོ། །ཆོས་ཉིད་ཅེས་བྱ་བ་ནི་མིང་དང་ཚིག་དང་ཡི་གེ་འདི་རྣམས་ཉིད་ཀྱིས་སོ། །ཆོས་ཀྱི་ཚུལ་ཞེས་བྱ་བ་ནི་བསྡུས་པ་དང་རྒྱས་པ་ལ་སོགས་པ་རྣམས་ཀྱིས་སོ། །རྗེས་སུ་རྟོགས་པའི་ཕྱིར་རྗེས་སུ་འགྲོ་བའོ། །དེ་བཞིན་དུ་ཤེས་པའི་ཕྱིར་རྗེས་སུ་འཚལ་བའོ། །རྫོགས་པར་བགྱི་བ་ཞེས་བྱ་བའི་དེ་ཁོ་ན་བཞིན་དུ་གཞན་རྣམས་ལའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྟགས་གང་གི་ཕྱིར་རོ། །ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པས་ནི་རྟགས་གསུངས་ཏེ། བདག་གིས་མཐོང་ངོ་ཞེས་བྱ་བ་ནི་བདག་གིས་མཐོང་བའོ། །བརྗོད་པར་འདོད་པ་དག་ལ་འབྲེལ་པའི་དྲུག་པ་ཡིན་ཏེ། དཔེར་ན་ལེགས་པར་བཤད་པའི་སློབ་པ་དང༌། མེ་རྣམས་ཀྱིས་ཤིང་གི་མི་ཅོག་ཅེས་བྱ་བ་ལྟ་བུའོ། །རྣ་བླགས་པ་ཞེས་བྱ་བ་ནི་རྩེ་གཅིག་པ་དང་ལྡན་པར་བྱེད་པའོ། །གུས་པར་བྱ་སྟེ་ཞེས་བྱ་བ་ལ་གུས་པ་འམ་འདོད་པ་ཉིད་དོ། །རྣམ་པར་བཅད་པར་མི་བྱེད་པའི་ཕྱིར་བར་ཆད་མི་བྱེད་པའོ། །ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པའོ། །འདི་ལ་བསྲུང་བའི་ངང་ཚུལ་


DTG089_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་ན་ཡུན་རིང་པོར་སྤྱད་པ་ཅན་ནོ། །གང་གིས་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་སངས་རྒྱས་ལ་བརྟེན་པ་དང༌། སྦྱིན་པ་ལ་སོགས་པ་ལ་སྤྱད་པ་དག་གོ །མོས་པའི་རྒྱུ་གསུམ་ཐབས་ལ་མཁས་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། གནས་བརྟན་རབ་འབྱོར་ཞེས་བྱ་བའི་བར་གྱིས་གསུངས་ཏེ། ནུས་སམ་ཞེས་བྱ་བ་ནི་ཟུར་གྱིས་དྲིས་པའོ། །མཉན་པ་ནི་ཚིག་ལས་སོ། །རྟོགས་པ་ནི་དོན་ལས་སོ། །བསམ་པ་ནི་དུས་ཕྱི་མར་དྲན་པའོ། །བསྐྱེད་པ་ནི་བསམ་པའི་དུས་སོ། །སྒོམ་དུས་སུ་སེམས་ལ་བརྟན་པར་བྱེད་པའི་ཕྱིར་ཉེ་བར་གཟུང་བའོ། །འདིའི་ཞེས་བྱ་བ་ནི་སོ་སོར་སྣང་བའོ། །དེ་འདི་ན་ཞེ་འམ་ཞེས་བྱ་བ་ནི་སྣང་བ་ནའོ། །འདིས་ནི་ཞེས་བྱ་བ་ནི་སོ་སོར་སྣང་བས་སོ། །རྣམ་པ་ནི་མཚོན་པས་སོ། །དཔེར་ན་བ་ལང་གི་ལྐོག་ཤལ་ལ་སོགས་པ་དང་ལྡན་པས་སོ། །རྟགས་ནི་བཅོས་པའི་མཚོན་པ་སྟེ། དཔེར་ན་བ་ལང་བུམ་པ་ལ་སོགས་པ་དང་ལྡན་པས་སོ། །མཚན་མ་ནི་ངོ་བོ་ཉིད་ཀྱིས་མཚོན་པ་སྟེ། དཔེར་ན་བ་ལང་དཀར་པོ་ཉིད་ལ་སོགས་པའོ། །བསྟན་པ་ནི་གཞན་དག་ལའོ། །མཉན་པ་ནི་གཞན་དག་ལས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་སོ། །ཕུང་པོ་ཞེས་བྱ་བ་ལ་སོགས་པས་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱིས་སོ། །ཡང་ན་གཟུགས་ཀྱི་ཕུང་པོ་ནས། ཆོས་ཀྱི་སྐྱེ་མཆེད་ཀྱི་བར་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་དབེན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་སོ། །དེ་ཡང་ག་ལས་ཤེ་ན། དེ་དག་རང་གི་ངོ་བོ་ཉིད་མེད་པའི་ཕྱིར་ཀུན་བརྟགས་པའི་ཆོས་ཀྱི་ངོ་བོ་ཉིད་ཅེས་བྱ་བར་དགོངས་སོ། །གཞན་ཡང་མེད་པ་ཞེས་བྱ་བ་ལ་གཞན་ན་མེད་པ་དེ་ནི་དོན་དམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དྲིས་པའོ། །ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ཕུང་པོ་ལ་སོགས་པ་ཉིད་རྣམ་པར་རིག་པའི་ངོ་བོ་སྟེ་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དུ་རྣམ་པར་ཀུན་ཏུ་བརྟགས་པ་ནི་སྟོང་པའོ། །དེ་ལ་དེས་སྟོང་པ་ཉིད་རྣམ་པར་རིག་པ་ཙམ་སྟེ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་བས་


DTG089_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དེ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེ་ན། སྟོང་ཞིང་དབེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་སུ་མེད་པ་ནི་ཕུང་པོ་ལ་སོགས་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུའོ། །གང་ཆོས་ཐམས་ཅད་མི་དམིགས་པ་ཞེས་བྱ་བ་ལ་བྱ་བ་གསལ་བ་ཙམ་ནི་མི་དམིགས་པའི་མཚན་ཉིད་དོ། །དེ་ལ་ལོག་པ་ཙམ་ནི་མི་དམིགས་པའོ། །གང་ཡང་རྟོགས་པར་བྱ་བ་དང༌། རྟོགས་པར་བྱེད་པའི་རྒྱུ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་ཚིག་གིས་སོ། །གང་མི་དམིགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཕུལ་དུ་བྱུང་བའི་ཤེས་པ་ཉིད་ཀྱི་ཕྱིར་དང༌། ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ན་ནི་གལ་ཏེ་ཕུང་པོ་ལ་སོགས་པའི་སྟོང་པ་ཉིད་ཉམས་སུ་མྱོང་ཡང་ཕུང་པོ་ལ་སོགས་པ་ཤེས་པར་འགྱུར་ཏེ། ཉ་ཕྱིས་མཐོང་ན་དངུལ་ལ་སོགས་པ་ཤེས་པ་བཞིན་ནོ། །འདི་ཉིད་བསྟན་པའི་ཕྱིར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་མི་དམིགས་པ་ཇི་ལྟར་ཉམས་སུ་མྱོང་ཞིང་ངེས་པ་སྐྱེས་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། ཚད་མས་གྲུབ་པ་ཡིན་པའི་ཕྱིར་དེ་གྲུབ་པས་ཕུང་པོ་ལ་སོགས་པ་མེད་པར་ངེས་སོ། །ཉ་ཕྱིས་མཐོང་ནས་ཉ་ཕྱིས་ལ་ངེས་པ་ཐེ་ཚོམ་སྐྱེས་པ་བཞིན་ཏེ། དེ་ཉིད་གང་ཇི་ལྟར་ཡོད་པ་དང༌། མེད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་ཡོད་པ་དང༌། མོས་པ་དེ་ཐམས་ཅད་ཡང་དག་པར་རྟོགས་པ་ནི་ཐབས་ལ་མཁས་པ་སྟེ། མོས་པའི་རྒྱུ་གསུམ་པའོ། །ཆོས་ཀྱིས་ཕོངས་པ་བརྗོད་པར་བྱ་སྟེ། དེ་ཡང་ཡང་དག་པའི་ཆོས་སྤོང་བའོ། །ག་ལས་ཤེ་ན། ཆོས་ཀྱིས་ཕོངས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཆོས་ཀྱིས་ཕོངས་པ་ནི་རྒུད་པ་སྟེ། ངན་སོང་དུ་ཡུན་རིང་པོར་གནས་པས་དེ་ཐོས་པ་མེད་དེ། ཡུན་རིང་པོར་ངན་སོང་དུ་གནས་པའི་རྒྱུ་ཉིད་ཀྱི་ཕྱིར་ཆོས་ཀྱིས་ཕོངས་པའི་རྒྱུ་ཉིད་དོ། །དེའི་ཕྱིར་ཆོས་ཀྱིས་ཕོངས་པའོ། །དེ་ཉིད་ནི་ཆོས་ཀྱིས་ཕོངས་པར་འགྱུར་བ་ལས་སོ། །དེར་འགྱུར་བ་ནི་དེས་བྱས་པའོ། །སྐབས་དེ་ཉིད་ནི་གནས་བརྟན་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།


DTG089_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་བསྒོམ་པའི་ལམ་མོ། །དེ་ལ་རྣལ་འབྱོར་དུ་བགྱིད་པ་ནི་མཉམ་པར་གཞན་པ་ཐོབ་པའོ། །རྣམ་པར་ཕྱེ་སྟེ་ཞེས་བྱ་བ་ལ་ཇི་ལྟར་རྣམ་པར་དབྱེ་ཞེ་ན། གང་དག་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱོད་པ་དང༌། གང་དག་མི་སྤྱོད་པའོ། །ག་ལས་ཤེས་ཤེ་ན་དད་པ་ལ་སོགས་པའི་དབང་པོའི་རིམ་པ་སྣ་ཚོགས་པས་སོ། །དེ་ཉིད་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་མ་དད་པ་དེ་དག་འབྱུང་ངོ་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་རྣམས་ཀྱི་དྲུང་དུ་ཞེས་བྱ་བ་དེ་ནི་ཉེ་བ་ན་ཞེས་བྱ་བའི་དོན་ཏོ། །མ་དད་པ་ཞེས་བྱ་བ་ནི་མ་གུས་པ་ཉིད་དོ། །མ་དད་པས་ནི་བཅོམ་ལྡན་འདས་མ་ལ་བསྙེན་བཀུར་མི་བྱེད་པའོ། །མི་འདྲི་བ་ཉིད་ནི་སངས་རྒྱས་རྣམས་ལའོ། །དེའི་ཕྱིར་ཞེས་བྱ་བ་ནི་དད་པ་དང་བྲལ་བའི་ཕྱིར་རོ། །ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་པ་ནི་དམ་པའི་ཆོས་སྤོང་བ་སྟེ་ལན་ཅིག་བྱས་པའོ། །བསགས་པ་ནི་ཡང་ནས་ཡང་དུ་བྱེད་པའི་ཕྱིར་རོ། །ཀུན་ནས་བསགས་པ་ནི་ཡོངས་སུ་རྫོགས་པའོ། །ཉེ་བར་བསམས་པ་ནི་རྣམ་པར་སྨིན་པ་འབྱིན་པའི་ནུས་པ་ཐོབ་པའོ། །ལུས་ཀྱིས་ཉན་དུ་འགྲོ་བ་ནི་མཐུན་པར་མི་བྱེད་པའོ། །སེམས་ཀྱིས་ཞེས་བྱ་བ་ནི་རྣམ་པར་གཡེངས་པའོ། །ངག་གིས་ནི་སྐབས་མ་ཡིན་པའི་ཚིག་བརྗོད་པའོ། །དེ་ལྟར་མཐུན་པ་ཞེས་བྱ་བ་ནི་ཡང་དག་པར་ཉན་པའོ། །མི་མཐོང་བ་ནི་དོན་ནོ། །ཁོང་དུ་མི་ཆུད་པ་ནི་ངོ་བོ་ཉིད་གསུམ་གྱི་དབྱེ་བའོ། །དེས་ནི་མི་རིག་གོ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་རྟོགས་པའོ། །མ་དད་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་དེ་དག་གི་མཇུག་སྡུད་པ་ནི་དེ་དག་ཆོས་ཀྱིས་ཕོངས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤངས་པར་འགྱུར་ཞེས་པ་ནི་ཡིད་ཀྱིས་ཡོངས་སུ་དོར་བའོ། །དབང་གཟས་པ་ནི་ཚིག་གིས་སོ། །མི་སྙན་པར་བརྗོད་པ་ནི་སྨོད་པའོ། །མ་རུངས་པར་བྱས་པ་ནི་སུན་པར་བྱས་པའོ། །བསྲེགས་པ་ནི་དགེ་བའི་རྩ་བ་བསྲེགས་པའི་ཕྱིར་རོ། །མོས་པ་ན་དབང་དུ་བྱེད་པའོ། །དེ་ཟློག་པ་ནི་ལྷོད་པའོ། །དེའི་ཕྱིར་མོས་པ་ཟློག་པ་ནི་ལྷོད་པར་བྱེད་པའི་ཕྱིར་རོ། །འབྲལ་བར་བྱེད་ཅེས་བྱ་བ་ནི་ཡིད་ཀྱིས་གཏོང་བར་བྱེད་པའོ། །ལྡོག་པར་བྱེད་པ་ནི་ཡང་མི་འཛིན་པའི་ཕྱིར་རོ། །འདི་ཡན་ཆད་ཀྱིས་ནི་སྤངས་པར་འགྱུར་བ་བསྟན་ཏོ། །དབང་གཟས་པར་


DTG089_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ནི་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་སྙན་པར་བརྗོད་པར་འགྱུར་བ་ནི་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྱོར་བར་འགྱུར་བ་དང༌། ཡོངས་སུ་འཕངས་པར་འགྱུར་བ་དང༌། ཕྱི་རོལ་དུ་འགྱུར་བ་ཞེས་བྱ་བ་ནི་དོན་གཅིག་གོ །ཐམས་ཅད་ཇི་ལྟ་བ་དང༌། དེ་བཞིན་དུ་ཐམས་ཅད་ཀྱི་ཡན་ལག་དང༌། ཐམས་ཅད་ཇི་ལྟ་བ་ཡིན་པ་དང༌། དེ་བཞིན་དུ་རྣམ་པ་ཐམས་ཅད་དོ། །ཉེ་བར་གནས་པ་ནི་བྱས་པའོ། །ཀུན་ནས་བསླང་བ་ནི་ཉེ་བར་བསགས་པའོ། །སྡུད་པ་ནི་རབ་ཏུ་འཇིག་པ་སྟེ། འོག་གི་མནར་མེད་པ་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མེས་ཟད་པའོ། །འདོར་བ་ནི་དེ་མེས་འཇིག་པ་ན་སྲིད་པ་བར་མ་དོའི་ལུས་ཀྱིས་སོ། །སྐྱེ་བ་ནི་བར་མ་དོའི་ལུས་ཀྱིས་སོ། །ལྷན་ཅིག་ཏུ་ཞེས་བྱ་བ་ནི་ཡོད་པའོ། །གང་ལ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བ་ལ་དེ་སྐད་ཅེས་བྱའོ། །གཟུགས་བརྙན་ལ་སོགས་པའི་ཚིག་གསུམ་ནི་དོན་མཐུན་ནོ། །དེ་དག་ལས་གང་གི་དོན་དུ་རྙེད་པ་དང་བཀུར་སྟི་བྱིན་པའོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་དེ་དག་ལ་མི་ལྟ་བ་དེ་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལོ་འདབ་ཤམ་པ་ཀ་ཞེས་བྱ་བ་ཡོངས་སུ་སྨིན་པ་ན། དེས་རིག་པའི་ལོ་མ་རྣམས་ཀྱང་ཉམས་པར་བྱེད་དོ། །རང་བཞིན་ནི་སྐྱེ་བའོ། །གང་ལ་ཤམ་པ་ཀ་ལྟ་བུའི་རང་བཞིན་ཡོད་པ་ནི་ཤམ་པ་ཀ་ལྟ་བུའི་རང་བཞིན་ཅན་ནོ། །ནག་པོ་ནི་རྩྭའི་ཁྱད་པར་རོ། །ཐ་མལ་པའི་སྐད་དུ་ནི་ཀཎ་ཎ་ཞེས་བྱའོ། །དེ་ཡང་ཞིང་ལས་མ་བསལ་ན་ནི་ཞིང་རླག་པར་བྱེད་དོ། །རང་བཞིན་ཅན་ནི་གྲུབ་པའོ། །དེ་དག་ལ་ནག་པོ་དང་འདྲ་བ་ཡོད་པས་ན་ནག་པོའི་རང་བཞིན་ཅན་ནོ། །སྦྲུལ་ནག་པོ་ནི་སྦྲུལ་ནག་པོ་སྟེ་དུག་དང་བཅས་པའོ། །དེས་རེག་པ་དང་བལྟས་པ་ཙམ་གྱིས་གསོད་པའོ། །ཚུལ་མ་ཡིན་པས་ཞེས་བྱ་བ་ནི་དད་པ་དང༌། མཉན་པ་ལ་སོགས་པའི་ལམ་མ་ཡིན་པས་སོ། །བརླག་པ་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལོ། །མི་བཟད་པ་དང་ནད་ཅེས་བྱ་བ་ནི་ཆེན་པོ་དང་ནད་དོ། །འགྱུར་བ་ཞེས་བྱ་བ་ནི་རེག་པའོ། །རེག་པ་ནི་ཐོབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །སྣང་བ་ནི་སྐབས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཤེས་པའོ། །དཀར་པོའི་སྐལ་བ་ཅན་ནི་དགེ་བའི་རྩ་བའི་ཆའོ། །དེ་དང་ལྡན་པ་ནི་


DTG089_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་སྐལ་བ་ཅན་ནོ། །ཕྲད་པ་ནི་ལྡན་པའོ། །ལྷག་མ་ནི་རྟོགས་པར་སླ་སྟེ་དེ་ནི་ཆོས་ཀྱིས་ཕོངས་པའོ། །དེ་སྐད་ཅེས་བཀའ་སྩལ་བ་དང་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཕྱིར་བདུད་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་གསུངས་སོ། །ཆོས་ཟབ་མོ་དག་ལ་མ་མོས་པ་ནི་དེ་དག་ལ་དད་པ་མེད་པར་བསྟན་ཏོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་རྣམ་པ་བཞི་གསུངས་ཏེ། བདག་ལ་བསྟོད་པ་དང༌། གཞན་ལ་སྨོད་པ་དང༌། ཉེས་བའི་ཀླན་ཀ་ཚོལ་བ་ཚོགས་གཅིག་ཏུ་བྱས་ཏེ། དེ་ཉེད་ཀྱི་ཕྱིར་རྣམ་པ་བཞི་པོ་དེ་དག་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཕོངས་པའི་རྒྱུ་ནི་དྲུག་ཏུ་གསུངས་པ་ལས་བསྟན་བཅོས་ལས་ནི་མདོར་བསྡུས་ནས་བཞིར་བསྟན་ཏེ། ལྷག་མ་ནི་ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པའི་ནང་དུ་འདུས་པའི་ཕྱིར་རོ། །འདི་ནི་སྒྲུབ་པའི་ལེའུ་ཡིན་ཏེ་སྒྲུབ་པའི་ཡན་ལག་བདུན་སྟོན་པར་བྱེད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དམྱལ་བའི་གཞུང་ཤས་ཆེ་བའི་ཕྱིར་དམྱལ་བའི་ལེའུ་ཞེས་བརྗོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བདུན་པའོ།། །།འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་གྱི་སྒྲུབ་པའི་ལེའུ་བདུན་པ་བསྟན་ནས། བརྒྱད་པ་དག་ལ་བཤད་པར་བྱ་སྟེ། དེའི་དག་པ་ནི་རེ་ཞིག་དེའི་དག་པ་ཤིན་ཏུ་མོས་པར་དཀའ་བ་དེ་ནི། དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་འདོད་པ་ཞེས་བྱ་བ་ནི་མོས་པ་དམན་པའོ། །ཉེ་བར་བསྟན་པ་ཞེས་བྱ་བ་ནི་གེགས་བྱས་པའོ། །སྲིད་ཞུ་ཆུང་བ་དང་མི་འདྲི་བའི་རང་བཞིན་ཅན་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་དག་ལའོ། །རབ་འབྱོར་གྱིས་ཞུས་པ་ནི་བཅོམ་ལྡན་འདས་ཨེ་མ་ཞེས་བྱ་བ་ལ་སོགས་པའོ། །ཇི་ཙམ་དུ་ཟབ་པ། ཞེས་བྱ་བ་ནི་གང་གི་ཕྱིར་མོས་པར་དཀའ་པ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་།རབ་འབྱོར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་སྔོན་དང༌། ཕྱི་མ་དང་ད་ལྟར་བྱུང་བའི་མཐའ་མ་བཅིངས་མ་གྲོལ་བའོ། །


DTG089_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་རང་བཞིན་གྱིས་དུས་གསུམ་དུ་ངོ་བོ་ཉིད་མེད་ཅེས་བྱ་བའི་དོན་ཏོ། །ཤིན་ཏུ་མོས་པར་དཀའོ་ཞེས་བྱ་བ་ནི་ཤིན་ཏུ་ཟབ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྔར་འཇུག་པ་ཡིན་པའི་ཕྱིར་འཆིང་པ་སྟེ། སྔ་མ་དག་གོ །ཕྱིས་དེ་ལོག་པའི་མཚན་ཉིད་ནི་ཐར་པའོ། །དག་པ་ཞེས་བྱ་བ་ནི་རབ་ཏུ་གྲགས་པའོ། །འདིར་ནི་འཆིང་བ་དང་གྲོལ་བ་དག་གཏན་དུ་མེད་དེ། དག་པ་ཞེས་བྱ་བ་ནི་ཤིན་ཏུ་ཟབ་པའོ། །ཤིན་ཏུ་རྣམ་པར་དག་པ་ནི་བསྟན་བཅོས་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང། །གཅད་དུ་མེད་པས་དག་པར་བརྗོད། །ཅེས་བྱ་བ་གསུངས་ཏེ། འབྲས་བུ་རྣམ་པར་དག་པ་ནི་བསྒྲུབ་པར་བྱ་བ་སྟེ། དེ་ཡང་གཟུགས་ལ་སོགས་པའི་དག་པ་ཉིད་དོ། །གང་གི་ཕྱིར་དེ་གཉིས་ཐ་མི་དད་ཅིང་གཅད་དུ་མེད་པ་ནི་དག་པ་ཞེས་བརྗོད་དོ། །དག་པའི་མཚན་ཉིད་ཀྱང་མདོ་ལས་གསུངས་ཏེ། དག་པ་ཡང་གང་ཞེ་ན། གང་ལ་མོས་པར་དཀའ་བའི་མཚན་ཉིད་མདོ་ལས་གསུངས་པ་ལ། དེ་ཅིའི་ཕྱིར་ཞེས་བྱ་བ་ནི། དེ་ལ་འདིའི་མོས་པར་དཀའ་བ་ཉིད་ག་ལས་ཤེས་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ། འདི་ལྟ་སྟེ། འདི་ནི་དེའི་མཚན་ཉིད་ཅེས་བྱ་བར་དགོངས་སོ། །དེའི་བདག་ཉིད་ཀྱི་ཕྱིར་གཉིས་སུ་མེད་པའོ། །འཁྲུལ་པ་མེད་པའི་ཕྱིར་གཉིས་སུ་བྱར་མེད་པའོ། །འདི་ཉིད་ཀྱིས་ནི་ཐ་དད་པ་མ་ཡིན་ཞིང་གཅད་དུ་མེད་པ་བསྟན་ཏོ། །གང་ཞེས་བྱ་བ་ནི་བརྗོད་པའོ། །དེ་ཞེས་བྱ་བ་ནི་བྱ་བའོ། །བརྗོད་པ་ནི་ཆོས་ཡིན་ལ་བྱ་བ་ནི་ངེས་བ་ཡིན་ནོ་ཞེས་བརྗོད་དོ། །དེས་ན་གཞི་མཐུན་པ་ཡིན་པའི་ཕྱིར་དེ་གཉིས་ཐ་མི་དད་པའོ། །གཅིག་ལ་གཅིག་ངེས་པའི་ཕྱིར་ཕན་ཚུན་འཁྲུལ་པ་མེད་དེ་དེའི་ཕྱིར་དེ་གཉིས་མཆོད་པའོ། །དེའི་ཕྱིར་དེ་ལྟར་གང་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་དེ་ཉིད་འབྲས་བུ་རྣམ་པར་དག་པའོ། །འབྲས་བུ་རྣམ་པར་དག་པ་དེ་ཉིད་ཕུང་པོ་ལ་སོགས་པ་རྣམ་པར་དག་པའོ། །ཕན་ཚུན་འཁྲུལ་པ་མེད་པའི་ཕྱིར་གཅིག་ལ་གཅིག་རྟགས་སུ་གྱུར་པ་ཡིན་ནོ། །འཁྲུལ་པ་མེད་པ་དེ་ཡང་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རབ་འབྱོར་དེ་ལྟར་ཟེས་བྱ་བ་ལ་སོགས་པ་ནས། །གཞན་ཡང་


DTG089_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་ཞེས་བྱ་བ་ཡན་ཆད་ཀྱིས་རྣམ་པར་དག་པའི་མཚན་ཉིད་གསུངས་སོ། །བཅོམ་ལྡན་འདས་མ་ཆེན་མོ་ལས་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར།རྣམ་པར་དག་པ་བཞིའི་དབྱེ་བ་གསུངས་ལ་བྱང་ཆུབ་སེམས་དཔའི་ལམ་གྱི་དབང་དུ་བྱས་པའི་ཕྱིར་འདིར་ནི་མ་གསུངས་སོ། །ལམ་གྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། དེ་ཡང་ས་དང་ས་ནས་ཉེས་པ་ཆེན་པོའི་ཆེན་པོ་ལ་སོགས་པའི་རྣམ་པར་དབྱེ་བ་དགུ་དང༌། གཉེན་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རྣམ་པར་དབྱེ་བ་དགུ་ཉིད་ཀྱིས་ས་རྣམ་པར་དག་པར་བྱེད་པ་སྟེ་དེ་ཡང་དགུ་ཉིད་དེ། གཟུགས་དང་གཟུགས་མེད་པ་བརྒྱད་དང༌། འདོད་པའི་ཁམས་སོ། །དེའི་ཕྱིར་བསྟན་བཅོས་ལས། ས་དགུ་པ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོའི་སྒོ་ནས་ཆུང་ངུ་ཡི། །ཆུང་ངུ་ལ་སོགས་ལམ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། དེའི་ལམ་རྣམ་པ་དགུ་པ་གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས། །ཤིན་ཏུ་སྐྱེ་བ་མ་མཆིས་པའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་རྣམ་པར་དག་པ་ནི་རྣམ་པ་གཉིས་ཏེ། ཕུང་པོ་ལ་སོགས་པ་སོ་སོར་རྣམ་པར་དག་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པར་དག་པ་སྟེ། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའོ། །གང་ཡང་དེ་ནི་དེ་དག་གི་སྟེ་གཅིག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང༌། ནང་སྟོང་པ་ཉིད་ལ་སོགས་པ་དང༌། ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱ་བའི་བར་དུ་གང་སོ་སོར་རྣམ་པར་དག་པ་དང༌། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ཐམས་ཅད་ནི་ཐ་མི་དད་དེ་མ་ཆད་པའོ་ཞེས་བྱ་བ་ནི་གཉིས་པའོ། །གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདིར་མ་བསྟན་ཀྱང་ཉེ་བར་མཚོན་པའི་ཕྱིར་དེ་ནི་གཟུང་བར་བྱའོ། །དེ་ནི་ལམ་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་འབྲིང་ངོ༌། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་བཟུང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཇི་སྙེད་སྨོས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །དེ་ཟབ་པ་ནི་རྟོགས་པར་དཀའ་བ་སྟེ་


DTG089_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དང༌། ཤིན་ཏུ་སྟོང་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ལམ་ཆུང་ངུའི་ཆེན་པོའོ། །བསལ་བར་བགྱིད་པ་ནི་མུན་པ་སེལ་བ་སྟེ་ཆོས་ཐམས་ཅད་རྣམ་པར་དག་པའི་ཕྱིར་རོ། །དེ་ནི་ལམ་འབྲིང་གི་ཆུང་ངུའོ། །དེ་སྣང་བ་ནི་མཐོང་བ་སྟེ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ལམ་འབྲིང་གི་འབྲིང་ངོ༌། །དེ་མཚམས་སྦྱར་བ་མ་མཆིས་པ་ནི་སྲིད་པ་བར་མ་དོར་འཕོ་བ་མེད་པ་སྟེ། རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །དེ་དག་ནི་ལམ་འབྲིང་གི་ཆེན་པོའོ། །དེ་ཀུན་ནས་ཉོན་མོངས་པ་མ་མཆིས་པ་ནི་རྣམ་པར་དག་པའི་ཕྱིར་རོ། །ཆོས་ཐམས་ཅད་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའོ། །དེ་ནི་ལམ་ཆེན་པོའི་ཆུང་ངུའོ། །དེ་ཐོབ་ཕ་མ་མཆིས་པ་དང༌། མངོན་པར་རྟོགས་པ་མ་མཆིས་པ་རྣམ་པར་དག་པ་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་ཐོབ་པ་མེད་པ་དང༌། མངོན་པར་རྟོགས་པ་མེད་པ་ཉིད་དོ། །འདི་ནི་ལམ་ཆེན་པོའི་འབྲིང་ངོ། །དེ་མངོན་པར་གྲུབ་པ་མ་མཆིས་པ་ནི་རྣམ་པར་དག་པ་མེད་པ་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་མངོན་པར་གྲུབ་པ་མེད་པ་ཉིད་དོ། །དེ་ནི་ལམ་ཆེན་པོའི་ཆེན་པོའོ། །ཤཱ་རིའི་བུས་གསོལ་པ་ཞེས་བྱ་བ་ནས་ཤིན་ཏུ་སྐྱེ་བ་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་དེ་ནི་ལམ་ཤེས་པ་ཉིད་ཡོངས་སུ་རྫོགས་པ་སྟོན་ཏེ། འདིར་བསྟན་བཅོས་ལས། ཁམས་གསུམ་པ་ཡི་གཉེན་པོ་ཉིད། །གཞལ་དང་གཞལ་བྱ་མཉམ་ཉིད་དང༌། །ཀླན་ཀ་ཡོངས་སུ་སྤངས་པ་ཡིས། །ལམ་ནི་དེ་ཡི་གཉེན་པོར་འདོད། །དེས་བྱ་བ་གསུངས་ཏེ། དེ་ནི་ཁམས་གསུམ་གྱི་གཉེན་པོ་ཉིད་དེ། གང་ཤིན་ཏུ་སྐྱེ་བ་མ་མཆིས་པའོ་ཞེས་གསུངས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདོད་པའི་ཁམས་ལ་སོགས་པར་རྣམ་པར་དག་པའི་ཕྱིར་འདོད་ཁམས་པ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་དེ་ཁམས་གསུམ་པའི་གཉེན་པོའོ། །འདིར་ཡང་ཤཱ་རིའི་བུས་གསོལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་འཚལ་ཞེས་བྱ་བ་ནི་མི་འཛིན་པའོ། །ཡང་དག་པར་མ་འཚལ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའོ། །དེ་ཉིད་གསལ་བར་བྱེད་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ཞུས་སོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་ལན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤིན་ཏུ་མེད་


DTG089_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཇི་ལྟར་ཤེས་པར་བྱ་བ་དེ་ཉིད་འཛིན་པ་པོ་མ་ཡིན་པ་དེ་བཞིན་དུ་འདི་ཡང་དེའི་འཛིན་པར་བྱེད་པ་མ་ཡིན་ཏེ་དེ་བས་ན་ཤེས་བྱ་དང་ཤེས་པ་མཉམ་པ་ཉིད་དོ། །གང་རྣམ་པར་དག་པའི་མཚན་ཉིད་འདི་ན་བསྒོམ་པའི་ལམ་དུ་རིགས་པ་མ་ཡིན་ནོ་ཞེ་ན། གང་གི་ཕྱིར་འདི་ལ་སྐྱོན་བརྒྱད་དུ་རྟོགས་པ་དེའི་ཕྱིར། ཀླན་ཀ་ཡོངས་སུ་སྤངས་པ་ཡིས། །ལམ་ནི་དེ་ཡི་གཉེན་པོར་འདོད། །ཅེས་བྱ་བ་གསུངས་ཏེ། དེ་ནི་ཞེས་བྱ་བ་ཀྱིས་དགོས་པ་དི་ཅིའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ལ་ལྟོས་ཀ་ཞེས་བྱ་བ་ནི་རིགས་ཀྱི་དབང་དུ་བྱས་ནས་གཅིག་གི་ཚིག་གོ །བསྒོམ་པའི་ལམ་ཁོ་ན་དེའི་གཉེན་པོར་འདོད་དེ། འདི་མན་ཆད་ནི་རྒོལ་བ་ནི་རྣམས་ཀྱི་ལན་ཞེས་བྱ་བའི་དོན་ཏོ། །འདིར་ཡང་གྲུབ་པའི་མཐའ་པ་ཉིད་ཀྱིས་དགོས་པ་དི་ཅིའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ལ་ལྟོས་པ་དང་བཅས་པས་རྒོལ་བ་སྟོན་པ་ནི་ཀླན་ཀའོ། །གྲུབ་པའི་མཐའ་པའི་གཏན་ཚིགས་ནི་ལན་ནོ། །དེ་ལ་གཉིས་ནི་ཤཱ་རིའི་བུའི་དྲི་བའོ། །དྲུག་པ་ནི་རབ་འབྱོར་གྱིའོ། །ལན་བརྒྱད་ནི་བཅོམ་ལྡན་འདས་ཀྱིའོ། །གནོད་པར་ཡང་མི་བགྱིད་ཕན་པར་ཡང་མི་བགྱིད་ཅེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཅི་ཡང་མི་བྱེད་ན་ཇི་ལྟར་ལམ་དུ་འགྱུར་ཞེས་བྱ་བ་ནི་རྒོལ་བའོ། །རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ནོ། །ཐམས་ཅད་མཁྱེན་པ་ཉིད་དང་ཆོས་ཀྱི་དབྱིངས་ནི་རྣམ་པར་དག་པ་སྟེ། དེ་རྣམ་པར་དག་པ་ཡང་རང་བཞིན་གྱིས་རྣམ་པར་དག་པའོ། །དེའི་ཕྱིར་འདི་ལ་ཅུང་ཟད་ཀྱང་མི་བྱེད་པ་སྟེ། གློ་བུར་གྱི་སྒྲིབ་པ་ཟད་པར་བྱེད་པ་ཁོ་ནའོ། །ཡོངས་སུ་མི་འཛིན་པ་དང༌། ཡོངས་སུ་མི་གཏོང་བ་གྲུབ་པའི་མཐའོ། །དེ་ག་ལས་ཤེས་ཤེ་ན། གལ་ཏེ་ཡོངས་སུ་འཛིན་ན་ནི་རྣམ་པར་རྟོག་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་མི་འཛིན་ན་ནི་ཤེས་རབ་ཉམས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་དྲི་བའོ། །རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ནོ། །དེ་ལྟར་ན་གང་གི་ཕྱིར་ཆོས་དེ་ཉིད་ཆོས་ཀྱི་མཚན་ཉིད་དུ་མི་མཐོང་བ་དེས་ན་དེ་ཉིད་ཆོས་ཉིད་མཐོང་བ་ཡིན་ནོ། །དེ་ཉིད་རྣམ་པར་དག་པ་སྟེ་རྣམ་པར་དག་པའི་ཕྱིར་མི་འཛིན་མི་གཏོང་བ་ཡིན་ཏེ་དེ་བས་ན་ཕུང་པོ་རྣམ་པར་དག་པ་དང༌། འབྲས་བུ་རྣམ་པར་དག་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཞེས་གསུངས་


DTG089_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་དག་གི་རྣམ་པར་དག་པ་དེ་ཡང་བདག་རྣམ་པར་དག་པ་སྟེ། ཇི་ལྟར་བདག་རྣམ་པར་དག་པ་ནི་གཏན་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དེ་རྣམས་ཀྱི་ཡོད་པ་ནི་གྲུབ་པའི་མཐའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ག་ལས་ཤེས་ཤེ་ན། གལ་ཏེ་ཕུང་པོ་དང༌། འབྲས་བུ་དང༌། ཐམས་ཅད་མཁྱེན་པ་ཉིད་རྣམས་ཤིན་ཏུ་མེད་ན་ནི་དེ་བས་འདི་ཅུང་ཟད་མེད་པར་འགྱུར་རོ་ཞེས་བྱ་བ་ནི་རྒོལ་བའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཏེ། རང་གི་མཚན་ཉིད་ཤིན་ཏུ་མེད་པ་ཁོ་ནའི་ཆོས་སྟོང་པ་ཉིད་ཀྱི་ཆོས་ཉིད་འདི་ཁོ་ན་ཡོད་དོ་ཞེས་བྱ་བའི་དོན་ཏོ། །བདག་རྣམ་པར་དག་པས་ཐོབ་པ་ཡང་མ་མཆིས། མངོན་པར་རྟོགས་པ་ཡང་མ་མཆིས་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དྲིས་པ་ནི་སྔ་མ་བཞིན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ནོ། །གང་གི་ཕྱིར་ཆོས་ཁོ་ནའི་མཚན་ཉིད་ཀྱི་ཆོས་ནི་མེད་དེ་དེ་ཉིད་ཀྱི་ཆོས་ཉིད་ནི་ཡོད་དོ། །དེ་ཡང་རང་བཞིན་ཁོ་ནས་རྣམ་པར་དག་པ་སྟེ། དེ་རྣམ་པར་དག་པ་ཉིད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་ཕྱིར་ཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད་ཅེས་བྱ་བའི་དོན་ཏོ། །བདག་མུ་མ་མཆིས་པས་གཟུགས་ལ་སོགས་པ་མུ་མ་མཆིས་པར་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་ག་ལས་ཤེས་ཤིང་མཐོང་སྟེ་ཕུང་པོ་ཇི་ལྟར་ཡོད། གལ་ཏེ་ཆོས་ཉིད་དུ་ཡོད་དོ་ཞེ་ན། དེ་ནི་ཤིན་ཏུ་རྒོལ་བའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཏེ། ཇི་ལྟར་བདག་ཤིན་ཏུ་མེད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་རྣམས་ཀྱང་རང་གི་མཚན་ཉིད་ཀྱིས་མེད་ན་དེ་རྣམས་ཀྱི་མུ་ཇི་ལྟར་ཡོད། གལ་ཏེ་ཆོས་ཉིད་དུ་ཡོད་དོ་ཞེ་ན། དེ་ནི་ཤིན་ཏུ་ཡང་མུ་མེད་དེ་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཀྱི་ཕྱིར་རོ། །གཟུགས་ལ་སོགས་པའི་བྱེ་བྲག་ནི་དོན་དམ་པ་མ་ཡིན་པ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་རྣམ་པར་དག་པ་དེ་ཉིད་འབྲས་བུ་རྣམ་པར་དག་པ་དང༌། ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །གང་དེ་ལྟར་ཆོས་ཐམས་ཅད་གཏན་དུ་མེད་པ་དེ་བཞིན་དུ་རྟོགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་དག་ལས་ཤེས་ཏེ། གལ་ཏེ་དེ་ནི་དེ་ལྟར་རྟོགས་མོད་ཀྱི་དེ་ནི་རྣམ་པར་དག་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བའོ། །


DTG089_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ནོ། །འདི་ལ་དེ་ཉིད་ཤིན་ཏུ་རྣམ་པར་དག་པ་སྟེ། གང་འདི་ལ་ཆོས་ཐམས་ཅད་ཤིན་ཏུ་མེད་པར་རྟོགས་པ་དང༌། སྣང་བ་དང༌། གསལ་བར་སྟོན་སྟེ། ཆོས་ཐམས་ཅད་ཤིན་ཏུ་མེད་པར་ངེས་པ་སྐྱེ་ཞིང་དངོས་པོར་རྟོགས་པ་མེད་ཅས་བྱ་བ་ནི་རྒོལ་བའི་ལན་ནོ། །བསྒོམ་པའི་ལམ་ཤིན་ཏུ་རྣམ་པར་དག་པའི་ལམ་གྱི་དབང་དུ་བྱས་པ་རྫོགས་སོ།། །།

སྐབས་གསུམ་པ། ཐམས་ཅད་ཤེས་པ་ཉིད་བརྗོད་པ།


DTG089_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ནས། ལེའུ་ཕྱེད་དང་བདུན་གྱིས་ནི་ལམ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང༌། །སྦྱོར་དང་དེ་ཡི་མཉམ་ཉིད་དང༌། །ཉན་ཐོས་བཤད་པར་བྱ་སྟེ། དེ་ལ་ནི་བརྒྱད་ཡོད་དོ། དེ་ཇི་སྲིད་དུ་སྔར། ཤེས་པས་སྲིད་ལ་མི་ནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་ཏེ། །ཐབས་མ་ཡིན་པས་རིང་བ་དང༌། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང༌། །སྦྱོར་དང་དེ་ཡི་མཉམ་ཉིད་དང༌། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་གསུངས་ཏེ་དེའི་ཕྱིར་བསྟན་བཅོས་ལས། ཕ་རོལ་ཚུ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །ཚུལ་རོལ་མཐའ་ལ་མིན་ཞེས་བྱ་བ་ནི་འཁོར་བ་ལའོ། །ཕ་རོལ་མཐའ་ལ་མིན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེ་དག་བར་ན་མི་གནས་པ་སྟེ། གསུམ་པོ་མི་དམིགས་ཞེས་བྱ་བའི་དོན་ཏོ། དེ་ཅིའི་ཕྱིར་ཞེ་ན། དུས་གསུམ་མཉམ་པ་ཉིད་ཤེས་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཆོས་ཉིད་ཀྱིས་དུས་གསུམ་མཉམ་པ་ཉིད་དེ། ཆོས་ཉིད་ཐམས་ཅད་ཀྱི་མཚན་ཉིད་ནི་ཇི་ལྟ་བུ་ཡང་མི་དམིགས་པའི་ཕྱིར་རོ། །འདི་ཉིད་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་སྔར་སྤྱིར་བསྟན་པའོ། །འདི་ལ་ཞེས་བྱ་བ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་ཁྱད་པར་བསྟན་པར་བྱ་བ་ཉིད་བརྗོད་པའོ། །དེ་ཉིད་ཀྱི་ཕྱིར་རྒྱད་རིང་པོ་ཞེས་བྱ་བ་གསུངས་ཏེ། ཁྱད་པར་ལ་འཇུག་པ་འམ་ཁྱད་པར་གྱི་སྐབས་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་གང་གི་ཕྱིར་མི་གནས་ཤེ་ན། རྒྱང་རིང་བའི་ཕྱིར་ཏེ་གསུམ་པོ་


DTG089_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་པས་གནོད་པའོ། །བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་གསུངས་ཏེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མེད་པའི་མཚན་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་རང་གི་སྡུག་བསྔལ་ཟད་པ་ཙམ་མ་ཚོལ་བ་ནི་འཁོར་བར་ཡོངས་སུ་རྟོགས་པ་ལ་ནི་ཤིན་ཏུ་སྐྱོ་ཞིང༌། མྱ་ངན་ལས་འདས་པར་ཡོངས་སུ་རྟོག་པ་ལ་ནི་ཤིན་ཏུ་མོས་ཏེ། མྱུར་བ་མྱུར་བར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱན་ཆུབ་འདོད་པས་གནས་པའོ། །བསྟན་བཅོས་ལས། དེ་ནི་མཚན་བཅས་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་བྱ་བ་གསུངས་ཏེ། མཚན་མ་དང་བཅས་པར་དམིགས་པ་ནི་ཐབས་མ་ཡིན་པ་སྟེ། དེས་དེ་རྒྱང་རིང་བ་ཡིན་ནོ། །དེ་ནི་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐང་ཅེས་བྱ་བ་ནི་མིང་དང་མཚན་མ་ལས་ཀྱང་ངོ༌། །འདོར་བར་འགྱུར་རོ་ཞེས་བྱ་བ་ནི་སྤངས་པ་སྟེ་མིང་ལ་ཆགས་པར་འགྱུར་བའོ། །རྒྱང་རིང་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་མཚན་མ་ལ་སྟེ། དེ་ལས་རྒྱང་རིང་དུ་འགྱུར་བའོ། །བསྟན་བཅོས་ལས། དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་བྱ་བ་ལ་ཡང་དག་པར་ཆགས་པ་མེད་པར་འཇུག་པ་ནི་ཐབས་ལ་མཁས་པ་ཡིན་ཏེ་དེས་ན་ཉེ་བར་འགྱུར་ཏེ། དེ་ནི་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཆགས་པ་ནི་མིང་དང་མཚན་མ་ལ་ཞེན་པའོ། །དེ་ནི་ཀུན་ཏུ་རྟོགས་པའོ། །དེ་དག་གི་དོན་ཡང་དག་པར་མེད་པའི་ཕྱིར་རོ། །ལེགས་པར་བཤད་པ་ནི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་གིས་སོ། །ལེགས་པར་བསྟན་པ་ནི་སྦྱོར་བ་བཅུ་གཉིས་ཀྱིས་སོ། །ཤིན་ཏུ་མཐར་གཏུགས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་ཡོངས་སུ་དག་པ་ནི་ཆགས་པའི་མཐའ་རྣམས་སྤངས་པའི་ཕྱིར་རོ། །གང་ལ་ཞེས་བྱ་བ་ནི་དེ་ལའོ། །ནི་ཞེས་བྱ་བ་ནི་ཚིག་གི་རྒྱན་ནོ། །མིང་ཞེས་བྱ་བ་ནི་ངོ་མཚར་རོ། །འདི་ཡང་ཞེས་བྱ་བ་ནི་ཆགས་པ་སྟེ་དེ་ཡང་འོག་ནས་འཆད་པར་འགྱུར་རོ། །ཆགས་པ་སྤངས་པ་ནི་ཐབས་ལ་མཁས་པ་སྟེ་དེའི་ཕྱིར་


DTG089_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་འགྱུར་རོ། །ཆགས་པའི་ཐུན་མོང་གི་ངོ་བོ་ཡང་བསྟན་ནས་ཁྱད་པར་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །དུས་གསུམ་རྟོགས་པའི་ཆོས་རྣམས་དང༌། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམ་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པ་ནི་ཆོས་ཐམས་ཅད་དོ། །ཕུང་པོ་ནི་ཚོགས་ཏེ་དེའི་སྟོང་པ་ཉིད་དོ། །དུས་གསུམ་ནི་དུ་གསུམ་གྱི་ཆོས་རྣམས་ལའོ། །སྤྱད་པའི་སྒྲ་ནི་སྤྱོད་པའི་རྣམ་གྲངས་སོ། །ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཡུལ་རྣམས་ལ་གང་སྤྱོད་པའི་འདུ་ཤེས་སམ་མཚན་མ་དེ་ནི་མི་མཐུན་པའི་ཕྱོགས་སོ། །མི་ཐུན་པའི་ཕྱོགས་དེ་ནི་ཆགས་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་མ་འདིར་ནི་སྤྱོད་པའི་འདུ་ཤེས་རྒྱ་ཆེར་མི་སྟོན་ཏེ། དེ་ནི་ཉེ་བར་མཚོན་པ་བརྗོད་པས་རྟོགས་པར་འགྱུར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་བར་དང༌། དྲན་པ་ཉེ་བར་གཞག་པ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་བདག་སྤྱོད་དོ་སྙམ་པའི་འདུ་ཤེས་ནི་ཆགས་པའ་ཞེས་བྱ་བ་ལྟ་བུའོ། །འདིར་ཆགས་པ་མང་དུ་གསུངས་ཤིང་འདི་ཙམ་ཞིག་ཅེས་བྱ་བ་ལ་སོགས་པས་ཆགས་པ་གསུངས་ན། ཇི་ལྟར་ཆགས་པ་དེ་མ་གསུངས་ཏེ། དེ་བས་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲིས་པ་ནི་འཕགས་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་གྲངས་ཞེས་བྱ་བ་ནི་རྣམ་པས་སོ། །འདི་ནི་དེའི་བྱང་ཆུབ་ཀྱི་སེམས་དང་པོའོ་ཞེས་བྱ་བ་འདི་ནི་ཆགས་པའི་རྣམ་པར་རྟོག་པ་དང་པོའོ། །བྱང་ཆུབ་ཏུ་ཡོངས་སུ་བསྡོའོ་ཞེས་བྱ་བ་འདི་ནི་ཆགས་པའི་རྣམ་པར་རྟོག་པ་གཉིས་པའོ། །དེ་གཉིས་ཇི་ལྟར་ཆགས་པ་ཡིན་ཞེ་ན། སེམས་འདས་པ་དེ་ནི་མེད་པ་ཉིད་ཀྱི་ཕྱིར་དང༌། མ་འོངས་པ་ནི་མ་བྱུང་བ་ཉིད་ཀྱིས་སོ། །གལ་ཏེ་སེམས་ཀྱི་རང་བཞིན་ནི་རྟག་ཏུ་ཡོད་དོ་ཞེ་ན། སེམས་ཀྱི་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ནུས་སོ་ཞེས་བྱ་བ་ནི་རྟག་པ་ལ་ནི་ཡོངས་སུ་བསྡོ་བ་མི་རིགས་པའི་ཕྱིར་ཏེ། དེའི་ཕྱིར་གཉིས་ཀ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །ལྷག་མ་ནི་ཇི་


DTG089_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཆགས་པ་དེ་བཞིན་དུ་སྔར་བསྟན་ཏོ། །ཐོས་པ་བྱས་པས་ཆགས་པ་དེ་དག་སྤོང་བ་ནི་ཤུགས་ཀྱིས་བསྟན་པ་ཡིན་ཏེ་དེའི་ཕྱིར་བསྟན་བཅོས་ལས། སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་སྦྱོར་བྱེད་པ། །འདི་ནི་ཆགས་པའི་མཐའ་འགོག་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་བ་ལ་སོགས་པ་ལ་ངར་འཛིན་མེད་པ་སྔར་ཤུགས་ཀྱིས་བསྟན་ཏོ། །གཞན་དེ་དག་ལ་སྦྱོར་བར་བྱེད་པ་ཞེས་བྱ་བ་ནི་དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་ཞེས་བྱ་བ་ནི་རང་གི་ཆགས་པ་རྣམ་པར་སྤོང་བར་བྱེད་པས་སོ། །དེ་ལྟར་ན་ཞེས་བྱ་བ་ནི་གཞན་དག་ལ་སྟོན་པ་ལ་སོགས་པའི་དུས་སོ། །ཡང་དག་པར་སྟོན་པ་ཞེས་བྱ་བ་ནི་སྔོན་མ་ཐོས་པ་དག་ལ་ཐོས་པ་དང་ལྡན་པར་བྱེད་པའོ། །ཡང་དག་པར་འཛུད་པར་བྱེད་པ་ནི་སྒྲུབ་པ་ཡང་དག་པར་འཛིན་པར་བྱེད་པའོ། །ཡང་དག་པར་གཟེངས་བསྟོད་པ་ནི་སེར་སྣ་ཅན་སྤྲོ་བ་སྐྱེད་པར་བྱེད་པའོ། །རབ་ཏུ་དགའ་བར་བྱེད་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པ་རྣམས་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པའོ། །ཡང་དག་པ་ཉིད་རྗེས་སུ་རྟོགས་པ་ནི་ཆགས་པ་སྤངས་པའོ། །ཡང་དག་པར་འཛུད་པ་གཞན་གྱི་དོན་དུ་བསྟན་པའི་ཆེད་དུ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་པར་མི་བྱེད་ཅེས་བྱ་བ་ནི་སངས་རྒྱས་ལ་གནོད་པར་མི་བྱེད་པའོ། །རང་ཉིད་ཡང་དག་པར་རྗེས་སུ་རྟོགས་པའི་ཕན་ཡོན་ནི་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་སྦྱིན་པ་ལ་སོགས་པ་དེ་ཉིད་ལ་ངར་འཛིན་པ་མེད་པ་དང༌། གཞན་དག་དེ་ལ་སྦྱོར་བ་རྣམས་འདི་གཉིས་ནི་ཆགས་པའི་མཐའ་རགས་པ་འགོག་པའོ། །དེ་ནས་བསྟན་བཅོས་ལས། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་བཤད་པ་ལ་གང་སངས་རྒྱས་ལ་སོགས་པ་ལ་ཆགས་པ་དེ་ནི་ཕྲ་བ་སྟེ། དེ་ཉིད་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཡོངས་སུ་བསྡོ་བར་ནུས་སོ་ཞེས་བྱ་བ་ནི་དུས་གསུམ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མཚན་མར་བྱར་མི་རུང༌། དམིགས་པར་མི་རུང་ཞེས་བྱ་བ་ནི་སྔོན་མ་བྱུང་བ་ཉིད་ཀྱི་ཕྱིར་དང༌། རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དེ་མཐོང་བ་དང༌། ཐོས་པ་དང༌། རྟོགས་པ་དང༌། རྣམ་པར་རིག་པ་མ་ཡིན་པ་མིག་དང༌། རྣ་བ་དང༌།སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱིས་


DTG089_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཉིད་ཀྱི་ཕྱིར་ཏེ་གོ་རིམས་བཞིན་ཏེ། ཟབ་པ་ནི་དབེན་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་གྱིས་ཟབ་པ་ནི་རང་བཞིན་གྱིས་དབེན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཕྱག་འཚལ་བར་འོས་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱང་རན་བཞིན་གྱིས་དབེན་པ་སྟེ་གང་དེ་དག་རང་བཞིན་གྱིས་དབེན་པ་ཉིད་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཕྱིར་བཅོམ་ལྡན་འདས་ནི་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། དེའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པའོ། །གང་གི་ཕྱིར་དེ་ནི་རང་བཞིན་གྱིས་གང་ཡང་མེད་དེ་འདིའི་རང་བཞིན་གང་ཡིན་པ་དེ་ནི་མེད་དོ། །གང་རང་བཞིན་མེད་པ་དེ་ནི་དེ་དག་གི་རང་བཞིན་ཏེ་འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་ཆགས་པའི་མཐའ་མ་ལུས་པར་སྤངས་པར་འགྱུར་བ་ཡིན་ནོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་མེད་པ་དེ་ནི་བསམ་པ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ་ནི་རྟོགས་པར་སླའོ། །མཐོང་བ་དང་ཐོས་བ་དང༌། རྟོགས་པ་དང་རྣམ་པར་རིག་པ་ཡང་མེད་པ་ནི་ཇི་སྐད་བསྟན་པའོ། །འདིར་བསྟན་བཅོས་ལས། ཆོས་ཀྱི་ལམ་གྱི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པ་དཀའ་བར་བཤད། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་བྱ་བ་གསུངས་ཏེ། དབེན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་དབེན་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཀྱི་ལམ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོ་སྟེ། ཆོས་རྣམས་ཤེས་པ་ཞེས་བྱ་བ་དང་སྦྱར་རོ། །གང་ལ་རང་བཞིན་གཅིག་པ་ཡོད་པར་སྟོན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ནི་མཐུན་པ་དང་གཉེན་པོ་བསྟན་པར་བྱ་བའི་ཕྱིར། ཆགས་པ་དང་མ་ཆགས་པ་གང་གི་ཕྱིར་སྟོན་པར་བྱེད་ཅེ་ན། བསྟན་བཅོས་ལས། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་ཐུན་ཕྱོགས་དང་ཉེན་པོ་དག །རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདི་ཤེས་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་ཆགས་པ་དང་མ་ཆགས་པ་དང༌། སྟོན་པར་བྱེད་པའོ། །ཇི་སྐད་བཤད་པ་ནི་གང་རྣམ་པར་དབྱེ་བའི་བཤད་པའོ། །ཀུན་ཤེས་ཉིད་ལུགས་ལ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་


DTG089_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཐམས་ཅད་ཤེས་པར་བྱའོ། །དེ་ལྟར་ན་ཆགས་པ་ནི་དམིགས་པའི་རྣམ་རྟོག་པའོ། །མ་ཆགས་པ་ནི་མི་དམིགས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་ཕྱིར་ཆགས་པ་ནི་མི་མཐུན་པའི་ཕྱོགས་སོ། །མ་ཆགས་པ་ནི་གཉེན་པོ་སྟེ། དེ་ནི་མཐུན་པ་དང་གཉེན་པོའི་ཕྱོགས་སོ། །སྦྱོར་པ་དང་དེའི་མཉམ་པ་ཉིད་བཤད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། གཟུགས་སོགས་དེ་མི་རྟོག་སོགས་དང༌། །དེ་མ་རྫོགས་དང་རབ་རྫོགས་དང༌། །སྦྱོར་བ་བཀག་པས་སྤྱོད་པ་ནི། །དེ་ལ་ཆགས་པ་མེད་ཉིད་དང༌། །མི་འགྱུར་བྱེད་པོ་མེད་ཉིད་དང༌། །སྦྱོར་བ་བཀག་པ་རྣམ་གསུམ་དང༌། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །དེ་ཡི་འབྲས་བུ་ཡོད་འདོད་དང༌། །གཞན་ལ་རག་ལས་མིན་གང་དང༌། །ཤེས་བྱེད་རྣམ་བདུན་སྣང་བ་ལ། །ཞེས་བྱ་བ་གསུངས་ཏེ། དེ་ནི་མི་རྟོགས་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་དང་མི་རྟག་པ་ལ་སོགས་པའོ། །མ་ཆགས་པའི་མི་མཐུན་པའི་ཕྱོགས་ཡིན་པས། དེ་ལ་ཞེས་བའི་སྒྲས་ནི་ཆགས་པ་གཟུང་ངོ༌། །གཅིག་ཏུ་བསྡུས་པའི་ཟླས་དབྱེ་བ་ཡིན་པས་ཆགས་པ་དང༌། མ་ཆགས་པ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་དང༌། གཟུགས་ལ་སོགས་པའི་མི་རྟག་པའི་དོན་ཉིད་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་ཡོངས་སུ་མ་རྫོགས་པ་དང༌། རབ་ཏུ་རྫོགས་པ་ཉིད་དག་སྟེ། གཟུགས་ལ་སོགས་པ་ལ་ཆགས་དང༌། མ་ཆགས་པའོ། །སྤྱོད་པ་ནི་སྤྱད་པ་སྟེ། དེ་བཀག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །སྦྱོར་བ་ནི་གཟུགས་ལ་སོགས་པ་དང༌། མི་རྟག་པ་ལ་སོགས་པ་རྣམ་པ་བཞི་པོ་འདི་དག་དང༌། འོག་ནས་བརྒྱད་དེ། མི་འགྱུར་བ་དང་བྱེད་པ་མེད་པ་དང༌། ཆེད་དུ་བྱ་བར་དཀའ་བ་དང༌། སྦྱོར་བ་དཀའ་བ་དང༌། བྱེད་པ་དཀའ་བ་དང༌། འབྲས་བུ་ཡོད་པ་དང༌། གཞན་ལ་རག་ལས་པ་མ་ཡིན་པ་དང༌། ཤེས་པར་བྱ་བ་རྣམ་པ་བདུན་དུ་སྣང་བ་སྟེ། རྣམ་པ་བཅུ་གཉིས་སོ། །དེའི་སྦྱོར་བ་དྲིས་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྤྱད་པར་བགྱི་ཞེས་བྱ་བ་ནི་སྦྱོར་བ་ཇི་ལྟར་བྱ་བའོ། །འདིར་གཟུགས་ལ་སོགས་པ་ནི་ཆོས་ཐམས་ཅད་དེ་ཕུང་པོ་ཉེ་བར་མཚོན་པའོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་མི་སྤྱོད་པ་ཞེས་


DTG089_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་གཟུགས་ལ་སོགས་པ་ཡང་དག་པར་མི་ཤེས་པ་ཞེས་བྱ་བའི་དོན་ཏེ། དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་ནི་གཟུགས་ལ་སོགས་པའི་སྦྱོར་བའོ། །གལ་ཏེ་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་མི་རྟག་ཅེས་བྱ་བ་དང༌། དེ་བཞིན་དུ་རྟག་པ་དང༌། སྡུག་བསྔལ་བ་དང། བདེ་བ་དང༌། སྟོང་པ་དང་མི་སྟོང་པ་དང༌། བདག་དང་བདག་མེད་པ་དང༌། སྡུག་པ་དང་མི་སྡུག་པ་ལ་མི་སྤྱོད་ན་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནི་གཟུགས་ལ་སོགས་པ་མི་རྟག་པ་ལ་སོགས་པའི་སྦྱོར་བའོ། །རབ་འབྱོར་གལ་ཏེ་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་མ་རྫོགས་པ་དང༌། ཡོངས་སུ་རྫོགས་པ་སྟེ། གང་ཡོངས་སུ་མ་རྫོགས་པ་དང༌། ཡོངས་སུ་རྫོགས་པ་དེ་གཉིས་ལ་མི་སྤྱོད་ན་དེའི་ཚེ་འདི་ལ་སྤྱོད་པ་ཡིན་ནོ། །དེ་ནི་མ་རྫོགས་པ་དང་ཡོངས་སུ་རྫོགས་པའི་སྦྱོར་བའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི་བཞི་པའི་སྐབས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ་གཟུགས་ལ་ཆགས་པ་དང་བཅས་པ་ཞེས་བྱ་བ་ནི་དེ་ལ་སྤྱོད་པར་བྱེད་པའོ། །འདིར་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་སྤྱོད་པར་བྱེད་པའོ། །འདིར་དེ་ལྟར་སྤྱོད་ན་ཞེས་བྱ་བས་ནི་ཕན་ཡོན་གསུངས་ཏེ། མ་ཆགས་པ་ཞེས་བྱ་བ་ལ་སོགས་པ་ལ། ཆགས་པ་ཐམས་ཅད་མེད་པ་ནི་མ་ཆགས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །དེ་ནི་གཟུགས་ལ་ཆགས་པ་དང་མ་ཆགས་པའི་སྦྱོར་བའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་ནས་འཕེལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་ལྔ་པ་བསྟན་ཏེ། འགྲིབ་པ་དང་འཕེལ་བ་མེད་པས་མི་འགྱུར་བ་སྟེ། ནམ་མཁའ་བཞིན་ནོ། །བསྔགས་པ་ནི་ཡོན་ཏན་ཏེ། དེ་ནི་མི་འགྱུར་བའི་སྦྱོར་བའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། དེ་སྙེད་དུ་ཟད་དོ་ཞེས་བྱ་བའི་བར་གྱིས་ནི་དྲུག་པའོ། །དང་པོའི་ཀུན་ནས་ཉོན་མོངས་པའི་སྒྲའི་དོན་ནི་འགྲིབ་པར་འགྱུར་རོ། །གཉིས་པ་ནི་རྗེས་སུ་ཆགས་པའོ། །བསྟན་པས་འགྲིབ་པ་དང༌། འཕེལ་བར་མི་བྱེད་པ་ནི་བྱེད་པ་མེད་པའི་སྦྱོར་བའོ། །གནས་བརྟན་རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ལ་སོགས་པ་ནས། འཚང་རྒྱ་བར་འཚལ་བ་ཞེས་བྱ་བའི་བར་གྱིས་ནི་བདུན་ཏེ། བཅོམ་ལྡན་འདས་མ་བསྒོམ་པ་ནི་དཀའ་བ་རྣམ་པ་གསུམ་


DTG089_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། །དཀའ་བ་བྱེད་པའི་ཕན་ཡོན་གསུངས་པ་ནི་ཆེད་དུ་བྱ་བ་ལ་སོགས་པ་དེ་ལ་གནས་པའིའོ། །སྤྱོད་པ་ཞེས་བྱ་བ་ནི་ནུས་པའོ། །ཞུམ་པ་ནི་བྱེད་པའོ། །ཡང་བ་ནི་རྒོད་པའོ། །ཕྱིར་མི་ལོག་ནི་ཞེས་བྱ་བ་ནི་ནམ་མཁའ་བསྒོམ་པ་སྟེ། མཚན་ཉིད་གཅིག་པར་སྣང་བའི་ཕྱིར་རོ། །གོ་ཆ་འདི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །ནམ་མཁའ་ཞེས་བྱ་བ་ནི་ནམ་མཁའ་ལྟ་བུའི་ཚུལ་གྱིས་ཏེ། དེ་མི་གཏོང་བའི་ཕྱིར་རོ། །དེ་བས་ན་དཀའ་བ་སྤྱོད་པ་ནི་སེམས་ཅན་མི་དམིགས་པ་དང༌། མཐའ་ཡས་པའི་ཕྱིར་རོ། །དེའི་སླད་དུ་གོ་ཆ་འཚལ་བ་ནི་ཐམས་ཅད་ཀྱི་དོན་གྱི་ཆེད་དུ་བྱང་ཆུབ་པའོ། །དེ་ནི་ཆེད་དུ་བྱ་བ་དཀའ་བའི་སྦྱོར་བའོ། །ནམ་མཁའ་ཡོངས་སུ་ཐར་པར་འཚལ། །ཞེས་བྱ་བ་ནི་གོ་ཆ་ཆེན་པོ་ཐོབ་པ་ལྒས་སོ་ཞེས་བྱ་བའི་བར་གྱིས་ནི་བརྒྱད་པ་སྟེ། ཡོངས་སུ་ཐར་པ་ནི་གོང་དུ་འདྲོ་བ་ལ་གེགས་བྱེད་ཅིང་ལྟུང་བ་ལྒས་སོ། །གྱེན་དུ་ཁྱེར་བ་ནི་འདེགས་པའོ། །སེམས་ཅན་དེ་སྙིད་ཀྱི་དོན་དུ་སྦྱོར་བ་དེ་ཡང་དཀའ་བ་བྱེད་པ་སྟེ། ནམ་མཁའ་བཞིན་དུ་སེམས་ཅན་གྱི་ཚོགས་མཐའ་ཡས་པའི་དང༌། གཟུགས་མེད་པའི་ཕྱིར་དང༌། རྫས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་སྦྱོར་བའི་སྦྱོར་བའོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས། འགོག་པར་མི་བགྱིད་དོ་ཞེས་བྱ་བའི་བར་གྱིས་ནི་དགུ་པ་སྟེ། སྦྱོར་བའི་འབྲས་བུ་ནི་བྱེད་པ་སྟེ། ཀུན་ནས་ཉོན་མོངས་པ་དང་བཅས་པའི་ཆོས་སྦོད་བ་དང༌། རྣམ་པར་བྱེད་པའི་ཆོས་བསྐྱེད་པའོ། །དེ་གཉིས་ཀ་ཡང་དཀའ་བ་སྟེ། བཅོམ་ལྡན་འདས་མ་ནི་དེ་དག་མི་བྱེད་པའི་ཕྱིར་རོ། །དེ་ནི་བྱེད་པར་དཀའ་བའི་སྤྱིར་བའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས། འདོད་དོ་ཞེས་བྱ་བའི་བར་གྱིས་ནི་བཅུ་པ་སྟེ། གང་འདི་ལ་རྣལ་འབྱོར་དུ་བྱེད་པ་ཞེས་བྱ་བ་ནི་རྒྱུའི་གནས་སྐབས་སོ། །དེ་ཅི་ལ་ཞེས་བྱ་བ་ནི་འབྲས་བུའི་གནས་སྐབས་དག་ལས་སེ། །ནམ་མཁའ་ལ་ཞེས་བྱ་བ་ནི་སྐར་མའི་ལམ་གྱི་ནམ་མཁའ་ལའོ། །འདི་ནི་དེ་དང་ཆོས་མཐུན་པའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་བོ། །བླ་བག་མེད་པ་ཞེས་བྱ་བ་ནི་ས་བླ་སྟེ་མ་བཀབ་པའི་ཕྱོགས་ཀྱི་གནས་སོ། །འདིར་ནི་དེ་དང་ཆོས་མཐུན་པའི་ཕྱིར་དམན་པའི་བྱང་ཆུབ་སྟེ། དེ་ཉི་ག་འབྲས་


DTG089_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །དེ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པའི་སྦྱོར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་གླགས་རྙེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བཅུ་གཅིག་པ་སྟེ། བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦེད་པར་འདོད་པ་དང༌། བསྲུང་བ་དང་བསྐྱབ་པ་གཉིས་དང་ལྡན་པས་སྦེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་རབ་འབྱོར་གྱིས་ཇི་དེ་ཁྱོད་ཀྱིས་མཐོང་ངམ་ཞེས་སྨྲས་ཏེ། དེས་མ་ཡིན་ནོ་ཞེས་སྨྲས་སོ། །དེས་ན་ཅི་ཞིག་ཏུ་འགྱུར་ཞེས་ན། གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པས་སོ། །ལྷག་མ་ནི་རྟོགས་པར་སླ་སྟེ། དེ་ལྟར་རྗེས་སུ་འགྲོ་བ་དང༌། ལྡོག་པ་དག་གིས་རྗེས་སུ་བརྗོད་པ་ན་དེ་ལ་སྲུང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་རག་ལས་ཀྱི། གཞན་ལ་རག་ལས་པ་ནི་མ་ཡིན་ནོ། །དེ་ནི་གཞན་དག་ལ་རག་ལས་པའི་སྦྱོར་བའོ། །ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ནས་ཡོངས་སུ་ཤེས་པའོ་ཞེས་བྱ་བའི་བར་གྱིས་ནི་བཅུ་གཉིས་པ་སྟེ། བཅོམ་ལྡན་འདས་མ་ཆེན་པོ་ལས་ནི་རྣམ་པ་བདུན་དུ་སྟོན་ཅིང་བརྗོད་དེ། ཆོས་ཐམས་ཅད་ནི་སྒྱུ་མ་དང༌། སྨིག་རྒྱུ་དང༌། རྨི་ལམ་དང༌། བྲག་ཅ་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུའོ། །ཞེས་བྱ་བ་གསུངས་ཏེ། གང་ཡང་རྣམ་པ་བདུན་བསྟན་པ་དེ་ནི་ཆོས་ཐམས་ཅད་གཉིས་ཀྱི་ངོ་བོས་སྟོང་པར་གནས་པ་ལ། གཉིས་སུ་སྣང་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེ་ནི་དཔེ་གཅིག་གིས་སྟོན་པར་ནུས་ཏེ། ཇི་ལྟར་སྒྲ་ཡོད་ན་བརྙན་མེད་ཀྱང་སྣང་བ་ལྟར། དེ་བཞིན་དུ་གཉིས་ཀྱིས་སྟོང་པ་འདིར་རང་གི་ངོ་བོའི་ཆོས་ཡོད་ཀྱང་གཉིས་སུ་མེད་པའི་ངོ་བོའི་ཆོས་སྣང་བ་ཡིན་ནོ། །དེ་བས་བཅོམ་ལྡན་འདས་མ་འདི་ལས་ནི་བྲག་ཅ་ལྟ་བུ་ཁོ་ནར་བརྗོད་དོ། །དེའི་ཕྱིར་བསྟན་བཅོས་འདི་ལས་ནི་ཚིག་གཞན་དུ་བརྗོད་པར་བྱ་སྟེ། ཤེས་བྱེད་གཞན་དུ་སྣང་བ་ལ། །ཞེས་བྱ་བར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་ལས་འདས་པ་དང༌། དག་པ་འཇིག་རྟེན་པ་སྟེ། འདི་ལྟར་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པའི་བྱང་ཆུབ་སེམས་དཔས་ནི། ཆོས་ཐམས་ཅད་ཅེས་བྱ་བ་དང༌། ཁྱད་པར་


DTG089_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཡེ་ཤེས་ཀྱིས། ཆོས་ཐམས་ཅད་ནམ་མཁའི་དབྱིངས་དང་མཚུངས་པར་མཐོང་ངོ༌། །དེའི་རྗེས་ལས་ཐོབ་པའི་ཤེས་པས་ནི་ཆོས་ཐམས་ཅད་རྒྱུ་མ་དང༌། སྨིག་རྒྱུ་དང་རྨི་ལམ་དང༌། མིག་ཡོར་དང༌། བྲག་ཅ་དང༌། གཟུགས་བརྙན་དང༌། ཆུ་ཟླ་དང༌། སྤྲུལ་པ་དང་མཚུངས་པར་མཐོང་ངོ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ནས། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དག་པ་འཇིག་རྟེན་པའི་དབང་དུ་བྱས་ནས་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་དེས་ན་དེ་ལ་ཇི་སྣང་བ་ནི་བརྫུན་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ནི་ཤེས་བྱེད་གཞན་དུ་སྣང་བའི་སྦྱོར་བའོ། །སྦྱོར་བ་བཤད་ནས་སྦྱོར་བའི་མཉམ་པ་ཉིད་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། གཟུགས་ལ་སོགས་པ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པའི་གནས་རྣམ་པ་བཞི་ལ་རློམ་པ་མེད་པའི་སྦྱོར་བ་ནི་མཉམ་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བཅོམ་ལྡན་འདས་མ་ཆེན་མོ་ལས་ཇི་སྐད་དུ་གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་ལ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་ཉེད་ཅེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །བཅོམ་ལྡན་འདས་མ་འདིར་ནི་བསྟན་བཅོས་ལས། གཟུགས་ལ་སོགས་པ་རློམ་མེད་པ། །རྣམ་བརྒྱད་དེ་ཡི་མཉམ་པ་ཉིད། ཅེས་བྱ་ཚིག་གཞན་དུ་བརྗོད་པར་བྱའོ། །འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞི་དང༌། གཟུང་བའི་རྣམ་པར་རྟོག་པ་བཞི་ནི་སྦྱོར་བའི་མཉམ་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཡང་དེ་བས་ན་ཞེས་བྱ་བ་ནས། སྤྱོད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཐམས་ཅད་བྲག་ཅ་ལྟ་བུ་དེའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལའོ། །རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པའོ། །ཡང་དག་པར་རྗེས་སུ་མི་མཐོང་བ་ལའོ། །མི་ཤེས་པ་ནི་གཟུངས་བ་ལའོ། །ཀུན་ཏུ་མི་ཤེས་པ་ཞེས་བྱ་བ་ནི་རྟོག་པ་ལ་སྟེ། འཛིན་པའི་རྣམ་


DTG089_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་རྣམ་པ་བཞིའོ། །གཟུང་བའི་རྣམ་པར་རྟོག་པ་བཞི་ནི་ཆོས་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེད་ཅེས་བྱ་བ་ནི་ཡོད་པར་རློམ་སེམས་མེད་པའོ། །ཡང་དག་པར་མི་སྣང་ཞེས་བྱ་བ་ནི་མཐོང་ལའོ། །ཡང་དག་པར་མེད་ཅེས་ཞེས་བྱ་བ་ནི་འཛིན་པ་མེད་པའོ། །མི་དམིགས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པ་སྟེ། དེ་ལྟར་གཟུང་བ་དང་འཛིན་པར་རྟོག་པ་མེད་པ་རྣམ་པ་བརྒྱད་ཀྱིས་སོ། །གནས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་སྤྱོད་པའོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་དལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོགས་པར་སླའོ། །དེ་ནི་སྦྱོར་བའི་མཉམ་པ་ཉིད་དོ། །འདིའི་སྦྱོར་བའི་མཉམ་པ་ཉིད་ཀྱི་ཞར་ལ། ཆོས་སྟོན་པའི་མཉམ་པ་ཉིད་ཀྱང་བསྟན་ཏེ། མངོན་པར་ཡིད་ཆེས་པར་བྱ་བའི་ཕྱིར་དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སོགས་པ་ནས། ལེའུ་རྫོགས་ཀྱི་བར་གྱིས་གསུངས་ཏེ། འཇིག་རྟེན་གྱི་ཁམས་ན་ཞེས་བྱ་བ་ནི་མི་མཇེད་འདི་ཉིད་ན། སྔས་རྒྱས་སྟོང་ཞེས་བྱ་བ་ནི་གང་མི་མཇེད་འདི་ཉིད་དུ་བསྐལ་པ་བཟང་པོ་འདི་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེ་ལ་དང་པོ་ལོག་པར་དད་སེལ་དང༌། གསེར་ཐུབ་དང༌། འོད་སྲུང་དང༌། ཤཱཀྱ་ཐུབ་པ་བཞི་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་དག་གིས་ཐམས་ཅད་མཁྱེན་པ་ཉིད་དུ་སྟོན་པ་ལ་མཉམ་པ་ཉིད་དུ་སྟོན་པའི་ཕྱིར་མིང་འདི་དག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བྱམས་པ་ཡང་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་དེའི་ཕྱི་མ་གཞན་དགུ་བརྒྱ་དགུ་བཅུ་རྩ་ལྔ་ཡང་བསྡུས་ཏེ། འདི་ཉིད་བསྟན་པ་མཉམ་པ་ཉིད་དོ། །གཙོར་རྣམ་པར་དག་པ་སྟོན་ཅིང་བརྗོད་པའི་ལེའུ་ནི་རྣམ་པར་དག་པའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བརྒྱད་པའོ།། །།

སྐབས་བཞི་པ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བརྗོད་པ།


DTG089_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བརྒྱད་པར་ཐམས་ཅད་མཁྱེན་པ་ཉིད་སྟོན་སྟོན་པའི་མཉམ་པ་ཉིད་བསྟན་ནས། འདི་ཉིད་དུ་བསྐལ་པ་བཟང་པོའི་ཆོས་སྟོན་པ་གསལ་བར་བྱ་བའི་ཕྱིར། ལེའུ་འདིར་རབ་འབྱོར་གྱིས་གང་བཤད་པ་དེ། དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མིང་ཙམ་མོ་ཞེས་བྱ་བ་ནི་མིང་ཡིན་གྱི་དོན་མ་ཡིན་ཏེ། མིང་དང་དོན་ནི་འབྲེལ་བ་མེད་པ་ཉིད་


DTG089_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དེ་དག་ལས་དོན་རྟོགས་པ་མེད་དོ། །གཞན་དུ་ན་བདག་ཉིད་ནི་ལྷ་ཡིན་ནོ་ཞེས་སྨྲས་ན། ལྷ་ཉིད་དུ་འགྱུར་བ་ཐལ་བར་འགྱུར་རོ། །དེ་ལྟ་མོད་ཀྱི་མིང་ཙམ་ན་ཡོད་དོ་ཞེ་ན། དེའི་ཕྱིར་མིང་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཞེས་བྱ་བ་ནི་མིང་ཙམ་ཉིད་ཀྱིས་སོ། །མི་དམིགས་པ་ཞེས་བྱ་བ་ནི་དོན་གྱིས་སྟོང་པའི་སྒྲ་ལ་མི་རིགས་པའི་རོ། །དེ་ཅིའི་ཕྱིར་ཞེ་ན། དག་གིས་དངོས་པོ་ཞེས་བྱ་བ་ནི་བརྗོད་པར་བྱེད་པ་བརྗོད་པར་བྱ་བའི་དོན་དང་བཅས་ཞེས་བྱ་བའི་དོན་ཏོ། །དོན་དང་བཅས་ཀྱང་རུང་དོན་མེད་ཀྱང་རུང་སྟེ། མིང་དེ་ཉིད་མི་རིགས་ཏེ་མེད་པར་གྲུབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོད་དོ་ཞེ་ན། དེ་ཡང་མ་མཆིས་ཞེས་བྱ་བ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། མི་དམིགས་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཞེས་བྱ་བ་ནི་ལྷག་མའོ། །ཇི་ལྟར་དེ་མི་དམིགས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མིང་དང་དོན་ནི་མེད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བའི་ཕྱིར་རོ། །དེ་ལ་དེའི་དོན་ཀྱང་མེད་དེ། དོན་དང་འབྲེལ་བ་མེད་པའི་སྒྲ་ལས་ནི་དོན་རྟོགས་པ་མེད་དེ། གལ་ཏེ་དངོས་པོ་དང་འགྲེལ་བ་མེད་པའི་ཕྱིར་དོན་ནི་མེད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་སྒྲ་ལས་དངོས་པོ་གོས་པར་མི་འགྱུར་ཏེ། དོན་གྱི་དངོས་པོ་ལ་ཡང་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་དང་དོན་མེད་པ་སྟེ། དོན་མི་དམིགས་པ་ནི་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའོ། །དེའི་ཕྱིར་འདི་གཉིས་མཉམ་པ་ཉིད་དུ་བསྟན་པའི་ཕྱིར་མིང་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འདི་གཉིས་མཉམ་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཆོས་འདི་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་བསྒྲུབ་ཏེ། སྟོན་པ་མཉམ་པ་ཉིད་གསལ་བར་བྱ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བ་གསུངས་ཏེ། ཅིའི་སླད་དུ་ཞེས་བྱ་བ་ནི་རྣམ་པ་གང་གིས་མངོན་པར་རྫོགས་པར་སངས་རྒྱས་ནས། མིང་འདི་ཉིད་ཅེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་ཏེ། གང་གིས་ཀྱང་མ་ཡིན་ཞེས་བྱ་བའི་དོན་ཏེ། མེད་པ་ལ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་བྱ་བར་དགོངས་སོ། །དེ་སྐད་ཅེས་གསོལ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་ལན་གསུངས་ཏེ།


DTG089_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཁྱོད་ཀྱིས་ཆོས་རྣམས་སྟོང་པ་ཉིད་དུ་བསྟན་པ་དེ་ཁོ་ན་བཞིན་དུ། དེ་མངོན་པར་རྫོགས་པར་སངས་རྒྱས་ནས་སྟོན་པར་འགྱུར་རོ་ཞེས་བྱ་བ་ནི་འདི་ལྟར་ཞེས་བྱ་བའི་སྒྲའི་དོན་ཏོ། །དེའི་ཕྱིར་མཐོང་བའི་ལམ་གྱི་དབང་དུ་བྱས་ནས། བསྟན་བཅོས་ལས། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་བཟོད་དང༌། །ཤེས་པའི་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །ཞེས་བྱ་བ་གསུངས་ཏེ། འདི་ནི་ཀུན་ཤེས་པའི་ཚུལ་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་དོ། །གང་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ། སོ་སོར་སྐད་ཅིག་མ་བཞིའི་བདག་ཉིད་དོ། །ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ནི་ཆོས་དང༌། རྗེས་སུ་བཟོད་པ་དང་ཤེས་པའོ། །དེ་ཉིད་ཀྱི་སྐད་ཅིག་མ་ནི་དེའི་བདག་ཉིད་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ལ་ཡང་དེ་བཞིན་ནོ། །དེ་ཉིད་ནི་སྐད་ཅིག་མ་བཅུ་དྲུག་སྟེ། གོ་རིམས་བཞིན་དུ་བསྟན་བཅོས་ལས། །གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་རྣམ་དག་དང༌། །མ་སྐྱེས་མ་འགགས་ལ་སོགས་དང༌། །མཁའ་འདྲ་ཆགས་པ་སྤངས་པ་དང༌། །ཡོངས་སུ་འཛིན་ལས་གྲོལ་བ་དང༌། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང༌། །གང་ཕྱིར་འདིའི་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང༌། །དམིགས་པ་མེད་པར་བྱེད་པ་དང༌། །ཤིན་ཏུ་རྣམ་དག་ནད་མི་འབྱུང༌། །ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱས་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འབྲེལ་དང༌། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་བྱ་བ་གསུངས་ཏེ། དེ་ལ། རྟག་པ་མ་ཡིན་མི་རྟག་མིན། །ཞེས་བྱ་བ་ནི་སྐད་ཅིག་མ་དང་པོའོ། །མཐའ་ལས་འདས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་སྟེ་གཉིས་པའོ། །རྣམ་པར་དག་པ་ནི་ཡོངས་སུ་དག་པ་ཞེས་བྱ་བ་སྟེ་གསུམ་པའོ། །མ་སྐེས་པ་དང་མ་འགགས་པ་ཞེས་བྱ་བ་ལ་སོགས་པ་ནི་བཞི་པའོ། །ནམ་མཁའ་དང་འདྲ་ཞེས་བྱ་བ་ནི་ལྔ་པའོ། །ཆགས་པ་སྤངས་པ་ཞེས་བྱ་བ་ནི་དྲུག་པའོ། །


DTG089_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་པ་ལས་གྲོལ་བ་ཞེས་བྱ་བ་ནི་བདུན་པའོ། །ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པ་ཞེས་བྱ་བ་ནི་བརྒྱད་པའོ། །བརྗོད་དུ་མེད་པ་དང་གྲོལ་བ་ཞེས་བྱ་བའི་རྗེས་སུ་འབྲང་སྟེ། ག་ལས་ཤེ་ན། གང་ཕྱིར་འདིའི་གཞན་དག་ལ་སྦྱིན་དུ་མེད་པ་ཞེས་བྱ་བ་དེ་ནི་དགུ་པའོ། །དམིགས་པ་མེད་པར་ཉེད་པ་ནི་བཅུ་པའོ། །ཤིན་ཏུ་རྣམ་པར་དག་པ་ཞེས་བ་བ་ནི་བཅུ་གཅིག་པའོ། །ནད་མི་འབྱུང་བ་ཞེས་བྱ་བ་ནི་བཅུ་གཉིས་པའོ། །ངན་སོང་ཆད་པ་དང་མི་རྟོག་པ་ཞེས་བྱ་བ་ལ་ངན་སོང་ཆད་པ་ནི་བཅུ་གསུམ་པའོ། །མི་རྟོག་པ་ནི་བཅུ་བཞི་པའོ། །འབྲས་བུ་མངོན་སུམ་དུ་བྱ་བ་རྟོགས་པ་དང༌། མཚན་མ་དག་དང་མ་འབྲེལ་བ་ནི་བཅོ་ལྔ་པའོ། །དངོས་པོ་དང་མིང་གཉིས་ལ་ཤེས་པ་སྐྱེ་བ་མེད་པ་ནི། དེ་དག་ནི་ཀུན་ཤེས་པ་ཉིད་ཀྱིས་བདག་ཉིད་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་གོ །དེ་ལ་དང་འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་སྐད་ཅིག་མ་གཉིས་གསུངས་ཏེ། གཟུགས་ལ་སོགས་པ་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། བཅིངས་པ་ཡང་མ་ཡིན་གྲོལ་བ་ཡང་མ་ཡིན་ཏེ། རང་ཉིད་མེད་པ་དེ་ལ་ནི་རྟག་པ་ལ་སོགས་པ་མི་རིགས་ཏེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །གཟུགས་ལ་སོགས་པ་ནི་རྟག་ཏུ་ཤིན་ཏུ་རྣམ་པར་དག་པ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་གྱིས་ནི་སྐད་ཅིག་མ་གསུམ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཕྱིར་ཏེ། དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའི་བཟོད་པའོ། །རབ་འབྱོར་གཟུགས་སྐྱེ་བ་མེད་པ་དང་ཞེས་བྱ་བ་ནས། ཡོངས་སུ་དག་པའོ་ཞེས་བྱ་བའི་བར་གྱིས་ནི་བཞི་པ་སྟེ། དེ་ཡང་དེ་དག་རྣམ་པར་དག་པས་སྐྱེ་བ་དང༌། འགག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་མེད་པའི་མཚན་ཉིད་དེ། དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །རབ་འབྱོར་ནམ་མཁའ་ཞེས་བྱ་བ་ནས་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་གྱིས་ནི་ལྔ་པ་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟར་སྐྱེ་བ་ལ་སོགས་པ་མེད་དེ། ནམ་མཁའ་ལྟར་རྣམ་པར་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །དེ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་


DTG089_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རབ་འབྱོར་གཟུགས་གོས་པ་མེད་པ་ཞེས་བྱ་བ་ནས། ཡོངས་སུ་དག་པའོ་ཞེས་བྱ་བའོ་བར་གྱིས་ནི་དྲུག་པ་དང་བདུན་པ་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟར་གོས་པ་མེད་པ་སྟེ། ནམ་མཁའ་ལྟར་གོས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །དེ་ནི་ཀུན་འབྱུང་ལ་ཆོས་ཤེས་པའོ། །ཆོས་ཐམས་ཅད་ནམ་མཁའ་ལྟར་ཡོངས་སུ་འཛིན་པ་མེད་པའི་ཕྱིར་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་སྟེ། དེ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ། །ནམ་མཁའ་དང་བྲག་ཅ་ཞེས་བྱ་བ་ནས་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་གྱིས་ནི་བརྒྱད་པ་དང་དགུ་པ་དང་བཅུ་པ་བསྟན་ཏེ། ཚིག་ཏུ་མེད་པ་དང༌། བརྗོད་དུ་མེད་པ་ནི་ཇི་ལྟར་བྲག་ཅ་ནི་རི་དང༌། རི་སུལ་དུ་ནམ་མཁའ་ལྟར་ཅུང་ཟད་ཀྱང་བརྗོད་པ་མེད་པའོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ནམ་མཁའ་ལྟར་བརྗོད་དུ་མེད་པ་སྟེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །དེ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །རྟོགས་པར་བྱེད་པ་ནི་བརྗོད་པ་སྟེ། བརྗོད་པ་གང་གིས་ཕ་རོལ་ལ་དོན་རྟོགས་པར་བྱེད་པ་ནི་བརྗོད་པའོ། །བྲག་ཅ་ནི་ནམ་མཁའ་ལྟར་ཅུང་ཟད་ཀྱང་བརྗོད་པ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ནམ་མཁའ་ལྟར་བརྗོད་དུ་མེད་པ་དེས་ན་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །དེ་ནི་འགོགས་པ་ལ་ཆོས་ཤེས་པའི་བཟོད་པའོ། །གང་མི་དམིགས་པ་དེ་ནི་དམིགས་སུ་མེད་པ་སྟེ། འདིར་བྲག་ཅའི་སྒྲ་ནི་སྒྲ་དང་སྒྲ་བརྙན་གཉི་ག་ལ་འཇུག་སྟེ། འདིའི་དབྱེ་བ་སྟོན་པར་མི་བྱེད་པའི་ཕྱིར་རོ། །ཚིག་གི་མེད་པ་ཡང་ཡིན་ལ་བརྗོད་དུ་མེད་པ་ཡང་ཡིན་ཞེས་བསྡུའོ། །བྲག་ཅ་ཡང་ཡིན་ལ་ཚིག་མེད་པ་ཡང་ཡིན་བརྗོད་དུ་མེད་པ་ཡང་ཡིན་ཞེས་གསུམ་ཡང་བསྡུ་བར་བྱའོ། །དེ་དག་ཀྱང་ཡིན་ལ་དམིགས་པ་ཡང་ཡིན་ཞེས་བསྡུ་བར་བྱའོ། །གང་གི་ཕྱིར་ནམ་མཁའ་ཡང་དེ་དག་དང་འདྲ་སྟེ། དེ་ནི་མཚོན་ཆ་སྔོ་བསངས་ཀྱི་བསྡུ་བ་བཞིན་ནོ། །དེ་དག་གི་དངོས་པོ་ནི་དེ་ཉིད་དོ། །དེས་ཡོངས་སུ་དག་པ་སྟེ། དེའི་ཕྱིར་ཇི་ལྟར་ནམ་མཁའ་ནི་ཅང་ཟད་ཀྱང་དམིགས་སུ་མེད་པ་ཉིད་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དམིགས་སུ་མེད་ན། དེས་ནམ་མཁའ་ལྟར་དམིགས་སུ་མེད་པས་ཡོངས་སུ་དག་པ་སྟེ། དེ་ནི་འགོགས་པ་ལ་ཆོས་ཤེས་པའོ། །རབ་འབྱོར་ཞེས་བྱ་


DTG089_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་གྱིས་ནི་བཅུ་གཅིག་པ་བསྟན་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་ཀྱིས་གོས་པ་ནི་ཉེ་བར་གོས་པའོ། །རྣམ་པར་བྱང་བའི་ཆོས་ཀྱིས་མགོས་པ་ནི་གོས་པ་མེད་པའོ། །ཉེ་བར་གོས་པ་དང་གོས་པ་མེད་པ་ནི་ཉེ་བར་གོས་པ་དང་གོས་པ་མེད་པའོ། །དེ་དག་ཀྱང་ཡིན་ལ་ཆོས་ཀྱང་ཡིན་པས་ན་ཆོས་དེ་དག་གོ །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ཆོས་ཐམས་ཅད་དོ། །དེ་དག་གིས་གོས་པ་མེད་པ་ནི་གོས་པ་མེད་པའོ། །གཉི་ག་དམིགས་པ་ནི་མི་དམིགས་པ་ཡིན་ཏེ། གཉི་ག་མི་དམིགས་པ་ནི་གཉི་ག་ཡོངས་སུ་དག་པ་སྟེ། དེ་དག་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དེ་སྐད་ཅེས་བཀའ་སྩལ་པ་ཞེས་བྱ་བ་ནས། དུས་མི་བགྱིད་དོ་ཞེས་བྱ་བའི་བར་གྱིས་ནི་བཅུ་གཉིས་པ་བསྟན་ཏེ། གང་གི་ཕྱིར་རྙེད་པ་ལེགས་པར་རྙེད་པ་ཡིན་ཞེ་ན། རྣ་ལམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ཞེས་བྱ་བ་ནི་འཆི་བའོ། །དེ་ནི་འགོག་པ་ལ་རྗེས་སུ་ཤེས་པའོ། །དེ་དག་ལ་ལྷའི་བུ་ཞེས་བྱ་བ་ནས། དགྲ་ཇེ་ལྗི་བར་འགྱུར་ཏེ་ཞེས་བྱ་བའི་བར་གྱིས་ནི་བཅུ་གསུམ་པ་བསྟན་ཏེ། ཡུམ་ཆེན་མོ་དག་ལ་ནི་རྣམ་པར་དབྱེ་བ་བདུན་པར་བརྗོད་ལ། འདིར་གཉིས་པར་བྱས་པ་ཡིན་ཏེ། དེ་ཡང་ཤིན་ཏུ་དང་བ་དང་ལྡན་ན་གཉིས་པ་ཞེས་བྱ་བར་ཁ་ཅིག་འདོད་དོ། །དུས་དང་དངོས་པོ་དང་ལས་དང་འགྲོ་བ་ན་ནི་ལས་མ་ཡིན་ཡང་ལས་ཀྱི་མིང་ཅན་ཏེ། ལས་མ་ཡིན་ཡང་ལས་ཀྱི་མིང་དུ་འགྲོའོ་ཞེས་ལ་ལ་དག་འདོད་དོ། །དེ་བས་ཀྱང་ཞེས་བྱ་བ་ནི་བླ་ན་མེད་པའི་རིན་པོ་ཆེ་བསྲུང་བས་ཀྱང་ངོ༌། །རིན་པོ་ཆེ་ཆེན་པོ་འདི་ཉིད་བསྲུང་བ་ཆེན་པོ་ཡིན་གྱི། འདི་ལས་གཞན་པའི་བསྲུང་བ་ནི་མེད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཡང་རིན་པོ་ཆེ་ཆེན་པོ་དེ་ལྟ་ཡིན་པ་ཡང་གི་སྒྲའི་དོན་ཏོ། །དགྲ་ནི་ཕྱིར་རྒོལ་བའོ། །ཅི་ཙམ་དུ་གཅེས་པ་ཞེས་བྱ་བ་ནི། ཇི་ལྟར་ཁྱད་པར་དུ་གྱུར་པའོ། །འདིར་བསོད་ནམས་ཁྱད་པར་དུ་གྱུར་པ་བསྟན་པས་ནི་ངན་སོང་ཆད་པར་དོན་གྱིས་བསྟན་པར་འགྱུར་ཏེ། དེ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནས། མེད་ཅིང་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི་བཅུ་བཞི་པ་བསྟན་ཏེ། ཅིའི་ཕྱིར་བླ་ན་མེད་པ་ཞེས་བྱ་ཞེ་ན། ཕན་པ་དང་བདེ་བའི་


DTG089_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞུགས་པར་གྱུར་པ་ཞེས་བྱ་བ་གསུངས་ཏེ། འདི་ཉིད་ཀྱི་རྣམ་པར་འགྲེལ་པ་ནི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །མི་འཇིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་རྟག་པའི་ཚུལ་གྱིས་སོ། །ཉེ་བར་གནས་པ་ནི་ཉེ་བར་གནས་པའོ། །གལ་ཏེ་ཕན་པ་དང་བདེ་བའི་ཕྱིར་ཉེ་བར་གནས་ན་དེ་ལྟ་ན་ནི་རྣམ་པར་རྟོག་པར་འགྱུར་རོ་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞུམ་པར་མི་འགྱུར་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པའོ། །མི་སྦྱོར་ཞེས་བྱ་བ་ནི་མི་གནས་པའོ། །ཡོངས་སུ་མི་འཛིན་ཞེས་བྱ་བ་ནི་ཡང་དག་པར་མི་ཤེས་པ་སྟེ། དེའི་ཕྱིར་རྣམ་པར་མི་རྟོག་པ་ནི་རྣམ་པ་གསུམ་དུ་རྣམ་པར་མི་རྟོག་པའོ། །དེ་ནི་ལམ་ལ་ཆོས་ཤེས་པའོ། །འབྲས་བུ་མངོན་དུ་བྱ་བ་ལ་མཚན་མ་དག་དང་མ་འབྲེལ་པ་དེ་ནི་སྐད་ཅིག་མ་བཅོ་ལྔ་པ་སྟེ། དེའི་དབང་དུ་བྱས་ནས་རབ་འབྱོར་མ་སྐྱེས་པ་ཞེས་བྱ་བ་ནས་མ་གོས་པའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འབྲས་བུ་སྐྱེས་པ་ལ་མི་དམིགས་པ་ནི་མ་སྐྱེས་པའོ། །རྒྱུ་དེས་ན་བཅོམ་ལྡན་འདས་མ་ནི་འབྲས་བུ་སྐྱེས་པའི་མཚན་མའི་དྲི་མས་མ་གོས་པའོ། །འདི་ཅི་ཞིག་གིས་མ་གོས་པ་ཡིན་ཞེ་ན། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་གི་ཕྱིར་མ་གོས་པ་དེའི་ཕྱིར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཉེ་བར་གོས་པར་གྱུར་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་མི་འགྱུར་རོ། །ཇི་ལྟར་མ་གོས་པ་ཡིན་ཞེ་ན། དེའི་ཕྱིར་རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲས་བུ་རྣམས་སྐྱེ་བ་ན་ཡང་ཆོས་ཐམས་ཅད་ཀྱི་མཚན་མའི་དྲི་མ་ནུབ་པའི་ཕྱིར་མ་གོས་པའོ། །དེ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དངོས་དང་མིང་དང་གཉིས་པོ་ལ་ཤེས་པ་སྐྱེ་བ་མེད་པ་དེ་ནི་སྐད་ཅིག་མ་བཅུ་དྲུག་པ་སྟེ། དེའི་དབང་དུ་བྱས་ནས་གལ་ཏེ་ཞེས་བྱ་བ་ནས་སྤྱོད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ལྟར་ཡང་ཞེས་བྱ་བ་ནི་ཤིན་ཏུ་ཕྲ་བའི་དངོས་པོ་དང་མིང་གཉིས་ལ་འདུ་ཤེས་པའོ། །དེ་ལྟར་ཞེས་བྱ་བ་ནི་མདོར་བསྡུས་པའི་དོན་སྟོན་པར་བྱེད་པའོ། །བཅོམ་ལྡན་འདས་མ་ཆེན་མོ་དག་ལས་ནི་འདི་ཉིད་རྒྱས་པར་སྟོན་ཏོ། །དེ་ལྟར་ཡང་མི་ཤེས། དེ་ཡང་རྣམ་པར་མི་རྟོག །


DTG089_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡང་མི་དམིགས། དེ་ལྟར་ཡང་སྤྲོས་པར་མི་བྱེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས། ཐམས་ཅད་ཤེས་པ་ཉིད་ཐོབ་པར་ཡང་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ལ་དེ་ལྟར་ཡང་མི་ཤེས་ཞེས་བྱ་བ་ནི་ཆོས་ཉིད་ཙམ་སྣང་གི་ཆོས་ཐམས་ཅད་སྣང་བ་ཡང་མ་ཡིན་པའི་ཕྱིར་ཏེ། དེ་ནི་དངོས་པོ་ཤེས་པ་མི་སྐྱེད་པའོ། །དེ་ལྟར་ཡང་རྣམ་པར་མི་རྟོག་ཅེས་བྱ་བ་ནི་བརྗོད་པ་ཐམས་ཅད་སྣང་བ་མེད་པས། མིང་གི་ཤེས་པ་མི་སྐྱེད་པའོ། །མ་འདྲེས་པ་དྲི་མ་མེད་པ། ནམ་མཁའ་ལྟར་མཐའ་ཡས་པ་ཆོས་ཉིད་ཤེས་པ་ལ་ནི་རིག་པར་བྱ་བ་དང། རིག་པར་བྱེད་པའི་བྱེ་བྲག་མི་སྣང་བ་སྟེ། གཟུང་བ་དང་འཛིན་པར་ཤེས་པ་སྐྱེ་བ་མེད་དོ། །དངོས་པོ་དང་མིང་དང༌། གཉིས་སུ་སྣང་བ་འདི་གསུམ་ཡང་ཕྱིན་ཅི་ལོག་ཡིན་པའི་ཕྱིར་སྤང་བར་བྱ་བ་སྟེ། ཕྱིན་ཅི་ལོག་ནི་སྤྲོས་པའོ། །དེའི་ཕྱིར་དེ་དག་མེད་པ་ཉིད་ཀྱང་སྤྲོས་པར་མི་འགྱུར་རོ་ཞེས་གསུངས་སོ། །ལྷག་མ་ནི་རྟོགས་པར་སླ་སྟེ། དེ་ནི་ལམ་ལ་རྗེས་སུ་ཤེས་པའོ། །ཐམས་ཅད་ཤེས་པ་ཉིད་འདི་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ལ་སོགས་པའི་ཚུལ་ཡོད་ན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ལ། དེ་མེད་ན་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་པ་རྫོགས་སོ།། །།དེ་ལྟར་ཐམས་ཅད་ཤེས་པ་ཉིད་གསུམ་གྱི་མཚན་ཉིད་བསྟན་ནས། མཇུག་བསྡུ་བའི་ཕྱིར་ཐོབ་པར་བྱེད་པ་མེད་དོ་ཞེས་བྱ་བའི་བར་དུ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དོ། །དེ་ཞེས་བྱ་བ་ནི་དེ་ཉིད་རྣམ་པ་གསུམ་མོ། །འདི་དག་ནི་ལེའུ་རྣམ་པ་དགུས་རྒྱ་ཆེར་བསྟན་ཏེ། ལེའུ་གཅིག་དང་ཕྱེད་དང་བདུན་དང༌། ཕྱེད་དང་གཉིས་ནི་གོ་རིམས་བཞིན་དུ་བསྟན་ཏོ། །ཆོས་གང་ཡང་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་མཚུངས་པར་ལྡན་པའོ། །འཇུག་པར་བྱེད་པ་ནི་དམིགས་པ་ལ་ཉེ་བར་འཇོག་པར་བྱེད་པའོ། །ངེས་པར་འཇོག་པར་བྱེད་པ་ནི་དེ་ཉིད་ལ་འཇོག་ཅིང་ཞི་གནས་སྐྱེད་པར་བྱེད་པའོ། །ཡང་དག་པར་སྟོན་པར་བྱེད་པ་ནི་ལྷག་མཐོང་སྐྱེད་པར་བྱེད་པའོ། །ངེས་པར་སྟོན་པར་བྱེད་པ་ན་མངོན་སུམ་དུ་བྱེད་པས་


DTG089_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཡོངས་སུ་ཐོབ་པར་བྱེད་པ་ནི་འབྲས་བུར་གྱུར་པའི་ཆོས་ཐོབ་པར་བྱེད་པའོ། །ངེས་པར་ཐོབ་པར་བྱེད་པ་ནི་དེ་ཉིད་མཐར་ཕྱིན་པར་འདྲེན་པ་སྟེ། ཐམས་ཅད་ཀྱང་མེད་དོ་ཞེས་བྱ་བ་དང་སྦྱར་རོ། །དེ་ཐམས་ཅད་ག་ལས་ཤེ་ན། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །འདི་སྟོན་པ་ཐོས་ནས་ལྷ་རྣམས་ཀྱིས་གང་བྱས་པ་དེ་ནི། དེ་ནས་ལྷའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེ་བོ་མང་པོའི་ཚོགས་དག་དགའ་བ་སྐྱེས་ནས་ཅ་ཅོ་ནི་ཀུ་ཅོའོ། །དེ་ཉིད་ནི་ག་ཞ་ཡིན་ཏེ། སྐད་ཤིན་ཏུ་མཐོན་པོར་འབྱིན་པའོ། །འདི་ནི་ཆོས་ཀྱི་འཁོར་ལོ་ལན་གཉིས་སུ་བསྐོར་བ་མ་ཡིན་ཏེ། གཉི་ག་ཡང་དམིགས་སུ་མེད་པའི་ཕྱིར་རོ། །ཆོས་གང་ལ་ཡང་མེད་དོ་ཞེས་བྱ་བ་ནི། ཆོས་ཀྱི་འཁོར་ལོས་གཞན་པ་ཡང་ངོ༌། །གང་ལས་ཆོས་ཐམས་ཅད་ལ་ཆགས་པ་མེད་པ་ཞེས་བྱ་བ་ནི་ཆགས་པའི་དམིགས་པ་དང་བྲལ་བའི་ཕྱིར་རོ། །གང་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །ཆོས་ཐམས་ཅད་ནི་དམིགས་པ་མེད་དེ། གང་གི་ཕྱིར་བྱང་ཆུབ་པར་འགྱུར་བའི་ཆོས་གང་ཡིན་པ་དེ་ཡང་མེད་དོ་ཞེས་སྟོན་ཏོ། །གང་གི་ཕྱིར་རྣམ་པར་བྱང་བའི་ཆོས་གང་ཞིག་གང་ལ་སྟོན་པར་འགྱུར་བ་ནི་མེད་དོ། །མངོན་པར་མ་གྲུབ་པ་ནི་མ་སྐྱེས་པའོ། །ཆོས་གང་ཡང་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའོ། །སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ནི་རྣམ་པར་བྱང་བ་རྣམས་ཀྱི་དཔེར་བརྗོད་པའོ། །བསྟན་པ་ནི་དོན་དམ་པ་བསྟན་པའོ། །སུས་ཀྱང་བསྟན་པ་མེད་ཅེས་བྱ་བ་ལ་སོགས་པ་ནས། སྦྱིན་པའི་གནས་སུ་བྱས་པ་མེད་དོ་ཞེས་བྱ་བ་ག་ལས་ཤེས་ཤེ་ན། གང་ཟག་གི་དངོས་པོ་འདི་ཉིད་མེད་པའི་ཕྱིར་རོ་ཞེས་དགོངས་སོ། །ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་གྱི་མཚན་ཉིད་བསྟན་ནས། སྦྱོར་བ་བསྟན་པར་བྱ་སྟེ། དེ་ཡང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཡིན་ལ། དེ་བསྟན་པའི་ཆེད་དུ་བསྟན་བཅོས་ལས། རྣམ་པ་སྦྱོར་བ་བཅས་པ་དང༌། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང༌། །སློབ་མ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང༌། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ཏེ། རྣམ་པ་དག་དང༌། སྦྱོར་བ་དག་དང༌། ཡོན་ཏན་


DTG089_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང༌། སྐྱོན་དག་དང༌། མཚན་ཉིད་དག་དང༌། ཐར་པའི་ཆ་དང་མཐུན་པ་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང༌། ཕྱིར་མི་ལྡོག་པའི་དགེ་འདུན་དང༌། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། ཐབས་ལ་མཁས་པ་སྟེ། དངོས་པོ་བཅུ་གཅིག་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའོ། །ཇི་ལྟར་བསྟན་པ་བཤད་པ་ལ། དང་པོའི་རྣམ་པ་བཤད་པ་ནི་བསྟན་བཅོས་ལས། གཞི་དང་ཡེ་ཤེས་རྣམ་པ་ཡི། །རྣམ་པ་ཤེས་བྱ་མཚན་ཉིད་དོ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་བྱ་བ་གསུངས་ཏེ། གཞི་ནི་མི་དམིགས་པ་སྟེ། འཕགས་པའི་བདེན་པ་བཞི་ལ་སོགས་པའོ། །དེའི་ཡེ་ཤེས་དེ་ཉིད་ཀྱི་རྣམ་པ་ནི་རྣམ་པ་གང་གིས་དེ་ཡོངས་སུ་ཤེས་པར་བྱའོ། །དེ་དག་གི་རྣམ་པ་ཞེས་བྱ་བའི་མཚན་ཉིད་ནི་མིང་ངོ༌། །རྣམ་པ་ཐམས་ཅད་མཁྱེན་པ་རྣམས་ཞེས་བྱ་བ་མང་པོའི་ཚིག་ཡིན་ཡང༌། རིགས་ཀྱི་དབང་དུ་བྱས་ནས་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་རྣམ་པ་གསུམ་ཇི་ལྟར་ཡིན་ཞེ་ན། ཐམས་ཅད་ཤེས་པ་ཉིད་དང༌། ལམ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ལ་དང་པོ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་ཏེ། འདིར་བསྟན་བཅོས་ལས། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང༌། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་གསུངས་ཏེ། འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་མེད་པའི་རྣམ་པ་ནས་བརྩམས་ནས། མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་མི་གཡོ་བའི་རྣམ་པའི་བར་རོ། །དེ་དག་ལས་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དག་ལ་བཞི་བཞི་དང༌། ལམ་གྱི་བདེན་པ་ལ་ནི་ལྷག་མ་བཅོ་ལྔའོ། །མ་མཆིས་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པས་ན། མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་འོག་མ་དག་ལ་ཡང་སྦྱར་རོ། །དེ་ལ་སྡུག་བསྔལ་གྱི་གཞི་ནི་མེད་པ་དང༌། མཉམ་པ་ཉིད་དང༌། དབེན་པ་དང༌། མི་རྫི་བའོ། །ནམ་མཁའ་མ་མཆིས་པ་ཞེས་བྱ་བ་ནི་ནམ་མཁའ་མ་མཆིས་པ་བཞིན་དུ་གཟུགས་ལ་སོགས་པ་མེད་


DTG089_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། ཇི་ལྟར་ནམ་མཁའ་གཟུགས་ཅན་གྱི་རྫས་མེད་པའི་མཚན་ཉིད་ཡིན་པ་དེ་བཞིན་དུ། གཟུགས་ལ་སོགས་པ་རང་གི་མཚན་ཉིད་མེད་པའོ། །ཆོས་ཐམས་ཅད་དམིགས་སུ་མ་མཆིས་པ་དང་མཉམ་པ་ཞེས་བྱ་བ་བདེ་བ་དང༌། སྡུག་བསྔལ་གྱི་ཆོས་ཐམས་ཅད་དམིགས་སུ་མེད་པར་མཉམ་པ་ཉིད་དོ། །ཤིན་ཏུ་སྟོང་པ་ཞེས་བྱ་བ་ནི་གང་ཟག་གི་ངོ་བོས་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ། །གནོད་པར་བྱེད་པ་ནི་སྡུག་བསྔལ་ལོ། །གནོད་པར་བྱར་རུང་བ་ཡིན་པའི་ཕྱིར་བརྫི་བའི་བདག་ཉིད་དོ། །མི་བརྫི་བའི་བདག་ཉིད་ནི་བདག་མེད་པ་སྟེ། དེའི་རྣམ་པ་ཡིན་པའི་ཕྱིར་མི་བརྫི་བའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་གནོད་པར་བྱ་བ་དང༌། གནོད་པར་བྱེད་པ་རྣམས་དམིགས་སུ་མེད་པ་ཉིད་ཀྱིས་མི་དམིགས་པ་ཉིད་དོ། །ཀུན་འབྱུང་གི་གཞི་ནི། འདི་ལྟར་གནས་ནི་རྒྱུ་སྟེ། སྔོན་གྱི་ཕུང་པོ་རྣམས་སོ། །ངོ་བོ་ཉིད་ནི་བདག་ཉིད་ཀྱི་དངོས་པོ་སྟེ། ལུས་ཀྱི་ལས་སོ། །བརྗོད་པ་ནི་ངག་གི་ལས་སོ། །མིང་ནི་ཡིད་ཀྱི་ལས་དང་ཉོན་མོངས་པའོ། །འདི་དག་མེད་པའི་གོ་རིམས་བཞིན་དུ་གནས་མེད་པ་དང༌། ངོ་བོ་ཉིད་མེད་པ་དང༌། བརྗོད་པ་མེད་པ་དང༌། མིང་མེད་པ་སྟེ། དེ་དག་གི་ངོ་བོ་ཉིད་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །མིང་མ་མཆིས་ཤིང་ལུས་མ་མཆིས་པ་ཞེས་བྱ་བ་ལ། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོའོ། །ལུས་ནི་གཟུགས་ཅན་གྱི་ཕུང་པོ་སྟེ། དེ་གཉིས་མེད་པ་ནི་མིང་མེད་ཅིང་ལུས་མེད་པའོ། །འགྲོ་བ་དང་འོང་བ་ནི་ལུས་ཀྱི་ལས་སོ། །དེ་མེད་པ་ནི་འགྲོ་བ་དང་འོང་བ་མེད་པའོ། །བརྗོད་པའི་རྒྱུ་ནི་རྟོགས་པའོ། །དེ་མེད་པ་ནི་རྟོགས་པ་མེད་པའོ། །འགོག་པའི་གཞི་ནི་འདི་ལྟར་འགྲོ་བའམ། ཟད་པ་འམ། སྐྱེ་བ་འདི་དག་མེད་པ་ནི་གོ་རིམས་བཞིན་དུ་འགྲོ་བ་མེད་པ་དང༌། གཟུང་བ་མེད་པ་དང༌། ཟད་པ་མེད་པ་དང༌། སྐྱེ་བ་མེད་པ་སྟེ་དེའི་ངོ་བོ་ཉིད་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་འགྲོ་བ་མེད་པ་སྟེ། འགྲོ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཐམས་ཅད་ནི་གཟུང་དུ་མེད་པ་སྟེ། ཆོས་ཀྱིས་ཆོས་མི་འཛིན་པའི་ཕྱིར་རོ། །ཟད་པ་ཉིད་ནི་ཆོས་ཏེ་རྒྱུ་དང་མི་ལྡན་པའི་ཕྱིར་རོ། །དེ་མི་ལྡན་པ་ནི་མི་ཟད་པ་དང་ལྡན་པའི་ཕྱིར་རོ། །མངོན་པར་གྲུབ་པ་ནི་སྐྱེས་པ་སྟེ། དེ་མེད་པ་ནི་མངོན་པར་མ་གྲུབ་པའོ། །ལམ་གྱི་བཅོ་ལྔ་ནི་བྱེད་པ་པོ་དང༌། ཤེས་པ་


DTG089_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང༌། མཐོང་བ་པོ་མེད་པ་དང༌། འཕོ་བ་མེད་པ་དང༌། འཇིག་པ་མེད་པ་དང༌། རྨི་ལམ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། སྨིག་རྒྱུ་དང༌། སྒྱུ་མ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། གོས་པ་མེད་པ་དང༌། སྤྲོས་པ་མེད་པ་དང། རློམ་པ་མེད་པ་དང༌། གཡོ་བ་མེད་པ་སྟེ་བྱེད་པ་པོ་མེད་པ་ལ་སོགས་པ་ནི་བྱེད་པ་པོ་མེད་པའི་ཕྱིར་དེ་ནི་ཕ་རོལ་ཏུ་ཕྱིན་པའོ། །ལམ་ནི་བྱེད་པ་པོ་མེད་པ་སྟེ་དེས་བྱེད་པ་པོ་མི་དམིགས་པའི་ཕྱིར་རོ། །ལམ་ནི་ཤེས་པ་པོ་དང་མཐོང་བ་པོ་མེད་པ་སྟེ་དེས་ཤེས་པ་པོ་དང་མཐོང་བ་པོ་དམིགས་སུ་མེད་པའི་ཕྱིར་རོ། །ལམ་ནི་འཕོ་བ་མེད་པ་སྟེ་དེས་འཆི་འཕོ་དང་སྐྱེ་བ་མེད་པ་མཐོང་བའི་ཕྱིར་རོ། །ལམ་ནི་འཇིག་པ་མེད་པ་སྟེ་དུས་གསུམ་གྱི་ཆོས་རྣམས་རང་བཞིན་གྱིས་འཇིག་པ་མེད་པར་རྟོགས་པའི་ཕྱིར་རོ། །རྨི་ལམ་ལ་སོགས་པ་དང་འདྲ་བའི་ཕྱིར་རྨི་ལམ་ལ་སོགས་པའོ། །ལམ་ནི་རྨི་ལམ་སྟེ་མཐོང་བར་བྱ་བ་མེད་ཀྱང་དོན་མཐོང་བའི་ཕྱིར་རོ། །ལམ་ནི་བྲག་ཅ་སྟེ་སྒྲ་མེད་ཀྱང་སྒྲར་དམིགས་པའི་ཕྱིར་རོ། །ལམ་ནི་མིག་ཡོར་ཏེ་གཟུགས་བརྙན་ནོ། །དེ་ནི་དོན་མེད་ཀྱང་དོན་མཐོང་བའི་ཕྱིར་རོ། །ལམ་ནི་སྨིག་རྒྱུ་སྟེ་ཆུའི་ཕུང་པོ་མེད་ཀྱང༌། སྐོམ་གྱིས་གདུངས་པའི་འཇིག་རྟེན་རྣམས་ལ་སྣང་བའི་ཕྱིར་རོ། །ལམ་ནི་སྒྱུ་མ་སྟེ་མཚན་མ་མེད་ཀྱང་སྣང་བའི་ཕྱིར་རོ། །སྐྱེ་བ་མ་མཆིས་ཤིང་རྣམ་པར་གོ་བར་མི་བགྱིད་པ་ཞེས་བྱ་བ་ནི་གང་གི་ཕྱིར་ལམ་ནི་ལྔ་པོ་དག་ཀྱང་སྐྱེ་བ་མེད་པར་སྟོན་པ་སྟེ། སྣང་བའི་རྒྱུ་མེད་པར་ཡང་དེ་ལྟ་དེ་ལྟར་སྣང་བའི་ཕྱིར་རོ། །ལམ་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྟེ་དེས་འདོད་ཆགས་ལ་སོགས་པ་མི་དམིགས་པའི་ཕྱིར་རོ། །ལམ་ནི་རྣམ་པར་བྱང་བ་མེད་པ་སྟེ་དེས་ཀུན་ནས་ཉོན་མོངས་པའི་སེམས་ཅན་མི་དམིགས་པའི་ཕྱིར་རོ། །ལམ་ནི་གོས་པ་མེད་པ་སྟེ་དེས་ནམ་མཁའ་ལྟར་ཆོས་རྣམས་ལ་གོས་པ་མེད་པར་མཐོང་བའི་ཕྱིར་རོ། །ལམ་ནི་སྤྲོས་པ་མེད་པ་སྟེ་སྤྲོས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ལམ་ནི་རློམ་སེམས་མེད་པ་སྟེ་རློམ་སེམས་ཅན་ཐམས་ཅད་ཡང་དག་པར་བཅོམ་པ་ཉིད་ཀྱི་ཕྱིར་རོ། །ལམ་ནི་གཡོ་བ་མེད་པ་སྟེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་པས་རྟག་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པའོ། །དེ་ནས་ལམ་ཤེས་པ་


DTG089_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་ནི་གང་བསྟན་བཅོས་ལས། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་ལ་ནི་གོ་རིམས་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་བྱ་བ་གསུངས་ཏེ། རྒྱུ་ནི་ཀུན་འབྱུང་སྟེ། དེ་བས་ཀུན་འབྱུང་བ་དང༌། ལམ་དག་ནི་དང་པོར་བསྟན་ཏེ། འབྲས་བུའི་ཐབས་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་དང་འགོག་པ་ནི་ཕྱིས་བསྟན་ཏེ་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་གི་རྣམ་པ་ནི་གོ་རིམས་བཞིན་དུ་བརྒྱད་དང༌། བདུན་དང༌། ལྔ་དང༌། བཅུ་དྲུག་ཏུ་བསྒྲགས་པ་ནི་གསུངས་པ་སྟེ། མདོ་ལས་སོ། །དེ་ལ་ཀུན་འབྱུང་གི་བརྒྱད་ནི་འདོད་ཆགས་དང་བྲལ་བ་དང༌། ཀུན་ནས་ལྡང་བ་མེད་པ་དང༌། ཞི་བ་དང༌། སྐྱོན་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། སེམས་ཅན་མེད་པའོ། །ཇི་ལྟ་ཡིན་ཞེ་ན། སྐྱོན་མེད་པ་ཞེས་བྱ་བ་ནི་འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་གསུམ་ཡིན་པའི་ཕྱིར་རོ། །ཀུན་འབྱུང་ནི་སྔོན་གྱི་ཕུང་པོ་ལྔ་རྣམས་སོ། །ཡོངས་སུ་བརྟགས་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་ཆགས་པ་ནི་འདོད་ཆགས་ཏེ། གང་ལས་འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་དང་བྲལ་བ་སྟེ་ཀུན་འབྱུང་ངོ༌། །ཆོས་ཐམས་ཅད་མ་ལོག་པའི་དེ་བཞིན་ཉིད་ཀྱི་སླད་དུ་ཞེས་བྱ་བ་ལ། ལོག་པ་ཉིད་དུ་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའོ། །ཀུན་ནས་ལྡང་བ་ནི་ཉོན་མོངས་པའི་རྒྱུ་རྣམ་པར་རྟོག་པའོ། །དེ་འདི་ལ་ཡོད་པ་མ་ཡིན་པས་ཀུན་ནས་ལྡང་བ་མེད་པ་སྟེ་ཀུན་འབྱུང་ངོ༌། །ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་འཛིན་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞི་བ་ནི་ཀུན་འབྱུང་འགོག་པ་ཞེས་བྱ་བའི་དོན་ཏོ། །དེ་ག་ལས་ཤེ་ན། ཆོས་ཐམས་ཅད་ཀྱི་མཚན་མ་ནི་ཆོས་ཐམས་ཅད་མི་སྣང་བ་སྟེ་དོན་དམ་པར་སྣང་བ་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདོད་ཆགས་མེད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཞེ་སྡང་མེད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། གཏི་མུག་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཟད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཉོན་མོངས་པ་ཐམས་ཅད་མེད་པ་ནི་ཉོན་མོངས་པ་མེད་པ་སྟེ་ཀུན་འབྱུང་ངོ༌། །ཡོངས་སུ་རྟོག་པ་མ་མཆིས་ཞེས་བྱ་བ་ནི་ཉན་ཀུན་འབྱུང་ངོ༌། །ཡོངས་སུ་རྟོག་པ་མ་མཆིས་ཞེས་བྱ་བ་ནི་ཉན་ཐོས་ཀྱིས་ཡོད་པར་རྟོགས་སོ། །གཞན་ཡང་


DTG089_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཉིད་ནི་ཉོན་མོངས་པ་དང༌། སྡུག་བསྔལ་བར་འགྱུར་བ་ཡིན་ཏེ། དེ་མེད་པས་ན་སེམས་ཅན་མེད་པའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་ཆོས་དང་ཟང་ཟིང་གི་སྟོང་པ་ཉིད་དོ། །ལམ་གྱི་བདུན་ནི་ཚད་མེད་པ་དང༌། མཐའ་གཉིས་སུ་མི་རྟོག་པ་དང༌། ཐ་མི་དད་པ་དང༌། མཆོག་ཏུ་མི་འཛིན་པ་དང༌། མི་རྟོག་པ་དང༌། དཔག་ཏུ་མེད་པ་དང༌། ཆགས་པ་མེད་པའོ། །ལམ་ནི་ཚད་མེད་པ་སྟེ་ཆོས་ཐམས་ཅད་ཀྱི་ཀུན་ནས་ལྡང་བའི་ཀུན་ནས་ལྡང་བ་མེད་པ་ནི་བརྫུན་པ་ཉིད་ཡིན་པའི་ཕྱིར་རོ། །ལམ་ནི་མཐའ་གཉིས་སུ་མི་རྟོག་པ་སྟེ་ཆོས་ཐམས་ཅད་ལ་མངོན་པར་མ་ཆགས་པ་ཞེས་བྱ་བ་དེ་ནི་ཇི་ལྟར་སྣང་བ་དེའི་སྟོང་པ་ཉིད་སྣང་ཞིང་རྟོགས་པའོ། །ཐ་དད་པ་མེད་པ་ནི་ལམ་མོ། །དབྱེར་མ་མཆིས་པ་ཞེས་བྱ་བ་ནི་དབྱེ་བ་མི་དམིགས་པའི་ཕྱིར་རོ། །ལམ་ནི་མཆོག་ཏུ་འཛིན་པ་སྟེ། དེས་དམན་པའི་ཐེག་པ་ལ་མི་རེག་པའི་ཕྱིར་རོ། །མི་རྟོག་པ་ནི་ལམ་མོ། །རྣམ་པར་རྟོག་པ་མཉམ་པ་ཉིད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་མི་དམིགས་པའི་ཕྱིར་རོ། །དཔག་ཏུ་མེད་པ་ནི་ལམ་མོ། །ཆོས་ཉིད་ཚད་མ་མཆིས་པ་ཉིད་ཀྱི་སླད་དུ་ཞེས་བྱ་བ་ནི་ཆོས་ཉིད་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ། །ཆགས་པ་མེད་པ་ནི་ལམ་མོ། །ཆོས་ཐམས་ཅད་ལ་མ་ཆགས་པ་ཞེས་བྱ་བ་ནི་དམིགས་པ་མེད་པའོ། །སྡུག་བསྔལ་གྱི་ལྔ་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་དང༌། མཚན་ཉིད་མེད་པ་སྟེ། སྡུག་བསྔལ་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔའོ། །དེ་ལ་མི་རྟག་པ་ནི་རྟག་པ་མ་ཡིན་པའོ། །སྡུག་བསྔལ་ནི་སྡུག་བསྔལ་ཏེ། བདེ་བའི་མི་མཐུན་པའི་ཕྱོགས་ཉིད་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །སྡུག་བསྔལ་ནི་སྟོང་པ་ཉིད་དེ་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །སྡུག་བསྔལ་ནི་བདག་མེད་པ་ཉིད་དེ་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་རོ། །འདུས་བྱས་ཀྱི་ཆོས་གསུམ་ནི་སྐྱེ་བ་དང། རྒ་བ་དང༌། མི་རྟག་པའོ། །དེ་མེད་པ་ནི་མཚན་ཉིད་མེད་པ་སྟེ་སྡུག་བསྔལ་ལོ། །མངོན་པར་མ་གྲུབ་པ་ཞེས་བྱ་བ་ནི་ཇི་ལྟར་སྣང་བ་དང༌། ཇི་ལྟར་དོན་དམ་པ་ནི་འདུས་མ་བྱས་པའི་ཕྱིར་རོ། །འགོག་པའི་ནི་བཅུ་དྲུག་སྟེ། དེའི་ཕྱིར་འགོག་པ་ནི་སྟོང་པ་ཉིད་ཀྱི་རྣམ་པར་དག་པ་ཡིན་ཏེ། སྟོང་


DTG089_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང་ཐ་མི་དད་ཅིང་ཐ་དད་པར་བྱེད་པ་མི་དམིགས་པའི་ཕྱིར་རོ། །དེ་བས་ན་ནམ་མཁའ་བཞིན་དུ་མཐའ་ཡས་མུ་མེད་པའོ། །དུས་གསུམ་དང་རྒྱ་ཆེར་ཡོངས་སུ་མ་ཆད་པའི་ཕྱིར་སྟོང་པ་ཉིད་བཅུ་དྲུག་ཡིན་ལ། དེས་ན་གོ་རིམས་བཞིན་དུ་སྦྱར་ཏེ། དེ་ནི་འདིར་རོ་གཅིག་པ་ཡིན་ནོ། །དེའི་ཕྱིར་སྟོང་པ་ཉིད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་མཐའ་ཡས་མུ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ལ། དེ་ནི་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་བར་གྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །དེ་བས་ན་འགོག་པའི་བདེན་པ་ནི་རྣམ་པ་བཅུ་དྲུག་ཡིན་ཏེ། དེ་ནི་ལམ་ཤེས་པའི་རྣམ་པའོ། །རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་ནི་བརྒྱ་རྩ་བཅུ་སྟེ། གང་གི་ཕྱིར་བསྟན་བཅོས་ལས། ཀུན་མཁྱེན་ཉིད་གསུམ་བྱེ་བྲག་གིས། །ལམ་གྱི་བདེན་པ་དང་མཐུན་པར། །དྲན་པ་ཉེར་གཞག་ནས་བཟུང་སྟེ། །ཐ་མ་སངས་རྒྱས་ཉིད་རྣམ་པར། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་བྱ་བ་གསུངས་ཏེ། དེའི་དབང་དུ་བྱས་ནས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཞེས་བྱ་བ་ལ་སོགས་པ་ནས་ལེའུ་རྫོགས་པའི་བར་གྱིས་གསུངས་སོ། །འདི་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྡེ་ཚན་རྣམ་པ་བདུན་རེ་རེ་ནས་ཕྱེ་བས། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དུ་འགྱུར་ཏེ། དེ་དག་རེ་རེ་ལ་ཡང་མི་དམིགས་པའི་རྣམ་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བའི་བར་གྱིས་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ལམ་ལ་བརྟེན་པའོ། །རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་སུམ་ཅུ་རྩ་བདུན་ནོ། །དེ་ནས་རྣམ་པར་ཐར་པའི་སྒོ་གསུམ་ནི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། མཚན་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། སྨོན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་མི་དམིགས་པའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་ནི་དང་པོའི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང༌། གཉིས་པའི་རྣམ་པར་ཐར་པའི་ཕ་རོལ་ཏུ་


DTG089_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་དང༌། སྡུག་པའི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང༌། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། རྣམ་པར་ཐར་པ་བརྒྱད་མི་དམིགས་པའི་ཕྱིར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་དེའི་ཕྱིར་བསམ་གཏན་དང་པོ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་ནས་བསམ་གཏན་བཞི་པ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་བར་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་ནས་འདུ་ཤེས་དང་ཚོར་བ་འགོག་པ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡིན་ཏེ། བསམ་གཏན་དང་པོ་ལ་སོགས་པ་མི་དམིགས་པའི་ཕྱིར་རོ། །སྡུག་བསྔལ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཀུན་འབྱུང་གི་ཕ་རོལ་ཏུ་ཕྱིན་པ་དང༌། འགོག་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བདེན་པ་བཞི་མི་དམིགས་པའི་ཕྱིར་རོ། ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཐབས་དང་སྨོན་ལམ་དང༌། སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་དག་གི་མི་མཐུན་པའི་ཕྱོགས་དེ་མི་དམིགས་པའི་ཕྱིར་རོ། །དེ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་གནས་པའི་རྣམ་པ་སུམ་ཅུ་རྩ་བཞིའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོབས་བཅུ་སྟེ་དེའི་ཕྱིར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །མི་བརྫི་བའི་སླད་དུའོ་ཞེས་བྱ་བ་དེ་ནི་ཡང་སྟོབས་ཀྱི་དོན་ཏོ། །མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་བཞི་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཟག་པ་ཟད་པ་ལ་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ངེས་པར་འབྱུང་བའི་ཆོས་རྣམས་ལ་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བར་དུ་གཅོད་པའི་ཆོས་རྣམས་ལ་མི་འཇིགས་པའི་ཕ་རོལ་ཏུ་


DTG089_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པའི་ཤིན་ཏུ་མ་ཞུམ་པ་ཞེས་བྱ་བ་ནི་མི་འཇིགས་པའི་དོན་ཏོ། །སོ་སོ་ཡང་དག་པར་རིག་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པ་དང༌། དོན་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་དང༌། དོན་དང༌། ངེས་པའི་ཚིག་དང༌། སྤོབས་པ་རྣམས་ཤེས་ཤིང་ཡང་དག་པར་རིག་པའོ། །དེ་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པ་ཞེས་བྱ་བ་ནི་དེ་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པར་ནུས་པའོ། །དེ་ནི་སོ་སོ་ཡང་དག་པར་རིག་པའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་ཀྱང་ཡིན་ལ་མ་འདྲེས་པ་ཡང་ཡིན་པས་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པའོ། །གཞན་དག་དང་ཐུན་མོང་མ་ཡིན་པའི་ཕྱིར་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པའོ། །ཐམས་ཅད་ཀྱང་ཡིན་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་དོ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱ་བའི་དོན་ཏོ། །དེ་དག་གི་རྣམ་པ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །འདི་ལྟ་སྟེ། འཁྲུལ་པ་མེད་པ་དང༌། ཅ་ཅོ་མེད་པ་དང༌། དྲན་པ་ཉམས་པ་མེད་པ་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་གསུམ་དང༌། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང༌། ཐ་དད་པའི་འདུ་ཤེས་མི་མངའ་བ་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བའི་ཕ་རོལ་ཏུ་ཕྱིན་པ་གསུམ་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང། ཤེས་རབ་དང༌། རྣམ་པར་གྲོལ་བ་ཉམས་པ་མི་མངའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ལུས་དང་ངག་དང༌། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་གསུམ་དང༌། དུས་གསུམ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་སྟེ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བགྲང་བའི་ཚུལ་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ལ་འདྲ་བར་སེམས་པ་ནི་བགྲང་བའོ། །དེའི་ཚུལ་ནི་ལྡན་པ་སྟེ་འདྲེས་པའོ། །དེ་ལས་ཤིན་ཏུ་འདས་པ་ནི་འདས་པ་སྟེ། དེ་ནི་མ་འདྲེས་པའི་དོན་ཏོ། །ཇི་ལྟ་


DTG089_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་དེ་ཁོ་ན་བཞིན་དུ་གསུངས་པས་ན་དེ་བཞིན་གཤེགས་པའོ། །དེའི་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པ་ཉིད་དེ་དེའི་ངོ་བོ་ཉིད་དེ་ནི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ནི་སངས་རྒྱས་ཐམས་ཅད་ཀྱི་བཀའོ། །དེ་དག་གིས་མ་ལོག་པ་དེ་བཞིན་ཉིད་ནི་བདེན་པ་ཉིད་ཀྱི་ཕྱིར་རོ། །རང་བྱུང་གི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་བྱུང་ཞེས་བྱ་བའི་སྒྲ་ནི་འཇུག་པའི་དོན་ལ་འཇུག་སྟེ། དོན་གཞན་ལ་འཇུག་པ་ཞེས་བྱ་བའི་ཁོངས་སུ་གཏོགས་པའི་དོན་ཏོ། །རང་ཞེས་བྱ་བ་ནི་བདག་ཉིད་དེ་སེམས་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་ཆོས་ཐམས་ཅད་ལ་འཇུག་པར་བྱེད་པའི་ཕྱིར་རང་འབྱུང་ངོ༌། །དེའི་ངོ་བོ་ཉིད་ནི་དེའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་ཕྱིར་ཡུམ་ཆེན་མོ་ལས་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར་ཞེས་གསུངས་ཏེ། འདིའི་དོན་བསྟན་པ་ནི་དོན་གཞན་རྣམ་པར་བཅད་པའི་ཕྱིར། བཅོམ་ལྡན་འདས་མ་ལས་གཏན་ཚིགས་འདི་གསུངས་སོ། །ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པའི་སླད་དུ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ནི་རང་གི་ངོ་བོ་ཉིད་མེད་པ་ཉིད་དོ། །གལ་ཏེ་འདི་ངོ་བོ་ཉིད་ཡོད་པར་གྱུར་ན་ནི་དེའི་ཚེ་སེམས་ཕྱིན་ཅི་ལོག་པར་མི་འགྱུར་ན། གང་གི་ཕྱིར་སེམས་ཕྱིན་ཅི་ལོག་པ་དེ་བས་ན་དེ་བཞིན་གཤེགས་པ་རྣམས་དབང་བསྒྱུར་རོ་ཞེས་བསམས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སངས་རྒྱས་ཉིད་ཅེས་བྱ་སྟེ་དོན་གཅིག་གོ །དེའི་ཕྱིར་ཡུམ་ཆེན་མོ་དག་ལས་སངས་རྒྱས་ཉིད་ཀྱི་རྣམ་པ་ཞེས་ཐ་མར་གསུངས་སོ། །འདིར་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བསྟན་ཏེ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང༌། རྣམ་པ་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྣམ་པ་ཐམས་ཅད་དོ། །དེ་དག་མཁྱེན་པ་ནི་དེའི་ངོ་བོ་སྟེ། དེ་ཉིད་དེ་དེའི་སླད་དུའོ། །སངས་རྒྱས་ཀྱི་ལམ་ལ་བརྟེན་པ་སུམ་ཅུ་རྩ་དགུ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པའོ། །རྣམ་ཀུན་མཁྱེན་ཉིད་རྣམ་པ་ལ། །གཅིག་ཏུ་བསྡུས་ན་བརྒྱ་དང་བཅུ། །ཐམས་ཅད་མཁྱེན་ཉིད་རྣམ་གསུམ་ལ། །བརྒྱ་དང་བདུན་ཅུ་རྩ་གསུམ་མོ། །བཅོམ་ལྡན་འདས་མ་ལ་རྣམ་པ་འདི་རྣམས་ཀྱིས་བསྟོད་དེ་དེས་ན་བསྟོད་པའི་དོན་གྱི་ལེའུ་ནི་བསྟོད་པའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་


DTG089_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་དགུ་པའོ།། །།རྣམ་པ་བསྟན་ནས་དེ་དག་གི་སྦྱོར་བ་བཤད་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་མ་ཐོས་པ་ཡང་རྙེད་པར་དཀའ་ན། རབ་ཏུ་སྦྱོར་བར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པར་བྱ་བའི་ཕྱིར་བསྟན་བཅོས་ལས། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་བྱ་བ་གསུངས་ཏེ། གང་དག་སྔོན་གྱི་སངས་རྒྱས་ལ་ལྷག་པར་བྱ་བ་བྱས་ཤིང་བསོད་ནམས་བསགས་པ་དང༌། །ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པས་དགེ་བའི་རྩ་བ་བསྐྱེད་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དེ་ཉིད་ནི་བཅོམ་ལྡན་འདས་ཡུམ་འདི་ཉན་པ་ལ་ཐོས་པ་སྣང་བའི་སྣོད་ཡིན་གྱི་གཞན་ནི་མ་ཡིན་ནོ། །གང་ཡང་སྔོན་གྱི་སྐྱེ་བ་བདག་ཏུ་སངས་རྒྱས་མང་པོ་ལ་བསྙེན་བཀུར་དང༌། ཡོངས་སུ་འདྲིས་པ་དང་ལྡན་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་དེ་བཞིན་དུ་བཅོམ་ལྡན་འདས་ཡུམ་འཛིན་པ་ནས་དེ་བཞིན་ཉིད་དུ་སྒྲུབ་པའི་བར་གྱི་སྣོད་དུ་འགྱུར་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཡུམ་འདི་འཛིན་པ་ནས་དེ་བཞིན་ཉིད་དུ་རྣ་ལམ་དུ་གྲག་ཅིང་རྟོགས་པ་ནི་ངེས་པར་དེ་དག་གིས་ལྷག་པར་བྱ་བ་བྱས་པ་ལ་སོགས་པ་ཡོན་ཏན་གསུམ་དང་ལྡན་པ་ཡིན་ནོ། །དེ་དག་འཛིན་པ་ལ་སོགས་པ་སྣང་བ་དང༌། དེ་བཞིན་ཉིད་དུ་སྒྲུབ་པ་དེ་དག་ནི་ལྷག་པར་བྱ་བ་བྱས་པ་ལ་སོགས་པ་ཡོན་ཏན་གསུམ་དང་ལྡན་པ་དང༌། སངས་རྒྱས་ལ་བསྙེན་བཀུར་བྱས་པ་ལ་སོགས་པར་ངེས་པ་ཡིན་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བའི་བར་གང་གསུངས་པ་ལ། དེ་བཞིན་ཉིད་དུ་སློབ་པ་དང་ཞེས་བྱ་བ་ནི་ཞི་གནས་ཀྱིས་སོ། །བསྒྲུབ་པ་དང་ཞེས་བྱ་བ་ནི་ལྷག་མཐོང་གིས་སོ། །རྣལ་འབྱོར་དུ་བྱེད་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གིས་སོ། །དད་པ་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པས་གསུངས་པ་ཡིན་པའི་


DTG089_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་ཁོ་ན་ཉིད་མ་ཡིན་པར་ཡང་དག་པར་ཡིད་ཆེས་པ་ནི་དད་པའོ། །འཛིན་པར་འདོད་པ་ནི་བཟོད་པའོ། །སྤོང་བར་མི་འདོད་པ་ནི་བཟོད་པའོ། །ཚིག་དང་དོན་ཉན་པར་འདོད་པ་ནི་འདུན་པའོ། །བརྩོན་འགྲུས་ནི་སྤྲོ་བའོ། །དགེ་བའི་རྩ་བའི་བར་དུ་གཅོད་པ་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། ལེ་ལོའི་གཉེན་པོ་ནི་བག་ཡོད་པའོ། །མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ལུང་གིས་ངེས་པའི་དངོས་པོ་ལ་འདི་ཉིད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ངེས་པར་འཛིན་པ་ནི་མོས་པའོ། །མི་འཕྲོགས་པའི་རྟེན་བྱེད་པའི་ལས་ཅན་ཏེ། དེ་གཙོ་བོར་བྱེད་པ་ནི་ཕ་རོལ་རྒོལ་བ་ལ་སོགས་པས་མི་འཕྲོགས་པའི་ཕྱིར་རོ། །ཡོངས་སུ་དྲིས་པ་དང༌། ཡོངས་སུ་དྲི་བར་བགྱིས་པ་ཞེས་བྱ་བ་ནི་ཐེ་ཚོམ་གྱི་གནས་ཐམས་ཅད་ཡོངས་སུ་དྲིས་པ་དང༌། གང་གིས་ཐེ་ཚོམ་གྱི་ལན་དེ་བྱས་པས་ནི་ཡོངས་སུ་དྲིས་པར་བྱས་པའོ། །དེ་ལྟར་ངོ་མཚར་ཅི་ཆེ་ཞེས་བྱ་བ་ནི་འདིར་ཅི་ཞིག་ངོ་མཚར་དུ་གྱུར་པའོ། །འདི་ལ་མོས་པར་མི་འགྱུར་བ་ཞེས་བྱ་བ་གང་ཡིན་པ་དེ་དང་སྦྱར་རོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་དེ་ལྟར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཕན་ཚུན་རྒྱུ་ཉིད་དུ་ངེས་པར་བསྟན་པ་ལ་ཕྱག་བྱ་བའི་དོན་ཏེ་དེ་ནི་རྙེད་པར་དཀའ་བ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་སྤོབས་པ་སྐྱེས་སོ་ཞེས་བྱ་བའི་བར་གྱིས་ནི་སྦྱོར་བའི་སྐབས་འབྱེད་དོ། །སྦྱོར་བའི་དབང་དུ་བྱས་ནས་བསྟན་བཅོས་ལས། གཟུགས་ལ་སོགས་ལ་མི་གནས་ཕྱིར། །དེ་ལ་གནས་པ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང༌། །ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང༌། །ངེས་འབྱུང་བར་ཆད་མེད་བཅས་དང༌། །བྱང་ཆུབ་ཉིད་དང་མྱུར་བ་དང༌། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །དེ་ནི་དག་པའི་མཚམས་དང་བཅས། །ཞེས་བྱ་བ་གསུངས་ཏེ། དེ་ནི་ཞེས་བྱ་བ་ནི་སྦྱོར་བ་སྟེ། རྣམ་པ་བསྟན་ནས་དེ་ཉིད་ཀྱི་


DTG089_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ལ་མི་གནས་པ་ནི་སྦྱོར་བ་སྟེ། དེ་ལ་བཀག་པ་གནས་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ལ་མི་སྦྱོར་བ་ནི་སྦྱོར་བ་དེ་ལ་སྦྱོར་བ་བཀག་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱང་ཟབ་པའི་ཕྱིར་ཟབ་པའི་སྦྱོར་བའོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ལ་གཏིང་དཔག་དཀའ་བའི་སྦྱོར་བའོ། །དེ་བཞིན་ཉིད་དུ་ཚད་མེད་པ་ཡིན་པའི་ཕྱིར་ཚད་མེད་པའི་སྦྱོར་བའོ། །དང་ཞེས་བྱ་བ་ནི་དེ་ལ་སྦྱོར་བ་བཀག་པའི་ཕྱིར་ཞེས་བྱ་བ་དང་སྦྱོར་རོ། །དེ་ལ་ཞེས་བྱ་བ་ནི་ཟབ་པའི་ཕྱིར་དང༌། རྟོགས་པར་དཀའ་པའ་ཕྱིར་དང༌། ཚད་མེད་པའི་ཕྱིར་དེ་དག་ལ་སྦྱོར་བ་བཀག་པའི་སྦྱོར་བ་གསུམ་སྟེ། ཟབ་པ་ཉིད་དུ་མི་སྦྱོར་བའི་སྦྱོར་བ་དང༌། རྟོག་པར་དཀའ་བ་ཉིད་དུ་མི་སྦྱོར་བའི་སྦྱོར་བ་དང༌། ཚད་མེད་པ་ཉིད་དུ་མི་སྦྱོར་བའི་སྦྱོར་བའོ། །གང་སྦྱོར་བ་ཟབ་པ་ལ་སོགས་པས་སྤངས་པའི་ཕྱིར་ངན་སོང་དུ་ཡུན་རིང་དུ་གནས་ནས་ཚེགས་ཆེན་པོས་ཡུན་རིང་པོ་ནས་མངོན་པར་རྟོགས་པ་ནི་དེ་ནི་ཚེགས་ཆེན་པོས་ཡུན་རིང་པོ་ནས་མངོན་པར་རྟོགས་པའི་སྦྱོར་བའོ། །ལུང་བསྟན་པ་ཞེས་བྱ་བ་ནི་གང་གི་ཕྱིར་སྦྱོར་བས་རིང་པོ་མི་ཐོགས་པར་ལུང་བསྟན་པ་ཐོབ་པར་འགྱུར་ཏེ། དེ་ནི་ལུང་བསྟན་པ་ཐོབ་པའི་སྦྱོར་བའོ། །ཕྱིར་མི་ལྡོག་པ་ཉིད་དང་ཞེས་བྱ་བ་ནི་གང་གི་ཕྱིར། ཕྱིར་མི་ལྡོག་པ་ཉིད་ཐོབ་པ་དེ་ནི་ཕྱིར་མི་ལྡོག་པའི་སྦྱོར་བའོ། །ངེས་འབྱུང་ཞེས་བྱ་བ་ནི་ཡུན་རིང་པོར་བར་དུ་གཅོད་པའི་ས་ལས་ངེས་པར་འདས་པའི་སྦྱོར་བ་ནི། ངེས་པར་འབྱུང་བའི་སྦྱོར་བའོ། །བར་ཆད་དང་ལྡན་པ་ནི་བར་ཆད་དང་བཅས་པའི་སྦྱོར་བའོ། །བར་ཆད་མེད་པར་ལུང་བསྟན་པ་ནི་བར་ཆད་མེད་པའི་སྦྱོར་བའོ། །བྱང་ཆུབ་ཉེ་དང་ཞེས་བྱ་བ་ནི་གང་གི་ཕྱིར་ཉེ་བར་རྟོགས་པ་དེ་ནི་ཉེ་བར་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བའོ། །མྱུར་བ་ཞེས་བྱ་བ་ནི་བྱང་ཆུབ་ཅེས་བྱ་བར་སྦྱར་ཏེ། གང་གི་ཕྱིར་རིང་པོ་མི་ཐོགས་པར་འདིས་བྱང་ཆུབ་འདི་རྟོགས་པར་འགྱུར་ཏེ། དེ་ནི་མྱུར་བར་རྫོགས་པར་བྱང་ཆུབ་པའི་སྦྱོར་བའོ། །གཞན་གྱི་དོན་གྱི་སྦྱོར་བ་ནི་གཞན་གྱི་དོན་གྱི་སྦྱོར་བའོ། །གང་དུ་ཕུང་པོ་ལ་སོགས་པ་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་མེད་པར་མཐོང་བ་དེ་ནི་འཕེལ་བ་དང༌། འགྲིབ་པ་མེད་པའི་སྦྱོར་བའོ། །ཆོས་དང་ཆོས་མིན་སོགས་མི་མཐོང༌། །ཞེས་བྱ་བ་ནི་གང་གི་ཚེ་ཆོས་ལ་སོགས་པ་ཉིད་ཀྱིས་ཆོས་རྣམས་མི་མཐོང་


DTG089_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེའི་ཚེ་ནི་ཆོས་ལ་སོགས་པ་མི་དམིགས་པའི་སྦྱོར་བའོ། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །ཞེས་བྱ་བ་ནི་གཟུགས་བསམ་གྱིས་མི་ཁྱབ་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་པའི་བར་དེ་དག་མི་མཐོང་བ་ནི་གཟུགས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་མི་མཐོང་བའི་སྦྱོར་བའོ། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །ཅེས་བྱ་བ་ནི་གཟུགས་ལ་སོགས་པ་མ་འོངས་པའི་བདག་ཉིད་ཀྱི་ངོ་བོ་ནི་དེའི་ངོ་བོའོ། །གསུམ་པོ་འདི་དག་ལ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམ་པར་མི་རྟོག་པ་ནི་རྣམ་པར་མི་རྟོག་པའི་སྦྱོར་བའོ། །འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བའི་འབྲས་བུ་རིན་པོ་ཆེ་དེ་དག་སྦྱིན་པར་བྱེད་པ་ནི་བཅོམ་ལྡན་འདས་ཡུམ་འདི་ཉིད་ཀྱི་སྦྱོར་བ་སྟེ། འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བའོ། །དག་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་འདི་ཉིད་དག་པའི་ཕུང་པོའི་སྦྱོར་བ་སྟེ། རྣམ་པར་དག་པའི་སྦྱོར་བའོ། །མཚམས་དང་བཅས་ཞེས་བྱ་བའི་སྦྱོར་བ་ནི་དུས་ཇི་ཙམ་གྱིས་བཅོམ་ལྡན་འདས་ཡུམ་བྲིས་པ་ལ་སོགས་པ་འགྲུབ་པ་དེ་དེ་ཙམ་གྱིས་འགྲུབ་པའོ། །བརྩོན་འགྲུས་བརྟན་པ་གང་གིས་སྦྱོར་བ་བྱེད་པ་ནི་མཚམས་དང་བཅས་པའི་སྦྱོར་བའོ། །དེ་ལྟར་འདི་དག་ནི་སྦྱོར་བ་ཉི་ཤུ་རྩ་གསུམ་མོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་རིམ་གྱིས་གསུངས་ཏེ། སྤྱོད་པ་ཞེས་བྱ་བ་ནི་ཡིད་ལ་བྱེད་པའོ། །གཟུགས་ལ་མི་གནས་སོ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའོ། །གཟུགས་མི་གནས་སོ་ཞེས་བྱ་བ་ལ་སོགས་པ་ནི་བཤད་པ་སྟེ་མངོན་པར་ཞེན་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མི་གནས་པ་དེའི་ཕྱིར་རྣལ་འབྱོར་དུ་བྱེད་པ་ནི་སྦྱོར་བ་ཐོབ་པའོ། །དེ་ནི་གཟུགས་ལ་སོགས་པ་ལ་མི་གནས་པ་ལ་སྦྱོར་བའོ། །ཀཽ་ཤི་ཀ་གཟུགས་ཞེས་བྱ་བ་ལ་སོགས་པ་ལ་མི་སྦྱོར་བ་མིང་དང་མཚན་མ་དག་ལའོ། །དེ་ལྟར་ན་མི་གནས་སོ་ཞེས་བྱ་བ་ནི་ཡང་དག་པར་མི་ཤེས་སོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་མི་གནས་སོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །འདི་ནི་གཟུགས་ལ་སོགས་པ་ལ་མི་སྦྱོར་བའི་སྦྱོར་བའོ། །


DTG089_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས་ཟབ་མོ་ཞེས་བྱ་བ་ཡན་ཆད་ཀྱིས་ནི་ཟབ་པའི་སྦྱོར་བ་གསུངས་ཏེ། འདིར་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ཟབ་པ་ནི་དེ་བཞིན་ཉིད་ཀྱིས་ཟབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འདི་ནི་ཟབ་པའི་སྦྱོར་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པར་དཀའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྟོགས་པར་དཀའ་བའི་ཕྱིར་རོ་ཞེས་དགོངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངེས་པར་རྟོགས་པར་ནུས་པ་མ་ཡིན་ནམ། ཅིའི་ཕྱིར་རྟོགས་པར་དཀའ་ཞེ་ན། གཟུང་བར་དཀའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ངེས་པ་ལས་ནི་མཚན་མར་འཛིན་པའོ། །དེ་ལས་ནི་རྣམ་པར་རྟོག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པ་སྟེ། དེའི་ཕྱིར་རྟོགས་པར་དཀའ་བའོ། །འདི་ནི་རྟོགས་པར་དཀའ་བའི་སྦྱོར་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མ་མཆིས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཚད་མེད་པའི་ཕྱིར་ཏེ། དེ་བས་ན་ཚད་མེད་པའི་སྦྱོར་བའོ། །གཟུགས་ཟབ་པོ་ཞེས་བྱ་བ་ལ་སོགས་པ་ནས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བའི་བར་གྱིས་ནི་ཟབ་པ་ལ་མི་སྦྱོར་བའི་སྦྱོར་བའོ། །འདིར་མི་གནས་སོ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པའོ། །རྣལ་འབྱོར་དུ་མི་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་མི་ཤེས་པའོ། །རྣལ་འབྱོར་དུ་བྱེད་དུ་བྱེད་པ་ཞེས་བྱ་བ་ནི་སྦྱོར་བ་སྟེ། དེ་ནི་ཟབ་པ་ལས་མི་སྦྱོར་བའི་སྦྱོར་བ་དང༌། དེ་བཞིན་དུ་རྟོགས་པར་དཀའ་བ་ལ་མི་སྦྱོར་བའི་སྦྱོར་བ་དང༌། དེ་བཞིན་དུ་ཚད་མེད་པ་ལ་མི་སྦྱོར་བའི་སྦྱོར་བའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་ནས་ཉེས་པ་ཅིར་འགྱུར་ཞེས་བྱ་བའི་བར་གྱིས་ནི་ཚེགས་ཆེན་པོས་ཡུན་རིང་པོ་ནས་རྟོགས་པའི་སྦྱོར་བ་གསུངས་སོ། །འདིར་ཉེས་པ་ཅིར་འགྱུར་ཞེས་བྱ་བ་ནི་དྲིས་པའོ། །ལན་ནི་ཡུམ་ཆེན་མོ་དག་ལས་གསུངས་པ་དྲན་པར་བྱེད་དེ་དེ་ཉིད་ཀྱི་དོན་བསྡུས་ནས་བཤད་པ་ནི་དེ་ཐོས་ནས་མ་དད་ཅིང་སྤོང་སྟེ་དེས་ན་ངན་སོང་དུ་ཡུན་རིང་བས་ཚེགས་ཆེན་པོས་མངོན་པར་རྫོགས་པར་བྱང་ཆུབ་པོ། །དེ་ནི་ཚེགས་ཆེན་པོས་ཡུན་རིང་པོ་ནས་མངོན་པར་རྟོགས་པའི་སྦྱོར་བའོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་


DTG089_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་ལུང་བསྟན་པ་ཐོབ་པར་འགྱུར་བར་རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི་ལུང་བསྟན་པའི་སྦྱོར་བ་གསུངས་ཏེ། དེའི་ཕྱིར་གཅིག་གམ་གཉིས་ཞེས་བྱ་བ་ནི་ཡང་དག་པར་བརྗོད་པའོ། །གཅིག་གམ་གཉིས་མ་ཡིན་ཞེས་བྱ་བ་ནི་ལོག་པའི་བརྗོད་པའོ། །མཉེས་པར་བྱེད་པར་འགྱུར་ཞེས་བྱ་བ་ནི་ཐོབ་པར་འགྱུར་བའོ། །ཐུགས་དབྱུང་བར་བྱེད་པར་མི་འགྱུར་ཞེས་བྱ་བ་ནི་མགུ་བར་བྱེད་པར་འགྱུར་རོ། །ཇི་སྲིད་ཐོབ་པ་ཞེས་བྱ་བ་ལ་ཕྱིས་ཞེས་བྱ་བ་ནི་ལྷག་མ་སྟེ་རྟོགས་པར་སླའོ། །དེ་ནི་ལུང་བསྟན་པ་དང་བཅས་པའི་སྦྱོར་བའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཞེས་བྱ་བ་ནས་བསགས་པ་ལེགས་སོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་སྦྱོར་བ་གསུངས་ཏེ། རྙེད་པར་འགྱུར་བ་ནི་ཐོབ་པར་འགྱུར་བའོ། །ཕལ་ཆེར་ཞེས་བྱ་བ་ནི་མང་དུའོ། །མི་མཐུན་པ་ཞེས་བྱ་བ་ནི་རྒྱབ་ཀྱིས་ཕྱོགས་པའོ། །གཡོས་པར་འགྱུར་རོ་ཞེས་བྱ་བ་ནི་ལྡོག་པར་འགྱུར་བའོ། །རབ་ཏུ་འཇུག་པའི་ཞེས་བྱ་བ་ནི་འཇུག་པའི་ཚུལ་གྱིས་སྦྱོར་བར་བྱེད་པའོ། །རྟོག་པ་མེད་པ་ནི་རབ་ཏུ་གནོན་པའོ། །དེ་ལྟར་སེམས་རབ་ཏུ་འཇུག་པ་དང༌། རབ་ཏུ་གནོན་པ་སྟེ་འདི་ནི་ཕྱིར་མི་ལྡོག་པའི་སྦྱོར་བའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ནས་ཐོབ་པའི་སླད་དུ་ཞེས་བྱ་བའི་བར་གྱིས་ནི་ངེས་པར་འབྱུང་བའི་སྦྱོར་བ་གསུངས་ཏེ། འདི་ལ་དཔག་ཚད་བརྒྱའི་ཚད་ཡོད་པས་ན་དཔག་ཚད་བརྒྱ་པའོ། །ལྷག་མ་ནི་རྟོགས་པར་སླའོ། །འདི་ནི་ངེས་པར་འབྱུང་བའི་སྦྱོར་བའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནས་མཉན་པ་ཐོབ་པའི་སླད་དུ་ཞེས་བྱ་བའི་བར་ཆད་མེད་པ་དང་བཅས་པའི་སྦྱོར་བ་གསུངས་ཏེ། ལྡུམ་བུ་ནི་ཡལ་གའོ། །ལྡུམ་བུ་དང་དྲི་དག་གིས་མཚན་པ་ནི་རྩེ་མོ་ལ་སོགས་པའོ། །གང་ཡང་ཞེས་བྱ་བ་ནི་གལ་ཏེ་ཡང་ཞེས་བྱ་བའི་དོན་ཏོ། །བསྙེན་ཏེ་ཞེས་བྱ་བ་ནི་ངེས་པར་ཕྱིན་པ་འམ་ཐོབ་པའོ། །མི་རིང་ངོ་ཞེས་བྱ་བ་ཡང་ངོ༌། །ལྷག་མ་ནི་རྟོགས་པར་སླའོ། །འདི་ནི་བར་ཆད་མེད་པའི་སྦྱོར་བའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ནས་མགུ་བ་སྐྱེས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་དང་ཉེ་བའི་སྦྱོར་བ་གསུངས་ཏེ། ལོ་མ་དང་འདབ་མ་ལྷགས་པ་ནི་རྙིངས་པ་སྟེ། གང་དག་ལ་ལོ་མ་ལྷགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་


DTG089_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྟོགས་པར་སླའོ། །འདི་ནི་བྱང་ཆུབ་དང་ཉེ་བའི་སྦྱོར་བའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་ནས་ཁྱོད་སྤོབས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་གསུངས་ཏེ། སྦྲུམ་མ་ནི་སྦྲུམ་མའི་བུད་མེད་དོ། །བསྐྱོད་ན་ཞེས་བྱ་བ་ནི་སྐྱོ་བའོ། །སྙོམ་པ་ཞེས་བྱ་བ་ནི་ན་བའོ། །སྨྲ་བ་ཉིད་ནི་སྨྲ་བའོ། །ཡང་ན་སྨྲ་བར་བྱེད་པའོ། །སྟོབས་ནི་མཐུའོ། །སྡུག་བསྔལ་ནི་ཚོར་བའོ། །འགྲོགས་པ་ནི་སྐྱེས་པ་དང་ལྷན་ཅིག་ཉལ་བའོ། །ཇི་ལྟར་འགྲོགས་པ་ལ་དད་ཆེ་བར་མི་འགྱུར་ཞེ་ན། སྔོན་གྱི་ཚུལ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པའི་རྒྱུའི་རྣམ་པར་རྟོག་པའོ། །ཀུན་དུ་བསྟན་པ་ཞེས་བྱ་བ་ནི་དེ་བསྐྱེད་པའི་ཕྱིར་རོ། །ངེས་པར་བསྟན་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སྤྱོད་པའོ། །བསྒོམས་པ་ཞེས་བྱ་བ་ནི་ཡང་དག་པར་ཕྲད་པའི་ཕྱིར་རོ། །མང་དུ་བྱས་པས་ཞེས་བྱ་བ་ནི་ཡང་དང་ཡང་དུ་དེ་ལྟར་བྱེད་པའི་ཕྱིར་རོ། །དགའ་བ་ནི་རབ་ཏུ་དགའ་བའོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་ནི་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བའོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་ནས་ཆོས་སྟོན་པར་འདོད་དོ་ཞེས་བྱ་བའི་བར་གྱིས་ནི་གཞན་གྱི་དོན་གྱི་སྦྱོར་བ་གསུངས་ཏེ། གང་གི་ཕྱིར་གཞན་དག་ལ་ཕན་འདོགས་པ་ངོ་མཚར་དུ་གྱུར་པ་སྟེ། ཅི་ཞིག་ལ་ངོ་མཚར་དུ་གྱུར་པ་ཡིན་ཞེ་ན། འདི་ལྟར་འདི་དག་ཁོ་ན་མ་ཡིན་གྱི་ཡང་དག་པར་སྟོན་པ་དང༌། ཡང་དག་པར་འཛིན་དུ་བཅུག་པ་དང༌། ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་བྱེད་པ་ནས་ལེགས་པར་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་རྗེས་སུ་གཟུང་བའི་ཕྱིར་དང༌། ཡང་དག་པར་བདག་གིར་བྱ་བའོ། །ལེགས་པར་སྦྱངས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དག་ལས་མཉན་པའི་ཕྱིར་ཡང་དག་པར་གཏོད་པ་ལ་སྦྱོར་བར་བྱེད་པའོ། །ལེགས་པར་ཡོངས་སུ་གཏད་པ་ནི་དེ་ལ་དེ་དག་བསླབ་པའི་ཕྱིར་སྦྱོར་བར་བྱེད་པ་སྟེ། སྙིང་བརྩེ་བའི་ཕྱིར་ཞེས་འོག་ནས་འབྱུང་བ་དང་སྦྱོར་རོ། །ལྷག་མ་ནི་རྟོགས་པར་སླ་སྟེ། དེ་ནི་གཞན་གྱི་དོན་གྱི་སྦྱོར་བའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


DTG089_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱོད་དོ་ཞེས་བྱ་བའི་བར་གྱིས་ནི་འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བའོ། །ཆོས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནས་བསྒོམས་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་མི་མཐོང་བའི་སྦྱོར་བ་གསུངས་ཏེ། ཆོས་དང་ཆོས་མ་ཡིན་པ་ནི་མཚོན་པ་སྟེ། དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ལ་སོགས་པའི་ཆོས་རྣམས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ནི་སྟོང་པ་དང༌། གསོག་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ་འདི་ནི་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའི་སྦྱོར་བའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་གྱིས་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་མཐོང་བ་མེད་པའི་སྦྱོར་བའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་ནི་རྟོག་པའི་སྦྱོར་བ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་ཀྱང་ཐམས་ཅད་མཁྱེན་པ་ཐམས་ཅད་མཁྱེན་པའི་ཆོས་ཀྱང་ཞེས་བྱ་ལ། ཀྱང་གི་སྒྲ་ནི་ཆོས་གཞན་རྣམས་ལྟ་ཅི་སྨོས་ཞེས་པའོ། །ཆོས་གཞན་རྣམས་ལ་མི་རྟོག་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པ་སྟེ། གཟུགས་ལ་སོགས་པའི་གཟུང་བར་བྱ་བ་རྣམས་མི་རྟོག་པའི་ཕྱིར་དང༌། དེའི་མཚན་མ་མི་སྣང་བའི་ཕྱིར་དང༌། གཟུགས་ལ་སོགས་པ་དོན་དུ་གཉེར་བ་མི་མཐོང་བའི་ཕྱིར་ཏེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་རྣམས་བརྟགས་པ་དང༌། ཡོངས་སུ་གྲུབ་པ་དང༌། གཞན་གྱི་དབང་གི་ངོ་བོ་ཉིད་རྣམས་ཡང་དག་པར་རིག་པ་དང༌། གོ་རིམས་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པས་ནི་འདི་ཉིད་ཟབ་པ་ཉིད་དུ་བསྟན་ཏེ་འདི་ནི་རྣམ་པར་མི་རྟོག་པའི་སྦྱོར་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོའོ་ཞེས་བྱ་བ་ནི་འབྲས་བུ་རིན་པོ་ཆེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་གྱི་རྒྱུ་ཡིན་པའི་ཕྱིར་ཏེ། འདི་ནི་འབྲས་བུ་རིན་པོ་ཆེ་སྦྱིན་པར་བྱེད་པའི་སྦྱོར་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནས་དག་པའི་ཕུང་པོའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་


DTG089_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་སྦྱོར་བ་གསུངས་ཏེ། དེ་དག་ཉིད་འབྲས་བུ་ཡིན་ཏེ་ནམ་མཁའ་བཞིན་དུ་རྣམ་པར་དག་པར་མཐོང་བའི་ཕྱིར་རོ། །འདི་ནི་རྣམ་པར་དག་པའི་སྦྱོར་བའོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་ཞེས་བྱ་བ་ནས་བར་ཆད་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་ས་མཚམས་དང་བཅས་པའི་སྦྱོར་བ་གསུངས་ཏེ། བྲིས་སམ་ཞེས་བྱ་བ་ནི་བྲི་བར་ནུས་པའོ། །བྲི་བར་བྱ་ཞེས་བྱ་བ་ནི་དེ་ཙམ་ཉིད་ཀྱི་དུས་ཀྱིས་བྲི་བར་བྱ་བ་ཡིན་ནོ། །ཡི་དམ་ལ་བརྟེན་པར་བྱས་ན་བགེགས་མེད་དོ་ཞེས་བྱ་བར་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྟོགས་པ་འདི་ག་ལས་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །འདི་ལྟ་བུ་ནི་ཆོས་ཉིད་དོ་ཞེས་བྱ་བར་དགོངས་སོ། །འོན་ཀྱང་ཞེས་བྱ་བ་ནི་གལ་ཏེ་ཡང་ངོ༌། །མི་ནུས་སོ་ཞེས་བྱ་བ་ནི་མི་ནུས་པ་མེད་པའོ། །ཡི་དམ་མ་ཉམས་པའི་ཞེས་བྱ་བ་ནི་ཡི་དམ་མ་ཞིག་པ་ཡིན་ཏེ་དེ་ནི་བྱང་ཆུབ་ལས་མ་འདས་པ་ཉིད་ཀྱི་ཕྱིར་རོ། །འདི་ནི་མཚམས་དང་བཅས་པའི་སྦྱོར་བའོ། །སྦྱོར་བ་བསྟན་ནས་ཡོན་ཏན་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་བྱ་བ་གསུངས་ཏེ། །ཡོན་ཏན་ནི་སྦྱོར་བའི་ཡོན་ཏན་ཏེ་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་ཕན་ཡོན་བཅུ་བཞིའོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་ཡོངས་སུ་གཟུང་བར་འགྱུར་ཏེ་ཞེས་བྱ་བའི་བར་གྱིས་ནི་དང་པོ་གསུངས་ཏེ། སངས་རྒྱས་ཀྱི་མཐུ་ཞེས་བྱ་བ་ནི་དེས་བདུད་ཀྱི་མཐུ་རྣམ་པར་འཇོམས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཉེ་བར་མཐོང་བ་མེད་པས་འདྲི་བ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའོ། །དགོངས་པར་འགྱུར་ཞེས་བྱ་བ་ནི་མི་བསྙེལ་བར་འགྱུར་བའོ། །ཡོངས་སུ་གཟུང་བར་འགྱུར་ཞེས་བྱ་བ་ནི་རྗེས་སུ་མཐུན་པས་བཞུགས་པའི་ཕྱིར་ཏེ། འདི་ནི་བདུད་ཀྱི་མཐུ་འཇོམས་པའི་ཡོན་ཏན་ཡིན་ནོ། །ཤཱ་རིའི་བུ་ཞེས་བྱ་བ་ནས་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་དགོངས་པའི་ཡོན་ཏན་གསུངས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ཏེ་ཞེས་བྱ་བའི་བར་གྱིས་ནི་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་པའི་ཡོན་ཏན་གསུངས་ཏེ། སངས་རྒྱས་ཀྱི་མཐུ་ནི་སྟོབས་སོ། །


DTG089_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱི་རླབས་ནི་ནུས་པ་ལྷག་པར་བསྐྱེད་པའོ། །ཡོངས་སུ་བཟུང་བ་ནི་བདག་གིར་བྱེད་པའོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་དང༌། སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་གཟུང་བ་དེ་དག་གང་གི་ཕྱིར་ཞེ་ན། དེའི་ཕྱིར་དེ་དག་ནི་མཁྱེན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁྱེན་པ་ནི་ཡང་དག་པར་དགོངས་པའོ། །བྱིན་གྱིས་བརླབས་པ་ནི་བདག་གིར་མཛད་པའོ། །གཟིགས་པ་ནི་ཤའི་སྤྱན་གྱིས་སོ། །རྣམ་པར་གཟིགས་པ་ནི་སངས་རྒྱས་ཀྱི་སྤྱན་གྱིས་སོ། །འདི་ནི་སངས་རྒྱས་ཀྱི་རྣམ་པར་གཟིགས་པའི་ཡོན་ཏན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཅེས་བྱ་བ་ནས་ཉེ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་དང་ཉེ་བར་འགྱུར་བའི་ཡོན་ཏན་གསུངས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་གྱི་དོན་དུའོ། །འདི་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བའི་ཡོན་ཏན་ནོ། །ཤཱ་རིའི་བུ་གང་དག་ཅེས་བྱ་བ་ནས་ཉེ་བར་གནས་སོ་ཞེས་བྱ་བའི་བར་གྱིས་ནི་དོན་ཆེན་པོ་ལ་སོགས་པའི་ཡོན་ཏན་གསུངས་ཏེ། དོན་ཆེན་པོ་ཞེས་བྱ་བ་ནི་ཕྱི་མ་ལ་བྱང་ཆུབ་སེམས་དཔའི་སའོ། །ཕན་ཡོན་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པའོ། །འབྲས་བུ་ཆེན་པོ་ནི་ཕྱི་ནས་བླ་ན་མེད་པའི་བྱང་ཆུབ་པོ། །རྣམ་པར་སྨིན་པ་ཆེན་པོ་ནི་སྲིད་པ་ཐ་མ་ལ་རིགས་དང་དུས་ཀྱི་མཚན་ཉིད་ལ་སོགས་པ་ཕུན་སུམ་ཚོགས་པའོ། །འབད་པ་ནི་སྒྲུབ་པའོ། །ཡོངས་སུ་གཡོ་བ་ནི་བྱ་བའོ། །འདི་ནི་དོན་ཆེན་པོ་ལ་སོགས་པའི་ཡོན་ཏན་ནོ། །ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་འདི་དག་ནི་ཞེས་བྱ་བ་ནས། ཆེས་ཉུང་བར་འགྱུར་ཏེ་ཞེས་བྱ་བའི་བར་གྱིས་ནི་ཡུལ་དཔྱད་པའི་ཡོན་ཏན་གསུངས་ཏེ། མདོ་སྡེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །འདས་ནས་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །བར་ཏ་ནི་ཞེས་བྱ་བ་ནི་ཤར་ཕྱོགས་སོ། །ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཏུ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ན། དེ་ལས་གཞན་དུ་ཇི་ལྟར་འབྱུང་ཞེ་ན། དེའི་སྙིང་པོ་གསར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་པོ་གསར་པ་ནི་མངོན་པར་གསར་པའོ། །གདུལ་བྱ་འདིས་ཆོས་འདུལ་བ་དེ་ཐོབ་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །བསྟན་པའི་ཆོས་ཉིད་


DTG089_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་ཆོས་ཀྱང་ཡིན། ཉོན་མོངས་པ་ལ་སོགས་པ་འདུལ་བའི་ཕྱིར་འདུལ་བ་ཡང་ཡིན་པས་ཆོས་འདུལ་བའོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་གནས་པའི་དུས་ནི་ལོ་ལྔ་སྟོང་ངོ༌། །དེའི་ཕྱིར་ནུབ་པའི་དུས་ནི་དེའི་དུས་དང་ཉེ་བའོ། །དེ་ལས་ཅིར་འགྱུར་ཞེ་ན་དགོངས་སོ་ཞེས་བྱ་བ་གསུངས་སོ། །བྱང་ཕྱོགས་ཞེས་བྱ་བ་ནི་ཕྱོགས་གཞན་རྣམ་པར་དཔྱད་པའི་ཕྱིར་རོ། །བྱང་ཕྱོགས་ཀྱི་གནས་ཞེས་བྱ་བ་ནི་དེའི་ཡང་དབུས་ཀྱི་ཆར་རོ། །རྒྱས་པར་སྤྱོད་པ་ནི་རྒྱས་པར་འགྱུར་བའོ། །བྱང་ཕྱོགས་པ་ཞེས་བྱ་བའི་ཚིག་གིས་ལྷོ་ཕྱོགས་པ་ལ་སོགས་པ་རྣམ་པར་དཔྱད་པའི་ཕྱིར་རོ། །མང་ངམ་ཞེས་བྱ་བ་ནི་ཉུང་ངུའི་ཕྱོགས་ལ་ལྟོས་པའོ། །ཤིན་ཏུ་མང་བ་ཞེས་བྱ་བ་ནི་ཁྱད་པར་དུ་མང་བའོ། །ཇི་ལྟར་ཡང་ཞེས་བྱ་བ་ནི་གལ་ཏེ་ཡང་ངོ༌། །ལྷག་མ་ནི་རྟོགས་སླའོ། །འདིར་རྒྱུ་ཞེས་བསྟན་པ་འགྲིབ་པར་བཤད་དེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་དང༌། སྙིང་པོ་གསར་དུ་ཐོབ་པ་དང༌། ནུབ་བའི་དུས་དང་ཉེ་བ་དང་སྟོན་པར་བྱེད་པ་ཉུང་བའོ། །དེ་ལྟ་མོད་ཀྱི་འདི་ནི་བསྟན་པའི་སྟོབས་ནི་འབྲི་བ་མ་ཡིན་ནོ། །འདི་ནི་བསྟན་པའི་སྟོབས་ཀྱི་ཡོན་ཏན་ནོ། །ཐེག་པ་ལ་ཡུན་རིང་མོ་ནས་ཞུགས་པ་ཞེས་བྱ་བ་ནས་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དཀར་པོའི་ཆོས་ཡོངས་སུ་རྫོགས་པའི་ཡོན་ཏན་གསུངས་ཏེ། དྲིས་པ་ནི་ཞུས་པའོ། །ཡོངས་སུ་དྲིས་པ་ནི་དེའི་རྒྱུའོ། །ཡོངས་སུ་དྲི་བ་བྱས་པ་ནི་ཡོངས་སུ་ཤེས་པར་བྱས་པའོ། །ཡོངས་སུ་ཤེས་པར་འདྲི་བ་ནི་ཡོངས་སུ་འདྲི་བ་སྟེ། དེ་བཞིན་དུ་བྱེད་པའི་ཕྱིར་ཡོངས་སུ་དྲི་བ་ཉིད་དོ། །དྲིས་པའི་ལན་བཏབ་པར་བྱས་པ་ནི་ཡོངས་སུ་འདྲི་བར་བྱས་པའོ། །ཚུལ་ཁྲིམས་དག་ཅེས་བྱ་བ་ལ། མང་པོའི་ཚིག་ནི་ཚོགས་པའི་དོན་ཏེ། ཚུལ་ཁྲིམས་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་དཀར་པོའི་ཆོས་ཡོངས་སུ་རྫོགས་པའི་ཡོན་ཏན་ནོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནས་དགའ་བར་འགྱུར་ཞེས་བྱ་བའི་བར་གྱིས་ནི། སྨྲ་བའི་སྐྱེས་བུའི་ཡོན་ཏན་གསུངས་ཏེ། ཚེ་རབས་འཕོས་ཀྱང་ཞེས་བྱ་བ་ནི་ཚེ་འདི་དང་ཕྱི་མ་འདས་ཀྱང་ཡང་དག་པར་སྤྱོད་པ་ལ་སྦྱོར་རོ། །མངོན་པར་དགའ་བ་ནི་མངོན་པར་འདོད་པའོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་


DTG089_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའི་སྐྱེས་བུའི་ཡོན་ཏན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་དབྱེ་བ་ལྟ་ཅི་སྨོས་ཞེས་བྱ་བས་ནི་མི་ཕྱེད་པའི་ཡོན་ཏན་གསུངས་ཏེ། འདུན་པ་འམ་སྔགས་ཀྱིས་ཞེས་བྱ་བ་ནི་བསམ་པ་འམ་ཚིག་གིས་སོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་མི་ཕྱེད་པའི་ཡོན་ཏན་ནོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནས་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་སྐྱེ་བོ་མང་པོའི་དོན་དགེ་བའི་རྩ་བ་བསྐྱེད་པའི་ཡོན་ཏན་གསུངས་སོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནས་རྗེས་སུ་ཡི་རང་བར་བྱས་སོ་ཞེས་བྱ་བའི་བར་གྱིས་ནི་དམ་བཅས་པ་བཞིན་དུ་གཞན་གྱི་དོན་སྒྲུབ་པའི་ཡོན་ཏན་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་ཡང་དག་པར་གཟུང་བར་བྱའོ་ཞེས་བྱ་བ་ནི་གཞུག་པ་ཙམ་མོ། །ཡང་དག་པར་རབ་ཏུ་དབྱེ་བར་བགྱིའོ་ཞེས་བྱ་བ་ནི་བསྒོམ་པ་རབ་ཀྱི་མཐར་བསྒྲུབ་པའི་ཕྱིར་རོ། །གཞག་པར་གྱིའོ་ཞེས་བྱ་བ་ནི་བསྟན་པར་བྱ་བའོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་དམ་བཅས་པ་བཞིན་དུ་ཕ་རོལ་གྱི་དོན་སྒྲུབ་པའི་ཡོན་ཏན་ནོ། །དེ་ལྟར་ཞེས་བྱ་བ་ནས་ལྡན་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཕ་རོལ་གྱི་དོན་སྒྲུབ་པ་ཡོད་ནའོ། །མོས་པ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་ཇི་ལྟར་ཡུམ་ཆེན་མོ་ལས་བཤད་པ་ཇི་ལྟ་བུ་སྟེ། དེ་ཉིད་མདོར་བསྡུས་ནས་བཤད་པ་ནི་དེ་མོས་པ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་ཞེས་བྱ་བའོ། །གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་ཆོས་རྒྱ་ཆེན་པོ་དང་ལྡན་པའི་སྦྱིན་པ་བྱིན་པ་དག་ནི་དགེ་བའི་རྩ་བ་རྒྱ་ཆེན་པོ་མངོན་པར་འདུས་བྱས་པས། རྣམ་པར་སྨིན་པ་རྒྱ་ཆེན་པོ་ཡོངས་སུ་འཛིན་པ་ནི་སེམས་ཅན་གྱི་དོན་དུ་རྣམ་པར་སྨིན་པ་ཡོངས་སུ་འཛིན་པར་འགྱུར་བའོ། །འདི་ནི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་ནོ། །དེ་དག་གི་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ནས་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་རྒྱ་ཆེན་པོ་བསྒྲུབ་པའི་ཡོན་ཏན་གསུངས་ཏེ། གང་ཞེས་བྱ་བ་ནི་གང་གི་ཕྱིར་མོས་པ་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །ལྷག་པར་དམིགས་པ་ཞེས་བྱ་བ་ནི་ཀུན་ཏུ་འགྲོ་བའོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་རྒྱ་ཆེན་པོ་སྒྲུབ་པའི་ཡོན་ཏན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་


DTG089_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནས་ལེའུ་རྫོགས་པའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ངེས་པར་ཐོབ་པའི་ཡོན་ཏན་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པ་དག་གི་ཕྱིར་ཞེས་བྱ་བ་ནི་དེའི་དོན་དུ་སྟེ། དེ་དག་ཡོངས་སུ་དག་པའི་ཆེད་དུའོ། །དོན་དུ་ཞེས་བྱ་བ་ནི་ཕན་པའི་ཆེད་དུའོ། །ཚོལ་ཞིང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ག་ལས་རྙེད་སྙམ་པའོ། །ཡོངས་སུ་ཚོལ་བ་ཞེས་བྱ་བ་ནི་ཕན་ཚུན་ཀུན་ཏུ་སོང་ནས་སོ། །ཚོལ་བར་འགྱུར་ཞེས་བྱ་བ་ནི་འདི་ནས་རྙེད་པར་འགྱུར་བའོ། །མདོ་མངོན་པར་བརྗོད་པ་ནི་ཡང་དག་པར་བརྗོད་པའོ། །ཉེ་བར་འོང་བ་ནི་ཐག་ཉེ་བའོ། །ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་འབད་པ་ཡོད་ན་ཐོབ་པར་འགྱུར་བའོ། །གཞོལ་བར་འགྱུར་རོ་ཞེས་བྱ་བ་ནི་འབད་པ་མེད་པར་ཐོབ་པར་འགྱུར་བའོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ངེས་པར་ཐོབ་པའི་ཡོན་ཏན་ནོ། །དེ་ལྟར་ཡོན་ཏན་བསྟན་ནས་དེ་སྐད་བཤད་པའི་སྦྱོར་བ་ལ་སེམས་གཞག་པ་ནི་འཛིན་པའོ། །དེའི་ཡོན་ཏན་ནི་ཕན་ཡོན་ཏེ་བཅུ་བཞི་པའོ། །འདི་ནི་དེ་དག་ཡོངས་སུ་བརྗོད་པ་ཡང་ཡིན་ལ་ལེའུ་ཡང་ཡིན་པས་ན་ཡོངས་སུ་བརྗོད་པའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅུ་པའོ།། །།སྦྱོར་བའི་བར་དུ་གཅོད་པའི་སྐྱོན་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་བྱ་བ་གསུངས་ཏེ། སྐྱོན་བཞི་བཅུ་རྩ་དྲུག་ཅེས་བྱ་བའི་དོན་ཏེ། དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅི་ཙམ་ཞེས་བྱ་བ་ནི་དོན་གྱི་རྣམ་པ་གང་ཞེས་ཟུར་གྱིས་འདྲི་བ་སྟེ། དོན་གྱི་ཚིག་གི་སྒྲ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །མང་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སྦྱོར་བ་གསུངས་པ་ཡིན་ནོ། །ཁྱད་པར་ཤེས་པར་འདོད་ནས་ཞུས་པ་ནི། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ། འཆད་པར་འགྱུར་བའི་བཞི་བཅུ་རྩ་དྲུག་གོ་ཞེས་བྱ་བར་དགོངས་སོ། །འཆད་པ་ཞེས་བྱ་བ་ནི་སེམས་ཅན་གྱི་སྤྱོད་པ་ཉེ་བར་མཚོན་པའོ། །སྤོབས་པ་རིང་མོ་ཞིག་ན་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཡུན་རིང་


DTG089_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞི་གནས་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་འགྱུར་བའོ། །དེ་ནི་སྤོབས་པ་ཡུན་རིང་པོའི་སྐྱོན་ནོ། །རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས། །གཡེང་བར་འགྱུར་བ་ཞེས་བྱ་བ་ནི་རྒོད་པར་འགྱུར་བའོ། །སྤོབས་པ་ཧ་ཅང་མྱུར་དུ་སྐྱེ་བ་ནི་ཐབས་ལ་མི་མཁས་པའི་དགེ་བའི་རྩ་བས་ང་རྒྱལ་སྐྱེ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་གཞན་ལ་བརྙས་པས་འདིའི་དགེ་བའི་རྩ་བ་ཡང་མི་སྐྱེ་ཞིང་བྱང་ཆུབ་ཀྱང་ཡུན་རིང་པོ་ཁོ་ནར་འགྱུར་རོ། །འདི་ནི་སྤོབས་པ་མྱུར་བའི་སྐྱོན་ནོ། །གླལ་བ་ཞེས་བྱ་བ་ནི་ཁ་གདངས་པ་ལུས་བརྐྱང་བའོ། །དགོད་པ་ཞེས་བྱ་བ་ནི་གད་རྒྱངས་བྱེད་པའོ། །སྟེག་པ་ཞེས་བྱ་བ་ནི་དགའ་བས་ལངས་པར་བྱེད་པ་སྟེ། འདི་ནི་ལུས་ཀྱི་ལས་ཀྱི་སྐྱོན་ནོ། །སེམས་རྣམ་པར་གཡེང་བ་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའོ། །རྣམ་པར་ཤེས་པ་ཕན་ཚུན་ཆགས་པ་དང་ལྡན་པ་ཞེས་བྱ་བ་ནི་གཞན་རྣམས་ནི་དྲན་པར་བྱེད་པ་ལ། རང་ལ་ནི་དྲན་པ་མི་འཐོབ་སྟེ། ལམ་མ་ཡིན་པ་ཐ་དད་པ་དག་ལ་ཡང་འཇུག་ཅིང་བསྟན་པ་བརྗོད་པ་དེ་འདི་ནི་སེམས་ཀྱི་སྐྱོན་ནོ། །རབ་འབྱོར་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་ལ། །ཅོ་འདྲི་བ་ཞེས་བྱ་བ་ནི་ཕན་ཚུན་སློང་བར་བྱེད་པའོ། །མིག་གཡེང་བ་ནི་ཕན་ཚུན་དུའོ། །མི་མཐུན་པར་གྱུར་ན་ཞེས་བྱ་བ་ནི་ཇི་སྲིད་གླེགས་བམ་ལེན་པ་འོངས་པ་དེ་སྲིད་ན་ཚོགས་པ་དང་ལྡན་ནོ་ཞེས་ཟེར་བའོ། །འདི་ནི་རིགས་པ་མ་ཡིན་པས་བྱས་པའོ། །ཁ་ཏོན་ལ་སོགས་པའི་སྐྱོན་ནོ། །རབ་འབྱོར་བདག་གིས་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱི་གསུངས་ཏེ། །དང་པོ་སེམས་བསྐྱེད་པ་དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པའོ། །ངེས་པར་མི་འབྱུང་བ་ནི་ཐོབ་པར་འགྱུར་བའོ། །འདི་ནི་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པའི་སྐྱོན་ནོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་འཇུག་པར་སེམས་སོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ལུས་དང་ངག་གི་ངེས་པར་འབྱུང་བའི་བསླབ་པ་མཐར་ཕྱིན་པར་འགྲོ་བ་སྤངས་ནས་སེམས་དབེན་པའོ། །འདི་ནི་རྒྱུ་མཚན་ཉམས་པའི་སྐྱོན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། །རློམ་སེམས་སུ་མི་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ་ཟན་ནི་ཟས་སོ། །བཏང་སྟེ་ཞེས་བྱ་བ་ནི་དོར་བའོ། །ཁམ་ཞེས་བྱ་བ་ནི་ཁམ་གཅིག་གོ །ལོ་མ་དང་འདབ་


DTG089_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞེས་བྱ་བ་ནི་ལོ་མའི་ཚོགས་སོ། །འདབ་མ་ལྟ་བུའི་མདོ་སྡེ་དག་ལ་མངོན་པར་བརྩོན་པའོ། །དུལ་བར་བྱ་བ་ནི་དབང་པོ་ལྔ་དུལ་བར་བྱ་བའི་ཕྱིར་རོ། །ཞི་བར་བྱ་བ་ནི་སེམས་དུལ་བའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདས་པར་བྱ་བ་ནི་ཡང་སྲིད་པ་ཟད་པའི་ཕྱིར་རོ། །དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ནི་རྒྱུ་མཐུན་པ་སོ། །དེའི་དོན་དུ་སྦྱོར་བ་ནི་བྱ་བའོ། །དེས་ཀྱང་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་དེའི་བདག་ཉིད་ལ་དམིགས་པ་མེད་པའི་ཕྱིར་རོ། །འདི་ནི་གྱ་ནོམ་པའི་རོ་མྱང་བ་ལས་ཉམས་པའི་སྐྱོན་ནོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས་དེ་ལྟ་བུ་བདུད་ཀྱི་ལས་སུ་རིག་པར་བྱ་བའི་བར་དུ་གསུངས་པ་ལ། སྣང་བ་ག་ལ་བ་ནི་སྣང་བ་དང་བཅས་པའོ། །བརྟགས་ཏེ་ཞེས་བྱ་བ་ནི་མཐོང་བའོ། །ཁ་དོག་དང་དབྱིབས་ཞེས་བྱ་བ་ནི་མདོག་དང་རྣམ་པའོ། །འདི་ནི་ཐེག་པ་མཆོག་ལས་ཉམས་པའི་སྐྱོན་ནོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་གསུངས་པ་ལ། །བདག་གཅིག་པུ་དུལ་བ་དང༌། ཞི་བ་དང་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་བསྔགས་པ་བྱ་བའི་རྗེས་སུ་འབྲང་ངོ༌། །འདི་ཡང་ཞེས་བྱ་བ་ལ་སོགས་པ་ལ་ནང་དུ་ཡང་དག་པར་འཇོག་པ་ནི་ཏིང་ངེ་འཛིན་ཏོ། །དེ་ནི་ཞེས་བྱ་བ་ནི་བདག་ཉིད་དུལ་བ་དང༌། ཞི་བ་དང། ཡོངས་སུ་མྱ་ངན་ལས་འདས་པའི་བསྔགས་པ་འབྱུང་བའོ། །དེའི་འོག་མ་རྣམས་ནི་རྟོགས་སླའོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ལ། །ཚེ་འདི་ཉིད་ནི་ཐོབ་པའི་སྐྱེ་བའོ། །ལེན་པ་མེད་པ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་ཡོངས་སུ་མི་འཛིན་པའོ། །སྐྱེ་བོ་སོ་སོ་ལ་ཡོད་པའི་ཕྱིར་རྟག་ཏུའོ། །ཉིན་རེ་ཞིང་ཡོད་པའི་ཕྱིར་རྒྱུན་མི་འཆད་པ་སྟེ་དེ་ནི་རྟག་ཏུ་རྒྱུན་མི་འཆད་པའི་ཕྱིར་རོ། །ལྷག་མ་ནི་རྟོགས་པར་སླ་སྟེ། དེ་ནི་ཆེད་དུ་བྱ་བ་ཉམས་པའི་སྐྱོན་ནོ། །འདི་ནི་བཅུ་ཚན་དང་པོའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། ཤིང་མཁན་ཞེས་བྱ་བ་ནི་ཐིག་སྐུད་འཆད་པའོ། །རི་རབ་ཀྱི་སྟེང་ན་གྲོང་ཁྱེར་བ་ལྟ་ན་སྡུག་ཅེས་བྱ་བ་གསེར་ལས་གྲུབ་པ་དེའི་དབུས་ན་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ། ངོས་རེ་རེ་ལ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་པ་མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་དོ། །ཉི་མ་དང་ཟླ་བ་ནི་རི་རབ་ཀྱི་ཕྱི་རོལ་


DTG089_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱེད་ནས་ནམ་མཁའ་ལ་འགྲོ་སྟེ། ཤེལ་གྱི་རང་བཞིན་གྱི་གཞལ་མེད་ཁང་ཟླུམ་པོ་གོ་རིམས་བཞིན་དུ་དཔག་ཚད་ལྔ་བཅུ་རྩ་གཅིག་དང༌། ལྔ་བཅུ་སྟེ། དབུས་ཐིག་གིས་བཅལ་ན་དེ་དག་གི་དབུས་པས་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་སའི་ཚད་ནི་ཤིན་ཏུ་ཆེ་སྟེ། དེའི་ཚད་ཀྱང་བོར་ནས་དེ་དག་གི་གཞལ་མེད་ཁང་གི་ཚད་ནི་བརྗོད་པར་བྱའོ། །སྤྲུལ་པ་ནི་ཁྱད་པར་ཅན་དུ་བྱ་བའོ། །ཐོབ་པར་བྱེད་པ་ནི་མངོན་དུ་བྱེད་པའོ། །འདི་ནི་ཐབས་ལ་རྨོངས་པའི་སྐྱོན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་དེ་མ་ལགས་སོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། འཇིག་རྟེན་དུ་འཁོར་ལོ་བསྐོར་བས་ན་འཁོར་ལོས་སྒྱུར་བའོ། །འཁོར་ལོ་དེ་ཡང་ལྕགས་ཀྱི་ངོ་བོ་རྩིབས་སྟོང་དང་ལྡན་པ། ལྟེ་བ་དང༌། མུ་ཁྱུད་དང་བཅས་པ་ནམ་མཁའ་ལ་འགྲོ་བ་སྟེ། ལྕགས་སམ། ཟངས་མ་འམ། དངུལ་ལམ། གསེར་ཅི་རིགས་པར་རོ། །ཁ་དོག་ནི་འཛམ་བུ་ན་དའི་འོད་ལྟ་བུའོ། །དབྱིབས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའོ། །གཟི་བརྗིད་ནི་མི་ཐམས་ཅད་ཟིལ་གྱིས་གནོན་པའི་འདོ་དང་འོད་ཀྱི་དཀྱིལ་འཁོར་རོ། །རྫུ་འཕྲུལ་ནི་ཕུན་སུམ་ཚོགས་པའོ། །རིན་པོ་ཆེ་སྣ་བདུན་གྱི་ཁྱད་པར་ནི་འཁོར་ལོ་རིན་པོ་ཆེ་དང༌། གླང་པོ་རིན་པོ་ཆེ་དང༌། རྟ་རིན་པོ་ཆེ་དང༌། བུད་མེད་རིན་པོ་ཆེ་དང༌། བློན་པོ་རིན་པོ་ཆེ་དང༌། ཁྱིམ་བདག་རིན་པོ་ཆེ་དང༌། ནོར་བུ་རིན་པོ་ཆེའོ། །བུལ་བ་ནི་རྨོངས་པ་སྟེ། ཡོངས་སུ་མི་གསལ་བའི་ཕྱིར་དང༌། སློ་ཆུང་བའི་ཕྱིར་ཏེ། དེ་ནི་བུལ་བའི་རྒྱུ་གང་ལས་བྱང་ཆུབ་འབྱུང་བ་དེ་ནི་བྱང་ཆུབ་ཡང་དག་པར་འབྱུང་བའོ། །ཐོབ་པ་ནི་རྙེད་པ་ཙམ་གྱིས་སོ། །བསྒྲུབ་པ་ནི་ཐོབ་པ་ལ་སོགས་པའོ། །བོར་བ་ནི་སྤངས་པ་སྟེ་རྒྱབ་ཀྱིས་བལྟས་པར་གྱུར་པའོ། །དེ་ནི་འཁོར་ལོས་སྒྱུར་བ་དང་ཆོས་མཐུན་པའི་ཕྱིར་དང༌། སྤྲུལ་པའི་སྐུ་ལས་ཉམས་པའི་སྐྱོན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། རོ་ནི་རྫས་དྲུག་གི་དབྱེ་བ་སྟེ་ཕན་ཚུན་འདུས་པ་ལས་བརྒྱར་འགྱུར་རོ། །དེ་ནི་ཁ་ཟས་རོ་བརྒྱ་པའོ། །དྲུག་ཅུ་པ་ཞག་དྲུག་ཅུས་སྨིན་པའོ། །དེའི་ཆ་ནི་ཞག་དྲུག་ཅུའི་འབྲས་ཆན་ནོ། །བཏང་བ་ནི་སེམས་ཀྱིས་སོ། །བོར་བ་ནི་


DTG089_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱིས་ཏེ་དེ་ནི་ཁ་ཟས་རོ་བརྒྱ་པ་དང་ཆོས་མཐུན་པའི་ཕྱིར་ལོངས་སྦྱོང་རྫོགས་པའི་ལས་ཉམས་པའི་སྐྱོན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། དོན་དམ་པའི་མཆོག་ཡིན་པའི་ཕྱིར་ཟབ་པའོ། །མཆོག་ཏུ་དྲི་མ་མེད་པར་སྣང་བའི་ཕྱིར་འོད་གསལ་བའོ། །འདི་ནི་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་པའི་ཕྱིར་ཆོས་སྐུ་ལས་ཉམས་པའི་སྐྱོན་ནོ། །དེའི་འོག་ཏུ་བཅོམ་ལྡན་འདས་མ་ལས། ཚིག་རྐང་པ་གཉིས་ཀྱིས་ཕྱིན་ཅི་ལོག་ལྔ་བཀག་སྟེ། གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། སྤོབས་པ་མང་པོ་ཞེས་བྱ་བ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤོབས་པ་རྣམས་སོ། བཅོམ་ལྡན་འདས་མང་པོའི་ཕྱིར་སེམས་འཁྲུལ་པར་བྱེད་པ་དེ་ནི་དེ་དང་དེའི་དངོས་པོ་ལ་སྤོབས་པའི་སྐྱོན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་གསུངས་པ་ལ། གང་སུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིག་འབྲུར་ཞེས་བྱ་བ་དང༌། མེད་པ་དག་ཡི་གེ་དང་ཡི་གེ་མེད་པ་དག་ལ་ཆགས་པ་དེ་ཐམས་ཅད་ནི་བདུད་ཀྱི་ལས་སོ། །འདི་ལྟར་དེ་བྲི་བར་ནི་མི་བྱ་སྟེ་གཟུགས་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །མེད་པ་མ་ཡིན་ཏེ་དོན་དམ་པར་ཡིད་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་ནི་མེད་དེ་ཆོས་ཐམས་ཅད་ལ་ཡི་གེ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་མེད་པ་ཡང་མ་ཡིན་ཏེ། ཡི་གེ་འདི་དག་གིས་དེ་སྐྱེད་པར་བྱེད་པའི་ཕྱིར་ཏེ། འདི་དག་ཉིད་ཀྱིས་ཀྱང་དེ་སྟོན་པར་བྱེད་པའི་ཕྱིར་དང༌། འདི་དག་ཉིད་ཀྱིས་དོན་དུ་གཉེར་བ་དང༌། ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །དེ་ཉིད་ནི་ཡི་གེར་འདྲི་བ་ལ་མངོན་པར་ཞེན་པ་དང༌། མེད་པ་ལ་མངོན་པར་ཞེན་པ་དང༌། ཡི་གེ་ལ་མངོན་པར་ཞེན་པ་དང༌། ཡི་གེ་མེད་པ་ལ་མངོན་པར་ཞེན་པ་ཞེས་བྱ་བ་ནི་སྐྱོན་བཞིའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་ཡུལ་ནི་མང་བ་ལ་སོགས་པ་ཡུལ་བརྒྱ་ཕྲག་སྟོང་གི་གྲངས་དང་ལྡན་པའོ། །གྲོང་ནི་ཁྱིམ་དང་སྐྱེད་མོས་ཚལ་གནས་པའོ། །སྟོང་ངམ་གྲངས་བཟུང་བ་ན་དམ་པ་རྣམས་གནས་པ་ནི་གྲོང་ཁྱེར་རོ། །གྲོང་ཁྱེར་ཉིད་ཀྱི་ཚོང་པའི་ལམ་ནི་གྲོང་རྡལ་ལོ། །ཡུལ་ཀ་ཤི་ཀ་ལ་སོགས་པ་ནི་ལྗོངས་སོ། །དེའི་ཚོགས་ནི་ཡུལ་ས་


DTG089_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རོ། །རྒྱལ་པོ་བཞུགས་པའི་གྲོང་ཁྱེར་ནི་རྒྱལ་པོའི་ཕོ་བྲང་ངོ༌། །ཀུན་བསྟན་པ་ནི་ཚིགས་སུ་བཅད་པ་སྦྱར་བའི་སྙན་དང་གས་སོ། །ལ་གཅན་ནི་ཤོ་གམ་གྱི་གནས་སོ། །སྲང་ནི་ལམ་པོ་ཆེའོ། །ཁྱོགས་ནི་བཞོན་པའི་གཞིའི། །འཚོ་བའི་དོན་གྱི་ཡོ་བྱད་ནི་འཚོ་བའི་ཡོ་བྱད་དོ། །དེ་ལྟ་བུ་བྱུང་བ་ནི་སྔོན་བྱུང་བའོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་འདི་ལྟར་བྱའོ་ཞེས་བྱ་བ་ནི་དོན་སྣ་ཚོགས་ཡིད་ལ་བྱེད་པ་རྣམ་པར་གཡེང་བའི་སྐྱོན་ནོ། །འདི་ནི་བཅུ་ཚན་གཉིས་པའོ། །གཞན་ཡང་རབ་འབྱོར་རྒྱལ་པོ་ཞེས་བྱ་བ་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་གཡེང་བའི་སྐྱོན་བསྟན་ཏོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པས། །མེ་ལ་སོགས་པ་ཐོབ་པར་བྱ་བ་ཡིད་ལ་བྱེད་པ་ནི་རྣམ་པར་གཡེང་བའི་སྐྱོན་ནོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་གཞན་ཡང་རབ་འབྱོར་ཞེས་བྱ་བའི་བར་དུ་གསུངས་པ་ལ། བར་དུ་གཅོད་པ་ནི་བགེགས་སོ། །རྙེད་པ་ནི་ཆོས་གོས་ལ་སོགས་པ་ཐོབ་པའོ། །བཀུར་སྟི་ནི་གུས་པར་བྱེད་པའོ། །ཚིགས་སུ་བཅད་པ་ནི་སྙན་པའོ། །དེ་མྱོང་བར་བྱེད་པ་ནི་དགའ་བའོ། །སེམས་ལ་གདུང་བ་ནི་ཆོས་གོས་ལ་སོགས་པའི་བར་ཆད་བྱ་བའི་འདི་ནི་གདུང་བ་དང་ཉམས་སུ་མྱོང་བའི་སྐྱོན་ནོ། །གཞན་ཡང་རབ་འབྱོར་ཞེས་བྱ་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། གཞན་ཡང་ཞེས་བྱ་ནི་གང་ཡང་ངོ༌། །ཐབས་མཁས་པ་ཞེས་བྱ་བ་ནི་གང་གིས་དམན་པའི་བྱང་ཆུབ་ལ་ལྷུང་བ་མེད་པའོ། །དེ་དག་ཐབས་ལ་མཁས་པ་དང་བྲལ་ན་མདོ་སྡེ་ཟབ་མོ་དག་དང་ལྡན་ཡང་ལམ་དེ་སྤངས་པའི་སྐྱོན་ཡིན་ནོ། །དེའི་འོག་ཏུ་ཕལ་ཆེར་ཚོགས་པ་དང་མི་ལྡན་པ་བརྗོད་པར་བྱ་སྟེ། དེ་དག་ནི་ཆོས་འཆད་པ་དང་ཉན་པ་དེ་ལྷན་ཅིག་ཚོགས་པ་མེད་པའོ། །ཆོས་སྨྲ་བ་ནི་སྟོན་པར་བྱེད་པའི་བླ་མའོ། །འདི་དག་ལ་ཆོས་ཉན་པའི་དགོངས་པ་ཡིད་དེ་ནི་ཆོས་ཉན་པ་སྟེ་སློབ་མའོ། །ཚོགས་པའི་དངོས་པོ་ཚོགས་པའོ། །དེ་ལ་ཚིག་གཉིས་ཀའི་ཡང་སྙོམ་པ་ཞེས་བྱ་བ་ནི་ལེ་ལོའོ། །བྱ་བ་མང་པོ་དང་ལྡན་པ་ནི་ཁྱིམ་གྱི་སྟེ། དེ་ཡང་ལེ་ལོ་ཉིད་དོ། །འདུན་པ་དང་སྙོམ་ལས་ཀྱིས་ཚོགས་པ་དང་མི་ལྡན་པའོ། །དེ་ནས་གཞན་ཡང་ཞེས་བྱ་བའི་ཚིག་གཉིས་གསུངས་པ་


DTG089_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐ་ན་ཞེས་བྱ་བ་ནི་གཞན་མེད་ཀྱང་ཡེ་ཤེས་རྩེ་བར་འདོད་པའོ། །སྒྲ་ཤེས་པའི་ཕྱིར་རྟོགས་པ་དང་ལྡན་པའོ། །དོན་ཤེས་པའི་ཕྱིར་བློ་དང་ལྡན་པའོ། །གཉིས་ཀ་འཛིན་པའི་ཕྱིར་དྲན་པ་དང་ལྡན་པའོ། །བཏང་བ་ཞེས་བྱ་བ་ནི་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱིན་སྨོས་པ་བྱས་ན་ཁྱད་པར་ཤེས་པའི་ཕྱིར་མགོ་སྨོས་པས་གོ་བའོ། །ཅུང་ཟད་རྣམ་པར་བཤད་པས་མ་ལུས་པར་ཤེས་པའི་ཕྱིར་རྣམ་པར་སྤྲོས་པས་གོ་བའོ། །མི་ཤེས་པ་ནི་ཚིག་ལྷུར་ལེན་པ་སྟེ། དེས་ཀྱང་གང་བརྗོད་པ་དེ་ཉིད་ཤེས་ཀྱི་ལྷག་མ་ནི་མ་ཡིན་པའོ། །ཚོགས་དང་མི་ལྡན་པ་ནི་བཞི་སྟེ། ཡུལ་གཞན་དུ་འགྲོ་བར་འདུན་པས་ཚོགས་པ་དང་མི་ལྡན་པ་དང༌། མགོ་སྨོས་པས་གོ་བ་མ་ཡིན་པས་ཚོགས་པ་དང་མི་ལྡན་པ་དང༌། རྣམ་པར་སྤྲོས་པས་གོ་བ་མ་ཡིན་པས་ཚོགས་པ་དང་མི་ལྡན་པ་དང༌། མངོན་པར་མི་ཤེས་པ་མ་ཡིན་པས་ཚོགས་པ་དང་མི་ལྡན་པའོ། །འདི་ནི་བཅུ་ཚན་གསུམ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། ཟང་ཟིང་ནི་རྫས་སོ། །དེ་ལྷུར་ལེན་པ་ནི་ཟང་ཟིང་འདི་དག་ལ་འདུ་བ་ནི་ལྷུར་ལེན་པའོ། །ཆོས་གོས་ལ་སོགས་པ་ལྷུར་ལེན་པ་ཡང་དེ་བཞིན་ནོ། །ཅི་ཙམ་གྱིས་རང་ཉིད་འཚོ་བ་དེ་ཙམ་འདོད་པ་ནི་འདོད་པ་ཆུང་བའོ། །ཆོག་ཤེས་པ་ནི་ནོར་མི་འདོད་པའོ། །ཁྱིམ་ན་གནས་པ་དང་འབྲེལ་པ་མེད་པའི་ཕྱིར་རབ་ཏུ་དབེན་པའོ། །དེ་ཡན་ཆད་ཀྱིས་ནི་རབ་ཏུ་བྱུང་བ་ལ་སྦྱིན་པའི་ནུས་པ་མེད་པ་བསྟན་ཏོ། །ཡང་ན་སྦྱིན་པར་མི་འདོད་པ་ཞེས་བྱ་བ་ནི་སེར་སྣས་བཟུང་བའི་ཕྱིར་ནོར་ཡོད་ཀྱང་ངོ༌། །དེ་ནི་ཟང་ཟིང་དོན་དུ་གཉེར་ལ་སྦྱིན་པ་དོན་དུ་མི་གཉེར་བའི་ཚོགས་པ་དང་མི་ལྡན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། །དད་པ་ནི་དད་པར་འགྱུར་བའོ། །དེ་ལས་ཉན་པར་བྱེད་པ་ནི་སྒྲའོ། །ཁོང་དུ་ཆུད་པར་བྱེད་པ་ནི་དོན་ནོ། །ནོར་སྦྱིན་པར་འདོད་པ་ནི་ནོར་ཡོངས་སུ་གཏོང་བར་འདོད་པ་སྟེ། ལྟོས་པ་ནི་མེད་པར་སྦྱིན་པའི་ཕྱིར་རོ། །ཆོས་སྨྲ་བ་ནི་འཆད་པར་མི་འགྱུར་ཏེ། དད་པ་།མེད་པ་ཉིད་ཀྱི་ཕྱིར་རམ་ནོར་མི་འདོད་པ་ཉིད་ཀྱི་ཕྱིར་རམ། །ཆོས་དེ་ལ་སེར་སྣ་བྱེད་པའི་ཕྱིར་རོ། །གསུམ་པོ་འདི་དག་ནི་ཚོགས་པ་དང་མི་ལྡན་པ་སྟེ། དད་པ་མེད་པས་ཚོགས་པ་དང་མི་ལྡན་པ་དང༌། སྦྱིན་པ་དོན་དུ་གཉེར་བ་ལ་ལེན་ང་


DTG089_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་མི་གཉེར་བའི་ཚོགས་པ་དང་མི་ལྡན་པ་དང༌། ཉན་པར་འདོད་པ་ལ་ཆོས་ཆེན་པོ་ལ་སེར་སྣ་བྱེད་པས་ཚོགས་པ་དང་མི་ལྡན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མདོ་སྡེ་དག་ཅེས་བྱ་བ་ནི་གང་མཉན་པར་འདོད་པའོ། །ཆོས་ཀྱི་བར་ཆད་ཅེས་བྱ་བ་ནི་ཆོས་ཀྱིས་ཕོངས་པ་སྟེ། སྐྱེ་པ་སྔ་མར་དམ་པའི་ཆོས་སྤོང་པ་དེ་འདོ་ལ་ཡོད་པའི་ཕྱིར་རོ། །ཆོས་ཀྱི་བར་ཆད་དུ་གྱུར་པ་དེའི་དངོས་པོ་ནི་དེ་ཉིད་དོ། །མེད་པ་ཞེས་བྱ་བ་ནི་ཡང་དག་པར་མེད་པའོ། །མི་འཇུག་པ་ནི་གཞན་འོང་བར་མི་འགྱུར་བའོ། །ཆོས་སྨྲ་བ་ལ་མ་ཐོབ་པ་ཞེས་བྱ་པ་ནི་ཆོས་སྨྲ་བ་ལ་ཐོབ་པར་མ་གྱུར་པའོ། །བཟློག་པ་ནི་གཏང་བའོ། །མདོ་སྡེ་མེད་ན་དེ་དོན་དུ་གཉེར་བས་ཚོགས་པ་དང་མི་ལྡན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གང་ཉན་མི་འདོད་པར་འགྱུར་ཞེས་བྱ་བ་ནི་ཆོས་གཞན་ལ་ཆགས་པས་སོ། །དེའི་ཕྱིར་འདིར་ནི་འདུན་པ་དང་ལེ་ལོས་ཚོགས་པ་དང་མི་ལྡན་པ་སྟེ། གཞན་ལ་འདུན་པ་དང་མི་འདུན་པའི་ཚོགས་པ་དང་མི་ལྡན་པའོ། །དེ་ནས་གཞན་ཡང་རབ་འབྱོར་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་གཉིད་དང་ལུས་ལྕི་བའི་འདུན་པས་ཚོགས་པ་དང་མི་ལྡན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་ངན་སོང་གི་སྡུག་བསྔལ་གྱིས་འཇིག་པས་སྲིད་པའི་སྡུག་བསྔལ་གྱི་སྐྱོན་ནོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གསུངས་པ་ལ། བདེ་འགྲོའི་བདེ་བ་ཡང་སྡུག་བསྔལ་བའི་ཕྱིར་སྲིད་པ་ལ་རྒྱབ་ཀྱིས་མ་བལྟས་པའི་སྐྱོན་ནོ། །དེ་ནས་གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་གཅིག་པུ་དང་འཁོར་ལྷུར་ལེན་པའི་ཚོགས་པ་དང་མི་ལྡན་པ་དང༌། བསྙེན་པར་མི་བྱེད་པ་དེ་དག་ལ་སྐབས་མི་འབྱེད་པའི་ཚོགས་པ་དང་མི་ལྡན་པ་དང༌། མུ་གེ་ལ་སོགས་པའི་ཕྱོགས་སུ་འགྲོ་བ་དང༌། མི་འགྲོ་བའི་ཚོགས་པ་དང་མི་ལྡན་པའོ། །དེ་ལ་གཅིག་པུ་དང་འཁོར་ལྷུར་ལེན་པའི་ཚོགས་པ་དང་མི་ལྡན་པ་ནི་བཅུ་ཚན་བཞི་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བའི་ཚིག་གཅིག་གིས་ནི་འཇིགས་པ་དང་བཅས་པའི་ཕྱོགས་སུ་འགྲོ་བ་དང༌། མི་འགྲོ་བའི་ཚོགས་པ་དང་མི་ལྡན་པ་གསུངས་སོ། །གཞན་ཡང་རབ་འབྱོར་དགེ་སློང་ཆོས་སྨྲ་བ་ཞེས་བྱ་བ་ལ་སོགས་པ་ནི་ཁྱིམ་


DTG089_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟ་བ་དང༌། བྱ་བ་མང་བས་ཆོས་ཉན་པ་སྤོང་བའི་སྐྱོན་གསུངས་སོ། །དེ་ལྟར་དེ་ལ་སོགས་པའི་བདུད་ཀྱི་ལས་མང་པོ་རྟོགས་པར་བྱས་ནས་རྣམ་པར་སྤང་བར་བྱས་ཏེ། བདུད་དེ་དག་ཀྱང་དེ་དག་ལ་མངོན་བར་བརྩོན་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གཞན་ཡང་རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་དགེ་སྦྱོང་གི་ཆ་བྱད་ཀྱིས་གཞུང་ལུགས་འབྲལ་བར་བྱེད་པའི་སྐྱོན་གསུངས་སོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི་བདུད་རང་ཉིད་ཀྱིས་དགེ་སློང་གི་དགེ་འདུན་དང་བཅས་པའི་སངས་རྒྱས་ཀྱི་ཆ་བྱད་དུ་སྤྲུལ་ནས་ཟབ་མོའི་ཆོས་སྤྱོད་པ་རྣམས་བྱང་ཆུབ་དམན་པར་ལུང་སྟོན་པའི་སྐྱོན་གསུངས་སོ། །རབ་འབྱོར་དེ་ལྟར་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་གྱིས་ནི་དོན་བཞི་གསུངས་ཏེ། བདུད་ཀྱི་ལས་མང་པོ་དང༌། དེའི་རྒྱུ་རྣས་དང་བདུད་ལ་སོགས་པ་ལས་ཉན་པ་དང༌། བློ་ཆུང་ངུ་ལ་སོགས་པ་ཡིད་ཆེས་པར་བྱེད་པ་དང༌། བདུད་ཇི་ལྟར་དེ་དག་ལ་མངོན་པར་བརྩོན་པར་བྱེད་པ་དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་སུ་འཛིན་པར་མཛད་པ་མ་ཡིན་ནོ། །དེ་ནི་བདུད་ཀྱི་ལས་བཞི་བཅུ་རྩ་དྲུག་སྟེ། བདུད་ཀྱི་ལས་ཉིད་བར་དུ་གཅོད་པའོ། །དེ་གསལ་བར་བྱེད་པའི་ལེའུ་ནི་དེའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་བྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལ་ལེ་འུ་བཅུ་གཅིག་པའོ།། །།སྐྱོན་བསྟན་ནས། མཚན་ཉིད་བཤད་པར་བྱ་སྟེ་དེའི་དབང་དུ་བྱས་ནས། བསྟན་བཅོས་ལས། གང་གིས་མཚོན་ཏེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་ཤེས་པ་དང༌། །ཁྱད་པར་བྱེད་དང་རྣམ་གསུམ་དང༌། །མཚོན་བྱ་ངོ་བོ་ཉིད་གང་ཡང༌། །ཞེས་བྱ་བ་གསུངས་ཏེ། གང་གིས་མཚོན་པར་བྱེད་པ་དེ་ནི་མཚན་ཉིད་དོ། །དེ་ཡང་རྣམ་པ་གསུམ་སྟེ། ཤེས་པ་དང༌། ཁྱད་པར་དང༌། བྱེད་པའོ། །ངོ་བོ་ཉིད་ཀྱི་མཚན་ཉིད་དང་རྣམ་པ་བཞི་སྟེ། དེ་ལས་དང་པོ་ཤེས་པ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་ཐམས་ཅད་ཤེས་པའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པ་འབྱུང་བ་དང༌། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །དེ་བསྡུས་པ་དང་ཕྱིར་བལྟས་དང༌། །མི་ཟད་པ་ཡི་རྣམ་པ་དང༌། །ཆགས་བཅས་སོགས་དང་རྒྱ་ཆེན་


DTG089_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ཆེན་པོར་གྱུར་དང་ཚད་མེད་དང༌། །རྣམ་ཤེས་བསྟན་དུ་མེད་པ་དང༌། །སེམས་ལྟར་མེད་དང་ཤེས་པ་དེ། །གྱོ་བ་ལ་སོགས་ཤེས་བྱ་དང༌། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པ་དེ་བཞིན་ཉིད་རྟོག་དང༌། །གཞན་བསྟན་པ་ཞེས་བྱ་བ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱིས། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་གསུངས་ཏེ། ཤེས་པ་སྨོས་པ་ནི་དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །བཅོམ་ལྡན་འདས་མ་ལས་དེ་བཞིན་གཤེགས་བའི་ཡེ་ཤེས་སྐྱེས་ཏེ་དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནས་འཇིག་རྟེན་ཀུན་རྫོབ་སྟོན་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལ་དང་པོ་དཔེ་ནི་བདག་གིར་བྱེད་དོ་ཞེས་བྱ་བའི་བར་དུ་གསུངས་སོ། །མན་པར་གྱུར་ན་ཞེས་བྱ་བ་ནི་མན་པར་གྱུར་པ་ཡོད་ནའོ། །རེག་པ་ལ་གནས་པ་ནི་རེག་པ་ལ་སྤྱོད་པའོ།།མི་བདེ་བ་ནི་ཡིད་དུ་མིང་འོང་བ་སྟེ། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ལེགས་པར་བཟུང་བས་འཛིན་པ་ནི་གསོ་བ་ལེགས་པར་གོམས་པ་ཅི་ནས་ཀྱང་ཉམས་བརྟ་བར་འགྱུར་བའོ། །སྦ་བ་ནི་སྲུང་བའོ། །བཅོས་པ་ནི་དག་པར་བྱེད་པ་སྟེ་ནད་སེལ་བའི་ཕྱིར་རོ། །སྡུག་བསྔལ་གྱི་རེག་པ་འམ་ཞེས་པ་ལ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའི་འདུས་པ་ལས་བྱུང་བ་ནི་རེག་པ་སྟེ། དེ་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པས་སྡུག་བསྔལ་ལོ། །མིག་ལ་ཞེས་བྱ་བ་ནི་ལྔ་པའོ། །ཡེ་འདྲོག་ནི་མི་རྣམས་ཀྱི་ཕྱི་ནས་འབྱུང་བའི་གློག་ལ་སོགས་པའོ། །བདག་གིར་བྱེད་པ་ནི་བདག་གིར་བྱེད་པས་སོ། །དགོངས་ཏེ་ཞེས་བྱ་བ་དེ་ག་ལས་ཤེས་ཤེ་ན། གང་ཡང་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ནི་ཤ་ཀྱ་ཐུབ་པའོ། །གང་ཞེས་བྱ་བ་ཤ་ཀྱ་ཐུབ་པ་དེ་ཁོ་ན་མ་ཡིན་པའོ། །བཞུགས་ཏེ་ཞེས་བྱ་བ་ནི་ཡོད་པའོ། །འཚོ་བ་ནི་ཡང་དག་པར་གནས་པའོ། །གཞེས་པ་ནི་སྐུ་ཚེ་ཇི་སྲིད་ཡོད་པའི་བར་དུའོ། །དགྱེས་པ་ཐོབ་ཅིང་དགོས་པ་ཇི་ལྟ་བུ་ཞེ་ན། ཇི་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡུམ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྐྱེད་པ་ཞེས་གསུངས་ཏེ། ཐམས་ཅད་མཁྱེན་པ་འདིའི་སྟོན་པ་ནི་ཐོབ་པར་བྱེད་པའོ། །དེ་ལྟར་ཞེས་བྱ་བ་ནི་སྐྱེད་པ་ཉིད་དོ།།


DTG089_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་སྟེ་དང་པོའོ། །འཇིག་རྟེན་འདི་སྟོན་པར་བྱེད་པའོ་ཞེས་གསུངས་པ་ལས་དེའི་ཕྱིར་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་བྱ་བ་ལ་སོགས་པ་གསུངས་སོ། །ལན་ནི་དེ་སླད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་ཞེས་གསུངས་པ་ནི་འཇིག་རྟེན་པ་ནི་རྣམ་པར་འཇིག་པའོ། །སླད་ཅིག་མ་ཡིན་པའི་ཕྱིར་འཇིག་པ་ནི་རྒྱུན་འགག་པ་སྟེ། འཇིག་རྟེན་ནོ། །ཇི་ལྟར་འཇིག་རྟེན་སྟོན་པ་ཡིན། གལ་ཏེ་འཇིག་པ་དེ་འཇིག་རྟེན་ཡིན་ན། དེ་འདི་ལས་ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བར་དགོངས་སོ། །ཇི་སྟེ་དེ་ཡང་སྟོན་པར་བྱེད་པ་ཞེས་བྱ་བ་འཇིག་རྟེན་པའི་དོན་ལས་གཞན་པ་གང་གི་ཕྱིར་ལྷག་པ་ཞེས་བྱ་བའི་དོན་ཏོ། །ལམ་ནི་རབ་འབྱོར་མི་འཇིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་འདི་ཕན་ཚུན་འགལ་པ་ཉིད་མ་ཡིན་ནམ་ཞེ་ན། མི་འཇིག་རབ་ཏུ་མི་འཇིག་པས་ན་ཞེས་བྱ་བ་གསུངས་ཏེ། དེ་བས་ན་འཇིག་རྟེན་དང་འགལ་བ་མེད་དེ། གང་གི་ཕྱིར་འདོ་ཡང་སྦྱར་བར་བྱ་སྟེ། འཇིག་རྟེན་ན་ནི་ཕུང་པོ་ལྔ་པོ་དེ་དག་གོ །དེ་བཞིན་གཤེགས་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་འཇིག་རབ་ཏུ་མི་འཇིག་པ་ཡིན་ནོ་ཞེས་སྟོན་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཞུས་པའོ། །རབ་འབྱོར་ཕུང་པོ་ལྔ་པོ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །སྟོང་པ་ཉིད་ཇི་ལྟ་བ་བཞིན་དུ་རབ་འབྱོར་མཚན་མ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་མི་འཇིག་ཅེས་གསུངས་པ་ལ། དེའི་ཕྱིར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུ་པའོ། །འཇིག་རྟེན་ཤེས་པ་དེ་ནི་གཉིས་པའོ། །སེམས་ཅན་སེམས་ཀྱི་སྤྱོད་པ་ཞེས་བྱ་བ་འདིས་ནི་སེམས་ཅན་དཔག་ཏུ་མེད་པ་ཚད་མེད་པའི་སྤྱོད་པ་ཤེས་པ་བསྟན་ཏེ། སེམས་ཅན་དཔག་ཏུ་མེད་པ་ཤེས་པ་མེད་པར་ནི་དེ་མེད་དེ། དེ་བས་ན་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་ཤེས་པ་བསྟན་ནས། གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་དེའི་སྤྱོད་པ་ཤེས་པ་གསུངས་ཏེ། དེ་ལ་ཇི་ལྟར་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་ཤེས་པ་ཡིན་ཞེ་ན། གང་གི་ཕྱིར་དེ་ཁོ་ན་ཉིད་ནི་དངོས་པོ་མེད་པ་ཡིན་པས་ཚད་མེད་གྲངས་མེད་པའོ། །ཇི་ལྟར་སེམས་ཀྱི་སྤྱོད་པ་མཁྱེན་པ་ཡིན་ཞེ་ན། སེམས་ཅན་མེད་པ་དེ་དག་གི་སྤྱོད་


DTG089_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་འཇིག་རྟེན་ཡིན་པའི་ཕྱིར་འཇིག་རྟེན་སྟོན་པར་བྱེད་པའོ། །སེམས་ཅན་ཚད་མེད་དཔག་ཏུ་མེད་པའི་སྤྱོད་པ་ཤེས་པ་དེ་ནི་གསུངས་པའོ། །དེ་བསྡུས་པ་དང་ཕྱིར་བལྟས་དང༌། །ཞེས་བྱ་བ་ལ། ཕྱིར་བལྟས་པ་ནི་རྣམ་པར་གཡེང་བའོ། །དེའི་སེམས་བསྡུས་པ་དང་བཅས་པའི་ཕྱིར་བལྟས་པ་ནི་དེ་བསྡུས་པ་དང་ཕྱིར་བལྟས་པའོ། །དེའི་ཕྱིར་སེམས་ཀྱིས་བསྡུས་པ་དང་རྣམ་པར་གཡེང་བ་ཤེས་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་གསུངས་པ་ལ། བསྡུས་པ་ནི་ཟད་པའོ། །གཡེངས་པ་ནི་མི་ཟད་པ་སྟེ་དེ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པའོ། །བསྡུས་པ་ནི་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པ་སྟེ་དེ་ཡང་ཟད་པ་ཉིད་དོ། །སེམས་ཀྱི་རང་བཞིན་དེ་ཡང་མི་ཟད་པ་སྟེ་མི་ཟད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པས་བསྡུས་པ་ནི་ཟད་པ་ཉིད་དུ། གཡེངས་བཞི་མི་ཟད་པ་ཉིད་དུ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཉིད་ལ་ལྟོས་ནས་རྣམ་པར་གཡེང་བ་སྟེ། ཕྱི་རོལ་དུ་བལྟས་པའི་ཕྱིར་རོ། །རབ་ཏུ་མཁྱེན་པ་ནི་རང་གི་མཚན་ཉིད་ལ་ལྟོས་པའོ། །དེ་ཇི་ལྟ་བུ་ཞེ་ན་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཟད་པ་ནི་ཟད་པ་མེད་པའོ། །རྣམ་པར་མི་ཟད་པ་ཡང་མ་ཡིན་ཏེ། དེ་བས་ན་སེམས་བསྡུས་པ་མེད་པ་ནི་རྣམ་པར་གཡེངས་བ་སྟེ་དེ་མེད་དོ། །གཡེངས་བ་མེད་པ་ཡང་ག་ལས་ཤེས་ན། མཚན་ཉིད་མེད་པ་ཞེས་གསུངས་ཏེ། གང་གི་ཕྱིར་རང་གི་མཚན་ཉིད་ཀྱིས་སྟོང་པ་ཞེས་བྱ་བའི་དོན་ཏོ། །སེམས་བསྡུས་པ་དང་གཡེངས་པ་ཤེས་པ་དེ་ནི་བཞི་བའོ། །མི་ཟད་པའི་རྣམ་པ་དང་ཞེས་བསྟན་བཅོས་ལས་འདོན་པ་ནི། ཡུམ་ཆེན་མོ་དག་ལས་བཤད་དོ། །འདི་ནི་དཔག་ཏུ་མེད་པ་དང༌། ཚད་མེད་པ་དང༌། མི་ཟད་པ་ཞེས་བྱ་བརྗོད་དེ། སེམས་དཔག་ཏུ་མེད་པ་དང༌། མི་ཟད་པ་ཞེས་བྱ་བ་འདིའི་བཤད་པ་ནི་གཞན་ལས་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ན་ཞེས་བྱ་བ་ནི་དྲིས་པའོ། །རབ་འབྱོར་དེའི་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ།།བྱིན་གྱི་རླབས་ཞེས་བྱ་བ་ནི་ནམ་ཡང་མིག་ནས་པ་མ་ཡིན་པ་སྟེ་ཆོས་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་ནས་ཞེས་བྱ་བའི་དོན་དུ་དགོངས་སོ། །དེ་ཉིད་ཀྱི་ཕྱིར་འདུས་བྱས་ཀྱི་


DTG089_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་མེད་པས་སྐྱེ་བ་དང་འགག་པ་མེད་པའོ། །གནས་མེད་པ་དང༌། རྟེན་མེད་པ་ནི་དེ་ལ་དབང་པོ་དྲུག་གི་བྱ་བ་མེད་པའི་ཕྱིར་རོ། །ཚད་མེད་པའི་ཕྱིར་གཞལ་དུ་མེད་པའོ།།ཟད་པ་མེད་པའི་ཕྱིར་མི་ཟད་པའོ། །གང་གིས་ཞེས་བྱ་བ་ནི་བྱིན་གྱི་རླབས་ལ་སོགས་པའོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་ནམ་མཁའ་དཔག་ཏུ་མེད་ཅིང་མི་ཟད་པ་ནི་དེ་བཞིན་དུ་སེམས་ཀྱང་ངོ༌། །རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་མཇུག་བསྡུ་བའོ། །གཞལ་དུ་མེད་པ་དང་མི་ཟད་པ་ཤེས་པ་དེ་ནི་ལྔ་བའོ། །གཞལ་དུ་མེད་པ་དང་མི་ཟད་པ་ཞེས་བྱ་བའི་སྒས་ནི་མ་གསུངས་པ་སྡུད་པའི་དོན་ཏེ། དེས་ན་ཀུན་ནས་ཉོན་མོངས་པ་དང༌། ཀུན་ནས་ཉོན་མོངས་པ་མ་ཡིན་པ་ཤེས་པ་དང༌། ཞུམ་པ་དང་ཡོངས་སུ་འཛིན་པ་ཤེས་པ་དང༌། ཟག་པ་དང་བཅས་པ་དང༌། ཟད་པ་མེད་པ་ཤེས་པ་ཡོངས་སུ་བཟུང་ངོ༌། །དེ་ལ་དང་པོ་གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གཉིས་ནི་ཀུན་ནས་ཉོན་མོངས་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པ་གསུངས་ཏེ། ཀུན་ནས་ཉོན་མོངས་པ་ཅན་ནི་ཀུན་ནས་ཉོན་མོངས་པའོ། །ཉོན་མོངས་པའི་ཆོས་ཀྱིས་དྲི་མ་ཅན་དུ་བྱས་པ་ནི་ཀུན་ནས་ཉོན་མོངས་པའོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའོ། །གང་གི་ཕྱིར་ཀུན་ནས་ཉོན་མོངས་པ་རྣམས་ནི་དེས་ན་གནས་མེད་པ་སྟེ་སེམས་ཀྱི་ཆོས་ཉིད་དེ་ལ་ཡང་དག་པར་གནས་མེད་དེ། དེ་དག་ནི་གློ་བུར་པ་ཉིད་ཉིད་ཡིན་པའི་ཕྱིར་རོ། །རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཀྱི་ཆོས་ཉིད་རང་བཞིན་ཁོ་ནས་འོད་གསལ་བ་ནི་དྲི་མ་མེད་པའོ། །འདི་ནི་སེམས་ཀུན་ནས་ཉོན་མོངས་པ་མ་ཡིན་པ་ཤེས་པ་སྟེ་དྲུག་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གཉིས་ཀྱིས་ནི་གཉིས་པ་གསུངས་ཏེ། གཞི་མེད་པ་ཞུམ་ཞེས་བྱ་བ་ལ་གཞི་མེད་པ་ནི་གནས་མེད་པའོ། །གཞི་མེད་པ་ཉིད་ཞུམ་པའོ། །སེམས་ཞུམ་པ་ལ་ནི་རང་བཞིན་མེད་དེ་སེམས་ཀྱི་རངས་བཞིན་ལ་ནི་སྐྱེ་པ་མེད་པ་དང་འགག་པ་མེད་པའི་ཕྱིར་རོ། །གཟུང་དུ་མེད་པ་ནི་སེམས་དེ་དག་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །མི་གཟུང་བ་ནི་གཟུང་དུ་མེད་པའོ། །རབ་ཀྱི་སྒྲ་ནི་དགག་པའི་དོན་ཉིད་ཡིན་པའི་ཕྱིར་རོ། །འཇུག་པ་འམ་སྐྱེ་བ་ཞེས་བྱ་བར་དགོངས་སོ། །འདི་ནི་སེམས་ཞུམ་པ་དང་གཟུང་བ་མེད་པར་ཤེས་པེ་སྟེ་བདུན་པའོ། །


DTG089_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

༄༅།།གཞན་ཡང་རབ་འབྱོར་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་གསུམ་པ་གསུངས་ཏེ། ངོ་བོ་ཉིད་མེད་པ་ནི་དངོས་པོ་མེད་པ་ཉིད་དེ། དེ་མེད་པ་ནི་ངོ་བོ་ཉིད་མེད་པའོ། །འདི་དག་གི་སེམས་འཛག་པར་བྱེད་པས་ན་ཟག་པ་སྟེ། ཡོད་པ་མ་ཡིན་པ་ལ་ཀུན་དུ་རྟོག་པའོ། །དེ་དང་ལྡན་པས་ན་ཟག་པ་དང་བཅས་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཡོད་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་རྣམས་ལ་རྟོག་པའི་ཕྱིར་རོ། །དངོས་པོ་མེད་པའི་ངང་ཚུལ་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་མེད་པ་སྟོང་པ་ཉིད་དོ། །འདི་ལ་དེ་ལྟ་བུའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེའི་ཕྱིར་ལྷུན་གྱིས་གྲུབ་པའོ། །འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་སྲིད་པ་རྣམས་སུ་ཟག་པ་དང་བྲལ་བའི་ཕྱིར། དེས་ན་ཟག་པ་དང་བྲལ་བ་ཞེས་གསུངས་སོ། །འདི་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་སེམས་ཤེས་པ་སྟེ་བརྒྱད་པའོ། །ཆགས་བཅས་ལ་སོགས་དང་ཞེས་བྱ་བ་ལ་ཚོགས་པ་དང་བཅས་པ་དང༌། འདོད་ཆགས་དང་བྲལ་བ་ཤེས་པ་དང༌། ཞེ་སྡང་དང་བཅས་པ་དང༌། ཞེ་སྡང་དང་བྲལ་བ་ཤེས་པ་དང༌། གཏི་མུག་དང་བཅས་པ་དང༌། གཏི་མུག་དང་བྲལ་བ་ཤེས་པའོ། །དེ་ལ་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་བའི་ཚིག་དང་པོ་གཉིས་ནི་སེམས་ཀྱི་འདོད་ཆགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སེམས་ཀྱི་འདོད་ཆགས་དང་བཅས་པ་ནི་སེམས་ཀྱི་རང་བཞིན་མ་ཡིན་ཏེ། དེ་བས་ན་འདོད་ཆགས་མེད་པ་ནི་འདོད་ཆགས་དང་བཅས་པའི་དོན་ཏོ། །གང་སེམས་ཀྱི་བྲལ་བ་ཞེས་བྱ་བ་ལ་སོགས་པ་ལ་བྲལ་པ་ནི་སྟོང་པ་ཉིད་དོ། །དེ་ནི་འདོད་ཆགས་དང་བཅས་པ་མ་ཡིན་ཏེ་དེ་ཉིད་འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་དོན་ཏེ་འདི་ནི་སེམས་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བའི་ཤེས་པ་སྟེ་དགུ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིགས་གཉིས་གསུངས་པ་ལ་དེ་ནི་རྟོགས་པར་སླའོ། །འདི་ནི་ཞེ་སྡང་དང་བཅས་པ་དང་ཞེ་སྡང་དང་བྲལ་བའི་སེམས་ཤེས་པ་སྟེ་བཅུ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་ཀྱིས་ནི་གསུམ་པ་བསྟན་ཏེ། འདི་ནི་སེམས་གཏི་མུག་དང་བཅས་པ་དང༌། གཏི་མུག་དང་བྲལ་བ་


DTG089_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་སྟེ་བཅུ་གཅིག་པའོ། །རྒྱ་ཆེན་དང༌། ཆེན་པོར་གྱུར་དང༌། ཆད་མེད་པ་དང་ཞེས་བསྟན་བཅོས་ལས་གསུངས་སོ། །རྒྱ་ཆེན་པོ་ནི་ཡངས་པ་སྟེ་འདོད་པའི་ཁམས་ཐམས་ཅད་ལ་དམིགས་པའི་གནས་ལ་སོགས་པའོ། །ཆེན་པོར་གྱུར་པ་ནི་གཟུགས་ལ་དམིགས་པ་སྟེ་འདོད་པའི་ཁམས་ལས་གཟུགས་ཀྱི་ཁམས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །གཟུགས་མེད་པ་ལ་དམིགས་པ་དང༌། རྣམ་པ་གསུམ་དུ་དམིགས་པ་དང་མི་དམིགས་པ་ནི་ཚད་མེད་པའོ། །དེའི་ཕྱིར་གསུམ་དུ་ཤེས་པ་ནི་ཡུམ་ཆེན་མོ་ལས་སེམས་རྒྱ་ཆེན་པོར་ཤེས་པ་དང༌། སིམས་ཆེན་པོར་གྱུར་པ་ཤེས་པ་དང༌། སེམས་ཚད་མེད་པ་ཤེས་པའོ་ཞེས་གསུངས་སོ། །བཅོམ་ལྡན་འདས་མ་འདིར་ནི་ཚད་མེད་པ་ཞེས་བྱ་བའི་དབང་གིས་མ་གསུངས་པ་བསྡུས་ཏེ། འདི་ལ་བརྟེན་ཏེ་ཞེས་བྱ་བར་སྦྱར་རོ། །རྒྱ་ཆེ་བ་དང༌། རྒྱ་ཆེ་བ་མ་ཡིན་པ་དང༌། ཆེན་པོར་གྱུར་པ་དང༌། ཆེན་པོར་གྱུར་པ་མ་ཡིན་པ་དང༌། ཚད་མེད་པ་དེ་ནི་འདིར་ཤེས་པ་གསུམ་སྟེ། རྒྱ་ཆེ་བ་དང་རྒྱ་ཆེ་བ་མ་ཡིན་པའི་ཤེས་པ་དང༌། ཆེན་པོར་གྱུར་པ་དང༌། ཆེན་པོར་གྱུར་པ་མ་ཡིན་པའི་ཤེས་པ། ཚད་མེད་པའི་ཤེས་པའོ། །གཞན་ཡང་རབ་འབྱོར་དེ་བཞིན་གཤེགས་པས་ཞེས་བྱ་བ་ལ་སོགས་པའི་ཚིག་དང་པོ་གཉིས་གསུངས་པ་ལ། ཡོངས་སུ་མི་ལྡོང་བ་ནི་རྒྱ་ཆེ་བའོ། །དེ་དང་ལྡན་པ་དགག་པ་ནི་མི་ལྡན་པའི་ཚུལ་ལོ། །སོ་སོར་འབྲང་བ་མ་ཡིན་པ་བཀག་པས་ཡོངས་སུ་མི་ལྡང་བའི་ནང་དུ་གཏོགས་པར་ནི་ཆོས་ཉིད་ཀྱིས་ཏེ། དེ་བས་ན་རྒྱ་ཆེ་བ་མ་ཡིན་པའོ། །སེམས་དེ་དག་མི་འབྲི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མི་འབྲི་བ་ནི་འགྲིབ་པ་མེད་པ་སྟེ་དེ་བས་ན་རྒྱ་མི་ཆེ་བ་མ་ཡིན་པའོ། །མི་འཕེལ་བ་ནི་འཕེལ་བ་མེད་པ་སྟེ། དེ་བས་ན་རྒྱ་ཆེ་བ་མ་ཡིན་པའོ། །རྣམ་པར་གྲོལ་བ་མེད་པ་ནི་ཁྱད་པར་དུ་མི་འགྲོ་བ་སྟེ། དེ་བས་ན་རྒྱ་ཆེ་བ་མ་ཡིན་པ་དང༌། རྒྱ་མི་ཆེ་བ་མ་ཡིན་པའོ། །རྣམ་པར་གྲོལ་བ་མེད་པས་ཞེས་བྱ་བ་ནི་འགྱུར་བ་མེད་པ་ཁོ་ནའི་ཕྱིར་རོ། །སེམས་ནི་སེམས་ཀྱི་ཆོས་ཉིད་ཀྱིས་སོ། །འདི་ནི་སེམས་རྒྱ་ཆེ་བ་མ་ཡིན་པ་ཤེས་པ་སྟེ་བཅུ་གཉིས་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་གསུངས་པ་ལ། འོང་བ་ནི་ཐག་རིང་པོ་ནས་ཉེ་བར་འོང་བའོ། །ཉེ་བ་


DTG089_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐག་རིང་པོར་འགྲོ་བ་ནི་འགྲོ་བའོ། །འདི་དག་རྣམ་པར་དགག་པ་ནི་ཆེན་པོར་ཞུགས་པ་མ་ཡིན་པའོ། །མཉམ་པ་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ལ། སེམས་ཀྱི་མཉམ་པ་ཉིད་ནི་ཆོས་ཉིད་ཀྱིས་ཏེ། མཉམ་པ་ཉིད་དེ་དག་ཀྱང་རང་བཞིན་གྱིས་ཡོད་པ་དེའི་ཕྱིར་ངོ་བོ་ཉིད་མཉམ་པ་ཉིད་དེ་དེ་བས་ན་ཆེན་པོར་གྱུར་པའོ། །འདི་ནི་སེམས་ཆེན་པོར་གྱུར་པ་དང༌། ཆེན་པོར་གྱུར་པ་མ་ཡིན་པ་ཤེས་པ་སྟེ་བཅུ་གསུམ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་བཅུ་བཞི་བ་གསུངས་ཏེ། རྟེན་མེད་པས་ཚད་མེད་པ་ཞེས་བྱ་བ་ལ། གང་བུམ་པ་ལ་བརྟེན་ཅིང་བུམ་པའི་ཁོངས་སུ་གཏོགས་པའི་བུམ་པ་དེ་དག་ནི་དཔག་པར་བྱ་བ་ཡིན་ན། སེམས་ཀྱི་ཆོས་ཉིད་ནི་ནམ་མཁའ་དང་མཉམ་པའི་ཕྱིར་གང་དུ་ཡང་བརྟེན་པ་མེད་དེ་དེ་བས་ན་ཚད་མེད་པ་ཡིན་ནོ། །འདི་ནི་ཡེ་ཤེས་ཚད་མེད་པ་ཤེས་པ་སྟེ་བཅུ་བཞི་པའོ། །རྣམ་ཤེས་བསྟན་དུ་མེད་པ་དང་ཞེས་བྱ་བ་ལ་རྣམ་པར་ཤེས་པ་ནི་སེམས་སོ། །ཡི་གེ་དག་གིས་ནི་ཤེས་པ་ལྔ་བཟུང་སྟེ། སེམས་བསྟན་དུ་ཡོད་པ་དང་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་ཤེས་པ་དང༌། སེམས་ཐོགས་པ་དང་བཅས་པ་དང་ཐོགས་མེད་པ་ཤེས་པ་དང༌། སེམས་བླ་ན་ཡོད་པ་དང་བླ་ན་མེད་པ་ཤེས་པ་དང༌། སེམས་མཉམ་པར་མ་བཞག་པ་དང་མཉམ་པར་བཞག་པ་ཤེས་པ་དང༌། སེམས་རྣམ་པར་མ་གྲོལ་བ་དང་རྣམ་པར་གྲོལ་བ་ཤེས་པའོ། །དེ་ལ་གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་པའི་ཚིག་དང་པོ་གཉིས་གསུངས་པ་ལ། མཉམ་པར་སྟོན་པ་ཞེས་བྱ་བ་སྟོན་པ་དང་ངེས་པར་སྟོན་པ་ནི་དོན་གཅིག་གོ །དེ་བས་ན་མཉམ་པར་སྟོན་པའོ། །དེ་ག་ལས་ཤེས་ཤེ་ན། གང་གི་ཕྱིར་སེམས་ཀྱི་ངོ་བོ་ཉིད་ནི་སེམས་ཀྱི་ཆོས་ཉིད་དོ། །དེ་ཉིད་ཀྱི་ངོ་བོ་ཉིད་འདི་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའོ། །མཚན་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཀྱི་མཚན་ཉིད་ནི་འཛིན་པར་བྱེད་པ་ཉིད་དེ། དེ་མེད་པའི་ཕྱིར་རོ། །དོན་ནི་རྫས་ཀྱི་ངོ་བོ་ཉིད་དོ། །དེས་རྣམ་པར་དབེན་པའི་ཕྱིར་སེམས་ཀྱི་སྣང་བའོ། །སེམས་ལ་མི་སྣང་བའི་དོན་ཡང་འདིར་སྤྱན་གསུམ་ལ་སྣང་བར་མ་གྱུར་པ་ཞེས་བྱ་བ་གསུངས་ཏེ། གསུམ་ནི་ཤའི་དང༌། ལྷའི་དང༌། ཤེས་རབ་ཀྱི་སྤྱན་ནོ། །ཐམས་ཅད་ལ་ཞེས་བྱ་བས་ནི་ཆོས་དང་


DTG089_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་སྤྱན་ཡང་བསྡུའོ། །འདི་ནི་སེམས་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་ཤེས་པ་སྟེ་བཅོ་ལྔ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་གསུངས་པ་ལ། མེད་པ་ལ་ཀུན་བརྟགས་པ་ཞེས་བྱ་བ་གསུངས་པ་ལ། མེད་པ་ལ་ཀུན་བརྟགས་པ་འདི་དག་གིས་དེ་གསུངས་པ་ལ་དེ་སྐད་ཅེས་བརྗོད་དེ་དེ་ཉིད་ཀྱི་ཕྱིར་སྟོང་པའོ། །དམིགས་པ་ཉིད་དབང་དུ་གྱུར་པ་སྟེ་གསོབ་དག་གོ །ཚད་མས་གནོད་པའི་ཕྱིར་ཁོང་ཁྲོ་བ་མེད་པའོ་ཞེས་དགོངས་སོ། །གཉིས་སུ་མེད་པ་ལ་སོགས་པ་ལ་གཉིས་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཏེ། དེ་མེད་པར་གྱུར་པ་དང་མ་སྐྱེས་པའོ། །གྱུར་པ་ནི་གཉིས་ཀྱིས་སྟོང་པ་ཉིད་དོ། །འདིས་ཀུན་དུ་འབྱུང་བ་ནི་དེ་ལས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཚད་མས་གནོད་པ་བྱེད་པའི་ཕྱིར། ཁོང་ཁྲོ་བ་མེད་པ་ཡིན་ཏེ་འདི་ནི་སེམས་ཁོང་ཁྲོ་བ་དང་བཅས་པ་དང་ཁོང་ཁྲོ་བ་མེད་པ་ཤེས་པ་སྟེ་བཅུ་དྲུག་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་ཀྱིས་ནི་གསུམ་པ་གསུངས་ཏེ། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ་བླ་ན་ཡོད་པ་མ་ཡིན་པ་ནི་དེ་ལ་རློམ་སེམས་མེད་དོ། །རྡུལ་ཕྲ་མོ་ཡང་ཞེས་བྱ་བ་ལ་སོགས་པ་ལ། མི་དམིགས་པ་ཁྱད་པར་དུ་གྱུར་པའི་ཕྱིར་བླ་ན་མེད་པ་ནི་སྤྲོས་པ་མེད་པ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པས་སོ། །འདི་ནི་སེམས་བླ་ན་ཡོད་པ་དང་བླ་ན་མེད་པ་ཤེས་པ་སྟེ་བཅུ་བདུན་པའོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་ཀྱིས་ནི་བཞི་པ་གསུངས་ཏེ། རབ་འབྱོར་སེམས་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ། མཉམ་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་དང་མཉམ་པ་ནི་དེ་ཉིད་དུ་འཇུག་པའོ། །དེ་ལྟར་མ་ཡིན་པ་ནི་མི་མཉམ་པ་དང༌། མཉམ་པའོ། །མཉམ་པར་མ་བཞག་པ་ནི་བྱིས་པ་རྣམས་ལ་མཉམ་པར་བཞག་པ་མེད་པའི་ཕྱིར་ཏེ་དེ་བས་ན་མཉམ་པར་མ་བཞག་པའོ། །མཉམ་པ་དང་མཉམ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླ་སྟེ་འདི་ནི་སེམས་མཉམ་པར་མ་བཞག་པ་དང་མཉམ་པར་བཞག་པ་ཤེས་པ་སྟེ་བཅོ་བརྒྱད་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་ལྔ་པ་གསུངས་ཏེ། རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱིས་རྣམ་པར་གྲོལ་བ་ནི་ཚིག་འོག་མའི་དོན་ཏེ། ངོ་བོ་ཉིད་མེད་པ་ནི་མེད་པ་ཞེས་བྱ་བའི་


DTG089_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏོ། །སེམས་ཀྱང་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པས་མ་དམིགས་པའི་ཕྱིར་མེད་པ་སྟེ། དེ་བས་ན་རྣམ་པར་གྲོལ་བ་ཉིད་དོ། །འདི་ནི་སེམས་རྣམ་པར་གྲོལ་བ་དང་རྣམ་པར་མ་གྲོལ་བ་ཤེས་པ་སྟེ་བཅུ་དགུ་པའོ། །བསྟན་བཅོས་ལས། སེམས་ལྟར་མེད་དང་ཤེས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་དེ་ཡང༌། གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེད་པ་ནས་ཞེས་བྱ་ནི་རྟོགས་པར་སླའོ། །འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །འདི་ནི་སེམས་ཀྱི་སྣང་བ་ཤེས་པ་སྟེ་ཉི་ཤུ་བའོ། །བསྟན་བཅོས་ལས། གཡོ་བ་ལ་སོགས་ཞེས་བྱ་དང༌། ཞེས་བྱ་བ་ལ་སེམས་དེ་གཡོ་བ་ལ་སོགས་པའི་འདུ་ཤེས་ནི་གཡོ་བ་ལ་སོགས་པ་ཞེས་བྱ་སྟེ། ཤེས་པ་ཞེས་བྱ་བ་དང་སྦྱར་རོ། །གཡོ་བ་ལ་སོགས་པ་བཞི་ནི་བཅོམ་ལྡན་འདས་ཡུམ་ཆེན་མོ་ལས་གསུངས་ཏེ། དེ་ལ་ཕྱེ་བ་ནི་བྱ་བའོ། །བཙུམས་པ་ནི་དགག་པའོ། །དེ་གཉིས་ཡང་དག་པར་ཕྱེ་བ་ནི་བསྡུ་བའོ། །དེ་གཉིས་བརྐྱང་བ་ནི་དགག་པ་སྟེ། དཔེར་ན་འབྱུང་བ་དང༌། མི་འབྱུང་བ་དང༌། འབྱུང་ཡང་འབྱུང་བ་དང༌། མི་འབྱུང་ཡང་མི་འབྱུང་བའོ། །བཅོམ་ལྡན་འདས་མ་ལས་ནི་འདིར་དང་པོ་དང་གསུམ་པ་བཀག་པ་ཡིན་ཏེ། འབྱུང་བ་དང། འབྱུང་ཡང་འབྱུང་ཞེས་བྱ་བའོ། །བཅོམ་ལྡན་འདས་མ་འདི་ལས་དང་པོ་དང་གསུམ་པ་ལ་བྱ་བ་ཡོད་པས་ན་ཕྱེ་བ་ཡིན་ནོ། །གཉིས་པ་དང་བཞི་པ་ལ་བྱ་བ་མེད་པས་ན་བཙུམས་པ་ཡིན་ནོ། །དེའི་ཕྱིར་གཞན་ཡང་རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཕྱེ་བ་དང༌། བཙུམས་པ་ཤེས་པ་གསུངས་པ་ལ། དེ་ཐམས་ཅད་ནི་ཕུང་པོ་ལྔ་ལ་བརྟེན་པ་ཡིན་ཏེ། དེ་བས་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཞུས་པའོ། །དེ་བཞིན་སོང་བ་ཤི་ཕན་ཆད་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ལྷག་མ་ནི་རྟོགས་པར་སླ་སྟེ། འདི་ནི་ཕྱེ་བ་དང་བཙུམས་པ་ཤེས་པ་སྟེ་ཉི་ཤུ་རྩ་གཅིག་པའོ། །བསྟན་བཅོས་ལས། ཡང་དེ་དག་ནི་དེ་བཞིན་ཉིད་རྣམ་པར་ཤེས་པ་ཞེས་བྱ་བ་གསུངས་པ་ལ། དེ་དག་ནི་ཕྱེ་བ་དང་བཙུམས་པ་དག་སྟེ། དེའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །གཞན་


DTG089_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་རབ་ཏུ་མཁྱེན་པའི་གསུམ་པའི་བར་དུ་གསུངས་ཏེ། འདི་ནི་དེ་བཞིན་ཉིད་ཇི་ལྟ་བར་ཕྱེ་བ་དང༌། བཙུམས་པ་ཤེས་པ་སྟེ་ཉི་ཤུ་རྩ་གཉིས་པའོ། །དེ་ལས་གཞན་ཐུབ་པ་དེ་བཞིན་ཉིད་རྟོགས་པ། གཞན་བསྟན་པ་ཤེས་པ་ཞེས་བྱ་བ་དང་སྦྱར་རོ། །དེ་བཞིན་ཤེས་པ་ནི་མཆོག་གོ །ཐུབ་པ་ནི་དེ་བཞིན་གཤེགས་པའོ། །གང་མངོན་པར་བྱང་ཆུབ་པ་དེ་གཞན་ལ་བསྟན་པ་ཡང་ཤེས་པའི་དོན་ཏོ། །དེ་ནི་རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་ནས་མེ་ཟད་པ་ཉིད་དུ་བསྟན་ཏོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་བཞིན་ཉིད་གཅིག་ཏུ་རྣམ་པར་བཞག་པ་ཡིན་ནོ། །གང་ཡིན་པ་ནི་གང་ཁོ་ན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་གཅིག་སྟེ་ཞེས་བྱ་བ་ནི་དེ་ལྟར་རྒྱ་ཆེར་བསྟན་པའི་དེ་བཞིན་ཉིད་ནི་གཅིག་པ་ཁོ་ནའོ། །ཅི་འདི་ལ་གཅིག་པ་ཉིད་ནི་ཐ་དད་པ་མེད་པ་ལ་བྱའམ་བྱེ་བྲག་ཙམ་ཞིག་ཡིན་ནམ། འོན་ཏེ་རི་འབིགས་བྱེད་བཞིན་དུ་གཅིག་གི་གྲངས་ཀྱིས་ཡིན་ཞེ་ན་དེའི་ཕྱིར་དུ་མའི་དངོས་པོ་དང༌། དངོས་པོ་མེད་པ་དང༌། བྲལ་བ་ཞེས་གསུངས་ཏེ། དུ་མའི་དངོས་པོ་དང་དངོས་པོ་མེད་པ་ནི་དུ་མ་ཉིད་དང༌། གཅིག་ཉིད་དང༌། དེ་དག་དང་བྲལ་བ་ནི་དེ་དག་རྫས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་ཏེ། ཐ་དད་པ་མེད་པ་ཙམ་དེའི་གཅིག་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་དག་གི་ལས་ཤེ་ན། དུ་མ་ཉིད་ཡིན་པའི་ཕྱིར་དང༌། སྣ་ཚོགས་པ་ཉིད་ཡིན་པའི་ཕྱིར་ཏེ། དེ་གཉིས་ཀ་ཡང་རྫས་ཀྱི་ཆོས་ཡིན་པའི་ཕྱིར་རོ། །མི་ཟད་པའི་ཕྱིར་ཞེས་བྱ་བ་ནི་གཉིས་ཀ་མེད་པའོ། །དེ་དང་ལྡན་པ་ལ་མི་དང༌། གླང་པོ་ཆེ་དང༌། རྟ་ལ་སོགས་པའི་དབྱེ་བ་ཡོད་པར་འགྱུར་ན། དེ་བཞིན་ཉིད་ནམ་མཁའ་དང་འདྲ་བ་ལ་ནི་དེ་མེད་དོ། །གནས་སྐབས་ཀྱི་བྱེ་བྲག་གིས་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཡོད་དོ་ཞེ་ན། འགྱུར་བ་མེད་པའི་ཕྱིར་དང༌། གཉིས་སུ་མེད་པའི་ཕྱིར་ཞེས་གསུངས་ཏེ། དངོས་པོ་དབེན་པའི་མཚན་ཉིད་དེ་ལས་དངོས་པོའི་ཆེས་ཀྱི་དབྱེ་བ་མེད་པའི་ཕྱིར་རོ། །དབྱིངས་གཅིག་ཡིན་ཡང་གཅད་ན་དུ་མར་འགྱུར་བ་བཞིན་དུ། ཕུང་པོ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་དེ་བཞིན་ཉིད་ཀྱང་ཡིན་ནོ་ཞེ་ན། གཉིས་སུ་མེད་པའི་ཕྱིར་ཞེས་བྱ་བ་


DTG089_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ངོ་བོ་ཉིད་མེད་པའི་ཕྱིར་གཅོད་པ་མི་རིགས་སོ་ཞེས་དགོངས་སོ། །རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་གསུངས་སོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་འདིས་ནི་དེ་གཞན་བསྟན་པའི་ཤེས་པ་གསུངས་སོ། །ལྷག་མ་རྟོགས་སླའོ། །འདི་ནི་དེ་བཞིན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་གཞན་བསྟན་པ་སྟེ་ཉི་ཤུ་རྩ་གསུམ་པའོ། །བསྟན་བཅོས་ལས། ཐམས་ཅད་ཤེས་པ་ཉིད་སྐབས་ཀྱིས། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། ཞེས་བྱ་བ་སྨོས་པས་ནི་མཇུག་བསྡུ་བའོ། །འདི་ཙམ་ནི་རྒྱས་པར་བསྡུས་ཏེ། གང་གིས་ཤེས་ན། ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་ཤེས་པའི་མཚན་ཉིད་དེའི་ཞེས་བྱ་བའི་དོན་ཏོ། །སྟོང་ཉིད་མཚན་མ་མེད་བཅས་དང༌། །སྨོན་པ་རྣམ་པར་སྤངས་པ་དང༌། །སྐྱེ་མེད་འགག་པ་མེད་སོགས་དང༌། །ཆོས་ཉིད་དང་ནི་འཁྲུག་མེད་དང༌། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། ལམ་ཤེས་པ་ཉིད་ཀྱི་ཤེས་པ་ནི་རྣམ་པ་དགུ་སྟེ། འདི་དག་ནི་ཤེས་པ་ལ་ལྟོས་པས་བདུན་པའི་མཐའ་ཅན་ནོ། །འདི་ཉིད་ནི་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཞེས་བྱ་བ་ནི་ཡེ་ཤེས་རྣམས་སོ། །འདི་ལ་ཞེས་བྱ་བ་ནི་ལམ་ཤེས་པ་ཉིད་ཀྱི་ཤེས་པའི་མཚན་ཉིད་རྣམས་སོ། །འདིར་ཤེས་པ་དག་བརྗོད་པར་བྱ་བ་ཡིན་ཡང་དེའི་དམིགས་པ་དག་བརྗོད་དེ་དེ་བརྗོད་པས་ཀྱང་དེ་རྟོགས་པའི་ཕྱིར་རོ། །དེ། ལ། སྟོང་ཉིད་མཚན་མ་མེད་བཅས་དང༌། །སྨོན་པ་རྣམ་པར་སྤངས་པ་དང༌། །ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་ཤེས་པའོ། །དེ་ནི་ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཞེས་བྱ་བ་ལ་སོགས་པས་ནི་གཅིག་གི་ཚིག་སྟེ་དམིགས་པ་ནི་གཅིག་ཡིན་པ་ཉིད་ཀྱི་ཕྱིར་རོ། །མཚན་ཉིད་ཅེས་བྱ་བ་ནི་མང་པོའི་ཚིག་སྟེ། ཡེ་ཤེས་ནི་མཚན་ཉིད་ཐ་དད་པས་ཐ་དད་པའི་ཕྱིར་རོ། །གཞག་གོ་ཞེས་བྱ་བ་ནི་རྣམ་པར་བཞག་པ་སྟེ། འཇིག་རྟེན་གྱི་ཐ་སྙད་ཀྱིས་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །འདི་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་


DTG089_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨོན་པ་མེད་པ་ཤེས་པ་དག་གོ །སྐྱེ་མེད་འགག་པ་མེད་སོགས་དང༌། །ཞེས་བྱ་བ་དེ་ནི་ལྷའི་བུ་དག་སྐྱེ་བ་མེད་པའོ། །འགག་པ་མེད་པའོ། །ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པར་བྱང་བ་མེད་པའོ། །དངོས་པོ་མེད་པའོ། །མྱ་ངན་ལས་འདས་པའོ། །ཆོས་ཀྱི་དབྱིངས་སོ། །དེ་བཞིན་ཉིད་དོ་ཞེས་འདི་ལ་མཚན་ཉིད་གཞག་གོ་ཞེས་བྱ་བ་ལ་སྐྱེ་བ་མེད་པ་ལ་སོགས་པ་བརྒྱད་གཅིག་ཏུ་བས་བ་ནི་སྟོང་པ་ཉིད་ཙམ་གྱི་ཕྱིར་རོ། །སྟོང་པ་ཉིད་ནི་ངོ་བོ་ཉིད་མེད་པ་ཉིད་དོ། །ངོ་བོ་ཉིད་མེད་པ་ལ་སྐྱེ་བ་འམ་འགག་པ་འམ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་འམ། དངོས་པོ་མེད་དོ། །དངོས་པོ་མེད་པ་ཉིད་ནི་མྱ་ངན་ལས་འདས་པའོ། །སྟོང་པ་ཉིད་ཆོས་ཀྱི་དབྱིངས་ཏེ། གང་གི་ཕྱིར་ཆོས་རྣམས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །མི་འགྱུར་བ་ཉིད་ཀྱི་ཕྱིར་རྟག་ཏུ་དེ་ཁོ་ན་བཞིན་དུ་གནས་པ་ནི་དེ་བཞིན་ཉིད་དོ། །ཇི་སྟེ་མཚན་ཉིད་དག་ལ་ཕྱོགས་བཟུང་སྟེ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་ལ་སོགས་པ་སྤངས་པས་ཅི་ཞིག་བྱ་ཞེས་བློ་དམན་པས་དྲིས་པ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྨོས་ཏེ། འདིར་སྟོང་པ་ཉིད་ལ་སོགས་པའི་མཚན་ཉིད་དེ་ཉིད་ཅིའི་ཕྱིར་འདོད་ཅེས་བྱ་བའི་དོན་ཏོ། །ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པ་ནི་ལན་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མི་གནས་པ་དང༌། ནམ་མཁའ་དང་འདྲ་བ་དང༌། སུས་ཀྱང་མ་བཞག་པའི་ཕྱིར་རོ། །དེ་ལ་ནམ་མཁའ་དང་འདྲ་བ་ཉིད་དུ་བསྒྲུབ་པའི་ཕྱིར་མཚན་ཉིད་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་སུ་བགྲང་བ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་མཚན་ཉིད་རྣམས་སུའོ། །མི་གནས་པ་ཉིད་དུ་རབ་ཏུ་བསྒྲུབ་པའི་ཕྱིར་མཚན་ཉིད་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ལ་བརྟེན་པ་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ཀྱང་རང་བཞིན་གྱིས་མེད་པའི་ཕྱིར་དང༌། དེ་དག་ལ་ཡང་གཟུགས་ལ་སོགས་པའི་མཚན་ཉིད་མེད་པ་ཉིད་ཀྱི་ཕྱིར་ཏེ། ནམ་མཁའ་དང་འདྲ་བའི་འགོག་པ་ནི་ནམ་མཁའ་བཞིན་ནོ། །མ་བཞག་པ་ཉིད་རབ་ཏུ་བསྒྲུབ་པའི་ཕྱིར་མཚན་ཉིད་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ནི་ངོ་བོ་ཉིད་མེད་པའི་ཕྱིར་གནས་མེད་པ་སྟེ། མེ་རྟག་པ་དང་


DTG089_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་པ་ལ་སོགས་པ་འདི་ནི་དེ་དང་འདྲ་བར་ཡོད་པ་མ་ཡིན་ཏེ། བྱིས་པས་ཀུན་བརྟགས་པའི་ཕྱིར་དེ་དག་ལ་གུས་པར་བྱ་བ་མ་ཡིན་ནོ། །འདི་ནི་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ལ་སོགས་པ་ཤེས་པ་སྟེ་བཞི་པའོ། །ཆོས་ཉིད་དང་ནི་འཁྲུག་མེད་དང། །ཞེས་བྱ་བ་འདི་ནི་མཚན་ཉིད་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐྱོད་པར་ཞེས་བྱ་བ་ནི་རྣམ་པར་འཁྲུག་པ་དང༌། རྟོགས་པ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་འདི་དག་ཁོ་ནར་ཞེས་བྱ་བ་ནི་དེ་ལྟར་མཁྱེན་པའོ། །གང་དང་གང་མཚན་ཉིད་དེ་དང་དེ་ལས་བཟློག་པ་དེ་ནི་གནོད་པར་བྱེད་པ་ཡིན་ན། མཚན་ཉིད་དེ་ནི་དེ་ལྟ་བུ་མ་ཡིན་ནོ། །འདི་ནི་ཆོས་ཉིད་དང་འཁྲུག་པ་མེད་པ་ཤེས་པ་སྟེ་ལྔ་པའོ། །འདུ་མི་བྱེད་ཅེས་བྱ་བ་འདིའི་དབང་དུ་བྱས་ནས། མཚན་ཉིད་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སུས་ཀྱང་མ་བཞག་གོ་ཞེས་བྱ་བ་ནི་དམ་བཅའ་བའོ། །འདུས་མ་བྱས་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ནམ་མཁའ་བཞིན་ནོ་ཞེས་བྱ་བ་ནི་དཔེའོ། །གལ་ཏེ་དེ་དག་དེ་བཞིན་གཤེགས་པས་མ་བཞག་ན། དེ་ལྟར་ན་དེས་ཇི་ལྟར་རང་གི་དོན་དང་གཞན་གྱི་དོན་མཛད་དེ་དེ་བཞིན་གཤེགས་པ་ཡང་ཇི་ལྟར་ཡིན་ཞེ་ན་དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྟོགས་པར་སླའོ། །འདི་ནི་འདུ་མི་བྱེད་པ་ཤེས་པ་སྟེ་དྲུག་པའོ། །རྣམ་པར་མི་རྟོག་ཅེས་བྱ་བའི་དབང་དུ་བྱས་ནས། དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་སངས་རྒྱས་སོ་ཞེས་བྱ་བའི་བར་གསུངས་པ་ལ། མངོན་པར་རྫོགས་པར་སངས་རྒྱས་པ་དག་ནི་རྣམ་པར་མི་རྟོག་པ་རྣམས་ཏེ། དེའི་ཕྱིར་ཟབ་པའོ། །འདི་ནི་རྣམ་པར་མི་རྟོག་པ་ཤེས་པ་སྟེ་བདུན་པའོ། །རབ་དབྱེ་མཚན་ཉིད་མེད་ཉིད་ལ། ཞེས་བྱ་བ་ནི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་ཤེས་པ་དང༌། མཚན་ཉིད་མེད་པ་ཉིད་ཤེས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་མཚན་ཉིད་ཀྱི་རབ་ཏུ་དབྱེ་བའི་དབང་དུ་བྱས་ནས། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ཐོགས་པ་མེད་པའི་ཡེ་ཤེས་ནི་ཆགས་པ་མེད་པའི་ཡེ་ཤེས་སོ། །གང་གི་ཕྱིར་དེ་དག་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་རབ་ཏུ་དབྱེ་བ་བྱས་པ་ཡིན་ནོ། །འདི་ནི་རབ་ཏུ་དབྱེ་བ་ཤེས་པ་སྟེ་


DTG089_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པའོ། །མཚན་ཉིད་མེད་པ་ཉིད་ཀྱི་དབང་དུ་བྱས་ནས། ཆགས་པ་མ་མཆིས་པའི་ཡེ་ཤེས་ཞེས་བྱ་བ་ནས། སྟོན་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། ཆགས་པ་མེད་པའི་ཡེ་ཤེས་ནི་དམིགས་པ་མེད་པའོ། །དེའི་སྤྱོད་ཡུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་ལ་གནས་པ་རྣམས་ཀྱིས་ནི་གཟུགས་སུ་རུང་བའི་མཚན་ཉིད་གཟུགས་སམ། ཉམས་སུ་མྱོང་བའི་མཚན་ཉིད་ཚོར་བའམ། མངོན་སུམ་གྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བའི་བར་དུ་མཚན་ཉིད་ཐམས་ཅད་ལ་མི་དམིགས་པའི་ཕྱིར་རོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་མཚན་ཉིད་མེད་པ་ཉིད་ཤེས་པ་སྟེ་དགུ་པའོ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་བྱ་བ་ནི་མཇུག་བསྡུ་བའོ། །དེ་ནི་ཉིད་ཀྱིས་ཆོས་བརྟེན་ནས། །གནས་དང་གུས་པར་བར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་བྱད་མེད་དང༌། །ཀུན་ཏུ་འཇུག་མཁྱེན་གང་ཡིན་དང༌། །མ་མཐོང་སྟོན་པར་མཛད་པ་དང༌། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་དང༌། །བསམ་པའི་ཁྱད་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་བྱ་བ་གསུངས་ཏེ། འདི་ནི་རབ་འབྱོར་ཇི་ལྟར་ཞེས་བྱ་བ་ནས་ལེའུ་རྫོགས་པའི་བར་གྱིས་གསུངས་ཏེ། འདི་ཡང་ཤེས་པ་ལ་ལྟོས་པས་བདུན་པར་སྦྱར་རོ། །ཆོས་འདི་ལ་ཞེས་བྱ་བ་ནི་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཤད་པའོ། །ཆོས་གནས་པའི་གཞི་ནི་རྫས་ཡིན་ཏེ། ནམ་མཁའ་ནི་མ་ཡིན་ནོ། །དེའི་ཕྱིར་ཆོས་ཁོ་ན་ལ་བརྟེན་ཅིང་གནས་པའོ། །འདི་ཉིད་ནི་ཆོས་ལ་བརྟེན་ཅིང་གནས་པའི་ཤེས་པའོ། །ཆོས་ལ་བཀུར་སྟི་མཛད་ཅེས་བྱ་བ་ནི་གུས་པར་བྱེད་པའི་ཤེས་པའོ། །བླ་མར་མཛད་ཅེས་བྱ་བ་ནི་བླ་མར་མཛད་པའི་ཤེས་པའོ། །རི་མོར་མཛད་ཅེས་བྱ་བ་ནི་མཉེས་པར་བྱེད་པའི་ཤེས་པའོ། །དེ་ལ་མཆོད་དང་བྱེད་མེད་པ། །ཞེས་བྱ་བ་ནི་དེ་ལ་མཆོད་པ་དང་བྱེད་པ་མེད་པ་ཉིད་དེ། །དེ་ལ་མཆོད་པ་ཤེས་པ་ནི་མཆོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། བྱས་བ་ཚོར་བར་


DTG089_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། ཅི་སྟེ་འདི་ལ་དེ་བཞིན་གཤེགས་པ་རྣམས་འདི་ལ་བཀུར་སྟི་མཛད་པའི་རྒྱུ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཡང་དེ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པ་དེ་ལྟ་མོད་ཀྱི་རྟག་ཏུ་འདི་ལ་བཀུར་སྟི་མཛད་ཅེས་བྱ་བ་ནས། གསོལ་བ་མཛད་ཅེས་བྱ་བའི་བར་དུ་བསམས་སོ། །རབ་འབྱོར་ཞེས་བྱ་ལ་སོགས་པ་ནི་ལན་ཏེ། རབ་ཏུ་འབྱེད་པ་ནི་ཡོང་སུ་རྫོགས་པའོ། །གལ་ཏེ་ཡང་འདི་ལས་རབ་ཏུ་འབྱེད་པ་དེ་ལྟ་མོད་ཀྱི་ཅི་སྟེ་འདི་ལ་བཀུར་སྟི་མཛད་ཅེ་ན་དེའི་ཕྱིར་བྱས་པ་གཟོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་འབྱོར་གང་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་ཉིད་བྱས་པ་གཟོ་བ་ཉིད་ཀྱིས་རབ་ཏུ་བསྒྲུབ་པའོ། །དེ་བཞིན་གཤེགས་པ་ལ་ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །དེའི་བྱས་པ་གཟོ་བ་ཉིད་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྟོགས་སླའོ། །འདི་ནི་དེ་ལ་མཆོད་པ་ཤེས་པའོ། །བྱེད་མེད་ཉིད་ཅེས་བྱ་བ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་རྣམས་མ་བྱས་པ་ཤེས་པ་དེས་ན་བྱས་པ་གཟོ་བ་དང༌། བྱས་པ་ཚོར་བ་ཞེས་བྱ་བ་ངེས་པའི་ཚིག་གིས་ན་དགག་པ་ཕྱི་མ་ཡིན་ནོ་ཞེས་དགོངས་སོ། །འདི་ནི་བྱེད་པ་མེད་པ་ཉིད་ཤེས་པའོ། །རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས་། འཇིག་རྟེན་སྟོན་པའོ་ཞེས་བྱ་བའི་བར་གྱིས་ནི་ཐམས་ཅད་དུ་འགྲོ་བ་ཤེས་བ་བསྟན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་ཉེ་བར་གནས་སོ་ཞེས་བྱ་བའི་བར་དུ་གསུངས་པ་ལ་ཆོས་ཐམས་ཅད་སྟོང་པ་དེའི་ཕྱིར་ཤེས་པ་པོ་དང༌། མཐོང་བ་བོ་མེད་པའོ། །གང་ཡང་ཤེས་པའི་གནས་ཡོད་པ་ཡིན་ན་ནི་ཤེས་པ་པོ་དང༌། མཐོང་བ་པོར་ཡང་འགྱུར་ན་ཆོས་ཐམས་ཅད་ནི་གནས་མེད་པ་སྟེ། ཡོད་པ་དང༌། མེད་པ་ལ་མི་གནས་པའི་ཕྱིར་རོ། །དེའི་ཕྱིར་ཡང་ཆོས་ཐམས་ཅད་ནི་ཤེས་པ་པོ་མེད་པ་དང༌། མཐོང་བ་པོ་མེད་པའོ། །དེ་ལྟར་ན་ཞེས་བྱ་བ་ནི་ཤེས་པ་པོ་མེད་པ་དང༌། མཐོང་པ་མེད་པ་དེ་ཉིད་དེ་ལྷག་མ་ནི་རྟོགས་པར་སླའོ། །འདི་ནི་མ་མཐོང་བ་སྟོན་པའི་ཤེས་པའོ། །ཆོས་སྟོན་པར་བྱེད་པས་ཡེ་ཤེས་


DTG089_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་འདུལ་བར་བྱ་བའི་འཇིག་རྟེན་ཁ་ཅིག་ལ་སྟོང་པ་ཉིད་ཀྱི་རྣམ་པས་སྟོན་པར་བྱེད་པ་ནི་བརྗོད་པ་སྟེ། ཐོས་པ་ལས་བྱུང་བའི་ཤེས་པ་སྐྱེའོ། །ཁ་ཅིག་ལ་ནི་ཤེས་མཛད་དེ་བསམས་པ་ལས་བྱུང་བ་སྐྱེའོ། །ཁ་ཅིག་ལ་ནི་མངོན་སུམ་སྟེ་བསྒོམས་པ་ལས་བྱུང་བ་སྐྱེའོ། །འདིའི་ཤེས་པ་ནི་བསྟན་བཅོས་ལས། འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་དང༌། ཞེས་བྱ་བས་བསྟན་ཏོ། །དེའི་ཕྱིར་རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་དྲིས་པའོ། །འདིར་འཇིག་རྟེན་སྟོང་པའོ་ཞེས་བྱ་བ་དང༌། འཇིག་རྟེན་སྟོན་པའོ་ཞེས་བྱ་བ་དང༌། དེ་ལྟར་འཇིག་རྟེན་སྨོས་སོ་ཞེས་བྱ་བ་དང༌། ཡང་དག་སྟོན་ཏོ་ཞེས་བྱ་བ་ནི་ལན་ནོ། །འཇིག་རྟེན་ཞེས་བྱ་བ་ནི་ལན་ནོ། །འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔའི་མཚན་ཉིད་དོ། །སྟོང་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའོ། །དེ་བཞིན་དུ་དེ་ལྟར་འཇིག་རྟེན་སྟོན་པ་དང༌། དེ་ལྟར་འཇིག་རྟེན་སྨོས་པ་དང༌། དེ་ལྟར་ཡང་དག་པར་སྟོན་ཏོ། །འདི་ནི་འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པ་དང་བརྗོད་པ་དང༌། ཤེས་པར་མཛད་པ་དང་མངོན་སུམ་དུ་ཤེས་པའོ། །དེ་ལྟར་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པར་མཐོང་བའི་ཤེས་པའོ། །དེ་ལྟར་འཇིག་རྟེན་ཞི་བའོ་ཞེས་བྱ་བ་ནི་ཞི་བར་མཐོང་བའི་ཤེས་པའོ། །བསྟན་བཅོས་ལས། འཇིག་རྟེན་འདུ་ཤེས་འགོག་པ་དང༌། །ཞེས་བྱ་བ་དེ་ནི་དེ་ལྟར་འཇིག་རྟེན་དབེན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་འཇིག་རྟེན་དབེན་པ་ནི་སྟོང་པའོ། །དེ་ལྟར་རིགས་པ་འདིས་འཇིག་རྟེན་སྨོས་པ་དང༌། ཤེས་བར་མཛད་པ་དང༌། ཡང་དག་པར་སྟོན་པ་སྟེ་སྔ་མ་བཞིན་ནོ། །རྒྱུ་གང་གིས་ན་འཇིག་རྟེན་རྣམ་པར་དག་པ་ཡིན་ཞེ་ན། འདིར་འཇིག་རྟེན་གྱི་སྒྲས་འཇིག་རྟེན་གྱི་མིང་དུ་བསྟན་པའི་ཕྱིར་དེའི་རྣམ་པར་དག་པ་ནི་འགོག་པ་སྟེ། འདི་ལྟར་འཇིག་རྟེན་ནི་སྟོང་པ་ཡིན་པས་འཇིག་རྟེན་འདི་དང༌། འཇིག་རྟེན་ཕ་རོལ་འདིའི་བྱེ་བྲག་གཟུང་དུ་ཡོད་པ་མ་ཡིན་ཏེ། མཉམ་པ་མཉམ་པ་ཉིད་དུ་མཐོང་བའི་ཕྱིར་རོ། །འདི་ནི་འཇིག་རྟེན་གྱི་འདུ་ཤེས་འགོག་པ་ཤེས་པའོ། །བསྟན་བཅོས་ལས། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་བྱ་བ་ནི་འཇུག་པ་སྟེ། རྣམ་པ་ཐམས་གཅད་མཁྱེན་པ་ཉིད་


DTG089_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤེས་པའི་མཚན་ཉིད་ནི་རྣམ་པ་བཅུ་གཉིས་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་འཇིག་རྟེན་སྟོན་པ་ནི་འཇིག་རྟེན་སྟོན་པ་སྟེ། དེ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བརྗོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅུ་གཉིས་པའོ།། །།ཤེས་པའི་བདག་ཉིད་ཀྱི་མཚན་ཉིད་བཤད་ནས་ཁྱད་པར་གྱི་མཚན་ཉིད་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་འཆད་པར་འགྱུར་བའི་ཁྱད་པར་གྱིས་དེ་ལམ་གཞན་དག་ལས་ཁྱད་པར་དུ་གྱུར་པ་བདེན་པ་བཞིའི་ཡུལ་ཅན་སྐད་ཅིག་མ་བཅུ་དྲུག་གི་ཁྱད་པར་གྱི་མཚན་ཉིད་བཤད་པའི་མདོར་བསྟན་པའོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཡང་གང་ཞེ་ན། །བསམ་མི་ཁྱབ་དང་མི་མཉམ་དང༌། །གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་སྡུད་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཤེས་ཉིད། །ཤེས་མྱུར་བྲི་དང་གང་མེད་དང༌། །སྒྲུབ་དང་ཡང་དག་འགྲུབ་པ་དང༌། །དམིགས་པ་རྟེན་དང་བཅས་པ་དང༌། །མཐའ་དག་པ་དང་ཡོངས་འཛིན་དང༌། །རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ། །གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པ་ཁྱད་པར་ལས། །ཞེས་བྱ་བ་གསུངས་ཏེ། དེ་ལ་དང་པོ་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་མཐོང་བའི་ལམ་གྱི་སྐད་ཅིག་མ་ནི་བཞི་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །འདི་རྣམས་ཀྱི་ཁྱད་པར་བཞི་ནི་གོ་རིམས་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཉིད་དང༌། །མི་མཉམ་པ་ཉིད་དང༌། གཞལ་དུ་མེད་པ་ཉིད་དང༌། བགྲང་བ་ལས་ཡང་དག་པར་འདས་པ་ཉིད་དོ། །ཚད་ལས་ཡང་དག་པར་འདས་པ་ནི་གཞལ་དུ་མེད་པ་ཉིད་དོ། །གྲངས་ལས་ཡང་དག་པར་འདས་པ་ནི་


DTG089_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་བ་ལས་འདས་པའོ། །འདི་དག་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཟབ་ཅེས་བྱ་བ་ལ་སོགས་པ་འདི་ག་ལས་ཤེས་ཤེ་ན། བྱ་བ་ཆེན་པོས་ཉེ་བར་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱ་བ་ཆེན་པོས་ཉེ་བར་གནས་པ་དེའི་ཕྱིར་ཟབ་པའོ། །ཀྱེ་མའི་སྒྲ་ནི་དགའ་པའོ། །གང་གིས་ཤེ་ན། དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་བྱ་བ་དང་བཅས་པ་མི་མཉམ་པ་དང་མཉམ་པའི་བྱ་བ་ནི་ལྔ་པའི་ཁྱད་པར་རོ། །དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཞལ་གྱིས་བཞེས་སོ། །དོན་འཆད་པར་བཞེད་ནས་རང་ཉིད་ཀྱིས་རབ་འབྱོར་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་དྲིས་པའོ། །བསམ་གྱིས་མི་ཁྱབ་པ་དང་ཞེས་བྱ་བ་ལ་སོགས་པས་འཆད་དེ་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་འདིའི་བྱ་བ་རབ་ཏུ་སྟོན་པར་བྱེད་དེ། དེ་ལ་དེ་བཞིན་གཤེགས་པ་ཉིད་ནི་ཆོས་ཇི་ལྟ་ན་བཞིན་དུ་གསུངས་པའོ། སངས་རྒྱས་ཉིད་ནི་རང་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའོ། །རང་བྱུང་ཉིད་ནི་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཉིད་དོ། །ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ལ་དག་པ་དང་ཐོགས་པ་མེད་པའི་ཡེ་ཤེས་སོ། །དེ་ལྟར་ན་ཞེས་བྱ་བ་ནི་དེ་ལྟ་བུས་སོ། །ཇི་ལྟར་འདི་བྱ་བ་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། འདི་ནི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་སེམས་ལས་ཞེས་བྱ་བ་ལ་སོགས་པ་ཡུལ་གང་ལ་སེམས་པ་དེ་ནི་ངེས་པར་སེམས་པ་ལ་སོགས་པའི་ཡུལ་ཡིན་ནོ། །འདི་ནི་སེམས་ཀྱིས་བསམ་པར་མི་ནུས་སོ་ཞེས་བྱ་བའི་ཚིག་གིས་སེམས་ལ་རག་ལས་པ་ཉིད་དུ་བསྟན་པའི་ཕྱིར་སེམས་སྨོས་ཀྱི། ཡང་གཞན་རྣམ་པར་བཅད་པ་བསྒྲུབ་པ་ཡོད་པ་ནི་མ་ཡིན་ནོ། །འདི་ལ་སེམས་སམ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ནི་རྣམ་པར་ཤེས་པའོ། །དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་ཅིག་ཤོས་སོ། །དེ་ལ་འཇིག་རྟེན་གྱི་མངོན་སུམ་ནི་དེ་བཞིན་གཤེགས་པ་ཉིད་ལ་མི་འཇུག་གི་ཅིག་ཤོས་ནི་འགྱུར་རོ། །དེ་ཡང་དེའི་རང་གི་ངོ་བོ་མི་འཛིན་ཏེ། གང་ཡང་སེམས་ཀྱི་ཡུལ་ལ་སེམས་པ་ལ་སོགས་པ་དང༌། མཚུངས་པར་ལྡན་པའི་སེམས་ཀྱིས་བསམ་པ་འམ། གཞལ་བར་མི་ནུས་སོ། །ཡང་བསམ་པ་


DTG089_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨོས་པ་ཅིའི་ཕྱིར་ཞེ་ན། གང་བསམ་པར་ཡང་མི་ནུས་པ་དེ་ནི་ཤིན་ཏུ་ཡང་གཞལ་བར་མི་ནུས་སོ། ཞེས་བསྟན་པའི་ཕྱིར་རོ། །དེ་ལ་གཞལ་དུ་མེད་པ་ལ་སོགས་པས་དྲིས་པ་ལ་ཡང་ལན་དེ་བཞིན་དུ་ཤས་པར་བྱའོ། །དེ་ཉིད་བསམ་གྱིས་མི་ཁྱབ་པའི་འབྲས་བུ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་མཐོང་བའི་ལམ་གྱི་སྐད་ཅིག་མ་བསྟན་ནས། བསམ་གྱིས་མི་ཁྱབ་པའི་དམིགས་པ་ཉིད་ཀྱི་ཕྱིར་ཡང་དེ་བརྗོད་པར་བྱ་བ་ལ། གནས་བརྟན་རབ་འབྱོར་ཞེས་བྱ་བ་ལ་སོགས་པས་སྐབས་ཏེ་རབ་ཏུ་སྟོན་ཏོ། རབ་འབྱོར་ཆོས་ཐམས་ཅད་ནི་ཚད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་དང་ཚོར་བ་ལ་སོགས་པ་རེ་རེ་ཡང་ཞེས་བྱ་བའི་དོན་ཏོ། །གཞན་དུན་བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པ་ཐ་མི་དད་པར་འགྱུར་རོ། །ནམ་མཁའ་དང་མཉམ་པའི་ཕྱིར་ཞེས་བྱ་བ་ནི་མི་མཉམ་པ་དང་མཉམ་པའི་གཏན་ཚིགས་སོ། །དེ་ཉིད་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་གཏན་ཚིགས་སུ་བསྟན་པའི་ཕྱིར་རབ་འབྱོར་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་དག་ཅེས་བྱ་བ་ལ་སོགས་པས་ནི་ཡང་གཞན་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་སྒྲུབ་པར་བྱེད་དོ། །འདི་དག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་འདི་དག་གོ །འདིས་ཀྱང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱིས་ཀྱང་ངོ༌། །དེ་བཞིན་གཤེགས་པའི་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ཀྱང་མ་གྲུབ་པ་ཡིན་ནོ་ཞེ་ན། ཆོས་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། དེ་ནི་ཤེས་མོད་ཀྱི་ཇི་ལྟར་གྲུབ་པ་ཡིན་ཞེ་ན། བསམ་གྱིས་མི་ཁྱབ་པ་དང༌། གཞལ་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་ཤེས་པར་གྱུར་པ་ཞེས་བྱ་བ་ནི་ཚད་མས་གྲུབ་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་དང༌། གཞལ་དུ་མེད་པ་དེ་གཞིན་དུའོ། །བསམ་གྱིས་མི་ཁྱབ་པ་དང༌། གཞལ་དུ་མེད་པ་ཉིད་ཀྱི་གཏན་ཚིགས་བསྟན་གྱི་དཔག་ཏུ་མེད་པ་ལ་སོགས་པ་ཉིད་ཀྱི་གཏན་ཚིགས་ནི་མ་བསྟན་ཏོ་ཞེ་ན། དཔག་ཏུ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཉིད་སྒྲས་བསྟན་པ་ཙམ་ཉིད་ཡིན་གྱི་ཚད་མ་ནི་མ་ཡིན་ནོ་ཞེ་ན། ནམ་མཁའ་མི་མཉམ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་དགོངས་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་


DTG089_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་ཆོས་ཐམས་ཅད་ནི་ནམ་མཁའ་ལྟ་བུའོ། །དེ་བས་ན་ནམ་མཁའ་ལྟ་བུར་མཉམ་པ་མེད་པ་དང༌། གྲངས་མེད་པ་དང༌། དཔག་ཏུ་མེད་པས་ཆོས་འདི་དག་ནི་མི་མཉམ་པ་དང་མཉམ་པ་དང༌། གྲངས་མེད་པ་དང༌། དཔག་ཏུ་མེད་པའོ། །དེ་བཞིན་དུ་ནམ་མཁའ་གཞལ་དུ་མེད་པ་དང༌། མི་འཕྲད་པ་ཞེས་བྱ་བ་ནི་ལན་གྱི་རིགས་པའོ། །འདིས་འདི་མཉམ་པ་ཞེས་བྱ་བ་གཉིས་ཉེ་བ་ན་ཡོད་ན་ནི། ཡོད་པར་འགྱུར་ན་ཉེ་བ་ན་ཡོད་པ་དེ་ཡང་མེད་དེ་དེ་བས་ནི་མི་མཉམ་པའོ། །རབ་འབྱོར་དེ་ལྟ་བས་བ་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུ་བའི་ཕྱིར་ནམ་མཁའ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཆོས་བསྟན་པ་ན་གང་དང་གང་གིས་སེམས་ཅན་གྱི་དོན་དུ་གྱུར་བ་དེ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཟག་པ་ནི་ཉོན་མོངས་པ་རྣམས་སོ། །དེ་དག་ལས་སེམས་རྣམ་པར་གྲོལ་བ་ནི་གྲོལ་བའོ། །ལེན་པ་མེད་པ་ནི་ཉོན་མོངས་པའི་ས་བོན་སྤངས་པ་ཉིད་ཀྱིས་སོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་བདེན་པ་བཞི་པོ་དག་ལའོ། །ཆོས་ཀྱང་ཡིན་ལ་ལམ་ཡང་ཡིན་པ་དང༌། མིག་ཀྱང་ཡིན་ཞིང་མཐོང་བ་ཡང་ཡིན་པའི་ཕྱིར་ཆོས་ཀྱི་མིག་འདི་ནི་མཐོང་པའི་ལམ་མོ། །དེའི་བཟོད་པའི་སྐད་ཅིག་ལ་ནི་རྡུལ་མེད་པའོ། །ཤེས་པའི་སྐད་ཅིག་ལ་ནི་དྲི་མ་དང་བྲལ་བ་རྣམ་པར་དག་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཟག་པ་མེད་པར་ཤེས་པ་ནི་བཟོད་པའོ། །དེ་ཐོབ་པར་གྱུར་པ་ནི་ས་བརྒྱད་སྟེ། འདིས་བྱ་བ་ཆེན་པོ་བྱས་པ་ནི་སྔར་བསྟན་ཏོ། །ཡང་ཁྱད་པར་བསྟན་པར་བྱ་བ་ལ་དེའི་ཕྱིར། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བའི་བར་གྱིས་སྐབས་སྟོན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། འདི་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པས་གསུངས་པ་ལ། འདི་ནི་ཡང་དག་པར་ལྡན་ནོ་ཞེས་བྱ་བ་ནི་དེ་དང་རབ་ཏུ་འབྲེལ་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནི་དཔེའོ། །རབ་འབྱོར་དེ་བཞིན་དུ་ཞེས་བྱ་བ་ནི་དེས་མཚོན་པར་བྱེད་པའོ། །རྣམ་གྲངས་འདིས་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །འདི་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་གྱིས་སྡུག་བསྔལ་གྱི་སྐད་ཅིག་མ་བཞིའོ། །གཟུགས་ཡོངས་


DTG089_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་གཟུང་ཞིང་མངོན་པར་མ་ཆགས་པ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་གནས་པ་ཞེས་འོག་མ་དང་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཞུས་པའོ། །དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གང་ལ་ཡོངས་སུ་འཛིན་པ་འམ། མངོན་པར་ཆག་བར་བྱེད་པ་ཞེས་བྱ་བ་ལ་ཡོངས་སུ་འཛིན་པ་ནི་ཡོད་པར་ཤེས་པའོ། །མངོན་པར་ཆགས་པ་ནི་དངོས་པོར་ཤེས་པའོ། །དེ་ནི་གཉིས་ཀྱི་ངོ་བོ་སྟན་པ་ནི་དགྲ་བཅོམ་པ་ཉིད་ཅེས་གསུངས་ཏེ། དེ་ལྟར་དགྲ་བཅོམ་པ་ཉིད་ཅེ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པ་དང༌། མངོན་པར་ཆགས་པ་མེད་པ་དག་གིས་ཡང་དག་པར་འཛིན་པའི་ཕྱིར་རོ། །འདི་ནི་འཕགས་པ་ཀུན་སྡུད་པའི་ཁྱད་པར་གྱིས་ཀུན་འབྱུང་སྐད་ཅིག་མ་དང་པོའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་འདི་དག་གིས་ནི་སྐལ་པ་མེད་པ་རྣམས་བསྟན་ཏོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་སྐལ་བ་དང་ལྡན་པར་བསྟན་ཏོ། །རྒྱུ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རིགས་དང་ལྡན་པའོ། །སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་ཞེས་བྱ་བ་ནི་ཕན་པའི་བསོད་ནམས་བྱས་པའོ། །ཡུན་རིང་པོ་ནི་དུས་ཡུན་རིང་པོའོ། །བསྐྲུན་པ་ནི་བསགས་པའོ། །དགེ་བའི་རྩ་བ་ནི་བཅོམ་ལྡན་འདས་ཡུམ་ཐོབ་པ་ལ་སོགས་པའོ། །གང་གིས་དེ་དག་བསྟན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཉིད་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་ཟབ་ཅེ་ན། དེའི་ཕྱིར་བལྟ་དཀའ་བ་ཞེས་གསུངས་ཏེ། བལྟ་དཀའ་བས་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་འདི་ཡང་དག་པའི་ལྟ་བའོ། །རྟོགས་པར་དཀའ་བ་ནི་ཤེས་པར་དཀའ་བའི་ཕྱིར་མི་ཤེས་པའོ། །དེ་ལྟ་མོད་ཀྱི་གང་གི་ཕྱིར་རྒྱུ་དང་ལྡན་པ་ལ་སོགས་པའི་ཡོན་ཏན་ཡོད་ན་མཁས་པ་འདི་ཉིད་ལ་མོས་པར་འགྱུར་ཏི། དེ་ནི་མཁས་པས་རིག་པར་བྱ་བ་ཉིད་ཀྱི་ཁྱད་པར་གྱིས་ཀུན་འབྱུང་གི་སྐད་ཅིག་མ་གཉིས་པའོ། །བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དད་པས་རྗེས་སུ་འབྲང་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་གོ །དེའི་ས་ནི་སའོ། །བསྐལ་པ་བས་ལྷག་པ་དང་བཅས་པ་ནི་བསྐལ་པའི་ལྷག་མའོ། །བཟོད་པ་ནི་ཟག་


DTG089_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཤེས་རབ་པོ། །སྲེད་པ་ནི་མངོན་པར་འདོད་པའོ། །ཚོལ་བ་ནི་དེ་ཇི་ལྟར་ཡོད་ཅེས་པའོ། །སེམས་པ་ནི་རིགས་པ་རྣམ་པ་བཞིས་སོ། །འཇལ་བ་ནི་ཡོངས་སུ་གཅོད་པའོ། །ཉེ་བར་རྟོག་པ་ནི་སོ་སོར་རྟོག་པའོ། །ཉེ་བར་སེམས་པ་ནི་མང་དུ་བྱེད་པའོ། །འདི་ཉིད་དེ་དག་པས་མཆོག་ཏུ་འགྱུར་རོ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཤེས་པ་སྟེ། ཤེས་པ་ནི་ཤེས་པའོ། །ཐུན་མོང་མ་ཡིན་པ་ཡང་དེའི་ཁྱད་པར་ཉིད་ཀྱི་ཕྱིར་དང༌། ཤེས་པ་ནི་མཐོང་བ་ཉིད་ཀྱི་ཕྱིར་ཏེ། དེ་ནི་ཐུན་མོང་མ་ཡིན་པའི་ཤེས་པའོ། །དེའི་དངོས་པོ་ནི་ཐུན་མོང་མ་ཡིན་པའི་ཤེས་པའི་དངོས་པོ་ཉིད་དེ། འདི་ནི་ཐུན་མོང་མ་ཡིན་པའི་ཤེས་པའི་ཁྱད་པར་གྱིས་སྐད་ཅིག་མ་གསུམ་པའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པ་ནས། ལྷག་པར་སྤྱོད་པ་དེ་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་ལ་དེས་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དམ་པ་དེས་སོ། །རྫོགས་པའི་བྱང་ཆུབ་ཅེས་མྱུར་བར་མྱ་ངན་ལས་འདའ་བ་ལ་རེ་བར་བྱ་ཞེས་བྱ་བ་ནི་ཐོབ་པར་བྱའོ། །འདི་ནི་མྱུར་བར་མངོན་པར་ཤེས་པ་ཉིད་ཀྱི་ཁྱད་པར་གྱིས་ཀུན་འབྱུང་གི་སྐད་ཅིག་མ་བཞི་པའོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་སོ། །འདི་ཉིད་བསྟན་པའི་ཕྱིར་ཞེས་གསོལ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེ་རིང་བ་ཞིག་ཏུ་ཕྱིན་ནས་བྱ་བ་ནི་རྐང་པ་གཉིས་ཁོ་ནས་སོ། །མི་སྣང་བར་གྱུར་ཏེ་ཞེས་བྱ་བ་ནི་ནུབ་པར་གྱུར་པ་སྟེ། ནམ་མཁའ་ཁོ་ནར་སྣང་བའི་ཕྱིར་རོ། །འདོད་བ་ན་སྤྱོད་པའི་ལྷའི་བུ་རྣམས་ནི་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་རང་རང་གི་གནས་སུ་ཕྱིན་པ་བསྟན་ཏེ། དེ་ལ་འདིས་ནི་ཇི་ལྟར་དེ་དག་ནམ་མཁའ་ལ་མི་སྣང་ཞིང་རང་རང་གི་གནས་སུ་ཕྱིན་པ་ནི་ནམ་མཁའ་ལ་བྲི་པ་འམ་གང་བ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྣང་བ་ནི་ཐེག་པ་མཆོག་དང་དམན་པའི་བྱང་ཆུབ་ཐོབ་པ་ནི་བྲི་བ་འམ། གང་བ་མེད་པ་ཉིད་དོ། །འདི་ནི་བྲི་བ་དང་གང་བ་མེད་པའི་ཁྱད་པར་གྱིས་ཏེ་འགོག་པའི་སྐད་ཅིག་མ་དང་པོའོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ལེའུ་ནི་བསམ་གྱིས་མི་ཁྱབ་པའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་


DTG089_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ཞི་བས་རྣམ་པར་སྦྱར་པ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་གསུམ་པའི།། །།དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་ནས། ཡོན་ཏན་འདི་དག་ལྡན་པར་རིག་པར་བྱ་སྟེ་ཞེས་བྱ་བ་གསུངས་པ་ལ། ཐོས་མ་ཐག་ནི་ཐོས་པར་འགྱུར་པའོ། །མོས་པ་ནི་མོས་པར་འགྱུར་པའོ། །ཞུམ་པར་མི་འགྱུར་བ་ནི་ལམ་མ་ཡིན་པ་ལ་མི་སྤྲོ་བའོ། །ཀུན་དུ་ཞུམ་པར་མི་འགྱུར་བ་ནི་སྤྲོ་བ་མེད་པ་མ་ཡིན་པའོ། །རྣམ་པར་གནས་པར་མི་འགྱུར་བ་ནི་ལྡོག་པར་མི་འགྱུར་བའོ། །རྨོངས་པ་ནི་ངེས་པ་མེད་པའོ། །ཐེ་ཚོམ་ནི་ཡིད་གཉིས་སོ། །སོམ་ཉི་ནི་ཕྱིན་ཅི་ལོག་གོ །འདི་དག་མེད་པའི་ཕྱིར་རྨོངས་པར་མི་འགྱུར་བ་དང༌། ཐེ་ཚོམ་དུ་མི་འགྱུར་བ་དང༌། སོམ་ཉི་ཟ་བར་མི་འགྱུར་བའོ། །མངོན་པར་དགའ་བ་ནི་མངོན་པར་འདོད་པའོ། །མི་སྤོང་བ་ནི་མི་འདོར་བའོ། །ཕྱིར་ཕྱོགས་པ་ནི་རྒྱབ་ཀྱིས་བལྟས་པའོ། །འདོད་པའི་ཕྱིར་མོས་པ་སྐྱེད་པར་འགྱུར་བ་ནི་ཇི་ལྟར་མོས་པར་རྗེས་སུ་འཇུག་པའི་ཕྱིར་རོ། །རྗེས་སུ་འབྲང་ཞིང་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །ཕྱི་བཞིན་འགྲོ་བ་ཞེས་བྱ་བ་ནི་ངེས་པར་བསྟན་པའོ། །བེའུ་གཞོན་ནུ་ནི་བཙས་མ་ཐག་པའོ། །ལུས་ལ་ཐོགས་པ་ནི་སྙིང་གའི་ཕྱོགས་སུ་ཐོགས་པའོ། །བཙམས་པ་ཞེས་བྱ་བ་ནི་དབང་དུ་བྱས་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་རིགས་རྣམ་པ་གསུམ་གྱི་སྒྲུབ་པ་འདི་ནི་རྗེས་སུ་སྒྲུབ་པའི་ཁྱད་པར་དུ་འགྲུབ་པ་ཡིན་ནོ། །འདི་ནི་སྒྲུབ་པའི་ཁྱད་པར་གྱིས་ཏེ་འགོག་པའི་སྐད་ཅིག་མ་གཉིས་པའོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་གིས་ཞེས་བྱ་བ་ནས་གཅིག་ཏུ་རེ་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ་ཡོངས་སུ་མ་འདྲེས་པ་ཞེས་བྱ་བ་ལ་སོགས་པ་ལ་ཡོངས་སུ་སྒྲ་ནི་ཡང་དག་པའི་དོན་ཏོ། །གཡེངས་པ་ཞེས་བྱ་བ་ནི་འཕྲོ་བའོ། །རས་བལ་གྱི་འདབ་མ་བཞིན་དུ་ཞེས་བྱ་བ་ནི་དགེ་སྦྱོང་གི་མགོ་འདྲ་བའི་རྩྭ་ལྟ་བུའོ། །འཛིན་པ་ནི་ཤེས་པའོ། །འཇུག་པ་ནི་རྗེས་སུ་སྒྲུབ་པའོ། །འཁོར་ནི་ཕ་རོལ་ཏུ་ཕྱིན་པ་ལྔའི་འཁོར་དང་བཅས་པའོ། །དེ་དག་གི་རྗེས་སུ་ཞེས་བྱ་བའི་སྒྲ་ནི་རྗེས་སུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །གང་འདི་ཉིད་བརྗོད་པ་ནི་སྔ་མ་ནི་སངས་རྒྱས་ཀྱིས་ས་ཁོ་ནར་རྟོགས་པར་འགྱུར་རོ། །ས་གསུམ་ཡང་དག་པར་བསྒྲུབས་པའི་འབྲས་བུ་ཉིད་ཡིན་


DTG089_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། འདི་ནི་ཡང་དག་པར་སྒྲུབ་པའི་ཁྱད་པར་གྱིས་ཏེ་འགོག་པའི་སྐད་ཅིག་མ་གསུམ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་གནས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ལ་མི་འཇུག་པ་ཤིན་ཏུ་མི་འཇུ་པའོ། །དུས་བྱེད་པར་འགྱུར་བ་ཞེས་བྱ་བ་ནི་འཆི་བར་འགྱུར་བའོ། །བདེ་བ་ཞེས་བྱ་བའི་སྒྲ་ནི་ཚིག་གི་ཕྲད་དེ་བདེ་བ་ཞེས་བྱ་བའི་དོན་ཏོ། །བར་ཆད་མེད་པ་ནི་བགེགས་ཀྱི་དངོས་པོ་མེད་པའོ། །མ་སྨས་མ་ཞེས་བྱ་བ་ནི་དུམ་བུར་མ་གྱུར་པའོ། །མ་སྨད་པ་ནི་འཚེ་བའི་དངོས་པོ་གཞན་མེད་པའི་ཕྱིར་རོ། །ཡིད་ལ་བྱེད་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་འཇུས་པའོ། །ཉམ་ང་བའི་ལམ་གྱི་དབུས་ནི་བར་མ་དོའོ། །རྣམ་པར་འཇིག་པར་འགྱུར་བ་ནི་ཡང་དག་པར་ལྡན་པའོ། །བཅོམ་ལྡན་འདས་མ་ལ་དད་པ་ལ་སོགས་པ་ཡོད་པ་ཞེས་བྱ་བ་ལ་བརྩོན་བ་མི་འདོར་བ་ཡོད་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཁུར་མི་འདོད་པའོ། །དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་འཇུག་པར་བྱེད་པ་ཡོད་ན། དེ་དག་དད་པ་ཡོད་པ་ནས་བརྩོན་པ་མི་འདོར་བའི་བར་འདིས་རྫོགས་པའི་བྱང་ཆུབ་འཐོབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ། །འདི་ནི་དམིགས་པའི་ཁྱད་པར་གྱིས་ཏེ། འགོག་པའི་སྐད་ཅིག་མ་བཞི་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་སའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། གཞི་དང་ལྷན་ཅིག་པ་ནི་རྟེན་ནོ། །ཐབས་ལ་མཁས་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་བཟུང་བའི་ཕྱིར་རོ། །བུམ་པ་ལེགས་པར་སོ་བཏང་བ་ལྟ་བུ་ནི་སེམས་སོ། །ཆུ་ལྟ་བུ་ནི་དད་པ་ལ་སོགས་པའོ། །ཁྱེར་བ་ནི་དེ་བཞིན་དུ་འཇིག་པར་མི་འགྱུར་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ། །འདི་ནི་རྟེན་དང་བཅས་པའི་ཁྱད་པར་གྱིས་ཏེ་ལམ་གྱི་སྐད་ཅིག་མ་དང་པོའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཤེས་རབ་འཆལ་པ་ཞེས་བྱ་བ་ནས་ཏང་སངས་རྒྱས་ཀྱིས་སར་མི་སྒྲུབ་པོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། ལེགས་པར་ཞེས་བྱ་བ་ནི་མ་ལུས་པར་བཤད་པ་སྟེ་བྱ་བ་ཐམས་ཅད་བྱས་པའོ། །མཐུན་པའི་རླུང་ནི་རྗེས་སུ་མཐུན་པའི་རླུང་ངོ༌། །གྲུ་ནི་གྲུ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་མ་ལུས་པ་དག་ཡིན་ཏེ། འདི་ནི་མཐའ་དག་གི་ཁྱད་པར་གྱིས་ཏེ། ལམ་གྱི་སྐད་ཅིག་མ་


DTG089_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་དུ་གསུངས་པ་ལ། འདི་ལ་ཉི་ཤུ་དང་བཅས་པའི་ལོ་བརྒྱའི་ཚད་ཡོད་པ་དེ་ནི་ལོ་བརྒྱ་ཉི་ཤུ་ལོན་པའོ། །མང་པོ་ཉིད་ལ་བརྒྱ་མ་ཡིན་ནམ་ཞེ་ན། སྐྱེ་གནས་ཞེས་བྱ་བ་ནི་བཙས་ནས་ཞེས་བྱ་བའི་དོན་ཏོ། །སྐྱིས་ནས་ལོ་འདི་ཙམ་མོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གཞན་གྱིས་ལེགས་པར་བསྟེན་ཅིང་ཞེས་བྱ་བ་ནི་གཞན་གྱིས་ཡོངས་སུ་བཟུང་བའོ། །ཁྲི་ནི་ཁྲིའོ། །འགྲོ་བ་ནི་འགྲོ་བའོ། །བཅོམ་པ་ནི་ཟད་པའོ། །གང་དུ་ཞེས་བྱ་བ་ནི་ཕྱོགས་གང་དུའོ། །འགྲོ་བར་བྱ་བ་ནི་ཅི་ཙམ་རིང་བར་རོ། །གནས་དེར་ཞེས་བྱ་བ་ནི་གྲོང་ཁྱེར་དེར་རོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་ཡོངས་སུ་འཛིན་པའི་ཁྱད་པར་གྱིས་ཏེ་ལམ་གྱི་སྐད་ཅིག་མ་གསུམ་པའོ། །དཔེ་ནི་དཔེ་ཉིད་དེ་རྒྱ་མཚོ་དང་གྲུ་ལས་སོགས་པའོ། །དེའི་དོན་གྱི་ལེའུ་ནི་དཔེའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅུ་བཞི་བའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་བ་ནས་འགྲོ་བ་ལྔའི་སེམས་ཅན་རྣམས་ལ་གསུངས་སོ། །འདིའི་དགེ་བའི་བཤེས་གཉེན་ཡང་གང་ཞིག་ཡིན་ཞེ་ནི་བསྒྲུབ་པར་བྱ་བའོ། །བསླབ་པར་བགྱི་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བགྱི་བའོ། །བསྟན་པར་བགྱི་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་བའོ། །བསྙེན་བཀུར་བགྱི་ཞེས་བྱ་བ་ནི་མཉེས་པར་བྱ་བའོ། །གནས་ཅེ་ཞིག་བྱ་ཞེ་ན། གང་དག་ཅེས་བྱ་བ་ལ་ལ་སོགས་པ་གསུངས་སོ། །འདིའི་དགེ་བའི་བཤེས་གཉེན་ཡང་གང་ཞིག་ཉིན་ཞེ་ན། དེའི་ཕྱིར་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་དེ་དག་ཇི་ལྟར་དོན་ལུང་འབོགས་པ་ཡིན་ཞེ་ན། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཞེས་བྱ་བ་ནི་རྣམ་པ་འདིས་སོ། །རིགས་ཀྱི་བུ་ཚུར་ཤོག་ཅེས་བྱ་བ་ནས། རང་སངས་རྒྱས་ཀྱིས་ལ་འདོད་པར་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་གསུངས་པ་ལ། རྣལ་འབྱོར་ནི་རབ་ཏུ་སྦྱོར་བའམ། མངོན་པར་སྦྱོར་བའོ། །དེ་ལ་མ་བསྙེམས་ཤིག་ཅེས་བྱ་བ་ནི་དེའི་དངོས་པོ་ལ་མ་འཛིན་ཅིག་ཅེས་པའོ། །མི་བསྙེམས་པ་ནི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའོ། །ཡོངས་སུ་སྦྱངས་པ་ནི་གོམས་པའོ། །དེ་ལྟར་ཞེས་བྱ་


DTG089_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པས་ནི་མཇུག་བསྡུ་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཡོངས་སུ་བསྔོ་བ་ནི་རོ་མྱང་བ་མེད་པ་སྟེ་འདི་ནི་རོ་མྱང་བ་མེད་པའི་ཁྱད་པར་གྱིས་ཏེ་ལམ་གྱི་སྐད་ཅིག་མ་བཞི་པའོ། །ཁྱད་པར་རྣམ་པ་བཅུ་དྲུག་བསྟན་ནས་བྱེད་པ་རྣམ་པ་བཅུ་བཤད་པར་བྱ་སྟེ། དེ་ལ་བསྟན་བཅོས་ལས། ཕན་དང་བདེ་དང་སྐྱོབ་པ་དང༌། །མི་རྣམས་ཀྱི་ནི་སྐྱབས་དག་དང༌། །གནས་དང་དཔུང་གཉེན་གླིང་དང་ནི། །ཡོངས་སུ་འདྲེན་པ་ཞེས་བྱ་དང༌། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་སུམ་མི་བྱེད་དག །ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་བྱ་བ་གསུངས་ཏེ། འདི་ཉིད་བསྟན་པའི་ཕྱིར། རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་ནས་དཀའ་བ་སྤྱོད་པ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱིས་སྐབས་སྟོན་པར་བྱེད་དོ། །དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འཇིག་རྟེན་ལ་ཕན་པའི་ཕྱིར་ཞུགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་ནས་འགྲོ་བ་ལྔའི་སེམས་ཅན་རྣམས་ལ་ཡོངས་སུ་གྲོལ་བར་བྱ་སྟེ། དེ་དག་འཇིགས་པ་མེད་པའི་མྱ་ངན་ལས་འདས་པ་ལ་གནས་པར་བྱེད་པའི་ཕྱིར་ཏེ། དེ་ནི་དེའི་བྱེད་པའོ། །འཇིག་རྟེན་ལ་བདེ་བའི་ཕྱིར་དང༌། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་དག་ལས་ཡོངས་སུ་བཀྲོལ་ཏེ་དེ་དག་མྱ་ངན་ལས་འདས་པའི་བདེ་བ་ལ་གནས་པར་བྱེད་པ་དེ་ནི་བདེ་བའི་བྱེད་པའོ། །འཇིག་རྟེན་གྱི་སྐྱོབ་པར་གྱུར་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། སྐྱོབ་པ་ལ་སོགས་པ་བྱེད་པ་ནི་བསྟན་པའོ། །དེ་ལྟ་བུའི་ངོ་བོའི་བརྩོན་འགྲུས་རྩོམ་མོ་ཞེས་བྱ་བ་དང་སྦྱར་བར་བྱའོ། །ཇི་ལྟར་བསྟན་པ་བཞིན་དུ་ཚིག་རྣམ་པ་བརྒྱད་ཇི་ལྟར་བཤད་པར་བྱ་ཞེ་ན། དེ་དག་ལས་ཞས་བྱ་བ་ནི་སྡུག་བསྔལ་དེ་རྣམས་ལས་སོ། །འདི་ཞེས་བྱ་བ་ནི་འཇིག་རྟེན་ནོ། །འབད་པར་ཞེས་བྱ་བ་ནི་གོ་ཆ་གྱོན་པར་བྱེད་པའོ། །བརྩོན་འགྲུས་ནི་རབ་ཏུ་སྦྱོར་བའོ། །སྐྱོབ་པར་འགྱུར་རོ་ཞེས་བྱ་བ་ནི་སྐྱོབ་པར་བྱེད་པའི་ཕྱིར་ཏེ། འདི་ནི་སྐྱོབ་པའི་བྱེད་པའོ། །སྐྱེ་བ་ལ་སོགས་པ་ཉིད་ནི་ཆོས་ཏེ། དེ་དང་ལྡན་པས་སྐྱེ་བ་ལ་སོགས་པའི་ཆོས་


DTG089_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནོ། །སྐྱབས་སུ་འགྱུར་ཞེས་བྱ་བ་ནི་སྐྱབས་ཀྱི་བྱེད་པའོ། །གང་འབྲེལ་པ་མེད་པ་ནི་སྦྱོར་བ་མེད་པའོ། །གང་སྦྱོར་བ་མེད་པ་དེ་ནི་འབྲེལ་པ་མེད་པ་སྟེ། གཉི་ག་ཕན་ཚུན་ཐ་མི་དད་པར་སྨྲས་ནས། འབྲེལ་པ་མེད་པའི་མཚན་ཉིད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ཞེས་གསུངས་ཏེ། སྐྱེ་བ་མེད་པ་ནི་དང་པོ་ཉིད་ནས་མ་སྐྱེས་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་འགག་པ་མེད་པའོ། །དེ་བས་སྐྱེ་བ་དང་འགག་པ་མེད་པས་སྦྱོར་བ་མེད་དོ། །དེ་དག་འབྲེལ་པ་མེད་པ་ཉིད་དེ་ཆོས་ཉིད་ཙམ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་སོ། །དེ་ལྟར་ན་ཤེས་པ་མཐོང་བས་སྦྱོར་བ་བྱེད་པར་འགྱུར་རོ་ཞེས་བྱ་བ་ལ་སྦྱོར་བས་ན་སྦྱོར་བའོ། །དེའི་ཕྱིར་ཞུམ་པར་བྱེད་པས་ན་གནས་ཏེ་སྟོན་པར་བྱེད་པ་ནི་གནས་སུ་འགྱུར་ཏེ། འདི་ནི་གནས་ཀྱི་བྱེད་པའོ། །གཟུགས་ཀྱི་ཕ་རོལ་ཞེས་བྱ་བ་ནི་གཟུགས་ཀྱི་སྟོང་པ་ཉིད་དོ། །དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་ནི་འགལ་བའི་ཕྱིར་རོ། །གཟུགས་ཀྱི་ཕ་རོལ་ཇི་ལྟ་བ་ཞེས་བྱ་བ་ནི་གཟུགས་ཀྱི་སྟོང་པ་ཉིད་དོ། །གཟུགས་ཀྱང་དེ་བཞིན་ཏེ་ཞེས་བྱ་བ་ནི་དེ་ཉིད་གཟུགས་ཀྱི་དོན་དམ་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་དང༌། ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གལ་ཏེ་ཇི་ལྟར་ཆོས་ཐམས་ཅད་ཀྱི་ཕ་རོལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡིན་ན་དེ་ཉིད་ཤེས་ནས་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ། ཆོས་ཉིད་ཀྱིས་རྣམ་པར་མི་རྟོག་པའི་ཕྱིར་རོ། །འདི་ཡང་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་ལན་ནོ། །དེ་ལྟར་ན་ཇི་ལྟར་ཤེས་པར་འགྱུར་ཞེ་ན། དེའི་ཕྱིར་དེ་བཞིན་དུ་བདག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུ་བའོ། །དཔུང་གཉེན་ནི་ཤེས་པ་སྟེ། དེ་ཉིད་ཆོས་སྟོན་པར་བྱེད་པའི་ཕྱིར། དཔུང་གཉེན་དུ་འགྱུར་བ་སྟེ་འདི་ནི་དཔུང་གཉེན་གྱི་བྱེད་པའོ། །སྔོན་གྱི་མཐའ་ནི་སྐྱེ་བའོ། །ཕྱི་མའི་མཐའ་ནི་འགག་པའོ། །འདི་དག་ཡོངས་སུ་ཆད་པ་ནི་ཆོས་ཐམས་ཅད་ཡོངས་སུ་སྤངས་པ་སྟེ། དོན་དམ་པར་ཆོས་ཉིད་ཙམ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དེ་དག་གིས་དེ་དག་ཡོངས་སུ་བཅད་པ་འདི་ནི་ཞི་བ་སྟེ། སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར་རོ། །མི་


DTG089_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བ་དང་འབྲེལ་པ་ཉེ་བར་ཞི་བའི་ཕྱིར་འདི་ནི་གྱ་ནོམ་པའོ། །ཡང་སྲིད་པ་ཟད་པའི་ཕྱིར་མྱ་ངན་ལས་འདས་པའོ། །དོན་དམ་པ་ཉིད་ཡིན་པའི་ཕྱིར་འདི་ནི་ཇི་ལྟ་བ་བཞིན་ནོ། །ཕྱིན་ཅི་ལོག་མེད་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། དམིགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་གླིང་དང་ཆོས་མཐུན་པའི་ཕྱིར་གླིང་སྟེ། ཆོས་ཀྱི་དབྱིངས་སྟོན་པར་བྱེད་པས་ན་གླིང་ངོ༌། །འདི་ནི་གླིང་གི་བྱེད་པའོ། །འདིར་སྒོ་ངའི་ཕྱི་རོལ་མ་ཡིན་པའི་ཆ་ནི་སྦུབས་ཏེ་འདིར་གཞག་པར་བྱ་བ་དང༌། སྤྱད་པར་བྱ་བའི་གནས་སུ་བྱས་པའི་ཕྱིར་རོ། །དེ་ཉིད་ལིང་ཏོག་སྟེ་མཐོང་བ་དང་འགལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །མ་རིག་པ་ཉིད་སྒོ་བའི་སྦུབས་དང་ལིང་ཏོག་སྟེ། དེས་ཡོངས་སུ་ཁེབས་པ་ནི་གཡོགས་པའོ། །མུན་པ་ནི་གཏི་མུག་གོ །དེས་ཟིལ་གྱིས་ནོན་པ་ནི་ལོག་པར་བྱས་པའོ། །སྣང་བར་བྱེད་པ་ནི་གསལ་བར་བྱེད་པའོ། །མེད་པར་བྱེད་པ་ནི་འཇིག་པར་བྱེད་པའོ། །དེ་ལྟར་སྣང་བར་བྱེད་པའི་ཕྱིར་སྣང་བར་འགྱུར་བ་ཡིན་ཏེ། འདི་ནི་སྣང་བའི་བྱེད་པའོ། །སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ནི་གཅིག་ཏུ་བསྡུ་བའི་ཟླས་དབྱེ་བའོ། །རང་བཞིན་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ། །དེས་དེ་དག་སྐྱེ་བ་མེད་པ་དང༌། འགག་པ་མེད་པར་རྟོགས་པའི་དོན་དུ་ཆོས་སྟོན་བས་ན། ཡོངས་སུ་འདྲེན་པ་སྟེ། ཀུན་ནས་བླ་ན་མེད་པ་ཞེས་བྱ་བའི་དོན་དམ་པར་རྟོགས་པར་བྱེད་པའོ། །འདི་ནི་ཡོངས་སུ་འདྲེན་པའོ། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱིས། །འབྲས་བུ་མངོན་སུམ་བྱེད་པའི་བདག །ཐ་མ་རྟེན་གྱི་མཛད་པ་སྟེ། །ཞེས་བྱ་བ་ལ་ཐེག་པ་གསུམ་གྱིས་ལྷུན་གྱིས་གྲུབ་པའི་འབྲས་བུ་མངོན་དུ་བྱེད་པ་ནི་རྟེན་གྱི་བྱེད་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་གྲོང་དུ་འགྲོ་བ་ཕྱིན་པ་བཞིན་དུ་ལྷུན་གྱིས་གྲུབ་པའི་འགྲོ་བས་ཐེག་པ་གསུམ་གྱི་འབྲས་བུ་ཡང་ཐོབ་པར་འགྲོ་བ་ཉིད་དོ། །དེ་ཡང་ལྷུན་གྱིས་གྲུབ་པ་ཡིན་ཏེ་ལུས་ཀྱི་གཟུགས་ཀྱིས་སམ། སེམས་ཀྱིས་སོང་ནས་དེ་ཐོབ་པ་ནི་མ་ཡིན་གྱི། འོན་ཀྱང་ལྷུན་གྱིས་གྲུབ་པ་ཁོ་ནས་སོ། །འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའི་རྟེན་ཅན་ཏེ། ནམ་མཁའ་ལ་ནི་འོང་བ་འམ། འགྲོ་བ་མེད་དེ། འདི་ནི་རང་གི་ངོ་བོ་ཉིད་ཁོ་ནས་གནས་སོ། །དེའི་ཕྱིར་ནམ་མཁའ་རྟེན་ཅན་ནོ། །ནམ་མཁའ་དང་མཉམ་པ་ག་ལས་ཤེ་ན། ཇི་ལྟར་ནམ་མཁའ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སྐྱེ་བ་མེད་པ་ཉིད་


DTG089_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱིར་མ་བྱས་པའོ། །གནས་སྐབས་གཞན་དུ་སྐྱེ་བ་མེད་པའི་ཕྱིར་རྣམ་པར་མ་བྱས་པའོ། །རྒྱུ་དང་རྐྱེན་འདུས་པས་མ་བྱས་པ་སྟེ་མངོན་པར་འདུས་མ་བྱས་པའོ། །གནས་པ་ནི་སྐྱེ་བའི་འཇུག་པའོ། །ཡང་དག་པར་གནས་པ་ནི་ཀུན་ནས་གནས་པས་སོ། །རྣམ་པར་གནས་པ་ནི་ཁ་ཅིག་ཉིད་དུ་གནས་པས་སོ། །འདི་དག་བཟློག་པའི་ཕྱིར་མི་གནས་པ་དང༌། ཡང་དག་པར་མི་གནས་པ་དང༌། རྣམ་པར་མི་གནས་པ་དང༌། མཁའ་བརྟགས་པའི་ཕྱིར་རྣམ་པར་མི་རྟོག་པ་དང༌། ལྷུན་གྱིས་གྲུབ་པ་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ཙམ་ཉིད་དོ་ཞེས་དགོངས་སོ། །ཇི་ལྟར་ནམ་མཁའི་རྟེན་ཅན་ཡིན་པ་དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་ཡང་རྟེན་ཅན་དང་དེ་ཉིད་འགྲོ་བའི་རྟེན་ཅན་ནོ། །དེ་ལྟར་དུ་བྱ་དང་མི་དམིགས་དང༌། །མངོན་པར་ཞེན་པ་བཀག་པ་དང༌། རྟེན་གྱི་བྱེད་པའོ། །བྱེད་པ་རྣམ་པ་བཅུ་བཤད་ནས། ངོ་བོ་ཉིད་བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དང༌། །དབེན་དང་དཀའ་དང་ངེས་པ་དང༌། །ཆེད་དུ་བྱ་དང་མི་དམིགས་དང༌། །མངོན་པར་ཞེན་པ་བཀག་པ་དང༌། །དམིགས་པ་ཞེས་བྱ་གང་ཡིན་དང༌། །མི་མཐུན་ཐོགས་པ་མེད་དང་དེ། །གཞི་མེད་འགྲོ་མེད་སྐྱེ་མེད་དང། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚན་གཞི་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། གང་ངོ་བོ་ཉིད་ཀྱང་མཚན་ཉིད་བཞི་པར་འདོད་དོ། །དེ་ནི་རྣམ་པ་བཅུ་དྲུག་སྟེ། དེ་ཡང་ལས་སུ་བསྒྲུབས་ནས་མཚན་ཉིད་དེ་མཚོན་པར་བྱ་བ་ཡིན་པའི་ཕྱིར་མཚན་གཞི་ཞེས་གསུངས་ཏེ། བཤད་པ་གཞན་ཡང་གསུངས་པ་ལ། མཚན་གཞི་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པས་མཚན་གཞི་སྟེ། མཚན་ཉིད་དང་ལྡན་པ་ལ་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་བཅུ་དྲུག་གི་བདག་ཉིད་ཡིན་ཞེ་ན། དེའི་ཕྱིར་ཉོན་མོངས་རྟགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་འདིའི་སྐབས་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། རང་བཞིན་ཅན་ནོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། སྤྱད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྲུང་བར་བྱེད་པའོ། །སྤྱད་པ་དེ་གང་ཡིན་ཞེ་ན། གང་འདི་ཞེས་བྱ་བ་ལ་སོགས་པ་གསུངས་པ་


DTG089_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ངོ་བོ་ཉིད་ཇི་ལྟ་བུ་ཞེས་བྱ་བའི་ཚིག་འདིས་ནི་ངོ་བོ་ཉིད་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པས་ནི་ལེན་ནོ། །འདུལ་བ་ནི་ཚུལ་མ་ཡིན་པ་དེ་འདུལ་བར་འོས་པའོ། །དེ་དག་ལ་འདིས་རྣམ་པར་དབེན་པའི་ངོ་བོ་ཉིད་ཡོད་པས་ན་དེ་སྐད་ཅེས་བརྗོད་དོ། །འདི་ཙམ་གྱིས་ནི་ངོ་བོ་ཉིད་བཞི་བརྗོད་དོ། །ཉོན་མོངས་པས་དབེན་པ་དང༌། རྟགས་ཀྱིས་དབེན་པ་དང༌། ཉོན་མོངས་པའི་མཚན་མས་དབེན་པ་དང༌། མི་མཐུན་པའི་ཕྱོགས་དང་གཉེན་པོས་དབེན་པའོ། །དེ་ལ་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཉོན་མོངས་པའི་རྟགས་ནི་ཉོན་མོངས་པས་བྱས་པའི་ལུས་ལ་སོགས་པའི་གནས་ངན་ལེན་ནོ། །ཉོན་མོངས་པའི་མཚན་མ་ནི། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་སོགས་པའོ། །མི་མཐུན་པ་དང་གཉེན་པོ་ནི་འདོད་ཆགས་དང་འདོད་ཆགས་བྲལ་བ་དང༌། ཞེ་སྡང་དང་ཞེ་སྡང་མེད་པ་དང༌། གཏི་མུག་དང་གཏི་མུག་མེད་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། རྟེན་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། འདི་ཉིད་ཀྱི་ངོ་བོ་ཉིད་ནི་རྟེན་ཏེ་གང་མངོན་པར་རྫོགས་པར་སངས་རྒྱས་ནས་སྟོན་པར་འགྱུར་བ་ནི་སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། སངས་རྒྱས་ཀྱིས་ཞེས་བྱ་བའི་བར་དུ་གསུངས་པ་ལ། འདིར་གཟུགས་ལ་སོགས་པ་དང་འབྲེལ་པ་ཡང་མ་ཡིན་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པའོ། །གང་ཡང་བྱང་ཆུབ་ཀྱི་དོན་དུ་གཟུགས་ལ་སོགས་པའི་དོན་དུ་ཡང་མ་ཡིན་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ངོ་བོ་ཉིད་རྣམས་ཀྱི་དོན་ཐམས་ཅད་ཀྱི་དོན་དུ་མ་ཡིན་ནོ། །དེ་བཞིན་དུ་གང་ཡང་བྱང་ཆུབ་ཀྱི་དོན་དུས་གསུམ་གྱི་ངོ་བོ་ཉིད་མ་ཡིན། བྱང་ཆུབ་གསུམ་གྱི་ངོ་བོ་ཉིད་སེམས་ཅན་རྣམས་ཀྱི་དོན་དུ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དྲི་བའོ། །རབ་འབྱོར་ཀྱེ་མ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ་རེ་བར་མི་བགྱིའོ་ཞེས་བྱ་བ་ནི་ཐོབ་པ་མེད་པ་ཉིད་དུ་བལྟ་བར་བྱའོ། །དེའི་ཕྱིར་གསུམ་ལ་བལྟ་བར་མི་བྱའོ། །དེ་བཞིན་དུ་གནས་པར་བལྟ་བར་བྱའོ་ཞེས་དགོངས་སོ། །འདི་ནི་དཀའ་བའི་ངོ་བོ་ཉིད་དོ། །དཀའ་བ་དང་བཅས་པའི་ངེས་པ་ནི་དཀའ་བ་དང་ངེས་པའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནས་


DTG089_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་གྱི་བར་དུ་གསུངས་པ་ལ། མངོན་པར་འདོད་པ་ན་དོན་གྱི་དབང་ངོ༌། །དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་གནས་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱིས་ཉིད་ལ་ངེས་པའོ། །འོན་ཀྱང་གང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ནི་ཆེད་དུ་བྱ་བའི་ངོ་བོ་ཉིད་དོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། བརྟག་པར་བྱ་ཞེས་བྱ་བའི་བར་དུ་གསུངས་པ་ལ་ཟབ་མོ་ཞེས་བྱ་བ་ནི་དམ་བཅའ་བའོ། །འོག་མ་བཞིས་ནི་གཏན་ཚིགས་ཏེ་བསྒོམ་པ་མི་དམིགས་པའི་ཕྱིར། དུས་གསུམ་དུ་བསྒོམ་པ་མི་དམིགས་པའི་ཕྱིར་དང༌། བསྒོམ་པར་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་མི་དམིགས་པའི་ཕྱིར་དང༌། དེའི་དམིགས་པ་མི་དམིགས་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་པའི་ལན་བསྟན་པའི་ཕྱིར་ཞེས་བྱ་བ་དྲིས་སོ། །མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་ལན་ཏེ་ཡོངས་སུ་གྲུབ་པའི་དངོས་པོར་གྱུར་པའོ། །ནམ་མཁའ་སྒོམ་པ་འདི་ནི་ཆོས་ཐམས་ཅད་མི་བསྒོམ་པ་སྟེ། ཆོས་ཉིད་ཙམ་མཐོང་བའི་ཕྱིར་དང༌། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མ་ཆགས་པ་བསྒོམ་པ་དང༌། མཐའ་ཡས་པ་བསྒོམ་པ་འདི་ནི་ཆོས་ཐམས་ཅད་ལ་ཐོགས་པ་མེད་ཅིང་མཐའ་ཡས་པའི་ཕྱིར་རོ། །དངོས་པོ་མ་མཆིས་པ་བསྒོམ་པ་ནི་གཟུང་བ་མི་དམིགས་པ་བསྒོམ་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་བཟུང་བ་མ་མཆིས་པ་བསྒོམ་པ་དེ་ནི་འཛིན་པ་མི་དམིགས་པར་བསྒོམ་པའི་ཕྱིར་ཏེ། ཉེ་བར་བརྟག་པར་རིག་པར་བྱའོ། །འདི་ནི་མི་དམིགས་པའི་ངོ་བོ་ཉིད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི་མངོན་པར་ཞེན་པ་བཀག་པའི་ངོ་བོ་ཉིད་དོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། བྱེ་བྲག་ཏུ་བརྟགས་པ་ཞེས་བྱ་བ་ནི་དམིགས་པའོ། །གཞོལ་བ་དང༌། འབབ་པ་དང༌། བབ་པའི་སྒྲ་ནི་གཞིའི་དོན་ཏོ། །དེ་དག་དང་ལྷན་ཅིག་འབྲུ་མང་པོར་བྱའོ། །སེམས་ཀྱི་རྒྱུད་ནི་རྒྱུན་ནོ། །ནམ་མཁའ་ལ་གཞོལ་བ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཉིད་ལ་འདི་བྱེ་བྲག་ཏུ་བརྟགས་པ་


DTG089_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལྷག་མའོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་ལྟ་བུ་ཉིད་དེ་ག་ལས་ཤེ་ནའོ། །རབ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི་ལན་ནོ། །ཡུལ་དང་དུས་ལས་དཔག་པར་མི་ནུས་པའི་ཕྱིར་དཔག་ཏུ་མེད་པའོ། །དེ་ཁོ་ན་བཞིན་དུ་ཚད་དང་བྲལ་པའི་ཕྱིར་ཚད་མེད་པའོ། །དེ་ནི་གཟུགས་ནས་ཕྱོགས་གང་དུ་ཡང་མི་གནས་སོ་ཞེས་བྱ་བའི་བར་གྱིས་ནི། འདི་དག་ཐམས་ཅད་ལ་ཡུལ་དང༌། དུས་ཀྱིས་ཁྱབ་པའི་ཚད་མེད་པའི་ཕྱིར་དང༌། གཟུགས་ཅན་དུ་མི་རིགས་པའི་ཕྱིར་དཔག་ཏུ་མེད་པའོ། །གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་ལ་དེ་ནི་ཞེས་བྱ་བ་དང་སྦྱོར་རོ། །སུས་ཀྱང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་གང་གིས་ཀྱང་སྟེ། གཟུགས་ལ་སོགས་པ་ནི་ཚད་མེད་པའི་ཕྱིར་རོ་ཞེས་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འདྲི་བའོ། །རབ་འབྱོར་གཟུགས་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གཟུགས་ལ་སོགས་པའི་སྒྲ་ནི་འདིར་ཆོས་ཉིད་ལ་བརྗོད་དོ། །དེའི་ཕྱིར་འགལ་བ་མེད་དོ། །གཟུགས་ལ་སོགས་པ་ཐ་དད་ཀྱང་ཆོས་ཉིད་ནི་ཐ་དད་པ་མ་ཡིན་ཏེ་གཟུགས་ལ་སོགས་པ་བརྫུན་པ་ཉིད་ཀྱིས་ཐ་དད་པར་བྱེད་ན་དེའི་ཚེ་མི་སྣང་བར་འགྱུར་རོ། །འདི་ནི་དམིགས་པའི་ངོ་བོ་ཉིད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ནས། ལེའུ་རྫོགས་པའི་བར་དུ་གསུངས་པ་ལ་མོས་པར་དཀའ་བ་ཉིད་ཀྱི་ཕྱིར་ཟབ་པའོ། །གཏིང་དཔག་དཀའ་བ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །བལྟ་དཀའ་བ་ནི་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བས་སོ། །རྟོགས་པར་དཀའ་བ་ནི་འཇིག་རྟེན་ལས་འདས་པས་སོ། །བརྩོན་པ་ཆུང་བ་ནི་བྱེད་པར་མི་འདོད་པའོ། །གཞོལ་བ་ནི་འཇུག་པའོ། །གང་དུ་སུས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་དུས་གསུམ་གྱི་དགག་པའོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པས་ནི་ལས་དགག་པའོ། །ཆོས་ཐམས་ཅད་ནི་ཐོབ་པའི་འོང་བ་མེད་པ་དང༌། དོར་བའི་འགྲོ་བ་མེད་པའི་ཕྱིར་ཟབ་པོ། །མི་མཐུན་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གོ །རྣམ་པར་མི་རྟོག་པའི་ཕྱིར་མི་འཇུག་པའི་སླད་དུའོ། །འཇིག་རྟེན་དག་ནི་ཆོས་འདི་འཛིན་པ་ལ་སྤྱོད་དོ། །འཇིག་རྟེན་ནི་ཕྱིན་ཅི་ལོག་ལ་ངེས་ཤིང་རྣམ་པར་ངེས་པའི་ཕྱིར་རོ། །འདི་ནི་མི་མཐུན་པའི་ངོ་བོ་ཉིད་དོ། །བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་ཉེ་བར་མཚོན་པའི་ལེའུ་ནི་ལྷའི་ལེའུའོ། །


DTG089_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདི་ནི་གང་ལ་ཡང་ཐོགས་པ་མ་མཆིས་ཞེས་བྱ་བ་ནི་ཐམས་ཅད་དུ་གནོད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐོགས་པ་མེད་པའི་མཚན་ཉིད་ནི་ཐོགས་པ་མེད་པའི་ངོ་བོ་ཉིད་དོ། །ནམ་མཁའ་དང་མཚུངས་པ་ཞེས་བྱ་བ་ནི་གང་གིས་ནམ་མཁའ་དང་འདྲ་བར་དེ་བཞིན་དུ་རྟོགས་པ་མེད་པའོ། །མཚུངས་པ་དེ་ག་ལས་ཤེ་ན། དེའི་ཕྱིར་གནས་ཐམས་ཅད་ཅེས་བྱ་བ་གསུངས་ཏེ། དངོས་པོ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །མཚུངས་པ་མ་མཆིས་པ་ནི་དཔེ་མེད་པའོ། །གཉིས་སུ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་འདྲ་བ་མེད་པའི་ཕྱིར་རོ། །འདི་ལ་གནོད་པར་བྱེད་པའི་མཚན་ཉིད་ཡོད་པ་ནི་དོ་ཟླའི་མཚན་ཉིད་དོ། །དེ་མེད་པའི་ཕྱིར་དོ་ཟླ་མ་མཆིས་པའི་མཚན་ཉིད་དོ། །རྒོལ་བ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་འགལ་བར་བྱེད་པ་མེད་པའི་ཕྱིར་རོ། །འདི་ནི་ཐོགས་པ་མེད་པའི་ངོ་བོ་ཉིད་དོ། །རྗེས་སུ་ནི་བཞི་སྟེ། བདེ་འགྲོ་དང༌། ངན་འགྲོ་དང༌། མྱ་ངན་ལས་འདས་པ་རྣམས་སོ། །དེ་མེད་པ་ནི་རྗེས་མེད་པའོ། །མངོན་པར་གྲུབ་པ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ལ། མངོན་པར་གྲུབ་པ་མེད་པ་ནི་གང་དུ་ཡང་གནས་པ་མེད་དོ། །ཅིའི་ཕྱིར་མངོན་པར་གྲུབ་པ་མེད་པ་ཡིན་ཞེ་ན། གང་གི་ཕྱིར་འབྱུང་བ་མ་མཆིས་པ་ནི་འབྱུང་བ་དང་བྲལ་བའོ། །ཅིའི་ཕྱིར་འབྱུང་བ་མེད་པ་ཡིན་ཞེ་ན། སྐྱེ་བ་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རོ། །སྐྱེས་ཟིན་པ་ཡང་སྐྱེ་བའི་མཚན་ཉིད་དུ་རིགས་པའི་ཕྱིར་དང༌། མེད་པ་ཡང་མེད་པ་ཉིད་ཀྱི་ཕྱིར། མི་རིགས་ཏེ་བོང་བུའི་རྭ་བཞིན་ནོ། །ངན་འགྲོའི་ལམ་དང༌། བདེ་འགྲོའི་ལམ་དང༌། མྱ་ངན་ལས་འདས་པའི་ལམ་ནི་ལམ་མོ། །དེ་མེད་པ་ནི་ལམ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ལམ་ཐམས་ཅད་མི་དམིགས་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །འདི་ནི་གཞི་མེད་པའི་ངོ་བོ་ཉིད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་རྗེས་སུ་མཐུན་པར་སྐྱེས་སོ་ཞེས་བྱ་བ་ནི་སྔ་མའི་རྗེས་སུ་སྐྱེས་པ་ནི་བྱེད་པ་དང་ལྡན་པའི་ལས་སོ། །ལས་སྐྱེད་པར་བྱེད་པའོ། །རྗེས་སུ་མཐུན་པ་སྟེ། དེའི་ཕྱིར་ཀ་ཏ་ནི་བྱེད་པ་པོའི་རྐྱེན་


DTG089_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་བའོ། །ལས་ཀྱི་དྲུག་པས་འབྲེལ་བ་སྨྲ་བར་འདོད་ནས་བཅོམ་ལྡན་འདས་ཀྱི་རྗེས་སུ་མཐུན་པར་སྐྱེས་པ་ནི་རབ་འབྱོར་རོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་དེ་དེའི་རྗེས་སུ་སྐྱེས་པ་ག་ལས་ཤེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་སྲས་དང་འདྲ་བར་སྟོང་བ་ཉིད་སྨྲ་བའི་ཕྱིར་རོ་ཞེས་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་མ་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་མཐུན་པར་སྐྱེས་པའོ། །དེ་ཉིད་ཀྱི་ཕྱིར་གཏན་ཚིགས་གསུངས་པ་ནི་མ་སྐྱེས་པ་ཉིད་ཡིན་ཡང་ཕ་དང༌། བུ་གཉིས་སུ་འདྲ་བའི་ཕྱིར་རོ་ཞེས་དགོངས་སོ། །གལ་ཏེ་མ་སྐྱེས་ན་དེ་ཉིད་ཇི་ལྟར་ཕ་དང་བུ་འདྲ་ཞེ་ན། ཀུན་རྫོབ་ཏུ་ཡིན་ནོ་ཞེས་དགོངས་སོ། །རྗེས་སུ་སོང་བ་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གཞན་གསུངས་སོ། །རྗེས་སུ་སོང་བ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བའོ། །དེ་བས་ན་ཡང་རྗེས་སུ་སྐྱེས་པ་ནི་དེ་བཞིན་གཤེགས་པའི་རྗེས་སུ་འགྲོ་ཞིང་སྐྱེས་པ་ནི་རྗེས་སུ་མཐུན་པར་སྐྱེས་པའོ་ཞེས་དགོངས་སོ། །གལ་ཏེ་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོངས་པ་ཡང་མེད་ཅེས་བྱ་བ་ནི་སྐྱེ་བ་མེད་པའོ། །སོང་བ་ཡང་མེད་ཅེས་བྱ་བ་ནི་འཇིག་པ་མེད་པའོ། །ཡང་ཅི་དགྲ་བཅོམ་པ་ཉིད་ཐོབ་ནས་རྗེས་སུ་མཐུན་པར་སྐྱེས་སམ། ཅི་དང་པོ་ཉིད་ནས་ཡིན་ཞེ་ན། དེའི་ཕྱིར་གནས་བརྟན་རབ་འབྱོར་འདི་ནི་དང་པོ་ཉིད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི་དེ་བཞིན་ནི་སྒྲས་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པའོ། །འགྲོ་བ་དང་མི་འགྲོ་བ་ནི་འགྲོ་བའོ། །དེ་བཀག་པའི་ཕྱིར་འགྲོ་བ་མེད་པའི་ངོ་བོའོ། །རྗེས་སུ་མཐུན་པར་སྐྱེས་པའི་གཏན་ཚིགས་གཞན་བསྟན་པའི་ཕྱིར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་བཞིན་ཉིད་ཀྱི་ཆོས་རྣམས་ནི་གནས་པ་སྟེ་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་ཉིད་གནས་པ་ཉིད་དོ། །གཏན་ཚིགས་གཞན་བསྟན་པའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྔ་མའི་རང་གི་ངོ་བོའི་རྗེས་སུ་འཇུག་པ་ནི་འགྱུར་བ་མེད་པའོ། །རང་གི་ངོ་བོ་གཞན་གྱི་རྗེས་སུ་འཇུག་པ་ནི་རྣམ་པར་འགྱུར་བ་མེད་པའོ། །རྣམ་པར་རྟོག་པ་


DTG089_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ནི་རྟོག་པ་མེད་པའོ། །རྣམ་པར་རྟོག་པ་དང༌། རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མེད་པའོ། །གཏན་ཚིགས་གཞན་ཡང་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་འགྲོ་བ་མེད་པའི་ཕྱིར་གང་ཡང་ཐོགས་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཐམས་ཅད་དུ་ཐོགས་པ་མེད་པ་སྟེ་ག་ལས་ཏེ། འདི་ལྟར་གང་ལས་འོངས་པའི་དེ་བཞིན་ཉིད་ནི་དེ་ན་ཡོད་དེ་དེ་ལས་གཞན་ན་ནི་མེད་པ་ཉིད་དོ་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ནས་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་གྱིས་ལན་ཏེ། འདི་ནི་གཅིག་སྟེ་ཞེས་བྱ་བ་ནི་དམ་བཅའ་བའོ། །དེ་རིགས་གཅིག་པའི་ཕྱིར་གཅིག་པ་ཉིད་ཡིན་ནམ་ཞེ་ན། གཉིས་སུ་མེད་པ་ཞེས་བྱ་བ་གསུངས་ཏེ། གཉིས་ནི་ཐ་དད་པའོ། །དེ་མེད་པ་ནི་གཉིས་སུ་མེད་པ་སྟེ། གཅིག་གི་སྒྲའི་དོན་ཏོ། །གལ་ཏེ་གཅིག་པ་ཡིན་ཡང་འབྲེལ་པ་ཅན་ཐ་དད་པས་ཐ་དད་པར་འགྱུར་ཏེ། དཔེར་ན་ཤར་ཕྱོགས་ཀྱི་ནམ་མཁའ་དང༌། གཞན་གྱི་ནམ་མཁའ་བཞིན་ནོ། །དེ་བཞིན་དུ་གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་དེ་བཞིན་ཉིད་ལ་སོགས་པ་དོན་ཐ་དད་པར་འགྱུར་རོ་ཞེ་ན། གཉིས་སུ་བྱར་མེད་ཅེས་བྱ་བ་གསུངས་ཏེ། དེའི་ཕྱིར་ཡང་གཉིས་སུ་མེད་པའི་དེ་བཞིན་ཉིད་ནི་རྟག་ཏུ་དེ་ཁོ་ན་ཉིད་དུ་ཡོད་པའི་དེ་བཞིན་ཉིད་དོ། །གཉིས་སུ་མེད་པ་ཡང་རང་བཞིན་ཉིད་ཐ་དད་པ་མེད་པའི་དེ་བཞིན་ཉིད་དང༌། གཞན་ལས་ཀྱང་ཐ་དད་པ་མེད་པའི་ཕྱིར་གཉིས་སུ་མེད་པའི་དེ་བཞིན་ཉིད་དོ། །གང་དུ་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གསུངས་ཏེ། གང་དང་གང་གི་གཞི་དང་རྒྱུ་ནི་དེ་དང་དེའི་རྒྱུར་འགྱུར་ཏེ་དཔེར་ན་ཁྲོན་པའི་ཆུ་དང༌། ནས་ཀྱི་མྱུ་གུ་ལྟ་བུའོ་ཞེ་ན་དེ་བཞིན་ཉིད་ནི་གང་དུ་ཡང་མ་ཡིན་གང་ན་ཡང་མ་ཡིན་ཏེ་དེའི་ཕྱིར་གང་དུ་ཡང་འབྲེལ་པ་མེད་པ་ཉིད་ཀྱི་ཕྱིར། གང་གི་ཡང་མ་ཡིན་ནོ། །གང་གི་ཕྱིར་དེ་གང་ཡང་མ་ཡིན་པ་དེའི་ཕྱིར་དེ་གཉིས་སུ་བྱར་མེད་ན་གཉིས་སུ་བྱར་མེད་པའི་དེ་བཞིན་ཉིད་ཡིན་པ་དེ་བས་ན་ཐོགས་པ་མེད་པའོ། །དེ་བས་ན་རབ་འབྱོར་ནི་དེ་བཞིན་གཤེགས་པ་དང་རྗེས་སུ་མཐུན་པར་སྐྱེས་པའོ་ཞེས་བྱ་བར་གྲུབ་པོ། །དེ་ལྟར་ན་གནས་བརྟན་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གཞན་གསུངས་པ་ལ། དེ་ལྟར་ན་ཞེས་བྱ་བ་ནི་དེ་གཉིས་གསུངས་


DTG089_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མ་བྱས་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་མ་བྱས་པ་ཡང་ཡིན་ལ་རྟག་ཏུ་ཡོད་པའི་དེ་བཞིན་ཉིད་ཀྱང་ཡིན་པས་ན་མ་བྱས་པའི་དེ་བཞིན་ཉིད་དོ། །དེ་ནི་ནམ་ཡང་དེ་བཞིན་ཉིད་མ་ཡིན་ཏེ་རྟག་ཏུ་དེ་ཁོ་ན་ཉིད་དུ་འགྱུར་རོ། །དེ་བས་ན་དེ་ནི་གཉིས་སུ་མེད་པའི་ཕྱིར་ཏེ། དུས་ཐ་དད་པས་ཀྱང་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ལས་ཀྱི་གཉིས་པའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གཞན་གསུངས་ཏེ། ཐམས་ཅད་དུ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །ཆོས་ཐམས་ཅད་དུ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་པའོ། །མི་རྟོག་པ་ནི་དེ་དག་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ནི་དེ་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཐམས་ཅད་ལ་མི་རྟོག་པ་དང༌། རྣམ་པར་མི་རྟོག་པ་དེས་སོ། །གཞིག་ཏུ་མེད་པ་ནི་གཅད་དུ་མེད་པའོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་པའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གཞན་གསུངས་ཏེ། གུད་ན་མེད་དོ་ཞེས་བྱ་བ་ནི་གཞན་དུ་ཐ་དད་པར་མི་དམིགས་པའོ། །གཉིས་སུ་མེད་པའི་ཕྱིར་འདི་ནི་གཞན་མ་ཡིན་པ་ཡང་ཡིན་ལ་དེ་བཞིན་ཉིད་ཀྱང་ཡིན་པས་ན་གཞན་མ་ཡིན་པའི་དེ་བཞིན་ཉིད་དོ། །དེའི་རྗེས་སུ་འགྲོ་བ་ནི་དེས་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་རྗེས་སུ་སོང་བའོ། །དོན་དམ་པ་ནི་འདི་ལ་གང་ཡང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདི་ལ་ཞེས་བྱ་བ་ནི་འདི་ལ་རྗེས་སུ་འགྲོ་བ་ནི་རབ་འབྱོར་རམ་གང་ཡང་མེད་དོ། །གང་དུ་ཡང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །འདི་ལ་རྗེས་སུ་འགྲོ་བས་ཉེ་བར་སོང་བའོ། དེ་ལྟར་ན་གང་ཟག་དང་ཆོས་ལ་བདག་མེད་པར་མཐོང་བ་ཡིན་ནོ་ཞེས་དགོངས་སོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པའོ། །ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གཞན་གསུངས་སོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པའོ། །འདི་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅེས་བྱ་བ་ནས། སངས་རྒྱས་པའི་དེ་བཞིན་ཉིད་ཅེས་བྱ་བའི་བར་དུ་གསུངས་པ་ལ། འདིར་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཐ་དད་པ་དང་ཐ་དད་པ་མེད་པར་ཐ་དད་དུ་མཐོང་བའི་བཀག་པ་ཡིན་ནོ། །གཟུགས་ལ་སོགས་པ་འདི་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་མི་


DTG089_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའོ། །འདི་ནི་མི་དམིགས་པའི་ངོ་བོ་ཉིད་དེ་བཅུ་དྲུག་པའོ། །དེ་བཞིན་ཉིད་འདིའི་བདག་ཉིད་ཆེན་པོ་ནི་དེ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཤེགས་པ་ནི་ཤེས་པའི་དོན་ཏེ། དེ་བཞིན་གཤེགས་པས་ནི་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་དགོངས་སོ། །འདི་བསྟན་པ་ན་གང་གཡོ་བར་གྱུར་པ་དེ་ནི་ཡང་དེ་བཞིན་གཤེགས་པས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ལྟས་ཆེན་པོ་དྲུག་གམ་བཅོ་བརྒྱད་དུ་ཇི་ལྟར་འགྱུར་བ་དེ་ལྟར་གཡོས་པ་ནས་ཀུན་དུ་རབ་ཏུ་ཤིག་ཤིག་པའི་བར་དུ་གསུངས་པ་ལ། འདིར་གསུམ་ནི་གཡོ་བའི་དོན་ཏོ། །གསུམ་ནི་སྒྲའི་དོན་ཏེ་དྲུག་གིས་ཁྱབ་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོར་བྱས་པའི་དབྱེ་བས་ལྟས་ཆེན་པོ་བཅོ་བརྒྱད་དུ་འགྱུར་ཏེ། དེ་ལ་གཡོས་པ་ནི་ཕྱོགས་གཅིག་ལས་སོ། །འགུལ་བ་ནི་ཐམས་ཅད་ལས་སོ། །ཀུན་ནས་འགུལ་བ་ནི་ལྡེག་པའོ། །ཆེམ་ཆེམ་ནི་དབྱུག་པས་བསྣུན་པའི་ཁར་བ་བཞིན་ནོ། །འུར་འུར་ནི་སྒྲའོ། །ཤིག་ཤིག་ནི་འབྲུག་སྒྲ་ཆེན་པོ་བཞིན་ནོ། །རྣམ་པ་དྲུག་ནི་དཔེར་ན་སའི་ཤར་ཕྱོགས་མཐོན་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ་བ་དང༌། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ་བ་དང༌། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ་བ་དང༌། དབུས་མཐོ་ན་མཐའ་དམའ་བ་དང༌། མཐའ་མཐོ་ན་དབུས་དམའ་བའོ། །གང་གི་ཚེ་ཞེ་ན། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་བཞིན་དུ་རབ་འབྱོར་གྱིས་དེ་བཞིན་ཉིད་བསྟན་པ་ན་ལྟས་ཆེན་པོ་བཅོ་བརྒྱད་བྱུང་ངོ༌། །རྣམ་པ་གཞན་གྱིས་ཀྱང་མཉམ་པར་བསྟན་པ་ནི་གཞན་ཡང་གནས་བརྟན་ཞེས་བྱ་བ་ནས་མི་དམིགས་ཞེས་བྱ་བའི་བར་གྱིས་གསུངས་པ་ལ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དམ་བཅའ་བའོ། །ཉེ་བར་མི་དམིགས་སོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་གིས་ཞེས་བྱ་བ་ནི་རང་གི་ཆོས་ཀྱིས་སོ། །རྗེས་སུ་སྐྱེ་བ་ནི་བྱེད་པ་པོའི་དོན་ཏོ། །གང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་སོ། །རྗེས་སུ་སྐྱེ་བ་ནི་ལས་སོ། །དེ་ལྟར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །ཇི་ལྟར་དེ་བཞིན་ཉིད་སྤྱད་པར་བྱ་ཞེ་ན། གནས་སྐབས་དེ་ཙམ་གྱིས་སོ། །དེ་ནས་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །འོན་ཀྱང་ཞེས་བྱ་བ་ནི་གལ་ཏེ་ཡང་ངོ༌། །


DTG089_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གསུམ་པ་ཞེས་བྱ་བ་ནི་བྲལ་བའི་དོན་གྱི་ལྔ་པའོ། །བྱ་དེ་ལུས་ཆེ་བ་ཉིད་ཀྱིས་ནུས་པར་སེམས་པའོ། །བར་དེར་སེམས་པ་ཞེས་བྱ་བ་ནི་ནམ་མཁའ་དང་སའི་བར་དུ་སེམས་པའོ། །འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་འདི་ལྟ་བུ་འབྱུང་བའོ། །ལྷག་མ་ནི་རྟོགས་པར་སླའོ། ། །འདིར་ཤེས་པ་དང་ཁྱད་པར་དང་བྱེད་པ་དང་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐར་བའི་ཆ་དང་མཐུན་པ་བརྗོད་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་དེ་དང་བྲལ་ན་དགྲ་བཅོམ་པ་ཐོབ་པའི་རྒྱུ་བསྟན་ཅིང་མཚོན་པར་བྱ་བ་དེ་གསལ་བར་བསྟན་པའི་ཕྱིར་ཤཱ་རིའི་བུས་གསོལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོན་དམ་པར་ཤེས་པའི་ཕྱིར་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་མ་མེད་པར་སྦྱོར་བར་བྱེད་པའི་དོན་ཏོ། །ཐབས་ལ་མཁས་པ་ཞེས་བྱ་བ་ལ། དེ་ལ་ཐབས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་རྟག་ཏུ་མི་གཏོང་བ་དང༌། བསོད་ནམས་ཐམས་ཅད་བྱང་ཆུབ་ཏུ་ཡང་དག་པར་བསྔོ་བ་སྟེ། དེ་ནི་བསྔོ་བ་དང་རྗེས་སུ་ཡི་རང་བའི་ལེའུ་བསྟན་ཏོ། །དེའི་ཕྱིར་བསྟན་བཅོས་ལས། མཚན་ཉིད་བརྗོད་པར་བྱ་ཡིན་པས། །མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་བསྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་བྱ་བ་གསུངས་ཏེ། དེའི་དབྱེ་བ་ལྔ་ནི་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལས་གསུངས་ཏེ། དེ་ལྟར་བསྟན་བཅོས་ལས། སངས་རྒྱས་སོགས་དམིགས་དད་པ་དང༌། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །བསམ་པ་ཕུན་ཚོགས་དྲན་པ་དང༌། །རྣམ་པར་མི་རྟོག་ཏིང་འཛིན་དང༌། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་བུ་ཤེས་རབ་དང་རྣམ་ལྔ། །ཞེས་གསུངས་སོ། །འདི་ཉིད་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་བསྟན་བཅོས་ལས། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀའ་བཞེད། །ཅེས་བྱ་བ་གསུངས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པས་འདིའི་སྐབས་འབྱེད་པར་བྱེད་དེ། འདི་ཚེགས་ཆེན་པོས་འབྱུང་བས་ན་འབྱུང་བར་


DTG089_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བའོ། །འདི་དག་ནི་ཁྱད་པར་བསྟན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་གང་ཟག་གི་ཁྱད་པར་གསུངས་ཏེ། །ཤེས་རབ་འཆལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འཆལ་པའི་ཤེས་རབ་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་ཐར་པའི་ཆ་དང་མཐུན་པ་རྟུལ་པོའི་ཁྱད་པར་བསྟན་ཏོ། །ཐར་པའི་ཆ་དང་མཐུན་པ་རྣོན་པོས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་སྟེ། དེའི་ཕྱིར་དེ་བསྟན་པར་འདོད་ནས་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་ལན་ནོ། །ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་ལ། བྱང་ཆུབ་སླའོ་ཞེས་རབ་འབྱོར་གྱིས་སྨྲས་པ་མི་རིགས་ཏེ། གང་གི་ཕྱིར་གལ་ཏེ་དེ་ཙམ་གྱིས་འབྱུང་བར་སླ་བར་གྱུར་ན། སེམས་ཅན་ཐམས་ཅད་དང་པོ་ཉིད་ནས་དེ་ལྟར་འགྱུར་རོ། །དེའི་ཕྱིར་བསྒྲུབས་པས་ཐོབ་པ་སྟེ། དེ་ཡང་ཐར་པའི་ཆ་དང་མཐུན་པ་རྟུལ་ཕོ་གང་དག་ཡིན་པ་དེ་དག་ལ་ནི་མེད་དོ་ཞེ་ན། དེའི་ཕྱིར་འབྱུང་བ་མེད་པའི་ཕྱིར་མི་འཐོབ་པས་འབྱུང་བར་དཀའོ་ཞེས་གསུངས་སོ། །འོ་ན་མངོན་པར་ཤེས་པ་དེ་དག་གིས་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལ་སོགས་པའི་སྟོབས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅིའི་ཕྱིར་མི་འཐོབ་ཅེ་ན། རབ་འབྱོར་ཡང་དག་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་བྱིས་པས་གཟུང་བའི་དོན་ཉིད་བྱང་ཆུབ་ཏུ་སེམས་ན་དེ་ཡང་ཡང་དག་པ་མ་ཡིན་པའི་ཕྱིར་དང༌། བརྫུན་པའི་ཕྱིར་ཐོབ་པ་མ་ཡིན་ནོ་ཞེས་དགོངས་སོ། །འདི་ལྟར་རྣམ་པར་རྟོག་པ་ལ་བྱང་ཆུབ་ཏུ་སེམས་པའམ། རྣམ་པར་རྟོག་པའི་མཚན་མ་ལ་བྱང་ཆུབ་སེམས་དཔའི་ཕྱོགས་གཉི་ག་རིགས་པ་མ་ཡིན་ཏེ། བྱང་ཆུབ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་དང༌། བྱང་ཆུབ་རྣམ་པར་རྟོག་པས་མ་བསྒྲུབས་པའི་ཕྱིར་རོ། །འདི་ཉིད་བསྟན་པའི་ཕྱིར་རབ་འབྱོར་རྣམ་པར་མི་རྟོག་པའི་ཕྱིར་ཞེས་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གནས་བརྟན་ལ་ཤཱ་རིའི་བུའི་ལན་ནོ། །དེ་སྟོང་པ་ཡིན་པའི་ཕྱིར་མངོན་པར་འབྱུང་བ་ཞེས་བྱ་བ་འདི་ནི་འགལ་བའི་གཏན་ཚིགས་ཡིན་ནོ་སྙམ་དུ་བསམས་ནས། ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ནམ་མཁའ་དང་མཚུངས་


DTG089_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཞེས་བྱ་བ་ལ། ནམ་མཁའ་དང་མཚུངས་པ་ནི་གཏན་ཚིགས་ཏེ། གང་དག་གང་དེ་ཁོ་ན་ཉིད་དེ་ཉིད་ཀྱིས་དེ་དག་མངོན་པར་རྫོགས་པར་བྱང་ཆུབ་པར་མི་འགྱུར་རོ་ཞེས་དགོངས་སོ། །དེ་ལྟར་འགལ་བར་བསྟན་ནས་རྗེས་སུ་དཔག་པས་གནོད་པ་སྨྲ་བར་འདོད་ནས་ཐལ་བར་འགྱུར་བ་ནི་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མི་ནི་མ་ཡིན་པའོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་བཟློག་སྟེ་གསུངས་སོ། །ཡང་ན་འདི་ནི་གཞན་གྱི་གཏན་ཚིགས་སུན་དབྱུང་བ་དང་རང་གི་ཕྱོགས་བསྒྲུབ་པ་ཉིད་དོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པས་ནི་རབ་འབྱོར་གྱིས་ཐལ་བ་རྒྱ་ཆེར་སེལ་བར་བྱེད་དེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་ནི་ཡང་དག་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་རྣམ་པར་རྟོག་པས་སོ། །ཕྱིར་ལྡོག་པའི་ཆོས་དེ་གང་ཡིན་ཞེས་སྨྲས་ནས་ཕྱིར་མི་ལྡོག་པ་ཉིད་བསྒྲུབ་པའི་ཕྱིར་དེ་གང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཆོས་ཐམས་ཅད་ལ་མི་གནས་པའི་ཚུལ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ལ་མི་གནས་པའི་ཚུལ་ནི་རིགས་པའོ། །དེས་ན་ཆོས་ཉིད་ལ་གནས་པ་མེད་པའི་ཆོས་ཉིད་ཁོ་ན་བྱང་ཆུབ་དག་པའོ། །དེ་ཡང་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསམས་སོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ནི་ཤཱ་རིའི་བུའི་ཚིག་སྟེ། ཆོས་ཀྱི་ཚུལ་གྱིས་རྣམ་པར་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣམ་པའོ། །གང་ཡང་ཞེས་བྱ་བ་ལ་སོགས་པས་ཁྱད་པར་གསུངས་ཏེ། ཡང་གི་སྒྲ་ནི་སྒྲའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་གང་པོ་ཞེས་བྱ་བ་ལ་སོགས་པས་ནི་གང་པོས་རབ་འབྱོར་ལ་དྲན་པར་བྱེད་དོ། །ལྷག་མ་རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི། བྱང་ཆུབ་ཏུ་ངེས་པར་འབྱུང་བར་རིག་པར་བྱའོ་ཞེས་བྱ་བའི་བར་གླུབ་པའི་མཐའ་འཇོག་པའི་ཚིག་ནི་རྟོགས་པར་སླའོ། །དེའི་ཕྱིར་རྒྱས་བར་བསྟན་པ་དད་ལྡན་པ་དེ་ཡང་ཆད་ཀྱིས་ནི་དབང་པོ་རྣོན་པོའི་ཐར་པའི་ཆ་དང་མཐུན་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱུང་སླའོ། །ཞེས་ཐར་པའི་ཆ་དང་མཐུན་པ་བསྟན་ཏོ། །ཐར་པའི་ཆ་ནི་བསྟེན་ཅིང་ཐོབ་པར་བྱ་བའོ། །དེ་ལ་ཕན་པ་ནི་ཐར་པའི་ཆ་དང་མཐུན་པ་སྟེ། དེ་དག་བསྟན་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བརྗོད་པར་བྱ་སྟེ། ངེས་པར་འབྱེད་པ་ནི་སོ་སོར་རྟོགས་པའི་


DTG089_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ལམ་མོ། །དེའི་ཆ་ནི་འཐོབ་པར་བྱའོ། །དེ་ལ་ཕན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །དེ་ནི་རྣམ་པ་བཞི་སྟེ། དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་ཀྱི་མཆོག་གོ །དེ་ལ་དང་པོའི་དབང་དུ་བྱས་ནས་བསྟན་བཅོས་ལས། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །ཞེས་གསུངས་ཏེ། དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། བདག་མགོན་དུ་གྱུར་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། གནས་པར་བགྱི་ཞེས་བྱ་བ་ནི་རེག་པར་བྱ་བས་སོ། །བསླབ་པར་བགྱི་ཞེས་བྱ་བ་ནི་གོམས་པར་བྱ་བས་སོ། །མཉམ་པར་གནས་པར་བྱ་ཞེས་བྱ་བ་ལ་སོགས་པས་ནི་སེམས་རྣམ་པ་བཅུ་གསུངས་ཏེ། མཉམ་པའི་སེམས་དང༌། བྱམས་པའི་སེམས་དང༌། ཕན་པའི་སེམས་དང༌། གཡོ་བ་མེད་པའི་སེམས་དང༌། ང་རྒྱ་བཅག་པའི་སེམས་དང༌། ཁོང་ཁྲོ་བ་མེད་པའི་སེམས་དང༌། སྙིང་རྗེའི་སེམས་དང༌། མཐོ་བཙམས་པ་མེད་པའི་སེམས་དང༌། མ་དང་པ་ལ་སོགས་པའི་སེམས་དང༌། བུ་དང་བུ་མོ་ལ་སོགས་པའི་འདུ་ཤེས་སོ། །མགོན་ནི་མགོན་དང་བཅས་པ་སྟེ། དེ་ནི་དྲོ་བར་གྱུར་པའོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་དགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །བརྩེར་གྱུར་ཞེས་གསུངས་སོ། །འདི་ཉིད་བདག་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །སྡིག་པ་ནི་མི་དགེ་བ་བཅུའོ། །དེ་དག་སྤོང་བ་ནི་ལྡོག་པའོ། །ཡོངས་སུ་རྒྱལ་བར་བྱ་བ་ནི་གོམས་པར་བྱ་བའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་ལུགས་དང་མཐུན་པའོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མི་མཐུན་པའོ། །གཞན་དག་ཅེས་བྱ་བ་ནི་ཕ་རོལ་དག་ལའོ། །ཡང་དག་པར་བསྐུལ་བ་ནི་ཡང་དག་པར་འཛིན་དུ་འཇུག་པའོ། །བསྔགས་པ་བརྗོད་པ་ནི་ཡོན་ཏན་བརྗོད་པའོ། །རྗེས་སུ་མཐུན་པ་ནི་ཡང་དག་པར་རྗེས་སུ་མཐུན་པའོ། །དེ་ནི་རྩེ་མོར་གྱུར་པའོ། །དེ་བཞིན་བཟོད་པ་ནི། རང་གཞན་རྟེན་ཅན་


DTG089_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ཤེས་པ། །ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །རང་ཡང་བདེན་པ་ཤེས་པ་དང༌། །གཞན་དག་ཀྱང་དེ་ལ་ཡང་དག་པར་བསྐུལ་བ་དང༌། །དེའི་བསྔགས་པ་བརྗོད་པ་དང༌། རྗེས་སུ་མཐུན་པ་ནི་བཟོད་པར་གྱུར་པའོ། །བདག་ཉིད་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་ལ་སོགས་པ་དང༌། གཞན་དག་ཀྱང་དེ་ལ་ཡང་དག་པར་བསྐུལ་བ་དང༌། དེའི་བསྔགས་པ་བརྗོད་པ་དང༌། རྗེས་སུ་མཐུན་པ་ནི་ཆོས་ཀྱི་མཆོག་ཏུ་གྱུར་པའོ། །དེ་གཉིས་ཀ་ནི་དེ་བཞིན་དུ་བདེན་པ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། བདེན་པ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡུལ་ཏེ། གོ་རིམས་བཞིན་དུ་ཡོངས་སུ་ཤེས་པ་དང༌། སྤང་བ་དང༌། མངོན་སུམ་དུ་བྱ་བ་དང༌། བསྒོམ་པའོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་འབྲས་བུ་ལྔ་ལ་ཤེས་པ་མངོན་སུམ་དུ་བྱ་བ་ནི་བྱང་ཆུབ་སེམས་པའི་སྐྱོན་མེད་པ་ལ་འཇུག་པའི་བར་གྱིས་སོ། །དེ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པ་ལ་གནས་ནས་གཞན་དག་ཀྱང་དེ་ལ་ཡང་དག་པར་བསྐུལ་བ་དང༌། དེའི་བསྔགས་པ་བརྗོད་པ་དང༌། དེ་ལ་མཐུན་པར་དགའ་བར་བྱེད་པའོ་ཞེས་བྱ་བས་ནི་བཟོད་པར་གྱུར་པ་དང༌། ཆོས་ཀྱི་མཆོག་ཏུ་གྱུར་པའོ། །དེ་ལྟར་འདོད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་འབྲས་བུ་གསུངས་ཏེ། སྒྲིབ་པ་མེད་པའི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ནས་དམ་པའི་ཆོས་གནས་པ་དང༌། སྒྲིབ་པ་མེད་པའི་རང་བཞིན་དུ་འགྱུར་བའོ། །དེ་བཞིན་ཉིད་གཙོ་བོར་གྱུར་པའི་ལེའུ་ནི་དེ་བཞིན་ཉིད་ཀྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅུ་དྲུག་པའོ།། །།ཐར་དང་ངེས་འབྱེད་ཆ་མཐུན་དང༌། །སློབ་བ་ཕྱིར་མི་ལྡོག་པའི་ཚོགས། །ཞེས་གོང་དུ་བསྟན་པ་དེ་ལས་གཉིས་བསྟན་ནས་གསུམ་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། ངེས་འབྱེད་ཡན་ལག་ནས་བཟུང་ནས། །མཐོང་དང་བསྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་བྱ་བ་གསུངས་ཏེ། འདིར་ཞེས་བྱ་


DTG089_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཐེག་པ་ཆེན་པོར་རོ། །ཕྱིར་མི་ལྡོག་པའི་ཚོགས་འདིའི་མཚན་ཉིད་ལ་ཕྱིར་མི་ལྡོག་པའི་ཆེད་དུ་འབྱུང་བ་ནི་ཕྱིར་མི་ལྡོག་པའོ། །ལྡོག་པ་མ་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའོ། །དེ་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་འདིའི་རྟགས་དུ་ཞིག་ཡོད་ཅེ་ན་དེའི་ཕྱིར། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུ་བསྐྱེད་པ་ཡིས། ངེས་འབྱེད་ཡན་ལག་གནས་པ་ཡི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །ཞེས་བྱ་བ་གསུངས་ཏེ། ཕྱིར་མི་ལྡོག་པ་ཉིད་ནི་ཡོངས་སུ་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་གཟུགས་ལ་སོགས་པ་ལ་ལྡོག་པ་ལ་སོགས་པ་གང་ཞེ་ན། གཟུགས་ལ་སོགས་པ་ལས་ལྡོག་པ་དང༌། །ཐེ་ཚོམ་མི་དལ་ཟད་པ་དང༌། །བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་དགོད་པ་དང༌། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །ཟབ་མོའི་དོན་ལའང་སོམ་ཉིད་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །བག་ལ་ཉལ་ཀུན་འཇོམས་པ་དང༌། །བྲན་པ་དང་ནི་ཤེས་བཞིན་དང༌། །གོས་ལ་སོགས་པ་གཙང་བ་དང༌། །ལུས་ལ་སྲིད་བུ་རྣམས་མི་འབྱུང༌། །གྱ་གྱུ་མེད་སེམས་སྦྱངས་བ་ནི། །ལེན་དང་སེར་སྣ་མེད་ལ་སོགས། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །གཞན་གྱིས་བཀྲི་བར་མི་བཏུབ་དང༌། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་འདི་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས་བྱ་བ་གསུངས་ཏེ། དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་གིས་སྣང་ཞིང་གསལ་བར་བྱེད་པས་ན་རྣམ་པའོ། །འདི་དག་གིས་མཚོན་པར་བྱེད་ཅིང་རྟོགས་པར་བྱེད་པས་ན་རྟོགས་སོ། །འདི་དག་གིས་ངེས་པར་དཔོག་ཅིང་རྟོགས་པར་བྱེད་པས་ན་མཚན་མའོ། །དོན་གཅིག་པ་ཉིད་ཡིན་ཡང་གསུམ་དུ་གཟུང་བ་ནི་དོན་གཞན་དུ་བརྟགས་པ་དེ་རྣམ་པར་བཅད་པའི་ཕྱིར་རོ། །གལ་ཏེ་བསྟན་པའི་དོན་འདི་ལའམ། གཞན་གང་ཡིན་པ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ཀྱི་ཕྱིར་འམ་གྱི་སྒྲ་ནི་ཇི་ལྟར་ཡང་སྟ་


DTG089_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གང་གིས་འཚལ་བར་བགྱི་ཞེས་བྱ་བ་དང་སྦྱར་རོ། །རྟགས་ཤིན་ཏུ་མང་པོ་ཡོད་པ་ལས་དེ་ལ་རེ་ཞིག་དང་པོ་ནི་རབ་འབྱོར་སོ་སོའི་སྐྱེ་བོའི་ས་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོ་སོའི་སྐྱེ་བོའི་དང༌། ཉན་ཐོས་དང༌། རང་སང་རྒྱས་དང༌། །ཡང་དག་པར་རྫོགས་པའི་རྒྱས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཏེ། རྣམ་པ་བཞི་པོ་འདི་འང་དེ་བཞིན་ཉིད་ཀྱིས་ཞེས་བརྗོད་དོ། །ཅིའི་ཕྱིར་ཞེ་ན། འདི་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། །ནིའི་སྒྲ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་འདི་ཐམས་ཅད་ནི་དེ་བཞིན་ཉིད་ལ་གཉིས་སུ་མེད་དོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མ་གྲུབ་པའི་ཕྱིར་དེ་དག་ནི་དེ་བཞིན་ཉིད་ཁོ་ནའོ། །བཞིན་ཉིད་ཀྱང་གཅིག་ཁོ་ན་སྟེ། གཉིས་སམ་མང་པོ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་བཞིན་ཉིད་འདི་ནི་གཉིས་སུ་མེད་ཅིང་ཐ་མི་དད་དེ་གཉིས་སུ་བྱར་མེད་ཅིང་མ་ཆད་པའོ། །རྣམ་པར་རྟོག་པའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་རྟོག་པ་མེད་པའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མེད་པའོ་ཞེས་བྱ་བ་ནི་དེ་ལྟ་བུའི་མཚན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ལ་ཆོས་ཀྱི་དེ་བཞིན་ཉིད་དུ་འཇུག་པའོ། །ཇི་ལྟར་འཇུག་པ་ཡིན་ཞེ་ན། དེ་བཞིན་ཉིད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པ་ནི་དེ་ལ་མཐོང་བའོ། །མི་རྟོག་པ་ནི་ཡང་དག་པར་རོ། །རྣམ་པར་མི་རྟོག་པ་ནི་ལོག་པར་རོ། །དེ་བཞིན་དུ་འཇུག་པ་ཞེས་བྱ་བ་ནི་དེ་ལྟར་ཡོད་པས་འཇུག་པའོ། །ཇི་ཙམ་གྱིས་ཞུགས་པ་ཡིན་ཞེ་ན། དེ་བཞིན་དུ་ཞུགས་པས་ཞེས་བྱ་བ་གསུངས་ཏེ། བརྗོད་པའི་རིམ་པ་ཞུགས་ནས་སོ། །ཇི་ལྟ་བ་ཞེས་བྱ་བ་ནི་ཇི་ཙམ་ཐོས་པའོ། །ཐོས་ནས་ཀྱང་ཞེས་བྱ་བ་ནི་ཐོས་པའི་འོག་ཏུ་ཡང་ངོ༌། །དེ་ལས་ཀྱང་འདས་ནས་ཞེས་བྱ་བ་ནི་དེ་ནས་དུས་ཕྱི་མར་ཡང་ངོ༌། །ནེམ་ནུར་མི་བྱེད་ཅེས་བྱ་བ་ནི་གནོད་པར་མི་བྱེད་ཅེས་བྱ་བ་དང་སྦྱར་རོ། །ཡིད་གཉིས་ནི་ཡིད་རྣམ་པ་སྣ་ཚོགས་པ་སྟེ། དེ་མི་བྱེད་པ་དེ་ཉིད་དེ་བཞིན་དེ་ནི་ཡང་མ་ཡིན་པ་ཞེས་པ་ནི་ཐེ་ཚོམ་མོ། །དེ་མེད་པ་ནི་ཐེ་ཚོམ་དུ་མི་བྱེད་པའོ། །རྨོངས་པར་མི་བྱེ་ཅེས་བྱ་བ་ནི་རྟོག་པ་མེད་ཅིང་དགག་པའོ། །ཅི་ཞིག་བྱེད་པ་ཡིན་ཞེ་ན། འོན་ཀྱང་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་ཁོ་ན་ལ་ནི་གཟུགས་ལ་སོགས་པ་ཐམས་ཅད་ཡིན་ཞེས་


DTG089_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་ནི་དད་པས་སོ། །ཁོང་དུ་ཆུད་པ་ནི་ཤེས་རབ་ཀྱིས་སོ། །རྟགས་ཀྱི་གཙོ་བོ་ནི་ཐམས་ཅད་ཤེས་པའོ། །ཡན་ལག་ནི་གྱིན་ད་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ཡན་ལག་ནི་ལྟོས་ནས་རྟགས་འདི་དག་དང་ཞེས་བྱ་བ་ལ་སོགས་པ་མང་པོའི་ཚིག་ཏུ་སྨོས་པ་ཡིན་ནོ། །ཐམས་ཅད་དེ་བཞིན་ཉིད་ཁོ་ནར་ཤེས་པ་ནི་གཟུགས་ལ་སོགས་པ་ལས་ལྡོག་པ་ཡིན་ཏེ། དེ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ། ཕྱིར་མི་ལྡོག་པའི་རྟགས་དང་པོའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གཞན་དག་གིས་ཞེས་བྱ་བ་ནི་འདི་ལས་ཕྱིར་རོལ་པའི་ཆོས་རྣམས་ཀྱིའོ། །དགེ་སྦྱོང་ནི་རབ་ཏུ་བྱུང་བ་རྣམས་ལའོ། །ངོར་ལྟ་བ་ནི་འདུད་པས་ལྟ་བའོ། །ཅི་ཞིག་ལ་ལྟ་བ་ཡིན་ཞེ་ན། འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ཤེས་པ་ནི་འཇིག་རྟེན་པའི་ཤེས་པས་སོ། །མཐོང་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་པས་སོ། །སྦྱིན་པར་སེམས་པ་ནི་གུས་པའི་སྦྱིན་པའོ། །རྟེན་པ་ཞེས་བྱ་བ་ནི་རྟེན་པ་འམ། སྐྱབས་སུ་འགྲོ་བའོ། །བདེན་པ་དང༌། དཀོན་མཆོག་ལ་ཡིད་གཉིས་དང༌། ཐེ་ཚོམ་དེ་ཟད་པ་ཡོད་ན། འདི་དག་ཐམས་ཅད་མི་བྱེད་དེ། འདི་ནི་ཐེ་ཚོམ་ཟད་པ་སྟེ། དེ་དག་ལ་རྟགས་གཉིས་པའོ། །རབ་འབྱོར་འདི་ཡང་ཞེས་བྱ་བ་ལ་སོགས་པ་ལ་གསུངས་པ་ལ། ངན་སོང་ནི་དམྱལ་བ་དང༌། ཡི་དགས་དང༌། དུད་འགྲོའོ། །བུད་མེད་ཀྱི་དངོས་པོ་ནི་བུད་མེད་ཉིད་དོ། །དེ་ཡང་མི་ཁོམ་པ་ལྷག་མ་ཉེ་བར་མཚོན་པའོ། །འདི་ནི་མི་ཁོམ་པ་ཟད་པ་སྟེ། དེ་དག་དེ་ལ་རྟགས་གསུམ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བདག་ཉིད་ཀྱང་དགེ་བ་བཅུ་ལ་གནས་ཤིང༌། གཞན་རྣམས་ཀྱང་དེ་ལ་འཛུད་ཅིང་བསྟན་བར་བྱེད་པཱ་འདི་ནི་དེ་དག་ལ་རྟགས་བཞི་པའོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ཆོས་གང་དང་གང་ཤེས་པ་ནི་མདོའི་སྡེ་ལ་སོགས་པའོ། །སྦྱིན་པ་ནི་གཞན་དག་ལའོ། །འདི་དག་ལ་ཕན་པ་དང་བདེ་བར་གྱུར་ཅིག་ཅེས་བྱ་བ་ནི་དེ་དག་ཉིད་ལ་ཕན་པ་དང༌། བདེ་བའི་སླད་དུ་སྟེ། དེ་ནི་ཡེ་ཤེས་ཀྱི་རྒྱུ་ཐུན་མོང་དུ་བྱེད་པའོ། །ཆོས་ཀྱི་སྦྱིན་པ་ཇི་ལྟ་བར་གཞན་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ཡང་དེ་བཞིན་ནོ། །འདི་ནི་གཞན་གྱི་རྟེན་ཅན་གྱི་སྦྱིན་པ་ལ་སོགས་པ་སྟེ། དེ་ནི་


DTG089_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ལ་རྟགས་ལྔ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས། རྨོངས་པར་མི་འགྱུར་ཞེས་བྱ་བའི་བར་གྱིས་ནི་ཟབ་མོའི་དོན་ལ་སོམ་ཉི་ལ་སོགས་པ་མེད་པ་སྟེ། དེ་ནི་དེ་དག་ལ་རྟགས་དྲུག་པའོ། །བྱམས་ལུས་སོགས་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་ཏེ། དེ་ནི་ཕན་པའི་ཚིག་དང་ལྡན་པར་འགྱུར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཉེ་བར་མཚོན་པའི་ཕྱིར་རོ། །འདི་ནི་བྱམས་པའི་ལུས་ལ་སོགས་པ་སྟེ། དེ་ནི་དེ་དག་ལ་རྟགས་བདུན་པའོ། །དྲན་པ་དང་ནི་ཤེས་བྱ་བ་ལ་སོགས་སྒྲིབ་པ་ནི་འདོད་པ་ལྔ་ལ་འདུན་པ་དང༌། གནོད་སེམས་དང་རྨུགས་པ་དང༌། གཉིད་དང༌། འགྱོད་པ་དང༌། ཐེ་ཚོམ་མོ། །དེ་དག་དང་མི་འགྲོགས་པ་ནི་མི་ལྡན་པའོ། །དེ་ནི་རྨིགས་པ་དང༌། གཉིད་ཆུང་བར་འགྱུར་ཞེས་བྱ་བ་ལས་སོགས་པ་གསུངས་ཏེ། དེ་ནི་ཉེ་བར་མཚོན་པ་ཙམ་གྱི་ཕྱིར་རོ། །འདི་ནི་སྒྲིབ་པ་ལྔ་དང་མི་འགྲོགས་པ་སྟེ། དེ་ནི་དེ་དག་ལ་རྟགས་བརྒྱད་པའོ། །ཐམས་ཅད་ལ་ཇི་ལྟར་ཡོད་པ་ནི་བཞིན་དུ་ཞེ་སྡང་དང་རྗེས་སུ་འབྲེལ་པའི་བག་ལ་ཉལ་འཇོམས་པ་ནི་བག་ལ་ཉལ་ཀུན་འཇོམས་པ་སྟེ། དེ་ནི་བག་ལ་ཉལ་མེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་དེ་དག་ལ་རྟགས་དགུ་པའོ། །དྲན་པ་དང་ནི་ཤེས་བཞིན་དང་ཞེས་བྱ་བ་ནི་དྲན་པ་དང་ལྷན་ཅིག་པའི་ཤེས་བཞིན་ནོ། །དེ་ནི་དེ་འགྲོ་བ་འམ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ་འགྲོ་བ་ནི་ཕར་འགྲོ་བའོ། །ཕྱིར་ལྡོག་པ་ནི་འོང་པའོ། །བསླད་པ་ནི་རྣམ་པར་གཡེང་བའོ། །ཐོགས་པར་མི་བྱེད་པ་ཞེས་བྱ་བའམ། ཐོགས་པ་ནི་རྣམ་པར་གཡེང་བའི་ཕྱིར་རོ། །གྱ་ཚོམ་ཞེས་བྱ་བ་ནི་མ་བརྟགས་པར་ས་ལ་འགྲོ་བའོ། །དེ་ནི་མཚོན་བ་ཙམ་ཡིན་གྱི་འཆག་པ་དང༌། ལངས་པ་དང་འདུག་པ་དང༌། ཉལ་བ་ནི་མི་གཡེང་བའོ། །འདི་ནི་དྲན་པ་དང་ཤེས་བཞིན་ཏེ། དེ་ནི་དེ་དག་ལ་རྟགས་བཅུ་པའོ། །ཡང་རབ་འབྱོར་ཞེས་བྱ་བ་ནས་སྐྱོན་ཉུང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ཤིག་དང་ལྡན་པས་ན་ཤིག་ཅན་ནོ། །གཙང་གདང་བ་ནི་གཙང་གདང་བའོ། །གནོད་པ་ནི་ནད་དོ། །སྐྱོན་ནི་འཚེ་བའོ། །འདི་ནི་གོས་ལ་སོགས་པ་གཙང་བ་སྟེ། དེ་ནི་དེ་དག་ལ་རྟགས་བཅུ་ཅིག་པའོ། །སེམས་ཅན་གཞན་དག་གིས་ཞེས་བྱ་བ་ནས། འཕགས་པ་ཡིན་ནོ་ཞེས་བྱ་བ་


DTG089_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་གྱིས་གསུངས་པ། འབྱུང་བ་ནི་སྐྱེ་བ་སྟེ་བཟའ་བའི་དོན་དུའོ། །མངོན་པར་འཕགས་པ་ནི་ཁྱད་པར་དུ་འཕགས་པའོ། །འདི་ནི་ལུས་ལ་སྲིན་བུ་རྣམས་མི་འབྱུང་བ་སྟེ། དེ་ནི་དེ་དག་ལ་རྟགས་བཅུ་གཉིས་པའོ། །ཇི་ལྟ་ཇི་ལྟ་བུར་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། སེམས་ལ་བྱ་བ་ཉུང་བ་ནི་འདོད་པ་ཆུང་བ་དང༌། རྣམ་པར་མི་གཡེང་བའི་ཕྱིར་རོ། །སེམས་གྱ་གྱུ་ནི་གྱ་གྱུ་ཉིད་དོ། །གང་སྐྱོན་སྦེད་པར་བྱེད་པ་དེ་ནི་གཡོའོ། །གང་གཞན་སླུ་བར་བྱེད་པ་དེ་ནི་ཡོན་པོའོ། །གཞན་སླུ་བའི་ཕྱིར་དོན་དུ་ཡོན་ཏན་མེད་པ་སྟོན་པ་ནི་རྒྱུའོ། །དེ་དག་སྤངས་པ་ནི་གོ་རིམས་བཞིན་དུ་སེམས་གྱ་གྱུ་མེད་པ་ཉིད་དང༌། སེམས་གྱོ་མེད་པ་ཉིད་དང༌། སེམས་ཡོན་པོ་མེད་པ་ཉིད་དང༌། སེམས་གྱོ་བ་མེད་པ་ཉིད་དོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་སེམས་གྱ་གྱུ་མེད་པའི་སེམས་ཏེ། དེ་ནི་དེ་དག་ལ་རྟགས་བཅུ་གསུམ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདིར་རྙེད་པ་ལ་སོགས་པ་ལྷུར་བྱེད་པ་ཉིད་བཀག་པས་སྦྱངས་པ་ལེན་པ་ཡང་ཉེ་བར་མཚོན་ཏེ། འདི་ནི་སྦྱངས་པའི་ཡོན་ཏན་ཡང་དག་པར་ལེན་པ་སྟེ། དེ་ནི་དེ་དག་ལ་རྟགས་བཅུ་བཞི་པའོ། །ཕྲག་དོག་དང་སེར་སྣ་མང་བ་མ་ཡིན་ནོ་ཞེས་བྱ་བ་ནི་སེར་སྣ་བཟུང་བས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཉེ་བར་མཚོན་པ་ཡིན་ནོ། །འདི་ནི་སེར་སྣ་མེད་པ་ལ་སོགས་པ་སྟེ། དེ་ནི་དེ་དག་ལ་རྟགས་བཅོ་ལྔ་པའོ། །ཆོས་ཟབ་དག་ཅེས་བྱ་བ་ལ་སོགས་པ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་གསུངས་པ་ལ། །སྦྱོར་བ་ནི་ཡང་དག་པར་སྦྱོར་བའོ། །ཆོས་ཉིད་དང་ལྡན་པར་ཐམས་ཅད་དུ་འགྲོ་བར་བྱེད་དེ། འདི་ནི་ཆོས་ཉིད་དང་ལྡན་པར་འགྲོ་བ་སྟེ། དེ་ནི་དེ་དག་ལ་རྟགས་བཅུ་དྲུག་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་གཟུང་བར་བྱའོ་ཞེས་བྱ་བའི་བར་དག་གསུངས་པ་ལ། ཕྱིར་བཤགས་པར་གྱིས་ཤིག་ཅེས་བྱ་བ་ནི་སྡིག་པ་དང་སྡིག་པ་བཤགས་པར་གྱིས་ཤིག་པའོ། །སོ་སོར་སྤོངས་ཤིག་ཅེས་བྱ་བ་ནི་སོ་སོར་ངེས་པས་བསྟེན་པ་ཉིད་དུ་ཡོངས་སུ་སྤོངས་ཤིག་པའོ། །དེ་ལྟར་བྱས་ནས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བཏང་བ་ཡོད་ནའོ། །དེ་ལྟར་ཡང་ཞེས་བྱ་བ་ནི་དེ་ལྟ་བུར་བདུད་ཀྱིས་བསྟན་པ་ནའོ། །ལྷག་མ་ནི་རྟོགས་སླའོ། །སེམས་ཅན་དོན་དུ་


DTG089_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་ཚོལ་བའང་རྟོགས་པར་སླའོ། །འདི་ནི་སེམས་ཅན་གྱི་དོན་དུ་དམྱལ་བ་ཚོལ་བ་སྟེ་དེ་ནི་དེ་དག་ལ་རྟགས་བཅུ་བདུན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་སོ་སོར་བཤགས་པར་གྱིས་ཤིག་པ་ནི་སོ་སོ་སོ་སོར་ཅིག་པའོ། །གང་ཡོངས་སུ་བཟུང་བའི་སེམས་དང་བྱང་ཆུབ་ཀྱི་སེམས་དང་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་དག་ཡོངས་སུ་སྤོངས་ཤིག །ཡང་དག་པ་མ་ཡིན་པ་རྣམ་པ་སྣ་ཚོགས་སྨྲས་པ་ནི་སྙན་དང་གས་མཁན་ནོ། །དེའི་ལས་ནི་སྙན་དང་གས་སོ། །ཕྱིར་མི་ལྡོག་པའི་ཁམས་ནི་རང་བཞིན་ནོ། །ཕྱིར་མི་ལྡོག་པ་ནི་ཆོས་ཅན་དུ་ཞེས་བྱ་བ་འོག་མ་དང་སྦྱར་རོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་གཞན་གྱིས་བཀྲི་བར་མི་བཏུབ་པ་སྟེ་དེ་ནི་དེ་དག་ལ་རྟགས་བཅོ་བརྒྱད་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། འཁོར་བ་ན་སྤྱོད་པ་ཞེས་བྱ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ལམ་སྟོན་པར་བྱེད་དེ། ཁྱོད་འདི་ཉིད་དུ་ཞེས་བྱ་བ་ལ་སོགས་པས་ནི་ཉན་ཐོས་ལ་སོགས་པའི་ལམ་དུ་འཛིན་པར་བྱེད་དོ། །མི་འགྲུབ་པར་འགྱུར་ཞེས་བྱ་བ་ནི་ཚེ་ཟད་པའོ། །ནི་ཞེས་བྱ་བའི་སྒྲས་ནི་རྣམ་པར་རྟོག་པས་ཏེ། འདི་ཉིད་དུ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའམ། ཡང་ན་ཀྱེ་མ་ཞེས་བྱ་བ་ལ་སོགས་པའོ། །སེམས་མེ་འཁྲུགས་མི་གྱོ་ཞེས་བྱ་བ་ནི་བདུད་ཀྱིས་སྨྲས་པ་ཉིད་དུ་ཤེས་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ལམ་གཞན་ཉེ་བར་སྟོན་པའི་བདུད་ལ་བདུད་ཅེས་བྱ་བར་རྟོགས་པ་སྟེ། དེ་ནི་དེ་དག་ལ་རྟགས་བཅུ་དགུ་པའོ། །གལ་ཏེ་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། འབྲལ་བར་བྱེད་པ་ནི་ཐེག་པ་ཆེན་པོ་གཏོང་བའོ། །དེའི་དོན་གྱི་ཚིག་དག་ནི་འབྲལ་བར་བྱེད་པའི་ཚིག་གོ །དེ་གཞན་ལས་ཞེས་བྱ་བ་ནི་བདུད་ལ་སོགས་པ་ལས་སོ། །ཐོས་ནས་སེམས་ཡོངས་སུ་མི་ཉམས་ཏེ་ཞེས་བྱ་བ་དང་སྦྱར་ཏེ། མི་གྱོ་བ་ཞེས་བྱ་བའི་དོན་ཏོ། །གང་ལས་ཤེ་ན། ཆོས་ཉིད་ལས་ཞེས་བྱ་བ་སྟེ། ཆོས་ཉིད་ནི་ཆོས་ཉིད་དོ། །ཐེག་པ་ཆེན་པོ་ནི་སྤྱོད་པའོ། །དེ་ལས་མི་ལྡོག་པ་ཞེས་བྱ་བ་ནི་རྒྱབ་ཀྱིས་བལྟས་པར་མི་འགྱུར་བའོ། །གཞན་དུ་མི་འགྱུར་བ་ནི་ཕྱིན་ཅི་ལོག་པ་སྟེ། ཐེག་


DTG089_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པ་དམན་པ་ལས་གུད་པར་མི་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ཅེས་བྱ་བ་ནི་འབྲལ་བར་བྱེད་པའི་ཚིག་རྣམས་སོ། །ན་ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་བདུད་ཀྱི་ལས་རྣམས་ཤེས་ན་གནས་མ་ཡིན་ཞེས་བྱ་བ་འོག་མ་དང་སྦྱར་རོ། །དེ་ལྟར་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་བསྔགས་པའོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་ནི་སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། དེ་ནི་དེ་དག་ལ་རྟགས་ཉི་ཤུ་པའོ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས་བྱ་བ་ནི་མཇུག་ཡིན་ཏེ། དྲོད་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་གང་རྟགས་ཉི་ཤུ་པོ་འདི་དག་གིས་མཚོན་པ་དེ་ནི་རྫོགས་པའི་བྱང་ཆུབ་ལས་ནི་མི་ལྡོག་པ་ཡིན་ཏེ། དེ་ནི་ཕྱིར་མི་ལྡོག་པ་ཞེས་བྱ་བའི་དོན་ཏོ། །མཐོང་བའི་ལམ་ལ་གནས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེ་གང་ཡིན་ཞེ་ན། བཟོད་པའི་སྐད་ཅིག་དང༌། ཤེས་པའི་སྐད་ཅིག་བཅུ་དྲུག་གོ །བཅུ་དྲུག་གང་ཞེ་ན། གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་ལ་སྤྱོད་པ་ཐབས་མཁས་དང༌། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །འཚོ་བ་རྣམ་པར་དག་ཉིད་དང༌། །ཕུང་སོགས་བར་ཆད་བྱེད་རྣམས་དང༌། །ཚོགས་དང་དབང་སོགས་བཅས་པ་ཡི། །གཡུལ་གཡེང་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང༌། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་བྱ་བ་གསུངས་ཏེ། གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ།


DTG089_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཆོས་དེ་ཡང་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་སྟེ། མི་དམིགས་པ་ཞེས་བྱ་བ་ལ་སོགས་པའོ། །འདིར་ནི་དམིགས་པ་ཉིད་མངོན་པར་འདུ་བྱེད་པའོ། །དེ་ཉིད་མི་སྐྱེད་པ་སྟེ། འདི་ལ་མི་སྐྱེད་པ་ཤེས་པའི་བཟོད་པ་ཡོད་པ་ཞེས་འབྲུ་མང་པོ་པར་བྱའོ། །གཟུགས་ལ་སོགས་པའི་འདུ་ཤེས་ལས་ལྡོག་པ་སྟེ། འདི་ནི་མཐོང་བའི་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རྟགས་ཏེ་དང་པོའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། མོས་པ་ལྡོག་པར་བྱེད་ཅེས་བྱ་བ་ནི་མོས་པ་དང་བྲལ་བར་བྱེད་པའོ། །ཤེས་པར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་སོ། །ཉོན་མོངས་པ་ནི་རྣམ་པར་ཉམས་པའོ། །བྲལ་བར་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་དང་བྲལ་བར་བྱེད་པའོ། །དེ་ལ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལའོ། །སེམས་བརྟན་པ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སེམས་བརྟན་པའོ། །འདི་ནི་མཐོང་བའི་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་རྟགས་ཏེ་གཉིས་པའོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་འགྱུར་བ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་ཏེ། འདི་ནི་ཐེག་པ་དམན་པ་ལས་རྣམ་པར་ལྡོག་སྟེ། དེ་ནི་མཐོང་བའི་ལམ་གྱི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་རྟགས་ཏེ་གསུམ་པའོ། །དེ་དག་འདོད་ན་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། འདི་ནི་བསམ་གཏན་ལ་སོགས་པའི་ཡན་ལག་ཡོངས་སུ་ཟད་པ་ནི་འདོད་པར་སྐྱེད་པའི་བགེགས་ཉམ་ཆུང་བར་བྱེད་པ་སྟེ། དེ་ནི་མཐོང་བའི་ལམ་གྱི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་རྟགས་བཞི་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། དྲན་བཞིན་དུ་འགྲོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། འདིར་མིང་ལ་ཆེད་ཆེར་འཛིན་པ་མ་ཡིན་ཞེས་བྱ་བས་ནི་སེམས་ཡང་པ་ཉིད་དོ། །དེ་འགྲོ་འམ་ཞེས་བྱ་བ་ལ་སོགས་པས་ནི་ལུས་ཡང་བ་ཉིད་དོ། །དེ་གཉི་ག་ནི་མཐོང་བའི་ལམ་གྱི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའི་རྟགས་ཏེ་ལྔ་པའོ། །དེ་གལ་ཏེ་ཁྱིམ་ན་ཞེས་བྱ་བ་ནས། །ཡོངས་སུ་སྤྱོད་དོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། ཇི་ལྟར་ཇི་སྐད་གསུངས་པའི་འདུ་ཤེས་ནི་ཐབས་ཏེ། །


DTG089_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དེ་དང་ལྡན་པས་འདོད་པ་ལ་སྤྱོད་པ་དེ་ནི་མཐོང་བའི་ལམ་གྱི་ཀུན་འབྱུང་ལ་ཆོས་ཤེས་པའི་རྟགས་ཏེ་དྲུག་པའོ། །འདོད་པའི་ཡོན་ཏན་ལྔ་པོ་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། ཡིད་བདེ་བ་ལྷག་པར་སྐྱེད་པར་བྱེད་པས་ན་དགའ་བའི་རང་བཞིན་ཅན་ནོ། །བདེ་བ་ལྷག་པར་སྐྱེད་པར་བྱེད་པས་ན་བདེ་བའི་རང་བཞིན་ཅན་ནོ། །དོན་དུ་མི་གཉེར་ཞེས་བྱ་བ་ནི་གཟུགས་མེད་པ་ལ་རབ་ཏུ་ཆགས་པ་མེད་པ་ལྟར་རྟག་ཏུ་དོན་དུ་མི་གཉེར་བའོ། །མཉམ་པ་དང་མི་མཉམ་པས་འཚོ་བར་མི་བྱེད་ཅེས་བྱ་བ་ནི་རིགས་པ་དང༌། རིགས་པ་མ་ཡིན་པས་མི་བྱེད་པའོ། །ཇི་ལྟར་འཚོ་བར་བྱེད་ཅེ་ན། ཆོས་འབའ་ཞིག་ཅེས་བྱ་བ་གསུངས་ཏེ། །གནོད་པ་ནི་སྡུག་བསྔལ་ལོ། །ཐར་པའི་ཆ་དང་མཐུན་པ་ལྔ་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང༌། མཐོང་བའི་ལམ་གྱི་སྐད་ཅིག་མ་བདུན་གྱིས་སྐྱེས་བུ་དམ་པ་ལ་སོགས་པ་ཚིག་བཅུ་དྲུག་གོ །འདི་ནི་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དེ། དེ་ནི་མཐོང་བའི་ལམ་གྱི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའི་རྟགས་ཏེ་བདུན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ་སྔགས་ཀྱི་རིགས་ནི་སྔགས་ཀྱི་ཁྱད་པར་ཏེ་ལྷ་ཕོ་རྣམས་ཀྱིའོ། །རྩི་ནི་འབྲས་བུ་སྨིན་པའི་མཐའོ། །ལྷ་མོའི་སྔགས་ནི་རིག་སྔགས་སོ། །སྨན་ནི་སྨན་ནོ། །སོགས་པའི་སྒྲས་ནི་འཁྲུལ་འཁོར་དང༌། རྒྱུད་ལ་སོགས་པ་ཡོངས་སུ་གཟུང་ངོ༌། །རྩོད་པ་ནི་ལུས་ཀྱི་རྩོད་པའོ། །རྒོལ་བ་ནི་ངག་གི་ལས་སོ། །འདི་ནི་འཚོ་བ་རྣམ་པར་དག་པ་སྟེ། དེ་ནི་མཐོང་བའི་ལམ་གྱི་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་རྟགས་ཏེ་བརྒྱད་པའོ།།དགུ་པ་ལ་སོགས་པ་སྐད་ཅིག་མ་ལྔའི་དབང་དུ་བྱས་ཏེ་བསྟན་བཅོས་ལས། །ཕུང་སོགས་བར་ཆད་བྱེད་རྣམས་དང༌། །ཚོགས་དང་དབང་སོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །ཞེས་བྱ་བ་གསུངས་ཏེ། སྦྱོར་བ་ནི་མངོན་པར་ཞེན་པ་དང་བཅས་པ་མངོན་པར་སྒྲུབ་པའོ། །རྗེས་སུ་སྦྱོར་བ་ནི་མངོན་པར་ཞེན་པ་མེད་པ་ལ་འཇུག་པའོ། །དེ་ལ་གནས་པ་ནི་དེ་དག་ལ་གནས་པའོ། །དེ་དང་ལྡན་པའི་ཏིང་ངེ་


DTG089_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དེ་བཀག་པའོ། །མ་ཡིན་ཞེས་བྱ་བ་ནི་དགག་པ་དང༌། འབྲེལ་བའི་དོན་ཏེ་དེ་ཡང་གནས་པའོ། །ཕུང་པོ་ལ་སོགས་པ་ནི་དངོས་པོའོ། །བར་ཆད་བྱེད་པ་ནི་གཉིས་པའོ། །ཚོགས་ནི་གསུམ་པའོ། །དབང་པོ་ལ་སོགས་པའི་གཡུལ་འགྱེད་པ་ནི་བཞི་པའོ། །སེར་སྣ་ལ་སོགས་པ་ནི་ལྔ་པའོ། །དེ་ལ་རེ་ཞིག་བཞི་ནི། གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་མ་བྲལ་བར་གནས་ཏེ་ཞེས་བྱ་བའི་བར་དུ་གསུངས་པ་ལ། དེ་དག་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་དང་རྗེས་སུ་སྦྱོར་བ་ནི་སྦྱོར་བ་དང་རྗེས་སུ་སྦྱོར་བའོ། །དེ་དང་རྗེས་སུ་སྦྱོར་བ་ནི་དེ་དང་ལྷན་ཅིག་སྦྱོར་བ་སྟེ། རྗེས་སུའི་སྒྲ་ནི་ལྷན་ཅིག་པའི་དོན་ཏོ། །དེ་ནི་མི་གནས་སོ་ཞེས་བྱ་བ་དང་སྦྱར་རོ། །འདིར་ཐར་པ་ནི་ཡུམ་ཆེན་མོ་དག་ལས་འདི་ལྟར་སྟོང་པ་ཉིད་ལ་གནས་ནས་ཆོས་གང་ལ་ཡང་དམན་པ་ཉིད་དམ་ཁྱད་པར་དུ་འཕགས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གསུངས་སོ། །འདི་ལས་ཚིག་གཉིས་ཀྱིས་གསུངས་པ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་ཉོན་མོངས་པ་མེད་པར་འོས་ན་འདུ་འཛིའི་གཏམ་ལ་དགའ་བ་སྟེ། གཏམ་གྱི་ཡུལ་ཡིན་པའི་ཕྱིར་འདུ་འཛི་ལ་དགའ་བ་ཉིད་དོ། །དེ་ཉིད་མེད་དེ་གཏམ་ཙམ་ཡིན་པའི་ཕྱིར་གཏམ་མོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཁྱད་པར་གྱུར་པའི་ཕྱིར་ཀུན་ནས་ཉོན་མོངས་པ་འགོག་པའི་རྒྱལ་པོའོ། །དེ་ཉིད་གཏམ་ཡིན་ཏེ་མངོན་སུམ་དུ་བྱ་བ་མ་ཡིན་པས་གཏམ་ཙམ་ཡིན་པའི་ཕྱིར་གཏམ་མོ། །འདི་ཉིད་ཀྱི་གཏམ་གྱི་དོན་ཅི་རིགས་པར་འདིར་ཡང་སྦྱར་རོ། །ཕུང་པོ་ལ་སོགས་པའི་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་ལ་གནས་པ་དང། བྲལ་བ་སྟེ། དེ་ནི་མཐོང་བའི་ལམ་གྱི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའི་རྟགས་ཏེ་དགུ་པའོ། །སྒྲིབ་པ་ལྔ་ནི་རྐུན་པོ་སྟེ། དགེ་བའི་ནོར་འཕྲོག་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འདི་ནི་མཐོང་བའི་ལམ་གྱི་འགོག་པ་ལ་ཆོས་ཤེས་པའི་རྟགས་ཏེ་བཅུ་པའོ། །དགེ་བའི་ཆོས་ནི་ཚོགས་ཏེ་ལྷག་མ་ནི་སྔ་མ་བཞིན་ནོ།།འདི་ནི་མཐོང་བའི་ལམ་གྱི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའི་རྟགས་ཏེ་བཅུ་གཅིག་པའོ།།དམག་དེས་མི་མཐུན་པའི་གནོད་པར་བྱེད་པའི་འཐབ་མོའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འཐབ་པ་ཡོད་ན་འགོག་པ་འཐོབ་སྟེ། འགོག་པ་ནི་མྱ་ངན་ལས་འདས་པའི་


DTG089_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བའོ། །དེ་ཡང་གང་ཞེ་ན། ལུས་དང་གནས་དང༌། ལོངས་སྤྱོད་དུ་སྣང་བའི་རྣམ་པར་རིག་པ་རྣམས་ལོག་པའོ། །དེ་བས་ན་ལུས་ལ་སོགས་པ་ལ་རྣམ་པར་མི་རྟོག་པའི། །གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། ལྗོངས་དང༌། ཡུལ་འཁོར་དང༌། རྒྱལ་པོའི་ཕོ་བྲང་འཁོར་གྱི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་ཞེས་བྱ་བའམ། དེ་ལ་མིག་ལ་སོགས་པ་ལྔའི་ལུས་ནི་གྲོང་སྟེ། དབང་པོའི་གྲོང་ཉིད་ཡིན་པའི་ཕྱིར་རོ། །ལུས་ཀྱི་གཞི་ཡིན་པའི་ཕྱིར་གནས་ནི་གྲོང་ཁྱེར་རོ། །དབང་པོ་དྲུག་གིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་གྲོང་རྡལ་ནི་ལོངས་སྤྱོད་དེ་ཡུལ་ལྔའོ། །ལྗོངས་ལ་སོགས་པ་ནི་གནས་ཀྱི་ཁྱད་པར་རོ། །བདག་དང་བདག་གི་རྣམ་པར་རྟོག་པ་ཟད་པ་ཡོད་ན་ཐར་པ་སྟེ། དེའི་ཕྱིར་བདག་གི་རྣམ་པར་རྟོག་པའི་དབང་དུ་བྱས་ནས། བདག་གི་གཏམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་གི་བའི་རྣམ་པར་རྟོག་པའི་དབང་དུ་བྱས་ནས། བློན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།།འདི་མན་ཆད་གཏམ་གསུམ་གྱིས་ནི་ཅི་རིགས་པར་བདག་གི་བའི་རྣམ་པར་རྟོག་པ་དང༌། ལོངས་སྤྱོད་ཀྱི་རྣམ་པར་རྟོག་པ་དང༌། གནས་ཀྱི་རྣམ་པར་རྟོག་པར་རིག་པར་བྱའོ། །གལ་ཏེ་དེ་ལྟ་དེ་ལྟར་གནས་པར་མི་བྱ་ན། འོ་ན་ཇི་ལྟར་གནས་པར་བྱ་ཞེ་ན། གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་གཏམ་ལ་སོ་སོར་བརྟག་པར་བྱ་བའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཐམས་ཅད་དུ་ཆོས་ཉིད་དང་མཉམ་པ་ཉིད་དུ་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་དང་ལྡན་པ་ཉིད་དུ་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སོ། །འདི་ནི་དབང་པོ་དང་ཡུལ་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་དང་ལྡན་པའི་གནས་པ་དང་བྲལ་བ་སྟེ། དེ་ནི་མཐོང་བའི་ལམ་གྱི་འགོག་པ་ལ་རྗེས་སུ་ཤེས་པའི་རྟགས་ཏེ་བཅུ་གཉིས་པའོ། །བསྟན་བཅོས་ལས། སེར་སྣ་ལ་སོགས་པ་ཞེས་བྱ་བ་ནི་ཡུམ་ཆེན་མོ་དག་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དག་ལ་སྤྱོད་ན། སེར་སྣའི་གཏམ་གྱི་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་ཞེས་བྱ་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་འཆལ་


DTG089_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ་ཀྱི་གཏམ་གྱི་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་ཞེས་བྱ་བ་གསུངས་སོ། །དེ་འདིར་ནི་དེ་དག་འཐབ་མོ་དང༌། མཚང་འདྲུ་བ་དང༌། རྩོད་པ་དང་རྒོལ་བའི་གཏམ་གྱི་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་སོ་ཞེས་གསུངས་ཏེ། སེར་སྣ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ཡིན་པའི་འཐབ་མོའོ། །མཚང་འདྲུ་བ་ལ་སོགས་པ་ནི་གཉེན་པོའི་ཕྱོགས་ཡིན་པའི་ཕྱིར་སྦྱིན་པ་ལ་སོགས་པའོ། །གང་གི་ཚེ་འདི་གཉི་ག་ལ་ཡང་སེམས་ལ་སྟོབས་མཉམ་པར་སྤྱོད་པ་དེའི་ཚེ་རྩོད་པའོ། །གང་གི་ཚེ་གཉེན་པོས་མི་མཐུན་པའི་ཕྱོགས་ཉམ་ཆུང་བར་བྱས་པ་དེའི་ཚེ་རྒོལ་བའོ། །རྩོད་པ་དང༌། རྒོལ་བ་དེ་དག་ཉིད་ཀྱང་གཏམ་སྟེ། རྣམ་པར་རྟོག་པ་ཉིད་ཡིན་པའི་ཕྱིར་ཏེ། དེ་ལ་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་པའོ། །མི་འབྱེད་པ་ནི་མཉམ་པ་ཉིད་དུ་ཤེས་པས་སོ། །འབྱེད་པ་ནི་སྣ་ཚོགས་ཉིད་དུ་རྣམ་པར་རྟོག་པས་སོ། །ཆོས་སྨྲ་ཞིང་མཛའ་བར་འདོད་པ་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་ནི་རྟོགས་པར་སླའོ། །འདི་ནི་མཐོང་བའི་ལམ་གྱི་ཆོས་ཤེས་པའི་བཟོད་པའི་རྟགས་ཏེ་བཅུ་གསུམ་པའོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་ལུང་མ་བསྟན་པར་རིག་པར་བྱ་བའི་བར་དུ་གསུངས་པ་ལ། འདིས་ནི་ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། རང་གིས་ལ་ངེས་པ་ཉིད་ཅེས་བྱ་བ་དེ་གསུངས་ཏེ། དེས་ཆོས་རྡུལ་ཙམ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གང་གི་ཕྱིར་ལྡོག་པ་དེ་ནི་རང་གི་ས་ལ་ཕྱིར་མི་ལྡོག་གམ་དེ་ལྟ་མ་ཡིན་ཞེས་ཐེ་ཚོམ་མེད་དེ། ཐེ་ཚོམ་ནི་སོམ་ཉིའོ། །ཡང་དག་པར་ཞུམ་པ་ཞེས་བྱ་བ་ནི་སྤྲོ་བ་མེད་པའོ། །མཚམས་མེད་པའི་སེམས་ཞེས་བྱ་བ་ལ། མཚམས་མེད་པ་ནི་མཚམས་མེད་པ་ལྔའོ། །གསལ་བ་ནི་རྣམ་པ་ཐམས་ཅད་དུ་བཏང་བའོ། །གནོད་པ་ནི་ཉམ་ཆུང་བར་བྱས་པའོ། །ཕྱིར་མི་ལྡོག་པའི་སེམས་ནི་བདག་ཉིད་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པའོ། །མི་འཕྲོགས་པ་ནི་གཞན་གྱིས་མི་བཀྲི་པའོ། །འདི་ནི་རང་གི་ས་ལ་ཕྱིར་མི་ལྡོག་པ་ཉིད་དུ་བསྟན་ཞིང་ངེས་པ་ཉིད་དེ། དེ་ནི་མཐོང་བའི་ལམ་ལ་ཆོས་ཤེས་པའི་རྟགས་ཏེ་བཅུ་བཞི་པའོ། །ས་གསུམ་ལ་ནི་གནས་པ་དང༌། བདུད་ཀྱི་ལས་དང་དེ་བཞིན་གཤེགས་པའི་གསུང་གཞན་མ་ཡིན་པ་ཉིད་དང༌།


DTG089_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་སྟེ། གནས་གསུམ་ནི་ས་གསུམ་མོ། །དེ་ལ་ལྷག་པར་ཡང་དག་པར་ངེས་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། འདི་ཉིད་དུ་ཞེས་བྱ་བ་ནི་ཚེ་འདི་ལའོ། །འདི་ནི་དེ་བཞིན་གཤེགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་ཞེས་བྱ་བ་འོག་མ་དང་སྦྱར་བར་བྱའོ། །དེ་ལས་གཞན་དུ་མ་ཡིན་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་པར་འགྱུར་རོ་ཞེས་དོན་གྱིས་རྟོགས་པར་འགྱུར་བ་ཁོ་ནའོ། །སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ནི་སངས་རྒྱས་ཀྱི་སྤྲུལ་པའོ། །ཡོད་པ་ལས་ན་ཁོ་ན་ཉིད་ཀྱི་དོན་ཏོ། །འདི་ནི་ས་གསུམ་ལ་གསས་ཏེ། དེ་ནི་མཐོང་བའི་ལམ་ལ་རྗེས་སུ་ཤེས་པའི་རྟགས་བཅོ་ལྔ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་དུ་གསུངས་པ་ལ། བདག་གི་ལུས་ཀྱང་ཡོངས་སུ་གཏོང་བ་ནི་འཚོ་བ་ལ་སོགས་པའོ། །སྲོག་ཀྱང་ཡོངས་སུ་གཏོང་བ་ནི་འཆི་བའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཤད་པའི་ཆོས་ནི་དམ་པའི་ཆོས་ཏེ་སྟོང་པ་ཉིད་དོ། །སྐྱེས་བུ་གཏི་མུག་ཅན་ཁ་ཅིག་ནི་འདོར་བར་བྱེད་དོ། །འདི་ནི་བདག་དང་གཞན་ཡོངས་སུ་གཟུང་བའི་ཕྱིར། སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་པ་དེ་ནི་གང་སངས་རྒྱས་ལ་དགའ་བ་དང་གུས་པར་བྱེད་པ་དེ་བཞིན་དུ་ཆོས་ལ་ཡང་བྱེད་དེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ་ཞེས་ཤེས་པར་བྱེད་པའི་ཕྱིར་ཏེ་བདག་ཉིད་ཀྱང་སངས་རྒྱས་པ་ཉིད་དུ་མཐོང་བའི་ཕྱིར་རོ། །ཉན་ཐོས་ཆོས་སྟོན་པ་ལ་ཡང་ཞེས་བྱ་བ་ཡང་མཚོན་པ་སྟེ། བྱང་ཆུབ་སེམས་དཔའ་དང༌། ལྷ་ལ་སོགས་པ་ཡང་ངོ༌། །ལྷག་མ་ནི་རྟོགས་པར་སླའོ། །འདི་ནི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་སྟེ། དེ་ནི་མཐོང་བའི་ལམ་གྱི་ལམ་ལ་རྗེས་སུ་ཤེས་པའི་རྟགས་བཅུ་དྲུག་པའོ། །འདི་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་བྱ་བ་ནི་མཇུག་བསྡུ་བའོ། །ཕྱིར་མི་ལྡོག་པའི་རྣམ་པ་དང༌། རྟགས་དང་མཚན་མ་གང་ཡིན་པ་དེ་དག་གསལ་བར་བྱེད་པའི་ལེའུ་ནི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་


DTG089_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅུ་བདུན་པའོ།། །།ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང༌། མཐོང་བའི་ལམ་གང་གི་ཕྱིར་མི་ལྡོག་པའི་རྟགས་དང་གྲངས་ཀྱི་ཁྱད་པར་བསྟན་ནས། བསྒོམ་པའི་ལམ་ནི་ཟབ་པ་ཡིན་པ་དེ་ལ་གཉི་ག་ཡང་བརྗོད་པར་མི་ནུས་ཏེ། དེའི་ཕྱིར་བསྟན་བཅོས་ལས། བསྒོམ་པའི་ལམ་ནི་ཟབ་པ་སྟེ་ཞེས་པ་འདི་ཉིད་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་རང་སངས་རྒྱས་ཀྱིས་མི་འཕྲོགས་སོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། བཅོམ་ལྡན་འདས་ངོ་མཚར་ཏོ་ཞེས་བྱ་བ་ནི་ཚིག་གཅིག་གིས་སོ། །ཇི་ཞིག་ངོ་མཚར་བ་ཡིན་ཞེ་ན་ཡོན་ཏན་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཡོན་ཏན་ཆེན་པོ་ནི་ཚོགས་ཏེ་མཆོག་ཏུ་ཟབ་པས་བསྐལ་པ་གྲངས་མེད་པ་གཉིས་སུ་རྒྱུན་མ་ཆད་པར་འབད་པས་ཐོབ་པས་སོ། །དེ་ཉིད་ཀྱི་ཁྱད་པར་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་ཚད་མ་མཆིས་པའོ། །གྲངས་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་དཔག་ཏུ་མ་མཆིས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའོ། །ཕྱིར་མི་ལྡོག་པ་ཞེས་བྱ་བ་ནི། །བསྒོམ་པའི་ལམ་ལ་གནས་པའོ། །གྲངས་ལས་འདས་པས་མཐའ་ཡས་པའོ། །མཆོག་ཏུ་རྒྱ་ཆེ་བའི་ཕྱིར་མུ་མེད་པའོ། །མི་འཕྲོགས་པ་ནི་ཡང་དག་པའི་ཡེ་ཤེས་ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ཀྱང་བཟུང་བ་མ་ཡིན་ནོ། །འདི་ནི་བསྒོམ་པའི་ལམ་ཟབ་པའོ། །རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྤྱོད་པ་ནི་ནུས་པའོ། །སྟོན་ཀྱང་སེམས་ཅན་གྱི་དོན་དུ་མི་འགྱུར་རོ་ཞེས་དགོངས་སོ། །དེ་ལས་ཅི་ཞིག་སྟོན་ཞེ་ན། དེ་ཁོ་ནའི་སླད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁོ་ན་ནི་རིམ་པ་བཞིན་དུ་སྦྱར་ཏེ་དེའི་ཕྱིར་གནས་ཤེས་པའི་འོག་དུ་བལྟ་བར་བྱའོ། །ཟབ་མོ་ཟབ་ཅེས་བྱ་བ་ནི་ཟློས་པའི་དོན་ཏེ། གནས་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱི་དམིགས་པ་སྟེ། ཤེས་རབ་ཁི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྟེ། དེའི་རྟེན་ཞེས་བྱ་བའི་དོན་ཏོ། །སྟོན་ཏོ་ཞེས་བྱ་བ་ནི་བསྟན་པར་བྱའོ། །འདི་ནི་རབ་འབྱོར་གྱིས་གསོལ་བ་བཏབ་པའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པ་དང༌། །བརྩམས་པ་ནི་ཞེས་བྱ་བ་ནི་དང་པོར་སྟོན་པའོ། །ཤེས་པར་བྱ་བར་


DTG089_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཅེས་བྱ་བ་ནི་བསྒོམ་པའི་ལམ་ལ་སྦྱོར་བར་འདོད་པའོ། །འདི་ནི་བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་པའོ། །དེས་བསྟན་བཅོས་ལས། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་བྱ་བ་གསུངས་ཏེ། དེའི་ཟབ་པ་ནི་ཟབ་པའི་དངོས་པོའི་སྟེ། གང་གི་ཕྱིར་དེ་ཟབ་མོར་འགྱུར་བ་དེ་ཡང་སྟོང་པ་ཉིད་དང༌། མཚན་མ་མེད་པ་ལ་སོགས་པ་ལམ་གྱི་དམིགས་པ་ཟབ་པ་ནི་ཟབ་ཅེས་བྱ་བར་དགོངས་སོ། །དེའི་དམིགས་པ་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། །སྟོང་པ་ཉིད་ལ་སོགས་པ་ཡང་ཟབ་པ་ཉིད་དེ། གང་ལ་སྒྲོ་འདོགས་པའི་མཐའ་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་པ་བསྟན་པའི་ཕྱིར་རབ་འབྱོར་ཟབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྣང་བའི་ཆོས་ཐམས་ཅད་ནི་མེད་ལ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ནི་སྟོང་པ་ཉིད་དོ། །དེ་ཉིད་ནི་མཚན་མ་མེད་པ་སྟེ། དེ་རིག་པས་མཚན་མ་འགོག་པའི་ཕྱིར་རོ། །དེ་ཉིད་ནི་སྨོན་པ་མེད་པ་སྟེ་དེ་རིག་པས་ཁམས་གསུམ་དུ་སྨོན་པ་མེད་པའི་ཕྱིར་རོ། །དེ་ཉིད་ནི་མངོན་པར་འདུ་མི་བྱེད་པ་སྟེ། དེ་དག་ཀྱང་སྲིད་པའི་དོན་དུ་ལས་མི་བྱེད་པའི་ཕྱིར་རོ། །དེ་ཉིད་མ་བྱུང་བ་སྟེ། དེ་དག་དེ་ལས་མི་སྐྱེད་པའི་ཕྱིར་རོ། །དེ་ཉིད་མ་སྐྱེས་པ་སྟེ། རང་བཞིན་གྱིས་སྐྱེ་བ་མེད་པ་ཉིད་ཤེས་པའི་ཕྱིར་རོ། །དེ་ཉིད་ནི་དངོས་པོ་མེད་པ་སྟེ། །རྫེས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་འདོད་ཆགས་དང་བྲལ་བ་སྟེ། དེ་རིག་པས་ཉོན་མོངས་པའི་བག་ལ་ཉལ་མི་སྐྱེད་པའི་ཕྱིར་རོ། །དེ་ཉིད་ནི་འགོག་པ་སྟེ། དེ་དག་གི་ཡང་སྲིད་པ་འགོག་པའི་ཕྱིར་རོ། །དེ་ཉིད་ནི་མྱ་ངན་ལས་འདས་པ་སྟེ། །དེའི་བག་ཆགས་འགོག་པའི་ཕྱིར་རོ། །དེ་ཉིད་ནི་མེད་པར་གྱུར་པ་སྟེ། དེ་དག་གི་ཟག་པ་དང་བཅས་པའི་ཕུང་པོ་ཞིག་པའི་ཕྱིར་རོ། །འདི་ནི་སྟོང་པ་ཉིད་ལ་སོགས་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནི་ཟུར་གྱིས་ཞུས་པའི་དོན་ཏོ། །ཆོས་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པ་རྣམས་སོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་དང༌། ཁམས་ལ་སོགས་པའོ། །བྱིས་པས་གཟུང་བར་བྱ་བའི་གཟུགས་ལ་སོགས་པ་དེ་ཇི་ལྟར་ཟབ་ཅེ་ན་རང་ཉིད་ཀྱིས་དྲིས་པ་ནི། རབ་འབྱོར་


DTG089_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་གཟུགས་ཟབ་ཅེས་བྱ་བ་ལ་སོགས་པའོ། །རབ་འབྱོར་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ལན་ནོ། །གང་གི་དེ་བཞིན་ཉིད་ཡིན་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསལ་བར་བྱ་བའི་ཕྱིར་རབ་འབྱོར་གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་ཞེས་བྱ་བ་ནི་གང་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཡོད་པ་ལ་སྟེ། བརྟགས་པའི་གཟུགས་ལ་སོགས་པ་ལས་གཞན་མ་ཡིན་ནོ། །འདི་ནི་གཟུགས་ལ་སོགས་པའི་ཟབ་པ་ཉིད་དོ། །ཆོས་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་སོ། །ཡང་དག་པར་བསྟན་པས་དགའ་སྟེ། རབ་འབྱོར་གྱིས་གསོལ་བ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ་ཞེས་བྱ་བ་ལ་སོགས་པའོ། །ཞིབ་མོར་བྱ་བ་ནི་མཁས་ཤིང་རིག་པས་སོ། །མྱ་ངན་ལས་འདས་པ་བསྟན་པ་ནི་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པ་ལ་ཀུན་དུ་བརྟགས་པ་ཐམས་ཅད་མི་རྣང་བའི་ཕྱིར་རོ། །གཟུགས་ལ་སོགས་པ་ལས་བཟློག་པ་དེ་དག་ནི་དོན་དམ་པར་སྣང་བའི་ཕྱིར་རོ། །དེ་ལ་མྱ་ངན་ལས་འདས་པས་ནི་གཟུགས་ལ་སོགས་པ་སྒྲོ་བཏགས་པའི་མཐའ་ལས་གྲོལ་བ་ཉིད་དོ། །གཟུགས་ལ་སོགས་པ་ལས་བཟློག་པས་ནི་གཟུགས་ལ་སོགས་པ་དེ་ཉིད་ལ་སྐུར་པ་འདེབས་པའི་མཐའ་ལས་གྲོལ་བ་ཉིད་དོ། །འདི་ནི་སྟོང་པ་ཉིད་ལ་སོགས་པའི་ཟབ་པ་ཉིད་དོ། །དེ་ནས་བསྟན་བཅོས་ལས། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་བསྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །མཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་བྱ་བ་གསུངས་སོ། །ཡང་དང་ཡང་ཞེས་བྱ་བ་ནི་རྒྱུན་ནོ། །དེ་བས་ན་རྒྱུན་དང་ལྡན་པའི་སེམས་པ་དང༌། མཇལ་བ་དང༌། ངེས་པར་རྟོག་པའི་རང་གི་ངོ་བོ་ནི་བསྒོམ་པའི་ལམ་མོ། །དམིགས་པ་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། སྟོང་པ་ཉིད་ལ་སོགས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང༌། མཐོང་བའི་ལམ་དང་བསྒོམ་པའི་ལམ་གྱི་རྟེན་ཡིན་ནོ། །གལ་ཏེ་བསྒོམ་པའི་ལམ་དེ་ཉིད་ཇི་ལྟར་ཡུལ་ཡིན་ཞེ་ན། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། བསྒོམ་པའི་ལམ་ནི་རྒྱུན་ཆགས་ཡིན་པར་འདོད་དེ་དེ་ལ་སྔ་མ་ནི་ཡུལ་ཡིན་ལ། ཕྱི་མ་ནི་ཡུལ་ཅན་ཡིན་པས་དེ་ནི་འགལ་བ་མེད་དོ། །འདིར་མདོ་ནི་བཅོམ་


DTG089_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་སྐད་ཅེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་སྟོང་པ་ཉིད་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་དང་ལྡན་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུམ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་དང་ལྡན་པ་ནི་འབྲེལ་པ་སྟེ། འདིའི་གཞི་ཤེས་བྱ་བའི་དོན་ཏོ། །གང་འདི་དག་སེམས་པར་འགྱུར་ངེས་པར་རྟོག་པར་འགྱུར་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ཞེ་ན་དེའི་ཕྱིར་དེ་བཞིན་དུ་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པར་བྱ་ཞེས་བྱ་བ་ནི་སེམས་གཅིག་ཏུ་ངེས་པར་བྱས་པས་སོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་མཇལ་བས་ཞི་གནས་བསྐྱེད་པས་སོ། །བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ངེས་པར་རྟོག་པས་ལྷག་མཐོང་བསྐྱེད་པས་སོ། །བསྟན་པ་ཞེས་བྱ་བ་ནི་གཞུང་ཐོས་པས་སོ། །བསྟན་པ་ནི་དོན་ཐོས་པ་ལས་སོ། །བསྟན་པ་ནི་གསལ་བ་བསྒྲགས་པས་སོ། །རིགས་པ་ནི་བཞི་སྟེ། ལྟོས་པའི་རིགས་པ་ནི་རྒྱུ་ཐམས་ཅད་ལ་ལྟོས་ནས་འབྲས་བུ་སྐྱེ་བའོ། །བྱ་བ་ཉེད་པའི་རིགས་པ་ནི་དེ་དག་ལས་སོ་སོར་འབྲས་བུའི་ཁྱད་པར་བསྐྱེད་པའོ། །འཐད་པ་སྒྲུབ་པའི་རིགས་པ་ནི་ཚད་མས་གང་དག་གི་དོན་སྒྲུབ་པར་བྱེད་པའོ། །ཆོས་ཉིད་ཀྱི་རིགས་པ་ནི་ངོ་བོ་ཉིད་ཀྱིས་ངེས་པའི་ཆོས་རྣམས་ཏེ། མེ་ཉིད་ནི་སྲེག་པར་བྱེད་པ་དང༌། ཆུ་ཉིད་ནི་གཤེར་བར་བྱེད་པ་ཉིད་ལ་སོགས་པ་ལྟ་བུའོ། །འདི་དག་གིས་ཏིང་ངེ་འཛིན་གྱི་དམིགས་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ། མི་གཡེང་བར་གུས་པར་བྱེད་པ་དང༌། རྟག་ཏུ་སྤྱོད་པ་ནི་སེམས་པའོ། །དེ་ཉིད་ལ་ཞི་གནས་རྣམ་པ་དགུས་སེམས་མཉམ་པར་བྱེད་པ་ནི་འཇམ་པའོ། །ཆོས་རྣམ་པར་འབྱེད་པ་དང༌། རྟག་ཏུ་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྟོག་པ་དང༌། ཡོངས་སུ་དཔྱོད་པ་ལ་ཞུགས་པའི་ལྷག་མཐོང་རྣམ་པ་བཞི་ནི་ངེས་པར་རྟོག་པའོ། །དེ་ལ་ཕུང་པོ་ལྔ་ལ་སོགས་པ་ཇི་སྙེད་ཡོད་པ་ཤེས་པ་ནི་རྣམ་པར་འབྱེད་པའོ། །འདི་ཐམས་ཅད་སྟོང་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཡོད་པར་ཤེས་པ་ནི།


DTG089_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་རྣམ་པར་འབྱེད་པའོ། །ཤེས་རབ་དང་བཅས་པ་རྣམ་པར་མི་རྟོག་པའི་ཡིད་ཀྱིས་མཚན་མར་བྱེད་པ་ནི་ཡོངས་སུ་རྟོག་པའོ། །ངེས་པར་རྟོག་པ་ནི་ཡོངས་སུ་དཔྱོད་པ་སྟེ། འདི་ནི་བསྒོམ་པའི་ལམ་གྱི་ངོ་བོ་ཉིད་དོ། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་བྱ་བ་ནི་བསྒོམ་པའི་ལམ་དེ་ནི་རྣམ་པའི་དབྱེ་བས་རྣམ་པ་དགུར་འགྱུར་རོ། །ཡང་ཞེས་བྱ་བས་མཐུན་པའི་ཕྱོགས་ཀྱང་རྣམ་པ་དགུའོ། །ཇི་ལྟ་ཞེ་ན། དེའི་ཕྱིར། ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །ཞེས་བྱ་བ་གསུངས་ཏེ། །ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོ་དང༌། ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་འབྲིང་དང༌། ཆེན་པོའི་ཆེན་པོ་སྟེ། དེས་ན་མི་མཐུན་པའི་ཕྱོགས་ཀྱང་རྣམ་པ་དགུ་ཉིད་དོ། །དེ་ལ་ལམ་ཉིད་ཀྱི་རྣམ་པ་ནི་རྗེས་སུ་མཐུན་པར་སྐྱེ་བར་འགྱུར་རོ། །མི་མཐུན་པའི་ཕྱོགས་དེ་དག་ནི་མི་མཐུན་པར་འགག་པར་འགྱུར་རོ། །ཆེན་པོའི་ཆེན་པོ་དང༌། ཆེན་པོའི་འབྲིང་ནས། ཆུང་ངུའི་ཆུང་ངུའི་བར་དུའོ། །མི་མཐུན་པའི་ཕྱོགས་དེ་ཡང་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བ་སྟེ། ཉོན་མོངས་པའི་རྣམ་པར་རྟོག་པའོ། །ཅི་རིགས་པར་དྲི་མ་རགས་པར་སྔར་བསལ་ནས། ཕྱི་ནས་ཕྲ་བ་སེལ་ཏོ། །དེ་བཞིན་དུ་སེམས་ཀྱི་ཡང་ཡིན་ཏེ། །དེ་ལ་དང་པོ་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །གཉིས་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ནས་ལྔ་ནི་གཞན་ཡང་ཞེས་བྱ་བ་ལྔ་ནས་ཆེས་མང་དུ་བསྐྱེད་དོ་ཞེས་བྱ་བ་ལྔའི་བར་གྱིས་གསུངས་སོ། །ད་ནས་གཉིས་ནི་གཞན་ཡང་ཞེས་བྱ་བ་གཅིག་ནས། རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་རིམ་པས་སོ། །བསྒྲུབ་པ་ན་ཞེས་བྱ་བ་ནི་ཞི་གནས་ཀྱིས་སོ། །ཉེ་བར་སེམས་པ་ན་ཞེས་བྱ་བ་ནི་ལྷག་མཐོང་གིས་སོ། །ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་གཉི་ག་དག་གིས་སོ། །རབ་ཏུ་སྦྱོར་བ་ཞེས་བྱ་བ་ནི་ཞི་གནས་ལ་སོགས་པས་སོ། །རྩོལ་བ་ཞེས་བྱ་བ་ནི་ལྷག་མཐོང་ལ་བརྩོན་པས་སོ། །འབད་པར་བྱེད་པ་ནི་གཉི་ག་ལ་བརྩོན་པས་སོ། །བཅོམ་ལྡན་འདས་རང་ཉིད་ཀྱིས་དྲིས་པ་ནི་ལས་ཅི་ཙམ་


DTG089_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱེད་པར་འགྱུར་ཞེས་བྱ་བའོ། །ཉིད་ཀྱིས་ལན་བཀའ་སྩལ་པ་ནི་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །དང་པོའི་དོན་དུ་འགྱུར་བ་ནི་མཛེས་བའོ། །གཞན་གྱིས་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་གཞན་གྱི་དབང་ངོ༌། །དབང་མེད་པ་ཞེས་བྱ་བ་ནི་ནུས་པ་མེད་པའོ། །འཁོར་བ་ལ་ཞེས་བྱ་བ་ནི་སྐྱེ་བའི་རྒྱུན་འབྱུང་བ་ལའོ། །འདོར་བ་ཞེས་བྱ་བ་ནི་སྤངས་པ་ལའོ། །རྒྱབ་ཀྱིས་ཕྱོགས་པ་ནི་མ་འོངས་པ་མི་འབྱུང་པའི་ཕྱིར་རོ། །མཐར་འབྱིན་པར་བྱེད་དོ་ཞེས་བྱ་བ་ནི་སྔོན་གྱི་མཐའ་དང༌། ཕྱི་མའི་མཐར་འབྱིན་པར་བྱེད་དོ། །ཇི་སྐད་གསུངས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཇི་ལྟར་བཤད་པ་དང༌། ཇི་ལྟར་ཉེ་བར་བསྟན་པ་ཞེས་བྱ་བ་ནི་བཤད་པ་དང་བསྟན་པའོ། །སློབ་པ་ནི་ཞི་གནས་ལའོ། །རྟོག་པ་ནི་ལྷག་མཐོང་གིས་སོ། །ཉེ་བར་སེམས་པ་ནི་གཉི་གས་སོ། །དེ་ལྟར་རྣལ་འབྱོར་དུ་བྱེད་པ་ནི་བསྒོམ་པ་ལ་ཞུགས་པའོ། །འདི་ཙམ་གྱིས་ནི་ལས་གཅིག་བསྟན་ཏོ། །གཉིས་པ་ནི་ཉེས་པ་གང་དག་གིས་ཞེས་བྱ་བ་ནས། རྣམ་པར་སྤོང་ངོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདི་ནི་བསྒོམ་པའི་ལམ་ཆུང་ངུའི་ཆུང་ངུའོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པ་བཞིན་ནོ། །ལས་ཇི་ཙམ་ཞེས་བྱ་བ་ལ་སོགས་པ་ནི་བསྐལ་པ་ཤིན་ཏུ་མང་པོའི་མཐར་ཕྱིན་པར་བྱེད་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཉེས་པ་སྤོང་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་གང་ཞེས་བྱ་བ་ནས་ཁྱད་དུ་འཕགས་སོ་ཞེས་བྱ་བའི་བར་གྱིས་ནི་ཁྱད་པར་དུ་གསུངས་ཏེ། དེ་བས་ན་ཞེས་བྱ་བ་ནི་སྦྱིན་པར་བྱེད་པས་སོ། །འདི་ཉིད་ཁྱད་དུ་འཕགས་པ་ནི་བསོད་ནམས་མང་པོས་ཁྱད་དུ་འཕགས་སོ། །གང་ཞེ་ན་དེའི་ཕྱིར་གང་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་བསྒོམ་པའི་ལམ་གྱི་ཆུང་ངུའི་འབྲིང་ངོ༌། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་སྦྱིན་པ་ནི་གཏོང་པའོ། །རབ་ཏུ་འགོད་པ་ཞེས་བྱ་བ་ནི་ཡིད་ལ་གཅགས་པ་མེད་པའོ། །འདི་ནི་བསྒོམ་པའི་ལམ་གྱི་ཆུང་ངུའི་ཆེན་པོའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། ཡིད་ལ་བྱེད་པ་ནི་གནས་པའོ། །འདི་ནི་བསྒོམ་པའི་ལམ་གྱི་འབྲིང་གི་ཆུང་ངུའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གཉིས་ནི་


DTG089_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་སླའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་སྦྱིན་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བའོ། །འདི་ནི་བསྒོམ་པའི་ལམ་ཆེན་པོའི་ཆུང་ངུའོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་སྦྱིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྒོ་ཞིང༌། བསྔོས་ནས་ཡང་ནང་དུ་ཡང་དག་འཇོག་ལ་རྣལ་འབྱོར་དུ་བྱེད་པའོ། །འདི་ནི་བསྒོམ་པའི་ལམ་ཆེན་པོའི་འབྲིང་ངོ༌། །གང་ཡང་དེ་ནང་དུ་ཡང་དག་འཇོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའོ། །འདི་ནི་བསྒོམ་པའི་ལམ་ཆེན་པོའི་ཆེན་པོའོ། །རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་གསུངས་པ་ལ། འདིར་བསོད་ནམས་མང་དུ་བསྐྱེད་དོ་ཞེས་མང་དུ་གསུངས་པ་ལ། དེའི་ཕྱིར་རབ་འབྱོར་གྱི་དྲི་བ་ནི་མངོན་པར་འདུ་བྱེད་པ་ནི་རྣམ་པར་རྟོག་པ་ཡིན་ལ། དེ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་པ་ཡང་རྣམ་པར་རྟོག་པས་ཏེ། དེའི་ཕྱིར་བསོད་ནམས་ཆེས་མང་བ་ཡང་རྟོག་པ་ཆེས་མང་ངོ་ཞེས་གསུང་བར་འགྱུར་རོ་ཞེ་ན། ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ནི། རབ་འབྱོར་ཞེས་བྱ་བ་ནས་དཔག་ཏུ་མེད་པ་བསྐྱེད་དོ་ཞེས་བྱ་བའི་བར་དུ་སྟེ། འདིར་བསྒོམ་པའི་ལམ་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་སྟོང་པ་སྟེ། བྱིས་པས་མི་ཤེས་པ་ནི་སྟོང་བའོ། །ཁོ་ན་ནི་ཉིད་དོ། །དེ་བཞིན་དུ་སྣང་བ་ཞེས་བྱ་བ་ལ། རབ་ཏུ་སྣང་བ་ནི་སྣང་བའོ། །མི་སྣང་བ་ལས་སྣང་བར་འགྱུར་བ་ནི་སྣང་བ་སྟེ། རབ་ཏུ་སྣང་བ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འོག་མ་དག་ལ་ཡང་བལྟ་བར་བྱའོ། །བདག་པོ་མེད་པའི་ཕྱིར་གསོག་གོ །གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་གསོབ་བོ། །འཛིན་པ་མེད་པའི་ཕྱིར་སྙིང་པོ་མེད་པའོ། །དེ་ལྟར་ཞེས་བྱ་བ་ནི་སྙིང་པོ་ཉིད་ལ་སོགས་པའོ། །ལྷག་མ་ནི་རྟོགས་པར་སླའོ། །བསོད་ནམས་གྲངས་མེད་པ་བསྐྱེད་པ་དྲིས་པའི་ལན་ནོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་ལ་ཁྱད་པར་ནི་བྱེ་བྲག་གོ །རྣམ་པར་བཅད་པ་ནི་ཐ་དད་པ་ནི་ཐ་དད་དུ་བྱེད་པའོ། །དེ་དག་རྣམ་པར་བཅད་པའི་དོན་དུ་གཉི་ག་གཟུང་བ་ཡིན་ནོ། །ཚད་མེད་ཅེས་བྱ་བ་ནི་རགས་པ་ཡོངས་སུ་བཅད་པའོ། །གྲངས་ནི་བགྲང་བའོ། །ཟད་


DTG089_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་ནུས་པ་ནི་མི་ཟད་པའོ། །བཅོམ་ལྡན་འདས་གང་གཟུགས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་སླའོ། །ལྷག་མའི་ཚིག་ནི་ཚིག་བླ་དགས་ཏེ་ཚིག་གཙོ་བོ་ཞེས་བྱ་བའི་དོན་ཏོ། །མི་ཟད་པ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བའོ། །དཔག་ཏུ་མེད་པ་ཞེས་བྱ་བ་ཡང་ནམ་མཁའ་དང་འདྲ་བ་ཉིད་དོ། །ཆོས་དེ་དག་ནི་ཞེས་བྱ་བ་ནི་མི་ཟད་པ་དང༌། དཔག་ཏུ་མེད་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་ལ་སོགས་པའོ། །བརྗོད་པ་ནི་སྒྲ་དང་འདྲ་བ་ཡང་རྣམ་པ་སྣ་ཚོགས་པའོ། །དེ་ལྟར་ན་དོན་གཅིག་ཡིན་ཡང་ཆ་ཡིས་རྣམ་པར་བཅད་པ་ཐ་དད་དོ་ཞེས་དགོངས་སོ། །དེ་ཉིད་ཀྱི་ཕྱིར་འདིར་ནི་བསྟན་པ་མངོན་པར་བསྒྲུབ་པ་ཞེས་བྱ་བ་གསུངས་ཏེ། བསྟན་པ་ནི་འདིས་བསྟན་པས་ན་བསྟན་པ་སྟེ། སྙིང་རྗེའོ། །དེ་མངོན་པར་བསྒྲུབ་པ་ནི་རྒྱུ་མཐུན་པའོ། །དེ་ཡང་ཡིན་བསྟན་པ་ཡང་ཡིན་པས་ན་བསྟན་པ་མངོན་པར་བསྒྲུབ་པའོ། །འདིར་བསྟན་བཅོས་ལས། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་དེ་དག་ཐུགས་བརྩེ་བའི། །རྒྱུ་མཐུན་གྱུར་པར་ཐུབ་པ་བཞེད། །ཅེས་བྱ་བ་གསུངས་ཏེ་བཟོད་མ་ཡིན་ཞེས་བྱ་བ་ནི་མི་རིགས་པའོ། །དེ་ནི་གྲངས་མེད་པ་ལ་སོགས་པ་བསྟན་པས་རྒོལ་བའི་ལན་ནོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་མོད་ཀྱི་འོན་ཀྱང་ཞེས་བྱ་བའི་བར་དུ་གསུངས་པ་ལ། །བརྗོད་དུ་མ་མཆིས་པ་ཞེས་བྱ་བ་ནི་གང་གི་སྤྱོད་ཡུལ་ལམ་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །འདིར་བསྟན་བཅོས་ལས། དངོས་པོ་བརྗོད་དུ་མེད་པ་ལས། ཉམས་པ་དང་ནི་འཕེལ་མི་རུང༌། །བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །ཅེས་བྱ་བ་གསུངས་ཏེ། འདི་ནི་བརྗོད་དུ་མེད་པ་ལ་ཉམས་པ་དང༌། འཕེལ་བ་མེད་པའི་དངོས་པོའོ། །འོ་ན་ཇི་ལྟར་བྱང་ཆུབ་འཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་འོན་ཀྱང་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་དུ་གསུངས་པ་ལ་དེ་སྦྱིན་པ་སྦྱིན་པར་བྱེད་ཅིང་ཡིད་ལ་བྱེད་པ་དེ་དག་དང་སེམས་བསྐྱེད་པ་དེ་དག་ཅེས་བྱ་བ་ནི་གང་གིས་སྦྱིན་པ་སྦྱིན་པར་བྱེད་པའོ། །དགེ་བའི་རྩ་བ་དེ་དག་ཅེས་བྱ་བ་ནི་གང་སེམས་བསྐྱེད་པ་དེ་དག་དང་ལྡན་པའོ། །བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་དེ་ནི་འདོད་པའི་དོན་


DTG089_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྔོ་བར་བྱེད་དོ། །གཞན་དུ་ན་དེའི་ཡོངས་སུ་བསྔོ་བས་བྱང་ཆུབ་པར་མི་འགྱུར་རོ། །དེ་བཞིན་དུ་འོག་མ་དག་ལ་ཡང་སྦྱར་བར་བྱའོ། །ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་གསུངས་པ་ལ། དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དྲིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ནི་དེ་བཞིན་ཉིད་དེ་ཞེས་བྱ་བ་ལ་སོགས་པའོ། །རྒྱུན་མི་ཆད་པ་ཞེས་བྱ་བ་ནི་ཡང་ནས་ཡང་དུའོ། །མང་དུ་ཞེས་བྱ་བ་ནི་རྒྱུན་དུའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །འདིར་བསྟན་བཅོས་ལས། བྱང་ཆུབ་ཇི་ལྟར་དེ་བཞིན་དུ། །འདི་ཉིད་འདོད་པའི་དོན་སྒྲུབ་བྱེད། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་བྱ་བ་གསུངས་ཏེ། དེ་དང་དེའི་ཞེས་བྱ་བ་ནི་བསྒོམ་པའི་ལམ་མོ། །སྟོང་པ་ཉིད་གཙོ་བོར་སྟོན་པའི་ལེའུ་ནི་སྟོང་པ་ཉིད་ཀྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅྭ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས། སོགས་པར་འགྱུར་ཞེས་བྱ་བའི་བར་དུ་གསུངས་པ་ལ། སེམས་སྔ་མ་དང༌། ཕྱི་མ་དེ་དག་དང༌། བྱང་ཆུབ་འབྲེལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བའོ། །དེ་སྐད་ཅེས་གསོལ་བ་དང་ཞེས་བྱ་བ་ནས་འཚང་ཡང་རྒྱའོ་ཞེས་བྱ་བ་དེ་ཡན་ཆད་ཀྱིས་ནི་མར་མེའི་དཔེས་ལན་བཏབ་པའོ། །འདིར་བསྟན་བཅོས་ལས། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཞེས་བྱ་བའི་རྒོལ་བའོ། །མར་མེའི་དཔེའི་ཚུལ་གྱིས་ནི་བྱང་ཆུབ་པ་ཞེས་བྱ་བར་སྦྱར་རོ། །འདི་ནི་ལན་བཏབ་པའོ། །དེ་ནས་བསྟན་བཅོས་ལས། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །བྱང་ཆུབ་ཅེས་བྱ་བར་སྦྱར་རོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་བྱང་ཆུབ་འབའ་ཞིག་ལེའུ་བཅོ་བརྒྱད་པར་བསྟན་ནས། གང་ཡང་བྱང་ཆུབ་ཀྱི་མཚན་ཉིད་འཁོར་དང་བཅས་པ་ནི་ཟབ་པ་རྣམ་པ་བརྒྱད་དོ། །དེ་ཇི་ལྟར་རྣམ་པ་བརྒྱད་ཡིན་ཞེ་ན། སྐྱེ་བ་དང་ནི་འགག་པ་དང༌། །དེ་བཞིན་ཉིད་དང་ཤེས་བྱ་དང༌། ཤེས་དང་སྤྱོད་ཡུལ་གཉིས་མེད་དང༌། །


DTG089_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཁས་པ་ལ་ཟབ་པ་ཉིད། །ཅེས་བྱ་བ་གསུངས་ཏེ། གཉིས་སུ་མེད་པ་དང་ཐབས་ལ་མཁས་པ་ནི་གཅིག་ཏུ་བསྡུ་བའི་ཟླས་དབྱེ་བའོ། །དེའི་ཕྱིར་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཟབ་ལགས་སོ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱིས་ཟབ་པ་ཉིད་ཀྱི་སྐབས་སྟོན་པར་བྱེད་དོ། །གཞན་ལས་ཞེས་བྱ་བ་ནི་དེ་དག་མ་ཡིན་པའོ། །དེ་སྐད་ཅེས་གསོལ་བ་དང་ཞེས་བྱ་བ་ནས། ཐབས་ལ་མཁས་པའོ་ཞེས་བྱ་བའི་བར་གྱིས་ནི་ཟབ་པ་རྣམ་པ་བརྒྱད་གསུངས་ཏེ། སེམས་གང་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་འཁྲུལ་པའི་བདག་ཉིད་དོ། །འགག་པ་ཞེས་བྱ་བ་ནི་རྒྱུན་ཟད་པའི་ཕྱིར་འགག་པའོ། །མ་ལགས་པ་ཞེས་བྱ་བ་ནི་མ་ཡིན་པའི་དོན་ཏེ། འཁྲུལ་བའི་རྒུ་གཉིས་སུ་མངོན་པར་ཞེན་པ་ཟད་པའི་ཕྱིར་རོ་ཞེས་དགོངས་སོ། །འདི་ནི་སྐྱེ་བ་ཟད་པའོ། །སེམས་གང་སྐྱེ་བ་ཞེས་བྱ་བ་ནི་འཁྲུལ་པ་མེད་པ་སྟེ། འཁྲུལ་པ་ཆད་པས་སེམས་ལ་རག་ལས་པ་ཉིད་ཀྱི་ཕྱིར་སེམས་སྐྱེ་བའོ་ཞེས་དགོངས་སོ། །འགག་པའི་ཆོས་ཅན་ཞེས་བྱ་བ་ནི་སྐད་ཅིག་མ་རེ་རེ་ལ་ཞེས་དགོངས་སོ། །འགག་པ་ཞེས་བྱ་བ་ནི་རྒྱུན་འགག་པ་ཞེས་དགོངས་སོ། །མ་ལགས་སོ་ཞེས་བྱ་བ་ནི་རང་གི་ངང་གིས་སྐྱེ་བ་སྟེ། སྨོན་ལམ་ལ་སོགས་པའི་ཁྱད་པར་དང་བཅས་པས་འགག་པ་མེད་པར་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་སོ། །སེམས་གང་མ་བྱུང་ཞེས་བྱ་བ་ནི་སྐྱེ་བ་ཟབ་པ་གང་གསུངས་པའོ། །གང་འགག་པའི་ཆོས་ཅན་ཞེས་བྱ་བ་ནི་འདས་མ་ཐག་པར་གང་བསྟན་པའོ། །གང་འགག་པའི་ཆོས་ཞེས་འདིར་ཡང་བརྗོད་པ་ནི་དེ་བཟླས་པར་འགྱུར་བའོ། །གང་སེམས་ཞེས་བྱ་བ་ནི་གང་སེམས་ཀྱི་རྒྱུན་ནོ། །མ་བྱུང་མ་འགགས་པའི་ཆོས་ཅན་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པ་ནས་སོ། །ཆོས་གང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་བརྗོད་པའི་འགོག་པའོ། །ངོ་བོ་ཉིད་ཀྱིས་འགག་པ་ཞེས་བྱ་བ་ནི་རང་བཞིན་གྱིས་འགག་པའོ། །ཆོས་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་དོ། །འདི་ནི་འགག་པ་ཟབ་པའོ། །དེ་བཞིན་དུ་གནས་སམ་ཞེས་བྱ་བ་ནི་ནམ་ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ་དེ་བཞིན་ཉིད་ཐེར་ཟུག་པར་མི་འགྱུར་རམ་ཞེ་ན། མ་ལགས་སོ་ཞེས་བྱ་བ་སྨོས་ཏེ། རྒྱུན་གྱིས་བརྟགས་


DTG089_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ་ཞེས་དགོངས་སོ། །དེ་བཞིན་ཉིད་ཟབ་ཅེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་ཀྱང་ཕྲ་བ་ཉིད་ཀྱི་ཕྱིར་རོ། །འདི་ནི་དེ་བཞིན་ཉིད་ཟབ་པའོ། །དེ་བཞིན་ཉིད་ལ་སེམས་ཡོད་དམ་ཞེས་བྱ་བ་ནི་དེ་ཤེས་པ་ཉིད་ཀྱི་ཕྱིར་དེའི་རྟེན་ཡིན་ནོ། །མ་ལགས་སོ་ཞེས་བྱ་བ་ནི་ཤེས་པ་ལས་ཤེས་བྱ་ཐ་དད་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །སེམས་དེ་དེ་བཞིན་ཉིད་ཡིན་ནམ་ཞེས་བྱ་བ་ནི། མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་སོ། །དེ་བཞིན་ཉིད་ལས་གུད་ན་ཡོད་དམ་ཞེས་བྱ་བ་ནི་མཚན་ཉིད་ཐ་དད་པ་ཉིད་ཀྱིས་སོ། །མ་ལགས་སོ་ཞེས་བྱ་བ་ནི་མཚན་ཉིད་ཐ་དད་ཀྱང་དེའི་བདག་ཉིད་ཀྱིས་སོ། །དེའི་ཕྱིར་གཟུང་བར་བྱ་བ་ཡིན་ཡང་དེ་བཞིན་ཉིད་ཅེས་བྱ་བ་མ་ཡིན་ཏེ། འདི་ནི་ཤེས་བྱ་ཟབ་པའོ། །ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ནི་སེམས་ཀྱི་ངོ་བོའོ། །མ་ལགས་སོ་ཞེས་བྱ་བ་ནི་འཛིན་པར་བྱེད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཛིན་པར་བྱེད་པ་མ་ཡིན་ཡང་སེམས་ནི་རིག་པར་བྱེད་པ་སྟེ། འདི་ནི་ཤེས་པ་ཟབ་པའོ། །ཟབ་མོ་ལ་སྤྱོད་དམ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལའོ། །ཡོངས་སུ་རྒྱུ་བ་ནི་དམིགས་པའི་མཚན་མ་ལའོ། །མི་འཇུག་པ་ནི་མི་འབྱུང་བའོ། །རྒྱུ་བར་འགྱུར་བ་མ་མཆིས་པ་ནི་མི་སྣང་བའོ། །འདི་ནི་སྤྱོད་པ་ཟབ་པའོ། །མཚན་མ་ལ་སྤྱོད་དམ་ཞེས་བྱ་བ་ནི་གཉིས་ཀྱི་མཚན་མ་འམ། གཉིས་མ་ཡིན་པའི་མཚན་མ་ལའོ། །མ་ལགས་སོ་ཞེས་བྱ་བ་ནི་གཉིས་ཀྱི་མཚན་མ་མེད་པ་དང༌། གཉིས་མ་ཡིན་པའི་མཚན་མ་མེད་པའོ། །མཚན་མ་ཞེས་བྱ་བ་ནི་གཉིས་དང་གཉིས་མ་ཡིན་པའི་མཚན་མའོ། །མ་བསྒོམས་སམ་ཞེས་བྱ་བ་ནི་མ་སྤངས་པའོ། །མ་ལགས་སོ་ཞེས་བྱ་བ་ནི་སྤངས་པ་ཉིད་ཅེས་བྱའོ། །འདི་ནི་གཉིས་སུ་མེད་པའི་ཟབ་པའོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟར་ཡང་ངོ༌། །མཚན་མ་རྣམ་པར་བཤིག་པར་འགྱུར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་པར་ཞེས་བྱ་བར་དགོངས་སོ། །རབ་འབྱོར་གྱིས་ལན་གསོལ་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་དུ་ཞེས་བྱ་བ་ནི་སྐྱེ་བ་ཉིད་དུའོ། །ཅིའི་ཕྱིར་ཞེ་ན་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་སུ་འགྱུར་རོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་འགྱུར་བའོ། །བཅོམ་ལྡན་འདས་


DTG089_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །མཚན་ཉིད་གང་ལགས་པའི་མཚན་མ་ཞེས་བྱ་བ་ནི་གང་ཆོས་ཀྱི་མཚན་མ་དང༌། གང་ཆོས་ཉིད་ཀྱི་མཚན་མ་དེ་ཐམས་ཅད་ཤེས་པའོ། །ཡོངས་སུ་འདྲིས་པ་ནི་གོམས་པ་ཙམ་བྱེད་པའོ། །འདི་ནི་ཐབས་ལ་མཁས་པའི་ཟབ་པའོ། །དེ་ལ་ཟབ་པ་བརྒྱད་ནི་བྱང་ཆུབ་དང་རྒྱང་རིང་བ་ཡིན་ལ། ལྷག་མ་ནི་ཉེ་བ་ཡིན་ནོ་ཞེས་ཟབ་པ་བརྒྱད་བསྟན་ཏོ། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས་བསྟན་ནས། སྲིད་པ་དང་ཞི་བ་མཉམ་པ་ཉིད་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་པ་ཞི་བ་མི་རྟོག་པ། །ཞེས་གསུངས་པ་ལ་འདི་ནི་འཁོར་བ་དང༌། འདི་ནི་མྱ་ངན་ལས་འདས་པ་ཞེས་ཐ་དད་པར་བརྟགས་པ་འཁོར་བ་དང༌། མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་ཤེས་པ་བསྒོམ་པའི་ལམ་སྟེ། དེ་དག་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མཐོང་ངོ༌། །ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་ནི་འཁོར་བ་ཡིན་པར་དེར་ཡང་འཁྲུལ་པ་ཙམ་སྟེ། འཁྲུལ་པ་ཟད་ན་མྱ་ངན་ལས་འདས་པ་མ་ཡིན་ནམ་གང་གི་ཚེ་དེ་དག་མཉམ་པ་ཉིད་དུ་ཤེས། གལ་ཏེ་བསྒོམ་པའི་ལམ་མངོན་དུ་གྱུར་པ་ན་ཆོས་ཐམས་ཅད་བདག་མེད་པར་ཡང་དག་པར་ཤེས་པ་ལ་སོགས་པ་ཡིན་ནོ་ཞེ་ན། འདི་ནི་མཐོང་བའི་ལམ་ལ་ཡང་མེད་ན་དེ་ལས་བསྒོམ་པའི་ལམ་ཁྱད་པར་ཅི་ཞིག་ཡོད། དེ་བས་ན་དེ་ལ་ཁྱབ་པས་དེ་ནི་མཉམ་པ་ཉིད་དུ་ཤེས་པར་གཟུང་ངོ་ཞེ་ན། དེ་ཡང་མི་དམིགས་ཏེ་ལྡང་བའི་ཤེས་པ་ནི་འཁྲུལ་པ་སྟེ། རྨི་ལམ་དང་འདྲ་བ་ཉིད་ཀྱི་ཕྱིར་རྨི་ལམ་མོ། །བསྒོམ་པའི་ལམ་གྱི་ཡང་དག་པའི་ཡེ་ཤེས་ནི་ཉིན་པར་དང་འདྲ་བ་ནི་ཉིད་ཀྱི་ཕྱིར་ཉིན་པར་རོ། །དེ་གང་གི་ཚེ་ལྡན་པར་འགྱུར་ཞེ་ན། ཉིན་པར་ཁྱད་པར་དུ་གོམས་པར་གྱུར་ན། རྨི་ལམ་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་ཏེ། དེ་ནི་མདོ་ལས་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ནས། རྣམ་པར་འཕེལ་ལམ་ཞེས་བྱ་བའི་བར་གྱིས་དྲིས་སོ། །རབ་འབྱོར་གྱིས་སྨྲས་པ་ཞེས་བྱ་བ་ནས། རྒྱས་པར་འགྱུར་རོ་ཞེས་བྱ་བའི་ལེན་ཏེ། རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཁྱད་པར་ཏེ། །རྣམ་པར་མི་རྟོག་པ་དང་ཁྱད་པར་མེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་


DTG089_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པ་ཞེས་བྱ་བ་ནི་བསྒོམས་པའི་ལམ་ལ་གོམས་པའོ། །འདིར་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་ཤེས་པའོ། །ཤཱ་རིའི་བུས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྨི་ལམ་གྱི་སྒྲས་ནི་རྨི་ལམ་ཉིད་བརྗོད་དོ། །ཟད་པའི་འདུ་ཤེས་ཞེས་བྱ་བ་ལ་ཟད་པ་ནི་མྱ་ངན་ལས་འདས་པ་སྟེ། དེའི་འདུ་ཤེས་སུ་བརྗོད་དོ། །ཡང་དག་པའི་དོན་དུ་རྟོག་པ་ནི་རྟོག་པའོ། །ལོག་པ་ནི་རྣམ་པར་རྟོག་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བ་དང༌། དེ་བཞིན་གཤེགས་པ་དང་འདྲ་བའོ། །སེམས་དང་སེམས་པ་དང༌། བློ་དང་རྣམ་པར་རྟོག་པ་ཞེས་བྱ་བ་ནི་དོན་གཅིག་གོ །དབེན་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའོ། །བློ་འཁྲུལ་པས་མེད་པ་ཉིད་ལ་མཚན་མར་བྱས་ནས་དམིགས་པར་བྱེད་དོ། །སེམས་པ་ཞེས་བྱ་བ་ནི་རྟོགས་པར་སླའོ། །ལུས་ཀྱི་མངོན་སུམ་དུ་ཞེས་བྱ་བ་ནི་ལུས་ཀྱི་རྟེན་ནོ། །དེའི་ཕྱིར་ལོག་པ་ནི་ལུས་ཀྱི་མངོན་སུམ་དུ་གྱུར་བའོ། །ལུས་ཀྱང་མངོན་སུམ་དུ་གྱུར་པས་དོན་འདི་ཞེས་བྱ་བ་ནི་རྒོལ་བའོ། །ལན་ལྡོན་པར་འགྱུར་རོ་ཞེས་བྱ་བ་ནི་ལན་འདེབས་པར་འགྱུར་བའོ། །མ་ཕམ་པ་ནི་བྱམས་པ་ཞེས་བྱ་བའི་རྣམ་གྲངས་སོ། །ཆོས་གང་ལན་ལྡོན་པར་བྱེད་པ་ཞེས་བྱ་བ་ནི་བྱམས་པའོ། །ལན་གླན་པར་བྱ་བ་ཞེས་བྱ་བ་ནི་དྲིས་པའོ། །ཆོས་གང་གིས་ཞེས་བྱ་བ་ནི་ཚིག་གོ ། ཆོས་གང་གི་ཞེས་བྱ་བ་ནི་ཤཱ་རིའི་བུའིའོ། །སྐྲག་པ་སྐྱེས་པ་ནི་སྐྲག་པ་སྐྱེས་པའོ། །ཡང་དག་པར་སྐྲག་པ་སྐྱེས་པ་ནི་དངང་བའོ། །སྐྲག་པ་དེ་རྒྱུན་སྐྱེས་པ་ནི་ཤིན་ཏུ་དངང་བའོ། །སྟོབས་བསྐྱེད་པ་ནི་བསྒོམ་པའི་སྟོབས་ཀྱིས་བག་ཆགས་སོ། །འདིར་བསྟན་བཅོས་ལས། ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་བྱ་བ་གསུངས་ཏེ། འདི་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ལ་རྒོལ་བའི་ལན་ནོ། །ཞིང་དག་པ་བླ་ན་མེད་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། སེམས་ཅན་འཇིག་རྟེན་དེ་བཞིན་དུ། སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པ་སྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་བྱ་བ་གསུངས་ཏེ། གང་གི་ཚེ་གང་དུ་སངས་རྒྱས་གཅིག་འབྱུང་བ་དེ་ནི་སྣག་རྒྱས་ཀྱི་ཞིང་སྟེ། དེ་དག་པ་ནི་ཡོངས་སུ་དག་པའོ། །དེ་གང་དུ་འབྱུང་ཞེ་ན། དག་པའི་འཇིག་རྟེན་སྣང་བར་རོ། །གང་མ་དག་པ་དེ་ནི་གཅན་གཟན་དང༌། ཆོམ་


DTG089_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་ལ་སོགས་པའོ། །གང་དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་མ་དག་པ་ནི་གཅན་གཟན་གྱི་དགོན་པ་ལ་སོགས་པའོ། །དེ་ལ་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སངས་རྒྱས་པར་བསྒྲུབ་པའི་ཕྱིར། ཡུམ་ཆེན་མོ་དག་ལས་བདག་གི་སངས་རྒྱས་ཀྱི་ཞིང་རྣམ་པ་ཐམས་ཅད་དུ་འདི་ལྟ་བུར་མ་གྱུར་ཅིག་ཅེས་འདི་དག་རྒྱས་པར་གསུངས་སོ། །འདིར་མདོར་བསྡུས་པ་ནི་གཞན་ཡང་ཤཱ་རིའི་བུ་ཞེས་བྱ་བ་ནས། ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། སྐྲག་པ་ལ་སོགས་པ་དགག་པ་བསྟན་ནས་དེ་ཉིད་ལ་ལྟོས་ཏེ་གཞན་ཡང་ཞེས་བྱ་བའི་སྒྲ་བརྗོད་པར་བྱ་སྟེ། བགྲོད་དཀའ་བའི་ས་ནི་དགོན་པའོ། །གཅན་གཟན་གྱིས་མཚོན་པའི་དགོན་པ་ནི་གཅན་གཟན་གྱི་དགོན་པའོ། །ཆུས་སྦངས་པའི་དགོན་པ་ནི་ཆུའི་དགོན་པའོ། །གལ་ཏེ་འམ་འོན་དེའི་སྒྲ་ནི་གལ་ཏེའི་དོན་ཏོ། །ལྷའི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ནི་བདག་གི་སངས་རྒྱས་ཀྱི་ཞིང་དུ་ཐམས་ཅད་ཅེས་བྱ་བ་དང་སྦྱར་ཏེ། ཁྲག་ལ་སོགས་པའི་བཟའ་བ་བཙལ་བར་བསྟན་པ་ཡིན་ནོ། །བདོག་པ་ཐམས་ཅད་ཉིད་ཡོངས་སུ་གཏོང་བའི་དགེ་བའི་རྩ་བའོ། །གང་འདི་ན་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །བདེ་བ་དང་ལྡན་པ་ཞེས་བྱ་བ་ནི་བདེ་བ་ཡོད་པའོ། །བདེ་བ་དང་ཕྲད་པ་འདི་དག་ལ་ནི་བདེ་བ་གཏོང་བ་ཡོད་པ་ནི་བདེ་བ་དང་ཕྲད་པར་འགྱུར་བའོ། །ཐམས་ཅད་ནི་ཐམས་ཅད་དུའོ། །ནད་ཀྱི་དགོན་པ་ནི་འགོ་བའི་ནད་དོ། །དེ་ཙམ་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་པའི་ཚད་དོ། །སྔོན་གྱི་མཐའ་མེད་པ་ནི་འདི་ལྟ་སྟེ་མཐའ་མེད་པའོ། །ཆ་ཤས་མེད་པའི་སྐད་ཅིག་མ་ལ་ནི་མཐའ་ཡོད་པ་མ་ཡིན་པའོ། །དེ་འདི་ཞེས་པ་ནི་གང་ཡང་ཞེས་བྱ་བའི་དོན་ཏོ། །མ་བྱུང་བ་ནི་སྔོན་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ་ལས་གསུངས་སོ། །འདི་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །དེ་ནས་འཁོར་དེར་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་གྱིས་ནི་དེ་ལ་བསྟན་པ་ལས་བྱུང་བ་དེ་གསུངས་པ་ལ། ཆགས་པ་མེད་པ་ཞེས་བྱ་བ་ནི་མ་རེག་པར་བར་སྣང་ལའོ། །ནམ་མཁའ་ཞེས་བྱ་བ་ནི་ནམ་མཁའ་ཁོ་ན་ལའོ། །ཡོངས་སུ་གྲུབ་པ་དབང་དུ་གྱུར་བའོ། །ཚད་ཡོད་པ་ནི་ཚད་ངེས་པའོ། །མ་ལེགས་པར་འགྱུར་བ་ཞེས་བྱ་བ་ནི་སྡུག་བསྔལ་


DTG089_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནོད་པའོ། །ལྷག་མ་ནི་རྟོགས་སླའོ། །སྲིང་མོ་གང་གཱའི་ལྷ་མོས་མཚོན་པ་ནི་དེའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་གཅུ་དགུ་པའོ།། །།

སྐབས་ལྔ་པ། རྩེ་མོའི་མངོན་པར་རྟོགས་པ་བརྗོད་པ།


DTG089_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཡོངས་སུ་དག་པ་བསྟན་ནས། ཐབས་ལ་མཁས་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། འདི་ཡི་ཡུལ་དང་སྦྱོར་བ་སྟེ། །དགྲ་རྣམས་ལས་ནི་འདས་པ་དང༌། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང༌། །མ་ཆགས་པ་དང་མི་དམིགས་དང༌། མཚན་མ་སྨོན་ལམ་ཟད་པ་དང༌། དེ་ཡི་རྟགས་དང་མཚན་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་བྱ་བ་གསུངས་ཏེ། ཐབས་ལ་མཁས་པ་འདིའི་ཡུལ་ནི་ཐོག་མར་བརྗོད་པར་བྱ་སྟེ། དེ་ནས་ཐོག་མར་གོམས་པར་བྱ་བའི་སྦྱོར་བའོ། །དེ་ནས་རབ་ཏུ་དབྱེ་བ་རྣམ་པ་བཅུ་སྟེ། དགྲ་རྣམས་ལས་འདས་པ་ལ་སོགས་པའོ། །གང་ལ་མཚན་མ་དང་སྨོན་ལམ་ཟད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ཡུལ་གསུངས་སོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བས་ནི་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཉེ་བར་མཚོན་པའི་ཕྱིར། སྟོང་པ་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་ནི་རྒྱུན་ནོ། །ཇི་ལྟར་བརྟག་པར་བྱ་ཞེ་ན། གཟུགས་ཞེས་བྱ་བ་གསུངས་ཏེ། དེ་ཞེས་བྱ་བ་ནི་སྟོང་པ་ཉིད་དོ། །ཆོས་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་རང་བཞིན་ནོ། །ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་ཆོས་ཀྱི་སྙིང་པོར་གྱུར་པས་སོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་སྟོང་པ་ཉིད་འབའ་ཞིག་ཏུ་གྱུར་པ་ནི་ཡང་དག་པའི་མཐའོ། །འདི་ནི་ཐབས་ལ་མཁས་པའི་ཡུལ་ལོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་མངོན་སུམ་དུ་མི་བྱེད་དོ་ཞེས་བའི་བར་གྱིས་གསུངས་པ་ལ། མ་ཉམ་པར་མ་བཞག་པ་ཞེས་པ་ནི་མངོན་སུམ་དུ་བྱ་བ་ལ་མི་འཇུག་པ་ཉིད་དོ། །སྐབས་དེར་ཞེས་བྱ་བ་ནི་འདིའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་སྨིན་པའི་བར་དུའོ། །དེ་ལྟར་ཞེས་བྱ་བ་ནི་གསུངས་པའི་རིམ་པས་སོ། །བསྐྱེད་པ་ནི་ཉེ་བར་བསགས་པའོ། །ལྷག་མ་ནི་རྟོགས་སླའོ། །འདི་


DTG089_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐབས་ལ་མཁས་པའི་སྦྱོར་བའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། མངོན་སུམ་དུ་བྱས་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། དཔའ་བ་ནི་འཇིགས་པ་མེད་པའོ། །རྩལ་ཆེ་བ་ནི་སྤྲོ་བའོ། །བརྟན་པ་ནི་རབ་ཏུ་གནས་པའོ། །སྤོབས་པ་ནི་སྨྲ་བར་ནུས་པའོ། །ནན་ཏན་ནི་བསྒྲུབ་པའོ། །གང་དུ་ཡུལ་ལ་སོགས་པ་གསུངས་པ་དེ་ཤེས་པ་ནི་ཡུལ་ལ་སོགས་པ་ཤེས་པའོ། །མཐར་ཕྱིན་པ་ནི་ལུས་དང༌། ངག་དང༌། ཡིད་ལས་སུ་རུང་བའོ། །དེར་གྱུར་པ་ནི་ཐོབ་པའོ། །མཚོན་ཆ་དང་གོ་ཆ་ཞེས་བྱ་བ་ནི་ཁྲབ་ལ་སོགས་པའོ། །དྲན་པ་དང་ལྡན་པར་གྱུར་པ་ནི་བརྗེད་པ་མེད་པའོ། །བློ་གྲོས་ནི་རྟོགས་པའོ། །རྟོགས་པ་ཆེན་པོ་ནི་ཤེས་པའོ། །འཇིགས་པ་མེད་པ་ནི་མཁས་པའོ། །འདི་ནི་དགྲ་ཉིད་ཡིན་པས་ན་དགྲ་སྟེ་བར་དུ་གཅོད་པའོ། །དེ་དག་ལས་འདས་པ་ནི་ཚད་མེད་པ་རྣམ་པ་བཞིས་སོ། །འདི་ནི་ཐབས་ལ་མཁས་པ་དང་བོའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་མི་ལྟུང་ངོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། རྒྱུ་བ་ཞེས་བྱ་བ་ནི་འགྲོ་བའོ། །ས་ལ་མི་ལྟུང་ཞེས་བྱ་བ་ནི་བརྟེན་པ་དང་གནས་པའོ། །ཅི་ལ་མི་རྟེན་ཞེས་བྱ་བ་ནི་གནས་པ་དང་བརྟེན་པ་ལ་འགོག་པའོ། །གནས་པ་ཞེས་བྱ་བ་ནི་འདུག་པའོ། །དེ་ལ་ཡང་མི་བརྟེན་མི་གནས་སོ་ཞེས་བྱ་བ་ནི་ཐོབ་པ་འགོག་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་གནས་པ་ལ་མི་རྟེན་པའོ། །མི་ལྟུང་ངོ་ཞེས་བྱ་བ་ནི་གནས་པ་མེད་པའི་ཕྱིར་ཏེ། མི་ལྟུང་ངོ་ཞེས་བྱ་བ་ནི་གནས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་བརྟེན་པ་དང༌། གནས་པ་བཀག་པས་མི་གནས་པའི་ཐབས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། མངོན་སུམ་དུ་མི་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། བཟློག་པ་ཞེས་བྱ་བ་ནི་ནམ་མཁའ་ཉིད་ལ་འཇོག་པའོ། །ལྟུང་དུ་མི་སྟེར་ཞེས་བྱ་བ་ནི་ལྡོག་ཏུ་མི་སྟེར་བའོ། །མདའ་འཕངས་པའི་ཤུགས་ཀྱིས་ཡུན་རིང་པོར་ལྷུང་དུ་མི་སྟེར་བའོ། །དེ་བཞིན་དུ་འདི་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་མ་སྨིན་པར་བར་མ་དོར་རྟོགས་པ་དེ་སེམས་དང་སེམས་གཞན་གྱི་ཤུགས་ཀྱིས་མངོན་སུམ་དུ་མི་བྱེད་དོ། །དེ་ལས་འདའ་བའི་ཚུལ་གྱི་ཤུགས་ཀྱིས་ཐབས་ལ་མཁས་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་


DTG089_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནས། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། སྤྱོད་ཅིང་ཞེས་བྱ་བ་ནི་ཞི་གནས་ཀྱིས་སོ། །གནས་ཏེ་ཞེས་བྱ་བ་ནི་ལྷག་མཐོང་གིས་སོ། །ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་ཞེས་བྱ་བ་ནི་གཉི་ག་དག་གིས་སོ། །བདག་གིས་ཞེས་བྱ་བ་ནི་རང་གིས་སོ། །མངོན་པར་བསྒྲུབ་པ་ཞེས་བྱ་བ་ནི་རྗོད་པར་བྱེད་པའོ། །ཏིང་ངེ་འཛིན་ཡང་ཡིན་ལ་རྣམ་པར་ཐར་པའི་སྒོ་ཡང་ཡིན་པས་རྣམ་པར་ཐར་པའི་སྒོའི་ཏིང་ངེ་འཛིན་ཏེ། གྲོལ་བའི་སྒོ་ཡིན་པའི་ཕྱིར་རོ། །སེམས་བསྐྱེད་པ་ནི་སེམས་མངོན་པར་བསྒྲུབ་པའོ། །འདིས་ན་འདི་དཀའ་བ་བྱེད་པའོ། །དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཐུན་མོང་མ་ཡིན་པའི་ཐབས་མཁས་པས་སོ། །གཞན་ཡང་རབ་འབྱོར་ནམ་ཞེས་བྱ་བ་ནས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ་སེམས་ཅན་ནི་བདག་དང་སྐྱེས་བུའོ། །དབང་པོ་རྣམས་ནི་ཐ་དད་པ་ལ་སོགས་པའོ། །སྟོབས་རྣམས་ཀྱང་ལྔ་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བདུན་ཉིད་དོ། །ལམ་ནི་ཡན་ལག་བརྒྱད་དོ། །སེམས་ཅན་དུ་ལྟ་བ་ནི་ཆགས་པའོ། །སེམས་ཅན་རྣམས་ཀྱིས་དེ་སྤང་བའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་ནས་དམ་པའི་ཆོས་བསྟན་པར་བྱའོ་ཞེས་ཆགས་པ་མེད་པའི་སྟོང་པ་ཉིད་ལ་སོགས་པ་ལ་སྙོམས་པར་ཞུགས་པའི་ཕྱིར་མ་ཆགས་པའོ། །དེ་དང་ལྡན་པ་ཡིན་པའི་ཕྱིར་མ་ཆགས་པའི་ཐབས་ལ་མཁས་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ཆོས་ཀྱི་འདུ་ཤེས་ཞེས་བྱ་བ་ནི་ཁམས་ལ་སོགས་པ་ཐམས་ཅད་ཀྱི་འདུ་ཤེས་སོ། །དེ་ནི་དམིགས་པའོ། །དེ་དག་སྤང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ཡང་སྟོང་པ་ཉིད་ལ་སོགས་པ་ལ་སྙོམས་པར་ཞུགས་པའི་མི་དམིགས་པའོ། །དེ་དག་དང་ལྡན་པ་ནི་མི་དམིགས་པའི་ཐབས་ལ་མཁས་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། ཐོབ་པར་འགྱུར་རོ་ཞེས་བྱ་པའི་བར་གྱིས་གསུངས་པ་ལ། བུད་མེད་དང༌། སྐྱེས་པ་དང༌། གཟུགས་དང་སྒྲ་རྣམས་ནི་འདུ་ཤེས་ཀྱི་མཚན་མའོ། །དེ་དག་སྤང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་མཚན་མ་མེད་པ་ལ་སྙོམས་པར་ཞུགས་


DTG089_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མཚན་མ་མེད་པའོ། །དེ་དང་ལྡན་པ་ནི་མཚན་མ་མེད་པའི་ཐབས་ལ་མཁས་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ལྷ་དང་བརྒྱ་བྱིན་དང་འཁོར་ལོས་སྒྱུར་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་སྲིད་པའི་ལོངས་སྤྱོད་འདོད་པ་ནི་སྨོན་པའོ། །དེའི་རྩ་བ་ནི་ཕྱིན་ཅི་ལོག་རྣམ་པ་བཞིའོ། །ཕྱིན་ཅི་ལོག་དེ་ལྡང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ནི་སྨོན་པ་སྟེ་དེ་དང་ལྡན་པ་ནི་སྨོན་པ་མེད་པའི་ཐབས་ལ་མཁས་པའོ། །རབ་འབྱོར་ཞེས་བྱ་བ་ནས། གོ་སྐབས་མེད་དོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། །མི་དམིགས་པ་ལ་སོགས་པའི་ཐབས་ལ་མཁས་པ་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཡུལ་བསྟན་ནས། འདིའི་མངོན་པར་འདུ་མི་བྱེད་པ་ལ་སོགས་པའི་ཁྱད་པར་གྱི་ཡུལ་རྫོགས་ཏེ། ད་ནི་དེ་བརྗོད་པར་བྱ་སྟེ། མངོན་པར་འདུ་མི་བྱེད་པར་ལྟུང་ཞེས་བྱ་བ་ནི་དམན་པའི་བྱང་ཆུབ་ཏུའོ། །ཁམས་གསུམ་པ་དང་ཞེས་བྱ་བ་ནི་འཁོར་བ་ཉིད་དོ། །རབ་འབྱོར་དེ་བཞིན་དུ་ཞེས་བྱ་བ་ནས། མི་གནོད་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ལ་དྲི་བར་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལྟར་བསྒྲུབ་པ་དང༌། ཇི་ལྟར་འདྲིས་པར་བྱ་བ་ཞེས་གལ་ཏེ་དེ་སྐད་ཅེས་འདྲི་ན་སྟོང་པ་ཉིད་ལ་སོགས་པ་ཉིད་ལ་བསྒོམ་པ་དང༌། ཡོངས་སུ་འདྲིས་པར་གྱིས་ལ་མངོན་སུམ་དུ་ནི་མ་བྱེད་ཅིག །དེ་ཡང་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་མི་གཏོང་བ་ལ་སོགས་པའི་སེམས་ཀྱིས་སོ། །དེ་ལྟར་སྟོན་པ་དེ་ནི་ཕྱིར་མི་ལྡོག་པའི་རྟགས་སོ། །དེའི་ཕྱིར་འདི་ལ་དེའི་རྟགས་སྟོན་པ་ནི་དེའི་རྟགས་ཀྱི་ཐབས་ལ་མཁས་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་མི་འཕྲོགས་པའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་མང་ཡང་དེ་ལྟར་ཤེས་ཤིང་ལན་ལྡོན་པ་གང་ཡིན་པ་དེ་དག་ནི་ཉུང་ངོ༌། །དེ་དག་ནི་ཕྱིར་མི་ལྡོག་པར་ལུང་བསྟན་པས། །ལྷ་དང་མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་ཏེ། གང་གི་ཕྱིར་ཉུང་བ་དེའི་ཕྱིར་ཚད་ཡོད་པའོ། །འདི་ནི་ཚད་མེད་པའི་ཐབས་ལ་མཁས་པའོ། །དེ་བས་ན་དེ་ལྟར་


DTG089_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པའི་ཕྱེད་ནས་བཟུང་ནས། །ཉི་ཤུ་པའི་ཕྱེད་སྔ་མའི་བར་གྱི་བཅུ་གཅིག་གིས་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའོ། །དེའི་འོག་ཏུ་རྩེ་མོའི་མངོན་པར་རྟོགས་པ་བརྗོད་པར་བྱ་སྟེ། དེའི་ཕྱིར། དེ་ཡི་རྟགས་དང་རྣམ་འཕེལ་དང༌། །བརྟན་དང་སེམས་ཀུན་གནས་པ་དང༌། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་བསྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས་ཞེས་བྱ་བ། །ཚིགས་སུ་བཅད་པ་གཉིས་དང༌། །ཡི་གེ་དྲུག་གིས་འདི་སྔར་མདོར་བསྟན་ཏོ། །དེ་ལ་དངོས་པོ་ནི་བརྒྱད་དོ། །རྟགས་དང༌། རྣམ་པར་འཕེལ་པ་དང༌། བརྟན་པ་དང༌། སེམས་ཀུན་དུ་གནས་པ་དང༌། མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་དང༌། བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་དང༌། བར་ཆད་མེད་པའི་ཏིང་ངེ་འཛིན་དང༌། ལོག་པར་ལྟ་བའོ། །དེ་ལ་རྟགས་ཀྱི་དབང་དུ་བྱས་ནས་བསྟན་བཅོས་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བ་རྣམས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་བྱ་བ་གསུངས་ཏེ། རྩེ་མོར་ཕྱིན་པ་ཞེས་བྱ་བ་ནི་རབ་ཀྱི་མཐར་ཕྱིན་པའོ། །སྦྱོར་བ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བའོ། །ཡང་རབ་འབྱོར་གལ་ཏེ་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ། རྨི་ལམ་གྱི་ནང་ན་ཡང་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་མཐོང་བའོ། །མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བ་ནི་རྟགས་དང་པོའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། རྨི་ལམ་གྱི་ནང་ན་ཡང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་འམ། ཁམས་གསུམ་ལ་འདོད་པར་མི་བྱེད་པ་འདི་གཉིས་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། རྨི་ལམ་གྱི་ནང་ན་ཡང་གཉི་གའི་དགེ་འདུན་གྱི་འཁོར་ཆེན་པོས་ཡོངས་སུ་བསྐོར་ཅིང༌། བདག་ཉིད་དེ་བཞིན་གཤེགས་པར་མཐོང་བ་འདི་ནི་གསུམ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ།


DTG089_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་ན་ཡང་ནམ་མཁའ་ལ་མངོན་པར་འཕགས་ཏེ། སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་ཅིང༌། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སངས་རྒྱས་ཀྱི་མཛད་པ་བྱེད་ཅིང༌། དགེ་སློང་དག་མངོན་པར་སྤྲུལ་ཏེ། བདག་ཉིད་དེ་བཞིན་གཤེགས་པར་ཤེས་པ་འདི་ནི་བཞི་པའོ། །གཞན་ཡང་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། རྨི་ལམ་ན་ཡང་བདག་ཉིད་དམ། གཞན་དག་ལ་གསོད་པ་དང༌། བཅིང་བ་དང༌། མགོ་བཅད་པ་ལ་སོགས་པར་མཐོང་ན་སྐྲག་པར་མི་འགྱུར་ཏེ། སད་ནས་ཀྱང་འདི་ལྟར་ཁམས་གསུམ་པ་འདི་དག་ནི་རྨི་ལམ་ལྟ་བུ་སྟེ། བདག་མངོན་པར་རྫོགས་པར་བྱང་ཆུབ་ནས་དེ་ལྟ་བུའི་ཆོས་བསྟན་པར་བྱའོ་ཞེས་བྱ་བ་འདི་ནི་ལྔ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། རྨི་ལམ་ན་ཡང་དམྱལ་བ་ལ་སོགས་པའི་སེམས་ཅན་མཐོང་ནས། །འདི་སྙམ་དུ་འདི་ནས་བདག་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར། ངན་སོང་ཐམས་ཅད་མི་འབྱུང་བ་དེ་ལྟར་བྱའོ་ཞེས་བྱ་བ་ནི་དྲུག་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། རྨི་ལམ་ན་གལ་ཏེ་གྲོང་ཚིག་པར་མཐོང་ན། སད་ནས་འདི་སྙམ་དུ་སེམས་ཏེ། ཇི་ལྟར་ངས་རྨི་ལམ་དུ་ཕྱིར་མི་ལྡོག་པའི་རྟགས་ཀྱི་མཚན་ཉིད་མཐོང་ནས། བདེན་པ་འདིས་གྲོང་ཚིག་པ་ལ་སོགས་པ་ཞི་བར་གྱུར་ཅིག་ཅེས་བྱ་བ་ནས་གལ་ཏེ་ཞི་བར་གྱུར་ན་དེ་ནི་རྟགས་བདུན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་གྱིས་གསུངས་པ་ལ། གལ་ཏེ་སེམས་ཅན་ལ་ལ་མི་མ་ཡིན་པས་ཟིན་ཅིང་ནོན་བ་ནི་ནང་དུ་ཞུགས་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་བྱེད་པ་ནི་གལ་ཏེ་བདག་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཅིང་མངོན་པར་རྫོགས་པར་བྱང་ཆུབ་ལ། བདག་གི་ལྷག་པའི་བསམ་པ་ཡོངས་སུ་དག་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཇི་ལྟར་མི་མཁྱེན་པ་ཅུང་ཟད་ཀྱང་མེད་པས། བདེན་པ་འདིས་མི་མ་ཡིན་པ་འདི་གུད་དུ་སོང་ཤིག་ཅེས་བྱས་ནས། གལ་ཏེ་བདེན་པའི་བྱིན་གྱི་རླབས་དེས་གཞན་དུ་སོང་བ་དེ་ནི་རྟགས་བརྒྱད་པའོ། །ཐབས་ལ་མཁས་


DTG089_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དཔྱད་པ་ནི་ཡོངས་སུ་ཤེས་པའོ། །དེའི་དོན་གྱི་ལེའུ་ནི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་པའོ།། །།ཡང་རབ་འབྱོར་དེ་ལ་ཞེས་བྱ་བ་ལ་སོགས་པ་དེ་ནི་བདུད་ཀྱི་ལས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ། དེ་དག་གི་སྐབས་གང་ཡིན་ཞེ་ན། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་བདེན་པའི་བྱིན་གྱི་རླབས་ཀྱིས་འབྲས་བུ་སྒྲུབ་པར་བྱེད་པ་ན་ལོག་པའི་ང་རྒྱལ་བསྐྱེད་པའི་བདུད་མང་པོ་འབྱུང་བར་འགྱུར་ཏེ། དེ་ནི་འདིའི་སྐབས་སོ། །དེ་ལ་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བསྟན་པའི་བྱིན་གྱི་རླབས་སོ། །བརྩོན་པར་བྱེད་དོ་ཞེས་བྱ་བ་ནི་བདུད་ཀྱི་རང་བཞིན་གྱི་སྐབས་བྱ་བ་དེའི་ཆེད་དུ་སྤྲོ་བའོ། །སྟོབས་ནི་སྤྲོ་བ་དང་ནུས་པའོ། །གཟི་བརྗིད་ནི་སྟོབས་ཀྱི་ནུས་པའོ། །བརྩོན་པ་ནི་བདག་ཉིད་ཀྱི་ང་རྒྱལ་མང་པའོ། །བརྙས་པ་ཞེས་བྱ་བ་ལ་སོགས་པ་ལ་བརྙས་པ་ནི་མ་གུས་པའོ། །འཕྱ་བ་ནི་ཁོང་ནས་བཞད་གད་བྱེད་པའོ། །འཐིང་སླད་བྱེད་པ་ནི་ཡིད་ཀྱིས་བརྙས་པར་བྱེད་པའོ། །སྨོད་པ་ནི་ཉས་པར་མཐོང་བའོ། །བཤུང་བར་བྱེད་པ་ནི་སྐྱོན་བརྗོད་པའོ། །ལུང་བསྟན་ཏོ་ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་སོ། །ང་རྒྱལ་བསྐྱེད་པ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་དག་པའི་སྒྲ་ནི་ཐམས་ཅད་དེ་ཞེས་བྱ་བའི་དོན་ཏོ། །བསྐྱེད་པར་འགྱུར་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའོ། །འཕེལ་བར་བྱེད་པ་ནི་སྔོན་དུ་འགྲོ་བར་བྱེད་པའོ། །སྟོན་པར་བྱེད་པ་ནི་སྟོན་པར་བྱེད་པའོ། །རྒྱས་པར་བྱེད་པ་ནི་རྒྱ་ཆེ་བར་བྱེད་པའོ། །འབྱུང་བར་བྱེད་པ་ནི་མཐོང་བར་བྱེད་པའོ། །དེ་ང་རྒྱལ་ཞེས་བྱ་བ་ལ་སོགས་པ་ལ། གཞན་དག་ལས་སེམས་ལྷག་པར་མཐོ་བ་ཉིད་དུ་བྱེད་པ་ནི་ང་རྒྱལ་གྱི་སྤྱི་སྟེ། དེ་ནི་སྔར་བསྟན་ཏོ། །འདིར་ནི་དེ་དག་གི་ཁྱད་པར་བརྗོད་པར་བྱ་སྟེ། གད་དེ་དམན་པ་ལས་མཐོ་བར་སེམས་པ་དེ་ནི་ང་རྒྱལ་ལོ། །གད་མཉམ་པ་ལས་ལྷག་པར་སེམས་པ་དེ་ནི་ལྷག་པར་ང་རྒྱལ་ལོ། །གང་ཁྱད་པར་དུ་འཕགས་པ་ལས་ང་རྒྱལ་བ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ཕྱིར་མི་ལྡོག་པ་ཉིད་མ་ཐོབ་པར་བདག་གིས་ཐོབ་པོ་ཞེས་སེམས་མཐོ་བ་དེ་ནི་མངོན་པའི་ང་རྒྱལ་ལོ། །གང་ཡང་ཕྱིར་མི་ལྡོག་པའི་ཡོན་ཏ་


DTG089_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ལ། བདག་ལ་ཡོན་ཏན་ཡོད་དོ་ཞེས་པ་དེ་ནི་ལོག་པའི་ང་རྒྱལ་ལོ། །དེ་ལྟ་བུའི་སེམས་ཅན་ཆེན་པོ་མཐོང་ན་ཞེས་འོག་མ་དང་སྦྱར་བར་བྱའོ། །ལྷག་མ་ནི་དེ་དག་ཉིད་ཀྱི་ཁྱད་པར་རོ། །བདུད་ཀྱིས་བཅིངས་པ་དེ་ཉིད་ཅེས་བྱ་བ་ནི་ང་རྒྱལ་ལོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མིང་སྟོན་པ་ནི་མིང་བརྗོད་པའོ། །ཞན་པ་ནི་དབང་པོ་རྟུལ་པོའོ། །དགོན་པ་པ་ཞེས་བྱ་བ་ལ་སོགས་པ་ནི་སྦྱངས་པའི་ཡོན་ཏན་དག་གོ །གྲོང་ལས་ཕྱི་རོལ་རྒྱང་གྲགས་ཀྱི་ཕ་རོལ་དུ་ནི་དགོན་པའོ། །དེར་གནས་པ་ན་དགོན་པ་པའོ། །དེ་བསོད་སྙོམས་ཁོ་ན་ཟ་བས་ན་བསོད་སྙོམས་པའོ། །དེའི་ཕྱག་དར་ཁོ་ན་གྱོན་པས་ན་ཕྱག་དར་ཁྲོད་པའོ། །ཉི་མ་ཕྱེད་དང་ཉེ་བ་ཁོ་ན་ཟ་བས་ན། ཕྱིས་མི་ལེན་པའོ། །སྟན་གཅིག་ཁོ་ན་ལ་ཟ་བས་ན། སྟན་གཅིག་པའོ། །ལན་ཅིག་བཏིང་བའི་སྟན་ལ་རྟག་ཏུ་ཉལ་བས་ན། གཞི་ཇི་བཞིན་པའོ། །ཆོས་གོས་གསུམ་ལས་ལྷག་པ་མེད་པས་ན། ཆོས་གོས་གསུམ་པའོ། །དུར་ཁྲོད་དང་ཉེ་བ་ཁོན་ན་གནས་པས་ན་དུར་ཁྲོད་པའོ། །ཤིང་དྲུང་ཁོན་ན་གནས་པས་ན་ཤིང་དྲུང་པའོ། །མཚན་མོ་ཅོག་པུར་གནས་པས་ན་ཅོག་པུ་པའོ། །མ་བཀག་ཅིང་གོ་སྐབས་ཡོད་པས་བླ་གབ་མེད་པའོ། །བལ་གོས་ཉིད་གྱོན་པའི་ཕྱིར་ཕྱིང་ཕ་པའོ། །ཟས་ཉུང་དུ་ཟ་བས་ན་འདོད་པ་ཆུང་བའོ། །ངན་ངོན་ཙམ་གྱིས་དགའ་བ་ནི་ཆོག་ཤེས་པའོ། །གཅིག་པུ་ཉིད་ཡིན་པས་ན་རབ་ཏུ་དབེན་པའོ། །མཐོང་བའི་ཆོས་འདི་ལ་སྐྱེས་པར་གྱུར་པ་ནི་མཐོང་བའི་ཆོས་སོ། །དེ་སྟོན་པ་ནི་རྗོད་པར་བྱེད་པའོ། །ཇི་ལྟར་ཞེ་ན། ཁྱོད་ནི་སྔོན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་གི་སྒྲ་ནི་དེའི་ཕྱིར་གྱི་དོན་ཏོ། །བྱིན་གྱིས་བརླབས་པ་ནི་ཟིལ་གྱིས་གནོན་པའོ། །སྦྱངས་པའི་ཡོན་ཏན་གྱིས་ཡོ་བྱད་བསྙུངས་པ་འདྲེན་པར་བྱེད་དོ། གཞུ་འདྲེན་པ་བཞིན་ནོ། །རློམ་སེམས་བསྐྱེད་པ་ཞེས་བྱ་བ་འདི་ནི་ང་རྒྱལ་ཞེས་བྱ་བའི་དོན་ཏོ། །ལྷག་མ་སྦྱངས་པའི་ཡོན་ཏན་དེ་ལྟ་བུ་དག་ཡོད་དོ་ཞེས་བྱ་བ་ནི་རྟོགས་སླའོ། །དེ་ནས་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མིང་གིས་བྱིན་གྱིས་བརླབས་ཞེས་བྱ་བ་ལ་འདིར་མིང་ཅི་ཞིག་ཡིན་ཞེ་ན། ཕྱིར་མི་ལྡོག་པའི་སྒྲ་དང༌། དེའི་ཡོན་ཏན་གྱི་སྒྲའོ། །ཁེངས་པའི་ཟིལ་གྱིས་ནོན་པ་ཞེས་བྱ་བ་ལ། ཁེངས་པ་ནི་


DTG089_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་མ་གུས་པའོ། །གང་དེས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་སོ། །རྗེས་སུ་བརྟགས་ཤིང་ཞེས་བྱ་བ་ནི་རྗེས་སུ་རྣམ་པར་སེམས་པའོ། །འདི་ཉིད་རྗེས་སུ་བསྟན་པ་ནི་འོག་མ་རྗེས་སུ་བསྟན་པ་དང༌། རྗེས་སུ་བརྟགས་པ་ལ་ཡང་སྦྱར་ཏེ། བདག་གི་མིང་ཅི་ཞིག་ཏུ་འགྱུར་ཞེས་བྱ་བའོ། །རྗེས་སུ་དཔྱད་པ་ནི་བདག་གི་མིང་ནི་འདིར་འགྱུར་རོ་ཞེས་བྱ་བའོ། །ལུང་སྟོན་ཏོ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་སྟེ་བདུད་དོ། །རྗེས་སུ་འབྲང་བ་ནི་འདོད་པར་བྱེད་པའོ། །མཚུངས་པར་གྱིས་ཞེས་བྱ་བ་ནི་མི་སླུ་བས་སོ། །ཅི་ཞིག་གང་གིས་སླུ་བར་བྱེད་ཅེ་ན། དེའི་ཕྱིར་མིང་དང་མིང་དུ་ཞེས་གསུངས་སོ། །དེ་ལས་ཅི་ཞིག་ཏུ་འགྱུར་ཞེ་ན། རྒྱུ་ཞིང་འཁོར་ནས་ཞེས་བྱ་བ་གསུངས་ཏེ། དེ་དང་དེ་དག་ཏུ་ངན་སོང་དུ་སྐྱེ་བའོ། །གལ་ཏེ་ཡང་ཞེས་བྱ་བའི་ཡང་གི་སྒྲ་ནི་བསྡུས་པའི་དོན་ཏོ། ཕྲ་མོ་ནི་ཕྲ་བ་ཞེས་བྱ་བ་ནི་རིག་པར་དཀའ་བའོ། །དགོན་པ་ནི་སྔར་ཇི་སྐད་བསྟན་པ་བཞིན་ནོ། །ནགས་འདབ་དང༌། རིའི་ཕུག་དང༌། དུར་ཁྲོད་དང༌། སོག་མའི་ཕུང་པོ་ཞེས་བྱ་བ་ནི་ཕན་ཚུན་ལྡན་པའི་ཟླས་དབྱེ་བའོ། །སོགས་པའི་སྒྲས་ནི་ཤིང་དྲུང་ལ་སོགས་པའོ། །དགོན་པ་ཞེས་བྱ་བ་ནི་དགོན་པ་ན་ཡོད་པས་དགོན་པའོ། །འདི་ཉིད་ཀྱི་ཕྱིར་བས་མཐའ་དང༌། ཡུལ་མི་བྱེད་པ་ཞེས་བྱ་བ་ནི་ཡུལ་མི་བྱེད་པའི་གནས་སོ། །དབེན་པ་ནི་སྟོང་པའོ། །དབེན་པར་གྱུར་ཞེས་བྱ་བ་ནི་བྲལ་བའོ། །གྲོང་གི་ནང་ན་ཞེས་བྱ་བ་ནི་ཉེ་བ་འམ་ཕྱོགས་གཅིག་ནའོ། །ཡིད་ལ་བྱེད་པ་ཉིད་དབེན་པའོ། །རྟེན་པ་ནི་མངོན་པར་ཞེན་པ་ཆུང་བའོ། །ཞེན་པ་ནི་འབྲིང་ངོ༌། །ཆགས་པ་ནི་ཆེན་པོའོ། །དེ་ཉིད་ཀྱིས་བདག་ཉིད་ནི་བརྟན་པར་བྱེད་པའི་ཕྱིར་ཏེ། ལྷག་པར་ཆགས་པར་ཞུགས་པའོ། །འདྲེས་པ་ཞེས་བྱ་བ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའོ། །ཀུན་ཏུ་འདྲེས་པ་ནི་རབ་ཏུ་བྱུང་བ་ཉིད་དང་ངོ༌། །བྱང་ཆུབ་སེམས་དཔའ་གདོལ་པ་ཞེས་བྱ་བ་ནི་དེ་དང་འགྲོགས་པར་བྱ་བ་ནི་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སུན་འབྱིན་པ་ནི་རང་གི་སྐྱོན་གྱིས་དེ་དག་སུན་འབྱིན་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གཟུགས་བརྙན་ནི་གཟུགས་འདྲ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འདྲ་བར་འཆོས་པ་ནི་དད་པ་མང་པོའི་ནང་ན་ནག་པོ་ཉིད་ལྟ་བུའོ། །རྐུན་མ་ནི་དགེ་སྦྱོང་གི་ཆ་བྱེད་ཀྱིས་


DTG089_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྐུ་བའོ། །བྱང་ཆུབ་སེམས་དཔའི་ནང་ན་རྐུན་པོ་ནི་འདོད་པར་བྱ་བ་མ་ཡིན་པའོ། །ལྷ་དང་བཅས་པའི་འཇིག་རྟེན་ན་རྐུན་པོ་ནི་ལོག་པའི་སྦྱིན་གནས་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་རང་བཞིན་ཅན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུ་ནི་དམ་པ་རྣམས་ཀྱིས་བསྙེན་པར་བྱ་བ་ནི་མ་ཡིན་ཞེས་རྒྱས་པར་གསུངས་ཏེ། མཐུ་ནི་སྟོབས་སོ། །འཕགས་པ་མ་ཡིན་པ་ནི་སྡིག་པའོ། །སྐྱོ་བ་ནི་འཇིགས་པའོ། །རེ་ཞིག་དེ་དག་ལ་ཡང་ཞེས་བྱ་བ་ནི་དེ་འདྲ་བ་ལ་ཡང་བསྐྱབ་པར་བྱ་ན། སེམས་ཅན་ཐམས་ཅད་ལ་ལྟ་ཅི་སྨོས། བྱམས་པ་ལ་སོགས་པ་འདི་དག་གིས་ནི་བྱམས་པ་ལ་སོགས་པ་བཞིའི་ཡུལ་གྱི་ཁྱད་པར་ཐ་དད་པར་གསུངས་སོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྨོན་ལམ་མོ། །འདི་ཡང་ཞེས་བྱ་བ་ནི་དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དོ། །མངོན་པར་རིག་པ་ཞེས་བྱ་བ་ནི་མངོན་པར་བརྟགས་པའོ། །བརྟུལ་བ་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པའོ། །འདི་ཡང་ཞེས་བྱ་བ་ལ་སོགས་པས་ནི་བདུད་ཀྱི་ལས་ཕྱི་མ་མཇུག་བསྡུ་བའོ། །བདུད་ཀྱི་ལས་མངོན་པར་བརྗོད་པའི་ལེའུ་དེ་ལ་དེ་སྐད་ཅེས་བརྗོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས། ཕན་འདོགས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཅེས་བྱ་བ་ནི་གཙོ་བོར་ངེས་པར་གཟུང་བའོ། །ཇི་ལྟར་གཅིག་དེའི་ཡིན་པ་དེ་བཞིན་དུ་ལྷན་ཅིག་དྲུག་ཀྱང་ཡིན་པ་དེའི་ཕྱིར། འདི་ཐམས་ཅད་ཅེས་བྱ་བ་གསུངས་སོ། །ག་ལས་ཤེས་ཤེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྟོན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་དུ་འཇུག་པ་དང༌། ཤེས་པ་དང་སྟོན་པ་སྟེ་གང་འབྲས་བུ་དམ་པའོ། །དེའི་ཕྱི་མ་ཉིད་ནི་ལམ་མོ། །སྣང་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་པ་སྟེ། རབ་ཏུ་དགའ་བའོ། །དེ་ཉིད་ནི་སྒྲོན་མ་སྟེ། དེ་ཡང་འབད་པས་བགྲོད་པའི་ལམ། དྲི་མ་མེད་པ་ལ་སོགས་པའི་ས་དྲུག་གོ །དེ་ཉིད་ནི་འོད་དེ་ཉིན་པར་མི་སྣང་བའོ། །དེ་ཡང་འབད་པ་མེད་པས་བགྲོད་པའི་ལམ། མི་གྱོ་བ་ལ་སོགས་པའི་སའོ། །དེའི་ཕྱིར་དེ་ཉིད་ནི་དཀོན་མཆོག་


DTG089_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ། དེས་ནི་ཞེས་བྱ་བ་ནི་སྐྱབས་སོ། །གླིང་ཞེས་བྱ་བའི་བར་གྱི་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ཉིད་ལམ་འཛིན་པ་དང་གསོ་བའི་ཕྱིར་མའོ། །དེ་ཉིད་སྲོག་འཛིན་པའི་ཕྱིར་ཕའོ། །ཤེས་པའི་ཕྱིར་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་ཕྱིར་རོ། །རྟོགས་པའི་ཕྱིར་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཇི་སྐད་གསུངས་པ། གཞན་ལ་མེད་པ་ཅིའི་ཕྱིར་ཞེ་ན་བྱ་བའི་དོན་ཏོ། །རབ་འབྱོར་འདི་ལ་ཞེས་བྱ་བ་ལ་སོགས་པའི་དོན་ནི་ལན་ནོ། །དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་སྐྱེས་སོ་ཞེས་བསྟན་པའི་ཕྱིར། རབ་འབྱོར་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་པ་ནི་གྲུབ་པའོ། །འདུས་ཤིང་ཞེས་བྱ་བ་ནི་ཅི་རིགས་པར་ནང་དུ་འདུས་པའོ། །སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་ཉིད་དེ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་རོ་ཞེས་བྱ་བ་དང་སྦྱར་རོ། །ནམ་ཞེས་བྱ་བ་ལ་སོགས་པ་འདི་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་སྟེ། རྟགས་དགུ་པའོ། །རབ་འབྱོར་ཞེས་བྱ་བ་ནས། འདི་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གང་གི་ཕྱིར་འདི་ཉིད་རབ་ཏུ་འདྲེན་པ་ཡིན་པ་དེ་ལྟ་བས་ན། གཞན་གྱི་དྲིང་མི་འཇོག་པ་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་གཞན་གྱི་དྲིང་མི་འཇོག་པ་ཉིད་དེ་རྟགས་བཅུ་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་རྣམ་པར་བྱང་བར་ཡང་སྣང་ངོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ཆགས་པ་མེད་པའི་མཚན་ཉིད་དམིགས་པ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་གཟུགས་ལ་སོགས་པ་ཡང་སྟོང་པ་ཉིད་ཀྱི་ཕྱིར་དང༌། རྣམ་པར་དབེན་པའི་ཕྱིར་རོ། །བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དྲི་བའོ། །ཡང་མི་འགྱུར་ཞེས་བྱ་བ་ནི་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མངོན་པར་ཞེན་པ་ནི་དངོས་པོ་ཉིད་དུ་འཛིན་པའོ། །བཅོམ་ལྡན་འདས་ཡུམ་གྱི་ཆོས་ནི་མ་ཆགས་པའི་མཚན་ཉིད་དེ་ཉིད་དོ། །དེ་ལྟ་མོད་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི་ཡོད་དོ། །འདི་ནི་རྟགས་བཅུ་གཅིག་པའོ། །རབ་འབྱོར་


DTG089_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསོལ་པ་ཞེས་བྱ་བ་ནས་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། མི་བརྫི་བར་འགྱུར་རོ་ཞེས་བྱ་བ་ནི་མི་འཕྲོགས་པའོ། །དེ་ལྟ་བུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྣམ་པར་དབེན་པ་ཞེས་བྱ་བ་ལ་སོགས་པའོ། །མི་བརྫི་བ་ཉིད་ཐོབ་པའི་ཕྱིར་རྟགས་བཅུ་གཉིས་པ་སྟེ། འདི་ནི་རྟགས་བསྟན་པའོ། །རྣམ་པར་འཕེལ་བ་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །དཔེར་མཛད་ནས་ནི་རྣམ་མང་དུ། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། རྣམ་པར་འཕེལ་པ་བཅུ་དྲུག་ནི་མདོ་ལས་གསུངས་ཏེ། ཅི་ཞིག་བྱས་ནས་ཤེ་ན། དཔེར་མཛད་ནས་སོ། །ཇི་ལྟ་བུ་ཞེ་ན། འཛམ་བུ་གླིང་གི་སྐྱེ་བོ་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་མདོ་ལས་གསུངས་པའི་བདག་ཉིད་ཆེན་པོས་མིར་གྱུར་ཅིང༌། སེམས་བསྐྱེད་པའི་མཚན་ཉིད་ཀྱིས། གང་སངས་རྒྱས་ལ་མཆོད་པའི་དགེ་བའི་བསོད་ནམས་གང་ཡིན་པ་དེ་དག་ལ་སོགས་པ་ནི་དཔེའོ། །དེ་ལ་སོགས་པའི་སྒྲས་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་རྙེད་ནས། སྟོན་པ་ལ་སོགས་པ་ཡོངས་སུ་བཟུང་ངོ༌། །རྣམ་པ་མང་ཞེས་བྱ་བ་ལ། རྣམ་པ་མང་པོ་གསུངས་པ་ནི་དཔེ་མེད་པར་ཡང་ངོ༌། །དེ་ལ་དང་པོ་ནི་རབ་འབྱོར་ཡང་གལ་ཏེ་ཞེས་བྱ་བ་ནས། དེ་ལྟར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ནམ་འཚོའི་བར་དུ་ཞེས་བྱ་བ་ནི་ཚེ་ཇི་སྲིད་པར་རོ། །སྦྱིན་པ་དེ་ཞེས་བྱ་བ་ནི་གང་སངས་རྒྱས་དང༌། གང་སེམས་ཅན་རྣམས་ལའོ། །ཡིད་ལ་བྱེད་པ་ལ་གནས་ན་ཞེས་བྱང་ནི་འཕེལ་བ་ཡང་དག་པར་གཟུང་ངོ༌། །མ་གཏོགས་པ་ཞེས་བྱ་བ་ནི་དཔེའོ། །དེ་དག་ཏུ་དེ་མ་གཏོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེའོ། །གསད་པར་གཏོགས་པ་བཞིན་དུ་ཞེས་བྱ་བའི་གསད་པའི་གནས་ལ་གཏོགས་པ་བཞིན་དུའོ། །ཆུད་གཟོད་པ་ཞེས་བྱ་བ་ནི་མི་ཐོབ་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་ཉིན་མཚན་འདའ་བར་བྱེད་པས། དེ་ནི་རྣམ་པར་འཕེལ་བ་དང་པོའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་དེ་མི་འཕེལ་མི་འགྲིབ་བོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་དེ་སྲིད་དུ་བཙལ་བར་བྱའོ་


DTG089_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟ་བུས་ཤེ་ན། ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བའི་སེམས་ཀྱིས་སོ། །ཁ་ཅིག་ཏུ་མ་བྲལ་བ་ཞེས་བྱ་བ་ལ། ཡིད་ལ་བྱེད་པའི་སྒྲའི་སྔོན་རོལ་དུ་འདོན་པ་དེ་ནི་མི་རིགས་ཏེ། དེ་འམ་གཞན་ཡང་རུང་སྟེ། གླེགས་བམ་ཐ་དད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིད་ལ་བྱེད་པ་དང༌། སྐད་ཅིག་ཀྱང་མི་འབྲལ་བའི་ཕྱིར། འདི་ནི་རྣམ་པར་འཕེལ་བ་གཉིས་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། འདི་ནི་གནས་མེད་དོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས། ལུང་བསྟན་པ་ཐོབ་པ་འདི་ནི་རྣམ་པར་འཕེལ་བ་གསུམ་པའོ། །རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནས། ལེའུ་མ་རྫོགས་ཀྱི་བར་གྱིས་ནི། མངོན་པར་རྫོགས་པར་བྱང་ཆུབ་པར་ལུང་བསྟན་པ་ལ་རློམ་སེམས་མེད་པ་ཉིད་ཀྱི་ཕྱིར། འདི་ནི་རྣམ་པར་འཕེལ་པ་བཞི་པའོ། །དགེ་བའི་བཤེས་གཉེན་ལ་སོགས་པའི་ལེའུ་ནི་དགེ་བའི་བཤེས་གཉེན་གྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།ཡང་དེའི་ཚེ་ལྷ་རྣམས་ཀྱི་ཞེས་བྱ་བ་ནས། འབྱིན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་ཅན་དང༌། ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཟིལ་གྱིས་གནོན་པར་འགྱུར་རོ། །དེ་དག་གིས་ནི་ཟིལ་གྱིས་གནོན་པར་མི་འགྱུར་བ་དེ་ནི་རྣམ་པར་འཕེལ་བ་ལྔ་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། ལེའུ་རྫོགས་ཀྱི་བར་གྱིས་གསུངས་པ་ལ། འཇིག་རྟེན་སྐྱོང་བ་བཞི་དང༌། བརྒྱ་བྱིན་དང༌། དེ་ལས་གཞན་པའི་ལྷ་དེ་དག་དེར་ཉེ་བར་འོང་བར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་དང༌། འབྲེལ་བ་ནི་དྲུག་པའོ། །བརྒྱ་བྱིན་གྱིས་བསྟན་པའི་ལེའུ་ནི་བརྒྱ་བྱིན་གྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་


DTG089_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས། གནས་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། སྦྱོར་བར་འགྱུར་ཞེས་བྱ་བ་ནི་རྗེས་སུ་སྦྱོར་བར་འགྱུར་བའོ། །ཇི་ལྟ་ཞེ་ན། འདི་དག་ཅེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །མི་རྙེད་ཅེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་དེ་བཞིན་གཤེགས་པས་མདོ་སྡེ་གཞན་ལས་གསུངས་པའི་རིགས་པ་འདིས་ནི་དེ་ལྟར་དེ་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །གཏིང་ནི་རབ་ཏུ་གནས་པའོ། །རོ་ནི་མྱང་བའོ། །མིང་དང་རུས་སྨོས་པ་དང༌། སྦྱངས་པའི་ཡོན་ཏན་བརྗོད་པ་ནི་སྔ་མ་བཞིན་ནོ། །ཟད་པར་མི་འགྱུར་བ་ནི་འཕེལ་བའོ། །ཚོགས་ནི་ཕུང་པོའོ། །འདི་ནི་འཕེལ་བ་བདུན་པའོ། །ཀུན་དགའ་པོ་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་ཐམས་ཅད་ནི་རྟོགས་པར་སླ་སྟེ། རྣམ་པར་འཕེལ་བ་བརྒྱད་པའོ། །བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པའི་མངོན་པའི་ང་རྒྱལ་གང་ཡིན་པ་ནི་ཕུང་ཁྲོལ་མང་པོའི་རྒྱུ་ཡིན་ལ་དེ་ལ་མཚོན་པར་བྱེད་པའི་ལེའུ་ནི་མངོན་པའི་ང་རྒྱལ་གྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་ཕ་རོལ་ཏུ་འགྲོའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། གང་ལ་བསླབས་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་ཅེས་བྱ་བ་ནི་དྲིས་པའོ། །ཟད་པ་དང༌། མི་འབྱུང་བ་དང༌། འགག་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། དངོས་པོ་མེད་པ་དང༌། དབེན་པ་དང༌། འདོད་ཆགས་དང་བྲལ་བ་དང༌། ནམ་མཁའ་དང༌། ཆོས་ཀྱི་དབྱིངས་དང༌། མྱ་ངན་ལས་འདས་པ་ལ་སློབ་པ་ཞེས་བྱ་བ་ནི་ལན་ནོ། །འདིར་འཐད་པ་ནི་གང་གི་ཕྱིར་དེ་བཞིན་གཤགས་པའི་དེ་བཞིན་ཉིད་གང་ཡིན་པ་དེའི་དེ་བཞིན་གཤེགས་པ་ནི་མི་ཟད་པ་སྟེ། མི་ཟད་པ་ཉིད་ཀྱི་ཕྱིར་ཟད་པའོ། །དེའི་འབྱུང་བ་དང༌། འགག་པ་དང༌། སྐྱེ་བ་དང༌། དངོས་པོ་དང༌། དབེན་པ་དང༌། འདོད་ཆགས་དང༌། ནམ་མཁའི་ངོ་བོ་དང༌། ཆོས་ཀྱི་ངོ་བོ་དང༌། མྱ་ངན་ལས་འདས་པ་དེ་ཡང་ཡོད་པ་མ་ཡིན་ཏེ། དེ་


DTG089_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ནོ། །དེ་ལ་འདིས་ནི་ལམ་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ས་ལ་སློབ་པོ་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་གསུངས་པ་ཡིན་ནོ། །བདུད་རྩི་དབྱིངས་ཀྱི་སྒོ་ནི་རྣམ་པར་ཐར་པའི་མགོན་པོར་འདོད་པ་ཞེས་བྱ་བ་ནི་མགོན་པོ་ཉིད་དུ་འདོད་པའོ། །མངོན་པར་འཕགས་པ་ནི་ཁྱད་པར་དུ་འཕགས་པའོ། །བྱ་གསོད་པས་ན་བྱ་པའོ། །རྔོན་པ་ནི་གསོད་པའོ། །ཉ་གསོད་པ་ནི་ཉ་པའོ། །ལུག་ནི་ལུག་སྟེ། དེ་གསོད་པ་ནི་ཤན་པའོ། །མིག་མེད་པ་ནི་ལོང་བའོ། །མི་ཐོས་པ་ནི་འོན་པའོ། །ཞར་བ་ནི་མིག་གཅིག་པའོ། །རྔུམ་པོ་ནི་ལག་པ་མཚང་བའོ། །སྒུར་པོ་ནི་རྒྱབ་ཉམས་པའོ། །ཞ་བོ་ནི་ལག་ངར་ཉམས་པའོ། །འཐེང་པོ་ནི་པུས་མོ་གཤིབས་ནས་འགྲོ་བའོ། །གྲུམ་པོ་ནི་འགྲོ་བ་མེད་པའོ། །ལྐུགས་པ་ནི་སྨྲ་མི་ནུས་པའོ། །དིག་པ་ནི་ཚིག་མི་བརྟན་པའོ། །ལྡིབ་པ་ནི་ལྕེ་མི་བདེ་བའོ། །རྣ་བ་མི་གསལ་བ་ནི་སྒྲ་ཆེན་པོ་ཐོས་པའོ། །ཡན་ལག་ཉམས་པ་ནི་སྨད་པའི་ཡན་ལག་གོ །ཡན་ལག་མ་ཚང་བ་ནི་ཡན་ལག་ཆུང་བའོ། །ཡན་ལག་མི་སྡུག་པ་ནི་མིའི་ཡན་ལག་དང་མི་འདྲ་བའོ། །འགྱུར་ཞེས་བྱ་བ་ནི་རྫོགས་པར་བྱེད་པའོ། །དེ་འཐོབ་པར་འགྱུར་ཞེས་བྱ་བ་ནི་སྟོབས་ལ་སོགས་པ་ཡོངས་སུ་དག་པར་བསྐྱེད་པའོ། །ལྷག་མ་ནི་རྟོགས་སླའོ། །གང་ཕ་རོལ་ཏུ་འགྲོ་བ་འདི་ནི་རྣམ་པར་འཕེལ་བ་དགུ་པའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། ཤིན་ཏུ་མང་པོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། གསེར་དང་ས་ལེ་སྦྲམ་ཞེས་བྱ་བ་ནི་བ་དང་གླང་གི་ཚུལ་གྱིས་སོ། །བ་ཚ་ཅན་ནི་བ་ཚ་དང་བཅས་པའི་སའོ། །གྲམ་ས་ནི་དགོན་དུང་ངོ༌། །རྩྭ་ནི་བི་ར་ཎ་ལ་སོགས་པའོ། །སྡོང་དུམ་ནི་ཤིང་སྐམ་གྱི་ཚལ་པའོ། །ཚེར་མ་ཅན་ནི་པོ་སོན་ཆ་ལ་སོགས་པའོ། །གང་ལ་རྣམ་པ་སྣ་ཚོགས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་རྣམ་པར་འཕེལ་བ་བཅུ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། ཤིན་ཏུ་མང་པོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། འདི་ལས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པས་ན་དེ་ཐོབ་པའོ། །འདི་ནི་རྣམ་པར་འཕེལ་བ་བཅུ་གཅིག་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། ཤིན་ཏུ་མང་པོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ།


DTG089_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་བརྒྱ་བྱིན་ཐོབ་པ་གང་ཡིན་པ་དེ་ནི་ཐོབ་པའོ། །འདི་ནི་བཅུ་གཉིས་པའོ། །གཞན་ཡང་ཞེས་བྱ་བ་ནས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བའི་བར་གྱིས་གསུང་པ་ལ། འདི་ལས་ཚངས་པ་ཐོབ་པ་ཡོད་པས་ན་ཐོབ་པ་སྟེ། འདི་ནི་བཅུ་གསུམ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། འདུས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དགེ་བའི་ལོ་ཏོག་སྐྱེ་བ་དང་འགལ་བ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ནི་ཐ་བའོ། །ཐེ་ཚོམ་ནི་བདེན་པ་དང་དཀོན་མཆོག་ལ་ཡིད་གཉིས་ཟ་བའོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་ཁོང་ནས་འཁྲུག་པའོ། །ལྷག་མ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་བཅུ་བཞི་པའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། བྱང་ཆུབ་ལ་ཉེ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། མི་ཤེས་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སོ། །བསོད་ནམས་ཀྱི་མཆོག་ཡིན་པས་ན་བསོད་ནམས་ཀྱི་མཆོག་གོ །སངས་རྒྱས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ། །དབང་བསྒྱུར་བ་ནི་ཁྱུ་མཆོག་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །རྣམ་པར་རོལ་པས་ཞེས་བྱ་བ་ནི། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སོ། །སེང་གེའི་སྒྲ་སྒྲོགས་པ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སོ། །སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་གཉི་གའི་འཕགས་པའི་དགེ་འདུན་གྱི་དབང་ཕྱུག་གོ །རྣམ་པར་དཔྱད་པ་ནི་ཡོངས་སུ་ཤེས་པའི་ཕྱིར་རོ། །འགལ་བར་ནི་མི་བྱེད་དོ་ཞེས་བྱ་བ་ནི་དེ་དག་ལ་མི་གནས་པའི་ཕྱིར་རོ། །ལྷག་མ་ནི་རྟོགས་པར་སླ་སྟེ། །འདི་ནི་བཅོ་ལྔ་པའོ། །ཡང་གལ་ཏེ་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་དུ་གསུངས་པ་ལ། དེ་སྟེ་དེ་ཡང་དག་པར་མི་ཤེས་ཞེས་བྱ་བ་ཇི་ལྟར་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་ནས། སྡུད་པའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལྟར་ཡང་ཞེས་བྱ་བ་ནི་རྣམ་པ་འདི་གསུམ་ཉིད་ཀྱིས་སོ། །གལ་ཏེ་དེ་ལྟར་སྤྱོད་ན་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་ཡང་དག་པར་མི་ཤེས་ཡང་དག་པར་རྗེས་སུ་མི་མཐོང་ནའོ།།འདི་ནི་འཕེལ་བ་བཅུ་དྲུག་པའོ། །བསླབ་པ་སྟོན་པར་བྱེད་པའི་ལེའུ་ཡིན་པས་ན་བསླབ་པའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་


DTG089_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་ལྔ་པའོ།། །།རྣམ་པར་འཕེལ་བ་བཤད་ནས། བརྟན་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། སེམས་ཅན་དོན་ཡོངས་མི་གཏོང་བ། །ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །ངེས་པ་ཞེས་ནི་མངོན་པར་བརྗོད། །ཅེས་གསུངས་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས། ཡང་དག་པར་བསྡུས་པའི་ཆོས་ནི་ཀུན་མཁྱེན་ཉིད་གསུམ་གྱི་ཆོས་སོ། །བསྒྲལ་བ་དང༌། དགྲོལ་བ་དང༌། དབུགས་དབྱུང་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ནི་སེམས་ཅན་གྱི་དོན་ནོ། །དེའི་ཕྱིར་མདོ་ལས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ནས། བགྱིད་པ་ལེགས་སོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། སྤྱོད་པ་ཉིད་ཀྱང་ཞེས་བྱ་བ་གང་དུ་སྤྱོད་པ་ཡིན་ཞེ་ན། རྣམ་པར་འཕེལ་བ་ལའོ། །ཅི་ཞིག་སྤྱོད་པ་ཡིན་ཞེ་ན། སྦྱིན་པ་ཚོགས་པ་ལའོ། །སེམས་འཇུག་པ་ཞེས་ཡ་བ་ནི་འགྲོ་བ་སྟེ་དང་བཞེས་བྱ་བའི་དོན་ཏོ། །སེམས་བསྐྱེད་པ་ཞེས་བྱ་བ་ནི་ཀྱེ་མའོ་བདག་གིས་འདི་རྟོགས་པར་བྱའོ་ཞེས་བྱ་བའོ། །ཁྱེར་བར་གྱུར་པ་ཞེས་བྱ་བ་ནི་འཆི་བར་འགྱུར་བའོ། །མཉམ་པ་ནི་རིགས་པའོ། །ཕ་རོལ་ནི་སྐྱོན་མེད་པའོ། །འགྲམ་ནི་མྱ་ངན་ལས་འདས་པའོ། །དེ་དག་འབྱོར་བར་གྱུར་ཅིག་ཅེས་བྱ་བ་ནི་སེམས་བསྐྱེད་པ་དང་སྦྱར་རོ། །འཚལ་བ་ནི་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་བསམས་པ་ནི་ཡང་དང་ཡང་དུ་བསྐྱེད་པའི་ཕྱིར་རོ། །ཡོངས་སུ་བཟུང་བ་ནི་ཡོངས་སུ་མི་གཏོང་བའི་ཚུལ་གྱིས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ལ། སངས་རྒྱས་ནི་ཐམས་ཅད་མཁྱེན་པའོ། །དེའི་ཆོས་ཞེས་བྱ་བ་ནི་བསྟན་པའོ། །འདིའི་བཤད་པ་ནི་གསུམ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་སྟེ། གང་གི་ཕྱིར་ཐམས་ཅད་མཁྱེན་པར་འགྱུར་བའི་ཐམས་ཅད་མཁྱེན་པ་ཉིད་དང༌། རང་བྱུང་ཉིད་དང༌། མི་འཕྲོགས་པ་ཉིད་དོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཐམས་ཅད་ཡང་དག་པར་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདིའི་ཆོས་རང་ཉིད་ཀྱི་སེམས་ཁོ་ན་ལས་འབྱུང་བས་ན་རང་འབྱུང་སྟེ། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཞེས་བྱ་བའི་དོན་ཏོ། །དེའི་ཆོས་ནི་རང་འབྱུང་ཉིད་


DTG089_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གང་ཡང་དག་པར་བསྡུས་པའོ། །འདི་ལ་མི་འཕྲོགས་པ་ཡོད་པས་ན་མི་འཕྲོགས་པ་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་ལས་གྲོལ་བ་ཞེས་བྱ་བའི་དོན་ཏོ། །དེའི་ཆོས་ནི་གང་མི་འཕྲོགས་པ་ཉིད་ཀྱིས་ཡང་དག་པར་བསྡུས་པ་སྟེ། དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག་པའོ། །འདི་ཙམ་གྱིས་ནི་ཡོངས་སུ་རྫོགས་པར་བསྟན་ཏོ། །སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ནི། བཅོམ་ལྡན་འདས་བདག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཅེས་གསུངས་པ་གང་ཞེ་ན། ཅི་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ནས་ཞེས་བྱ་བ་ནི་ཇི་ལྟར་ཞེས་བྱ་བའི་དོན་ཏོ། །འདི་ནི་ངེས་པའོ། །སེམས་ཀུན་དུ་གནས་པ་བརྗོད་པར་བྱ་སྟེ། ཏིང་ངེ་འཛིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བསྟན་བཅོས་ལས། གླིང་བཞི་པ་དང་སྟོང་དག་དང༌། སྟོང་གཉིས་གསུམ་དག་དཔེར་མཛད་ནས། བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། མདོ་ལས་ནི་བསོད་ནམས་མང་པོ་ཉིད་ཀྱིས་ཏིང་ངེ་འཛིན་བསྟན་གྱི། མངོན་སུམ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན་གླིང་བཞི་པ་དང༌། སྟོང་དང༌། སྟོང་གཉིས་དང༌། སྟོང་གསུམ་གྱི་དཔེས་སོ། །གཞུང་གང་གིས་ཤེ་ན། བཅོམ་ལྡན་འདས་གང་ཞེས་བྱ་བ་ནས་མངོན་པར་བསྒྲུབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། དེ་དག་ལ་ཞེས་བྱ་བ་ནི་ཐམས་ཅད་ལའོ། །དེ་དག་ལ་ཞེས་བྱ་བ་ནི་འདྲ་བ་ལའོ། །ཆོས་ཉིད་ནི་ཆོས་ཀྱི་ཚོགས་སམ་ངོ་བོ་ཉིད་དོ། །སྲང་གྲངས་ནི་སྲང་གི་ཚད་དོ། །ཚད་གཟུང་བར་ཞེས་བྱ་བ་ནི་སྲང་འདི་ཙམ་ཞེས་བྱ་བར་རོ། །ཅི་སྟེ་འདི་དཔེ་གང་གིས་ཡིན་ཞེ་ན། བསོད་ནམས་ཀྱི་ཚད་ནི་འཛམ་བུ་གླིང་ལ་སོགས་པའི་ཚད་དེ། བསྟན་བཅོས་ལ་ཡང་ཉེ་བར་གདགས་པར་བྱའོ། །རྗེས་སུ་ཡི་རང་བ་ཙམ་ལ་འདི་ཙམ་གྱིས་བསོད་ནམས་ཀྱི་ཚད་ཡིན་གྱི། ཏིང་ངེ་འཛིན་ལ་ནི་མ་ཡིན་ནམ་ཞེ་ན། རྗེས་སུ་ཡི་རང་བའི་བསོད་ནམས་ལས་རྗེས་སུ་དཔག་ན་བསོད་ནམས་མང་བ་ཉིད་ན་ཞེས་བསམས་པས་ཉེས་པ་མེད་དེ། རྗེས་སུ་ཡི་རང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །དེ་ལྟར་མི་བྱེད་པ་ལ་སྨད་པར་བྱ་བའི་ཕྱིར། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་


DTG089_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་སོ། །བདུད་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་བདུད་ཀྱིས་ཐབས་མང་པོས་སྤྲོ་བ་མེད་པར་བྱས་པའོ། །མི་མཉམ་པ་ནི་སྒྲ་ལས་སོ། །མི་འཚལ་བ་ནི་དོན་ལས་སོ། །མ་མཐོང་བ་ནི་གུས་པས་སོ། །མི་སེམས་པ་ནི་མངོན་དུ་མི་བྱེད་པའོ། །བདུད་ཀྱི་ཕྱོགས་ཀྱི་དངོས་པོ་བདུད་ཀྱི་ཕྱོགས་སུ་གྱུར་བའོ། །དེ་ལྟ་བུ་ནི་སེམས་ཅན་གྱི་དོན་ཆེན་པོ་འཇོམས་པར་བྱེད་པའི་ཕྱིར་རོ། །བདུད་ཀྱི་གནས་ནས་ཤི་འཕོས་པ་ཞེས་བྱ་བ་ནི་བདུད་ཁོ་ན་དང་དེ་ཤིན་ཏུ་ཆོས་མཐུན་པའི་ཕྱིར་རོ། །མངོན་པར་བསྒྲུབ་པ་ཞེས་བྱ་བ་ནི་བསྐྱེད་པའོ། །གང་དིས་ཤེ་ན་སེམས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཡོངས་སུ་བསྔོས་པ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བའོ། །རྗེས་སུ་ཡི་རང་བའམ་ཞེས་བྱ་བ་ནི་འབའ་ཞིག་མ་ཡིན་ཞེས་བྱ་བ་ལྷག་མའོ། །གང་ཡིན་ཞེ་ན་རྗེས་སུ་ཡི་རང་བ་ཞེས་བྱ་བ་གསུངས་སོ། །གང་ལ་གང་གིས་ཤེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་དང༌། བཅོམ་ལྡན་འདས་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནས། རྗེས་སུ་ཡི་རང་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བརྒྱ་བྱིན་ལ་སྟོན་པའོ། །ཀཽ་ཤི་ཀ་ཞེས་བྱ་བ་ནས། རྗེས་སུ་ཡི་རང་བའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི་ཐེག་པ་ཆེན་པོ་ལ་ཞུགས་པའི་རྗེས་སུ་ཡི་རང་བའི་ཕན་ཡོན་ནོ། །གང་གིས་ཞེས་བྱ་བ་ལ་སོགས་པས་ནི་དང་པོ་སེམས་པ་ཡང་ངོ༌། །རྗེས་སུ་ཡི་རང་འབའ་ཞིག་མ་ཡིན་གྱི། རང་གི་རྒྱུད་ལ་བསྐྱེད་པ་དང༌། སྒྲུབ་པར་ཡང་འགྱུར་ཏེ། རྗེས་སུ་ཡི་རང་བ་ཡང་ངེས་པར་བསྔོ་བར་བྱ་བ་ཡིན་ཏེ། ཇི་ལྟར་རྗེས་སུ་ཡི་རང་བར་བྱས་པ་དེ་ལྟར་བསྔོ་བ་ཡོངས་སུ་འཇུག་པར་རིག་པར་བྱའོ། །ཇི་སྐད་དུ་ཡུམ་ཆེན་མོ་དག་ལས་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལྟར་བསྔོ་བར་བྱ་བ་ཡང་སེམས་ཀྱིས་སེམས་སྤྱོད་པ་ཡང་མ་ཡིན། སེམས་ལས་གཞན་དུ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་དེ་ཉིད་ནི་ཏིང་ངེ་འཛིན་འདིའི་དམིགས་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་རྣམ་པའོ། །སེམས་ཀུན་དུ་གནས་པ་ནི་ངོ་བོ་ཉིད་དོ། །


DTG089_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་གནས་པའི་ངོ་བོ་ཉིད་གང་ཡིན་ཞེ་ན། སེམས་ནི་འཛིན་པའི་མཚན་ཉིད་ནི་མ་ཡིན་ཏེ། གཞན་དུ་ཡང་མ་ཡིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མ་ཡིན་པའོ། །འོན་ཀྱང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཉིས་སུ་མེད་པ་དེ་ལྟ་བུ་ལ་སེམས་ཀུན་དུ་གནས་པའོ། །མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་གཉེན་པོ་དང་བཅས་པ་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། འཇུག་པ་དང་ནི་ལྡོག་པ་དང༌། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཅེས་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལ་རེ་ཞིག་རྣམ་པར་རྟོག་པ་ནི་གཉིས་སུ་གཟུང་སྟེ། གཟུང་བའི་རྣམ་པར་རྟོག་པ་ནི་གཉིས་ཡིན་པའི་ཕྱིར་རོ། །ཇི་ལྟར་རྣམ་པར་རྟོག་པ་དག་ཡིན་ཞེ་ན། གང་གི་ཕྱིར་དེ་དག་གི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པའི་བདག་ཉིད་ལ་རྟོག་པས་ན། རྣམ་པར་རྟོག་པའོ་ཞེས་བྱ་བ་ནས། དེ་དག་གི་ཡུལ་ཡང་གང་ཡིན་ཞེ་ན། འཇུག་པའི་ཕྱོགས་དང་ལྡོག་པའི་ཕྱོགས་ལའོ། །སོ་སོར་ཞེས་བྱ་བ་ནི་གཉིས་ཀའི་ཕྱོགས་ལ་ཡང་ངོ༌། །དགུའི་བདག་ཉིད་ནི་དབྱེ་བ་དགུའོ། །སེམས་ཅན་བཏགས་དང་རྫས་ཡོད་པར། །རྣམ་རྟོག་འཛིན་པ་དག་དུ་འདོད། །སོ་སོའི་སྐྱེ་བོ་འཕགས་བྱེད་པས། །སོ་སོར་དེ་དག་དགུའི་བདག་ཉིད། །ཅེས་བྱ་བ་གསུངས་ཏེ། གཞན་རྣམ་པ་གཉིས་ནི་འཛིན་པའི་རྣམ་པར་རྟོག་པ་ཡིན་པའི་ཕྱིར། ཇི་ལྟར་གཉིས་ཡིན་ཞེ་ན། གོ་རིམས་བཞིན་དུ་རྫས་སུ་ཡོད་པ་དང༌། བཏགས་པར་ཡོད་པ་སྟེ། སེམས་ཅན་གྱི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ། །དེ་ལས་དང་པོ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །གཉིས་པ་ནི་འཕགས་པ་རྣམས་ཀྱིའོ། །དེ་དག་ཀྱང་སོ་སོར་དགུའི་བདག་ཉིད་དོ། །ཇི་ལྟར་དེ་དག་འཛིན་པའི་རྟོག་པ་ཡིན་ཞེ་ན། ཡོད་པ་མ་ཡིན་པ་ཁོ་ན་ལ་འཛིན་པར་རྟོག་པའི་ཕྱིར། ཇི་བཞིན་མ་ཡིན་པ་ནི་རྣམ་པར་རྟོག་པའོ། འདི་ཉིད། གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གི་ནི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། འཛིན་པའི་ངོ་བོས་ཞེས་བྱ་བ་ནི་འཛིན་པ་ཡོད་པའི་ངོ་བོས་སོ། །དེ་དག་ཅེས་བྱ་བ་ནི་འཛིན་པའི་རྣམ་པ་དག་གོ །རྣམ་པར་རྟོག་པ་བཞི་པོ་འདི་དག་ཀྱང་ཡུལ་གྱི་དབྱེ་བས་སོ་སོར་རྣམ་པ་


DTG089_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་སྟེ། དེ་ལ་དང་པོའི་དབང་དུ་བྱས་ནས་བསྟན་བཅོས་ལས། ངོ་བོ་ཉིད་དང་རིགས་དང་ནི། །ལམ་ནི་ཡན་ལག་འགྲུབ་པ་དང༌། །ཤེས་པའི་དམིགས་པ་མ་འཁྲུལ་བ། །མི་མཐུན་ཕྱོགས་དང་གཉེན་པོ་དང༌། །རང་གིས་རྟོགས་དང་བྱེད་པ་དང༌། །དེ་ཡི་ལས་བྱ་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་བྱ་བ་གསུངས་ཏེ། བྱེད་པ་དང༌། དེའི་ལས་དང་བྱ་བའི་འབྲས་བུ་ནི་བྱེད་པ་དང༌། དེའི་ལས་དང༌། བྱ་བའི་འབྲས་བུའོ། །དེའི་ངོ་བོ་ཉིད་ལ་སོགས་པ་དགུ་ནི་འཇུག་པའི་ཕྱོགས་ཏེ། བྱང་ཆུབ་སེམས་དཔས་བླང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་བརྟེན་པ་འདི་ནི་རྣམ་པར་རྟོག་པ་སྟེ། དེས་ནི་དང་པོའོ། །དེའི་ཕྱིར་རྣམ་པར་རྟོག་པའི་དབང་དུ་བྱས་ནས། མདོ་ལས་ཚིག་རྣམ་པ་དགུའོ། །དེ་ལ་དང་པོའི་དབང་དུ་བྱས་པའི་མདོའི་ཚིག་ནི། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་སེམས་སྒྱུ་མ་ལྟ་བུ་ཞེས་བྱ་བ་ནས། སྤྱོད་དོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ལ་སོགས་པའི་སྒྱུ་མའོ། །དེ་བཞིན་དུ་གཞན་ཡང་གང་སྣང་ཡང་ཡོད་པ་མ་ཡིན་ཏེ་དེ་ནི་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་སེམས་ཀྱང་འཛིན་པའི་མཚན་ཉིད་ཡིན་པའི་ཕྱིར་ལ་འཛིན་པའི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། གཟུང་བ་མེད་པར་འཛིན་པ་མི་རིགས་སོ། །གལ་ཏེ་གཟུང་བའི་དངོས་པོ་ལྟར་མེད་ཅེ་ན། གལ་ཏེ་ཤེས་པ་ལ་དོན་སྣང་བར་འགྱུར་ན་ནི་གཟུང་བར་བྱ་བ་ཉིད་ཡིན་ན་སྣང་བ་ཡང་མེད་དེ། སྣང་བ་དང་སྣང་བར་འགལ་བའི་ཕྱིར་རོ། །ཇི་སྟེ་དོན་བདག་ཉིད་ཀྱིས་སྣང་བ་ཡིན་ན་ནི། ཤེས་པ་དེས་ཅི་ཞིག་བྱ། དེའི་ཕྱིར་སེམས་ནི་སྒྱུ་མ་ལྟ་བུའོ། །དེ་མེད་ནི་ཇི་ལྟར་མངོན་པར་རྫོགས་པར་བྱང་ཆུབ་ཅེས་བྱ་བ་ནི་དྲི་བའོ། །བཅོམ་ལྡན་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་ལན་ཏེ། མེད་པའི་ཕྱིར་རོ་ཞེས་དགོངས་སོ། །གུད་ན་ཞེས་བྱ་བ་ནི་ལན་ནོ། །ཆོས་དེ་ཞེས་བྱ་བ་ནི་བདག་ཉིད་དོ། །མ་ལགས་སོ་ཞེས་བྱ་བ་ནི་དེ་ནི་གཏན་དུ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་སྒོངས་སོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར། །བཅོམ་ལྡན་འདས་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོད་པ་དང་མེད་པ་ཞེས་བྱ་བ་བསྟན་པར་མི་ནུས་ཏེ། རྣམ་པར་ཤེས་པའི་ངོ་བོ་ཡོད་པ་མ་ཡིན་ལ་ཞེས་བྱ་བ་དང༌། དགག་པ་དག་འབྲེལ་བ་མེད་པའི་


DTG089_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ་ཞེས་དགོངས་སོ། །ཆོས་གང་ལ་ཡང་ཞེས་བྱ་བ་ནི་རྟོགས་པར་སླའོ། །འོན་ཀྱང་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། །འོན་ཀྱང་ཞེས་བྱ་བ་ནི་མི་བཟོད་པའོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་འཛིན་པའི་མཚན་ཉིད་ཡིན་པའི་ཕྱིར་ལ། འཛིན་པའི་མཚན་ཉིད་ཀྱང་མི་རིགས་པའི་ཕྱིར་རོ། །ཤིན་ཏུ་སྨོས་པས་ནི་འདི་ལྟར་སྟོན་ཏོ། །ཇི་ལྟར་འཛིན་པའི་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དེ་བཞིན་དུ་མཚུངས་པར་ལྡན་པ་ཐམས་ཅད་ཀྱང་ངོ༌། །དེ་དག་ཀྱང་འཛིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དམིགས་པར་གྱུར་པ་ཆོས་ཐམས་ཅད་ཀྱང་དམིགས་པ་ནི་གཟུང་བའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། ཆོས་ཐམས་ཅད་ཀྱང་ཅི་རིགས་པར་གཟུང་བར་བྱ་བ་དང༌། འཛིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་གཟུང་བར་བྱ་བ་དང༌། འཛིན་པ་མེད་ཅེ་ན། ཐ་མི་དད་པའི་ཕྱིར་གཟུང་བ་བྱ་བ་དང༌། འཛིན་པ་ནི་མི་རིགས་ཏེ། སོར་མོ་བཞིན་ནོ། །སྐྱེས་པ་ཐ་དད་པ་ནི་ཕ་རོལ་ལ་སྣང་བ་མི་རིགས་པའི་ཕྱིར་དང༌། མ་སྐྱེས་པ་ནི་རང་ཉིད་ཀྱིས་སྣང་བ་མེད་པའི་ཕྱིར་དེ་ནི་བསྒོམ་པར་བྱ་བ་མ་ཡིན་ཏེ། ཡང་དང་ཡང་དུ་བློ་མི་འཇུག་པ་ཉིད་ན་བོང་བུའི་རྭ་བཞིན་ནོ། །དེ་ཆོས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་གང་ཡང་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོགས་པའོ། །ཐོབ་པར་བགྱི་བ་ནི་སྐྱེད་པར་བྱེད་པའོ། །སྤོང་བར་བགྱིད་པ་ནི་འདོར་བར་བྱེད་པའོ། །མེད་པ་ལ་ནི་ཅུང་ཟད་ཀྱང་བྱ་བ་མེད་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཉིད་ལ་བརྟེན་པ་རྫོགས་པར་བྱང་ཆུབ་པར་འགྱུར་རོ་ཞེ་ན། བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེད་པ་ལ་ནི་ཐོབ་པ་མེད་དོ་ཞེས་བྱ་བ་བསམས་ནས། བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞིན་དུ་ཤིན་ཏུ་དབེན་པར་ཇི་ལྟར་འགྱུར་ཞེས་བྱ་བ་ནི་མི་འགྱུར་བ་སྟེ། ཤིན་ཏུ་མེད་པ་ནི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པ་མི་རིགས་སོ་ཞེས་བསམས་སོ། །དེ་སྐད་ཅེས་གསོལ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་དང་དེའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་ནི་རྒྱུ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དོན་ཏོ། །རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་ཡོངས་སུ་


DTG089_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱེད་དེ། གལ་ཏེ་ཡང་དག་པར་ཤེས་པ་ནི་རྣམ་པར་རྟོག་པར་འགྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུ་བ་སྟེ། མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ་ཞེས་བྱ་བ་ནི་མངོན་པར་རྫོག་པར་འཚང་མི་རྒྱ་བ་ནི་རྣམ་པར་མི་རྟོག་པའོ་ཞེས་བསམས་སོ། །མངོན་པར་རྫོགས་པར་འཚང་ཡང་རྒྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ཀུན་དུ་བརྟགས་པའི་ངོ་བོར་ནི་གསུམ་པོ་འདི་དག་མེད་དེ། དེས་སྟོང་པའི་རྣམ་པར་རིག་པའི་ངོ་བོར་ནི་ཡོད་དོ་ཞེས་དགོངས་སོ། །དེ་ལྟ་མོད་ཀྱི་ཀུན་རྫོབ་ཇི་ལྟར་སྣང་བ་ཉིད་མེད་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ནི་དོན་དམ་པའོ། །དོན་ཟབ་མོ་ལ་སྤྱོད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་དོན་ལ་གཞན་གྱིས་སྤྱོད་པར་མི་ནུས་པས་དཀའ་བའི་བྱེད་པ་སྟེ། གང་གི་ཕྱིར་དེ་བཅོམ་ལྡན་འདས་ཀྱིས་དེ་མངོན་སུམ་དུ་མཛད་པར་སྤྱོད་ཀྱང་མངོན་སུམ་དུ་མཛད་པ་ནི་སེམས་ཅན་གྱི་དོན་གྱི་དབང་གིས་སོ། །བཀའ་སྩལ་བའི་དོན་ཞེས་བྱ་བ་ནི་མངོན་པར་དགོངས་པའི་དོན་ཏོ། །དཀའ་བ་ནི་གཞན་དག་ལའོ། །སླ་བ་ནི་བྱང་ཆུབ་སེམས་དཔའོ་ཞེས་བསམས་སོ། །ཅིའི་ཕྱིར་སླ་ཞེ་ན། ཐབས་ལ་མཁས་པ་ཉིད་ཀྱི་ཕྱིར་ཏེ། ཐབས་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེའི་ཕྱིར་དེ་ཉིད་ནི་བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །གང་ཞེས་བྱ་བ་ནི་ཟབ་མོའི་དོན་ཏོ། །གང་གིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བས་སོ། །ཅི་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་དེ་ཙམ་གྱིས་སྤྱོད་པར་འགྱུར་ཞ་ན། དེའི་ཕྱིར་བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཞུམ་པ་ནི་མི་བརྫི་བ་སྟེ། འདི་ནི་བསྟན་པའོ། །མི་འགོང་བ་ལ་སོགས་པ་དྲུག་པོ་འདི་ནི་བཤད་པའོ། །མི་འགོང་བ་དང༌། ཡང་དག་པར་མི་འགོང་པ་ནི་འདི་ལ་དགའ་བ་མེད་པའོ། །རྒྱབ་ཀྱིས་ཕྱོགས་པ་མ་ཡིན་ཞེས་བྱ་བ་ནི་དགའ་བ་མེད་པ་མ་ཡིན་པའོ། །མི་སྐྲག་ཅེས་བྱ་བ་ནི་འདི་གཏོང་བར་འདོད་པ་མ་ཡིན་པའོ། །མི་དངང་བ་ནི་མི་གཏོང་བའོ། །དངང་བར་མི་འགྱུར་བ་ནི་རྒྱུན་དུ་མི་གཏོང་བའོ། །དེ་ཉིད་ནི་ཉམས་པ་རྣམ་པ་དྲུག་འགོག་པར་རྟོགས་པར་བྱེད་དེ། གང་འདི་མངོན་དུ་གྱུར་པ་ལ་ཤིན་ཏུ་དགའ་བ་དེ་ནི་འདི་


DTG089_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱོད་དོ། །གཞན་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་དང༌། གཞན་ཡང་གལ་ཏེ་བདག་ཅེས་བྱ་བར་ཉེ་བར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་དང༌། གཞན་ཡང་བདག་གི་ཉན་ཐོས་ཞེས་བྱ་བ་ལ་སོགས་པས་ནི་འདིར་ངོ་བོ་ཉིད་ལ་སོགས་པའི་དོན་དགུ་ནི་འཇུག་པའི་ཕྱོགས་ཏེ། བྱང་ཆུབ་སེམས་དཔའ་བླང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་རྣམ་པར་རྟོག་པ་ནི་ཀུན་དུ་རྨོངས་པའི་ཡང་དག་པ་མ་ཡིན་པའི་ཤེས་པའོ། །དེ་ལ་དང་པོ་ནི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པའོ། །ངོ་བོ་ཉིད་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པར་འགྲོའོ་སྙམ་པའོ། །དེའི་ལམ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་རྟོག་པ་ནི་བདག་ཉིད་ཀྱི་བྱང་ཆུབ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྟོང་པ་ཉིད་ལ་གང་མི་ཤེས་པ་དང༌། མཉམ་པར་མ་བཞག་པའི་ཤེས་པ་དང༌། མཉམ་པར་བཞག་པའི་ཤེས་པ་གསུམ་ལ་རློམ་སེམས་པའོ། །བདག་སྤྱོད་དོ་ཞེས་བྱ་བ་དང༌། བདག་བྱང་ཆུབ་ཆེན་པོ་དང་ཉེའོ་སྙམ་པ་དང༌། བདག་བྱང་ཆུབ་དམན་པ་ལས་རིང་ངོ་སྙམ་པའོ། །འདིའི་གཉེན་པོ་ནི་བཅོམ་ལྡན་འདས་སྒྱུ་མ་ལྟ་བུའི་སེམས་ཞེས་བྱ་བ་ནས་བརྩམས་ནས། འདི་ལྟ་སྟེ་ཞེས་བྱ་བའི་བར་གྱིས་ཏེ། འདི་ནི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པའོ། བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་བདག་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ནི་ཉེ་ལ། བྱང་ཆུབ་དམན་པ་དང་ནི་རིང་སྟེ། གང་གི་ཕྱིར་བདག་ནི་སངས་རྒྱས་ཀྱི་རིགས་ཡིན་ནོ་ཞེས་བྱ་བ་ནི་ཀུན་དུ་རྨོངས་པའོ། །འདིའི་གཉེན་པོ་ནི་རིགས་ཏེ་དེ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ནམ་མཁའ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །འདི་ནི་རིགས་ཀྱི་རྣམ་པར་རྟོག་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། །བདག་པ་ལམ་དག་པར་འགྲུབ་པ་ནི་ཡོད་དེ། དེ་བས་ན་བདག་བྱང་ཆུབ་ཆེན་པོ་དང་ནི་ཉེའོ། །དམན་པའི་བྱང་ཆུབ་དང་ནི་རིང་ངོ་སྙམ་པ་ནི་ཀུན་ཏུ་རྨོངས་པའོ། །ཡང་དག་པར་འགྲུབ་པ་འདིའི་གཉེན་པོ་ནི་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྒྱུ་མའི་སྐྱེས་བུ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །འདི་ནི་གཉེན་པོ་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པའོ་བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་


DTG089_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། གཟུགས་བརྙན་ནི་སྣང་བའོ། །ཤེས་པའི་སྣང་བ་ནི་སྣང་བ་ཉིད་དུ་ཡིན་གྱི། ཤེས་པ་དམིགས་པ་ནི་མ་ཡིན་ནོ། །ཤེས་པའི་དམིགས་པ་དེ་ནི་མ་འཁྲུལ་པ་སྟེ། དེ་བདག་ལས་སྐྱེས་སོ། །དེས་ན་བདག་བྱང་ཆུབ་ཆེན་པོ་དང་ཉེ་ལ། དམན་པའི་བྱང་ཆུབ་དང་ནི་རིང་ངོ་སྙམ་པ་ནི་ཀུན་ཏུ་རྨོངས་པའོ། །འདིའི་གཉེན་པོ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གཟུགས་བརྙན་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །འདི་ནི་དམིགས་པ་མ་འཁྲུལ་པའི་རྣམ་པར་རྟོག་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འཇོམས་པར་བྱེད་པ་ནི་གཉེན་པོའི་ཕྱོགས་སོ། །སྤང་བར་བྱ་བ་ནི་མི་མཐུན་པའི་ཕྱོགས་སོ་སྙམ་པ་ནི་ཀུན་དུ་རྨོངས་པའོ། །འདིའི་གཉེན་པོ་ནི་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་སྟེ། དེ་ཇི་ལྟར་དེ་བཞིན་གཤེགས་པ་ལ་སྡུད་པ་དང་མི་སྡུད་པ་མི་མངའ་བ་བཞིན་ནོ། །འདི་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པའོ། །བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་པ་མ་ཡིན་པ་ལ་རྟོག་པས་ན་རྟོག་པའོ། །དེ་དང་བྲལ་བའི་རྟོག་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པའོ། །ཇི་ལྟར་དེ་བཞིན་གཤེགས་པས་དེ་དག་སྤངས་པ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་དེ་བཞིན་ནོ། །དེ་ལ་རྟོག་པ་དང་བྲལ་བ་ནི་རྣམ་པར་རྟོག་པ་སྟེ། རང་གི་རྟོག་པ་ལ་རྨོངས་པའོ། །འདིའི་གཉེན་པོ་ནི་རྟོག་པ་དང་རྣམ་པར་རྟོག་པ་སྤངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་རང་གི་རྟོག་པ་ལ་རྣམ་པར་རྟོག་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་ཞེས་བྱ་བ་ལ་སོགས་པ་ལ། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་ཞེས་བྱ་བའོ། །དེས་ན་བདག་བྱང་ཆུབ་ཆེན་པོ་དང་ནི་ཉེ་ལ། །དམན་པའི་བྱང་ཆུབ་དང་ནི་རིང་ངོ་སྙམ་པ་ནི་བྱེད་པ་ལ་ཀུན་ཏུ་རྨོངས་པའོ། །དེའི་གཉེན་པོ་ནི་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་མི་རྟོག་པ་སྟེ། དེ་བཞིན་གཤེགས་པས་མཛད་པའི་སྤྲུལ་པ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ།།


DTG089_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བྱེད་པའི་རྣམ་པར་རྟོག་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་སྤྲུལ་པ་དེ་ཡང་གང་གི་དོན་དུ་སྤྲུལ་པ་དེའི་བྱ་བ་བྱེད་ཅིང་བྱ་བ་དེ་ལ་ཡང་རྣམ་པར་རྟོག་པར་མི་བྱེད་དེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་ཀྱང༌། རྣམ་པར་རྟོག་པར་མི་བྱེད་པ་དེ་ནི་གཉེན་པོའོ། །རྣམ་པར་རྟོག་པ་ནི་འདིའི་ལས་ཀྱི་རྣམ་པར་རྟོག་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་གྱིས་གསུངས་པ་ལ། གང་གི་དོན་དུ་ཤིང་ལས་བྱས་པའི་འཁྲུལ་འཁོར་ལ་སྐྱེས་པའི་གཟུགས་བྱས་ན་དེ་བྱ་བ་དེ་བྱེད་ཀྱང་རྣམ་པ་རྟོག་པ་ནི་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་དོན་དུ་སྒོམ་པར་བྱེད་ཅུང་བྱང་ཆུབ་ཐོབ་ཀྱང་བསྒོམ་པ་ལ་སོགས་པ་རྣམ་པར་རྟོག་པ་མེད་དེ་དེ་ནི་གཉེན་པོའོ། །བྱང་ཆུབ་ཀྱི་རྟོག་པ་ནི་བྱ་བའི་འབྲས་བུའི་རྣམ་པར་རྟོག་པའོ། །སྒྱུ་མ་ལྟ་བུའི་སེམས་ཉེ་བར་མཚོན་པའི་ལེའུ་ནི་སྒྱུ་མ་ལྟ་བུའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་དྲུག་པའོ། ། །།སྒྱུ་མ་ལྟ་བུའི་ལེའུ་རྫོགས་པ་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོ་གསུངས་ནས། རྣམ་པར་རྟོག་པ་གཞན་གསུམ་ནི་སྙིང་པོའི་ལེའུ་བརྗོད་པར་བྱ་སྟེ། དེ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོག་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང༌། །ལམ་གྱི་རྣམ་པ་མ་ཚང་དང༌། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །ཆེད་དུ་བྱ་བ་ལོག་པ་དང༌། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་དང་རྨོངས་པ་དང༌། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་དེ། །ཉན་ཐོས་ལ་སོགས་ཡིད་ལས་བྱུང༌། །ཞེས་བྱ་བ་གསུངས་ཏེ། རྟོག་པ་དམན་པ་ལ་སོགས་པའི་སྐྱོན་ནི་བྱང་ཆུབ་སེམས་དཔའི་སྤང་བར་བྱ་བ་ཡིན་པའི་ཕྱིར། རྣམ་པ་དགུ་ནི་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། ཉན་ཐོས་ལ་སོགས་པའི་ཡིད་ལས་བྱུང་བ་དེས་


DTG089_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྤང་བ་ཉིད་ཡིན་པའི་ཕྱིར་རོ། །འདི་ཉིད་ནི་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། དེ་ལ་གཅིག་ནི་ཤཱ་རིའི་བུས་སྨྲས་སོ། །གཅིག་ནི་རབ་འབྱོར་གྱིས་སྨྲས་སོ། །དེ་ནས་གསུམ་ནི་ལྷའི་བུས་སོ། །ཡང་བཞི་ནི་རབ་འབྱོར་གྱིས་སོ། །འདིའི་ཡང་གཉེན་པོ་བརྗོད་པར་བྱ་སྟེ། དེ་ལས་བཟློག་པས་ནི་རྣམ་པར་རྟོག་པར་འགྱུར་རོ། །ཀྱེ་མ་སྙིང་པོ་ཞེས་བྱ་བ་ལ། ཀྱེ་མའི་སྒྲ་ནི་དགའ་བ་སྟེ། འབྲས་བུ་ཁྱད་པར་དུ་གྱུར་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་འདིར་སྙིང་པོ་སྟེ། བྱང་ཆུབ་སེམས་དཔའི་ཆེད་དུ་སྤྱོད་པའོ། །དེ་གང་ཞེ་ན། གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ང་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བདག་མེད་པ་གཉིས་ཤེས་པ་གསུངས་སོ། །དེ་ལ་སྤྱོད་པ་ནི་འཁོར་བས་ཤིན་ཏུ་སྐྱོ་བ་དང༌། མྱ་ངན་ལས་འདས་པས་ཤིན་ཏུ་དགའ་བ་མེད་དོ། །དེ་གཉི་ག་མི་དམིགས་པའི་ཕྱིར་རོ། །དེ་བས་ན་འདི་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པས་གཉེན་པོའོ། །གཞན་དུ་ན་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ལྔས་འཁོར་བར་ལྟུང་བ་འམ། གང་ཟག་ལ་བདག་མེད་པར་ཤེས་པས་མྱ་ངན་ལས་འདས་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་འཐོབ་པར་མི་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་བུ་ལེགས་པར་དབང་བསྐུར་ཡང༌། རིན་པོ་ཆེ་སྣ་བདུན་དང་བྲལ་ན་འཁོར་ལོས་སྒྱུར་བ་བྱ་བའི་མིང་མེད་དེ། འདི་ནི་རྟོག་པ་དང་དམན་པ་ཉིད་ཀྱི་རྣམ་པར་རྟོག་པའོ། །འགྲོ་བས་ན་སྙིང་པོ་སྟེ་ལས་ཀྱིས་ཆོས་སུ་རྟོགས་པར་བྱེད་དེ། ཐུབ་པར་སླ་བ་ཞེས་བྱ་བའི་དོན་ཏོ། །དེ་ལས་བཟློག་པ་ནི་སྙིང་པོ་མ་ཡིན་པ་སྟེ། ཐུབ་པར་དཀའ་བ་ཉིད་དོ། །དེའི་ཕྱིར་ཐུབ་པར་དཀའ་བའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་ནི་དེ་དག་ཡོངས་སུ་འཛིན་པའི་ནུས་པ་དང་ལྡན་ཏེ། དཔེར་ན་སྐྱེས་བུ་མཚོན་ཆ་ཐོགས་པས་གཞན་མེད་པའི་གྲོང་ཁྱེར་གྱི་ལམ་དུ་བུད་མེད་བཟུང་བ་བཞིན་ནོ། །འདི་ནི་གཉེན་པོའོ། །གཞན་དུ་ན་ཐུབ་པར་སླ་བར་འགྱུར་ཏེ། འདི་ནི་ཡོངས་སུ་འཛིན་པ་མེད་པའི་རྣམ་པར་རྟོག་པའོ། །དེ་ནས་འདོད་


DTG089_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ཞེས་བྱ་བ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། ཕྱག་བྱ་བ་ཅིའི་ཕྱིར་ཞེ་ན། སྒྲུབ་པ་མ་ལུས་པའི་ཕྱིར་དང༌། གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཉིད་ཀྱི་ཕྱིར་དང༌། ཆེད་དུ་བྱ་བ་མ་ལོག་པའི་ཕྱིར་རོ། །འདི་ཉིད་ནི་གང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཀྱིས་གསུངས་ཏེ། མངོན་པར་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔས་ནན་ཏན་དུ་བྱེད་པའོ། །འདི་ལ་སྤྱོད་ཅེས་བྱ་བ་ནི་བདག་མེད་པ་གཉི་ག་ཤེས་པའོ། །དེ་ཉིད་ཀྱི་ཕྱིར་ཟབ་མོ་ཞེས་བྱ་བ་ནི་གཉེན་པོའོ། །དེ་ལ་མི་སྤྱོད་པ་ནི་ལམ་གྱི་རྣམ་པ་མ་ཚང་བར་འགྱུར་ཏེ། དེས་ན་དེ་བདུད་ལ་སོགས་པས་ཚུགས་པར་སླ་བ་སྟེ། གོ་ཆ་མ་བགོས་པ་བཞིན་དུ་འཐབ་པའི་ཟླ་བོས་ཚུགས་པར་འགྱུར་རོ། །འདི་ནི་ལམ་གྱི་རྣམ་པ་མ་ཚང་བའི་རྣམ་པར་རྟོག་པའོ། །དེ་ལྟར་སྤྱོད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། གང་ཞེས་བྱ་བ་འདིར་ཡང་སྦྱར་རོ། །དེ་ལྟར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཙོར་བྱས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་ཡིན་ཏེ། དེ་ལྟར་སྤྱོད་ཅེས་བྱ་བ་ནི་དོན་ཏོ། །དེ་ཅི་ཞིག་ཏུ་འགྱུར་ཞེ་ན། ཡང་དག་པའི་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འཁོར་ལོས་སྒྱུར་བ་ནི་གཙོ་བོ་ཆེན་པོ་ཡིན་པའི་ཕྱིར་མཁར་གྱི་རྒྱལ་པོ་དེའི་རྗེས་སུ་འབྲང་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་དེས་འཁོར་བ་དང་མྱ་ངན་ལས་འདས་པ་མི་དམིགས་པའི་ཕྱིར་རོ། །ཇི་ལྟར་དེ་དག་ཕ་རོལ་ཏུ་ཕྱིན་པ་དེ་རྣམས་ཀྱིས་འཁོར་བར་མི་ལྟུང་བ་དེ་བཞིན་དུ། གང་ཟག་ལ་བདག་མེད་པའི་ཡེ་ཤེས་ཀྱིས་མྱ་ངན་ལས་འདས་པ་མངོན་སུམ་དུ་མི་བྱེད་དོ། །གལ་ཏེ་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་དེའི་ཚེ་ནི་དམན་པའི་བྱང་ཆུབ་མངོན་སུམ་དུ་མི་བྱེད་དོ། །རྣམ་གྲངས་འདིས་ཞེས་བྱ་བ་ལ་སོགས་པ་ལ། འདིས་ནི་ཞེས་བྱ་བ་ནི་འཆད་པར་འགྱུར་བས་སོ། །དེ་ཉིད་ནི་གང་ཆོས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་སུམ་དུ་མི་བྱེད་ཅེས་བྱ་བ་ནི་དེ་ཅིའི་ཕྱིར་ཞེ་ན། ཆེད་དུ་བྱ་བ་མི་ལྡོག་པ་སྟེ། ཆེད་དུ་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའོ། །དེ་ལས་མི་ལྡོག་པ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་མ་ལོག་པ་དེའི་བར་དུ་དེ་དེ་ཁོ་ནའི་དོན་ལ་སྤྱོད་པའི་ཕྱིར་རོ། །


DTG089_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ཀྱང་མི་སྤྱོད་པ་མ་ཡིན་ཏེ། དེའི་ཁོངས་སུ་འདུས་པའི་ཕྱིར། དཔེར་ན་ཆུ་བྲན་ཐམས་ཅད་ཆུ་བོ་ཆེན་པོའི་ནང་དུ་འདྲེས་ནས། རྒྱ་མཚོ་ཆེན་པོར་འགྲོ་སྟེ་མི་ལྡོག་པ་བཞིན་ནོ། །འདི་ནི་ཆེད་དུ་བྱ་བ་ལོག་པའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་དགུ་པོ་འདི་དག་ཀྱང་ཡུམ་ཆེན་མོ་ལས་རང་གི་དོན་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་སྦྱར་ཏེ། དེའི་ཕྱིར་ཉི་ཚེ་བ་དང༌། སྣ་ཚོགས་ཉིད་ཀྱི་རྣམ་པར་རྟོག་པ་དེ་དག་ཇི་ལྟར་གསུངས་པ་དེ་བཞིན་དུ་རེ་ཞིག་བརྗོད་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་ནི་ལག་པ་གཡོན་པ་དང་འདྲ་ལ་དྲུག་པ་ནི་ལག་པ་གཡས་པ་དང་འདྲའོ། །གཉི་ག་ནི་བྱ་བ་ཐམས་ཅད་ལ་དགོངས་པ་འགྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་གཉེན་པོའོ། །གལ་ཏེ་ཡང་ལག་པ་གཡས་པ་དང་འདྲ་བའི་དྲུག་པ་དེ་མེད་པའི་ཚེ་ནི་ཉི་ཚེ་བའི་བྱ་བར་འགྱུར་ཏེ། འདི་ནི་ཉི་ཚེ་བའི་རྣམ་པར་རྟོག་པའོ། །དེ་ལྟར་རོ་སྣ་ཚོགས་པའི་ཆུ་བྲན་ནི་ཆུ་བོ་དང༌། རྒྱ་མཚོ་ཆེན་པོར་ཞུགས་ན་རོ་གཅིག་ཏུ་འགྱུར་བ་དེ་བཞིན་དུ་རིགས་ཐ་དད་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང༌། དྲུག་པར་ཞུགས་ན་མཚན་ཉིད་གཅིག་པར་འགྱུར་རོ་ཞེས་བྱ་བ་ནི་གཉེན་པོའོ། །ཕ་རོལ་ཏུ་ཕྱིན་པ་འདི་དག་མཚན་ཉིད་སྣ་ཚོགས་པ་དེ་བཞིན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ངོ༌། །འདི་ནི་སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོག་པའོ། །འདིར་ཡང་བཅོམ་ལྡན་འདས་ཀྱིས་དོན་དམ་པའི་གོ་ཆའི་དབང་དུ་བྱས་ནས་རྣམ་པར་རྟོག་པ་འདི་གཉིས་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གོ་ཆ་བགོས་པ་ཞེས་བྱ་བ་འདིས་ནི་དཀའ་བ་ཉིད་དུ་བསྟན་ཏེ། སེམས་ཅན་མཐའ་ཡས་པའི་དོན་བྱེད་པར་མི་ནུས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དེ་བཞིན་དུ་གོ་ཆ་ནི་བགོ་བར་བྱ་བ་ཡིན་ཏེ། འདི་ལྟ་བུའི་བསམ་པ་ཆེན་པོ་མེད་པར་བདག་དང་གཞན་གྱི་དོན་བྱ་བར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉེན་པོའོ། །སེམས་ཅན་ཐམས་ཅད་ཀྱི་དོན་གང་ཡང་མི་བྱེད་པས་བདག་ཉིད་དུལ་བར་བྱ་བའི་དོན་དུ་གོ་ཆ་མེད་པ་འདི་ནི་ཉི་ཚེ་བའི་རྣམ་པར་རྟོག་པའོ། །སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོག་པའི་གཉེན་པོ་ནི་མཉམ་པ་ཉིད་དོ། །དེ་ཉིད་མི་མཐུན་པའོ། །མཆོག་ཏུ་དཀའ་བ་བྱེད་པ་ཉིད་ནི་སེམས་ཅན་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གདུལ་བར་


DTG089_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཞེས་བྱ་བ་ནི་གདུལ་བར་འོས་པའི་སེམས་ཅན་རྣམས་སོ། །དེ་ལྟ་མོད་ཀྱི་གང་ལ་དཀའ་བ་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔེས་བསྟན་པར་བྱ་བའི་ཕྱིར་ལྷའི་བུ་དག་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཆོས་མཐུན་པ་ག་ལས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །ཡང་བསྟན་པར་བྱ་བའི་ཕྱིར་ལྷའི་བུ་དག་གང་ཞེས་བྱ་བ་གསུངས་པ་ལ། སེམས་ཅན་ནམ་མཁའ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་རྩོད་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་སོ། །རྩོད་པ་ནི་འཐབ་མོ་སྟེ་འདི་སེམས་ཅན་འདུལ་བར་མི་འདོད་པ་འམ། སེམས་ཅན་དེ་དག་ཡོངས་སུ་གཏོང་བ་ནི་འཐབ་མོའོ། །དེ་ལྟར་གདུལ་བར་བྱ་བ་ལ་སོགས་པ་ལ། ཇི་ལྟར་གདུལ་བར་བྱ་བ་དེ་བཞིན་དུ་གདུལ་བར་བྱ་བ་ཡང་ངོ༌། །དེ་བས་ན་དེ་མེད་པས་ཤིན་ཏུ་ཡང་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ནོ། །གང་གི་ཕྱིར་བདག་དང་གཞན་གྱི་དོན་བྱེད་པར་ནུས་པའི་ཕྱིར། དེ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་བལྟ་བར་བྱའོ། །དེ་ཡང་འདིར་ཇི་ལྟར་ན་སྤྱོད་པ་ཡིན་པར་ཤེས་པར་བྱ་ཞེ་ན། གལ་ཏེ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞུམ་པར་མ་གྱུར་པ་ནི་མི་སྐྱོ་བ་སྟེ། ཤིན་ཏུ་ཡང་དགའ་བ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་སྤྱོད་པ་ན། གཏན་ཚིགས་གང་ཡིན། གང་ཡང་མ་ཡིན་ཏེ། ཆོས་བདག་མེད་པ་མཐོང་བའི་ཕྱིར་རོ་ཞེས་བསམས་སོ། །དེའི་ཕྱིར་སེམས་ཅན་དབེན་པའི་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ལྷའི་བུ་དག་དེ་ལྟར་ན་ཞེས་བྱ་བ་ནས། བལྟ་བར་བྱའོ་ཞེས་བྱ་བའི་བར་གྱིས་མཇུག་བསྡུ་བའོ། །ཆོས་ཐམས་ཅད་དབེན་ཞིང་མཉམ་པ་ཉིད་ཅེས་བྱ་བས་ནི་གཉེན་པོ་རྒྱ་ཆེར་བསྟན་ཏོ། །སེམས་ཅན་སྣ་ཚོགས་པ་དང༌། ཆོས་སྣ་ཚོགས་པ་དབེན་པ་དེ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རོ་གཅིག་པ་མ་ཡིན་ནོ་སྙམ་པ་


DTG089_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྣ་ཚོགས་པའི་རྣམ་པར་རྟོག་པའོ། །ལྷའི་བུ་དག་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བཤད་པ་ལ་ཞེས་བྱ་བ་ལ། དེ་ལྟར་ན་དེའི་བཤད་པ་ནི་ཉེ་བར་བསྟན་པའོ། །ཆོས་ཐམས་ཅད་དབེན་པ་ཉིད་ཅེས་བྱ་བ་ནི་སྤྱོད་པའི་དུས་སུ་མཐོང་ན། བྱང་ཆུབ་སེམས་དཔའ་ཞུམ་པར་མི་བྱེད་ཅེས་བྱ་བ་དང་སྦྱར་རོ། །ཞུམ་པར་མི་བྱེད་ཅེས་བྱ་བ་ནི་གནས་པ་དང༌། འཇུག་པ་ལ་མ་རྨོངས་པ་སྟེ། གང་ནས་འགྲོ་བར་བྱ་བ་དང༌། གང་དུ་གནས་པར་བྱ་བ་ལའོ། །དེ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཡང་དག་པར་རིག་ཅིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་མ་རྨོངས་པའི་ཕྱིར་རོ། །དེ་ལྟར་ན་གང་གིས་བྱང་ཆུབ་དེར་འགྲོ་བར་བྱ་བ་དང༌། གནས་པ་དེ་ཉིད་རང་ཉིད་ལ་རག་ལས་པའི་རྒྱུ་དང་འབྲས་བུའི་གནས་སྐབས་སོ། །དེས་གང་གིས་དེར་འགྲོ་བ་དང༌། གང་དུ་གནས་པ་ནི་དེར་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་དེ་ཉིད་དུ་འགྲོ་ཞིང་དེ་ཉིད་དུ་གནས་པ་ཡིན་ཏེ། དཔེར་ན་འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་གང་ནས་འགྲོ་བ་དང༌། གང་དུ་གནས་པ་དེར་དཔུང་གི་ཚོགས་ཐམས་ཅད་དེ་ནས་འགྲོ་ཞིང་དེ་ཉིད་དུ་གནས་པ་དེ་ལྟ་བུ་སྟེ་གཉེན་པོའོ། །ཕ་རོལ་ཏུ་ཕྱིན་པ་ལྔའི་མ་རིག་པ་ནི་དྲུག་པའི་སྣང་བ་མེད་པ་དེས་ན། གནས་པ་དང་འཇུག་པ་ལ་ངེས་པ་མེད་པས་གནས་པ་དང་འཇུག་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཞུམ་པར་མི་བྱེད་པ་དེས་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྔ་མ་བཞིན་དུ་འདིར་ཚིག་ལྷག་མ་སྟེ། གཞན་དུ་ནི་ཕྱིར་ཞུམ་པར་མི་བྱེད། དཔེར་ན་འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་སྔོན་དུ་འགྲོ་བའི་ཕྱི་ནས་དཔུང་གི་ཚོགས་འགྲོ་བ་ལྟ་བུ་སྟེ། འདི་ནི་གཉེན་པོའོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ནི་ཡུལ་རགས་པ་ཡིན་པའི་ཕྱིར་སྔོན་དུ་འགྲོ་བའོ། །དྲུག་པ་ནི་ཡུལ་ཕྲ་བ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བའོ། །འདི་ནི་རྗེས་ལ་འགྲོ་བའི་རྣམ་པར་རྟོག་པའོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུ་བསྟན་ནས། འཛིན་པའི་རྣམ་པར་རྟོག་པ་དང་པོའི་དབང་དུ་བྱས་ནས། བསྟན་བཅོས་ལས། འཛིན་དང་སོ་སོར་ཐར་པ་དང༌། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་ཆར་ཉེ་བར་འབྲེལ་བ་དང༌། །གནས་དང་


DTG089_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཞེན་པ་དང༌། །ཆོས་ཀྱི་དངོས་པོ་བཏགས་པ་དང༌། །ཆགས་པ་དང་ནི་གཉེན་པོ་དང༌། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། བདག་རྫས་སུ་ཡོད་པ་ནི་འཛིན་པ་དང་པོ་སྟེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞིན་དུ་ཡོད་དེ། དེ་ནི་ཅུང་ཟད་ནི་འཛིན་ཏོ། །ཅུང་ཟད་ནི་འདོར་ཏེ། འདི་ནི་འཛིན་པ་དང་ཐ་དད་པའི་རྣམ་པར་རྟོག་པའོ། །དེ་ཡང་མི་འཛིན་པ་དང་མི་གཏོང་བ་འདི་ནི་གཉེན་པོའོ། །འཛིན་པ་ཉིད་ཀྱི་ཆོས་དེ་གང་དག་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ། །ཆོས་དེ་དག་ཡིད་ལ་མི་བྱེད་པ་ནི་གཉེན་པོའོ། །ཡིད་ལ་བྱེད་པ་ཉིད་ཁམས་གསུམ་དང་འབྲེལ་བའི་ཕྱིར་རོ་སྙམ་པ་ནི་ཁམས་གསུམ་དང་འབྲེལ་བའི་རྣམ་པར་རྟོག་པའོ། །ཁམས་གསུམ་དང་མ་འབྲེལ་བ་ནི་གཉེན་པོའོ། །ཁམས་གསུམ་ན་གནས་པ་ན་ཇི་ལྟར་དེ་ལ་འབྲེལ་པ་མེད་དོ་སྙམ་པ་ནི་གནས་པའི་རྣམ་པར་རྟོག་པའོ། །དེ་གང་ལ་ཡོད་པ་ནི་གཉེན་པོའོ། །མངོན་པར་ཞེན་པ་ཡོད་ན་ཇི་ལྟར་མི་གནས་སྙམ་པ་ནི་མངོན་པར་ཞེན་པའི་རྣམ་པར་རྟོག་པའོ། །དེ་ལ་མངོན་པར་ཞེན་པ་ཅུང་ཟད་ཀྱང་མེད་པ་ནི་གཉེན་པོའོ། །བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཀྱི་དངོས་པོ་རྣམས་བཏགས་པར་ཡོད་པ་སྟེ། འདི་ནི་ཆོས་ཀྱི་དངོས་པོ་བཏགས་པ་ཡོད་པའི་རྣམ་པར་རྟོག་པའོ། །དེ་ཡང་འདི་ལ་མེད་པ་འདི་ནི་གཉེན་པོའོ། །ཆགས་པ་ཉིད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གཞན་དུ་ན་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་སྙམ་པ་ནི་ཆགས་པའི་རྣམ་པར་རྟོག་པའོ། །ཆོས་ཐམས་ཅད་ལ་ཆགས་པ་མེད་ན། ཡོངས་སུ་འཛིན་པ་མེད་ཅིང་མ་ཆགས་ན་ཅུང་ཟད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་དོ། །གལ་ཏེ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་གཉེན་པོའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གཉེན་པོའི་རྣམ་པར་རྟོག་པའོ། །དེ་ཐམས་ཅད་སྟོང་པའོ་ཞེས་བྱ་བ་ནི་གཉེན་པའོ། །ཆོས་ཐམས་


DTG089_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་རྣམ་པ་ཐམས་ཅད་དམིགས་པ་ནི་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ཉམས་པའི་རྣམ་པར་རྟོག་པའོ། །བྱང་ཆུབ་སེམས་དཔའ་ལ་དེ་ཡོད་པ་མ་ཡིན་པ་ནི་གཉེན་པོའོ། །རྣམ་པ་དགུ་པོ་འདི་དག་ནི་ཡུམ་ཆེན་མོ་དག་ལས་གསུངས་སོ། །འདིར་ནི་སྤྱིར་རྫས་སུ་ཡོད་པའི་འཛིན་པའི་རྣམ་པར་རྟོག་པ་གཉེན་པོ་དང་བཅས་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་ཞུམ་པར་མི་བགྱིད་དེ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ་མཁྱེན་བཞིན་དུ་ཞེས་བྱ་བ་ནི། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་མི་མཁྱེན་པ་ནི་ཅུང་ཟད་ཀྱང་མེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་འཇིག་རྟེན་ལ་གྲགས་པའི་རྫས་སུ་ཡོད་པའི་གང་ཟག་གི་ངོ་བོ། །དེ་རྒྱུ་གང་གིས་ཞུམ་པར་མི་འགྱུར་ཞེས་བྱ་བ་ནི་རྫས་སུ་ཡོད་པའི་འཛིན་པའི་རྣམ་པར་རྟོག་པའོ། །དེའི་གཉེན་པོ་ནི་མི་དམིགས་པའོ། །དེ་ཉིད་ནི་བཅོམ་ལྡན་འདས་དབེན་པ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏེ། དེ་ཉིད་རང་ཉིད་མེད་པར་ཞུམ་པར་ག་ལ་འགྱུར་ཞེས་བྱ་བའོ། །གང་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། ཆེད་བཞིན་ངེས་པར་མི་འབྱུང་དང༌། །ལམ་དང་ལམ་མིན་ངེས་འཛིན་དང༌། །འགོག་དང་བཅས་པའི་སྐྱེ་བ་དང༌། །དངོས་པོ་ལྡན་དང་མི་ལྡན་དང༌། །གནས་དང་རིགས་དང་འཇིག་པ་དང༌། །དོན་དུ་གཉེར་དང་རྒྱུ་མེད་དང༌། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་དང་པོ་ཉིད་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དགུ་པོ་འདི་ནི་དེ་དག་གི་ཆོས་མ་ཡིན་ནོ། །འོན་ཀྱང་འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ཆོས་ཡིན་ཏེ། དེ་དག་གིས་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་གི་གཉེན་པོ་ནི་མདོ་ལས་ཇི་ལྟར་ཁ་ལོ་སྒྱུར་བས་རྟ་རྣམས་ལ་ཡང་དག་པའི་ལམ་སྟོན་པ་ལྟར། དྲུག་ལས་ཀྱང་ལྔ་པོ་རྣམས་ལ་དེ་བཞིན་ནོ་ཞེས་བྱ་བ་ནི་གཉེན་པོའོ། །དྲུག་པ་མེད་པར་ནི་ཁ་ལོ་སྒྱུར་བ་མེད་དོ། །འདི་ནི་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བའི་རྣམ་པར་རྟོག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་


DTG089_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡིན་ལ། དམན་པའི་བྱང་ཆུབ་ཀྱི་ལམ་ནི་དེ་དག་གི་ལམ་མ་ཡིན་ཏེ། དེ་དག་ཉིད་ངེས་པར་འཛིན་པ་ཞེས་བྱ་བ་ནི་དྲུག་པ་ཁོ་ན་སྟེ་གཉེན་པོའོ། །དེ་མེད་པའི་ལམ་དང་ལམ་མ་ཡིན་པ་ངེས་པར་འཛིན་པའི་རྣམ་པར་རྟོག་པའོ། །འདི་ནི་ཆོས་གང་ལ་ཡང་བསྐྱེད་པ་འམ་འགོག་པ་མ་ཡིན་ཏེ། ཆོས་འདི་ཚད་མར་བྱས་ནས་ཞེས་བྱ་བའི་གཉེན་པོའོ། །བསྐྱེད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ། །འགོག་པ་ནི་དེའི་སྒྲིབ་པ་རྣམས་ཏེ། འདི་ནི་སྐྱེ་བ་དང༌། འགོག་པའི་རྣམ་པར་རྟོག་པའོ། །ཆོས་ཐམས་ཅད་དང་ལྡན་པས་ཡང་མ་ཡིན། མི་ལྡན་པས་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གཉེན་པོའོ། །ལྡན་པ་དང་མི་ལྡན་པ་སྙམ་པ་འདི་ནི་ལྡན་པ་དང་མི་ལྡན་པའི་རྣམ་པར་རྟོག་པའོ། །གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་མི་བྱའོ་ཞེས་རྣལ་འབྱོར་དུ་བྱེད་ཅིང་ཆོས་ཐམས་ཅད་གང་ལ་ཡང་མི་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉེན་པའོ། །གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་བྱའོ་སྙམ་པ་ནི་གནས་པའི་རྣམ་པར་རྟོག་པའོ། །ཇི་ལྟར་འབྲས་བུ་འདོད་པས་ས་བོན་བཏབ་ནས་ཡོངས་སུ་སྨིན་པ་ནི་དཔྱོད་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་ཆེན་པོ་འདོད་པས་ཕ་རོལ་ཏུ་ཕྱིན་པ་དག་ལ་བསླབས་ནས། དེ་དག་གིས་སེམས་ཅན་ཡོངས་སུ་བཟུང་ཞིང་འཁོར་བ་ལས་ཡོངས་སུ་བསྒྲལ་བར་བྱའོ་ཞེས་བྱ་བ་ནི་གཉེན་པོའོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས། སེམས་ཅན་བཏང་སྙོམས་བྱེད་པ་འདི་ནི་རིགས་རྣམ་པར་འཇིག་པའི་རྣམ་པར་རྟོག་པའོ། །དོན་དུ་གཉེར་བ་ནི་དགོས་པ་དོན་དུ་གཉེར་བ་སྟེ། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་རྗེས་སུ་ཐོབ་པར་འདོད་པར་དྲུག་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་གཉེན་པོའོ། །དེ་ལ་བསླབ་པར་མི་བྱའོ་སྙམ་པ་ནི་དོན་དུ་མི་གཉེར་བའི་རྣམ་པར་རྟོག་པའོ། །དྲུག་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་རྒྱ་མཚོ་བཞིན་ནོ། །དེ་ཡོངས་སུ་བསྒོམས་ན་དཀར་པོའི་ཆོས་སངས་རྒྱས་ཀྱི་ཆོས་རྣམས་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་གཉེན་པོའོ། །དྲུག་པ་མེད་པ་ན་རྒྱུ་མེད་པའི་ཕྱིར་རོ་སྙམ་པ་ནི་རྒྱུ་མེད་


DTG089_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པར་རྟོག་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། དུས་གསུམ་གྱི་སངས་རྒྱས་རྣམས་དགོངས་པར་མཛད་དེ། གཟུགས་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་མ་ཡིན་ཞིང༌། འོན་ཀྱང་འདིར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མ་ཡིན་པ་དེ་བཞིན་དུ་དགོངས་པ་མཛད་དོ། །འདི་ནི་གཉེན་པོའོ། །གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དགོངས་པ་མཛད་དེ་སྙམ་པ་ནི་ཕྱིར་རྒོལ་བའི་ཆོས་ལ་དམིགས་པའི་རྣམ་པར་རྟོག་པའོ། །དབྱེ་བ་རྣམ་པ་དགུ་པོ་འདི་དག་ཀྱང་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལས་གསུངས་སོ། །འདིར་ནི་སྤྱིར་བཏགས་པར་ཡོད་པའི་འཛིན་པའི་རྣམ་པར་རྟོག་པ་གཉེན་པོ་དང་བཅས་པ། བཅོམ་ལྡན་འདས་ཆོས་གང་ཡང་ཞེས་བྱ་བ་ནས། ཆོས་དེ་ཡང་དམིགས་སུ་མེད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། ཆོས་གང་ཡང་ཞེས་བྱ་བ་ནི། ཕུང་པོ་ལ་སོགས་པའི་ཡུལ་ལ་བདག་ཏུ་བཏགས་པའོ། །ཞུམ་པར་འགྱུར་བ་མ་མཆིས་པ་ནི་རང་ཉིད་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་གང་ཡང་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའམ་སེམས་སོ། །ཆོས་གང་གིས་ཞེས་བྱ་བ་ནི་སེམས་ཀྱིས་སོ། །ཆོས་གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །དེ་དེ་བཞིན་ནོ་ཞེས་བྱ་བ་ནི་ཞལ་གྱིས་བཞེས་པའོ། །འདི་ཙམ་གྱིས་ནི་སེམས་ཅན་རྫས་སུ་ཡོད་པ་དང༌། ངར་འཛིན་པའི་ཡུལ་ཕུང་པོ་ལ་སོགས་པ་དང༌། སེམས་བྱང་ཆུབ་སེམས་དཔའ་མེད་པ་ནི་གཉེན་པོར་གསུངས་སོ། །འདི་ནི་བཏགས་པར་ཡོད་པའི་འཛིན་པའི་རྣམ་པར་རྟོག་པ་སྟེ་བཞི་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་རྣམ་པར་རྟོག་པ་བཞི་པོའི་གཉེན་པོ་བཅོམ་ལྡན་འདས་ཡུམ་ལས་རྒྱ་ཆེར་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སྤྱོད་པ་ནི། ཇི་ལྟར་ཤེས་པར་བྱ་བ་དེ་ནི། ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་པ་ནི་ཚིག་གོ །བཤད་པ་ནི་དོན་ཏོ། །བསྟན་པ་ནི་ཁྱད་པར་མེད་པར་བརྗོད་པའི་ཕྱིར་བསྟན་པའོ། །གསང་བར་བརྗོད་པའི་ཕྱིར་ཉེ་བར་བསྟན་པའོ། །ཞུམ་པར་མི་འགྱུར་ཞེས་བྱ་བ་ནི་དམན་པར་མི་འགྱུར་བའོ། །ཡི་མི་


DTG089_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་ཅེས་བྱ་བས་ནི་སྐྱོ་བས་སོ། །ཡི་མི་གསོད་པས་མི་འགྱུར་ཞེས་བྱ་བ་ནི་རྒྱུན་དུ་སྐྱོ་བས་སོ། །ཀུན་ཏུ་ཞུམ་པར་མི་འགྱུར་ཞེས་བྱ་བ་ནི་སེམས་ཀྱི་རློམ་པས་སོ། །ཡང་དག་པར་ཞུམ་པར་མི་འགྱུར་བ་ནི་རྒྱུན་དུ་རློམ་པར་མི་འགྱུར་བས་སོ། །ཕྱིར་ཕྱོགས་པ་ནི་རྒྱབ་ཀྱིས་ཕྱོགས་པའོ། །ཡིད་ཕྱིར་ཕྱོགས་པར་མི་བྱེད་པ་ནི་ཡང་མངོན་དུ་ཕྱོགས་པར་མི་བྱེད་པའོ། །མི་སྐྲག་པ་ནི་སྐྲག་པ་ལ་མངོན་དུ་བལྟས་པས་སོ། །མི་དངང་བ་ནི་ཡང་དག་པར་མི་དངང་བས་སོ། །དངང་བར་མི་འགྱུར་བ་ནི་རྟག་པ་ཉིད་ཀྱིས་སོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤྱོད་པར་རིག་པར་བྱའོ། །དེ་ལ་མི་སྤྱོད་ན་ནི་ཞུམ་པ་ལ་སོགས་པར་ངེས་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། སྤྱོད་དོ་ཞེས་བྱ་བའི་བར་ནི་རབ་འབྱོར་གྱིས་ཁས་བླངས་པའོ། །དེ་ལྟར་སྤྱོད་པའི་ཞེས་བྱ་བ་ལ་སོགས་པས་ནི་ཁྱད་པར་ཅན་གྱི་ཕན་ཡོན་གསུངས་སོ། །ཕན་འདོགས་པ་ནི་ཁྱད་པར་དུ་བདག་གིར་མཛད་པའོ། །དགོངས་པར་མཛད་པ་ནི་དྲན་པར་མཛད་པ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཆོས་སྟོན་པར་མཛད་པ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ཞེ་ན། དགེ་སློང་གི་དགེ་འདུན་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། མིང་དང་ཞེས་བྱ་བ་ནི་མིང་དུ་བཏགས་པའོ། །རུས་ནི་ཤཱཀྱ་ལ་སོགས་པའོ། །སྟོབས་ནི་ལུས་ཀྱི་སྟོབས་དང༌། རྫུ་འཕྲུལ་གྱི་སྟོབས་སོ། །ཁ་དོག་ནི་ཕགས་པའི་ཡོན་ཏན། གཟུགས་ནི་ཁ་དོག་དང་དབྱིབས་ཏེ། འདི་དག་ཡོངས་སུ་བརྗོད་པའོ། །ཁྱད་པར་གྱི་ཁྱད་པར་དུ་གྱུར་པ་ནི་གཟུགས་སོ། །ཆེད་དུ་བརྗོད་པ་ནི་ཡོན་ཏན་ལ་དགའ་བ་ལས་བྱུང་བའི་ཚིགས་སུ་བཅད་པའོ། །ཆེད་དུ་བརྗོད་དོ་ཞེས་བྱ་བ་ནི་རྗོད་པར་བྱེད་པ་སྟེ། གང་གི་ཡོན་ཏན་ཞེ་ན། དེ་དག་གི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནི་དཔེ་བསྟན་ཏོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་དོན་བསྟན་ཏོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པས་ནི་ཞུས་པའོ། །རབ་འབྱོར་དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ལན་ནོ། །ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་ཡང་


DTG089_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་མེད་པ་ལ་དམིགས་པའི་ཕྱིར་རོ། །རབ་འབྱོར་གྱོས་གསོལ་པ་ཞེས་བྱ་བ་ལ་སོགས་པས་ནི་ཡང་དྲིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །འདི་དག་ནི་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །རབ་འབྱོར་འདི་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུ་བའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཕྱིར་མི་ལྡོག་པ་རྣམས་ཀྱིས་དབང་པོ་དེ་ཐོབ་པ་ནི་ཐོབ་པའོ། །དེ་ནོན་པ་ནི་རབ་ཏུ་ཞུགས་པའོ། །སངས་རྒྱས་ཀྱི་མིང་ལ་སོགས་པ་བསྟན་པའི་ཕན་ཡོན་ནི་ཡང་དག་གང་ཞེས་བྱ་བ་ནས། གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཇི་ལྟར་མོས་པར་འགྱུར་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་དག་ལས་ཀྱང་ཞེས་བྱ་བ་ནི་མི་བསྐྱོད་པ་འབའ་ཞིག་མ་ཡིན་པའོ། །གང་དག་ཅེ་ན་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་གིས་ཞེས་བྱ་བ་ནི་མི་བསྐྱོད་པ་དང་དེའི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ཐོས་པའི་ཕན་ཡོན་མཇུག་བསྡུ་བ་དང༌། དེ་བཞིན་དུ་སྒྲུབ་པ་ལ་སོགས་པའི་ཕན་ཡོན་ཁྱད་པར་དུ་གྱུར་པ་གསུངས་སོ། །དེ་ལྟར་ཕན་ཡོན་ཁྱད་པར་དུ་གྱུར་པ་གསུངས་ནས། སྐབས་སུ་བབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་ལེའུ་རྫོགས་པའི་བར་གྱིས་བསྟན་ཏེ། རབ་འབྱོར་གྱིས་སྐབས་དེ་སྟོན་པ་ནི་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་མ་གཏོགས་པར་ཞེས་བྱ་བ་ནི་དེ་བཞིན་ཉིད་ཙམ་ཁོ་ན་མ་གཏོགས་པའི་ཕྱིར་དང༌། ཀུན་དུ་བརྟགས་པ་རྣམ་པ་སྣ་ཚོགས་པ་སྣང་བ་མེད་པའི་ཕྱིར་ཆོས་གང་ཡང་དམིགས་སུ་མེད་དོ། །དེའི་ཚེ་ཆོས་གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །རབ་འབྱོར་དེ་བཞིན་ཉིད་ཀྱང་རེ་ཞིག་དམིགས་སུ་མེད་ན་ཞེས་བྱ་བ་ལ། དེ་ནི་གཟུང་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གང་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་ནི་བྱང་ཆུབ་སེམས་དཔའོ། །ཐོགས་པ་ཞེས་བྱ་བ་ནི་རྡུགས་པ་ཞེས་བྱ་བའི་དོན་ཏོ། །བརྩམས་པ་ཞེས་བྱ་བ་ནི་དབང་དུ་བྱས་པའོ།


DTG089_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྨྲས་པ་ཞེས་བྱ་བ་ནི་རིགས་པ་སྨྲ་བའོ། །ཆོས་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའོ། །རྗེས་སུ་མཐུན་པའི་ཆོས་ནི་རྗེས་སུ་མཐུན་པའི་ལམ་མོ། །ལུང་བསྟན་པ་ནི་བརྡ་སྤྲོད་པའོ། །ལུང་སྟོན་པ་ནི་ལུང་སྟོན་པར་བྱེད་པའོ། །ཆོས་ཐམས་ཅད་དབེན་པའི་སྟོང་པ་ཉིད་དོ། །དེ་ལ་གནས་པ་ནི་ཏིང་ངེ་འཛིན་ཏེ། ཆོས་ཐམས་ཅད་མི་དམིགས་པ་དེ་ལ་གནས་པའོ། །ཀཽ་ཤི་ཀ་གང་ཡང་ཞེས་བྱ་བ་ལ་སོགས་པས་ནི་རབ་འབྱོར་གྱིས་གནས་པ་ལས་བྱང་ཆུབ་སེམས་དཔའི་གནས་པ་ཁྱད་པར་དུ་གྱུར་པ་སྟོན་པར་བྱེད་དོ། །ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པས་ནི་འཐད་པ་གསུངས་ཏེ། སྤྱོད་པ་ནི་ཏིང་ངེ་འཛིན་གྲུབ་པའི་དོན་དུའོ། །གནས་པ་ནི་ཏིང་ངེ་འཛིན་གྲུབ་པའོ། །ལྷག་མ་ནི་རྟོགས་པར་སླའོ། །རྟོགས་པར་དཀའ་བ་ནི་གོང་ཉིད་དུ་བཤད་དོ། །སྙིང་པོ་ལ་སོགས་པའི་ལེའུ་ནི་སྙིང་པོའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་བདུན་པའོ།། །།སྒྱུ་མ་ལྟ་བུ་དང་སྙིང་པོའི་ལེའུ་དག་ཏུ་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་བསྟན་ནས་མཐོང་བའི་ལམ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན་ངེས་པར་བྱང་ཆུབ་ཐོབ་པར་སྟོན་ཏེ། དེའི་ཕྱིར་དེ་ཉིད་ཀྱི་རྒྱུ་གསུམ་ནི་ལེའུ་འདིས་དང་པོ་བརྗོད་པར་བྱ་བ་ལ། ཕྱི་ནས་ནི་བྱང་ཆུབ་ཀྱི་མཚན་ཉིད་དོ། །དེའི་ཕྱིར་རྒྱུ་གསུམ་གྱི་དབང་དུ་བྱས་ནས། བསྟན་བཅོས་ལས། བྱང་ཆུབ་གཞན་ལས་སྟོན་པ་དང༌། །དེ་ཡི་རྒྱུ་ནི་ཡོངས་གཏོང་དང༌། །དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། ཇི་སྐད་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན་བྱང་ཆུབ་དེ་ཐོབ་པ་ནི་ཐོབ་པའོ། །དེའི་བར་ཆད་མེད་པ་ནི་མེད་ན་མི་འབྱུང་བའོ། །རྒྱུ་ནི་ཤེས་པར་བྱེད་པ་སྟེ་རྣམ་པ་གསུམ་གསུངས་སོ། །མདོ་ལས་བྱང་ཆུབ་སྟོན་པ་ནི་གང་གཞན་དག་ལ་ལུང་སྟོན་པ་སྟེ་དེ་ནི་རྒྱུ་དང་པོའོ། །མ་འོངས་པའི་བྱང་ཆུབ་ཀྱི་རྒྱུར་འཕགས་པ་ཀུན་དགའ་བོ་ལ་ཡོངས་སུ་གཏད་པ་ནི་རྒྱུ་གཉིས་པའོ། །བསོད་ནམས་མང་པོའི་མཚན་ཉིད་ནི་རྒྱུ་


DTG089_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའོ། །དེའི་ཕྱིར་མདོ་ལས། དེ་ནས་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མེ་ཏོག་བཀྲམ་པ་ཞེས་བྱ་བར་ལུང་སྟོན་པ་ལ། དེ་ནས་ལྷ་རྣམས་ཀྱི་མེ་ཏོག་དག་བླངས་ནས། ལུང་བསྟན་པར་བྱ་བ་རྣམས་ཀྱིས་གཏོར་བ་དང༌། དེ་ནས་འོད་ཟེར་བྱུང་སྟེ་སླར་ཞུགས་པ་ན་ཀུན་དགའ་བོས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་དག་ལུང་བསྟན་ཏེ། དེས་དེ་དག་ལུང་བསྟན་པས། འཇིག་རྟེན་གྱི་ཁམས་གཞན་དུ་ཡང་མཚོན་ཏེ། འཇིག་རྟེན་གྱི་ཁམས་ཞེས་བསྟན་པའི་ཕྱིར་དང༌། ཚེ་དང་དམ་པའི་ཆོས་གནས་པའི་དུས་ཀྱང་རིང་བ་ཉིད་ཀྱི་ཕྱིར་རོ། །དེའི་འོག་ཏུ་ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ནས། གནས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་མཇུག་བསྡུ་བའོ། །འདི་ནི་སྐབས་ཀྱི་གནས་པས་ནི་བྱང་ཆུབ་ཐོབ་པའི་རྒྱུ་དང་པོའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སུ་དག་ཅེས་བྱ་བ་ནས། མངོན་དུ་གྱུར་པ་ཡིན་པར་རྟོགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བསྟན་ཏོ། །ཀུན་དགའ་བོ་གང་ཞེས་བྱ་བ་ལ་སོགས་པ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་གང་འདི་དག་མཉན་ནས་མི་སྤོང་བ་དེ་དག་གི་ཡོན་ཏན་གསུངས་ཏེ། སྨོད་པར་བྱེད་པ་ནི་ཡིད་ཀྱིས་སྨོད་པའོ། །འགལ་བར་བྱེད་པ་ནི་ཡིད་ཀྱིས་བཏང་བའོ། །འཁྲུག་པར་བྱེད་པ་ནི་དེ་ལས་འཁྲུག་པའོ། །འཇིག་པར་བྱེད་པ་ནི་སྦས་ནས་འཇིག་པར་བྱེད་པའོ། །སྤོང་བར་བྱེད་པ་ནི་ཡང་དག་པ་མ་ཡིན་པའི་གནོད་པར་བྱེད་པ་བརྗོད་པའོ། །འགོག་པར་བྱེད་པ་ནི་སྙིང་པོ་མེད་པར་བརྗོད་པའོ། །འདུད་པ་ནི་དེ་དག་ལ་ཞེན་པའོ། །ཀུན་དགའ་བོ་འདི་ལྟར་ཡང་ཞེས་བྱ་བ་ནས་སྤྱད་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྒྱུ་གཉིས་གཉིས་གསུངས་ཏེ། །སླུ་བ་མེད་པའི་སྨོན་ལམ་དང་བྱས་པ་གཟོ་བའོ། །དེ་ཉིད་གང་སུ་དག་ཅེས་བྱ་བ་ལ་སོགས་པས་རྒྱ་ཆེར་དྲི་བར་བྱས་ནས། ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་གཏད་པ་གསུངས་ཏེ། གཏད་པ་ནི་ཡང་དག་པར་གཏད་པའོ། །དེ་ཉིད་རྗེས་སུ་འབྲེལ་པ་ནི་རྗེས་སུ་གཏད་པའོ། །ཡི་གེ་འདུས་པ་ཞེས་བྱ་བ་ལ་སོགས་པ་ལ། །ཡི་གེ་འདུས་པ་ནི་ཡི་གེའི་


DTG089_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་གཏད་པ་ཡིན་ཞེ་ན། འདི་ཅི་ནས་ཀྱང་ནུབ་པར་མི་འགྱུར་བཞེས་བྱ་བ་གསུངས་ཏེ། ཇི་ལྟར་ནུབ་པར་མི་འགྱུར་བ་དེ་ལྟར་ཁྱོད་ཀྱིས་ཤིག་པའི་དོན་ཏོ། །ཀུན་དགའ་བོ་གལ་ཏེ་ཞེས་བྱ་བ་ནས། སངས་རྒྱས་ཀྱིས་གསུངས་སོ་ཞེས་བྱ་བའི་བར་གྱིས་ནི་གཉིས་པའི་གླེང་གཞི་བརྗོད་ནས། ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ནས་ནི་གཏད་པ་གཉིས་པ་སྟེ། འདིར་ཕྱིས་ཞེས་བྱ་བས་ནི་ཕྱི་ནས་སོ། །ཆུད་གསན་པ་ནི་ཉམས་པར་བྱས་པའོ། །གཏད་པ་ནི་མྱུར་བར་རྗེས་སུ་མི་གཏང་བའོ། །དྲན་པར་མི་ནུས་པ་ནི་བརྗོད་པའོ། །མགུ་པར་བྱས་པ་དང༌། མཉེས་པར་བྱས་པ་ནི་དགྱེས་པར་རོ། །ཡུམ་ནི་ས་བོན་བསྐྱེད་པའོ། །སྐྱེད་པ་ནི་ས་བོན་རྒྱས་པར་བྱེད་པའོ། །འབྱིན་པ་ནི་སྐྱེད་པར་བྱེད་པའི་ཕྱིར་རོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས། སྟོན་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་གླེང་གཞི་བརྗོད་ནས། ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ནས། རྗེས་སུ་བསྟན་པའོ་ཞེས་བྱ་བའི་བར་གྱིས་ནི་གཏད་པ་གསུམ་པ་སྟེ། འདིར་ངེས་པའི་ཚིག་བཟང་པོ་ནི་ལེགས་པར་བརྗོད་པའོ། །ཆོས་ཀྱི་སྐུ་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཆོས་ཀྱི་སྐུའོ། །དེའི་ངོ་བོ་ཉིད་ནི་དེ་ཉིད་དེ་འཆད་པར་འགྱུར་བའི་བྱ་བ་རྣམས་དང་སྦྱར་བར་བྱའོ། །དེ་ལ་བྱ་བ་ནི་བཀུར་སྟི་ལ་སོགས་པའོ། །དབུལ་བ་ནི་མེ་ཏོག་ལ་སོགས་པའོ། །བསམ་པར་བྱ་བ་ནི་སྟོན་པ་ལ་སོགས་པའོ། །དགེ་བ་ཞེས་བྱ་བ་ནི་བསོད་ནམས་འདོད་པས་སོ། །རེག་པར་གནས་པ་ནི་དེ་ཉིད་མངོན་དུ་བྱེད་པའི་ཕྱིར་རོ། །ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ནི་དགེ་བ་ལ་སོགས་པས་སོ། །འདིར་ཐུབ་པར་བཤད་པ་ནི་གསུངས་པའོ། །བསྐལ་པའི་མཐའ་འམ། དེ་བས་ལྷག་པར་ཡང་བཤད་དུ་ཡོད་མོད་ཀྱི། འོན་ཀྱང་ཀུན་དགའ་བོ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་མདོར་བསྡུས་ནས་བཤད་དོ། །དེ་ནས་ཡང་ཀུན་དགའ་བོ་གང་ལ་ལ་ཞེས་བྱ་བ་ནས། ཐོབ་པར་བྱེད་པ་ཞེས་བྱ་བའི་བར་གྱིས་གླེང་གཞི་བརྗོད་ནས། ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ནས་རྗེས་སུ་གཏད་དོ་ཞེས་བྱ་བའི་བར་གྱིས་ནི་གཏད་པ་བཞི་པ་


DTG089_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། བཞི་པ་ཞེས་བརྗོད་པར་བྱ་བ་ལ་གཉིས་པ་ཞེས་བརྗོད་པ་ནི་བརྗོད་པ་དང༌། རྗོད་པའི་སྤྱིས་གསུམ་གཅིག་ཏུ་བྱས་པའི་ཕྱིར་རོ། །གཏད་པ་དང་རྗེས་སུ་གཏད་པ་ནི་གཏད་པ་ཞེས་བྱ་བ་དོན་གཅིག་གོ །དེ་ལྟར་གཏད་པ་རྣམ་པ་བཞི་ནི་རྒྱུ་གཉིས་པའོ། །དེ་ནས་ཀུན་དགའ་བོ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་གླེང་གཞི་བརྗོད་ནས། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ཞེས་བྱ་བ་ནས། འདི་ནི་གནས་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། འདིར་དུས་ཀྱི་མཐའ་ནི་སྐད་ཅིག་པའོ། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ་ནི་དེའི་སྐད་ཅིག་གོ ། དེའི་སྐད་ཅིག་དྲུག་ཅུ་ལ་ཐང་ཅིག་གོ །ཐང་ཅིག་སུམ་ཅུ་ལ་ནི་ཡུད་ཙམ་མོ། །དེ་སུམ་ཅུ་ལ་ནི་ཆུ་ཚོད་དོ། །འདི་ནི་བསོད་ནམས་མང་པོ་ཉིད་དོ། །རྒྱུ་གསུམ་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་འཁོར་དང་བཅས་པ་བསྟན་པ་དང༌། མི་སྣང་བར་བྱས་པ་ནི་དཔེའོ། །འདིར་རྒྱ་མཚོ་ལྟ་བུ་ཞེས་བྱ་བ་ནི་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ། །ཟད་པ་ཉིད་ནི་བསམ་གཏན་ཕུན་སུམ་ཚོགས་པའོ། །མི་བསྐྱོད་པ་ཉིད་ནི་ཤེས་རབ་ཕུན་སུམ་ཚོགས་པའོ། །དོན་ལ་སྦྱར་བར་བྱ་བའི་ཕྱིར་ཀུན་དགའ་བོ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་རིགས་པ་གསུངས་སོ། །དགོས་པ་བྱེད་ནུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅའ་བ་གཞན་ནོ། །བྱེད་པ་མེད་པ་ལ་སོགས་པའི་རིགས་པ་ནི་སྨྲས་ཟིན་ཏོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་ལ་སློབ་པོ་ཞེས་བྱ་བས་ནི་ཕན་ཡོན་བསྟན་ཏོ། །ཆགས་པ་མེད་པ་ཉིད་ནི་དམིགས་པ་ཉིད་དམ། ཐོགས་པ་མེད་པའི་ཡེ་ཤེས་ཉིད་དོ། །ཚད་ནི་རྒྱ་ངེས་པའོ། །ཟད་པ་ནི་དུས་ངེས་པའོ། །མཐའ་མ་ནི་གྲངས་ངེས་པའོ། །ཚད་ཆད་པ་ནི་ཚད་ཀྱིས་ཡོངས་སུ་བཅད་པའོ། །ཚད་མེད་པའི་ཕྱིར་ཞེས་བྱ་བ་ནི་མི་དམིགས་པའི་ཕྱིར་རོ། །ཟད་པ་ནི་འབྲིང་ངོ༌། །ཡོངས་སུ་ཟད་པ་ནི་མེད་པའོ། །ནམ་མཁའ་མི་ཟད་པའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་ཟད་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་


DTG089_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །གང་གི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དེས་ན་དེ་དག་དམིགས་པ་མེད་པའི་མཚན་ཉིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ནམ་མཁའ་བཞིན་དུ་མི་ཟད་པའོ། །མངོན་པར་བསྒྲུབ་པ་ཞེས་བྱ་བ་ནི་མངོན་སུམ་དུ་བྱས་པའོ། །གཟུགས་ལ་སོགས་པ་ཟད་པ་མེད་པ་ཉིད་ཅེས་བྱ་བ་ནི་དེ་དག་སྐྱེ་བ་མེད་པས་སོ། །དེ་བཞིན་དུ་མ་རིག་པ་ལ་སོགས་པ་ཡང་ངོ༌། །དེ་ལ་འདི་ནི་ཞེས་བྱ་བ་ནི་ཕུང་པོ་རྣམས་དང༌། མ་རིག་པ་ལ་སོགས་པ་ཡང་མི་ཟད་པ་ཉིད་ཀྱིས་སོ། །མཐའ་གཉིས་ནི་སྐྱེ་བ་དང་འཇིག་པའོ། །དབུས་ནི་སྐྱེ་བ་གནས་པའོ། །མ་འདྲེས་པ་ནི་དེ་དང་ཐུན་མོང་མ་ཡིན་པའོ། །ཆོས་གང་ཡང་མ་མཐོང་ངོ་ཞེས་བྱ་བས་ནི་ཕུང་པོ་རྣམས་ཡོངས་སུ་གཟུང་བའོ། །གང་གི་ཕྱིར་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་སོ། །རྟག་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ། །བརྟན་པ་ནི་གནས་པའོ། །ཐེར་ཟུག་པ་ནི་མཐའ་མ་མེད་པའོ། །བྱེད་པ་པོའམ། ཚོར་བ་པོ་ཞེས་བྱ་བ་ནི་སྤྱོད་པ་པོ་དང༌། ལེན་པ་པོ་མེད་པའོ། །རབ་འབྱོར་འདི་ནི་ཞེས་བྱ་བ་ནས། གཏིང་རྙེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་ནི་རྟོགས་པར་སླའོ། །འདི་མན་ཆད་ཀྱིས་ནི་ཟད་པ་དང༌། མི་སྐྱེ་བ་ཤེས་པའི་བྱང་ཆུབ་ཀྱི་མཚན་ཉིད་གསུངས་ཏེ། བསྟན་བཅོས་ལས། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། དྲི་མ་ནི་ཉོན་མོངས་པའི་རྣམ་པར་རྟོག་པའོ། །དེ་དག་ཟད་པ་དང༌། མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་སྟེ། ཡེ་ཤེས་དེ་ཡང་ཟད་པ་མེད་པ་དང༌། སྐྱེ་བ་མེད་པ་དེ་དག་ལ་གོ་རིམས་བཞིན་དུ་རིག་པར་བྱའོ། །ཟད་པ་གཏན་དུ་མེད་པར་ཤེས་པ་ནི་ཟད་པ་ཤེས་པ་དང༌། གཏན་དུ་སྐྱེ་བ་མེད་པར་ཤེས་པ་ཉིད་ཀྱིས་སྐྱེ་བ་མེད་པར་ཤེས་པའོ་ཞེས་དགོངས་སོ། །ཇི་སྟེ་བྱང་ཆུབ་ཀྱི་མཚན་ཉིད་གཞན་ཡོད་ཀྱང་དེའི་ཕྱིར་འདི་བཤད་ཅེ་ན། མཐོང་བའི་ལམ་གྱིས་རྣམ་པར་རྟོག་པ་རྣམས་ཟད་པ་ན། ཟད་པ་དང་མི་སྐྱེ་བར་རྣམ་པར་ལྟ་བའི་དོན་ཏོ། །དེ་ཉིད། འགོག་པ་


DTG089_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་བྱ་བ་གསུངས་ཏེ། རྣམ་པར་རྟོག་པ་རྣམས་ཀྱི་རང་བཞིན་ནི་དེ་བཞིན་ཉིད་དེ། ནམ་ཡང་དེ་ལ་ཟད་པ་དང་སྐྱེ་བ་མེད་དོ། །རིགས་ཉིད་ནི་རིགས་ཏེ་རྣམ་པའོ། །དེ་བས་ན་མཐོང་བའི་ལམ་གྱིས་རྣམ་པར་རྟོག་པའི་རྣམ་པ་གང་ཡང་ཟད་པའམ། སྐྱེ་བར་འདོར་བ་མེད་དོ། །གཞན་དག་ནི། ཟད་པ་ཤེས་པ་བདེན་རྣམས་ལ། །ཡོངས་སུ་ཤེས་ལ་སོགས་པ་ཡིན། །ཡང་ཤེས་པ་ནི་བྱར་མེད་སོགས། །མི་སྐྱེ་བ་ཡི་ཆོས་འདོད་དོ། །ཞེས་སྨྲའོ། །དེ་དག་ནི་ཕུང་པོ་བདེན་པ་བཞི་རྣམས་ཡོད་པར་སེམས་ཏེ། དེ་ལ་མདོར་ན་ཉོན་མོངས་པ་དང༌། སྡུག་བསྔལ་ཟད་པ་དང༌། ཡང་མི་སྐྱེ་བ་ཐོབ་སྟེ། དེ་དག་ཐོབ་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཟད་པ་དང༌། མི་སྐྱེ་བ་ཤེས་པའོ། །གཙོ་བོར་ནི་དེ་བཞིན་གཤེགས་པ་ཤེས་བྱའི་སྒྲིབ་པ་རྣམས་ཀྱང་སྤངས་པ་ཡིན་ཏེ། དེ་དག་གི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡང་ཟད་པའི་ཕྱིར་རོ་ཞེ་ན། དེ་བསལ་བར་བྱ་བའི་ཕྱིར། བསྟན་བཅོས་ལས། ཆོས་རྣམས་ཀྱང་ཡོད་ཅེས་བྱ་དང༌། ཤེས་བྱ་ལ་ཡང་སྒྲིབ་ཟད་པར། །སྟོན་པ་གཞན་གྱིས་བརྗོད་པ་གང༌། །འདི་ལ་ཁོ་བོས་མཚར་དུ་རྩིས། །འདི་ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བ་གསུངས་ཏེ་ཞེས་བྱ་བའི་སྒྲ་ནི་མི་བཟོད་པའོ། །དེ་ལ་ཁོ་བོས་མཚར་དུ་རྩིས། །ཞེས་བྱ་བ་ནི་མི་མཐུན་པ་དང་གཉེན་པོ་དག་ཏུ་མི་རིགས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར། འདི་ལ་བསལ་བྱ་གང་ཡང་མེད། །ཅེས་བྱ་བ་ནི་གང་ཟག་དང་ཆོས་རང་ཉིད་མེད་པའི་ཕྱིར་རོ། །བསྣན་པར་བྱ་བ་ཅུང་ཟད་མེད། །ཅེས་བྱ་བ་ནི། གང་ཟག་དང་ཆོས་ལ་བདག་མེད་པ་དག་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་དེ་གཉི་ག་ལ་ཡང་དག་པ་ཉིད་དུ་ཡང་དག་པ་ཉིད་བལྟ་བར་བྱའོ། །གང་གི་ཕྱིར་གང་ཟག་ལ་བདག་མེད་པའི་ཡང་


DTG089_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་མཐོང་ན་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ལ། ཆོས་ལ་བདག་མེད་པའི་ཡང་དག་པ་མཐོང་ན་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ཡང་སྒྱུ་མ་ལྟ་བུ་དང༌། སྙིང་པོའི་ལེའུ་ལས་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་རྣམས་སྤོང་བར་བསྟན་ཏོ། །དེ་བས་ན་གང་གི་ཕྱིར་མཐོང་བའི་ལམ་གྱིས་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་སྤོང་བ་ནི་རབ་འབྱོར་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ལྟ་བས་ན་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ལྟ་ན་ཞེས་བྱ་བ་ནི་མཐོང་བའི་དུས་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་དེ་དེ་ལ་སྤྱོད་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་མཚན་ཉིད་ཀྱི་གཏན་ཚིགས་དྲིས་པའོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདིར་ཡང་གི་དོན་གྱིས་རྟོགས་པར་བྱ་སྟེ། དེས་ན་མ་སྨོས་པ་བསྡུས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ག་ལས་ཤེས་ཤེ་ན། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམ་པ་ཡོངས་སུ་རྫོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བ་དང་སྦྱར་རོ། །ཐམས་ཅད་ཅེས་བྱ་བ་ནི་སོ་སོ་རེ་རེ་ལ་ཡང་ཚོགས་པ་ཡོད་པ་སྟེ། རེ་རེར་དྲུག་འདུས་སོ་ཞེས་དགོངས་སོ། །དེ་བས་ན་དྲུག་ཚན་དྲུག་གི་ཕ་རོལ་ཏུ་ཕྱིན་པ་ནི་མཐོང་བའི་ལམ་མོ། །བཅོམ་ལྡན་འདས་ཡུམ་འདིར་ནི་མདོར་བསྡུས་པ་ཡིན་པས་དེའི་ཕྱིར་མཚན་ཉིད་ཙམ་འདིར་གསུངས་པ་ཡིན་ཏེ། རེ་རེར་ཡང་ཐམས་ཅད་ཇི་ལྟ་བ་བཞིན་དུ་འདུས་སོ། །དེ་རྒྱས་པར་ནི་ཡུམ་ཆེན་མོ་དག་ལས་གསུངས་སོ། །འདིར་བསྟན་བཅོས་ལས། སྦྱིན་པ་ལ་སོགས་རེ་རེ་ལ། །དེ་དག་ཕན་ཚུན་བསྡུས་པ་གང༌། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་བསྡུ་བའི་ལམ། །ཞེས་བྱ་བ་གསུངས་ཏེ། རེ་རེ་ཉིད་ཡིན་པས་རེ་རེ་སྟེ། དེའི་དངོས་པོ་ནི་རེ་རེ་ཉིད་དོ། །དེས་ནི་སྦྱིན་པ་ལ་སོགས་རེ་རེ་ལ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་རྣམས་ལའོ། །སྦྱིན་པ་ལ་སོགས་པ་དེ་དག་གི་ཕན་ཚུན་ནི་གཅིག་ལ་གཅིག་སྟེ། གང་འདི་ལ་བསྡུས་པ་ཡོད་པ་ནི་མཐོང་བའི་ལམ་གྱི་རྩེ་མོའི་


DTG089_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པའོ་དེ་ཡང་སྐད་ཅིག་གཅིག་ཡིན་གྱི། བཅུ་དྲུག་ནི་མ་ཡིན་ནོ། །དེ་ཡང་བཟོད་པས་ཡང་དག་པར་བསྡུས་པ་ཡིན་ཏེ། བཟོད་པ་བརྒྱད་དང་ཤེས་པ་བརྒྱད་ནི་མ་ཡིན་ནོ། །འདི་ནི་མཐོང་བའི་ལམ་གྱི་རྩེ་མོའི་མངོན་པར་རྟོགས་པའོ། །དེ་ནས་བསྒོམ་པའི་ལམ་ནི་ཐབས་ལ་མཁས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཐབས་དག་དང་མཁས་པ་ཡིན་པས་ནི་ཐབས་ལ་མཁས་པའོ། །སེང་གེ་རྣམ་པར་བསྒྱིངས་པ་དང༌། ཐོད་རྒལ་གྱི་ཏིང་ངེ་འཛིན་ནི་ཐབས་ཏེ། དེ་ནི་རྟེན་ཉིད་ཡིན་པའི་ཕྱིར་རོ། །མཁས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མཐུན་པ་དང༌། ལུགས་ལས་བཟློག་པ་ལས་རྣམ་པར་ལྟ་བ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་བར་འགྱུར་ཞེས་བྱ་བ་ནི་ལུགས་དང་མཐུན་པའོ། །མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་ཅེས་བྱ་བ་ནས་སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པའི་བར་དུ་འགག་པ་འདི་ནི་ལུགས་ལས་བཟློག་པའོ། །དེ་ལ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ནི་འདི་ལྟ་སྟེ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ནས་གཉིས་པ་དང་གསུམ་པ་དང་བཞི་པ་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེད་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། འགོག་པའི་སྙོམ་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་བསམ་གཏན་བཞི་པ་


DTG089_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གསུམ་པ་དང༌། གཉིས་པ་དང༌། དང་པོ་ལ་སྙོམས་པར་ཞུགས་པ་ཡིན་ནོ། །ཐོད་རྒལ་གྱི་ཏིང་ངེ་འཛིན་ནི་འདི་ལྟ་སྟེ། བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ནས་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། འགོག་པ་ལ་སྙོམས་པར་ཞུགས་ཏེ། དེ་ལས་ལངས་ནས་བསམ་གཏན་དང་པོ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་བསམ་གཏན་གཉིས་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་བསམ་གཏན་གསུམ་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་བསམ་གཏན་བཞི་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་།ཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་ནས་འགོག་པའི་སྙོམས་པར་ཞུགས་སོ། །དེ་ན་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་བསམ་གཏན་བཞི་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་བསམ་གཏན་གསུམ་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་བསམ་གཏན་གཉིས་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་བསམ་གཏན་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལ་


DTG089_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གནས་སོ། །དེ་ལ་དང་པོའི་འགྲོ་བ་ལ་ནི་གནས་པ་དགུའོ། །གཉིས་པ་ལ་ནི་བཅུ་བདུན་ནོ། །འོང་བ་ལ་ནི་བཅོ་བརྒྱད་དོ། །འདིར་བསྟན་བཅོས་ལས། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོགས་པར་བྱེད། །འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་གྱི་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་རྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་བྱ་བ་གསུངས་ཏེ། སེང་གེ་རྣམ་པར་བསྒྱིངས་པ་ནི་མདོ་ཇི་ལྟ་བ་བཞིན་ནོ། །ཐོད་རྒལ་ནི་ཟབ་པ་ཡིན་པས་དེས་ན་དེའི་མཚན་ཉིད་བཤད་དེ་ཐོད་རྒལ་ལ་སྙོམ། པར་འཇུག་པར་བྱ་བ་ཡིན་ནོ། །ཇི་ལྟར་ཞེས་ན། སྨས་པ་སྙོམས་པར་འཇུག་པ་དགུ་ནི་རྣམ་པ་གཉིས་ཏེ། འགྲོ་བ་དང༌། ཕྱི་ནས་འོང་བའོ། །དང་པོ་ཇི་ལྟར་འགྲོ་ཞེ་ན། འགོག་པའི་བར་དུ་ཞེས་བྱ་བ་ནི་འགོག་པ་ལ་སྙོམས་པར་འཇུག་པ་མཐར་བྱས་པའོ། །གཞན་ནི་བརྒྱད་དེ། སྔར་རིམ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་འགྲོ་བ་ཡིན་ཞེ་ན། དེའི་ཕྱིར། གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་རྒལ་བས། །ཞེས་བྱ་བ་གསུངས་སོ། །འགོག་པ་དང་བཅས་པར་བྱས་ནས་གཞན་བརྒྱད་ལ་སྙོམས་པར་འཇུག་པའོ། །འདོད་པ་ན་སྤྱོད་པའི་མཉམ་པར་མ་བཞག་པའི་སེམས་མཚམས་སུ་བྱས་ནས་མཐར་འགྲོ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཕྱི་ནས་ཇི་ལྟར་འོང་བ་མ་ཡིན་ཞེ་ན། དེའི་ཕྱིར་མི་འདྲར་འགྲོ་ཞེས་བྱ་བ་གསུངས་ཏེ། མི་འདྲར་འགྲོ་ཞེས་བྱ་བ་ནི་མཉམ་པར་མ་བཞག་པ་ལས་མཉམ་པར་བཞག་པ་དང༌། མཉམ་པར་བཞག་པ་ལས་མཉམ་པར་མ་བཞག་པ་ཞེས་བྱ་བའི་དོན་ཏོ། །འདིར་ཡང༌། འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་སྟེ། །ཞེས་བྱ་བ་དང་སྦྱར་རོ། །དེས་ན་འདི་ནི་མཉམ་པར་མ་བཞག་པའི་སེམས་ལ་


DTG089_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་འོང་ཞིང༌། མཐར་ཡང་མཉམ་པར་མ་བཞག་པའི་སེམས་ཉིད་དུ་འགྲོ་ཞིང་འདུག་གོ །འདི་ནི་འགོག་པའི་ལམ་གྱི་རྩེ་མོའི་མངོན་པར་རྟོགས་པའོ། །ཐབས་ལ་མཁས་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་བཤད་ནས། ཡང་ཇི་སྐད་སྒོམ་པ་དེ་དག་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། གལ་ཏེ་བསྒོམ་པས་སྤང་བར་བྱ་བའི་རྣམ་པར་རྟོག་པ་དགུ་ཚན་བཞི་ཟད་ནའོ། །དེ་དག་གི་གཉེན་པོ་ཉིད། དེ་ནས་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལས་གསུངས་པ། དེ་དག་ཤུགས་ཀྱིས་རྟོགས་པར་འགྱུར་རོ། །ཁོ་བོས་དེའི་ཡན་ལག་མདོར་བསྡུས་ནས་བརྗོད་པར་བྱ་སྟེ། དེ་ལ་རྣམ་པར་རྟོག་པ་དང་པོ་དགུའི་དབང་དུ་བྱས་ནས། བསྟན་བཅོས་ལས། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །བསྟང་བས་ཡོངས་སུ་མ་བཟུང་དང༌། །དུས་གསུམ་ཡོན་ཏན་མེད་པ་དང༌། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་བྱ་བ་གསུངས་ཏེ། གཅིག་ཅེས་བྱ་བ་ནི་དང་པོའོ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བའི་ཁྱད་པར་གྱི་ཡུལ་ལོ། །རྒྱས་དང་མདོར་བསྡུས་ཞེས་བརྗོད་པར་བྱའོ་ཞེ་ན། སྡེབ་སྦྱོར་གྱི་དངོས་བྱས་ནས་གཞན་བརྗོད་པ་ཡིན་ནོ། །རྒྱས་པ་ལ་རྨོངས་པ་ལ་ནི་རྒྱས་པའི་རྣམ་པར་རྟོག་པའོ། །དེའི་གཉེན་པོ་ནི་སྦྱིན་པ་ནས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་བར་གྱི་གནས་མང་པོ་དག་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ། །མདོར་བསྡུས་པ་སྨོས་པ་ནི་མདོར་བསྡུས་པའི་རྣམ་པར་རྟོག་པ་སྟེ། དེའི་གཉེན་པོ་ནི་གང་ལ་ཡང་བསླབ་པར་མི་བྱའོ་ཞེས་བྱ་བ་དང༌། མང་པོ་ལ་ཡང་དེ་དག་གིས་བསླབ་པར་མི་བྱ་སྟེ། སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟངས་ཤིང་གང་ཡོངས་སུ་བཟུང་བ་དེ་མེད་པའི་རྣམ་པར་རྟོག་པ་ནི་རྣམ་པར་རྟོག་པའོ། །དེའི་གཉེན་པོ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱས་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ།


DTG089_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྟངས་ཤིང་བདག་ཡོངས་སུ་བཟུང་ནས། རང་ཉིད་ཀྱི་ཡུམ་ལ་དེ་དག་བྱས་པ་གཟོ་བ་ཡིན་ནོ་ཞེས་དེ་ལྟར་ཤེས་པར་བྱ་བ་ཡིན་ནོ། །ཡོན་ཏན་མེད་པ་ནི་ཕན་ཡོན་མེད་པའོ། །སྦྱོར་བ་དང་མཐོང་བ་དང༌། བསྒོམ་པའི་དུས་གསུམ་ཡིན་པའི་ཕྱིར་དུས་གསུམ་མོ། །དེ་དུས་གསུམ་ལ་རྣམ་པར་སྦྱར་བ་ནི་རྟོག་པ་གསུམ་མོ། །དེའི་གཉེན་པོ་ནི་ཕན་ཡོན་ནོ། །རྒྱས་པས་ཁྱད་པར་དུ་གསུངས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའི་ཕན་ཡོན་ནོ། །འདི་དག་ནི་གོ་རིམས་བཞིན་དུ་སྦྱོར་བ་དང༌། མཐོང་བ་དང༌། བསྒོམ་པའི་ལམ་གྱིས་དུས་ཀྱི་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་གསུམ་མོ། །ལེགས་པའི་ལམ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ལམ་སྦྱོར་བ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་ལ་རྨོངས་པའི་རྣམ་པར་རྟོག་པ་གསུམ་མོ། །དེ་རྣམས་ཀྱི་གཉེན་པོ་ནི་གོ་རིམས་བཞིན་དུ་གཟུགས་དང༌། ཚོར་བ་ལ་སོགས་པ་ཞི་བ་དང༌། རག་ལས་པ་དང༌། གསོག་དང༌། སྙིང་པོ་མེད་པས་དེ་ལ་སྤྱོད་པར་བྱ་བ་དང༌། ནམ་མཁའ་སྟོང་པ་ཉིད་དུ་མངོན་པར་སྒྲུབ་པས་མངོན་པར་བསྒྲུབ་པར་བྱ་བ་དང༌། ནམ་མཁའ་སྟོང་པ་ཉིད་དུ་སྒོམ་པས་འདི་བསྒོམ་པར་བྱ་བ་སྟེ། འདི་ནི་སྦྱོར་བ་ལ་སོགས་པ་བྱང་ཆུབ་ཀྱི་ལམ་གསུམ་ལ་ཀུན་དུ་རྨོངས་པའི་རྣམ་པར་རྟོག་པའོ། །འདིས་ནི་རྣམ་པར་རྟོག་པ་དགུ་ཚན་དང་པོ་བསྟན་ཏོ། །དགུ་ཚན་གཉིས་པ་ནི་རྣམ་པར་རྟོག་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་སྐྱེ་དང་བྱང་ཆུབ་ཀྱི། སྙིང་པོ་ཡིད་ལ་བྱེད་པ་དང༌། །ཐེག་པ་དམན་པ་ཡིད་བྱེད་དང༌། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་སྒོམ་པ་མེད་པ་དང༌། །དེ་དག་ལས་ནི་བཟློག་ཉིད་དང༌། །ཇི་བཞིན་དོན་མིན་རྣམ་རྟོག་པ། །བསྒོམ་པའི་ལམ་འདི་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། གཟུང་བའི་རྣམ་པར་རྟོག་པ་གཉིས་


DTG089_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སེམས་དང༌། སེམས་ལས་བྱུང་བ་འཇུག་པ་དེའི་ཡུལ་ཅན་ནོ། །འདི་ཡུན་རིང་པོ་ཇི་སྲིད་སྤྱད་ན་སྤྱོད་པར་འགྱུར་ཞེས་བྱ་བ་ནི་དྲིས་པའོ། །དང་པོ་སེམས་བསྐྱེད་པ་ནས་བཟུང་ནས་ཞེས་བྱ་བ་ནི་ལན་ཏེ། འདི་ནི་སེམས་བསྐྱེད་པའི་རྣམ་པར་རྟོག་པའོ། །བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཡིད་ལ་བྱེད་པ་ནི་འདི་ཇི་ལྟར་སྤྱད་པར་བྱ་མངོན་པར་བསྒྲུབ་པར་བྱ་བ་སྒོམ་པར་བྱ་ཞེས་བྱ་བ་སྟེ། འདི་ནི་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ། །ཐེག་པ་དམན་པ་ཡིད་ལ་བྱེད་པའི་གོ་སྐབས་མི་འབྱེད་པ་འདི་ནི་ཐེག་པ་དམན་པ་དག་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མི་འདོར་བས་ཆོས་ཉིད་གང་ཡིན་པ་ལ་སྤྱད་པ་དང༌། ཇི་ལྟར་སེམས་དང་སེམས་ལས་བྱུང་བ་མི་འཇུག་པ་དེ་ལྟར་སྤྱད་པར་བྱའོ། །འདི་ནི་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པའོ། །ཅི་བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འགྱུར་བ་དང༌། ཅི་མ་བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འགྱུར་བ་དང༌། བསྒོམ་པ་ཡང་མེད། བསྒོམ་པ་མེད་པ་མ་ཡིན་པའི་རྣམ་པར་རྟོག་པའོ། །མ་བསྒོམས་པས་དེ་རྗེས་སུ་ཐོབ་པ་ནི་ཇི་ལྟར་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་ལྟ་བུ་སྟེ། འདི་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའོ། །འདི་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའོ། །དགུ་ཚན་གསུམ་པའི་རྣམ་པར་རྟོག་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །ཆོས་བཏགས་པ་དང་སྟོང་མིན་དང༌། །ཆགས་དང་རབ་འབྱེད་བདག་ཉིད་དང༌། །དངོས་པོར་བྱེད་དང་ཐེག་གསུམ་དང༌། །ཡོན་ནི་དག་པ་མ་ཡིན་དང༌། །སྤྱོད་པ་རྣམ་པར་འཁྲུག་པ་ལ། །འཛིན་པར་བྱེད་པ་དང་པོ་དེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་དུ་གདགས་པར་བྱ་བ་མ་ཡིན་ཏེ། མི་དམིགས་པའི་ཕྱིར་རོ། །འདི་དག་ནི་སེམས་ཅན་དུ་བཏགས་པའི་རྣམ་པར་རྟོག་པའོ། །ཆོས་ཐམས་ཅད་དུ་བཏགས་པ་མ་ཡིན་པ་འདི་ནི་


DTG089_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སུ་བཏགས་པའི་རྣམ་པར་རྟོག་པའོ། །ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པར་མཐོང་བ་འདི་ནི་སྟོང་པ་མ་ཡིན་པའི་རྣམ་པར་རྟོག་པའོ། །ཆོས་དང་ཆོས་མི་དམིགས་པ་ལ་སྤྱད་པ་དེ་ཡང་མི་དམིགས་པ་སྟེ། འདི་ནི་ཆགས་པའི་རྣམ་པར་རྟོག་པའོ། །ཆོས་རྣམས་ལ་རབ་ཏུ་རྣམ་པར་དབྱེ་བ་བྱས་པ་དེ་ཡང་མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་རབ་ཏུ་རྣམ་པར་འབྱེད་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །དངོས་པོའི་དོན་དུ་སྤྱོད་པ་མ་ཡིན་ཏེ། གང་གི་ཕྱིར་མ་བྱས་པ་དང༌། རྣམ་པར་མ་བྱས་པ་དང༌། མངོན་པར་འདུས་མ་བྱས་པ་ནི་ཆོས་ཐམས་ཅད་དེ། འདི་ནི་དངོས་པོའི་ཆེད་དུ་བྱེད་པའི་རྣམ་པར་རྟོག་པའོ། །གལ་ཏེ་ཆོས་ཐམས་ཅད་ནི་མ་བྱས་པ་རྣམ་པར་མ་བྱས་པ། མངོན་པར་འདུས་མ་བྱས་པ་དེ་ལྟ་བུ་ཡིན་མོད་ཀྱི། ཇི་ལྟར་དེ་བཞིན་གཤེགས་པས། གང་ལ་ལ་ཞིག་མངོན་པར་སྤྲུལ་ཏེ། མངོན་པར་རྫོགས་པར་སངས་རྒྱས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཐེག་པ་གསུམ་གྱིས་སེམས་ཅན་ཡོངས་སུ་གྲོལ་བར་མཛད་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སྟེ། འདི་ནི་ཐེག་པ་གསུམ་གྱི་རྣམ་པར་རྟོག་པའོ། །གལ་ཏེ་ཡང་དེ་བཞིན་གཤེགས་པ་དང༌། སྤྲུལ་པ་ལ་ཁྱད་པར་མེད་པ་དེ་ལྟར་ཡང་ཡོན་ཡོངས་སུ་དག་པར་འགྱུར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ལ་ཕུལ་བའི་ཡོན་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བར་དུ་ཡང་ཟད་པར་མི་འགྱུར་ཏེ། དེ་བཞིན་དུ་སྤྲུལ་བ་ལ་ཡང་ངོ༌། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ནམ་མཁའ་ལ་མེ་ཏོག་གཏོར་བའམ། དེ་བཞིན་དུ་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྨྲ་བའམ། ཡིད་ལ་བྱེད་པའམ། མཚན་མར་བྱེད་པ་སྟེ། གང་སྤྲུལ་པ་ཡང་དེ་བཞིན་གཤེགས་པ་དང༌། ཆོས་ཀྱིས་འདྲའོ། །འདི་ནི་ཡོན་ཡོངས་སུ་མ་དག་པའི་རྣམ་པར་རྟོག་པའོ། །སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེ་ནི་རྣམ་པར་འཁྲུག་པ་ནི་ཕྱེ་བའོ། །ག་ལས་ཤེ་ན། ཆོས་ཉིད་ལས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང༌། ཆོས་ཐམས་ཅད་


DTG089_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་ཉིད་ཅེས་བྱ་བའི་བར་དུའོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཇི་ལྟར་རྣམ་པར་འཁྲུག་པ་ཡིན་ཞེ་ན། ཇི་ལྟར་གཞན་དག་འཇུག་པར་འགྱུར་སྙམ་ནས། མིང་དང་མཚན་མས་ཆོས་རྣམས་མཚོན་ཏེ། ཆོས་རྣམས་སྟོན་པ་ཡིན་གྱི། ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་འཁྲུག་པ་ནི་མ་ཡིན་ནོ། །འདི་ནི་ཆོས་ཉིད་འཁྲུག་པ་ལ་རྣམ་པར་རྟོག་པའོ། །དགུ་ཚན་བཞི་པའི་རྣམ་པར་རྟོག་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཡུལ་ཅན་བསྒོམ་པའི་ལམ་འབྲེལ་པ། །དེ་ལ་གནོད་པ་བྱེད་པ་ཡིས། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཐམས་ཅད་མཁྱེན་ཉིད་གསུམ་དག་གི །བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ། །ཞི་ལམ་དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། །མི་མཉམ་སྡུག་བསྔལ་ལ་སོགས་དང༌། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་བྱ་བ་གསུངས་ཏེ། རྣམ་པ་དང་རྟགས་དང༌། མཚན་མ་གང་གིས་མཚོན་པའི་ཆོས་དེ་དག་ནི་དེ་བཞིན་གཤེགས་པས་རྗེས་སུ་མཁྱེན་ཏེ། དེས་ན་དེ་བཞིན་གཤེགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད་དོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྨོངས་པའི་རྣམ་པར་རྟོག་པའོ། །ཡང་གང་དག་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ལམ་དང༌། ཡང་གང་དག་བྱང་ཆུབ་སེམས་དཔའི་ལམ་དེ་དག །བྱང་ཆུབ་སེམས་དཔས་ཡོངས་སུ་རྫོགས་པར་བྱས་ཤིང་ལམ་གྱི་བྱ་བ་དེ་དག་བྱས་ཏེ། སྨོན་ལམ་ཡོངས་སུ་མ་རྫོགས་པ་དང༌། སེམས་ཅན་ཡོངས་སུ་མ་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དེ། དེས་ན་བྱང་ཆུབ་སེམས་དཔས་ལམ་གྱི་རྣམ་པ་ཤེས་པ་ཞེས་བརྗོད་དེ། འདི་ནི་ལམ་ཤེས་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །ཕྱི་དང་ནང་གི་ཆོས་འདི་ཐམས་ཅད་དེ་ཡང་ཉན་ཐོས་དང༌། རང་སངས་རྒྱས་དག་གིས་ཤེས་ཏེ། ལམ་ཐམས་ཅད་དང༌། རྣམ་པ་ཐམས་ཅད་ནི་མ་ཡིན་ནོ། །དེས་ན་ཉན་ཐོས་དང༌། རང་སངས་རྒྱས་ལ་


DTG089_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཤེས་པ་ཞེས་བརྗོད་དེ། འདི་ནི་ཐམས་ཅད་ཤེས་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་མྱ་ངན་ལས་འདས་པར་སོང་བ་འམ། འཕགས་པ་ཐམས་ཅད་འདིས་གཤེགས་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཕ་རོལ་དོན་དམ་པ་ཐ་དད་པ་མེད་པ་དེ་ཁོ་ན་ཉིད་འདི་གཟིགས་པའོ། །གཞན་ཡང་འདིའི་ཁོངས་སུ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་སུ་གཏོགས་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དེ། འདི་ནི་ཞི་བའི་ལམ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །འདི་ནི་དེ་བཞིན་ཉིད་ལ་སོགས་པ་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པ་དེ་བཞིན་དུ་འདི་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ། །འདི་ནི་དེ་བཞིན་ཉིད་ལ་སོགས་པ་དང་ལྡན་པ་དང༌། མི་ལྡན་པའི་རྣམ་པར་རྟོག་པའོ། །གང་གིས་ཀྱང་འདི་དཔྱད་པར་མི་ནུས་པ་དེའི་ཕྱིར། ཐུན་མོང་མ་ཡིན་པ་སྟེ་འདི་ནི་མི་མཉམ་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །འདི་ལ་སྤྱོད་པ་ནི་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་དོན་ལ་སྤྱད་པར་བྱའོ་ཞེས་བྱ་བ་སྟེ། འདི་ནི་སྡུག་བསྔལ་ལ་སོགས་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །འདོད་ཆགས་ལ་སོགས་པ་དོན་ཀྱང་མ་ཡིན་དོན་མེད་པ་ཡང་མ་ཡིན་པ་འདི་ནི་རང་བཞིན་ལ་རྨོངས་པའི་རྣམ་པར་རྟོག་པའོ། །འདི་ལྟར་གཉིས་སུ་མེད་པ་དང༌། གཉིས་སུ་བྱར་མེད་པ་མ་ཡིན་པའི་ཆོས་དམིགས་པ་དེ་བཞིན་དུ། གཉིས་ཀྱི་ཆོས་རྗེས་སུ་ཐོབ་པ་མེད་པ་ཡིན་ཏེ། འདི་ནི་གཉིས་ཀྱི་དངོས་པོ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །དེ་ལྟར་བསྒོམ་པས་སྤང་བར་བྱ་བའི་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་བསྟན་ཏོ། །དེ་ལྟར་རེ་ཞིག་སྐྱོན་རྣམས་ཟད་ན་ཡང་ཡོན་ཏན་རྣམས་ཇི་ལྟར་འབྱུང་ཞེ་ན། དེའི་ཕྱིར་བསྟན་བཅོས་ལས། ཡམས་ནད་འདི་དག་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་དུ་འགྲོ་བ་ཡི། །བདེ་སྒྲུབ་


DTG089_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྦ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་དུ་སྟོན་པར་བྱེད། །ཅེས་བྱ་བ་གསུངས་ཏེ། ཡོན་ཏན་ནི་རང་བཞིན་གྱིས་གྲུབ་པ་ཡིན་ཏེ། སྐྱོན་གྱིས་ཟིལ་གྱིས་མི་ནོན་པ་འབའ་ཞིག་ཏུ་ཟད་དོ། །ཡུན་རིང་པོ་ནས་སྐྱོན་ཟད་ན། །བོས་པ་བཞིན་དུ་དེ་ནི་བྱང་ཆུབ་སེམས་དཔའ་སྟེན་པར་བྱེད་དོ། །སྐྱོན་ཐམས་ཅད་སྤངས་པ་ནི་སྦ་བའོ། །རྣམ་པ་ནི་ཐམས་ཅད་དུའོ། །ལྷག་མ་ནི་རྟོགས་སླའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། སྤོང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བསྒོམ་པའི་ལམ་གྱི་ཕན་ཡོན་ནོ། །བར་ཆད་མེད་པའི་ཏིང་ངེ་འཛིན་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས། བསྟན་བཅོས་ལས། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོགས་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའ་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་བྱ་བ་གསུངས་ཏེ། བར་དུ་གཅོད་པར་ནུས་པ་ནི་བར་ཆད་དོ། །དེ་མེད་པ་ནི་བར་ཆད་མེད་པའོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ནི་མདོ་ལས་གསུངས་ཏེ། བར་ཆད་མེད་པ་དང་བར་ཆད་ཀྱི་རྒྱུ་ནི་ཇི་ལྟར་གསུངས་ཤེ་ན། བསོད་ནམས་མང་པོ་ཉིད་ཀྱིས་སོ། །དེ་ཡང་ཇི་ལྟར་གསུངས་ཤེ་ན། དགེ་བ་ནི་བསོད་ནམས་ཏེ། དེ་ཉིད་དཔེར་མཛད་ནས་དགེ་བ་ཇི་ལྟ་བུ་ཞེ་ན། ཅི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་གང་ལ་བཀོད་པའོ། །ཉན་ཐོས་ནི་སློབ་མ་རྣམས་སོ། །བསེ་རུ་ནི་རང་སངས་རྒྱས་རྣམས་ཏེ། དེ་དག་གི་རྟོགས་པའོ། །སྔར་སྐྱོན་མེད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པའོ། །བསོད་ནམས་མང་པོ་ཉིད་ཀྱང་གང་དུ་གསུངས་ཤེ་ན། བཅོམ་ལྡན་འདས་མ་ཆེན་མོ་དག་ལས་སོ། །འདི་ཇི་ལྟར་གསུངས་ཤེ་ན། དམིགས་པ་ཅན་གྱི་བྱང་


DTG089_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་བྱས་པའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་དེ་དག་པས་ཏིང་ངེ་འཛིན་འདི་ལ་སེ་གོལ་གཏོགས་པ་སྲིད་དུ་སྙོམས་པར་འཇུག་པ་འདི་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །འདི་རབ་ཏུ་བྱེད་པ་འདི་ལས་ཇི་ལྟར་གསུངས་ཤེ་ན། ཡང་མེད་ཀྱང་ཡང་གི་དོན་དུ་འགྲོ་སྟེ། ཡང་ནི་མ་གསུངས་པའི་དོན་བསྡུ་བ་ཉིད་ཀྱི་ཕྱིར་རོ། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་བྱ་བ་ནི་དེ་ཡང་སངས་རྒྱས་ཉིད་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་དོ། །འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་བཞི་ཉིད་ཅེས་བྱ་བ་གསུངས་པ་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའོ། །བདག་པོའི་རྐྱེན་ནི་དྲན་པའོ། །རྣམ་པ་ནི་ཞི་བ་ཉིད་དེ། ཆོས་ཐམས་ཅད་ཀྱི་རྣམ་པ་ནུབ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ལ། རབ་ཏུ་སྨྲ་བ་རྣམས་བརྒྱུད་མར་རྒོལ་ཏེ། རྒོལ་བ་ནི་སྨྲ་བ་དང་སྨྲ་བའི་མཚོན་ཆས་འདེབས་པའི་ཚུལ་ཡོད་པ་དེ་ནི་བརྒྱུད་མར་རྒོལ་བ་སྟེ། ཇི་ལྟར་དབྱིག་པ་དང་དབྱིག་པས་ལྟ་བུའོ། །དེའི་ཕྱིར་མདོ་ལས། རབ་འབྱོར་ཐབས་ལ་མཁས་པ་ཐམས་ཅད་ཡོངས་སུ་རྫོགས་པར་འཚལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ཐོབ་པར་བྱ་བ་མ་ཡིན་པས་ཐབས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ལ་མཁས་པ་ནི་ལོག་པར་རྟོག་པ་རྣམས་སེལ་བ་སྟེ། དེ་དག་འཐོབ་པར་འདོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །སྤྱད་པར་བྱ་བ་ནི་སྦྱོར་བ་དང༌། སྒྲུབ་བ་དང༌། སྒོམ་པའོ། །བསྒོམ་པ་ཞེས་བྱ་བ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་ན། ལོག་པར་རྟོག་པ་ཐམས་ཅད་ཟད་པའི་ཕྱིར་རོ་ཞེས་དགོངས་སོ། །མངོན་པར་གྲུབ་པར་བྱེད་པ་ཞེས་བྱ་བ་ནི་དམིགས་པ་ཇི་ལྟ་བ་དང༌། བདག་པོ་ཇི་ལྟ་བ་དང༌། རྣམ་པ་ཇི་ལྟ་བ་བཞིན་དུ་མངོན་དུ་བྱེད་པའོ། །མངོན་པར་བསྒྲུབ་པ་ཞེས་བྱ་བ་ནི་རང་གི་ངང་གིས་སྒྲུབ་པར་བྱེད་པའོ། །འདས་པ་ཞེས་བྱ་བ་ནི་མཚམས་བཅད་པའོ། །རབ་འབྱོར་ཞེས་བྱ་


DTG089_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པས་ནི་དེ་བཞིན་གཤེགས་པས་དགོངས་པའི་ཕན་ཡོན་གཞན་གསུངས་པ་ཡིན་ཏེ། བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་སྙོམས་པར་ཞུགས་པ་ནི་མ་ཡིན་ནོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་པ་དེ་ནི། ཡང་ངན་འགྲོ་འམ། བདེ་འགྲོར་འགྲོ་བ་མེད་དོ། །ལྷག་མ་ལེའུ་རྫོགས་པའི་བར་དུ་ནི་རྟོགས་སླའོ། །ལོག་པར་རྟོག་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང༌། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །དམ་པའི་དོན་དང་ཀུན་རྫོབ་དང༌། །སྦྱོར་དང་དཀོན་མཆོག་གསུམ་པ་དང༌། །ཐབས་བཅས་ཐུབ་པའི་རྟོག་པ་དང༌། །ཕྱིན་ཅི་ལོག་ནི་ལམ་བཅས་དང༌། །གཉེན་པོ་མི་མཐུན་ཕྱོགས་དག་དང༌། །མཚན་ཉིད་དང་ནི་སྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་བྱ་བ་གསུངས་ཏེ། དྲུག་དང་བཅུ་ནི་བཅུ་དྲུག་ཅེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་བཅུ་དྲུག་ཡིན་ཞེ་ན། གང་གི་ཕྱིར་དམིགས་པ་འཐད་པ་ལ་སོགས་པའི་དོན་བཅུ་དྲུག་པོ་དེ་དག་ལའོ། །དེ་ལྟར་ན་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ཅན་ཡིན་ཞེ་ན། དམིགས་པ་ལ་སོགས་པ་ནི་དེ་དག་གི་ཡུལ་ལའོ། །ཡུལ་དང་འབྲེལ་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡུལ་དུ་ཉེ་བར་གདགས་ཏེ། དཔེར་ན་རྒྱལ་པོའི་བུས་ཉེས་པ་བྱས་ན། རྒྱལ་པོས་ཉེས་པ་བྱས་པར་འགྱུར་བ་ལྟ་བུའོ། །ལོག་པར་རྟོག་པ་རྣམས་ནི་ཕལ་ཆེར་གཉེན་པོས་གནོད་པར་རྟོག་པར་བྱས་པའི། །དེ་ལ་ལོག་པར་རྟོག་པ་དང་པོ་ནི་གང་དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་དངོས་པོ་མེད་པ་དེ་གང་ཡིན། གལ་ཏེ་གང་གི་ཕྱིར་ཆོས་རྣམས་ཀྱི་ཀུན་དུ་བརྟགས་པའི་ངོ་བོ་དེ་ཉིད་ཡིན་ན་ནི་འཁྲུལ་པར་འགྱུར་ཏེ། ཀུན་གཞི་རྣམ་པར་ཤེས་པ་བཞིན་ནོ། །ཅི་སྟེ་གཞན་གྱི་དབང་དེ་ཇི་ལྟར་མེད་ཅེ་ན། འདིར་ལན་ནི་གང་ལ་ངོ་བོ་ཉིད་མེད་པ་དེ་ནི་མེད་པ་སྟེ། ཆོས་རྣམས་ཀྱི་རང་གི་ངོ་བོ་མེད་པའི་ཕྱིར་སྦྱོར་བ་ལས་བྱུང་བ་ནི་མེད་དོ། །གཞན་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་


DTG089_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ་འདི་ནི་དམིགས་པ་འཐད་པ་ལ་ལོག་པར་རྟོག་པའོ། །གལ་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པ་ཡིན་ན། ལས་དང་པོ་པ་ཐབས་ལ་མཁས་པ་གང་གིས་སྦྱིན་པ་ལ་སོགས་པ་ལ་སྤྱོད་ཅེ་ན། སྦྱིན་པར་བྱ་བ་དང༌། ལེན་པ་དང༌། སྦྱིན་བདག་ངོ་བོ་ཉིད་མེད་པར་ངེས་པར་གཟུང་བ་ཉིད་ནི་དེའི་ཐབས་ལ་མཁས་པ་ཡིན་ནོ། །འདི་ནི་དེའི་ངོ་བོ་ཉིད་མེད་པར་ངེས་པར་གཟུང་བ་ལ་ལོག་པར་རྟོག་པའོ། །དེ་ལྟ་ན་བདེན་པ་མཐོང་བའི་ཐབས་ལ་མཁས་པ་ཅི་ཞིག་ཡིན་ཞེ་ན། དེས་ནི་ཆོས་རྣམས་འཕགས་པའི་སྤྱན་གྱིས་གཟིགས་པ་ཡིན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་ཡང་མི་དམིགས་ཏེ། སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་དམ། ཀུན་དུ་བརྟགས་པ་དེ་ཡང་མེད་པའི་ཕྱིར་རོ། །དངོས་པོ་གཞན་ཀུན་བརྟགས་པའི་ངོ་བོ་ཉིད་ལྟ་ཅི་སྨོས་ཏེ། དེ་ནི་ཤིན་ཏུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་སྦྱིན་པ་ལ་སོགས་པ་ལ་སྤྱོད་པ་ན་སྦྱིན་པར་བྱ་བ་དང༌། ལེན་པ་དང༌། སྦྱིན་བདག་སོ་སོར་མེད་དོ་ཞེས་ཡང་དག་པར་ཤེས་པ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་མི་དམིགས་པ་ནི་ཇི་ལྟར་མེད་པར་ཤེས་པ་ཡིན་ཞེ་ན། ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །འདིར་སྦྱིན་པ་ལ་སོགས་པ་ཐམས་ཅད་ནི་ལམ་གྱི་རྣམ་པ་སྟེ། རྣམ་པ་ཐམས་ཅད་ཤེས་པ་དེ་ནི་དངོས་པོ་དང༌། དངོས་པོ་མེད་པ་མི་དམིགས་པའོ། །དེ་ལ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་འདུ་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ལོག་པར་རྟོག་པའོ། །གང་ཀུན་རྫོབ་ཉིད་དོན་དམ་པ་སྟེ། གང་གི་ཕྱིར་དེ་དག་དེ་བཞིན་ཉིད་དུ་གཅིག་པ་ཉིད་དོ། །འོན་ཀྱང་ཕུང་པོ་རྣམས་ལ་མངོན་པར་འདུ་ཤེས་པ་དེ་དག་ལ་ལན་གདབ་པའི་དོན་དུ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས། དངོས་པོ་མེད་པ་ཞེས་བྱ་བ་དང༌། དངོས་པོར་འདུ་ཤེས་ལ་དངོས་པོའོ་ཞེས་བསྟན་ཏེ། དོན་དམ་པར་ནི་དངོས་པོ་དང༌། དངོས་པོ་མེད་པ་ཡང་མི་དམིགས་སོ། །འདི་ནི་བདེན་པ་གཉིས་ལ་ལོག་པར་རྟོག་པའོ། །སྦྱོར་བ་ནི་སྤྱོད་པའོ། །ཆོས་ཐམས་ཅད་སྟོང་པ་ཡིན་ན། ཇི་ལྟར་སྤྱོད་ཅེ་ན། སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཡིན་པ་ལ། ཐམས་ཅད་འཁོར་གསུམ་མི་དམིགས་


DTG089_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འདི་ནི་སྦྱོར་བ་ལ་ལོག་པར་རྟོག་པའོ། །སངས་རྒྱས་ཞེས་བྱ་བ་ལས་ཀྱི་རྐྱེན་དང་སྦྱར་ན་ཤེས་བྱ་ཐམས་ཅད་སངས་རྒྱས་སུ་འགྱུར་རོ། །ཇི་སྟེ་བྱེད་པའི་རྐྱེན་དང་སྦྱར་ནས་རྟོགས་པ་དང་ལྡན་པ་སངས་རྒྱས་ཡིན་ན་ནི་སེམས་དང་ལྡན་པ་ཐམས་ཅད་སངས་རྒྱས་སུ་འགྱུར་རོ་ཞེ་ན། འདིར་ལན་ནི་ཡང་དག་པའི་དོན་སངས་རྒྱས་ཞེས་བྱ་བ་ཡིན་པའམ། ཡང་དག་པའི་ཆོས་མངོན་པར་རྟོགས་པ་ཞེས་བྱ་བ་ཡིན་ནམ། ཡང་དག་པའི་དོན་རབ་ཏུ་རྣམ་པར་རྟོག་པ་ཞེས་བྱ་བ་ཡིན་པའམ། འདི་ལ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་སངས་རྒྱས་པ་ཞེས་བྱ་བ་ཡིན་པ་སྟེ། ཕྱོགས་བཞི་ཆར་ལ་ཡང་འབྲུ་མང་པོ་པར་བྱས་ནས། ངེས་པར་ཚིག་གི་བྱང་ཆུབ་པར་བྱའོ། །ཡང་དག་པའི་དོན་ཞེས་བྱ་བ་ལ་དོན་ནི་ཤེས་བྱའོ། །དེ་དང་འབྲེལ་པའི་རྟོག་པ་ནི་བསྡུ་བའི་དོན་ཏོ། །གང་ལ་ཡང་དག་པ་ཉིད་ཀྱི་དོན་རྟོགས་པ་ཡོད་པ་དེ་ནི་སངས་རྒྱས་སོ། །གཞན་དག་པ་ནི་ངེས་པར་ཁ་ཅིག་ཏུ་འཁྲུལ་པ་ཡོད་དོ། །ཇི་ལྟར་ཡང་དག་པའི་དོན་སངས་རྒྱས་ཡིན་ཞེ་ན། བུདྡྷའི་གནས་སུ་ནི་བུད་བཞག་ལ། ཨརྠའི་གནས་སུ་ནི་དྷ་བཞག་ལ། སངས་རྒྱས་སུ་འགྱུར་རོ་ཞེས་བསམས་ལ། ཡང་དག་པའི་ཆོས་མངོན་པར་རྟོགས་པ་ཞེས་བྱ་བ་ནི་ཡང་དག་པ་དང༌། ཡང་དག་པའི་དོན་མ་ཡིན་པའི་དོན་ཤེས་པར་བྱེད་པ་ཉིད་ནི་སྐྱེས་བུ་དང་འབྲེལ་བ་པའོ། །འདིར་ནི་རབ་ཀྱི་མཐར་ཕྱིན་པའི་མངོན་པར་རྫོགས་པར་རྟོགས་པར་བྱས་པ་ཡིན་ཏེ། དེ་རབ་ཏུ་བསྟན་པའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་སྨོས་ཏེ། འདིའི་བསྡུ་བའི་དོན་ནི་ཚིག་གཉིས་ཁོ་ན་ལ་ཡིན་ཏེ། དེ་ལ་བུདྡྷའི་སྒྲ་ལ་ནི་བུད་བྱ་ལ། དྷརྨཱའི་སྒྲ་ལ་ནི་ཡི་གེ་གཉིས་པའི་ཕྱིའོ། །ཡང་དག་པའི་དོན་རབ་ཏུ་རྣམ་པར་རྟོག་པ་ཞེས་བྱ་བ་ནི་མངོན་སུམ་གྱི་དོན་ཏེ། ཚིག་གསུམ་ནི་འབྲུ་མང་པོ་པར་བྱ་བ་ཡིན་ཏེ། དྷའི་སྒྲ་ལ་ནི་སྔ་མ་ཀུན་ལ་ནི་བུ་བཞག་གོ །འདི་ལ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་བློ་དང༌། རྟོགས་པ་དང༌། མཆོད་པའི་དོན་ལ་དེ་ལྟར་བྱུང་བའི་རྐྱེན་བྱའོ། །དེ་ལྟར་བྱུང་བའི་རྐྱེན་བྱེད་པ་པ་ཡིན་པས་དྲུག་པར་བྱ་སྟེ། དང་པོའི་ཚིག་


DTG089_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་བུ་བྱ། གཉིས་པ་ལ་ད་བྱ། གསུམ་པ་ལ་ནི་དྷའི་སྒྲའོ། །འདི་ནི་སངས་རྒྱས་དཀོན་མཆོག་ལ་ལོག་པར་རྟོག་པའོ། །དེ་ནས་ཆོས་དཀོན་མཆོག་གང་ཞེ་ན། ཆོས་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་ཉིད་དོ། །དེ་ལ་གལ་ཏེ་ཆོས་ལས་ཆོས་ཉིད་ཐ་དད་པར་བཞག་སྟེ། ཆོས་དང་ཆོས་ཉིད་འདི་གཉིས་ནི་ཡང་དག་པར་བསྡུ་བའི་ཕྱིར་རོ་ཞེས་བྱ་བའི་ཚིག་ལས་ཏེ། དེའི་ཚེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བྱང་ཆུབ་ཏུ་བཞག་སྟེ། བྱང་ཆུབ་ནི་ངོ་བོའི་རྐྱེན་དང་ལྡན་པའི་ཕྱིར་རོ། །ཡང་ན་ཆོས་ནི་ཆོས་ཉིད་ཀྱང་ཡིན་ཏེ། །ཆོས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེའི་ཚེ་ནི་དེ་ཉིད་ཆོས་དཀོན་མཆོག་སྟེ། ཡང་དག་པའི་མཐའ་ཡིན་པའི་ཕྱིར་ཏེ། དེ་ཁོ་ན་ཉིད་ཀྱི་མཐར་ཐུག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ནི་བྱང་ཆུབ་ཀྱི་ལས་ཀྱི་རྐྱེན་དང་ལྡན་པའོ། །བྱང་ཆུབ་གཉི་ཀ་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཇུག་སྟེ། ཁྱད་པར་དུ་གྱུར་བའི་ཕྱིར་རོ། །དེ་ལ་ཆོས་ཉིད་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས། བྱང་ཆུབ་ནི་སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ཞེས་གསུངས་ཏེ། དེ་ལ་སྟོང་པ་ཉིད་ནི་མཚན་ཉིད་ཀྱི་ཕྱིར་རོ། །རྣམ་པར་མི་འགྱུར་བའི་ཕྱིར་དེ་བཞིན་ཉིད་དོ། །དེ་ཁོ་ན་ཉིད་ཀྱི་མཐར་ཐུག་པའི་ཕྱིར། ཡང་དག་པའི་མཐའོ། །ཆོས་རྣམས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་ཉིད་དོ། །འཕགས་པ་རྣམས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །ཡང་བྱང་ཆུབ་མིང་ཙམ་མོ་ཞེས་གསུངས་ཏེ། མིང་གི་དོན་གྱིས་སྟོང་པ་ཉིད་ནི་བྱང་ཆུབ་ཅེས་བྱ་བའི་བར་དུའོ། །ཡང་དབྱེར་མེད་པའི་དོན་ནི་བྱང་ཆུབ་ཀྱི་དོན་དུའོ་ཞེས་གསུངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དེ་བཞིན་ཉིད་ཙམ་སྣང་བའི་ཕྱིར་རོ། །ཡེ་ཤེས་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས། བྱང་ཆུབ་ཀྱི་དེ་བཞིན་ཉིད་དང༌། མ་ནོར་བའི་དེ་བཞིན་ཉིད་དང༌། གཞན་མ་ཡིན་པའི་དེ་བཞིན་ཉིད་དང༌། གཞན་དུ་མི་འགྱུར་བའི་བྱང་ཆུབ་བོ་ཞེས་གསུངས་ཏེ། དེ་ལ་བྱང་ཆུབ་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ནི་རྟོགས་པར་བྱ་བའི་དེ་བཞིན་ཉིད་དེ། དེ་ཁོ་ན་བཞིན་དུ་རྟོགས་པར་བྱ་བའི་


DTG089_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་ངོ་བོ་ཡིན་གྱི། བརྫུན་པའི་ངོ་བོ་ནི་མ་ཡིན་ནོ། །མ་ནོར་བ་ཞེས་བྱ་བ་ནི་མ་འཁྲུལ་བའོ། །གཞན་མ་ཡིན་པའི་དེ་བཞིན་ཉིད་ཅེས་བྱ་བ་ལ། བྱང་ཆུབ་ལས་གཞན་པ་ནི་བརྫུན་པ་སྟེ། དེའི་དེ་བཞིན་ཉིད་བྱང་ཆུབ་ཀྱི་ངོ་བོ་ཉིད་དོ། །མེད་པ་དེ་ནི་ངོ་བོ་བྱང་ཆུབ་ཉིད་ལ་སྣང་བའི་ཕྱིར་ཏེ། དེ་དང་བྲལ་བ་ནི་གཞན་མ་ཡིན་པའི་དེ་བཞིན་ཉིད་དོ། །གཞན་དུ་མི་འགྱུར་བའི་ངོ་བོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རང་བཞིན་རང་གི་བདག་ཉིད་ཀྱིས་གསལ་བ་སྟེ། དེ་ལས་གཞན་པའི་དངོས་པོ་ནི་བརྫུན་པའི་བདག་ཉིད་དུ་སྣང་བའོ། །དེ་དང་བྲལ་བ་ནི་གཞན་དུ་མི་འགྱུར་བ་སྟེ། དེ་ཡང་འཁྲུལ་པས་དབེན་པའི་ཡེ་ཤེས་ནི་བྱང་ཆུབ་ཅེས་བྱ་བའི་དོན་ཏོ། །ཡང་མིང་དང་མཚན་མ་ཙམ་འདི་ནི་བྱང་ཆུབ་པོ་ཞེས་བྱ་བ་གསུངས་པ་ལ་ཞེས་བྱ་བའི་སྒྲ་ནི་རིམ་པ་གཞན་དུ་སྦྱར་ཏེ། མིང་དང་མཚན་མ་ཙམ་འདི་ཞེས་བྱ་བ་གང་རྟོགས་པ་དེ་ནི་བྱང་ཆུབ་ཅེས་བྱ་བའི་དོན་ཏོ། །སྦྱོར་བ་ཉིད་བྱང་ཆུབ་ཏུ་མཚོན་པ་ཡིན་གྱི། འདི་བྱང་ཆུབ་ནི་མ་ཡིན་ཏེ། དེ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ལ་མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོའོ། །དེ་དག་ནི་བརྫུན་པ་སྟེ། དོན་འདྲ་བའི་རྣམ་པ་ནི་མཚན་མའོ། །ཡང་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡིན་པ་དེ་བས་ན། བྱང་ཆུབ་ཅེས་གསུངས་ཏེ། ཁྱད་པར་དུ་གྱུར་པ་ཡིན་ནོ་ཞེས་དགོངས་སོ། །ཡང་སངས་རྒྱས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བས་ན་བྱང་ཆུབ་ཅེས་གསུངས་པ་ལ། ཚིག་འདི་དོན་གཙོ་བོ་ཡིན་གྱི། སྒྲ་ནི་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་རྟོགས་པ་ཡིན་པ་དེ་བས་ན། བྱང་ཆུབ་ཅེས་བྱ་བའི་དོན་ཏོ། །དྲུག་པའི་བསྡུ་པ་བྱས་ནས། ཚིག་སྔ་མ་ལ་ནི་བོ་བྱ་ལ། ཚིག་འོག་མ་ལ་ནི་དྷི་གཞག་གོ །འདི་ནི་ཆོས་དཀོན་མཆོག་ལ་ལོག་པར་རྟོག་པའོ། །ཚོགས་ཡིན་པའི་ཕྱིར་དགེ་འདུན་ཏེ། མི་ཕྱེད་པ་དང་མི་འཕྲོགས་པ་ཞེས་བྱ་བའི་དོན་ཏོ། གང་ལས་མི་ཕྱེད་པ་དང༌། གང་གིས་མི་ཕྱེད་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཕྱེད་པ་དང༌། ལྷ་དང་བཅས་པ་བདུད་དང་བཅས་པ་དང༌། དམན་པ་བྱང་ཆུབ་སྒྲུབ་པའི་ཆོས་དང༌། མི་དགེ་བའི་ཆོས་ཀྱིས་མི་ཕྱེད་པའོ།།


DTG089_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དགེ་འདུན་དཀོན་མཆོག་ལ་ལོག་པར་རྟོག་པའོ། །ཐབས་བཅས་ཐུབ་པའི་རྟོགས་པ་དང༌། །ཞེས་བྱ་བ་ནི་རབ་ཏུ་བྱེད་པའི་ཚིག་སྟེ། ཐབས་ལ་མཁས་པ་ནི་ཐབས་ཀྱིས་བསྟན་ཏེ། ཡུལ་གྱིས་ཡུལ་ཅན་བསྟན་པའི་ཕྱིར་རོ། །རྟོགས་པ་ཞེས་བྱ་བ་ནི་མངོན་པར་རྟོགས་པ་བསྟན་ཏེ། ཡང་དག་པའི་དོན་མངོན་སུམ་དུ་རྟོགས་པས་ན་མངོན་པར་རྟོགས་པ་སྟེ། ལོག་པའི་ཤེས་པ་དང༌། མི་ཤེས་པ་མ་ཡིན་ནོ་ཞེས་བྱ་བར་བསམས་སོ། །ཐུབ་པ་ཞེས་བྱ་བ་ནི་དངོས་པོ་གཙོ་བོའི་རྒྱེན་བྱས་ཏེ། སངས་རྒྱས་ཉིད་ཅེས་བྱ་བའི་དོན་ཏོ། །ཐབས་མཁས་པ་ལ་བྱང་ཆུབ་མངོན་པར་རྟོགས་པ་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །འཁོར་གསུམ་མི་དམིགས་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བའི་སེམས་ཀྱིས་སྦྱིན་པ་ལ་སོགས་པའི་རྣམ་པར་སྨིན་པ་ལ་རེ་བ་མི་བྱེད་དེ། འོན་ཀྱང་སེམས་ཅན་ཐམས་ཅད་དགྲོལ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། དེ་ལ་སོགས་པ་ཐབས་ལ་མཁས་པ་རྒྱ་ཆེར་གསུངས་སོ། །འདི་ཐབས་ལ་མཁས་པ་ལ་ལོག་པར་རྟོག་པའོ། །སྤྲོས་པ་དང་བྲལ་བའི་མངོན་བར་རྟོགས་པ་ནི་ཡོད་དེ། གང་ལ་དངོས་པོ་མེད་པ་དང༌། དངོས་པོ་མེད་པ་མ་ཡིན་པའོ། །འདི་ནི་མངོན་པར་རྟོགས་པ་ལ་ལོག་པར་རྟོག་པའོ། །མདོ་ལས་ནི་སྤྲོས་པའི་སྒྲ་དང༌། བསྟན་བཅོས་ལས་ནི་ཕྱིན་ཅི་ལོག་གི་སྒྲ་བརྗོད་ན་གཉི་ག་ཡང་དོན་གཅིག་པ་ཉིད་ཀྱི་ཕྱིར་རོ། །གཟུགས་རྟག་པ་དང༌། མི་རྟག་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། བདག་དང༌། བདག་མེད་པ་ལ་སོགས་པ་གང་ཡིན་པའི་ཕྱིན་ཅི་ལོག་ནི་རབ་ཏུ་མང་སྟེ། མདོར་བསྡུས་ན་རྣམ་པར་རྟོག་པ་ཇི་སྙེད་པ་དེ་ཐམས་ཅད་ནི་སྤྲོས་པའོ། །མི་སྤྲོ་འཕྲོ་བར་མི་བྱེད་ཅེས་བྱ་བ་ནི་གཉེན་པོའོ། །མི་འཕྲོ་བ་ནི་ཆོས་ཀྱི་དབྱིངས་ཏེ། རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེ་འཕྲོ་བར་མི་བྱེད་པ་ནི་རྣམ་པར་རྟོག་པར་མི་བྱེད་པའོ། །འདི་ནི་ཕྱིན་ཅི་ལོག་གི་ལོག་པར་རྟོག་པའོ། །འདིར་བྱང་ཆུབ་སེམས་དཔས་ངན་སོང་གི་ལམ་རྒྱུ་དང་འབྲས་བུར་བཅས་པར་ཤེས་པར་བྱ། དེ་དག་ལས་སེམས་ཅན་རྣམས་བཟློག་པར་བྱ་བ་ནས། །


DTG089_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་མིའམ་ཅི་དང༌། ནམ་མཁའ་ལྡིང་དང༌། དྲི་ཟ་ལ་སོགས་པའི་ལམ་དང༌། དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་དང༌། སུམ་ཅུ་རྩ་གསུམ་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དང༌། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་ལམ་ནས། དགྲ་བཅོམ་པའི་ལམ་གྱི་བར་དང༌། རང་སངས་རྒྱས་ཀྱི་ལམ་དང༌། བྱང་ཆུབ་སེམས་དཔའི་ལམ་དང༌། སངས་རྒྱས་ཀྱི་ལམ་རྒྱུ་དང་འབྲས་བུ་དང་བཅས་པར་ཤེས་པར་བྱའོ། །གང་ཡང་འབྲས་བུ་དེ་ལ་གཞག་པར་འོས་པ་ནི་དེ་དག་དེ་ལ་རྣམ་པར་འཇོག་པར་བྱེད་པས་ན། །སངས་རྒྱས་ཀྱི་བར་དུའོ། །བདག་ཉིད་ཐེག་པ་དམན་པའི་ལ་ལས་འདས་ཏེ། ཐམས་ཅད་མཁྱེན་པ་མཐོང་བས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པའོ། །འདི་ནི་ལམ་ལ་ལོག་པར་རྟོག་པའོ། །འདིར་འཕགས་པའི་གང་ཟག་ཐམས་ཅད་ཉིད་ནི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་དང༌། བྱང་ཆུབ་ཀྱི་ཕྱོགས་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང༌། དེའི་འབྲས་བུ་དང༌། འཕགས་པའི་ཆོས་ཐམས་ཅད་དང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན། གཟུགས་མེད་པ་བསྟན་དུ་མེད་པར་འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་སྟེ། གང་དེ་ལྟར་མི་ཤེས་པ་དེ་ལ་ཀུན་རྫོབ་ཏུ་བྱང་ཆུབ་ཀྱི་ཕྱོགས་བྱང་ཆུབ་སྒྲུབ་པར་བྱེད་པ་བསྟན་པ་ཡིན་ནོ། །འདི་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་ལོག་པར་རྟོག་པའོ། །བཅོམ་ལྡན་འདས་མ་ལས་སེམས་ཅན་རྣམས་གཟུང་བར་བྱ་བའི་དོན་དུ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས། ཆོས་རྣམས་ཀྱི་རང་གི་མཚན་ཉིད་རྒྱ་ཆེར་བསྟན་ཏེ། དོན་དམ་པར་ནི་མཚན་ཉིད་དང་མཚན་ཉིད་མེད་པ་ལ་བསླབ་པར་མི་བྱ་སྟེ། གང་གི་ཕྱིར་མཚན་ཉིད་མེད་པའི་དབྱིངས་འདི་ནི་རྟག་ཏུ་གནས་པའོ། །འདི་ནི་མཚན་ཉིད་ལ་ལོག་པར་གོལ་ཏེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་མཚན་ཉིད་མེད་པ་ཡིན་ན། དེ་ལྟར་མཚན་ཉིད་མེད་པ་དེ་དག་སྒོམ་པར་འགྱུར་ཞེ་ན། རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་དངོས་པོ་མེད་


DTG089_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཉིད་ཀྱི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་མེད་དེ། ཕྱིན་ཅི་ལོག་པའི་ཕྱིར་རོ། །འོན་ཀྱང་དངོས་པོའི་འདུ་ཤེས་ཅན་གྱིས་ཆོས་ཐམས་ཅད་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའོ། །དེ་བཞིན་དུ་དངོས་པོའི་འདུ་ཤེས་ཅན་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་མེད་དེ། འདི་ལ་འདི་བདག་གིས་སྦྱིན་ནོ་ཞེས་བྱ་བ་དེ་ལྟ་བུ་ནི་དངོས་པོའི་འདུ་ཤེས་ཅན་ནོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །བདེན་པ་མཐོང་བ་རྣམས་ནི་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་འབའ་ཞིག་སྒོམ་པར་བྱེད་དེ། དངོས་པོའི་འདུ་ཤེས་སུ་ཡང་མ་ཡིན། དངོས་པོ་མེད་པའི་འདུ་ཤེས་སུ་ཡང་མ་ཡིན་ཏེ། འདུ་ཤེས་ནི་སྤྲོས་པ་ཡིན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོས་པ་མེད་པ་ཡིན་པས་སོ། །འདི་ནི་སྒོམ་པ་ལ་ལོག་པར་རྟོག་པའོ། །བྱང་ཆུབ་སེམས་དཔའི་གནས་སྐབས་འདི་ལ་མེ་ཏོག་བཀྲམ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་ལུང་བསྟན་ཏེ། དེས་ན་དེས་མཚོན་པའི་ལེའུ་ནི་དེའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །།

སྐབས་དྲུག་པ། མཐར་གྱིས་པའི་མངོན་པར་རྟོགས་པ་བརྗོད་པ།


DTG089_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། སྦྱིན་པའི་ཤེས་རབ་བར་དག་དང༌། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་ཏེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་བྱ་བ་གསུངས་ཏེ། མཐར་གྱིས་བྱ་བ་དང༌། མཐར་གྱིས་བསླབ་པ་དང༌། མཐར་གྱིས་བསྒྲུབ་པ་ནི་སྔར་བསྟན་ནས། ད་ལྟར་ནི་དེ་བཤད་པར་བྱ་སྟེ། བཞེད་པ་ནི་འདོད་པའོ། །གང་ཞེ་ན། སྦྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་བར་དག་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་གོ །བར་སྨོས་པས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།


DTG089_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སངས་རྒྱས་ལ་སོགས་དྲན་པ་དང༌། །ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པའི་ཡུལ་ལ་རྗེས་སུ་དྲན་པའོ། །དང་ཞེས་བྱ་བ་ནི་རིམ་པ་བཞིན་དུ་སྦྱར་ཏེ། ཆོས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཀྱང་ཞེས་བྱ་བས་ནི་དངོས་པོ་གཙོ་བོར་སྟོན་ཏེ། ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཀྱང་ཞེས་བྱ་བའི་དོན་ཏོ། །བར་ནི་དེ་ལྟར་དེ་འདོད་པའོ། །དེའི་ཕྱིར་མདོ་ལས། གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཞེས་བྱ་བ་ནི་འཆད་པར་འགྱུར་པའི་ཚིག་གསུམ་གྱིས་སོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་མཐར་གྱིས་པའི་བྱ་བའོ། །རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །ཇི་ལྟར་ཞེ་ན། ཆོས་ཐམས་ཅད་ཆགས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་དབྱེར་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རིག་པར་བྱའོ་ཞེས་གསུངས་ཏེ། དེ་ལ་དང་པོའི་ཆོས་ཐམས་ཅད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ཏེ། དེ་དག་ཉིད་བྱང་ཆུབ་ཀྱི་ལམ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྒྲ་ཡང་འདིར་ལམ་གྱི་ཚིག་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཆགས་པ་མེད་པ་ནི་མ་ཆགས་པ་སྟེ། བགེགས་མེད་པ་ཉིད་དོ། །རིམ་གྱིས་སེམས་ཅན་ཡོངས་སུ་གྲོལ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དེས་དེ་རྗེས་སུ་རིག་པར་བྱའོ། །དེ་ཇི་ལྟར་དང་པོ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། བདག་ཉིད་ཀྱང་སྦྱིན་པ་གཏོང་ཞིང་གཞན་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇོག་པར་བྱེད་དེ། སྦྱིན་པའི་བསྔགས་པ་ཡང་རྗོད་པར་བྱེད། གཞན་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་བསྔགས་པ་བརྗོད་ཅིང་རྗེས་སུ་མཐུན་པར་བྱེད་དེ། དེ་སྦྱིན་པ་དེས་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་ཐོབ་པོ། །སེར་སྣ་དང་བྲལ་བའི་སེམས་ཀྱིས་བཟའ་བ་དང༌། བཏུང་བ་དང༌། གོས་དང༌། བྱུག་པ་དང༌། མལ་ཆ་དང༌། གནས་དང༌། གཞན་ཡང་


DTG089_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ཡོ་བྱད་དེ་འདོད་པ་རྣམས་ལ་སྦྱིན་པར་བྱེད་དོ། །དེ་སྦྱིན་པ་དེས་སེམས་ཅན་རྣམས་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་འཇོག་པར་བྱེད་དོ། །དེ་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དང་ལྡན་པ་དེ་ཉིད་ཀྱིས་ཉན་ཐོས་ལ་སོགས་པའི་ས་ལས་འདའ་བར་བྱེད། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་བྱེད། སེམས་ཅན་རྣམས་ཐེག་པ་གསུམ་ལ་འགོད་ཅིང་འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དེ། དེ་ལྟར་སྦྱིན་པས་མཐར་གྱིས་བྱ་བ་བྱེད་ཀྱང་དེ་དང་སེམས་ཅན་རྣམ་ལ་མི་དམིགས་སོ། །དེ་ལྟར་འདི་ལ་ངོ་བོ་ཉིད་མེད་དེ་གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་དོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་བྱ་བའོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་དྲུག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མཐར་གྱིས་པའི་བྱ་བའོ། །ཆོས་ཐམས་ཅད་དབྱེར་མི་ཕྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ནི་རྗེས་སུ་དྲན་པ་དྲུག་གོ །དེ་རྣམས་ཇི་ལྟར་ཆོས་ཡིན་ཞེ་ན། སེམས་འཛིན་པའི་ཕྱིར་རོ། །གཞན་ཡང་བསོད་ནམས་ཀྱང་འཇིག་རྟེན་ན་ཆོས་སུ་བརྗོད་ལ་དེ་ཡང་བསྒོམས་པ་ལས་བྱུང་བའི་བསོད་ནམས་ཡིན་ནོ། །ཆོས་ཐམས་ཅད་དབྱེར་མི་ཕྱེད་པ་ནི་ཐ་མི་དད་པའི་མཉམ་པ་ཉིད་དེ། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེས་རྗེས་སུ་རིག་པར་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་ལ་བརྟེན་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་མོས་ཤིང་རྗེས་སུ་དྲན་པ་དྲུག་སྒོམ་པར་བྱེད་དེ། དེ་དག་རང་ཡང་སྒོམ་པར་བྱེད་ཅིང༌། གཞན་དག་ཀྱང་དེ་རྣམས་ལ་འཇོག་པར་བྱེད། གཞན་གང་དག་དེ་ལ་སྤྱོད་པར་བྱེད་པ་དེ་དག་གི་ཡང་བསྔགས་པ་བརྗོད་ཅིང་རྗེས་སུ་མཐུན་པར་བྱེད་


DTG089_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་དག་ལ་དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་བསྒོམས་པ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་ཅིང༌། དེ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། སེམས་ཅན་ཡོངས་སུ་སྨིན་པའི་བར་དུ་བྱེད་དོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ནི་གཟུགས་ལ་སོགས་པའི་ཕུང་པོ་མ་ཡིན། མཚན་དང་དཔེ་བྱད་མ་ཡིན། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་མ་ཡིན། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་མ་ཡིན། སྙིང་རྗེ་ཆེན་པོ་མ་ཡིན། བྱམས་པ་ཆེན་པོ་མ་ཡིན། མ་འདྲེས་པའི་ཆོས་བཅོ་བརྒྱད་མ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ཡང་མ་ཡིན་པར་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་འདི་ནི་སངས་རྒྱས་རྗེས་སུ་དྲན་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དགེ་བའི་ཆོས་རྣམས་དང༌། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡིད་ལ་མི་བྱེད་དེ། དེ་དག་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཡིད་ལ་མི་བྱེད་པ་འདི་ནི་ཆོས་རྗེས་སུ་དྲན་པའོ། །གང་དེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་སྐྱེས་བུ་གང་ཟག་བཞི་དང༌། སྐྱེས་བུ་གང་ཟག་ཆེན་པོ་བརྒྱད་པོ་ནི། ངོ་བོ་ཉིད་ཀྱིས་མེད་དེ་གང་ངོ་བོ་ཉིད་ཀྱིས་མེད་པའི་ཆོས་དེ་ནི་མེད་དེ། ཡིད་ལ་མི་བྱེད་པ་འདི་ནི་དགེ་འདུན་རྗེས་སུ་དྲན་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱོད་པ་ན་མ་རལ་བ་མ་ཞིག་པ་མ་འདྲེས་པ་མཆོག་ཏུ་འཛིན་པ་མ་ཡིན་པ་མཐུ་དང་ལྡན་པ་མཁས་པས་བསྔགས་པ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཐོབ་པའི་ཚུལ་ཁྲིམས་ལ་གནས་ནས། ཚུལ་ཁྲིམས་དངོས་པོ་མེད་པར་ཡིད་ལ་བྱེད་དོ། །ཡིད་ལ་བྱེད་པ་འདི་ནི་ཚུལ་ཁྲིམས་རྗེས་སུ་དྲན་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཟང་ཟིང་དང༌། ཆོས་དང༌། ཡན་ལག་དང༌།


DTG089_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལག་ཐམས་ཅད་གཏོང་ན་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱའོ། །ཡིད་ལ་མི་བྱེད་པ་འདི་ནི་གཏོང་བ་རྗེས་སུ་དྲན་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་གང་རྒྱལ་ཆེན་བཞིའི་རིས་ནས། གཞན་འཕྲུལ་དབང་བྱེད་ཀྱི་བར་དུ་སྐྱེས་པའི་རྒྱུན་དུ་ཞུགས་པའི་ལྷ་དེ་དག་ནི་མེད་དེ། དངོས་པོ་མེད་པའི་ངོ་བོ་ཉིད་དོ། །ཡིད་ལ་བྱེད་པར་རྗེས་སུ་དྲན་པ་འདི་ནི་ལྷ་རྗེས་སུ་དྲན་པའོ། །འདི་ནི་རྗེས་སུ་དྲན་པ་དྲུག་པ་སྟེ། རྗེས་སུ་དྲན་པ་དྲུག་གི་མཐར་གྱིས་པའི་བྱ་བའོ། །ཆོས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་ལ་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཏེ་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་དང༌། བྱང་ཆུབ་ཀྱི་ཕྱོགས་དང༌། ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ནི་ཆོས་ཐམས་ཅད་དོ། །དེ་དག་འབྱུང་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་འབྱུང་བ་མེད་པར་ཤེས་པའི་ཕྱིར་རོ། །མཐར་གྱིས་པའི་བྱ་བར་རིག་པར་བྱ་སྟེ། འབྱུང་བ་མེད་པ་ནི་འབྱུང་བ་མེད་པའི་ངོ་བོ་ཉིད་དེ། དེ་ལྟར་ན་དེ་དག་ནི་མེད་པའི་ངོ་བོ་ཉིད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དང་པོ་སེམས་བསྐྱེད་པ་ལ་བརྟེན་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་མོས་པར་བྱས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྒོམ་པར་བྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ཡང་དག་པར་རྟོགས་ནས། ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་ཅིང༌། ཐེག་པ་གསུམ་གྱིས་འཁོར་བ་ལས་སེམས་ཅན་ཡོངས་སུ་སྒྲོལ་བར་བྱེད་དེ། འདི་ནི་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཐར་གྱིས་པའི་བྱ་བ་སྟེ་བཅུ་གསུམ་པ་བསྟན་ཏོ། །དེའི་འོག་ཏུ་རྒོལ་བ་རང་གིས་བརྟགས་ནས་ལན་བརྗོད་པར་བྱ་སྟེ། གལ་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྒོམ་པར་བྱེད་ན། དེ་སྒོམ་པ་ནི་འབྲས་བུ་མེད་དེ་རྟའི་རྭ་བཞིན་ནོ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་འགྱུར་བ་མེད་པ་དང་


DTG089_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་མེད་ཅེས་བྱ་བ་ལ་སོགས་པ་ལན་གསུངས་ཏེ། འགྱུར་བ་མེད་པ་ནི་ཆོས་དབྱིངས་སོ། །དེ་དང་མཉམ་པ་ནི་ཆོས་ཐམས་ཅད་དེ། མ་བསྒོམས་པ་ཙམ་གྱིས་ནི་མ་ཡིན་ཞིང་ཆོས་ཀྱི་དབྱིངས་ལ་དམིགས་ནས། འཕགས་པ་རྣམས་ཀྱི་རྒྱུར་འགྱུར་པ་ཡིན་ཏེ། དེ་ཉིད་ཆོས་ཀྱི་དབྱིངས་ཞེས་བརྗོད་ན། དེའི་ཕྱིར་འབྲས་བུ་མེད་པར་འགྱུར། སོ་སོ་རང་རིག་པ་ཞེས་བྱ་བས་བདག་དང༌། རྣམ་པར་རིག་པ་ཡོད་པ་མ་ཡིན་ནམ། དེའི་ཕྱིར་འཛིན་པ་ཡོད་པས་གཟུང་བ་ཡང་ཡོད་དེ། དེས་ན་ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ་ཞེས་བྱ་བ་དེ་མི་རིགས་སོ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་བདག་མེད་པ་དང༌། རྣམ་པར་རིག་པ་མེད་པར་ཤེས་རབ་ཀྱིས་རྗེས་སུ་རྟོགས་པས་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་ཏེ། བདག་མེད་པ་དང་རྣམ་པར་རིག་པ་མེད་པ་ཞེས་བྱ་བ་ལ། བདག་གི་མཚན་ཉིད་དང་བྲལ་བའི་ཕྱིར་བདག་མེད་པའི་རྣམ་པའོ། །གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རྣམ་པར་རིག་པ་མེད་པའོ། །ཤེས་རབ་ཀྱིས་རྗེས་སུ་རྟོགས་པས་ཞེས་བྱ་བ་ནི་ཚད་མས་ཡིད་ཆེས་པའི་ཕྱིར་རོ། །བདག་ནི་རྟག་པ་གཅིག་པའི་ངོ་བོ་ཤེས་པ་ཡིན་ལ། གཟུགས་ལ་སོགས་པ་ནི་དེ་ལྟ་བུར་གྱུར་པ་མ་ཡིན་ནོ། །དེའི་ཕྱིར་བདག་མེད་པ་ཉིད་དུ་འགྲུབ་པོ། །གཟུང་བ་དང་འཛིན་པ་དང་བྲལ་བ་དེ་ཉིད་ཀྱིས་ཕྱིར་ཡང་རྣམ་པར་རིག་པའི་རྣམ་པ་ཡང་མ་གྲུབ་སྟེ། དེ་ནི་འཛིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འཛིན་པ་མེད་པའི་ཕྱིར་གཟུང་བ་ཡང་མེད་དེ། དེས་ན་ཆོས་ཐམས་ཅད་དངོས་པོ་མེད་པར་གྲུབ་པོ། །གཟུགས་ལ་སོགས་པའི་སྒྲས་བརྗོད་པར་བྱ་བ་དེ་ཉིད་ནི་གཟུགས་ལ་སོགས་པ་ཡིན་ཏེ། དེ་དག་བརྗོད་པ་འཇིག་རྟེན་ན་ཡང་ཡོད་ལ་ཉན་པ་རྣམས་ལ་ཡང་མི་སླུ་བའི་ཐ་སྙད་ཡོད་ན་ཆོས་ཐམས་ཅད་དངོས་པོ་མེད་པ་དེ་དག་ལས་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་མིང་ཙམ་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་སོ། །དོན་གྱིས་སྟོང་པའི་མིང་ནི་མིང་ཙམ་མོ། །དེས་ཆོས་དེ་དག་ཐམས་ཅད་བརྗོད་པ་ན་བློའི་རྣམ་པ་དེ་དག་ལ་དོན་མེད་དོ། །ཕྱི་རོལ་ཉིད་དུ་རྟོགས་པས་ཕྱི་རོལ་


DTG089_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་འཇུག་པའི་ཡང་ཕྱིར་རོ། །ཕྱི་རོལ་གྱི་དོན་ཉིད་ཀྱང་མེད་དེ། ཕྱི་རོལ་མེད་ཀྱང་སྒྲ་ལས་དོན་རྟོགས་པའི་ཕྱིར་རོ། །གལ་ཏེ་བློ་ཉིད་སྒྲ་ལས་ཕྱི་རོལ་གྱི་དངོས་པོར་རྟོགས་སོ་ཞེ་ན། དེ་དག་ནི་དེ་ལ་དོན་གྱི་དངོས་པོ་མེད་དེ་གཞན་དུ་ཐ་དད་པའི་ཕྱིར་རོ། །ཐ་མི་དད་ན་ནི་བློ་དང་ལྡན་པས་ཀྱང་དོན་ཐོབ་པས་མི་སླུ་བར་འགྱུར་རོ། །དེའི་ཕྱིར་དོན་གྱི་དངོས་པོ་མེད་པས་མིང་ཙམ་དང་ཐ་སྙད་གདགས་པ་ཙམ་གྱིས་བརྗོད་དོ། །གལ་ཏེ་རེ་ཞིག་ཐ་སྙད་ཙམ་ནི་ཡོད་དོ་ཞེ་ན། ཐ་སྙད་གདགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་དུ་ཡང་མེད་ཅེས་བྱ་བ་ནི་དོན་མེད་པའི་ཕྱིར་ལུས་དང་ངག་དང༌། ཡིད་ཀྱང་མ་ཡིན་ཏེ། བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་མི་དམིགས་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །ཐ་སྙད་མེད་པ་བརྗོད་དུ་མེད་པ་ཞེས་བྱ་བ་ནི་དེ་རྣམས་ལ་དེ་དག་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་སྒྲས་མེད་པ་དང་ཚིག་མེད་པའོ། །གཟུགས་ལ་སོགས་པ་རྣམས་ཚད་དང་ལྡན་པ་ཉིད་ཀྱི་ཕྱིར་དེའི་སྟོང་པ་ཉིད་ལ་སོགས་པ་ཡང་ཚད་དང་ལྡན་པ་ཡིན་ཞིང་དེའི་ཕྱིར་དེ་ལ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཚད་དང་ལྡན་པར་འགྱུར་བ་ཡང༌། མི་འདོད་པ་མ་ཡིན་ནམ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་ཚད་མེད་པའི་ཕྱིར་ཞེས་བྱ་བས་ནི་ལན་གསུངས་ཏེ། ཆོས་ཐམས་ཅད་ཚད་མེད་པ་ཞེས་བྱ་བ་ནི་ཚད་མེད་པ་ཉིད་ཀྱི་ཕྱིར་ཏེ། ཇི་ལྟར་དངོས་པོ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཆོས་རྣམས་ལ་ཚད་མེད་དོ། །ནམ་མཁའ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་མེད་པ་དེ་བཞིན་དུ་སྟོང་པ་ཉིད་དེ་ལ་ཡང་ཚད་མེད་དེ་གཅོད་པར་བྱེད་པ་མེད་པའི་ཕྱིར་རོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཐ་མི་དད་དོ། །གལ་ཏེ་དེ་ལྟ་ན་གཟུགས་ལ་སོགས་པའི་སྔོན་པོ་ལ་སོགས་པ་འདི་དག་ཀྱང་ཇི་ལྟར་སྣང་ཞེ་ན་འདི་དག་ནི་ཆོས་ཀྱི་མཚན་མ་ཡིན་གྱི་ཆོས་ཀྱི་དངོས་པོ་ནི་མ་ཡིན་ནོ། །གཅིག་དང་དུ་མའི་ངོ་བོ་དང་བྲལ་བའི་ཕྱིར་དང༌། མི་སྣང་བ་བདག་ཉིད་སྣང་བ་མི་རིགས་པའི་ཕྱིར་རོ། །ཆོས་རྣམས་ཀྱི་མཚན་མ་ཡང་ཆོས་རྣམས་ཀྱི་འཁྲུལ་


DTG089_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པ་ཡིན་ཏེ། དེ་ཡང་སྣང་བའི་ངོ་བོ་ཡིན་པའི་ཕྱིར་སྣང་བ་ནི་དེ་དག་མེད་པ་ཡིན་ཡང་སྣང་སྟེ། འཁྲུལ་བ་རྣམས་ལ་ནི་མེད་པའི་མཚན་ཉིད་སྣང་བ་ཡིན་པའི་ཕྱིར། གལ་ཏེ་དེ་ལྟ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་འགྲུབ་སྟེ་དེ་ནི་འཁྲུལ་པ་ཡང་མ་ཡིན་ལ་རྣམ་པ་དང་བཅས་པའི་བློ་ནི་འཁྲུལ་པ་ཡིན་ཞིང་རྣམ་པ་མེད་པའི་བློ་ནི་རྨི་ལམ་ན་ཡང་ཉམས་སུ་མྱོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་མཚན་མ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་ཏེ། ཆོས་ཐམས་ཅད་ཀྱི་མཚན་མ་ནུབ་སྟེ། ཤེས་པ་སྣང་བ་དང་རྣམ་པ་མེད་དོ། །དེས་ན་རྣམ་པ་སྤངས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིན་ནོ་ཞེས་བསམས་སོ། །འོ་ན་རྣམ་པར་རྟོག་པའི་མཚན་མ་འདི་སྤངས་པའི་ཕྱིར་ཆོས་ཀྱི་དབྱིངས་ཡང་དག་པར་ཡིད་ལ་བྱེད་པ་མ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་ངེས་པར་འབྱེད་པའི་ཕྱིར་ཞེས་བྱ་བས་ནི་ལན་གསུངས་ཏེ། ངེས་པར་འབྱེད་པ་ནི་འདིར་སོ་སོར་རྟོག་པ་གསུངས་ཏེ། ཆོས་ཐམས་ཅད་ཡོངས་སུ་གྲུབ་པའི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་བྱས་ཏེ། དེ་ནི་དེ་དག་གི་ངེས་པར་འབྱེད་པའོ། །དེས་ན་འདི་ནི་དེའི་མཚན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དེ་ཉིད་ལེགས་པར་ཡིད་ལ་བྱེད་པའི་ཐོས་པ་དང༌། བསམས་པ་དང༌། བསྒོམས་པའི་རིམ་གྱིས་ལྷུན་གྱིས་གྲུབ་པ་མངོན་པར་འདུ་མི་བྱེད་པ་ཡིད་ལ་བྱེད་ཅིང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སྤྲོས་པ་མེད་པའི་ཤེས་པ་ཡང་སྐྱེ་བ་ཡིན་ཏེ། །དེ་ནི་དེ་ལ་སོ་སོར་རྟོག་པའོ། །ཇི་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གང་ཡིན། དག་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ་འདི་ལྟར་དེའི་ཚེ་དག་པ་གང་ཡིན། བདག་ནི་མེད་པས་མི་འདོད་ལ། སྐད་ཅིག་རེ་རེ་ལ་འཇིག་པའི་ཕྱིར་སེམས་ནི་མ་ཡིན་ནོ། །ཇི་སྟེ་སེམས་ཀྱི་རྒྱུན་ལ་ཡིན་ནོ་ཞེ་ན། དེ་ཡང་རང་བཞིན་གྱིས་མ་དག་པའམ། དག་པ་ཅིག་ཡིན་གྲང་ན། ཕྱོགས་དང་པོ་ལྟར་ན་དེ་ནི་དག་པ་མ་


DTG089_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། སོལ་བ་བདར་བ་བཞིན་ནོ། །ཕྱོགས་གཉིས་པ་ལྟར་ན་དོན་མེད་དོ། །ཇི་སྟེ་སེམས་ཀྱི་ཆོས་ཉིད་དག་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ་དེ་ལ་ནི་རྣམ་པར་འགྱུར་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་དེའི་ཕྱིར་དགོངས་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྗེས་སུ་རིག་པར་བྱ། རྗེས་སུ་གནས་པར་བྱའོ། །དེ་ནི་རྣམ་པར་འགྱུར་བ་མེད་པའི་ཕྱིར་དེ་ཡང་མི་རིགས་སོ་ཞེས་སྨྲས་པ་མ་ཡིན་ནམ་ཞེ་ན། འདི་ནི་སྨྲས་ཀྱང་འོན་ཀྱང་མི་རིགས་ཏེ། གཏན་ཚིགས་ངེས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་རང་བཞིན་ཁོ་ནས་རྣམ་པར་དག་ཀྱང༌། དེའི་རང་བཞིན་མ་ཡིན་པའི་ཕྱིར་གློ་བུར་གྱི་སྒྲིབ་པའི་དྲི་མས་དྲི་མ་ཅན་དུ་བྱས་པ་ཡིན་ཏེ། སྤྲིན་དང༌། མུན་པ་དང༌། ཁུག་རྣ་ལ་སོགས་པས་བསྒྲིབས་པས་ནམ་མཁའ་བཞིན་ནོ། །ཕྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་དག་བསལ་བས་རྣམ་པར་དག་པར་འགྱུར་ཏེ།སྤྲིན་ལ་སོགས་པ་བསལ་བའི་ནམ་མཁའ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བཅོམ་ལྡན་འདས་ཀྱིས་བསྟན་ལ། བསྟན་པས་མཚན་མ་དང་བཅས་པའི་ཤེས་པ་སྐྱེད་པར་བྱེད་དོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་དང་བཅས་པ་མ་ཡིན་ནམ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་ཚིག་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་ཏེ། ཆོས་ཐམས་ཅད་ནི་ཚིག་མེད་པའི་ཕྱིར། ཚིག་གིས་རང་གི་ངོ་བོ་མི་སྟོན་ཏེ། མཚོན་པ་འབའ་ཞིག་ཏུ་ཟད་དོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དམ་པ་སྟོན་པའི་དོན་དུ་རྗེས་སུ་རིག་པར་བྱའོ། །གལ་ཏེ་ལས་ཟད་ཅིང་ཉོན་མོངས་པ་ཟད་ཀྱང༌། ཡང་སྲིད་དུ་འགྱུར་བའམ། ཇི་སྟེ་ཟད་པས་སྐྱེ་བ་ཡང་ཟད་དེ། དེ་འདུ་བྱེད་ལྷག་མ་ཚེ་ཇི་སྲིད་ཀྱི་བར་དུ་གནས་ནས་རང་ཉིད་འགག་པར་འགྱུར་ཏེ། དེས་ན་བྱང་ཆུབ་ཁོ་ནར་འགྱུར་གྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ནི་མ་ཡིན་ཏེ། དེའི་ཁྱད་པར་ནི་བརྗོད་པར་བྱ་བ་མ་ཡིན་ནམ་ཞེ་ན་ཞེས་བྱ་བ་


DTG089_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྒོལ་བའོ། །ཚིག་གསུམ་གྱིས་ནི་ལན་གསུངས་ཏེ། །ཆོས་ཐམས་ཅད་འགོག་པ་མེད་པ་ཞེས་བྱ་བ་ནི་ཟད་པ་མེད་པའི་ཆོས་རྣམས་མི་ཟད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཇི་ལྟར་འགོག་པ་མེད་ཅེ་ན། སྤང་བ་དང་མཉམ་པ་ནི་ངེས་པ་མེད་པས་སྤང་བ་དང༌། ཁྱད་པར་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཇི་ལྟར་དེ་དག་གི་དེ་བཞིན་ཉིད་དེ་ཁོ་ན་བཞིན་དུ་ཤེས་པ་ནི་དེ་བཞིན་ཉིད་དང་མཉམ་པའོ། །དེ་ལྟར་དེ་དག་དེ་བཞིན་ཉིད་དང་མཉམ་པ་ཡིན་ཞེ་ན། ཆོས་ཐམས་ཅད་མི་འོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་འོང་ཞེས་བྱ་བ་ནི་མ་འོངས་པའི་དུས་ནས་སོ། །མི་འགྲོ་ཞེས་བྱ་བ་ནི་འདས་པའི་དུས་སུའོ། །གང་ནས་འོང་བར་བྱ་བ་དང༌། གང་དུ་འགྲོ་བར་བྱ་བ་དེ་དག་མེད་པའི་ཕྱིར་རོ། །གང་ཡང་མི་ཤེས་པ་ནི་རང་རིག་པ་ཙམ་གྱིས་དུས་མི་ཤེས་པའི་ཕྱིར་རོ། །མི་ཤེས་པའི་ཕྱིར་དང་འགྲོ་བ་དང་འོང་བ་ནི་ཤེས་པ་སྔོན་དུ་འགྲོ་བའི་ཕྱིར་རོ། །དེ་བས་ན་མི་སྐྱེ་ཤིན་ཏུ་མི་སྐྱེ་ཞེས་བྱ་བ་ཡིན་ནོ། །འདི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །འདི་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ན་ཡང༌། འཇིག་རྟེན་ན་རང་གི་དོན་ལ་རང་བཞིན་གྱིས་དགའ་བའི་ཕྱིར་དེའི་དོན་དུ་དཀའ་བ་ཡང་འབད་པར་བྱེད་དོ། །གཞན་གྱི་དོན་ནི་དཀའ་སྟེ། སེམས་ཅན་རྣམས་མཐའ་ཡས་པའི་ཕྱིར་དང༌། གཞན་ཉིད་ཡིན་པའི་ཕྱིར་དང༌། ལོག་པར་རྟོག་པ་མང་བའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བའོ། །བདག་དང་གཞན་དུ་མི་ལྟ་བའི་ཕྱིར་ཞེས་བྱ་བ་ལན་གསུངས་ཏེ། བདག་དང་གཞན་ཞེས་བྱ་བ་ནི་དབྱེ་བའོ། །དེ་མི་མཐོང་བའི་ཕྱིར་སེམས་ཅན་ཐམས་ཅད་དང་བདག་མཉམ་པ་ཉིད་དུ་ལྟའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས། འཇིག་ཚོགས་ལ་ལྟ་བ་རི་རབ་དང་མཉམ་པ་བསྐྱེད་ཀྱང༌། བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་དེ་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེའོ་ཞེས་


DTG089_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟ་བུའོ། །དེའི་འོག་ཏུ་དཀའ་བའི་འདུ་ཤེས་ཀྱི་གཉེན་པོ་དེ་ལྟ་ཇི་ལྟར་སོ་སོར་བརྟག་པར་བྱ་བ་དེ་ནི་ཆོས་ཐམས་ཅད་འཕགས་པ་དགྲ་བཅོམ་པ་ཞེས་བྱ་བ་ནས། ཁོང་ཁྲོ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལ་དང་པོ་སེམས་ཅན་རྣམས་དགྲ་བཅོམ་པ་ཉིད་ལ་སོགས་པར་དཀའ་བའི་འདུ་ཤེས་བསལ་བའི་ཕྱིར། ཆོས་ཐམས་ཅད་འཕགས་པ་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་ནི་སེམས་ཅན་ཐ་སྙད་དུ་གདགས་པའི་ཡུལ་ཏེ། འཕགས་པ་དགྲ་བཅོམ་པའོ། །གང་གི་ཕྱིར་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཙམ་ཡིན་པའི་ཕྱིར་རོ། །ཁུར་མི་ཁྱེར་བ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་ཁུར་མི་ཁྱེར་བའོ། །སེམས་ཅན་གདུལ་བར་བྱ་བའི་དོན་དུ་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ན། དཀའ་བའི་འདུ་ཤེས་བསལ་བའི་ཕྱིར། ཆོས་ཐམས་ཅད་ཡུལ་མེད་ཅིང་ཕྱོགས་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་མེད་པའི་ཕྱིར་དང༌། ཕྱོགས་མེད་པའི་ཕྱིར་རོ། །རང་བཞིན་གྱི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་རང་བཞིན་དེ་ནི་དེ་བཞིན་ཉིད་ངོ་བོ་ཉིད་དེ། དེ་ནི་ཡུལ་ན་མེད་དེ། གནས་པ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཕྱོགས་ཀྱང་མེད་དེ། ཆ་མེད་པའི་ཕྱིར་ནམ་མཁའ་བཞིན་ནོ། །འཁོར་བའི་སྡུག་བསྔལ་སྤང་བར་དཀའ་བའི་འདུ་ཤེས་བསལ་བའི་ཕྱིར་གསུངས་པ་ནི་འཁོར་བའི་ཆོས་ཐམས་ཅད་འགག་པ་ན་རབ་ཏུ་སིམ་པར་བྱེད་པ་ཉིད་ཀྱིས་བདེ་བའི་འདུ་ཤེས་སྐྱེད་པ་ཉིད་དེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་མྱུར་དུ་ཞི་བ་བདེ། །ཞེས་པའོ། །འོ་ཞེས་བྱ་བའི་སྒྲ་ནི་ཉན་ཐོས་ཀྱི་འདུལ་བ་རྫོགས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའི་འདུལ་བའི་དབང་དུ་བྱས་ནས། དགའ་བ་མེད་ཅིང་དགའ་བ་དང་བྲལ་བ་མེད་པའི་ཕྱིར་


DTG089_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་གསུངས་ཏེ། དགའ་བ་ནི་མྱ་ངན་ལས་འདས་པ་ལ་ཤིན་ཏུ་དགའ་བའོ། །དགའ་བ་དང་བྲལ་བ་ནི་ཤིན་ཏུ་འཁོར་བ་ལ་སྐྱོ་བའོ། །དེ་མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་དང་བྲལ་བ་མེད་པའོ། །དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་སྟེ། འདི་ནི་འཁོར་བ་དང༌། མྱ་ངན་ལས་འདས་པ་ལ་མི་གནས་པའི་སོ་སོར་རྟོག་པའོ། །འདོད་ཆགས་མེད་ཅེས་བྱ་བ་ལ་སོགས་པ་ནི་འདོད་ཆགས་དང་བྲལ་བ་ལ་སོ་སོར་རྟོག་པའོ། །ཆོས་ཐམས་ཅད་ལ་ཆགས་པ་དང་བྲལ་བ་ཞེས་བྱ་བ་ནི་མངོན་པར་མ་ཞེན་པའོ། །ཆགས་པ་དང་མ་ཆགས་པ་དང༌། དེའི་གཉེན་པོ་དེ་དང་བྲལ་བ་དང༌། གསུམ་མི་དམིགས་པའི་ཕྱིར་འདི་ནི་རྣམ་པར་རྟོག་པ་སྤང་བ་ལ་སོ་སོར་རྟོག་པའོ། །ཆོས་ཐམས་ཅད་ནི་ལམ་ཐམས་ཅད་དེ། མངོན་པར་རྟོགས་པ་བདུན་ནོ། །དེ་ཉིད་བྱང་ཆུབ་སྟེ། བྱང་ཆུབ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པ་ཞེས་གསུངས་ཏེ། ཁོང་དུ་ཆུད་པ་ནི་ཐོབ་པ་སྟེ། དེ་ནི་བྱང་ཆུབ་སྟེ། ལེགས་པར་རྟོགས་པ་ཐོབ་པ་ལ་སོ་སོར་རྟོག་པའོ། །རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཐམས་ཅད་དེ། དེ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང་སྨོན་པ་མེད་པ་སྟེ། རྣམ་པར་རིག་པ་ཙམ་ཉིད་ཀྱི་དོན་དང་བྲལ་བའི་ཕྱིར་དང༌། མཚན་མ་ཐམས་ཅད་ནུབ་པའི་ཕྱིར་དང༌། འཁྲུལ་པའི་ངོ་བོའི་ཁམས་གསུམ་པ་ལ་སྨོན་པ་མེད་པ་ཉིད་ཀྱི་ཕྱིར་ཏེ་གོ་རིམས་བཞིན་ནོ། །འདི་ནི་ལམ་ལ་སོ་སོར་རྟོག་པའོ། །གལ་ཏེ་དེ་དག་རྣམ་པར་ཐར་བའི་སྒོའི་ལམ་ལའང་སྒོམ་པ་དེའི་ཚེ་འང་དམན་པའི་བྱང་ཆུབ་ཏུ་ལྟུང་བར་འགྱུར་རོ་ཞེ་ན། དེའི་ཕྱིར་བྱམས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་དོ། །སྨན་ཞེས་བྱ་བ་ནི་ཐེག་པ་དམན་པ་ལ་དགའ་བའི་ནད་ཆེན་པོ་སེལ་བའོ། །གང་གིས་ཤེ་ན། བྱམས་པ་ཆེན་པོ་སྔོན་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱམས་པ་ཆེན་པོ་ནི་དེ་དག་གི་སྔོན་དུ་


DTG089_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའོ། །གཞན་ཡང་དེ་དག་ཚད་མེད་པ་བཞི་དང༌། ལྷན་ཅིག་གནས་པའི་ཕྱིར་བྱམས་པ་ལ་སོགས་པ་ལ་གནས་པའོ། །ཚངས་པ་ལྟ་བུར་གྱུར་བ་ཞེས་བྱ་བ་ནི་ཚངས་པ་དང་འདྲ་བའོ། །དེ་བཞིན་དུ་ཞེ་སྡང་མི་ལེན་པའི་ཕྱིར་ཞེས་བྱ་བ་ནི་བསྟན་པའོ། །ཞེ་སྡང་ཐམས་ཅད་མི་ལེན་པ་ཞེས་བྱ་བ་ནི་བཤད་པའོ། །ཞེ་སྡང་ཐམས་ཅད་བྱམས་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཏེ། གོ་རིམས་བཞིན་དུ་གནོད་སེམས་དང་རྣམ་པར་འཚེ་བ་དང༌། མི་དགའ་བ་དང༌། ཁོང་ཁྲོ་བ་དང༌། རྗེས་སུ་ཆགས་པའོ། །སྨོན་པ་མེད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་དགའ་བ་དང་བྲལ་བའི་ཕྱིར་རོ། །ཁོང་ཁྲོ་བ་མེད་པ་ཞེས་བྱ་བ་ནི་འཁོར་བ་ལ་ཤིན་ཏུ་སྐྱོ་བ་མེད་པའི་ཕྱིར་རོ། །འདི་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་བཅུ་གསུམ་ཕན་ཡོན་དང་བཅས་པའོ། །

སྐབས་བདུན་པ། སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པར་བྱང་ཆུབ་པ་བརྗོད་པ།


DTG089_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མའི་གཅིག་པའི་མངོན་པར་རྟོགས་པར་བརྗོད་པར་བྱ་སྟེ། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་བྱ་བ་ལ་ཆོས་ཐམས་ཅད་ཟག་པ་མེད་པ་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་ཐམས་ཅད་རྣམ་པར་སྨིན་པ་ལས་སྐྱེས་པའི་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང༌། ཆོས་ཐམས་ཅད་མཚན་ཉིད་མེད་པར་སེམས་ཀྱི་སྐད་ཅིག་མ་གཅིག་གིས་རྟོགས་པ་དང༌། ཆོས་ཐམས་ཅད་གཉིས་སུ་མེད་པར་སེམས་ཀྱི་སྐད་ཅིག་མ་གཅིག་གིས་རྟོགས་པའོ། །དེ་ལ་དང་པོའི་དབང་དུ་བྱས་ནས་བསྟན་བཅོས་ལས། སྦྱིན་ལ་སོགས་པ་རེ་རེས་ཀྱང༌། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པར་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་ཅིག་ཅར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། །སེམས་ཀྱི་སྐད་ཅིག་མ་གཅིག་གིས་


DTG089_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ན་སྦྱིན་པ་ལ་སོགས་པ་རེ་རེས་ཀྱང༌། ཟག་པ་མེད་པའི་ཆོས་ཀུན་བསྡུས་པའི་ཕྱིར་ཏེ། འདྲེན་པའི་ཕྱིར་རོ། །སྐད་ཅིག་མ་གཅིག་པའི་རྟོགས་པ་སྟེ། སེམས་ཀྱི་སྐད་ཅིག་མ་གཅིག་གིས་རྟོགས་པའོ། །འདི་ནི་ཞེས་བྱ་བ་དང་པོའོ། །དེ་ལྟར་ན་ཇི་ལྟར་སྐྱེས་བུས་རྡོག་ཐབས་གཅིག་གིས་བསྐྱོད་པ་ན། ཟོ་ཆུན་གྱི་རྒྱུད་ཐམས་ཅད་ཅིག་ཅར་འགུལ་བ་དེ་བཞིན་དུ། སྦྱིན་པ་ལ་སོགས་པའི་སེམས་དང་ལྡན་པ་ནི། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་ཚོགས་ཅིག་ཅར་འདྲེན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མེད་ལས། རྒྱ་མཚོ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་ཏེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྡུ་བའི་ཕྱིར་དང༌། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང༌། མ་བྲལ་བའི་ཕྱིར་ཟབ་ཅིང་རྒྱ་ཆེ་བ་སྟེ། སྦྱིན་པ་ལ་སོགས་པ་རེ་རེའི་སེམས་ཀྱི་སྐད་ཅིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །དེའི་མུ་མེད་པ་ནི་མུ་མེད་པ་སྟེ། ཟག་པ་མེད་པའི་ཆོས་རྣམས་འདྲེན་པ་ཉིད་དེ། དེ་དག་ཕན་ཚུན་འབྲེལ་པ་ནི་ཡིན་རིང་དུ་ཡོངས་སུ་འདྲེན་པ་ཉིད་ཀྱི་ཕྱིར་རོ། །དེ་རྗེས་སུ་རིག་པར་བྱ་བ་ནི་ཤེས་པར་བྱའོ། །དེ་ཇི་ལྟར་ཞེ་ན། རྒྱ་མཚོ་མུ་མེད་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། ཟབ་ཅིང་རྒྱ་ཆེ་བའི་རྒྱ་མཚོ་ནི་མུ་མེད་དེ། མུ་མེད་པ་ནི་ཅིག་ཅར་ཆུ་བོའི་ཆུ་འདྲེན་པ་དེ་ཉིད་དེ། དེ་དག་ཕན་ཚུན་འདྲེན་པ་ཉིད་ཀྱི་ཕྱིར་རོ། །རྒྱ་མཚོ་མུ་མེད་པའི་དཔེ་དེས་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཟག་པ་མེད་པའི་ཆོས་སེམས་ཀྱི་སྐད་ཅིག་གཅིག་གིས་མངོན་པར་རྟོགས་པ་སྟེ་དང་པོའི། །གཉིས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། དེ་ཡི་སྐད་ཅིག་གཅིག་ཡེ་ཤེས། །ཞེས་བྱ་བ་གསུངས་ཏེ། རྣམ་པར་སྨིན་པ་ལས་སྐྱེས་པའི་ཆོས་ནི་རྣམ་སྨིན་གྱི་ཆོས་སོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེའི་གནས་སྐབས་འདེལ་ཡོད་པ་དེ་ལ་


DTG089_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་དཀར་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དགེ་བའི་ཆོས་ཐམས་ཅད་དང༌། །གང་དག་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་ཐམས་ཅད་འདིས་སྔོན་ངོ་བོ་ཉིད་མེད་པར་བསྒོམས་པས། དེ་དག་ཀྱང་ཕྱིས་རྣམ་པར་སྨིན་པ་ལས་སྐྱེས་པའོ། །དེས་ན་རང་བཞིན་ཉིད་ཀྱིས་དེ་དག་ངོ་བོ་ཉིད་མེད་པར་ཡང་དག་པར་རིག་སྟེ། དེའི་ཕྱིར་དཀར་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །འདི་ལྟ་བུ་དེ་གང་གི་ཚེ་སྐྱེས་པ་ནི་ཕུན་གསུམ་ཚོགས་པ་སྟེ། དེའི་ཚེ་སེམས་ཀྱི་སྐད་ཅིག་མ་གཅིག་གིས་དེ་དག་ཐམས་ཅད་ལ་ལྷུན་གྱིས་གྲུབ་པར་ཤེས་སོ། །ཟག་པ་མེད་པ་ཐམས་ཅད་ལ་འབད་པ་དང་བཅས་པ་འདི་ནི་དང་པོའོ། །ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ལ་ལྷུན་གྱིས་གྲུབ་པ་ནི་གཉིས་པ་སྟེ། དེའི་ཕྱིར་མདོ་ལས། ནམ་མཁའ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གང་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་དང༌། དཀར་པོའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་མུ་མེད་པ་ནི་དེ་དག་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པར་རོ་གཅིག་པའོ། །ལྷུན་གྱིས་གྲུབ་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ཏེ། དེའི་མུ་མེད་པ་ཉིད་དུ་རིག་པར་བྱའོ། །ཇི་ལྟར་ཞེ་ན། ནམ་མཁའ་མུ་མེད་པ་ཉིད་ཀྱི་དཔེས་གསུངས་སོ། །ནམ་མཁའ་ནི་ནམ་མཁའ་སྟེ། དེའི་གཟུགས་ཀྱི་རྫས་ཀྱི་དངོས་པོ་མེད་པར་གཅིག་པའོ། །མུ་མེད་པ་ནི་ལྷུན་གྱིས་གྲུབ་པ་སྟེ། གཡོ་བ་མེད་པའོ། །དེའི་ཕྱིར་གཉི་ག་མུ་མེད་པ་ཇི་ལྟ་བུ་འདི་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དཀར་པོའི་ཆོས་ཐམས་ཅད་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་ནི་གཉིས་པའོ། །གསུངས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། སྦྱིན་ལ་སོགས་པའི་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་བྱ་བ་གསུངས་ཏེ། རྨི་ལམ་ལྟ་བུ་ཞེས་བྱ་བ་ནས། དྲི་ཟའི་གྲོང་ཁྱེར་ཞེས་བྱ་བའི་བར་ནི་ཡུམ་ཆེན་མོ།


DTG089_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པ། བསྟན་བཅོས་ལས། ཚིག་གཅིག་སྨོས་པ་ནི་ཐམས་ཅད་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་དོན་རྣམ་པ་སྣ་ཚོགས་པའི་མཚན་ཉིད་ཀྱིས་སོ། །འདི་དག་སོ་སོར་སྣང་བ་ནི་ཇི་ལྟ་བུའི་མཚན་ཉིད་མེད་པའི་ཕྱིར་མཚན་ཉིད་མེད་པའོ། །དེས་ན་སྒྱུ་མ་ལྟ་བུ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་མཚན་ཉིད་མེད་པ་ལ་གནས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང༌། ཆོས་ཐམས་ཅད་མཚན་ཉིད་མེད་པར་སྐད་ཅིག་མ་གཅིག་གིས་རྟོགས་ཤིང་ཤེས་ཏེ། ཁམས་ཀྱི་དོན་ནི་སྣ་ཚོགས་པ་ཉིད་ཀྱིས་ན་རྟོགས་པའི་དོན་ནི་ཤེས་པ་ལ་འཇུག་གོ །འདི་ལྟར་རི་རབ་སྣ་ཚོགས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་དུ་རྗེས་སུ་རིག་པར་བྱའོ། །སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་མཚན་ཉིད་མེད་པར་གང་རོ་གཅིག་པར་ཤེས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ཕྱིར་རོ་གཅིག་པ་ཡིན་ཡང་གང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྣམ་པ་སྣ་ཚོགས་སུ་སྣང་བ་འདི་ནི་རི་རབ་སྣ་ཚོགས་པ་ཉིད་ཀྱི་དཔེས་རིག་པར་བྱའོ། །ཇི་ལྟར་ནམ་མཁའ་གཟུགས་མེད་པའི་ཕྱིར་ཡོད་པ་མ་ཡིན་ཡང༌། རི་རབ་ཀྱི་རྣམ་པ་སྣ་ཚོགས་སུ་བསྟན་ཏེ། རི་རབ་ཀྱི་ལོགས་བཞིའི་ཁ་དོག་གི་ཕྱོགས་ཀྱང་དེ་དང་འདྲ་བའི་ཁ་དོག་ཏུ་སྣང་སྟེ། དེ་ནི་དེ་བཞིན་ནོ། །ཆོས་ཐམས་ཅད་མཚན་ཉིད་མེད་པར་སེམས་ཀྱི་སྐད་ཅིག་གཅིག་གིས་མངོན་པར་རྟོགས་པ་ནི་གསུམ་པའོ། །བཞི་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང༌། །ཞེས་བྱ་བ་གསུངས་ཏེ། གསུམ་པ་ལ་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུའི་རྣམ་པར་སོ་སོར་སྣང་བའོ། །བཞི་པ་ལ་ནི་དེ་དག་ནུབ་པའི་ཕྱིར། སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་དང་འདྲ་བར་བསླད་པ་ཐམས་ཅད་དང་བྲལ་བའོ། །དེ་ལ་རྨི་ལམ་དུ་མཐོང་བ་ནི་མི་དང་གླང་པོ་དང༌། རྟ་ལ་སོགས་པ་སྟེ། རྨི་ལམ་མོ། །དེ་མཐོང་བ་ནི་བདག་ཉིད་ཀྱིས་སོ། །དེ་དག་ནུབ་པའི་ཕྱིར་གང་དེ་དག་མི་མཐོང་བ་ནི་གཉིས་ཀྱི་ཚུལ་དུ་ཐ་དད་པ་མེད་པའོ། །དེ་ནི་གཟུང་བ་དང་འཛིན་པ་གཉིས་


DTG089_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྟོང་པ་སྟེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དོན་དམ་པ་སྐད་ཅིག་མ་གཅིག་གིས་མཐོང་བའོ། །དེ་ཉིད་གཟུགས་མུ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་བཞི་པའོ། །དེའི་མུ་མེད་པ་ཉིད་ནི་ཆོས་ཐམས་ཅད་དོན་དམ་པ་དྲི་མ་མེད་པའི་ནམ་མཁའ་ཁོ་ན་ལྟར་དེས་ཡང་དག་པར་རིག་པས་ན། དེ་རིག་པར་བྱའོ། །ཇི་ལྟར་ཞེ་ན། གཟུགས་ལ་སོགས་པ་མུ་མེད་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །ཇི་ལྟར་དེ་དག་མུ་མེད་པ་ཡིན་ཞེ་ན། གཉིས་སུ་སྣང་བ་ནུབ་པའི་ཕྱིར་ཏེ། ཇི་སྲིད་དུ་འདི་མུ་ཡོད་པ་དེ་སྲིད་དུ་ནི་གཞན་གྱི་མཚན་མ་ཉིད་ཡིན་པའི་ཕྱིར་རོ། །གཟུགས་དང་དེའི་འཛིན་པ་དག་ནུབ་ཀྱང་མུ་མེད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་ཅེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟ་མོད་ཀྱི་འོན་ཀྱང་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་གསུངས་པས་སོ། །དེ་ལྟ་མོད་ཀྱི་འཛིན་པ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དེར་ཡང་ཕུང་པོ་ཉིད་བསྡུས་པའི་ཕྱིར་ཏེ། སྣང་བ་མེད་པར་འཛིན་པའི་བདག་མི་རིགས་པའི་ཕྱིར་རོ། །ཆོས་ཐམས་ཅད་གཉིས་སུ་མེད་པར་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་ནི་བཞི་པའོ། །སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་སྟེ་བདུན་པའོ། །

སྐབས་བརྒྱད་པ། ཆོས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པ་བརྗོད་པ།


DTG089_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པ་བརྒྱད་པ་ནི་ཆོས་ཀྱི་སྐུའོ། །དེའི་དངོས་པོ་ཡང་བཞི་སྟེ། སྐུ་གསུམ་དང་མཛད་པའོ། །དེ་ལྟར་སྔར། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་ནི་སྤྲུལ་བ་དང༌། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གང་གསུངས་པའོ། །ཆོས་ནི་ལམ་སྟེ། དེ་ཡང་འདིར་ཁྱད་པར་དུ་འགྲོ་བའི་ཕྱིར། སྐབས་ཀྱི་མངོན་པར་རྟོགས་པ་བདུན་གྱི་མཚན་ཉིད་དོ། །དེ་ན་ཆོས་ཀྱིས་ཐོབ་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། སྐུ་ནི་ལུས་སོ། །སངས་རྒྱས་རྣམས་ཀྱི་ལུས་གསུམ་ནི་སྐུ་གསུམ་མོ། །བཅོམ་ལྡན་འདས་ཡུམ་ཆེན་མོ་ལས་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་དགྲ་


DTG089_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་རིག་པར་བྱའོ། །གཞན་ཡང་ཆོས་དེ་དག་ཉིད་རྟོགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོས་བརྒྱན་པའི་སྐུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པའི་མཆོག་གི་ཆོས་བླ་ན་མེད་པའི་དགའ་བ་དང༌། བདེ་བ་དང༌། རབ་ཏུ་དགའ་བའི་བདེ་བ་ལ་ལོངས་སྤྱད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །གཞན་ཡང་ཆོས་དེ་དག་ཉིད་རྟོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱི་སྤྲིན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་དུས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་དོན་མཛད་དོ་ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུང་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་གསུངས་སོ། །དེ་བས་ན་སྐུ་གསུམ་དང༌། མཛད་པའི་དབྱེ་བས་རྣམ་པ་བཞི་ནི་ཆོས་ཀྱི་སྐུ་བསྟན་ཏེ། དེ་ལ་ངོ་བོ་ཉིད་ནི་རང་བཞིན་ཏེ་ངོ་བོ་ཉིད་ཁོ་ན་ངོ་བོ་ཉིད་དོ། །ཡང་ན་དེ་ཉིད་ལ་ངོ་བོ་ཉིད་དུ་འགྱུར་བའི་རྣམ་པར་དག་པ་རབ་ཀྱི་མཐར་ཕྱིན་པ་ནི་ངོ་བོ་ཉིད་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་དོན་དུ་འགྱུར་བ་ཡིན་པས། ལོངས་སྤྱོད་རྫོགས་བཅས་སོ། །སྤྲུལ་པ་ནི་སྤྲུལ་པའོ། །དེར་གྲུབ་པའི་སྐུ་ནི་སྤྲུལ་པ་ཉིད་དོ། །དེ་ལ་ངོ་བོ་ཉིད་ཀྱི་སྐུའི་དབང་དུ་བྱས་ནས། བསྟན་བཅོས་ལས། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་སྐུན་དུ། །རྣམ་པར་དག་གྱུར་གང་དག་ཡིན། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་བྱ་བ་གསུངས་ཏེ། དེ་དག་གི་རང་བཞིན་ནི་ཆོས་ཉིད་དེ། ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ནི་དེ་བཞིན་གཤེགས་པ་མ་ཡིན་ཏེ། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་ཏེ།


DTG089_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་སངས་རྒྱས་ཀྱིས་ནི་རྣམ་པ་ལྔས་བསྡུས་ཏེ། ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང༌། བྱ་བ་ནན་ཏན་གྱི་ཡེ་ཤེས་ཡིན་ནོ་ཞེས་གསུངས་སོ་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་སྟེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང༌། ཆོས་ཉིད་ཐ་དད་པ་གང་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས་ཉི་མའི་འོད་ཟེར་གྱི་དཀྱིལ་འཁོར་མུ་མེད་པར་སྣང་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་ལ། སྐྲག་པ་ཉིད་ལ་སོགས་པའི་སྐྱོན་ཐམས་ཅད་སྤངས་པ་ནི་ཤེལ་དག་པ་ལྟ་བུའོ། །དེ་ལ་ཟླ་བ་དང༌། ཉི་མ་དག་ལས་གཞན་པ་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་སྐུའི་དཔེའོ། །ཟླ་བ་དང༌། ཉི་མ་ཤེལ་སྒོང་དག་པ་ལྟ་བུ་དེ་དག་པས་འདི་ལྷག་པ་ཡིན་ཏེ། གང་གི་ཕྱིར་ཕྱོགས་བཅུར་འོད་ཟེར་གྱི་དྲ་བ་སྤྲོས་པ་དེས་ཤེས་བྱའི་ཡུལ་མཐའ་ཡས་པ་དག་ལ་ཤེས་པ་མཐའ་ཡས་པ་སྐྱེད་པའི་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུའི་དཔེའོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཆོས་ཀྱི་སྐུ་ཞེས་ཀྱང་བརྗོད་དེ། གང་གི་ཕྱིར་ཆོས་མཐའ་ཡས་པ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་འདིར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལས་སྐྱེས་བའི་ཡེ་ཤེས་མཐའ་ཡས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཉི་མའི་འོད་ཟེར་གྱི་དཀྱིལ་འཁོར་སྣང་བའི་དཔེས་དེ་ནི་ཤེས་བྱ་མུ་མེད་པ་ལ་སྣང་བར་རིག་པར་བྱའོ། །དེ་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དག་པ་ནི་ཆོས་ཀྱི་དབྱིངས་ཏེ། ཉི་མ་དང་འདྲའོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཉི་མའི་འོད་ཟེར་གྱི་དཀྱིལ་འཁོར་དང་འདྲའོ། །གང་དེས་མུ་མེད་པར་སྣང་བ་དེ་ལ་འོད་ཟེར་གྱི་དཀྱིལ་འཁོར་མུ་མེད་པར་སྣང་བ་དང་འདྲའོ། །དེ་ལ་འདིས་ནི་སངས་རྒྱས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱི་སྐུའོ། །དེ་ཡང་ཤེས་བྱ་ཐམས་ཅད་ལ་ཤེས་པ་དབང་དུ་བྱ་བ་དང༌། དེ་ཉིད་སེམས་ཅན་གྱི་དོན་དབང་དུ་བྱེད་པ་


DTG089_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཁྱབ་པར་བྱེད་པ་དང༌། རྟག་པ་ཉིད་ཀྱི་དབང་དུ་བྱས་ནས། བསྟན་བཅོས་ལས། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་འགྱུར་བ། །དེ་དང་དེ་ལ་དེ་སྣང་དེ། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུའོ། །སྣང་ངོ་ཞེས་བྱ་བ་ནི་སྤྲུལ་པ་སྟེ་བསོད་ནམས་ལས་སོ། །གང་དང་གང་ཞེས་བྱ་བ་ནི་དེ་དང་དེ་དག་ཅེས་བྱ་བར་རྟོགས་པར་བྱ་བའོ། །དེ་དང་དེ་ཞེས་བྱ་བས་ནི་ཕན་པར་བྱེད་པ་ཞེས་དོན་གྱིས་རྟོགས་པར་བྱའོ། །ཅིའི་ཕྱིར་དེ་དང་དེ་ལ་ཞེས་གསུངས་ཤེ་ན། ལྷའི་རྒྱལ་པོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཛད་པ་རྒྱ་ཆེ་བ་ནི་སྐལ་བ་དང་ལྡན་པ་ཐམས་ཅད་ལ་མཛད་པའོ། །དེ་ཉིད་ཀྱི་མཛད་པ་སྟེ། འདི་ཉིད་ནི་ཉིད་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ནི་བརྗོད་པར་བྱ་བ་མང་དུ་ཡོད་དེ་དེ་ལ་ལོངས་སྤྱོད་རྫོགས་པའི་དབང་དུ་བྱས་ནས། སྒྲ་ཐམས་ཅད་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་ཏེ། སྟོན་པས་བསྟན་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉན་ཏེ། ཐེག་པ་མཆོག་གི་ཆོས་ཡང་དག་པར་རྟོགས་པ་གང་ཡིན་པ་དེ་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལོངས་སྤྱོད་རྫོགས་པ་སྟེ། ལོངས་སྤྱོད་རྫོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་མཁས་པ་རྣམས་ཀྱི་ཡིད་བདེ་བའི་མཚན་ཉིད་ཆུང་དུ་དང༌། འབྲིང་དང༌། ཆེན་པོ་སྟེ། དགའ་བ་དང༌། བདེ་བ་དང༌། རབ་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་དེ་ནི་དངོས་ཀྱི་ལོངས་སྤྱོད་རྫོགས་པའོ། །དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མུ་མེད་པར་རྗེས་སུ་རིག་པར་བྱའོ། །ཇི་ལྟར་ཞེ་ན། སྒྲ་ཐམས་ཅད་མུ་མེད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་གསུམ་པའོ། །གང་གི་ཕྱིར་ལོངས་སྤྱོད་རྫོགས་པ་དེ་གཉིས་དང་གོ་རིམས་བཞིན་དུ་མུ་མེད་པར་སྟོན་པའི་སྒྲ་དང༌།


DTG089_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པར་སྦྱར་རོ། །ཐམས་ཅད་ཅེས་ཅིའི་ཕྱིར་སྨེས་ཤེ་ན་གདུལ་བྱ་རྣམས་སྣ་ཚོགས་པ་ཐམས་ཅད་ལ་སྣང་བའི་ཕྱིར་རོ། །ཇི་ལྟར་མུ་མེད་པ་ཡིན་ཞེ་ན། མཐའ་མ་མེད་པར་སྐུ་དེས་སྟོན་པ་ལ་དུས་ཚད་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཡང་དག་པའི་བྱང་ཆུབ་ཀྱང་མུ་མེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་སོ། །ཇི་སྐད་དུ་སྟོན་པ་ཉིད་ཀྱིས་ཐེག་པ་ཆེན་པོའི་མཆོག་ཡང་དག་པར་རྟགས་པ་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་སོ། །དེའི་མུ་མེད་པ་ནི་དེའི་རྒྱུ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཡང་དག་པར་སྒྲུབ་པ་མུ་མེད་པ་ཞེས་བྱ་བའི་དོན་ཏོ། །ཆོས་དེ་ཡང་བཅོམ་ལྡན་འདས་ཡུམ་ཆེན་མོ་ལས་གསུངས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། རྣམ་པར་ཐར་པ་བརྒྱད་དང༌། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། ཟད་པར་གྱི་སྐྱེ་མཆེད་བཅུ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང༌། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང༌། སྨོན་ནས་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང༌། དབང་བཅུ་དང༌། སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། བསྲུང་བ་མེད་པ་གསུམ་དང༌། དྲན་པ་ཉེ་བར་གཞག་པ་གསུམ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། ཐུགས་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་ཕྱིར་བསྟན་བཅོས་ལས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བ་རྣམ་བརྒྱད་དང༌། །ཉོན་མོངས་མེད་པར་སྨོན་མཁྱེན་དང༌། །མངོན་ཤེས་སོ་སོར་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་མེད་


DTG089_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་གསུམ་དང༌། །དྲན་པ་ཉེར་གཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའ་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་ཕྱོགས་དང་ཚད་མེད་པ་ཞེས་ཟླས་དབྱེ་བར་བྱའོ། །མཐར་གྱིས་ཞེས་བྱ་བ་ནི་འོག་མ་དང་སྦྱར་བར་བྱའོ། །བསྲུང་བ་མེད་པ་ཞེས་བྱ་བ་མ་ཡིན་པ་ལས་བསྲུང་བའི་ཕྱིར། བསྲུང་བ་མེད་པ་ཞེས་བྱ་བའི་དོན་ཏེ་རྣམ་པ་གསུམ་མོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་ཆོས་ཀྱི་ཚོགས་སོ། །སྐབས་ཇི་ལྟ་བ་བཞིན་དུ་བདག་གིས་མང་དུ་བཤད་དེ་ལྷག་མ་ཡང་བདག་གིས་བཤད་པར་བྱའོ། །རྣམ་པར་ཐར་པ་བརྒྱད་ཅེས་བྱ་བ་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་ཁ་དོག་བཟང་བ་དང༌། ཁ་དོག་ངན་པ་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་སྔ་མ་བཞིན་ཏེ་འདི་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་བ་ལུས་ཀྱིས་མངོན་སུམ་དུ་བྱས་ཤིང་རྫོགས་པར་བྱས་ནས་གནས་པ་འདི་ནི་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་དང༌། འདུ་ཤེས་དང༌། ཚོར་བ་འགོག་པ་ཞེས་བྱ་བ་དང་བརྒྱད་དེ། འདི་དག་གིས་སྒྲིབ་པ་ལས་རྣམ་པར་གྲོལ་བས་ན་རྣམ་པར་ཐར་པའོ། །དེ་ལ་གསུམ་ནི་མྱ་ངན་ལས་འདས་པ་ལ་སྒྲིབ་པ་ལས་རྣམ་པར་ཐར་པའོ། །ལྷག་མ་ནི་ཞི་བར་གནས་པ་ལ་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་ཐར་པའོ། །ཡང་གསུམ་ནི་གཟུགས་ཅན་ནོ། །ལྔ་ནི་གཟུགས་ཅན་མ་ཡིན་པའོ། །བརྒྱད་པ་ནི་སྒྲིབ་པ་རབ་ཏུ་ཞི་པའོ། །གཟུགས་ཅན་ནི་བདག་ལ་གཟུགས་སུ་འདུ་ཤེས་པའོ། །ལྟ་བ་ནི་ཡིད་ཀྱིས་མོས་ཤིང་སྤྲུལ་ནས་ལྟ་བའོ། །སྡུག་པའི་རྣམ་པར་ཐར་པ་ནི་སྡུག་པ་དང༌། མི་སྡུག་པའི་གཟུགས་དེ་དག་སྤྲུལ་ནས་མི་བྱེད་པའི་འདུ་ཤེས་ཐོབ་པས་གོ་རིམས་བཞིན་དུ་མཐུན་པ་དང༌། མི་


DTG089_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་སྤང་བའི་ཕྱིར་རོ། །འདུ་ཤེས་དང༌། ཚོར་བ་འགོག་པ་ནི་བརྒྱད་པ་སྟེ། སེམས་དང་སེམས་ལས་འབྱུང་བ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བསྡུས་པ་སྔར་ཀུན་ནས་ལྡང་བ་ལས་དེ་འགོག་པའོ། །དམིགས་པའི་སྒོམ་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་སེམས་ལ་གནས་པའི་ཕྱིར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ། དེ་དག་ནི་བརྒྱད་དོ། །དེ་ལ་དང་པོའི་རྣམ་པར་ཐར་པ་ལས་ནི་གཉིས་སྒྲུབ་པོ། །གཉིས་པ་ལས་ཀྱང་གཉིས་སོ། །གསུམ་པ་ལས་ནི་བཞིའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་ཁ་དོག་ངན་པ་དང༌། ཁ་དོག་བཟང་པོ་དང༌། དམན་པ་དང༌། གྱ་ནོམ་པར་ལྟ་བའོ། །གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཤིང༌། དེ་ལྟར་འདུ་ཤེས་པར་འགྱུར་བ་འདི་ནི་དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ལ་ཁ་དོག་བཟང་པོ་དང་ཁ་དོག་ངན་པར་ལྟ་ཞིང་དེ་བཞིན་དུ་ཤེས་པར་འགྱུར་པ་འདི་ནི་གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་སོགས་པར་ལྟ་བ་ནི་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ཆེན་པོ་ལ་སོགས་པར་ལྟ་བུ་ནི་བཞི་པའོ། །རྣམ་པར་ཐར་པ་གསུམ་པ་ལས་ནི་བཞི་མངོན་པར་སྒྲུབ་པོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ནི་སྔོན་པོ། །ཁ་དོག་སྔོན་པོ། །སྔོན་པོར་སྟོན་པ། སྔོན་པ་སྣང་བ། དཔེར་ན་ཟར་མའི་མེ་ཏོག་གམ། །ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། །ཁ་དོག་སྔོན་པོ། སྔོན་པོར་སྟོན་པ། སྔོན་པོར་སྣང་བ་དེ་བཞིན་དུ། གཟུགས་དེ་དག་ཀྱང་ཟིལ་གྱིས་མནན་ནས། དེ་ལྟར་འདུ་ཤེས་པར་འགྱུར་ཞིང་ལྟ་བ་འདི་ནི་ལྔ་པའོ། །དེ་བཞིན་དུ་སེར་པོ་ལ་སོགས་པ་ནི་དཔེར་ན་དོང་ཀའི་མི་ཏོག་ཅེས་བྱ་བ་ལ་སོགས་པ་ནི་དྲུག་པའོ། །དེ་བཞིན་དུ་དམར་པོ་ལ་སོགས་པ་ནི་དཔེར་ན་པན་དུ་ཛི་བ་ཀའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ནི་བདུན་པའོ། །དེ་བཞིན་དུ་དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི། དཔེར་ན་སྐར་མ་པ་བ་སངས་ཞེས་བྱ་བ་ལ་སོགས་པ་ལ་བརྒྱད་པའོ། །དེ་ལ་ཆུང་


DTG089_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞེས་བྱ་བ་ནི་སེམས་ཅན་གྱི་གྲངས་སུ་སྟོན་པ་ཡིན་ཏེ། ཚད་ཆུང་བ་ཡིན་པའི་ཕྱིར་རོ། །ཁ་དོག་བཟང་པོ་དང༌། ངན་པ་ནི་སྡུག་བ་དང༌། མི་སྡུག་པ་ཉིད་ཀྱི་ཕྱིར་རོ། །དམན་པ་དང༌། གྱ་ནོམ་པ་ནི་ལྷ་ལ་ཡོད་པ་དང༌། མི་ལ་ཡོད་པའོ། །རྣམ་པར་ཐར་པ་དེ་དག་ལ་མོས་པར་བྱས་ནས། ཟིལ་གྱིས་མནན་པའི་སྐྱེ་མཆེད་ཀྱིས་ཟིལ་གྱིས་གནོན་པར་བྱེད་དོ། །ཡང་དང་ཡང་དུ་མི་མཐོང་ཞིང་མི་སྣང་བར་བྱས་པའི་ཕྱིར་ཟིལ་གྱིས་གནོན་པའོ། །ཤེས་པ་ནི་ཞི་གནས་ཀྱིས་སོ། །མཐོང་བ་ནི་ལྷག་མཐོང་གིས་སོ། །དེ་ལྟར་འདུ་ཤེས་པར་འགྱུར་བ་ནི་མངོན་པའི་ང་རྒྱལ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆེན་པོ་ནི་སེམས་ཅན་མ་ཡིན་པར་སྟོན་པ་སྟེ། དེ་དག་ནི་ཁྱིམ་དང་གཞལ་མེད་ཁང་དང༌། རི་ལ་སོགས་པ་སྟེ། ཚད་ཆེན་པོ་ཡིན་པའི་ཕྱིར་རོ། །སྔོན་པོ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་བཤད་པའོ། །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཁ་དོག་གོ །སྔོན་པོར་སྟོན་པ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ཁ་དོག་གོ །སྔོན་པོར་སྣང་བ་ནི་གཉི་གའི་ཁ་དོག་ཏུ་སྣང་བའོ། །ཨོམ་མ་ཀ་ནི་ཟར་མའོ། །ཀར་མ་ཀ་ནི་དོང་ཀའོ། །བན་དུ་ཛི་བ་ཀ་ནི་པན་དུ་ཀའོ། །པ་བ་སངས་ནི་ཐོར་ས་ཤར་བའི་སྐར་མའོ། །ཟད་པར་བཅུའི་བདག་ཉིད་ཅེས་བྱ་བ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱིས་ཟིལ་གྱིས་མནན་ནས། ས་ལ་སོགས་པ་ཐམས་ཅད་ཀུན་དུ་ཁྱབ་བར་བྱས་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ཅེས་བརྗོད་དོ། །ཁ་ཅིག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ་ནི་ཟད་པར་གྱི་སྐྱེ་མཆེད་དུ་བརྗོད་དོ། །ཁ་ཅིག་ནི་ས་ལ་སོགས་པ་དག་གིས་ཁྱད་པར་དུ་སྟོན་ཏེ། ཟད་པར་ས་དང༌། ཟད་པར་ས་དང༌། ཟད་པར་མེ་དང༌། ཟད་པར་རླུང་དང༌། ཟད་པར་སྔོན་པོ་དང༌། ཟད་པར་སེར་པོ་དང༌། ཟད་པར་དམར་པོ་དང༌། ཟད་པར་དཀར་པོ་དང༌། ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །རྣམ་པ་ཐམས་ཅད་དག་པ་བཞི་ཞེས་བྱ་བ་ནི་རྟེན་ཡོངས་སུ་དག་པ་དང༌། དམིགས་པ་ཡོངས་སུ་དག་པ་དང༌། ཐུགས་ཡོངས་སུ་དག་པ་དང༌། ཡེ་ཤེས་ཡོངས་སུ་དག་པའོ། །དེ་ལ་བག་ཆགས་དང་བཅས་པའི་ཉོན་མོངས་པའི་


DTG089_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རྣམས་ཀྱི་གནས་ངན་ལེན་རྟེན་ལས་གཏན་དུ་བྲལ་ཞིང་རང་གི་བདག་ཉིད་ཀྱི་དངོས་པོ་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་དང༌། གནག་དུ་གནས་པ་དང་འཆི་འཕོ་ལ་དབང་བསྒྱུར་བའི་རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་རྟེན་ཡོངས་སུ་དག་པའོ། །སྤྲུལ་པ་དང༌། ཡོངས་སུ་བསྒྱུར་བ་དང༌། དམིགས་པ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་དབང་བསྒྱུར་བ་ནི་དམིགས་པ་ཡོངས་སུ་དག་པའོ། །སྔ་མ་བཞིན་དུ་སེམས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས། སེམས་ལ་རྣམ་པ་ཐམས་ཅད་དུ་དགེ་བའི་རྩ་བ་འཕེལ་བ་ནི། རྣམ་པ་ཐམས་ཅད་དུ་ཐུགས་ཡོངས་སུ་དག་པའོ། །སྔ་མ་བཞིན་དུ་མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་པས་ཤེས་པ་དང་ཤེས་བྱ་ཐམས་ཅད་ལ་དབང་བསྒྱུར་བ་ནི་རྣམ་པ་ཐམས་ཅད་ཀྱི་ཡེ་ཤེས་ཡོངས་སུ་དག་པའོ། །དབང་བཅུ་ནི་བཅུ་ལ་དབང་བ་སྟེ། ཚེ་ལ་དབང་བ་ནི་ཇི་ལྟར་འདོད་པར་ཚེ་ལ་གནས་པ་དང་སྤང་བ་ལའོ། །སེམས་ལ་དབང་བ་ནི་ཇི་ལྟར་འདོད་པར་བསམ་གཏན་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །ཡོ་བྱད་ལ་དབང་བ་ནི་ཇི་ལྟར་འདོད་བར་འཚོག་ཆས་ཉེ་བར་གནས་པར་བྱེད་པའི་ཕྱིར་རོ། །ལས་ལ་དབང་བ་ནི་ཇི་ལྟར་འདོད་པར་ལུས་དང་ངག་གི་ལས་གྲུབ་པའོ། །སྐྱེ་བ་ལ་དབང་བ་ནི་ཇི་ལྟར་འདོད་པ་རྣམས་སུ་སྐྱེ་པར་བྱེད་པའོ། །རྫུ་འཕྲུལ་ལ་དབང་བ་ནི་ཇི་ལྟར་འདོད་པའི་མངོན་པར་ཤེས་པའོ། །སྨོན་ལམ་ལ་དབང་བ་ནི་སྨོན་ལམ་ཐམས་ཅད་ཡང་དག་པར་འབྱོར་པའོ། །མོས་པ་ལ་དབང་བ་ནི་གང་ཇི་ལྟར་མོས་པ་དེ་བཞིན་དུ་འགྱུར་བའོ། །ཡེ་ཤེས་ལ་དབང་བ་ནི་གང་ཁོ་ན་ཤེས་པར་འདོད་པ་དེ་ཉིད་ཤེས་པའོ། །ཆོས་ལ་དབང་བ་ནི་མདོ་ལ་སོགས་པ་ཆོས་རྣམ་པར་འཇིག་པ་ལ་མཁས་པའོ། །བསྲུང་བ་མེད་པ་གསུམ་ན་དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་ལ་ཡོངས་སུ་མ་དག་པ་ནི་སྐུའི་སྤྱོད་པ་མི་མངའ་བས། གཞན་ལ་ལས་ཤེས་སུ་འོང་ངོ་ཞེས་བཅས་པའི་དགོངས་པ་གང་ཡང་མི་མངའ་བ་འདི་ནི་བསྲུང་བ་མེད་པ་དང་པོའོ། །དེ་བཞིན་དུ་གསུང་གི་ཕྲིན་ལས་ནི་གཉིས་པའོ། །དེ་བཞིན་དུ་ཐུགས་ཀྱི་ཕྲིན་ལས་ནི་གསུམ་པའོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི་ཇི་ལྟར་


DTG089_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས་གསུངས་པ་བཞིན་ཏེ། དེ་བཞིན་གཤེགས་པས་ཆོས་བསྟན་པ་ན། གཅིག་ཏུ་གུས་པར་ཉན་ཅིང་བརྟུན་ཏེ། བཀའ་སེམས་ལ་ཉེ་བར་འཇོག་ཅིང༌། ཆོས་ཀྱི་རྗེས་སུ་ཆོས་ཉེ་བར་སྒྲུབ་པ་ན། དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར་ཐུགས་ཡེང་ཡེང་པོར་མི་འགྱུར་བ་དང༌། གཞན་དག་གུས་པར་མི་ཉེན་ཅིང༌། རྣ་བའི་འདུད་པ་ལ་སོགས་པ་ལ་དེས་དེ་བཞིན་གཤེགས་པ་ཐུགས་ཁོང་ཁྲོ་བར་མི་འགྱུར། མི་བཟོད་པར་མི་འགྱུར། ཐུགས་མི་མཉེས་པར་མི་འགྱུར་བ་དང༌། གཅིག་ཏུ་གུས་པར་ཉན་པ་དང་གཅིག་ཏུ་གུས་པར་མི་ཉན་པ་དེ་དག་ལ་དེས་དེ་བཞིན་གཤེགས་པ་དེ་དག་དགྱེས་པའམ། ཁོང་ཁྲོ་བ་གཉིས་སུ་མི་འགྱུར་བར་ཐམས་ཅད་དུ་དྲན་པ་དང༌། ཤེས་བཞིན་དུ་ལྡན་པས་བཏང་སྙོམས་སུ་བཞུགས་པའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི་སངས་རྒྱས་རྣམས་ཀྱི་སེམས་ཅན་གྱི་དོན་མཛད་པ་ལ་དུས་ལས་མི་འདའ་བ་སྟེ། དེ་ཉིད་ཀྱི་ཕྱིར་འདི་ནི་བྱ་བའི་མཛད་པ་གཞན་མི་མངའ་བར་རིག་པ་ཡིན་ནོ། །བག་ཆགས་ཡང་དག་པར་བཅོམ་པ་ནི་གང་ཉོན་མོངས་པ་སྤངས་ཀྱང་མ་སྤངས་པ་ལྟར་སྤྱོད་པ་དེ་ནི་ཉོན་མོངས་པའི་བག་ཆགས་སོ། །དེ་ཡང་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། དེ་བས་ན་བཅོམ་ལྡན་འདས་ནི་བག་ཆགས་ཡང་དག་པར་བཅོམ་པ་ཞེས་བྱའོ། །ཐུགས་རྗེ་ཆེན་པོ་ནི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་དུས་ཐམས་ཅད་དུ་ཕན་པའི་དགོངས་པས་འཇིག་རྟེན་ལ་ལན་དྲུག་ཏུ་གཟིགས་པ་སྟེ་སུ་ནི་ཉམས། སུ་ནི་འཕེལ་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང༌། ཁྱད་པར་གྱི་དབྱེ་བ་མཐའ་ཡས་པ་མཁྱེན་པ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ནི་འཐབ་པ་དང༌། རྩོད་པ་ལ་སོགས་པའོ། །འདིར་ནི་རྩོད་པའི་རྒྱུའི་ཉོན་མོངས་པ་ལ་ཉོན་མོངས་པ་འདི་དག་གིས་བདག་ལ་དམིགས་ནས་ཉོན་མོངས་པ་སྐྱེ་བར་མི་འགྱུར་བར། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་གང་ཡིན་པ་སྟེ། གང་གི་ཕྱིར་གཞན་དག་གི་གྲོང་ལ་སོགས་པར་འཇུག་པ་ན་བདག་ལ་དམིགས་ནས་དེ་དག་གི་ཉོན་མོངས་པ་མི་སྐྱེ་བ་ནི་ཉན་ཐོས་ལ་ཡང་ཡོད། སངས་རྒྱས་ལ་ཡང་


DTG089_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། དེ་ནི་ཐུན་མོང་ཡིན་ནོ། །དེ་དག་གི་མཛད་པའི་ཁྱད་པར་དེའི་ཏིང་ངེ་འཛིན་དེ་དབང་དུ་བྱས་ནས། བསྟན་བཅོས་ལས། ཉན་ཐོས་ཉོན་མོངས་མེད་པའི་ལྷ། །མི་ཡི་ཉོན་མོངས་སྤོང་ཉིད་དང༌། །རྒྱལ་བའི་གྲོང་སོགས་དེ་དག་གི །ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད། །ཅེས་བྱ་བ་གསུངས་ཏེ། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་ཉོན་མོངས་པའི་རྒྱུ་མཐོང་བ་སྤོང་བར་བྱེད་དེ། ཉོན་མོངས་པ་མངོན་སུམ་དུ་སྤོང་བ་ནི་མ་ཡིན་ནོ། །བདེ་བར་གཤེགས་པས་ནི་སྔར་བཤད་པའི་ཉོན་མོངས་པས་རྒྱུན་བཅད་པའི་ཕྱིར་ཡིན་གྱི་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྱི་སྤྱོད་པ་ལ་སོགས་པ་འདི་ཤེས་པར་བྱའོ་ཞེས་སྨོས་པ་བྱས་ནས་སྙོམས་པར་ཞུགས་ཏེ་ཤེས་པ་བསྐྱེད་པ་དེ་ནི་ཉན་ཐོས་ཀྱི་སྨོན་ནས་ཤེས་པའོ། །དེ་བཞིན་གཤེགས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། །འདྲི་བ་ཀུན་ལེན་འདེབས་པར་བཞེད། །ཅེས་བྱ་བ་གསུངས་ཏེ། ལྷུན་གྱིས་གྲུབ་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཐོགས་པ་མེད་པ་ནི་ཐམས་ཅད་དུ་ཐོགས་པ་མེད་པའི་ཕྱིར་རོ། རྟག་གནས་ནི་རྟག་ཏུ་སེམས་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་རོ། །འདྲི་བ་ཀུན་ལན་འདེབས་པ་ཞེས་བྱ་བ་ནི་དྲིས་པ་ཐམས་ཅད་སེལ་བའོ། །དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུས་རང་གི་ཞིང་ཡོངས་སུ་དག་པར་སྐྱེས་ཏེ། ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་བཞུགས་སོ། །དེ་ཅིའི་ཕྱིར་སངས་རྒྱས་ཀྱི་ཞིང་ཞེས་བྱ་ཞེ་ན། གཙོར་ནི་དེ་ཉིད་དེར་སྐྱེས་པའི་ཕྱིར་རོ། །འཇིག་པ་དང་རབ་ཏུ་འཇིག་པས་ན་འཇིག་རྟེན་ཏེ། སྐྱེ་དགུ་དང་དེའི་སྣོད་དོ། །དེ་བས་ན་འཇིག་རྟེན་གྱི་ཁམས་ནི་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་ནོ། །དེ་ལ་སེམས་ཅན་གྱི་འཇིག་རྟེན་ཡོངས་སུ་དག་པའི་དབང་དུ་བྱས་ནས། སེམས་ཅན་གྱི་ཁམས་ཐམས་ཅད་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་


DTG089_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྨིན་པར་བྱས་པའི་སེམས་ཅན་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་དེར་སྐྱེ་བར་འགྱུར་ཏེ། སྐྱེས་ནས་ཀྱང་གང་གི་ཕྱིར་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྨིན་པར་བྱེད་པ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །ཇི་ལྟར་ཞེ་ན། སེམས་ཅན་གྱི་ཁམས་ཐམས་ཅད་ཅེས་བྱ་གསུངས་ཏེ། གང་སུ་དག་དེར་སྐྱེས་པའི་སེམས་ཅན་དེ་དག་ནི་བྱང་ཆུབ་སེམས་དཔའི་ས་རྣམས་ཐོབ་བ་དག་གོ །དེ་ཐམས་ཅད་ནི་སེམས་ཅན་གྱི་ཁམས་ཏེ་སེམས་ཅན་གྱི་ཚོགས་སོ། །དེའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ནི་མུ་མེད་པས་སོ། །སའི་ཁམས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །དེ་བཞིན་དུ་ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་པ་ལ། དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་ནི་ས་གཞི་ལག་མཐིལ་ལྟར་མཉམ་པ། ཁང་བཟངས་དང༌། སྐྱེད་མོས་ཚལ་དང༌། དཔག་བསམ་གྱི་ཤིང་ལ་སོགས་པ་ཡོ་བྱད་དང་གནས་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བའི་རང་བཞིན་འཇིག་རྟེན་གྱི་ཁམས་གཞན་དུ་མ་དག་ཏུ་ཡང་འོད་ཟེར་ཆེན་པོ་རབ་ཏུ་འཕྲོ་བར་བྱེད་ལ། སྟེང་གི་ནམ་མཁའ་ལ་ཡང་རྗེས་སུ་མཐུན་པར་སྣང་བ་ཡིན་ནོ། །སེམས་ཅན་ཡང་ཁམས་དྲུག་པ་སྟེ། དགེ་སློང་དག་སྐྱེས་བུ་འདི་དག་ནི་ཁམས་དྲུག་པ་ཅན་ནོ་ཞེས་བྱ་བའི་ཚིག་གིས་སོ། །དེའི་ཕྱིར་དེ་དག་གི་ལུས་ཀྱང་གཟི་བརྗིད་དང་ལྡན་པ་དང༌། འོད་ཀྱི་དཀྱིལ་འཁོར་ས་གཞི་དང༌། རྗེས་སུ་མཐུན་པའི་ཁ་དོག་དང༌། དབྱིབས་དང་དེ་ན་གནས་པའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང༌། ཀུན་སྤྱོད་པ་ཡང་ལྟ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ་གང་དག་གི་ལོངས་སྤྱོད་གཅིག་ཏུ་བཟང་བ་དང༌། གཅིག་ཏུ་བདེ་བ་དང༌། གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་དང༌། གཅིག་ཏུ་དབང་བསྒྱུར་བའོ། །འདི་ལྟ་བུའི་ཁམས་དྲུག་ཡོངས་སུ་དག་པ་མུ་མེད་པ་ནི་མཚམས་ཆད་པ་མེད་པ་ཉིད་ཀྱི་ཕྱིར་དང༌། མངོན་པར་སྤངས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་


DTG089_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མུ་མེད་པས་དེའི་རྒྱུར་གྱུར་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་སོང་ནས། དེ་ན་གནས་པའི་སེམས་ཅན་གྱི་མི་དགེ་བ་བསགས་པ་དང༌། དེའི་གཉེན་པོ་དགེ་བ་བསགས་པ་ཡང་རབ་ཏུ་ཤེས་ཏེ། དེ་དག་ཚད་མེད་པས་དེ་དག་ཡོངས་སུ་གཅོད་པར་བྱེད་པའི་ཤེས་རབ་ཀྱང་ཚད་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་འདི་ཉིད་དགེ་བ་དང་མི་དགེ་བའི་ཆོས་བསགས་པ་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་དེ་དག་ལ་དགེ་བའི་ཆོས་ཇི་སྙེད་པའི་ཕྱིར་ཆོས་སྟོན་པར་བྱེད་དེ། དེ་ནི་ཆོས་ཐམས་ཅད་བསགས་པ་སྟེ། དེ་ཚད་མེད་པས་དེ་དག་འཇོག་པར་བྱེད་པའི་ཤེས་རབ་དེ་དག་ཀྱང་ཚད་མེད་པར་རིག་པར་བྱ་སྟེ། འདི་ནི་ཆོས་ཐམས་ཅད་བསགས་པ་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་ཏིང་ངེ་འཛིན་མུ་མེད་པ་ཐོབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་གསུངས་པ་ལ། ཆོས་ནི་གཟུངས་རྣམས་སོ། །ཏིང་ངེ་འཛིན་ནི་སེམས་གནས་པའོ། །ཆོས་དང་ཏིང་ངེ་འཛིན་ནི་ཆོས་ཀྱི་ཏིང་ངེ་འཛིན་ཏེ། དེ་དག་མུ་མེད་པའོ། །དེ་ཐོབ་པ་ནི་དེ་རྙེད་པའོ། །གང་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོབ་བས་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་པ་ལ། དེ་ལ་སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུའོ། །དེ་དག་མུ་མེད་པ་ནི་ཡོངས་སུ་བཅད་དུ་མེད་པའོ། །གང་གིས་ཡོངས་སུ་བཅད་དུ་མེད་ཅེ་ན་མཉམ་པ་སྟེ། དེ་བཞིན་གཤེགས་པ་


DTG089_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་པ་དེ་ལྟ་བུ་མེད་པའི་ཕྱིར་རོ། །དེས་ན་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་ཉིད་ཀྱང་མུ་མེད་པར་རིག་པར་བྱ་སྟེ། གང་གིས་དེ་དག་གི་རྒྱུ་ཐམས་ཅད་ཡང་དག་པར་ཤེས་པ་དང༌། ཡང་དག་པར་གྲུབ་པའོ། །དེའི་ཕྱིར་བསྟན་བཅོས་ལས། མཚན་ནི་སུམ་ཅུ་ཙ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་བྱ་བ་གསུངས་ཏེ། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཞེས་བྱ་བའི་ཚིག་གིས་ནི། །ལོངས་སྤྱོད་རྫོགས་པའི་སྐུ་གསུངས་སོ། །དེ་ལ་དང་པོའི་ལྔ་ནི་དབང་པོའི་རྡོ་རྗེའི་མཚན་ཉིད་དོ། །ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཅན། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང༌། །ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡའི་འདྲ་ཕྱག་རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང༌། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་བའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང༌། །སྐུ་ནི་ཉ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་ཡར་འཕགས་ལྗགས་རིང་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟངས་དང༌། །གྲངས་ནི་བཞི་བཅུ་ཐམ་པར་ཚང་བ་དང༌། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་བྱ་བ་གསུངས་ཏེ། ཞབས་ནི་རྐང་པའོ། །འདི་ལ་འཁོར་ལོས་མཚན་པའི་ཕྱག་དང༌། ཞབས་ཡོ་པས་ན་ཕྱག་དང་ཞབས་འཁོར་ལོའི་མཚན་ནོ། །འདི་ཞབས་རུ་སྦལ་ལྟར་ཤིན་ཏུ་གནས་པ་ཡོད་པའི་ཕྱིར་རུས་སྦལ་ཞབས་སོ། །དེ་དག་ནི་ལས་འཛིན་པའི་བསྡུ་བའོ། །འདི་ལ་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་བ་ཡོད་པས་ན། ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བའོ། །


DTG089_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཅན། །འདི་ཞེས་བྱ་བ་འོག་མ་དང་སྦྱར་རོ། །འདེ་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །ཞེས་བྱ་བ་ནི་མཚོན་པའི་གསུམ་པའོ། །སྐུ་ནི་རྟེན་ནོ། །བདུན་མཐོ་བས་མཚོན་པའི་སྐུ་ཞེས་བྱ་བའི་དོན་ཏོ། །འདི་དག་གིས་ནི་མཚན་ལྔ་བསྟན་ཏེ་ཕྱག་དང་ཞབས་འཁོར་ལོས་མཚན་པ་དང་ཞབས་ཤིན་ཏུ་གནས་པ་དང༌། ཕྱག་དང་ཞབས་དྲ་བར་འབྲེལ་བ་དང༌། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང༌། བདུན་མཐོ་བའོ། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང༌། །ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡའི་འདྲ་ཕྱག་རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །ཅེས་བྱ་བ་ལ་སོར་མོ་རིང་བ་དང༌། རྟིང་པ་ཡངས་པ་ཞེས་བྱ་བ་ནི་གཅིག་ཏུ་བསྡུ་བའི་ཟླས་དབྱེའོ། །སྐུ་དྲང་ཞེས་བྱ་བ་ནི་སྐུ་ཆེ་བ་དང་དྲང་བའོ། །ཞབས་ལོང་བུ་མི་མངོན་པ་ཡང་ཡིན་ལ། སྤུ་གྱེན་དུ་ཕྱོགས་པ་ཡིན་པས། ཞབས་ལོང་མི་མངོན་གྱེན་དུ་ཕྱོགས་པ་སྟེ། ལོང་བུ་དང་པུས་མོའི་ལྷ་ང་མཛེས་པར་མི་མངོན་པ་ནི་མི་མངོན་པའོ། །དེའི་ཕྱིར་ཨུང་གི་སྒྲ་ནི་ཁྱད་པར་དང་མི་མངོན་པའི་དོན་ཏོ། །དུང་གི་སྒྲ་ནི་པུས་མོའི་ལྷ་ང་དང༌། ལོང་བུའི་རུས་པའི་དོན་ཏེ། བརླའི་རྩ་བ་མན་ཆད་ཀུན་ལ་ཞབས་ཞེས་རྟོགས་པར་བྱའོ། །འདི་ལ་མདོམས་ཀྱི་སྦ་བ་མཆོག་ཏུ་ནུབ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་མཚན་བརྒྱད་བསྟན་ཏེ། སོར་མོ་རིང་བ་དང༌། རྟིང་བ་ཡངས་པ་དང༌། སྐུ་ཆེ་ཞིང་དྲང་བ་དང༌། ཞབས་ཀྱི་ལོང་བུ་མི་མངོན་པ་དང༌། སྦུ་གྱེན་དུ་ཕྱོགས་པ་དང༌། །བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་དང༌། ཕྱག་དང་བརླ་ཞིང་གྲིམས་པ་དང༌། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའོ། །པགས་པ་གསེར་མདོག་པགས་པ་སྲབ་པ་དང༌། །སྤུ་ནི་རེ་རེ་ནས་གྱས་ལེགས་འཁྲུངས་དང༌། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ལ་དཔུང་པ་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་སྟོད་སེང་གེ་འདྲ་བ་ནི་རོ་སྟོད་སེང་གེ་དང་འདྲ་བའོ། །མགོ་ཟླུམ་པ་ཞེས་བྱ་བ་ནི་མི་ཟླུམ་པ་མ་ཡིན་ཏེ། མགུར་མ་བྱང་ཞིང་ཀུན་ནས་ཟླུམ་པ་ཉིད་ཀྱི་ཕྱིར་རོ། །ཐལ་གོང་དག་གི་བར་ནི་དབུས་ཏེ་བྲང་ངོ༌། །


DTG089_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱས་པ་འདི་ལ་ཡོད་པས་ཐལ་གོང་རྒྱས་པའོ། །འདིར་ནི་མཚན་སུམ་ཅུ་བསྟན་ཏེ། པགས་པ་མདོག་གསེར་ལྟ་བུ་དང༌། པགས་པ་སྲབ་པ་དང༌། སྤུ་རེ་རེ་ནས་གཡས་སུ་ལེགས་པར་འཁྲུངས་པ་དང༌། ཞལ་མཛོད་སྤུས་བརྒྱན་པ་དང༌། རོ་སྟོད་སེང་གེའི་འདྲ་བ་དང༌། དཔུང་མགོ་ཟླུམ་པ་དང༌། ཐལ་གོང་རྒྱས་པའོ། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང༌། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་ཡར་འཕགས་ལྗགས་རིང་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟངས་དང༌། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང༌། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་མཆོག་སུམ་ཅུ་རྩ་གཉིས་མཚན། །ཞེས་བྱ་བ་ལ། ཚིགས་སུ་བཅད་པ་གཉིས་པོ་འདིས་ནི་མཚན་སུམ་ཅུ་རྩ་གཉིས་བསྟན་ཏེ། རོ་བྲོ་བའི་མཆོག་ཉིད་དང༌། ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང༌། གཙུག་ཏོར་གྱེན་དུ་འཕགས་པ་ཉིད་དང༌། ལྗགས་རིང་ཞིང་མཛེས་པ་ཉིད་དང༌། ཚངས་པའི་དབྱངས་ཉིད་དང༌། འགྲམ་པ་སེང་གེའི་འདྲ་བ་ཉིད་དང༌། ཐེམས་ཤིན་ཏུ་དཀར་བ་ཉིད་དང༌། ཚེམས་མཉམ་པ་ཉིད་དང༌། ཚེམས་ཐགས་བཟང་བ་ཉིད་དང༌། ཚེམས་བཞི་བཅུ་ཚང་བ་ཉིད་དང༌། སྤྱན་མཐོན་མཐོང་ཉིད་དང༌། སྤྱན་གྱི་རྫི་མ་བའི་ལྟ་བུ་ཉིད་དང༌། བ་མཆོག་ནི་བེའུ་གཞོན་ནུའོ། །ཡང་ན་བ་མཆོག་ནི་ཁྱུ་མཆོག་གོ །འདི་ཐམས་ཅད་གཅིག་ཏུ་བྱས་པས་ནི་མཚན་སུམ་ཅུ་རྩ་གཉིས་བསྟན་ཏོ། །འདི་དག་གིས་བཤད་པ་དང༌། རྒྱུ་དང༌། སྔ་ལྟས་དང༌། ཆོས་ཀྱི་སྦྱིན་པ་ནི་མདོ་ཇི་ལྟ་བ་བཞིན་ཏེ། འདི་ལ་མཚན་ཉིད་གང་གང་གི །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །འདིར་གང་གི་མཚན་གང་གི་རྒྱུ་གང་སྒྲུབ་པར་བྱེད་པ་དེ་དང༌། དེ་ནི་རབ་ཏུ་རྫོགས་པས་ཐོབ་པའི་མཚན་ཉིད་དེ། འདི་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཡང་གང་གི་རྒྱུ་གང་ཡིན་ཞེ་ན། བླ་མ་སྐྱེལ་ལ་སོགས་པ་དང༌། །ཡང་དག་བླངས་ལ་བརྟན་པ་དང༌། །བསྡུ་བརྟེན་དང་གྱ་ནོམ་པའི།།


DTG089_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་སྦྱིན་དང་གསད་བྱ་བ། །ཐར་བར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཞེས་བྱ་བ་ལ་བླ་མ་ལ་བསྐྱལ་བ་དང༌། བསུ་བ་དག་དང༌། ཆོས་མཉན་པ་དང༌། མཆོད་རྟེན་ལ་མེ་ཏོག་གིས་མཆོད་པ་དང༌། བསྐོར་བ་ལ་སོགས་པ་དང༌། གྱོག་འཁོར་ཕུལ་བས་ནི་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཡིན་ནོ། །བསྡུ་བའི་དངོས་པོ་རྣམས་ཀུན་ཏུ་བསྟེན་པས་ནི་ཕྱག་དང་ཞབས་དྲ་བས་འབྲེལ་བ་ཡིན་ནོ། །བཟའ་བ་དང་བཏུང་བ་ལ་སོགས་པ་གྱ་ནོམ་པ་བྱིན་པས་ནི་ཕྱག་དང་ཞབས་གཞོན་ཤ་ཅན་དང་བདུན་མཐོ་བ་ཉིད་དོ། །གསད་པར་བྱ་བ་ཐར་བྱེད་དང༌། །ཞེས་བྱ་བའི་ཚིག་ནི་སོགས་པའི་དོན་ཏོ། །གསད་པ་ཐར་བར་བྱས་པ་དང༌། སྲོག་རྗེས་སུ་གཟུང་བ་བྱས་པ་དང༌། སྲོག་གཅོད་པ་ལས་ལྡོག་པ་ཀུན་དུ་བསྟེན་པས། སོང་མོ་རིང་བ་ཉིད་དང༌། རྟིང་པ་ཡངས་པ་ཉིད་དང༌། སྐུ་ཆེ་ཞིང་དྲང་བ་ཉིད་དོ། །དགེ་བའི་ཆོས་ཡང་དག་པར་བླངས་པ་དང༌། རྣམ་པར་སྤེལ་བས་ན་ཞབས་ཀྱི་ལོང་བུ་མི་མངོན་པ་ཉིད་དང༌། སྤུ་གྱེན་དུ་ཕྱོགས་པ་ཉིད་དོ། །སོགས་པ་ཞེས་བྱ་བ་ནི་དེ་ལ་སོགས་པའོ། །མདོ་ལས་འདི་སྐད་འབྱུང་བ་བཞིན་ཞེས་བྱ་བ་ནི་ཇི་སྐད་འཆད་པར་འགྱུར་བའི་ཆོས་ཀྱི་སྦྱིན་པའོ། །དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ནི་སྐྱེས་བུ་ཆེན་པོའི་བྱེད་པ་དང་ལྡན་པ་ཉིད་ཀྱི་ཕྱིར་སྐྱེས་བུ་ཆེན་པོ་སྟེ། དེ་དག་གསལ་བར་བྱེད་པ་ནི་སྐྱེས་བུ་ཆེན་པོའི་མཚན་ཏེ་སུམ་ཅུ་རྩ་གཉིས་སོ། །དེ་དག་མཛེས་པར་བྱེད་པའི་ཕྱིར་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། དེ་དག་གི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་ནི་བཅུ་གཉིས་ཏེ། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ཅེས་བྱ་བ་འདིས་ནི་དཔེ་བྱེད་བཟང་པོ་བརྒྱད་ཅུ་བསྟན་ཏེ། སེན་མོ་ཟངས་ཀྱི་མདོག་ཉིད་དང༌། སེན་མོ་སྣུམ་པ་ཉིད་དང༌། སེན་མོ་མཐོ་བ་ཉིད་དང༌། སོར་མོ་ཟླུམ་པ་ཉིད་དང༌། སོར་མོ་རྒྱས་པ་ཉིད་དང༌། སོར་མོ་བྱིན་གྱིས་ཕྲ་བ་དང༌། རྩ་མི་མངོན་པ་ཉིད་དང༌། མདུད་པ་མེད་པ་ཉིད་དོ། །ལོང་བུ་མི་


DTG089_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཞབས་མཉམ་དང༌། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །ཞེས་བྱ་བ་ནི་ཚིག་རྐང་གཅིག་ལྷག་པའི་ཚིགས་སུ་བཅད་པས་ནི་བཅུ་གཉིས་ཏེ། ལོང་བུ་མི་མངོན་པ་ཉིད་དང༌། ཞབས་མི་མཉམ་པ་མེད་པ་ཉིད་དང༌། སེང་གེའི་སྟབས་སུ་གཤེགས་པ་ཉིད་དང༌། གླང་པོའི་སྟབས་སུ་གཤེགས་པ་ཉིད་དང༌། ངང་པའི་སྟབས་སུ་གཤེགས་པ་ཉིད་དང༌། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང༌། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང༌། མཛེས་པར་གཤེགས་པ་ཉིད་དང༌། སྐུ་དྲང་བ་ཉིད་དང༌། སྐུ་འཁྲིལ་བག་ཆགས་པ་ཉིད་དང༌། སྐུ་བྱི་དོར་བྱས་པ་ཉིད་དང༌། སྐུ་རིམ་པར་འཚམས་པར་ཉིད་དང༌། གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །ཞེས་བྱ་བའི་ཚིག་རྐང་གསུམ་གྱིས་ནི་དཔེ་བྱད་བཟང་པོ་ལྔ་ཉིད་དེ། སྐུ་གཙང་བ་ཉིད་དང༌། སྐུ་འཇམ་པ་ཉིད་དང༌། སྐུ་རྣམ་པར་དག་པ་ཉིད་དང༌། ཚན་རྫོགས་པ་ཉིད་དང༌། སྐུ་ཁོ་ལག་ཡངས་ཤིང་མཛེས་པ་ཉིད་དོ། །གོམ་སྙོམས་སྤྱན་ནི་དག་པ་དང༌། །ཤིན་ཏུ་གཞོན་མདོག་ཅན་ཉིད་དང༌། །སྐུ་ཞུམ་མེད་དེ་རྒྱས་པ་དང༌། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཞེས་བྱ་བ་འདི་ནི་དྲུག་སྟེ། གོམ་པ་སྙོམས་པ་ཉིད་དང༌། སྤྱན་རྣམ་པར་དག་པ་ཉིད་དང༌། སྐུ་གཞོན་ཤ་ཅན་ཉིད་དང༌། སྐུ་ཞུམ་པ་མེད་པ་ཉིད་དང༌། སྐུ་རྒྱས་པ་ཉིད་དང༌། སྐུ་ཤིན་ཏུ་གྲིམས་པ་ཉིད་དོ། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །གཟིགས་པ་རབ་རིབ་དག་པ་དང༌། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང༌། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང༌། ཀུན་ནས་བལྟ་ན་སྡུག་པ་དང༌། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིས་ནི་དགུ་སྟེ། ཡན་ལག་དང་ཉིང་ལག་རྣམ་པར་ཤིན་ཏུ་འབྱེས་པ་ཉིད་དང༌། གཟིགས་པ་རབ་རིབ་མེད་ཅིང་དག་པ་ཉིད་དང༌། དཀུ་ཟླུམ་པ་ཉིད་དང༌། དཀུ་སྐབས་ཕྱིན་པ་ཉིད་དང༌། དཀུ་


DTG089_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྙོངས་པ་ཉིད་དང༌། ཕྱལ་ཕྱང་ངེ་བ་ཉིད་དང༌། ལྟེ་བ་ཟབ་པ་ཉིད་དང༌། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་ཉིད་དང༌། ཀུན་ནས་མཛེས་པ་ཉིད་དོ། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིས་མདངས་ཡོད་ཟབ་རིང་དང༌། །ཞལ་ནི་ཧ་ཅང་མི་རིང་དང༌། །ཞལ་གཟུགས་གཟུགས་བརྙན་འབྱུང་བ་དང༌། །ཞེས་བྱ་བ་ལ། ཞལ་འདི་ལ་གཟུགས་ཀྱི་གཟུགས་བརྙན་འབྱུང་བ་ཡོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞལ་ནི་ཞལ་གདོང་སྟེ། ཞལ་གདོང་ལ་གཟུགས་ཀྱི་གཟུགས་བརྙན་འབྱུང་བའོ། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་པ་འདིས་ནི་བརྒྱད་དེ། ཀུན་དུ་སྤྱོད་པ་གཙང་བ་ཉད་དང༌། སྐུ་ལ་སྨེ་བ་གནག་བག་མེད་པ་ཉིད་དང༌། ཕྱག་ཤིང་བལ་ལྟར་འཇམ་པ་ཉིད་དང༌། ཕྱག་གི་སེར་མོ་མདངས་ཡོད་པ་ཉིད་དང༌། ཕྱག་གི་རི་མོ་ཟབ་པ་ཉིད་དང༌། ཕྱག་གི་རི་མོ་རིང་བ་ཉིད་དང༌། ཞལ་གདོང་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་ཉིད་དོ། །ལྗགས་མཉེན་པ་དང་སྲབ་པ་དང༌། དམར་དང་འབྲུག་གི་སྒྲ་ཉིད་དང༌། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །མཆོག་ཏུ་དག་པ་དག་དང་ནི། །ཞེས་བྱ་བ་ལ། མཆོག་ནི་དམ་པ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིས་ནི་བཅུ་གཉིས་ཏེ། ལྗགས་མཉེལ་པ་ཉིད་དང༌། ལྗགས་སྲབ་པ་ཉིད་དང༌། ལྗགས་དམར་བ་ཉིད་དང༌། གླང་པོའི་ང་རོ་དང༌། འབྲུག་གི་སྒྲ་དང་ལྡན་པ་ཉིད་དང༌། གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང༌། མཆེ་བ་ཟླུམ་པ་ཉིད་དང༌། མཆེ་བ་རྣོ་བ་ཉིད་དང༌། མཆེ་བ་དཀར་བ་ཉིད་དང༌། མཆེ་བ་མཉམ་པ་ཉིད་དང༌། མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང༌། ཤངས་མཐོ་བ་ཉིད་དང༌། ཤངས་གཙང་བ་ཉིད་དོ། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང༌། སྨིན་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། །ཕྱག་རིང་རྒྱས་དང་སྙན་མཉམ་དང༌། །ཉམས་པ་རྣམ་པར་སྤངས་པ་དང༌། འཕྲལ་བ་


DTG089_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་འབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། །ཞེས་བྱ་བའི་ཚིགས་བཅད་གཉིས་པོ་འདིས་ནི་བཅུ་གསུམ་མོ། །སྤྱན་ཡངས་པ་ཉིད་དང༌། རྫི་མ་སྟུག་པ་ཉིད་དང༌། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་ལྟ་བུ་ཉིད་དང༌། སྨིན་ཚུགས་རིང་བ་ཉིད་དང༌། སྨིན་མ་སྣུམ་པ་ཉིད་དང༌། སྨིན་མའི་སྤུ་མཉམ་པ་ཉིད་དང༌། ཕྱག་རིང་ཞིང་རྒྱས་པ་ཉིད་དང༌། སྙན་མཉམ་པ་ཉིད་དང༌། འཕྲལ་བ་ལེགས་པར་འབྱེས་པ་ཉིད་དང༌། འཕྲལ་བ་དབྱེས་ཆེ་བ་ཉིད་དང༌། དབུ་ཤིན་ཏུ་རྒྱས་པ་ཉིད་དང༌། དབུ་སྐྲ་བུང་བ་ལྟར་གནག་དང༌། །སྟུག་འཇམ་མ་འཛིངས་ངོ་བོ་དང༌། །དབུ་སྐྲ་མི་གཤོར་ཉིད་དང་ནི། །དབུ་སྐྲ་སྐྱེས་བུ་ཡིད་འཕྲོག་དང༌། །དཔལ་གྱི་བེའུ་དང་བཀྲི་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་བྱ་བའི་ཚིགས་སུ་བཅད་པའི་ཕྱེད་དང་གཉིས་པོ་འདིས་ནི་བདུན་ཏེ། དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང༌། དབུ་སྐྲ་སྟུག་པ་ཉིད་དང༌། དབུ་སྐྲ་འཇམ་པ་ཉིད་དང༌། དབུ་སྐྲ་མ་འཛིངས་པ་ཉིད་དང༌། དབུ་སྐྲ་མི་གཤོར་བ་ཉིད་དང༌། དབུ་སྐྲ་དྲི་ཞིམ་པ་ཉིད་དང༌། ཕྱག་དང་ཞབས་ཀྱི་མཐིལ་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་ཉིད་དོ། །ཐམས་ཅད་གཅིག་ཏུ་བྱས་པ་ནི་སངས་རྒྱས་རྣམས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །འདི་ནི་ལོང་སྤྱོད་རྫོགས་པའི་སྐུའོ། །སྤྲུལ་པའི་སྐུའི་དབང་དུ་བྱས་ནས་བསྟན་བཅོས་ལས། གང་གི་སྲིད་པ་མི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་པ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །དེ་བཞིན་དེ་ལས་འཁོར་བའི་བར། །རྒྱུན་མི་འཆད་བར་བཞེད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དེའི་ཕྱིར་མདོ་ལས། ཆོས་ཐམས་ཅད་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་ལ་ཇི་སྲིད་ས་ལ་སྤྱོད་པ་དང༌། བར་སྣང་ལ་སྤྱོད་པའི་འགྲོ་བ་དང༌། གནས་པའི་སེམས་ཅན་རྣམས་ཀྱི་ལུས་དང༌། རག་གི་བསྡུས་པ་ནི་ཆོས་ཏེ། སེམས་ཅན་རྣམས་གདུལ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་


DTG089_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པ་དག་ཏུ་སྤྲུལ་པ་དེ་དག་ནི་ཆོས་ཐམས་ཅད་དེ། དེ་དག་མུ་མེད་པར་རིག་པར་བྱའོ། །དེ་གང་ཞེ་ན། གང་གི་སྤྲུལ་པ་དེ་དག་གོ །སྟོང་པ་ཉིད་མུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་ལ་ཇི་ལྟར་སྤྲུལ་པའི་སྐུ་དེ་དག་མུ་མེད་པ་དེ་བཞིན་དུ་དེ་དག་གི་སྟོང་པ་ཉིད་ཀྱང་མུ་མེད་དོ། །གང་གིས་སྟོང་ཞེ་ན། སེམས་དང་སེམས་ལས་བྱུང་ང་ལ་རག་ལས་པ་སྟེ། སྒྱུ་མའི་སྐྱེས་བུ་བཞིན་ནོ། །དེའི་ཕྱིར་དེ་ཡང་མུ་མེད་པས་མུ་མེད་པ་སྟེ། སྔ་མ་བཞིན་ནོ། །ཇི་ལྟར་ཡང་དེ་དག་ལུས་དང་ངག་གི་སྤྲུལ་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་ཡང་ཅིའི་ཕྱིར་མི་སྤྲུལ་ཞེ་ན། དེ་ལ་ཉེ་བར་ལེན་པའི་རྒྱུ་མེད་པའི་ཕྱིར་དང༌། སྔོན་མེད་པའི་སེམས་ཅན་མི་འབྱུང་བའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་སྤྲུལ་པ་ནི། སེམས་དང་སེམས་ལས་བྱུང་བ་ལ་ཡང་འདོད་པ་མ་ཡིན་ནམ་ཞེ་ན། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ནི། །སྦྱོར་བའི་ཐབས་ཀྱི་ལས་ཅན་ཡིན། །ཞེས་བྱ་བའི་ཚིག་ལས་སོ། །འོན་ཀྱང་ཉེ་བར་ལེན་པ་ཡོད་ན་ཡོད་པར་འགྱུར་ཏེ། ལྷས་བྱིན་གྱིས་བརླབས་ནས་རྨི་ལམ་དུ་བསྟན་པ་ལྟ་བུ་འམ། ཚིག་ལས་ཚིག་གི་དོན་གོ་བ་བཞིན་ནོ། །དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་མུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་སོ། །འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་དག་ཏུ་སེམས་ཅན་གྱི་ཁམས་མུ་མེད་པའི་སྤྱོད་པ་མུ་མེད་པ་ལ་རྣམ་པར་གཟིགས་ནས། བཅོམ་ལྡན་འདས་ཀྱིས་སྤྲུལ་པ་སྣ་ཚོགས་ཀྱིས་ཆོས་སྟོན་པ་ཡིན་ཏེ། དེའི་ཕྱིར་སེམས་ཀྱི་སྤྱོད་པ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་སོ། །སེམས་ཅན་དེ་དག་གིས་ཀྱང་ཇི་ལྟར་བསྟན་པའི་ཆོས་ལ་དམིགས་ནས་གཉེན་པོའི་དགེ་བའི་ཆོས་སྐྱེ་བར་འགྱུར་ཏེ། དེས་ཀྱང་དེ་དག་གི་མི་མཐུན་པའི་ཕྱོགས་མི་དགེ་བའི་ཆོས་རྣམས་སྤོང་བར་འགྱུར་ཏེ། དེའི་ཕྱིར་དགེ་བ་དང་མི་དགེ་བའི་ཆོས་གཞལ་དུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞལ་དུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་སོ། །ཇི་སྟེ་གང་


DTG089_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་དེ་ལྟར་བཅོམ་ལྡན་འདས་ཀྱི་སྐུ་ཡིན། གལ་ཏེ་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་ཕྱིར་རོ་ཞེ་ན། དེ་ལྟར་ན་ནི་སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ལ་སོགས་པ་ཡང་སྒྱུ་མ་མཁན་གྱི་ལུས་སུ་འགྱུར་རོ་ཞེ་ན། རང་གི་སྐུར་བྱིན་གྱིས་བརླབས་པ་དེར་སྤྲུལ་པའི་ཕྱིར་ཉིད་ཀྱི་སྐུ་བཞིན་དུ་གཤེགས་པ་དང༌། དཀའ་བ་སྤྱོད་པ་དང༌། བྱ་བ་ལ་སོགས་པ་མཛད་པ་དེ་ཡང་དེའི་སྐུ་ཡིན་ནོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུ་བསྟན་ཏེ། དེ་དག་ནི་སྐུ་གསུམ་མོ། །ད་ནི་མཛད་པ་མདོར་བསྡུས་ནས་བཤད་པར་བྱ་སྟེ། དེ་ཡང་སེང་གེའི་སྒྲ་སྒྲོགས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རིག་པར་བྱའོ་ཞེས་གསུངས་ཏེ། རི་དགས་རྣམས་ཀྱི་མཆོག་ནི་སེང་གེའོ། །དེ་དང་ཆོས་མཐུན་པའི་ཕྱིར་སྐྱེས་བུ་དམ་པ་ནི་སྐྱེས་བུ་སེང་གེ་ཞེས་བརྗོད་དོ། །འདི་ནི་ཁྱད་པར་དུ་གྱུར་པ་སྟེ། ལྷ་དང་མི་རྣམས་ལ་སོགས་པ་སྐྱེས་བུ་ཐམས་ཅད་ཀྱི་དམ་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་ལ་སེང་གེ་ཞེས་བརྗོད་དོ། །དེའི་ཆོས་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། གཞན་ཕ་རོལ་རྒོལ་བའི་རི་དགས་ཐམས་ཅད་འཇིགས་པར་མཛད་པས་སེང་གེའི་སྒྲ་ཞེས་བརྗོད་དོ། །སེང་གེའི་རྒྱལ་མཚན་བཞིན་ནོ། །དེ་སྒྲོག་པ་ནི་སྟོན་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཤེས་རབ་ནི། བགྲོད་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སེང་གེའི་སྒྲ་སྟེ། མཛད་པ་ཉི་ཤུ་རྩ་བདུན་སྟོན་པ་སྟེ། དེ་ནི་རྒྱས་པར་ཡུམ་ཆེན་མོ་དག་ལས་བལྟ་བར་བྱའོ། །དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམས་བཞི་ལ་དགོད་པ་དང༌། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང༌། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་གཉིས་མི་ཟད་དང༌། །བརྡ་དང་དམིགས་པ་མེད་པ་དང༌། །ལུས་ཅན་རྣམས་ནི་ཡོངས་


DTG089_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་དང༌། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང༌། །བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང༌། །རྣམ་པར་དག་དང་ངེས་པ་དང༌། །སེམས་ཅན་དོན་ནི་ཚད་མེད་དང༌། །སངས་རྒྱས་རྟེན་སོགས་ཡོན་ཏན་དང༌། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང༌། །ཕྱིན་ཅི་ལོག་ནི་སྤང་པ་དང༌། །དེ་གཞི་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །མྱ་ངན་འདས་ལ་དགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་འདི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་བྱ་བ་གསུངས་ཏེ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་གང་གིས་དམྱལ་བ་རྣམས་ཀྱི་དམྱལ་བའི་མེ་ཞི་བར་འགྱུར་བ་འདི་ལྟར་ཆོས་སྟོན་པ་དང༌། དེ་བཞིན་དུ་དུད་འགྲོ་དག་ལ་ཡང་རང་གི་ཁྲག་ལ་སོགས་པའི་སྦྱིན་པ་དང༌། དེ་བཞིན་དུ་ཡི་དགས་རྣམས་ལ་ཡང་བཟའ་བ་དང༌། བཏུང་བ་ལ་སོགས་པ་བྱིན་ནས་ཆོས་བསྟན་ཏེ། སེམས་དད་པར་འཛིན་པ་དང༌། མངོན་པར་དད་པ་དེས་རང་གི་འགྲོ་བ་ལས་ཤི་འཕོས་ཏེ། ལྷ་དང་མི་རྣམས་སུ་སྐྱེ་བར་མཛད་དེ། ལྷ་རྣམས་ལ་ཡང་ཐེག་པ་དམན་པ་ལ་མོས་ཤིང་དང་བར་འགྱུར་བའི་ཆོས་བསྟན་ཏེ། མི་རྣམས་སུ་སྐྱེ་བར་བྱས་ནས་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་བར་ལ་གནས་པར་བྱེད་པ་འདི་ནི་འགྲོ་བ་རྣམས་ཞི་བའི་ཕྲིན་ལས་སོ། །ཡང་གང་དག་མི་རྣམས་ཀྱི་ཕྱི་ནང་གི་ཟང་ཟིང་གི་སྦྱིན་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་དང༌། ཚིག་སྙན་པ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་ལ་སློབ་པར་བྱེད་པ་འདི་ནི་བསྡུ་པའི་དངོས་པོ་ལ་དགོད་པའི་ཕྲིན་ལས་སོ། །ཀུན་ནས་ཉོན་མོངས་པ་ནི་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པའོ། །དེ་གཉིས་ནུབ་པ་ནི་རྣམ་པར་བྱང་བའོ། །དེ་ཡང་གང་ཟག་དང༌། ཆོས་ལ་བདག་མེད་པར་ཤེས་པའི་ཕྱིར་འདི་ནི་ཀུན་རྫོབ་བོ། །དོན་དམ་པར་ཆོས་ཀྱི་དབྱིངས་ལས་གཞན་མེད་དེ། འདི་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཤེས་པ་ལ་


DTG089_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པའི་ཕྲིན་ལས་སོ། །ཇི་ལྟར་སྒྱུ་མ་མཁན་གྱིས་བཟའ་བ་དང༌། བཅའ་བ་ལ་སོགས་པའི་བར་གྱི་དངོས་པོ་སྣ་ཚོགས་ཀྱིས་འཇིག་རྟེན་དགའ་བར་བྱེད་དེ། དེ་ཡང་འཇིག་རྟེན་གྱི་དངོས་པོ་འདི་ཐམས་ཅད་མེད་པར་ཤེས་པ་ནི་མ་ཡིན་ནོ། །གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཅུང་ཟད་ཀྱང་མཐོང་བ་མེད་དེ། སེམས་ཅན་ཡང་མ་ཡིན། སེམས་ཅན་དུ་བཏགས་པ་ཡང་མ་ཡིན་ནོ། །ཆོས་རྣམས་ཀྱང་བདག་མེད་པ་ཡིན་པའི་ཕྱིར་རོ། །འདི་ནི་སེམས་ཅན་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་གྱི་བདག་ཉིད་ལ་དགོད་པའི་ཕྲིན་ལས་སོ། །དེ་བདག་ཉིད་ཀྱང་སྦྱིན་པར་བྱེད། གཞན་ཡང་སྦྱིན་པ་ལ་སྦྱོར་བར་བྱེད། སྦྱིན་པའི་བསྔགས་པ་རྗོད་པར་བྱེད། གང་གཞན་དག་སྦྱིན་པ་སྦྱིན་པར་བྱེད་པ་དེ་དག་གི་བསྔགས་པ་བརྗོད་ཅིང་མཐུན་པར་བྱེད་དོ། །དེ་བཞིན་དུ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་བར་བྱེད་ཅེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་སྟེ། འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པའི་ཕྲིན་ལས་སོ། །བདག་ཉིད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་འཇུག་པར་བྱེད་པ་དང༌། བདག་ཉིད་ཀྱང་བསླབ་པའི་གཞི་ལྔ་ནས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་རྫོགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ཏེ། འདི་ནི་སངས་རྒྱས་ཀྱི་ལམ་ལ་དགོད་པའི་ཕྲིན་ལས་སོ། །འདིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ལ་རྫོགས་པའི་ཆོས་སྟོན་པ་ན། དེ་དག་གི་འཁོར་གསུམ་དག་པའི་འབྲས་བུ་ཡང་རང་བཞིན་གྱིས་སྟོང་པར་སྟོན་པར་བྱེད་དེ། དེ་དག་དེ་བཞིན་དུ་བསྒོམས་པས་ལྷག་པར་ཁྱད་པར་དུ་འགྲོ་སྟེ། དེས་ན་དེ་དག་སྟོང་པ་ཉིད་ཀྱི་རང་བཞིན་ལ་ལན་མང་དུ་སྒོམ་པར་བྱེད་པས། བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་ཁྱད་པར་འགྲོ་བར་བྱེད་དེ། འདི་ནི་སྟོང་པ་ཉིད་ལ་དགོད་པའི་ཕྲིན་ལས་སོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་དེ། རང་བཞིན་གྱིས་སྟོང་པ་ཡང་གཞན་མ་ཡིན་ནོ། །ཆོས་ཐམས་ཅད་ཀྱང་གཞན་མ་ཡིན་ཏེ། འོན་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཆོས་སོ། །དེ་ཉིད་རང་བཞིན་གྱིས་སྟོང་པ་ཉིད་དེ།


DTG089_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་གཉིས་སུ་མེད་པའི་ཆོས་ལ་དགོད་པའི་ཕྲིན་ལས་སོ། །བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ཆོས་ནི་གང་ཡང་མེད་དེ། གང་ཡང་མངོན་པར་རྫོགས་པར་སངས་རྒྱས་ནས། ཕུང་པོ་དང་ཁམས་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆོས་སྟོན་པ་དེ་ནི་འཇིག་རྟེན་གྱི་ཐ་སྙད་ཡིན་ཏེ། འདི་ནི་བརྡར་བཏགས་པ་ཤེས་པས་དགོད་པའི་ཕྲིན་ལས་སོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཐམས་ཅད་ལ་བསླབས་པ་དེ་ལྟ་ན་ཡང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་ལ་གལ་ཏེ་ཡང་དེ་དག་ལ་ཡང་སྤྱོད་ཅིང༌། འཁོར་གསུམ་གྱི་འབྲས་བུ་དེ་དག་ལ་ཡང་མི་དམིགས་པ་དེའི་ཚེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ནུས་ཏེ། །འདི་ནི་དམིགས་པ་མེད་པ་ལ་དགོད་པའི་ཕྲིན་ལས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སེམས་ཅན་དང་སེམས་ཅན་དུ་བརྟགས་པ་ཡང་མི་དམིགས་ཏེ། འོན་ཀྱང་དེ་ཀུན་རྫོབ་མཐོང་ནས་སེམས་ཅན་རྣམས་དངོས་པོར་དམིགས་པས། ཀུན་ནས་ཉོན་མོངས་པར་གྱུར་པ་ན། དེས་དེ་དག་གི་དེ་རྣམས་སྤང་པའི་ཕྱིར། ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་དགོད་པའི་ཕྲིན་ལས་སོ། །དེ་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་སོགས་པ་ལ་སྤྱོད་པ་ནི། སེམས་ཅན་རྣམས་དགེ་བའི་ཆོས་ཐམས་ཅད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སློབ་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་ལམ་ལ་དགོད་པའི་ཕྲིན་ལས་སོ། །དེ་དེ་ལྟར་ཉེ་བར་རྟོག་པ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དེ། སྟོང་པ་ཉིད་ལ་ཡང་མངོན་པར་ཞེན་པར་མི་བྱེད་དོ། །དེ་བས་ན་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་བསྒོམ་པར་བྱ་ཞིང༌། སྦྱིན་པ་ལ་སོགས་པ་ལ་སྤྱད་པར་བྱ་སྟེ། འཁོར་གསུམ་པོ་དེ་དག་ལ་ཡང་རློམ་སེམས་སུ་མི་བྱའོ། །འདི་ནི་མངོན་པར་ཞེན་པ་ཐམས་ཅད་སྤངས་པ་ལ་དགོད་པའི་ཕྲིན་ལས་སོ། །ལམ་གྱིས་བྱང་ཆུབ་ཐོབ་པ་ལ་ཡང་མ་ཡིན། ལམ་མ་ཡིན་པས་ཀྱང་མ་ཡིན་ཏེ། གང་གི་ཕྱིར་བྱང་ཆུབ་ཉིད་ལམ་མོ། །ལམ་ཉིད་བྱང་


DTG089_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་བོ། །གལ་ཏེ་དེ་ལྟ་ན་བྱང་ཆུབ་སེམས་དཔའ་ཉིད་སངས་རྒྱས་སུ་འགྱུར་རོ་ཞེ་ན། གང་གི་ཚེ་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཤིང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དེའི་ཚེ། དེ་ཉིད་དེ་བཞིན་གཤེགས་པ་སྟེ། ཐམས་ཅད་གཟིགས་པ་དང་ལྡན་པའི་ཐམས་ཅད་མཁྱེན་པའོ་ཞེས་སྟོན་ཏེ། འདི་ནི་བྱང་ཆུབ་ཐོབ་པ་ལ་དགོད་པའི་ཕྲིན་ལས་སོ། །དེ་བདག་དང་གཞན་དག་གི་ཚུལ་ཁྲིམས་འཆལ་པ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་ཡང་དག་པར་བསྡུས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དང༌། ཐེག་པ་དམན་པའི་འབྲས་བུ་ལྔ་མངོན་སུམ་དུ་བྱེད་ཅིང་རེག་པ་དག་གི་སྐབས་མི་འབྱེད་ཅིང་ཕུང་པོ་དང༌། ཁམས་ལ་སོགས་པ་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་འདུ་ཤེས་ཀྱི་གནས་ངན་ལེན་བསལ་ནས། རང་ཡང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ལ་གནས་པར་བྱེད་ལ། གཞན་ཡང་དེ་དག་ལ་འགོད་པར་བྱེད་ཅིང༌། བདག་གི་དགེ་པའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་དང༌། རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡོངས་སུ་སྔོ་བར་བྱེད་ཅིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་སྨོན་ལམ་ཡང་མདོ་ཇི་ལྟ་བ་བཞིན་དུ་འདེབས་པར་བྱེད་དེ། འདི་ནི་སང་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་དགོད་པའི་ཕྲིན་ལས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་ཉིད་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་པ་ཡིན་ཞིང༌། ངེས་པ་ཇི་ལྟར་ན་ངན་སོང་དུ་སྐྱེ་བར་འགྱུར་ཞེ་ན། གང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཚད་མེད་པ་བཞི་ལ་སྤྱོད་ཅིང་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤང་བའི་ཕྱིར་གནས་པ་དེ་དག་ལ་མི་ཁོམ་པ་བརྒྱད་ཀྱང་འབྱུང་བར་མི་འགྱུར་ན། ངན་སོང་དུ་


DTG089_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ལྟ་སྨས་ཀྱང་ཅི་དགོས་དེ་ལྟ་མོད་ཀྱི་འོན་ཀྱང་དེ་དག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ནི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་དགེ་བའི་རྩ་བའི་ཆོས་ཐམས་ཅད་དང་ལྡན་པས། སེམས་ཅན་གྱི་དོན་གྱི་དབང་གིས་བསམས་བཞིན་དུ་སྐྱེའོ། །དུད་འགྲོའི་སྡུག་བསྔལ་མྱོང་བ་ནི་མ་ཡིན་ཏེ། དཔེར་ན་དེ་བཞིན་གཤེགས་པ་མཆོག་ཏུ་དབང་ཐོབ་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བདག་ཉིད་ཀྱི་ངོ་བོ་མཐའ་ཡས་པ་གཞན་གྱི་དོན་དུ་ཅིག་ཅར་སྤྲུལ་པ་ལྟ་བུའོ། །འདི་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ལ་དགོད་པའི་ཕྲིན་ལས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སེམས་ཅན་གྱི་དོན་མཛད་ཀྱང་སྐྱོན་གྱིས་མི་གོས་ཏེ། འདི་ལྟར་གང་རེག་པ་དང༌། གང་གིས་རེག་པ་དང་། གང་ལ་རེག་པའི་ཆོས་གསུམ་པོ་དེ་དག་འདི་ལ་མི་དམིགས་ཤིང་སྟོང་པ་ཉིད་ལ་དམིགས་ན། དཀར་པོའི་ཆོས་ཐམས་ཅད་ལ་གནས་པར་འགྱུར་ཏེ། དེ་ཉིད་ཀྱིས་དེ་དག་བསྡུས་པའི་ཕྱིར་རོ། །དེ་ལྟར་ན་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱི་སྟོང་སྟེ། དེས་ན་སྟོང་པ་ཉིད་དུ་འདུས་པ་ཡིན་ནོ། །འདི་ནི་སེམས་ཅན་གྱི་དོན་ཚད་མེད་པ་ལ་དགོད་པའི་ཕྲིན་ལས་སོ། །དེ་འདི་ལྟར་དཔྱོད་པར་བྱེད་དེ། གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། མིང་དང་བརྡ་ཙམ་ཁོ་ནས་བརྟགས་པ་ཡིན་ལ། བཏགས་པ་དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །གལ་ཏེ་ཡང་འགའ་ཞིག་ཡོད་དེ། མི་སྟོང་པར་གྱུར་ན་གང་གི་ཕྱིར་ཉི་ཚེ་བ་མ་ཡིན་པ་དེའི་ཕྱིར། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པ་ཁོ་ན་སྟེ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་མངོན་པར་ཤེས་པ་དྲུག་བསྒྲུབས་ཏེ། གང་དག་ལ་གནས་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འགྲོ་ཞིང་བསྙེན་བཀུར་བྱས་ཏེ། དེ་དག་ལ་ཆོས་མཉན་པ་དེ་དག་ལས་ཀྱང་མངོན་པར་ཞིན་པ་མེད་པའི་དགེ་བའི་རྩ་བ་བསྐྱེད་ཅིང་སྟོང་པ་ཉིད་ལ་


DTG089_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཞེན་པ་མེད་དོ། །དེས་ལྷའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་བལྟས་ནས་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་དེར་སོང་སྟེ། དེ་དག་ལ་ཆོས་སྟོན་པར་བྱེད་དོ། །ལྷའི་རྣ་བས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྟོན་པ་ཐོས་ནས་དེ་དག་ལ་སྟོན་པར་བྱེད་དོ། །སེམས་ཅན་རྣམས་ཀྱི་སེམས་ཀྱི་རྣམ་གྲངས་ཤེས་པར་བྱས་ནས། སེམས་ཇི་ལྟ་བ་བཞིན་དུ་དེ་དག་ལ་ཆོས་སྟོན་པར་བྱེད་དོ། །དེས་བདག་དང་གཞན་གྱི་སྔོན་གྱི་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སྔོན་གྱི་དེ་བཞིན་གཤེགས་པས་བསྟན་པའི་ཆོས་རྗེས་སུ་དྲན་ནས། གདུལ་བར་བྱ་བའི་སེམས་གང་ཡིན་པ་དག་ལ་དེ་སྟོན་པར་བྱེད་དོ། །དེས་ཟག་པ་ཟད་པ་ཤེས་པས་སེམས་ཅན་རྣམས་ལ་རྗེས་སུ་མཐུན་པར་ཆོས་སྟོན་ཏོ། །དེས་མངོན་པར་ཤེས་པ་དག་གིས་སེམས་ཅན་རྣམས་ཀྱི་དོན་དུ་བདག་ཉིད་ཀྱི་དངོས་པོ་གང་དང་གང་གཟུང་བར་འདོད་པ་དེ་དང༌། དེ་ཉིད་སོ་སོར་ལེན་པར་བྱེད་པར་འདོད་དོ། །དེར་ཡང་བདེ་བ་དང་སྡུག་བསྔལ་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བས་མི་གོས་སོ། །འདི་ནི་ཕྱོགས་བཅུའི་སངས་རྒྱས་བསྟན་པ་ལ་སོགས་པ་ལ་དགོད་པའི་ཕྲིན་ལས་སོ། །ཡང་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། །བསམ་གཏན་བཞི་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཏེ། དེ་དག་ལ་སྤྱོད་ན་འཁོར་གསུམ་དག་པས་དེ་དག་ལ་ཡང་མི་དམིགས་ཤིང༌། བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་དང༌། སེམས་ཅན་ཐམས་ཅད་ཀྱི་མཆོག་གི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །གལ་ཏེ་འདི་རྣམས་བྱང་ཆུབ་སེམས་དཔའི་ཆོས་ཡིན་ན། དེ་ལྟ་ན་སངས་རྒྱས་ཀྱི་ཆོས་རྣམས་གང་ཡིན་ཞེ་ན། གལ་ཏེ་འདི་དག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པར་འགྱུར་ཞིང་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་འདི་ཉིད་དེ། དེ་ལྟ་བུ་བྱང་ཆུབ་སེམས་


DTG089_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ནི་མ་ཡིན་ནོ། །འདི་ནི་བྱང་ཆུབ་ཀྱི་ཡན་ལག་ལ་དགོད་པའི་ཕྲིན་ལས་སོ། །ཇི་ལྟར་ཡང་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཡིན་པ་དེ་ལྟ་མོད་ཀྱི་ལས་ཀྱང་ཡོད། དེ་དག་གི་འབྲས་བུ་ཡང་ཡོད་དེ། སེམས་ཅན་རྣམས་ཀྱིས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་མི་ཤེས་སོ། །མི་ཤེས་པས་ཆོས་དང་གང་ཟག་ཏུ་བཏགས་ནས་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་ཅིང་ཉེ་བར་སྤྱོད་པས་ངན་སོང་གསུམ་དུ་འགྲོ་བར་བྱེད་ལ་ལེགས་པར་སྤྱོད་པས་ལྷ་དང་མིར་སྐྱེ་བ་ཡིན་ནོ། །ཡང་ཁ་ཅིག་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཡོངས་སུ་ཤེས་ནས། བདེ་འགྲོ་དང་ངན་འགྲོ་ཡོངས་སུ་སྤངས་པའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱས་ནས། རིམ་གྱིས་ས་བཅུ་ཐོབ་པར་བྱས་ཏེ། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་ཏེ། འདི་ནི་ལས་དང་འབྲས་བུར་འབྲེལ་པ་ཆུད་མི་ཞ་བ་ལ་དགོད་པའི་ཕྲིན་ལས་སོ། །བྱང་ཆུབ་སེམས་དཔའ་བདེན་པ་དང༌། བདེན་པ་མཐོང་བས་མྱ་ངན་ལས་མི་འདའ་སྟེ། དེ་ལྟ་མོད་ཀྱི་འོན་ཀྱང་བདེན་པ་བཞི་མཉམ་པ་ཉིད་དེ། གང་དེ་དག་དེ་བཞིན་ཉིད་དང་མཉམ་ཞིང་ངོ་བོ་ཉིད་མེད་པས་དེས་ཆོས་གང་ཡང་དམིགས་པ་མེད་ཅིང་བདེན་པའི་རྣམ་གྲངས་ཀྱིས་རློམ་སེམས་སུ་མི་བྱེད་ལ། དེའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་ནས། སྐྱོན་མེད་པ་ལ་ཞུགས་ཏེ་རིགས་ཀྱི་ས་ལ་གནས་པར་འགྱུར་ཞིང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་དེ། དེས་འདིར་ཞི་གནས་ཀྱི་ས་ལ་གནས་པར་བྱས་ནས། སྡུག་བསྔལ་ཡོངས་སུ་ཤེས་པར་བྱེད། ཀུན་འབྱུང་སྤོང་བར་བྱེད། འགོག་པ་མངོན་སུམ་དུ་བྱེད། ལམ་སྒོམ་པར་བྱེད་ཀྱང༌། བདེན་པ་ལ་དམིགས་པའི་སེམས་སྐྱེད་པར་མི་བྱེད། བྱང་ཆུབ་ལ་གཞོལ་བའི་སེམས་ཁོ་ནས་


DTG089_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་མཐོང་ངོ༌། །དེས་ལྷག་མཐོང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་ནས། ཐབས་ལ་མཁས་པས་ཀྱང་ཆོས་སྟོན་པར་བྱེད་དོ། །འདི་ནི་བདེན་པ་བཞི་མཐོང་བ་ལ་དགོད་པའི་ཕྲིན་ལས་སོ། །བྱམས་པས་གསལ་བ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ལ་བསླབ་པར་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་མིང་ཙམ་ཉིད་དོ་ཞེས་བཀའ་སྩལ་པ་དང༌། གསོལ་པ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དངོས་པོ་མེད་པའི་མིང་ནི་མིང་ཙམ་མོ། །འདུ་བྱེད་ནི་རྣམ་པར་རྟོག་པའོ། །དེའི་མཚན་མ་ནི་ཡུལ་ཏེ། གང་ལ་འདི་ལྟར་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་བྱ་བ་ནས་འདི་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་བྱ་བའི་བར་དུ་དགོངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་ཙམ་མོ་ཞེས་བྱ་བ་འདི་ནི་གློ་བུར་དུ་བཏགས་པ་སྟེ། འདི་ནི་གཟུགས་སོ་ཞེས་བྱ་བའི་བར་དུ་མིང་ཐ་དད་པས་མིང་གི་དོན་དུ་རྟོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྒྲའི་དོན་ནི་བརྫུན་ཏེ། ཐ་སྙད་ཙམ་ཡིན་གྱི། དངོས་པོ་ནི་མ་ཡིན་ནོ། །གསོལ་པ། གཟུགས་ཀྱི་ངོ་བོ་ཉིད་ཐ་སྙད་ཙམ་ཉིད་དོ་ཞེས་བྱ་བ་ནི་གཟུགས་ཀྱི་ངོ་བོ་ཉིད་ཐོབ་པར་འགྱུར་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་སྐྱེ་བ་དང་འགག་པ་མེད་དེ། དེ་བས་ན་དེ་རང་གི་ངོ་བོ་མེད་དོ། །གསོལ་པ་ཡང་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རང་གི་མཚན་ཉིད་གཟུགས་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡོད་པ་ལགས་སམ་ཞེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་གྱི་བརྡ་དང་ཐ་སྙད་དུ་ཡོད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན། དོན་དམ་བརྗོད་དུ་མ་མཆིས་པའི་དབྱིངས་ཉིད་དེ། གལ་ཏེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་བརྗོད་དུ་མ་མཆིས་པའི་དབྱིངས་ལགས་ཏེ་ཐ་སྙད་ཀྱང་


DTG089_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་ཁྱོད་བརྗོད་དུ་མེད་པའི་དབྱིངས་ལ་ཤེས་རབ་སྤྱོད་པར་འགྱུར་ཞིང༌། དམིགས་པ་འདི་ཉིད་ཀྱི་རྣམ་པ་ནི་མཚན་མའི་དངོས་པོའོ། །གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་དེ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱང་མ་ཡིན་གཞན་པ་ཡང་མ་ཡིན་ནོ། །གལ་ཏེ་གཞན་ཡིན་པར་གྱུར་ན་ནི་དེ་ཅིའི་ཕྱིར་འཇིག་པར་མི་འགྱུར་ཇི་སྟེ་གཞན་མ་ཡིན་ན་ནི་ཅིའི་ཕྱིར་མི་དམིགས། གཞན་ཡང་གལ་ཏེ་འདི་འདུ་བྱེད་ཀྱི་མཚན་མ་ལས་གཞན་ཡིན་པར་གྱུར་ན་ནི་དེ་ལྟ་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་ཞིང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཇི་སྟེ་གཞན་མ་ཡིན་པར་གྱུར་ན་ཡང༌། དེ་ལྟར་ན་མཚན་མ་དེ་ཡང་དམིགས་སུ་མེད་པར་འགྱུར་རོ། །གསོལ་པ། བརྗོད་དུ་མེད་པའི་དབྱིངས་དང༌། ཉེ་བར་འབྲེལ་བའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་ན། འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་དམིགས་སུ་མ་མཆིས་ན། དེ་ཅི་ལགས་མཆིས་པ་ལས་དམིགས་སུ་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་རྣམ་པར་རྟོག་པས་གཟུང་ཞིང་རྟོགས་པའམ། མ་རྟོགས་པ་དེའི་ཚེ་ནི་དེ་རྣམ་པར་རྟོག་པ་ཙམ་མོ། །དེ་ལ་འདི་ནི་ཡོད་པ་དང་མེད་པ་ཡང་མ་ཡིན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་དུས་ཆོས་ཡོངས་སུ་གདགས་པར་བགྱི། བྱམས་པ་རྣམ་པ་གསུམ་གྱིས་ཏེ། འདི་ལྟར་ཀུན་དུ་བརྟགས་པའི་གཟུགས་དང༌། རྣམ་པར་བརྟགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཀུན་དུ་བརྟགས་པ་དང༌། རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས་དང༌། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་སོ། །དེ་ལ་གང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གཟུགས་ཞེས་བྱ་བའི་མིང་དང་གདགས་པ་དང་ཐ་སྙད་དུ་བྱ་བ་ལ་བརྟེན་ནས། གཟུགས་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་གཟུགས་སོ། །འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་གནས་པ་དེ་ནི་རྣམ་པར་བརྟགས་པའི་གཟུགས་སོ། །ཀུན་


DTG089_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྟགས་པའི་གཟུགས་གང་ཡིན་པ་དེས་རྣམ་པར་བརྟགས་པའི་གཟུགས་དེ་ལ། དུས་རྟག་ཏུ་ངོ་བོ་ཉིད་མེད་ཅིང་བདག་མེད་པ་དང་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་སོ། །དེ་བཞིན་དུ་ཀུན་དུ་བརྟགས་པའི་གཟུགས་ནས། །རྣམ་པར་བརྟགས་པའི་གཟུགས་དང་ཆོས་ཉིད་ཀྱི་གཟུགས་ཀྱི་བར་དུ་སངས་རྒྱས་ཀྱི་ཆོས་རྣམས་དང་སྦྱར་རོ། །དེ་ལ་ཡོངས་སུ་བརྟགས་པའི་གཟུགས་ནི་རྫས་སུ་མེད་དོ། །རྣམ་པར་བརྟགས་པའི་གཟུགས་ནི་རྫས་སུ་ཡོད་དེ། རྣམ་པར་རྟོག་པ་རྫས་སུ་ཡོད་པར་བལྟའི་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་གཟུགས་ནི་རྫས་མེད་པ་ཡང་མ་ཡིན། རྫས་ཡོད་པ་ཡང་མ་ཡིན་ཏེ། ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུའོ། །གསོལ་པ། གང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འདི་ལྟར་གཟུགས་གཉིས་སུ་མ་མཆིས་པར་བགྲང་བ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དུ་དེ་ཇི་ལྟར་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཡོངས་སུ་བརྟགས་པའི་གཟུགས་དེ་ནི་གཟུགས་མ་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་དང༌། ཐ་སྙད་དུ་ཡང་གཟུགས་མ་ཡིན་པའི་ཕྱིར་རོ། །གང་རྣམ་པར་བརྟགས་པའི་གཟུགས་དེ་ནི་གཟུགས་མ་ཡིན་ཏེ། རང་དབང་དུ་མི་འགྱུར་བའི་ཕྱིར་རོ། །གཟུགས་མ་ཡིན་པ་རྣམ་པར་བརྟགས་པའི་གཟུགས་ཡིན་པའི་ཕྱིར་རོ། །གང་ཆོས་ཉིད་ཀྱི་གཟུགས་དེ་ནི་གཟུགས་མ་ཡིན་ཏེ། གཟུགས་ཀྱིས་དབེན་པའི་ཕྱིར་རོ། །གཟུགས་མ་ཡིན་པ་ཡང་དོན་དམ་པའི་གཟུགས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་གཉིས་སུ་མེད་པའི་གྲངས་སུ་བགྲངས་སོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་སྦྱར་རོ། །གསོལ་པ། དེ་ལྟར་མཐའ་གཉིས་སྤངས་ནས་དབུ་མའི་ལམ་ལ་ཞུགས་པས། གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་ཇི་ལྟར་མཚན་ཉིད་ཡོངས་སུ་ཤེས་པ་དང༌། མཚན་ཉིད་སྤངས་པ་དང༌། མཚན་ཉིད་མངོན་དུ་བགྱི་བ་དང༌། ཇི་ལྟར་མཚན་ཉིད་བསྒོམ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་


DTG089_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཡོངས་སུ་ཤེས་པ་ཡང་མ་ཡིན། ཡོངས་སུ་མི་ཤེས་པ་ཡང་མ་ཡིན་པ་དེ་ཉིད་དེའི་ཡོངས་སུ་ཤེས་པའོ། །དེ་བཞིན་དུ་བསྒོམ་པ་ཡང་མ་ཡིན་མི་བསྒོམ་པ་ཡང་མ་ཡིན་ཞེས་བྱ་བ་ནས། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དུ་སྦྱར་རོ། །གསོལ་པ། བྱང་ཆུབ་སེམས་དཔའ་དེ་ལྟར་ཡོངས་སུ་ཤེས་པ་དང་ལྡན་པའི་མྱ་ངན་ལས་འདས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱ་ངན་ལས་འདས་པ་ནི་ཟབ་བོ། །གང་གི་ཕྱིར་མྱ་ངན་ལས་འདས་པ་དེ་ཇི་ལྟར་ཟབ་ཅེ་ན། གང་གི་ཕྱིར་གཞན་གྱི་དོན་ལས་བརྩམས་ནས་འཁོར་བ་ཡོངས་སུ་གཏོང་པ་འདི་ནི་མྱ་ངན་ལས་འདས་པའོ། །བདག་གི་དོན་ལས་བརྩམས་ཏེ། མྱ་ངན་ལས་འདས་པ་ཡོངས་སུ་མ་གཏང་བའི་ཕྱིར་མྱ་ངན་ལས་འདས་པའོ། །གཅིག་མ་བཏང་ན་ཅིག་ཤོས་བཏང་བ་ནི་རིགས་ཀྱི། གཉི་ག་མ་བཏང་ན་ནི་མི་རིགས་སོ་ཞེ་ན། གཉི་ག་ལ་རྣམ་པར་མི་རྟོག་པས། གཉི་ག་ལ་ཡང་མི་སྐྱོ་སྟེ། དེ་བས་ན་གཉི་ག་ཡོངས་སུ་མ་བཏང་བ་ཡང་རིགས་སོ། །དེ་ལྟར་ན་དེ་ནི་འཁོར་བར་ཡང་འགྱུར། མྱ་ངན་ལས་འདས་པར་ཡང་འགྱུར་བར་ཡང་མི་རིགས་སོ་ཞེ་ན། གང་བྱང་ཆུབ་སེམས་དཔའ་སེམས་ལ་དབང་ཐོབ་ཅིང་ཐབས་ལ་མཁས་པས་འཁོར་བ་བསྟན་པའི་ཕྱིར་འཁོར་བ་ཡོངས་སུ་མི་གཏོང་ངོ༌། །གང་སྟོང་པ་ཉིད་དམིགས་སུ་མེད་པ་ལ་གནས་པའི་ཕྱིར་འདིས་མྱ་ངན་ལས་འདས་པ་ཡང་མི་གཏོང་ངོ༌། །གསོལ་པ། རྣམ་པར་མི་རྟོག་པའི་མཚན་ཉིད་ཐམས་ཅད་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཡང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང༌། དེ་དག་གི་སྟོང་པ་ཉིད་དང༌། གང་ཡང་དེ་དག་གི་དངོས་པོ་དང༌། དངོས་པོ་མེད་པ་གཉིས་སུ་མེད་པ་དང༌། གང་ཡང་སྤྲོས་པ་མེད་པ་འདི་ནི་རྣམ་པར་མི་རྟོག་པ་ཐམས་ཅད་ཀྱི་མཚན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཉན་ཐོས་ཐམས་ཅད་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་དག་ནི་ཁམས་སྣ་ཚོགས་པ། སེམས་ཅན་གྱི་རིགས་དང༌། རང་བཞིན་རབ་ཏུ་མང་པོ་ཡོད་དེ། རིགས་དང༌།


DTG089_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རུས་དང་པོ་ནས། བཟང་པོའི་ཁྱད་པར་འདོད་ཅིང་དེ་དག་ཐོབ་པ་ཡང་ཡོད་དོ། །ཁྱད་པར་ངན་པ་འདོད་ཅིང་དེ་ཉིད་ཐོབ་པས། དེ་ཉིད་ཀྱིས་མགུ་བར་འགྱུར་བ་ཡང་ཡོད་དེ། །ཉན་ཐོས་དགྲ་བཅོམ་པ་ཕྱིས་བཟང་པོའི་ཁྱད་པར་འདོད་ཅིང་བྱང་ཆུབ་ཏུ་བསྔོས་ནས། ཡུན་རིང་པོ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་དོ། །དེ་ཐོབ་པར་བྱ་བའི་ཕྱིར་སྐྱེ་བ་ན། ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ནི་མ་ཡིན་ནོ། །འོན་ཀྱང་དགྲ་བཅོམ་པ་མྱ་ངན་ལས་འདས་པ་ཐོབ་པ་ནི་བསམ་གྱིས་མི་ཁྱབ་པའི་སྐྱེ་བར་གདགས་ཏེ། གང་དེ་ལ་དང་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དང་རུས་སོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བསམ་པ་རྒྱ་ཆེ་བ་དང༌། བདག་ཉིད་ཆེན་པོ་བསམ་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འདི་བརྒྱ་བྱིན་ཉིད་དང༌། འཇིག་རྟེན་སྐྱོང་བ་ཉིད་དང༌། འཁོར་ལོས་སྒྱུར་བ་ལ་སོགས་པ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་མི་འདོད་ཅིང་གང་ཡང་དེ་དག་ལ་ཆགས་པ་མེད་ཅིང་འཛིན་པ་མེད་པར་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་རྒྱ་ཆེ་བའི་བསམ་པའོ། །གང་ཡང་དེ་ཆགས་པ་མེད་པའི་བདེ་བ་དང་འཛིན་པ་མེད་པའི་བདེ་བ་དང༌། མྱ་ངན་ལས་འདས་པའི་བདེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་བར་འདོད་པས། དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ཅིང་འཁོར་བ་ཡོངས་སུ་མི་གཏོང་བས། འདི་ནི་དེ་དག་གི་བདག་ཉིད་ཆེན་པོའི་བསམ་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ། །དེ་ཐོབ་པར་འདོད་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དེའི་འོག་ཏུ་རབ་འབྱོར་གྱིས་གསོལ་པ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལགས་ན། ཇི་ལྟར་ལས་དང་འབྲས་བུ་རྣམ་པར་གཞག་ཅེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་མ་ཤེས་སམ། སེམས་ཅན་རྣམས་ཕྱིན་ཅི་ལོག་ལས་ཡང་དག་པར་བྱུང་བའི་རྣམ་པར་


DTG089_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ལས་བྱས་ནས། ལས་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པར་བྱེད་དོ། །དེ་ལ་ཕྱིན་ཅི་ལོག་ནི་བཞི་སྟེ། གང་ཟག་ལ་བདག་མེད་པ་དང༌། མི་མཐུན་པའི་ཕྱོགས་དང༌། དངོས་པོ་ལ་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགས་དང༌། ཆོས་ལ་བདག་མེད་པའོ། །འདིར་བྱམས་པས་ཞུས་པའི་ལན་གྱིས་ཕྱིན་ཅི་ལོག་མང་པོ་ཡང་བསལ་ཅིང་རབ་འབྱོར་གྱིས་ཞུས་པའི་ལན་གྱིས་ཕྱིན་ཅི་ལོག་མང་པོ་ཡང་བསལ་ནས། རབ་འབྱོར་གྱིས་ཞུས་པའི་ལན་ཅུང་ཟད་ཀྱང་བསལ་བ་འདི་ནི་ཕྱིན་ཅི་ལོག་སྤོང་བ་ལ་དགོད་པའི་ཕྲིན་ལས་སོ། །སེམས་ཅན་རྣམས་ཕྱིན་ཅི་ལོག་རྣམས་ལས་མངོན་པར་འདུ་བྱེད་དེ། དེ་ལས་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི། དོན་དམ་པར་ནི་མ་ཡིན་པའི་ཕྱིར་ཏེ། གང་དུ་གནས་པའི་ལས་ཀྱི་བྱ་བའི་དངོས་པོ་སྐྲའི་རྩེ་མོའི་ཚད་ཙམ་གཞག་པ་ཅི་ཡང་ཡོད་པ་མ་ཡིན་ཏེ། དཔེར་ན་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟ་བུའོ། །འདི་ནི་ཕྱིན་ཅི་ལོག་བཞི་མེད་པར་ཤེས་པ་ལ་དགོད་པའི་ཕྲིན་ལས་སོ། །གང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མྱ་ངན་ལས་འདས་པ་དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །བརྗོད་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་རྣམ་པར་བྱང་བ་ལ་དགོད་པའི་ཕྲིན་ལས་སོ། །ཆོས་ཐམས་ཅད་གཞི་མེད་ཅིང་རྨི་ལམ་དང༌། སྒྱུ་མ་ལྟ་བུ་ཡིན་པ་དེ་ལྟ་མོད་ཀྱི། དེ་མ་ཤེས་པས་སེམས་ཅན་མངོན་པར་ཞེན་ཅིང་ལས་བྱས་ནས་བདེ་འགྲོ་དང༌། ངན་འགྲོར་འགྱུར་ཏེ། དེས་ན་དེ་དག་གི་ཕྱིན་ཅི་ལོག་སྤང་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་པ་ཆེན་པོས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚོགས་རྣམས་ལ་སྤྱོད་ཅིང༌། མངོན་པར་རྫོགས་པར་བྱང་ཆུབ་ནས། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་བར་འདི་ནི་ཚོགས་ལ་དགོད་པའི་ཕྲིན་ལས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་ཀྱིས་ཀྱང་མངོན་པར་རྟོགས་པར་འགྱུར་བ་མེད། གཉིས་མེད་པས་ཀྱང་མངོན་པར་རྟོགས་པར་འགྱུར་བ་མེད་པ་འདི་ཉིད་ནི་གང་ལ་གཉིས་མེད་པ་དང༌། གཉིས་མེད་པའི་མངོན་པར་རྟོགས་པའོ།།


DTG089_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། གང་འདི་མངོན་པར་རྟོགས་པའོ་ཞེས་བྱ་བ་ནི་སྤྲོས་པ་སྟེ། ཆོས་མཉམ་པ་ཉིད་ལ་སྤྲོས་པ་མེད་དེ། སྤྲོས་པ་མེད་པ་ནི་མཉམ་པ་ཉིད་དོ། །དེ་ཉིད་ཆོས་ཐམས་ཅད་དོ། །དེ་ཉིད་སོ་སོའི་སྐྱེ་བོ་ཐམས་ཅད་དང༌། འཕགས་པའི་གང་ཟག་གོ །དེ་ཉིད་སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག་དང༌། དགེ་འདུན་དཀོན་མཆོག་གོ །མཉམ་པ་ཉིད་ནི་ཆོས་ཉིད་དེ། ཆོས་ཉིད་ལ་ཡང་ཐ་དད་པ་ནི་མེད་དོ། །རབ་འབྱོར་གྱིས་གསོལ་པ། ཅི་ཆོས་ཉིད་འདུས་བགྱིས་པ་ལགས་སམ། འདུས་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ནོ། །གང་ཡང་འདུས་བྱས་ཀྱི་ཁམས་དང༌། གང་ཡང་འདུས་མ་བྱས་ཀྱི་ཁམས་འདི་གཉི་ག་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་མཚན་ཉིད་གཅིག་པ་སྟེ་འདི་ལྟར་མཚན་ཉིད་མེད་པའོ། །འདི་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐ་དད་པ་མེད་པར་ཤེས་པ་ལ་དགོད་པའི་ཕྲིན་ལས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་སྟེ། དེ་ནི་ཉན་ཐོས་ཀྱིས་མ་བྱས། རང་སངས་རྒྱས་ཀྱིས་མ་བྱས། བྱང་ཆུབ་སེམས་དཔས་མ་བྱས། སངས་རྒྱས་ཀྱིས་མ་བྱས་ཏེ། གང་ཡང་ངོ་བོ་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ། །འདི་ནི་མྱ་ངན་ལས་འདས་པ་ལ་དགོད་པའི་ཕྲིན་ལས་སོ། །མཛད་པའི་ཁྱད་པར་ཉིད་དུ་བསྟན་པའི་ཕྱིར་ཆོས་ཐམས་ཅད་འཁྲུག་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁྲུག་པ་མེད་པར་རྗེས་སུ་རིག་པར་བྱ་སྟེ། །མཛད་པ་ནི་སྤྱོད་པའོ། །སྤྱོད་པ་ནི་ཆོས་ཏེ། རིག་པ་དང༌། རྣམ་པར་མི་འཚེ་བ་དང༌། དཔེ་དང༌། ངོ་བོ་དང༌། ཆོས་ཤེས་པའི་ཚིག་གིས་ཏེ་ཆོས་ཐམས་ཅད་མཛད་པ་ཉི་ཤུ་རྩ་བདུན་པོ་དག་གོ །དེ་འཁྲུག་པ་མེད་པ་ནི་གནོད་པ་མེད་པ་ཉིད་དེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་གནས་པའི་སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱིས་གནོད་པ་ཇི་ལྟ་བ་ཞིན་དུ་རྒྱུན་མི་འཆད་པར་ནམ་མཁའ་སྙེད་དུ་འཇུག་པའོ། །


DTG089_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐྱེད་པར་བྱེད་པའི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཁྲུག་པ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཕྲིན་ལས་སོ། །རྒྱ་མཚོ་མུ་མེད་པ་ཞེས་བྱ་བ་ནས། ཆོས་ཐམས་ཅད་འཁྲུག་པ་མེད་པ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་གང་དག་གསུངས་ནས། དེ་དག་དོན་དམ་པར་ཤེས་པ་རིམ་བཞིན་དུ་བསྟན་པར་འདོད་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དྲིས་ཏེ། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང༌། ཆོས་ཀྱི་སྐུ་དང་འབྲེལ་པའི་རྟོག་པའི་ཚིག་གང་གསུངས་པ་དེ་དག་ཐམས་ཅད་ཀྱི་གཏན་ཚིགས་ནི་གང་སྟེ། རྒྱུ་གང་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་ལེན་ཏེ། འདིར་རྒྱ་མཚོ་མུ་མེད་པ་ནི་སྟོང་པ་ཉིད་ཙམ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ཡང་ཚད་མེད་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཡང་རྒྱ་མཚོ་དང་མཚུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་ནོ། །དེ་ལྟར་གང་ཡང་གཟུགས་ལ་སོགས་པ་དང༌། གང་ཡང་དེ་དག་གིས་སྟོང་པ་ཉིད་དང༌། གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ་དང༌། བསྟན་དུ་མེད་པ་དང༌། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ་ཞེས་དགོངས་སོ། །གཟུགས་ནི་ནམ་མཁའ་དང་མཚུངས་པའོ་ཞེས་བྱ་བ་ནས་མི་དམིགས་པའི་བར་དུའོ་ཞེས་བྱ་བའི་བར་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །མི་དམིགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ན་མངོན་པར་རྟོགས་པ་བརྒྱད་ལེའུ་དང་བཅས་པར་བསྟན་པ་དེ་ལྟར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་གསུངས་ཏེ། རྗེས་སུ་རིག་པར་བྱའོ། །ཅི་ཞིག་བྱ་བ་ཡིན་ཞེ་ན། རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྗེས་སུ་རིག་པར་བྱེད་པ་ཞེས་བྱ་བ་ནི་ཡི་གེའི་ཚོགས་ཀྱིས་ཉན་པར་བྱེད་པའོ། །རྣམ་པར་དཔྱོད་པ་ཞེས་བྱ་བ་ནི་དོན་གྱི་ངོ་བོས་སོ། །འཇུག་པ་དང་རྟོག་པར་བྱེད་པ་ཞེས་བྱ་བས་ནི་རབ་ཏུ་ཤེས་པར་བྱེད་པས་སོ། །རིགས་པ་རྣམ་པ་བཞི་དང་ལྡན་པས་


DTG089_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུ་ཉིད་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་སེམས་པ་ནི་སེམས་པའོ། །ཡང་བྱིས་པ་ནུས་པ་ཟད་པས་སྐྱོ་པ་དང༌། སྨྱོས་པ་དང༌། བརྒྱལ་བའམ། འཆི་བར་འགྱུར་བའི་གནས་དེ་དག་མི་བསམ་པར་གང་ཡང་གནས་ལ་སེམས་པ་དེ་དག་ནི་འཇལ་བར་བྱེད་པའོ། །ཇི་ལྟར་འདི་དག་ནི་བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་དམ་པས་གཟིགས་པ་སྟེ། བདག་གིས་ནི་འདི་དག་བསམ་པར་བྱ་བ་མ་ཡིན་ཏེ། རྟོག་པ་ཅན་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ཉེ་བར་རྟོག་པར་འགྱུར་བའོ། །འདི་ལྟ་བུའི་ཐེ་ཚོམ་ཐམས་ཅད་ཆད་པའི་ཕྱིར་འདི་ནི་ཡིན་ནོ་ཞེས་ངེས་པར་འཛིན་པར་བྱེད་པའོ། །དེ་ལྟར་ཐེ་ཚོམ་ཐམས་ཅད་ཤིན་ཏུ་ཆད་ན། སྒོམ་པ་ལ་དབང་དུ་འགྱུར་ཏེ། དེའི་ཕྱིར་སྒོམ་པར་འགྱུར་བ་ཞེས་གསུངས་སོ། །སྒོམ་པ་ནི་རྣམ་པ་བཞི་ཏེ། ཞི་གནས་དང༌། ལྷག་མཐོང་དང༌། དེ་གཉི་ག་དང༌། ཞི་གནས་དང༌། ལྷག་མཐོང་ལ་མངོན་པར་དགའ་བའོ། །ཇི་ལྟ་བུར་ཡིད་ལ་བྱེད་པ་ཡིན་ཞེ་ན། སྒྱུ་དང་གཡོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། བདག་ཅེས་བྱ་བ་དང༌། བདག་གི་ཞེས་བྱ་བ་དང༌། གཟུགས་ཞེས་བྱ་བ་དང༌། ཚོར་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ལ། མངོན་པར་ཞེན་པ་ཐམས་ཅད་ནི་རློམ་སེམས་ཐམས་ཅད་དོ། །ཕས་ཀྱི་རྒོལ་བ་ཐམས་ཅད་དང༌། བདུད་ལ་སོགས་པ་དང༌། ཉོན་མོངས་པ་གང་བསྐྱོད་པ་ནི་ཐམས་ཅད་བསྐུལ་བའོ། །དེའི་ཚེ་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཡོན་ཏན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་ནོ། །སངས་རྒྱས་ཀྱི་ཞིང་གི་ཞེས་བྱ་བ་ནི་ཡོན་ཏན་ནོ། །ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་འགྱུར་པ་སྟེ། ལྷག་མ་ནི་རྟོགས་པར་སླའོ། །མདོའི་དོན་ནི་མངོན་པར་རྟོགས་པ་བརྒྱད་དེ། བསྟན་བཅོས་ཀྱི་དང་པོར་བསྟན་ནས། དེ་རྒྱས་པར་བཤད་དོ། །ཡང་བསྟན་བཅོས་ལས། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་རབ་དེ་ཡི་གོ་རིམས་དང༌། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཅེས་བྱ་བ་གསུངས་ཏེ། ཡང་ན་མདོའི་དོན་ནི་དྲུག་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་


DTG089_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དེ། གང་གི་ཕྱིར་དེ་ནི་རྣམ་པ་གསུམ་མོ། །བཞི་པ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། འདི་ནི་དེ་ལ་སྦྱོར་བའོ། །ལྔ་པ་རྩེ་མོའི་མངོན་པར་རྟོགས་པ་འདི་ནི་སྦྱོར་བའི་རབ་པོ། །དྲུག་པ་མཐར་གྱིས་པའི་མངོན་པར་རྟོགས་པ་འདི་ནི་སྦྱོར་བའི་གོ་རིམས་ཏེ། མཐར་གྱིས་སྦྱོར་ཞེས་བྱ་བའི་དོན་ཏོ། །བདུན་པ་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་འདི་ནི་སྦྱོར་བའི་མཐར་ཕྱིན་པའོ། །བརྒྱད་པ་ཆོས་ཀྱི་སྐུ་འདི་ནི་དེའི་རྣམ་པར་སྨིན་པ་སྟེ་འབྲས་བུའི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །ཡང་བསྟན་བཅོས་ལས། ཡུལ་གྱི་རྒྱུ་ནི་གསུམ་དག་དང༌། །སྦྱོར་བ་བཞི་ཡི་བདག་ཉིད་དང༌། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས་བྱ་བ་གསུངས་ཏེ། ཡང་ན་མདོའི་དོན་ནི་གསུམ་སྟེ། རྒྱུ་དང༌། སྦྱོར་བ་དང༌། འབྲས་བུའོ། །དེ་ལ་སྦྱོར་བའི་ཡུལ་ནི་རྒྱུ་རྣམ་པ་གསུམ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དོ། །ཐུན་མོང་མ་ཡིན་པའི་ཕྱིར་བཞི་ནི་སྦྱོར་བའི་དོན་ཏེ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང༌། རྩེ་མོའི་མངོན་པར་རྟོགས་པ་དང༌། མཐར་གྱིས་པའི་མངོན་པར་རྟོགས་པ་དང༌། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་རྟོགས་པའོ། །ཆོས་ཀྱི་སྐུ་ནི་འབྲས་བུའོ། །ཕྲིན་ལས་དང་ཞེས་བྱ་བའི་སྒྲ་མེད་ཀྱང་གང་གི་དོན་དུ་རྟོགས་པར་བྱའོ། །དོན་བསྡུས་ནི་མདོའི་དོན་རྣམས་བསྡུས་པ་སྟེ། དེ་ལ་དང་པོ་ནི་བརྒྱད་དོ། །གཉིས་པ་ནི་དྲུག་གོ །གསུམ་པ་ནི་རྣམ་པ་གསུམ་མོ། །རྗེས་སུ་རིག་པར་བྱེད་པའི་ཚིག་གི་ལེའུ་ནི་རྗེས་སུ་རིག་པའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་དགུ་པའོ།། །།བཅོམ་ལྡན་འདས་ཀྱིས་བསྟན་པའི་མངོན་པར་རྟོགས་པ་བརྒྱད་པོ་དེ་ཇི་ལྟར་བཙལ་བར་བྱ་བ་དེ་མ་གསུངས་ཏེ། དེའི་ཕྱིར་བཅོམ་ལྡན་འདས་དེ་འཆད་པར་བཞེད་ནས། གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་


DTG089_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཙལ་བར་བྱ་ཞེས་བྱ་བ་ནི་འདོད་པའི་སྦྱོར་བའོ། །ལུས་ངལ་བ་ལ་སོགས་པའི་ཡིད་ལ་བྱེད་པ་དགག་པ་ནི་བརྩོན་འགྲུས་ལྷག་པ་ཞེས་བྱ་བའི་དོན་ཏོ། །གང་ལ་ཡང་སེམས་སྨོན་པར་མ་བྱེད་ཅིག་ཅེས་བྱ་བ་ནི་རྣམ་པར་གཡེང་བ་དགག་པའོ། །སྨོན་པར་མ་བྱེད་ཅིག་ཅེས་བྱ་བ་ནི་ཞེན་པར་མ་བྱེད་ཅིག་པའོ། །གང་ལ་ཡང་ཞེས་བྱ་བ་ནི་བསྟན་པའོ། །ནང་དང་ཕྱི་རོལ་ཞེས་བྱ་བ་ནི་བཤད་པའོ། །བདག་གིས་དབང་དུ་བྱས་པའི་དོན་ནི་ནང་སྟེ། རྣམ་པར་དབྱེ་བ་བདུན་པའི་ཟད་པར་མི་འགྱུར་པའི་བསྡུ་བའོ། །ཕྱི་རོལ་ཞེས་བྱ་བ་ནི་ཕྱིའོ། །མ་བྱེད་ཅིག་པ་ནི་སོང་ཞིག་པ་དང་སྦྱར་རོ། །གཡོན་དང་གྱས་ཞེས་བྱ་བ་ནི་ལོགས་ཞེས་དགོངས་སོ། །ཤར་ཞེས་བྱ་བ་ལ་སོགས་པ་ནི་ཕྱོགས་བསྟན་ཏོ། །ཕྱོགས་མཚམས་ཞེས་བྱ་བ་ནི་མཚམས་སོ། །ཡང་ཞེས་བྱ་བ་ནི་མཚམས་དང་མཚམས་ཞེས་བྱ་བར་ཟློས་པའི་དོན་ཏོ། །ཕྱོགས་མཚམས་ལ་ཡང་ཟད་པར་མི་འགྱུར་བའི་བསྡུ་བ་བྱའོ། །རིགས་ཀྱི་བུ་ཅི་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་མ་ཡིན་པའི་ཡིད་ལ་བྱེད་པ་དགག་པའོ། །བདག་ལས་མ་ཡིན་འཇིག་ཚོགས་ལས་ཀྱང་མ་ཡིན་ཞེས་བྱ་བ་ལ། འཇིག་པས་ནི་འཇིག་པའོ། །ལུས་ཡིན་པས་ན་ཚོགས་ཏེ་མི་རྟག་པའི་གཟུགས་ལ་སོགས་པ་ལ་འཇིག་ཚོགས་ཞེས་བརྗོད་དོ། །འཇིག་ཚོགས་ལ་གང་ཟག་ཏུ་འདོགས་སོ། །དེས་ན་བདག་ལས་མ་ཡིན། འཇིག་ཚོགས་ལས་ཀྱང་མ་གྱོས་ཞེས་བྱ་བ་ནི་གང་ཟག་རྫས་སུ་ཡོད་པ་ཡང་མ་ཡིན་བཏགས་པར་ཡོད་པ་ཡང་མ་ཡིན་ཏེ། གཉི་གཡང་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཅི་ནས་གཟུགས་ལ་སོགས་པ་ལ་མ་ཡིན་ཏེ་ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་ཕུང་པོའི་ཆོས་རྣམས་ཀྱང་མི་དམིགས་སོ་ཞེས་དགོངས་སོ། །དེའི་ཕྱིར་གཡོས་པ་ཞེས་བྱ་བ་ནི་འདི་དག་གིས་གྱོས་པའོ། །འདི་དག་ལ་སྒྲོ་འདོགས་པ་ནི་རྣམ་པར་ཉམས་པར་འགྱུར་ཏེ། ལྡོག་པའོ། །ལྷག་མ་ནི་རྟོགས་སླའོ། །དེ་བཞིན་དུ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་དུ་ངེས་པར་གཟུང་བ་ཞེས་བྱ་བའི་དོན་ཏོ། །སྣང་བར་བྱེད་པ་ཞེས་བྱ་བ་ནི་ཐར་པའི་


DTG089_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྟོན་པའོ། །སྒྲུབ་པར་འདོད་པ་ཞེས་བྱ་བ་ནི་བདག་ཉིད་ལ་ཡང་དག་པར་སྐྱེས་པར་འདོད་པའོ། །མོས་པ་བསྐྱེད་ལ་ཞེས་བྱ་བ་ནི་དེ་བཞིན་དུ་འདི་ངེས་པར་གཟུང་བ་གང་ལས་ཤེ་ན། ཆོས་ཐམས་ཅད་ལའོ། །ཇི་ལྟ་བུ་ཞེ་ན། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དག་ལ་སྟེ། ཇི་ལྟར་སྣང་བ་དོན་མེད་པའི་སྟོང་པ་དག་ལའོ། །དེ་ཡང་འཁྲུལ་པ་སྣང་བའི་མཚན་མ་རང་བཞིན་གྱིས་འགག་པའི་ཕྱིར་རོ། །མཚན་མ་མེད་པ་དེ་དག་ལའོ། །དེས་ན་འཁྲུལ་པ་ཙམ་དུ་མཐོང་བའི་ཁམས་གསུམ་པ་དག་ལ་སྨོན་པ་མེད་པའི་ཕྱིར་སྨོན་པ་མེད་པ་དག་ལའོ། །ཁ་ཅིག་ཏུ་སྟོང་པ་ཉིད་ཀྱི་སྒྲ་འདོན་ཏེ། དེར་ནི་རང་གི་དོན་ལ་དངོས་པོའི་རྐྱེན་བྱའོ། །མཚན་མ་ཡོངས་སུ་སྤངས་པ་ཞེས་བྱ་བ་ནི་བསྟན་པའོ། །འཁྲུལ་པའི་མཚན་མ་ཅན་གྱིས་དངོས་པོ་ལ་མངོན་པར་ཞེན་པ་དེ་ནི་འདིར་མཚན་མ་སྟེ། དེ་ཡོངས་སུ་སྤངས་པས་སོ། །དངོས་པོ་ཡོངས་སུ་སྤངས་པ་དང༌། སེམས་ཅན་དུ་ལྟ་བ་ཡོངས་སུ་སྤངས་པ་ཞེས་བྱ་བ་ནི་བཤད་པའོ། །དངོས་པོ་ནི་ཆོས་སུ་ལྟ་བའོ། །སེམས་ཅན་དུ་ལྟ་བ་ནི་བདག་ཏུ་ལྟ་བ་སྟེ། དེ་དག་ཡོངས་སུ་སྤངས་པ་ཞེས་བྱ་བའི་དོན་ཏོ། །དགེ་བའི་བཤེས་གཉེན་གང་ཞེས་བྱ་བ་ལ་སོགས་པ་ལ་གང་ཞེས་བྱ་བ་ནི་ཆོས་སྟོན་པ་ཞེས་བྱ་བ་དང་སྦྱར་རོ། །སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ནི་སྔ་མ་བཞིན་ནོ། །དངོས་པོ་མེད་པ་ནི་མ་བྱུང་བ་དང༌། མ་སྐྱེས་པ་དང༌། མ་འགགས་པའོ། །གང་མ་བྱུང་བ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དེ་ནི་དངོས་པོ་མེད་པ་སྟེ། དེ་བས་ན་མ་བྱུང་བ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། དངོས་པོ་མེད་པའི་ཆོས་རྣམས་སོ། །དེ་ལྟར་ཆོས་སྟོན་པ་གང་ཡིན་པ་དེ་དག་ནི་དགེ་བའི་བཤེས་གཉེན་ཡིན་ཏེ། དེ་ལས་བཟློག་པའི་ཆོས་སྟོན་པ་ནི་སྡིག་པའི་གྲོགས་པོར་དོན་གྱིས་རྟོག་པར་བྱའོ། །བསྒྲུབས་ན་ཞེས་བྱ་བ་ནི་གནས་ནའོ། །བྱས་པ་གཟོ་པ་ནི་ཐོས་པ་བྱས་པའི་ཕྱིར་རོ། །བྱས་པ་ཚོར་བ་ནི་ཐོས་པའི་འབྲས་བུ་ཤེས་པའི་ཕྱིར་རོ། །ཡོངས་སུ་རྟོགས་ལ་ཞེས་བྱ་བ་ནི་སེམས་པས་སོ། །འཇིག་རྟེན་གྱི་ཟང་ཟིང་ཞེས་བྱ་བ་ནི་བཟའ་བ་དང༌། བཏུང་བ་དང༌།


DTG089_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ལ་སོགས་པའོ། །ལྡན་པ་ཞེས་བྱ་བ་ནི་དེ་མངོན་པར་འདོད་པར་བྱ་བའོ། །འབྲང་བར་བྱའོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བར་བྱ་བའོ། །ཡོད་དེ་ཞེས་བྱ་བ་ནི་འདི་ཡོད་པའོ། །བསྙེན་པ་ལ་སོགས་ཚིག་གསུམ་གྱིས་ནི་ཀུན་ནས་བསྟེན་པ་ཞེས་བྱ་བའི་དོན་ཏོ། །ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་ཉེས་པ་མེད་པར་བྱས་པས་སོ། །སེམས་ཅན་གདུལ་བྱ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་རོ། །རབ་ཏུ་གཟུང་བའི་ཕྱིར་ཞེས་བྱ་བ་ནི་ཡོངས་སུ་གཟུང་བའི་དོན་ཏོ། །ཆགས་པ་ནི་སྲེད་པའོ། །སྒྲིབ་པ་ནི་དམིགས་པའོ། །ཡང་དག་པའི་ཚུལ་ནི་དོན་དམ་པའི་བྱེ་བྲག་གོ །ཀུན་ནས་ཉོན་མོངས་པ་མེད་པས་ན་ཀུན་ནས་ཉོན་མོངས་པ་མ་ཡིན་ནོ། །རྣམ་པར་བྱང་བ་མེད་པས་ན། རྣམ་པར་བྱང་བ་མ་ཡིན་ནོ། །ཆོས་ཐམས་ཅད་ནི་སེམས་ཅན་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་གང་ཟག་ལ་བདག་མེད་པ་གསུངས་སོ། །སྒྱུ་མ་ལྟ་བུ་ལ་སོགས་པའི་ཚིག་གིས་ནི་ཆོས་ལ་བདག་མེད་པ་གསུངས་སོ། །ཕྱིར་བསྔོ་བ་ཞེས་བྱ་བ་ནི་ལན་གྱི་ཚིག་གོ །ཡིད་མི་སྐྱོ་བ་ཞེས་བྱ་བ་ནི་མི་སྐྱོ་བའོ། །བསྟན་པ་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །དུ་ཞིང་ནི་མཆི་མ་འབྱིན་པས་སོ། །ཆོས་དེ་ནི་དམན་པའི་སྒྲས་སོ། །མྱ་ངན་ནི་འདོད་པའི་ཡིད་དོ། །སྨྲ་བ་ནི་རྣམ་པ་སྣ་ཚོགས་སྨྲ་བའོ། །རྗེས་སུ་འབྲང་བ་ནི་ལྡན་པས་སོ། །བསྐོར་བ་ནི་ཡོངས་སུ་བསྐོར་བའོ། །འོ་བས་ནི་འོ་བས་སོ། །འབྱོར་པ་ནི་ནོར་ཕུན་སུམ་ཚོགས་པའོ། །རྒྱས་པ་ནི་ཤིང་དང་སྐྱེད་མོས་ཚལ་ལ་སོགས་པས་སོ། །བདེ་བ་ནི་འཚེ་བ་མེད་པའི་ཕྱིར་རོ། །ལོ་ལེགས་པ་ནི་བཟའ་བ་དང༌། བཏུང་བ་རྙེད་སླ་བའི་ཕྱིར་རོ། །གང་བ་ནི་རྒྱ་ཆེ་བའོ། །མང་པོ་ནི་སྐྱེ་བོ་རྣམ་པ་སྣ་ཚོགས་སོ། །གང་དག་ལ་འཁོར་དེ་ལྟ་བུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ན་མི་དེ་ལྟ་བུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བར་ནི་ནང་ངོ༌། །སྲང་ནི་ཉོ་ཚོང་གི་གནས་ཏེ། དེ་ནི་སྲང་ལྔ་བརྒྱ་དག་གིས་ངེས་པར་གཏམས་པ་ནི་མ་ལུས་པར་གཏམས་པ་སྟེ། ལམ་སྲང་ར་བའི་མཐར་ཐུག་པར་རི་མོར་བྲིས་པ་ལྟ་བུར་གཏམས་པའོ། །རི་མོ་ཡང་ཡིན་ལ་བྲིས་པ་ཡང་ཡིན་པས་རི་མོར་བྲིས་པའོ། །བྲིས་པ་ནི་


DTG089_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་བ་ཉིད་ཀྱི་ཕྱིར་རོ། །བཞིན་དུ་ཞེས་བྱ་བ་ནི་གྲོང་དང་རྗེས་སུ་མཐུན་པར་རོ། །དེས་ཉམ་མི་ང་བ་ན་མཉམ་ཞིང་གསལ་བའོ། །སྐྱེ་བོ་དང༌། ཁྲི་དང་བཞོན་པ་རྣམས་འདུས་ནས་འགྲོ་བའི་གནས་ནི་ཡང་དག་པར་འདུས་ནས་འགྲོ་བའི་གནས་ཏེ། ལམ་སྲང་རྒྱ་ཆེ་བའོ། །དེ་དག་གཞག་པ་ནི་གནས་པའོ། །ལེགས་པར་བསྒྲུབས་པ་ཞེས་བྱ་བ་ནི་ལེགས་པར་བརྒྱན་པའོ། །དེ་ལ་སྐྱེ་བོ་ལ་སོགས་པ་ནི་འཇིག་རྟེན་ནོ། །ཁྲི་ནི་ཁྱོགས་སོ། །བཞོན་པ་ནི་ཤིང་རྟའོ། །གོང་ན་མེད་པའི་ཕྱིར་དང༌། ཕན་ཚུན་མཉམ་པའི་ཕྱིར་མཉམ་ཞིང་མཚུངས་པའོ། །མདའ་ཡབ་རྣམས་ནི་ཀ་ཞུ་ལ་སོགས་པའོ། །མཐོ་བ་ནི་ར་བ་ལས་ཤིན་ཏུ་རྒྱ་ཆེ་བ་ཅུང་ཟད་མཐོ་ཞིང་ཕྱིར་འདོར་བའོ། །ཚད་དང་ལྡན་པ་ཞེས་བྱ་བ་ནི་ཡངས་ཤིང་མཐོ་བའོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་གཞན་དང་གཞན་རྣམ་པ་སྣ་ཚོགས་པའོ། །མདའ་ཡབ་ལས་སྐྱེས་པའི་ཤིང་ཐམས་ཅད་ཀྱང་མདའ་ཡབ་གཉིས་པའི་ཤིང་གཞན་དང་ཇི་ལྟར་ཡོད་པ་དེ་བཞིན་དུ་འབྲེལ་པའོ། །ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ནི་འདི་ལ་ཐམས་ཅད་ཡོད་པས་ན་ཐམས་ཅད་དང་ལྡན་པའོ། །གཡེར་ཀའི་དྲ་བ་ཞེས་བྱ་བ་ནི་ར་བའི་ངོས་བཞིའི་མདའ་ཡབ་དང་འབྲེལ་པའི་ཤིང་ནོར་བུའི་སྐུད་པ་བཞིས་སྦྲེལ་བ་ལ་ནོར་བུའི་སྐུད་པ་རྣམ་པ་སྣ་ཚོགས་འཕྱང་བའོ། །འཇམ་པ་ནི་རྣར་སྙན་པའི་ཕྱིར་རོ། །ཡིད་དུ་འོང་བ་ནི་སེམས་བདེ་བ་ཉིད་ཀྱི་ཕྱིར་རོ། །སྙན་པ་ནི་ཡིད་འཕྲོག་པ་ཉིད་ཀྱི་ཕྱིར་རོ། །ཡན་ལག་ལྔ་པ་ནི་པི་ཝང་དང་གླིང་བུ་ལ་སོགས་པའོ། །མཁས་པ་ནི་གླུ་མཁན་སྣ་ཚོགས་སོ། །རྩེ་བ་ནི་རྣ་བས་སོ། །དགའ་བ་ནི་སེམས་ཀྱིས་སོ། །རབ་ཏུ་རྒྱུ་པ་ནི་ལུས་དང་ངག་གི་ཀུན་དུ་གཡོ་བའོ། །འོབས་ནི་འོབས་སོ། །ཆུ་རྗེས་སུ་མཐུན་པར་འབབ་པ་ཞེས་བྱ་བ་ནི་རླུང་ལ་སོགས་པ་དང་རྗེས་སུ་མཐུན་པའི་ཆུའི་རྒྱུན་དང་ལྡན་པའོ། །པདྨ་ནི་པདྨ་དམར་པོའོ། །པུ་ཎྜ་རཱི་ཀ་ནི་པདྨ་དཀར་པོའོ། །རིགས་ཆེ་ཞིང་ཆེ་བ་ཞེས་བྱ་བ་ནི་གྱ་ནོམ་པ་བས་གྱ་ནོམ་པའོ། །དྲི་ཞིམ་པོའི་སྒྲ་ནི་དྲི་ཞིམ་པོའི་རྣམ་གྲངས་སོ། །རྫིང་བུ་དེ་དག་ཅེས་བྱ་བ་ནི་སྐྱེད་མོས་ཚལ་གྱི་རྫིང་བུའོ། །ཁོར་


DTG089_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་གི་ཚད་ཅེས་བྱ་བ་ནི་ཆོས་ཐམས་ཅད་དུའོ། །རྒྱང་གྲགས་རྒྱང་གྲགས་ཞེས་བྱ་བ་ནི་བཟླས་པའོ། །མཐིང་ག་ལ་སོགས་པའི་ཚིག་ནི་སྔ་མ་བཤད་པའོ། །སྒྲ་འབྱིན་པ་ནི་སྒྲ་སྒྲོགས་པའོ། །སངས་རྒྱས་ཀྱི་ཚུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་གུས་པར་བྱེད་པ་ནི་མཆོག་ཏུ་དང་བ་སྟེ། དེས་རྗེས་སུ་འགྲོ་བའོ། །གང་དག་ལ་བདེ་བར་གཤེགས་པ་དག་ལས་ཐོས་པ་བསམས་པ་དག་ལ་སྟེ། དེ་ལྟར་དེ་རྣམས་ཀྱིའོ། །གྲོང་ཁྱེར་གྱི་དབུས་ན་བཞི་མདོ་ཞེས་བྱ་བར་སྦྱར་རོ། །ཁོར་ཡུག་ཅེས་བྱ་བ་ནི་ངོས་སོ་སོར་རོ། །ཁང་བའི་ལོངས་སྤྱོད་ནི་བསྐོར་བའོ། །ཅིའི་ཕྱིར་ཞེ་ན། ཉེ་བར་ལོངས་སྤྱོད་པ་དང༌། ཡོངས་སུ་ལོངས་སྤྱོད་པའོ། །ཉེ་བར་ལོངས་སྤྱོད་པ་ནི་འབྲས་བུ་དང༌། མེ་ཏོག་ལ་སོགས་པའོ། །ཡོངས་སུ་ལོངས་སྤྱོད་པ་ནི་མ་ལུས་པ་སྟེ། འཆག་སར་འཆག་པ་ལ་སོགས་པའོ། །བར་ཞེས་བྱ་བ་ནི་མཚམས་ཏེ། ཕྱི་ནང་གི་སྐབས་སོ། །ལྡན་པ་ནི་འབྱོར་པའོ། །འདོད་པའི་ཡོན་ཏན་ལྔ་པོ་དེ་དག་གིས་དབང་པོ་ཐམས་ཅད་རྗེས་སུ་འཛིན་པས་ན་དབང་ངོ༌། །དེ་དང་ལྡན་པ་ནི་དབང་དུ་གྱུར་པའོ། །རྩེ་བ་ནི་དག་གིས་སོ། །དགའ་བ་ནི་ཡིད་ཀྱིས་སོ། །ཀུན་དུ་སྤྱོད་པ་ནི་ལུས་ཀྱིས་སོ། །དུས་རེ་ཞིག་ཅེས་བྱ་བ་ནི་དུས་ཐུང་བའོ། །དེ་ནས་ཞེས་བྱ་བ་ནི་རྩེ་བ་ལ་སོགས་པའི་དུས་ཀྱི་འོག་ཏུའོ། །དུས་གསུམ་ཞེས་བྱ་བ་ནི་སྔ་དྲོ་དང༌། ཉི་མ་ཕྱེད་དང༌། ཕྱི་དྲོ་དག་ཏུའོ། །ཁྲིའི་ཁྱད་པར་ནི་གསེར་གྱི་རྐང་པ་དང་ཞེས་བྱ་བ་ནས་འཕང་དུ་རྒྱང་གྲགས་ཕྱེད་ཡོད་པ་བཤམ་པར་བྱ་བའི་བར་གྱིས་གསུངས་སོ། །ཤིང་བལ་བཏིང་བའམ། གོ་ཎི་ཀའི་སྟན་ནས་ཞེས་བྱ་བ་ལ། གོ་ཎི་ཀ་ནི་རྒྱའི་གོས་ཀྱི་སྟན་ནོ། །འདི་ལ་སྟེང་ན་ཡོད་པས་ནི་སྟེང་སྙིང་པོ་ཅན་དུ་བྱས་པའོ། །ཀ་ཤི་ཀའི་གོས་བཏིང་བ་ནི་ཀ་ཤི་ཀའི་གོས་སམ་ལྷའི་གོས་སོ། །འདི་ལ་དེ་ལྟ་བུ་ཡོད་པས་ན་དེ་སྐད་ཅེས་བྱའོ། །མཉམ་པ་ནི་ཇི་ལྟ་བ་བཞིན་ཡིན་ཏེ། དེ་ལྟར་འཛིན་པར་བྱེད་པས་ན་ཀ་བ་ཚད་དང་ལྡན་པའོ། །ལྷན་ཅིག་པ་ནི་མ་ལུས་པའོ། །ཉམས་དགའ་བ་ནི་རྩེ་གཅིག་ཏུའོ། །ཇི་ལྟར་ཞེ་ན། ཇི་འདི་ལེགས་


DTG089_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་པའོ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། ལེགས་པར་ཡང་དག་པར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མུ་ཏིག་གི་ཕྲེང་བས་བརྒྱན་པ་ཞེས་བྱ་བ་ནི་མཐའ་མ་དག་ཏུ་དྲ་བ་དང༌། དྲ་ཕྱེད་འཕྱང་བ་དང༌། དབུས་སུ་མུ་ཏིག་འབྲུམ་བུའི་རིགས་གང་ལ་ཡོད་པའོ། །མངོན་པར་གཏོར་བ་ནི་མདུན་ནས་སོ། །རབ་ཏུ་གཏོར་བ་ནི་ལོགས་གསུམ་ནས་སོ། །ཡང་དག་པར་གཏོར་བ་ནི་ཡང་སྒོ་བཞིའི་ངོས་ནས་སོ། །ཆོས་ཀྱི་བསམ་པ་རྣམ་པར་དག་པས་ཞེས་བྱ་བ་ནི་ཆོས་ལ་གང་དེ་དག་དད་པ་དང་འདུན་པ་དག་པའོ། །ཆོས་ལ་གུས་པ་ནི་དགེ་བའི་བཤེས་གཉེན་ཉིད་ཡིན་པའི་ཕྱིར་རོ། །བསྟེན་པ་ནི་ཡང་དག་པར་བསྟེན་པ་ཉིད་དོ། །དད་པར་འོས་པ་ལ་དད་པ་དང་ལྡན་པའོ། །ལོག་པར་ལྟུང་བ་ནི་ངན་འགྲོར་འགྲོ་བའོ། །གནས་པ་ནི་རྒྱུན་ཆད་པར་རོ། །དགའ་བ་ནི་མགུ་པས་སོ། །མགུ་པ་ཞེས་བྱ་བ་ནི་མགུ་བ་དེས་རོ་སྟོད་མཐོ་བར་གྱུར་པར་བྱེད་པའོ། །དེ་ཉིད་ལ་གཅིག་ཏུ་སེམས་པའི་ཕྱིར་ཡི་རངས་པའོ། །དགའ་བ་ཁྱད་པར་དུ་གྱུར་བ་ནི་རབ་ཏུ་མགུ་བའོ། །དགའ་བ་དང་ལྡན་པའི་དང་བ་ནི་དགའ་བ་དང་ཡིད་བདེ་བའོ། །སྐྱེས་པ་འདི་ལ་ཡོད་པ་དེ་སྐད་ཅེས་བྱ་བ་སྟེ་ཐོས་སོ་ཞེས་བྱ་བ་དང་སྦྱར་རོ། །ཆོས་ཐམས་ཅད་མི་གནས་པའི་འདུ་ཤེས་ཞེས་བྱ་བ་ནི་ཇི་ལྟར་བདག་ཆོས་འཕགས་ཆོས་སྟོན་པར་སྣང་བ་དང༌། ཉེ་བར་མི་དམིགས་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་རྒྱུ་ངེས་པར་མི་གནས་པ་ཞེས་བྱ་བ་འདི་ལ་འདུ་ཤེས་ཤིན་ཏུ་མཉམ་པར་གཞག་པའོ། །འདུ་ཤེས་འདིའི་མཐུ་ཞིག་འབྱུང་ཞེ་ན། དེ་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན་ཉིད་སྒོ་སྟེ་ཐབས་ཆེན་པོ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་མཚན་ཉིད་ཐམས་ཅད་དོ། །དེ་དག་ལ་ལྟ་བ་ནི་རྣམ་པར་ལྟ་བའོ། །དེ་མི་དམིགས་པ་ནི་མེད་པར་ངེས་པའོ། །དེ་དག་གི་ཤེས་པ་ལ་ངེས་པར་འབྱུང་བ་ནི་གཏན་དུ་མེད་པར་ངེས་པའོ། །ཆོས་ཐམས་ཅད་ཐ་དད་པ་མེད་པ་ནི་མཉམ་པ་ཉིད་དེ་རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །མཉམ་པ་


DTG089_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་ཡང་དེ་བཞིན་ཉིད་དོ། །དེས་ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བ་ཡིན་ཏེ། དེ་བས་ན་ཐམས་ཅད་འགྱུར་བ་མེད་པར་མཐོང་བའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་སུ་རིག་བར་བྱའོ། །ཏིང་ངེ་འཛིན་དེ་དག་ལ་གནས་པ་ཞེས་པ་ནི་ཏིང་ངེ་འཛིན་ལ་རིམ་གྱིས་གནས་པའོ། །འདི་ལ་ཕྱོགས་བཅུ་ཡོད་པས་ཕྱོགས་བཅུའི་འཇིག་རྟེན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཅེས་བྱ་བའི་དོན་ཏེ། དེང་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་ཚད་མེད་པ་དག་མཐོང་བའོ། །གལ་ཏེ་དུས་གཅིག་ཏུ་དེ་བཞིན་གཤེགས་པ་དུ་མ་ཡིན་ཏེ། གཅིག་ཁོ་ན་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྤྱོད་པ་ཡིན་ནོ་ཞེ་ན། རྟག་ཏུ་སངས་རྒྱས་གཅིག་ཁོ་ནས་སྐུ་ཚེ་མཐའ་ཡས་པར་བྱིན་གྱིས་རློབ་པ་ཡོད་ན། ཅིའི་ཕྱིར་མི་འདོད། གལ་ཏེ་རྒྱུའི་སྟོབས་ཀྱིས་གཞན་ཡང་འབྱུང་བར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་རྒྱུའི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་དེ་བཞིན་གཤེགས་པ་མཐའ་ཡས་པ་དག་ཅིག་ཅར་འབྱུང་བ་ལ་འགལ་བ་ཅི་ཡོད། དཔེར་ན་འཁོར་ལོས་སྒྱུར་བ་གཉིས་གླིང་བཞི་པ་གཅིག་ཏུ་ཅིག་ཅར་མི་སྐྱེ་སྟེ། ཐེ་ཚོམ་མེད་པར་གཅིག་གི་ལས་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་གཅིག་འབྱུང་བར་ཤིང་རྟ་ཆེན་པོ་རྣམས་ཀྱིས་བརྟགས་ནས་གཞག་གོ །རྟོགས་པར་ཁོང་དུ་ཆུད་ཅེས་བྱ་བ་ནི་རྟོགས་པ་ནི་ཐོགས་པ་མེད་པར་དེ་ཁོང་དུ་ཆུད་པའོ། །བསླབས་སོ་ཞེས་བྱ་བ་ནི་བསླབ་པར་བྱས་པའོ། །ཇི་སྐད་བསྒོ་ཞེས་བྱ་བ་ནི་དེས་སྔར་ཁྱོད་ལ་གང་བྱས་པ་བཞིན་དུ་ཟུང་ཤིག་ཅེས་བྱ་བ་ནི་སེམས་ལ་བརྗེད་པ་མེད་པར་བྱའོ། །མགོའི་གོས་ནི་གོས་སོ། །དེའི་ཐོད་ནི་མགོའི་གོས་ཀྱི་ཐོད་དོ། །རབ་ཏུ་གདུང་བ་ནི་མྱ་ངན་ནོ། །མི་དགའ་བར་འགྱུར་བ་ནི་སྡུག་བསྔལ་བར་གནས་པའོ། །མཐར་ཕྱིན་པའི་དགའ་བ་ནི་རངས་པའོ། །ཡོན་ཏན་དང་ལྡན་པས་སེམས་རྙོག་པ་མེད་པ་ནི་དང་བའོ། །དེའི་ཡོན་ཏན་ལ་ངོ་མཚར་དུ་གྱུར་པ་ནི་རི་མོ་བྱེད་པའོ། །གུས་པ་ནི་མཆོད་པའོ། །སྒྲ་ཇི་ལྟ་བུས་ཤེ་ན། །མི་སུ་


DTG089_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཅེས་བྱ་བ་ལ་སོགས་པས་སོ། །བར་ཆད་བྱའོ་སྙམ་མོ་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་ཡོངས་སུ་བསྒྲིབས་སོ་ཞེས་བྱ་བ་ནི་གཡེང་བར་བྱས་པའོ། །ཇི་ལྟར་ན་ཅི་ནས་ཀྱང་ཞེས་བྱ་བའི་དོན་ཏོ། །སེམས་བདེ་ཞེས་བྱ་བ་ནི་དགའ་བ་དེ་ཉིད་ཀྱིས་སེམས་ལས་སུ་རུང་བའོ། །དེ་ལས་ཉིས་འགྱུར་དུ་གྱུར་པའི་དགའ་བ་ཡིན་པའི་ཕྱིར་སེམས་བར་ཏུ་དགའ་བའོ། །ཡོན་ཏན་གྱིས་རྣམ་པ་མི་རྣམས་ཀྱི་ཡོན་ཏན་གྱི་སྤྱིའོ། །ཡོན་ཏན་གྱི་ཁྱད་པར་ནི་མིའི་ལས་འདས་པའོ། །བཟོད་དོ་ཞེས་བྱ་བ་ནི་རང་ཉིད་བྱེད་པར་ཡང་འདོད་པའི་ཕྱིར་རོ། །ཡུལ་ཞེས་བྱ་བ་ནི་བུས་པའོ། །བསམ་པ་རིག་པར་བྱས་ནས་བརྩོན་པ་ཆུང་བར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །བརྩོན་པ་ཆུང་བ་ནི་བརྩོན་འགྲུས་ཆུང་བའོ། །གང་སྐད་ཅིག་དེ་ཉིད་དང་ཐང་ཅིག་དེ་ཉིད་དང༌། ཡུལ་ཙམ་ཉིད་ལ་ཡང་ཞེས་བྱ་བ་ནི་ཉན་པ་རྣམས་ཀྱི་དད་པའི་བྱེ་བྲག་གིས་གསུམ་སྨོས་པ་ཡིན་ནོ། །སྤོབས་པ་མེད་པར་གྱུར་ཏེ་ཞེས་བྱ་བ་ནི་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །ལན་གླན་པ་ཞེས་བྱ་བ་ནི་རྒྱུ་མཚན་གྱི་བདུན་པའོ། །སྤོབས་པ་མ་སྐྱེས་པ་ནི་སྤོབས་པ་མེད་པའོ། །མང་པོ་ནི་རྣམ་པ་མང་པོའོ། །རྒྱ་ཆེ་བ་ནི་རྣམ་པ་མང་པོ་མཐའ་ཡས་པའི་ཕྱིར་རོ། །ལོངས་སྤྱོད་ནི་ནོར་རོ། །འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ནི་འཇིག་རྟེན་ལས་འདས་པའོ། །སྤྱི་བོའི་སྟེང་ནི་དབུའི་སྟེང་ངོ༌། །གྱུར་ཏེ་ཞེས་བྱ་བ་ནི་གནས་པའི་དོན་ཏོ། །ནམ་མཁའ་ལ་ཞེས་བྱ་བ་ནི་བར་སྣང་ལའོ། །མདུན་དུ་བྱས་པའི་ཐལ་མོ་ནི་ཐལ་མོའོ། །ཁྱབ་པ་ནི་ཐོབ་པའོ། །མཐོང་མ་ཐག་ཅེས་བྱ་བ་ནི་མཐོང་བའི་རྒྱུས་མཐོང་བ་དང༌། ལྷན་ཅིག་གཅིག་ཅེས་བྱ་བའི་དོན་ཏོ། །རྟག་ཏུ་དེས་མཚོན་པའི་ལེའུ་ནི་དེའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་སུམ་ཅུ་པའོ།། །།དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་དམ་བཅའ་བའོ། །དེ་


DTG089_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ལས་མ་གཡོས་སོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །གལ་ཏེ་ཅི་དེ་བཞིན་གཤེགས་པ་རྣམས་བྱོན་པ་ཡིན་ནམ་ཞེ་ན། དེ་བཞིན་དུ་འོག་མའི་གཏན་ཚིགས་དག་ཀྱང་འཐད་པ་དང་བཅས་པར་རིག་པར་བྱ་སྟེ། གཏན་ཚིགས་འདི་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་གྲངས་མཚན་མའི་དབྱེ་བས་ཕྱེ་བའོ། །ནམ་མཁའི་ཁམས་ནི་དེ་བཞིན་ཉིད་དེ། ནམ་མཁའ་དང་ཆོས་མཐུན་པའི་ཕྱིར་རོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་བརྒྱན་པའི་སྐུ་ནི་དེ་བཞིན་གཤེགས་པ་ཡིན་པས་དེ་བཞིན་ཉིད་ལ་སོགས་པ་ནི་མ་ཡིན་ནམ་ཞེ་ན། རིགས་ཀྱི་བུ་ཆོས་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་ཁོ་ན་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་གཤེགས་པའོ་ཞེས་དགོངས་ཏེ། དེ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ་ཞེས་བྱ་བའི་རིགས་པའོ། །དེ་ལྟར་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པ་དག་ཐ་ནི་དད་པ་བསྟན་ནས། ཤིན་ཏུ་ཐ་དད་པ་མ་ཡིན་པར་བསྟན་པའི་ཕྱིར་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འདི་དག་ཅེས་བྱ་བ་ནི་དེ་བཞིན་ཉིད་ལ་སོགས་པ་སྟེ། དེ་བཞིན་ཉིད་ཅེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོས་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བའི་བར་དུའོ། །དེ་བཞིན་ཉིད་གཅིག་པ་སྟེ་ཞེས་བྱ་བ་ནི་བསྟན་པའོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །འདི་ལྟ་སྟེ། མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གཏན་ཚིགས་གསུངས་ཏེ། །རྫས་སུ་མེད་པའི་ཕྱིར་ཡིན་གྱི། མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པ་ནི་མ་ཡིན་ནོ་ཞེས་དགོངས་སོ། །ཡང་དེ་བཞིན་གཤེགས་པ་ལ་བྱོན་པ་དང༌། བཞུད་པ་མེད་པར་ནི་ཇི་ལྟར་བཏགས་པ་ལྟར་མེད་པ་ཉིད་ཀྱི་ཕྱིར་རོ། །དངོས་པོར་རྟོགས་པ་ཡང་འདུ་ཤེས་ཕྱིན་ཅི་ལོག་པ་ལ་སོགས་པའི་དཔེས་བསྒྲུབ་པར་བྱ་བའི་ཕྱིར་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མ་གུང་གི་དུས་ལ་བབ་པའི་ཚེ་ཞེས་བྱ་བ་ལ། འདི་ནི་ཉི་མ་གུང་ཡང་ཡིན་ལ་དུས་ཀྱང་ཡིན་པས་ཉི་མ་གུང་གི་དུས་སོ། །དེ་ལ་བབ་པ་འོང་བ་ན་འཇུག་


DTG089_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་བཞིན་གཤེགས་པ་ལ་གཟུགས་སུ་མངོན་པར་ཆགས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་སྐུ་ནི་ཆོས་ཉིད་ཀྱི་སྐུའོ། །གླང་པོ་ཆེའི་ཚིགས་ཞེས་བྱ་བ་ལ་སོགས་པ་ལ་ཚིགས་ནི་འདུས་པའོ། །གྲུབ་པ་ཞེས་བྱ་བ་ནི་ཡང་དག་པ་ཉིད་དོ། །དེ་ནི་བརྫུན་པ་དང་ཆོས་མཐུན་པའི་ཕྱིར་སླུ་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཡང་དགེ་བ་མ་ཡིན་ཞེས་གསུངས་སོ། །དོན་ཡོད་པ་ནི་སྦྱིན་པ་པོའི་འབྲས་བུ་ཆེན་པོའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྦྱིན་གནས་སོ། །རབ་ཏུ་དབྱེ་བ་ནི་དམིགས་པའོ། །སྐུ་མངོན་པར་འགྲུབ་པ་ནི་སྲིད་པ་ཐ་མ་འཛིན་པའོ། །གང་དུ་འགྲོ་བ་ནི་ཡོངས་སུ་མྱ་ངན་ལས་འདའ་པའི་དུས་ན་སྟེ། མྱ་ངན་ལས་འདས་པར་འགྲོ་བའི་གནས་ནི་གང་ན་ཡང་ཡོད་པ་མ་ཡིན་ནོ། །རྒྱུ་ནི་ཉེ་བར་ལེན་པ་ནི་རྒྱུའོ། །རྐྱེན་ནི་ལྷན་ཅིག་བྱེད་པའོ། །དེ་ལ་སྒྲའི་ཉེ་བར་ལེན་པ་ནི་སྒྲའི་རྡུལ་ཕྲ་རབ་བོ་ཞེས་ཁ་ཅིག་ཟེར་རོ། །གཞན་དག་ནི་རླུང་གི་རྡུལ་ཕྲ་རབ་པོ་ཞེས་ཟེར་རོ། །དེ་ལ་ཤིང་བུ་ཞེས་བྱ་བ་ནི་རྒྱུད་དཀྲི་བའི་ཤིང་བུའོ། །རྒྱུད་རྟེན་ནི་རྒྱུད་ཀྱི་གཙོ་བོའོ། །དང་པོ་དང་ཐ་མ་ལས་སྒྲ་མ་བྱུང་བ་ཞེས་བྱ་བའི་ཚིག་གིས་ནི་བར་མ་དག་ཏུ་འང་སྦྱར་བའི་དོན་ཏོ། །ཡང་དག་པར་དཀྲོགས་པ་ནི་ཡང་དག་པར་རབ་ཏུ་བསྐྱོད་པའོ། །སྔ་བཀོང་བ་ནི་གཟི་བྱིན་ཉམས་པར་བྱས་བའོ། །འཐོར་ཞིང་ཞེས་བྱ་བ་ནི་འཐོར་བར་བྱེད་པའོ། །བར་སྣང་ནི་ནམ་མཁའོ། །བདག་གི་ལུས་ཀྱིས་ཆོས་འཕགས་མངོན་པར་བཀབ་སྟེ་ཞེས་བྱ་བ་ནི་དེའི་མདུན་དུ་ལུས་ཐམས་ཅད་ཀྱིས་ས་ལ་ཕབ་པ་ཞེས་བྱ་བའི་དོན་ཏོ། །དེའི་དུས་ཇི་ཙམ་གྱི་བར་དུ་ཞེ་ན། ལོ་བདུན་གྱི་བར་དུ་ཞེས་བྱ་བ་གསུངས་སོ། །དུས་འདའ་བར་བྱེད་ཅེས་བྱ་བ་ནི་སྙོམས་པར་ཞུགས་པས་སོ། །གང་བདག་ཀྱང་ཞེས་བྱ་བ་ནི་གང་གི་ཚེ་བདག་ཀྱང་ངོ༌། །རྗེས་སུ་འཇུག་པ་ཞེས་བྱ་བ་ནི་རྗེས་སུ་བྱེད་པའོ། །ལྷའི་ཞེས་བྱ་བ་ནི་ནམ་མཁའ་ལས་བྱུང་བའོ། །སེམས་གཞན་ཉིད་དུ་ཞེས་བྱ་བའི་ས་ཕྱོགས་ཆག་ཆག་གདབ་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །དེ་ལྟར་བསམས་ནས་ཞེས་བྱ་བ་ནི་དེ་ལྟར་ངེས་པར་བརྟགས་ནས་སོ། །དེ་དག་ཐམས་ཅད་ཀྱིས་ཀྱང་


DTG089_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་བུ་མོ་ལྔ་བརྒྱ་པོ་དག་གོ །དེ་དང་དེ་དག་ཅེས་བྱ་བ་ནི་མཚོན་གྱི་ཁྱད་པར་རོ། །གླགས་ནི་སྐབས་སོ། །བྱིན་གྱིས་བརླབས་ཞེས་བྱ་བ་ནི་བྱས་པའོ། །འདིར་དྲིས་ཁྱབ་བོ་ཞེས་བྱ་བ་ནི་བྱིན་གྱི་རླབས་སོ་ཞེས་བྱ་བ་དང་སྦྱར་རོ། །ཡོངས་སུ་ཚོལ་པ་ནི་ཀུན་དུ་ཚོལ་བའོ། །འཕགས་པ་ཆོས་འཕགས་ཆོས་ཇི་ལྟ་བུ་སྟོན་པ་ཡིན་ཞེ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོགས་སླའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟ་སྟེའི་སྒྲས་ནི་སྤྱིར་བསྟན་པ་ཁྱད་པར་དུ་བསལ་བར་བྱེད། སུམ་ཅུ་པོ་འདི་དག་རྣམ་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འདི་ལ་ཐོབ་པའི་སྟོབས་ཀྱིས་སྐྱེས་པ་སུམ་ཅུ་པའོ། །རྣམ་པ་འདི་དག་ཉིད་ཀྱིས་ནི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་སྐྱེས་པའི་ཏིང་ངེ་འཛིན་བསྟན་ཏོ། །ཆོས་ཐམས་ཅད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཏེ། དེ་ནི་ཆོས་ཐམས་ཅད་ལ་དམིགས་པ་མེད་པས་དེ་ཡང་མཉམ་པའོ། །ཆོས་ཐམས་ཅད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་བེན་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་ཆོས་ཐམས་ཅད་རྣག་གི་མཚན་ཉིད་ཀྱིས་རྣམ་པར་དབེན་པ་དེའི་ཕྱིར། གལ་ཏེ་ནམ་ཞིག་ན་རང་གི་མཚན་ཉིད་སྣང་བ་འདི་ལས་གཡོས་པར་འགྱུར་རོ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཡོ་བ་མེད་པ་ཉིད་དོ་ཞེས་པ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་གཡོ་བ་མེད་པ་སྟེ། གང་གི་ཕྱིར་ཆོས་ཐམས་ཅད་རྣམ་པར་དབེན་པས་ན་གཡོ་བ་མེད་པ་ཉིད་དོ། །དེ་བས་ན་དེ་ཡང་རྣམ་པར་དབེན་པ་ལས་མི་གཡོ་བ་ཉིད་དོ། །གལ་ཏེ་སློམ་སེམས་ཀྱིས་གཡོས་པར་འགྱུར་རོ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་སེམས་མེད་པ་ཉིད་ཅེས་བྱ་བ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རློམ་སེམས་མེད་པ་ཉིད་ལས་སོ། །རློམ་སེམས་མེད་པ་ནི་ཆོས་ཐམས་ཅད་དེ། དེ་དག་ལ་ནི་རློམ་སེམས་ཅུང་ཟད་ཀྱང་མེད་དེ། ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱིར་རོ། །དེས་ན་དེ་ལ་ཡང་རློམ་སེམས་


DTG089_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །གལ་ཏེ་ཡང་འདི་ཅི་ཞིག་གིས་ཁེངས་པར་བྱས་པས་གཡོ་བ་མེད་པ་ཡིན་ནོ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁེངས་པ་མེད་པ་ཉིད་དོ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཁེངས་པ་མེད་པས་སོ། །ཆོས་ཐམས་ཅད་དབེན་པ་ལས་གཡོ་བ་མེད་དེ། གང་གིས་ཀྱང་ཁེངས་པ་མེད་དོ། །འོན་ཀྱང་རང་བཞིན་ཁོ་ནས་དབེན་པར་གནས་པ་ཡིན་ཏེ། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་གནས་པ་ཡིན་ནོ། །དང་པོར་མཉམ་པ་ཉིད་ཙམ་བསྟན་གྱི། རོ་གཅིག་པ་ཉིད་མ་ཡིན་པས་དེའི་ཕྱིར་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཏོ་གཅིག་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རོ་གཅིག་པ་ཉིད་པས་ཏེ། ཆོས་ཐམས་ཅད་ནི་དེ་བཞིན་ཉིད་དུ་རོ་གཅིག་པ་ཡིན་ཏེ། རང་གི་མཚན་ཉིད་རྣམས་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཡོད་སྟེ། རང་གི་མཚན་ཉིད་མི་སྣང་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མུ་མེད་པ་ཉིད་པས་ཏེ། འདི་ལྟར་མུ་ནི་གཉིས་ཏེ། སྔོན་གྱི་མུ་དང༌། ཕྱི་མའི་མུའོ། །དེ་དག་མེད་དེ་ཆོས་ཐམས་ཅད་ཀྱི་འདས་པ་དང༌། །མ་འོང་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཆོས་ཐམས་ཅད་མུ་མེད་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་ཉིད་པས་ཏེ། དེ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྟེ། དེའི་ཕྱིར་སྐྱེ་བ་མེད་དེ་རི་བོང་གི་རྭ་བཞིན་ནོ། །དེའི་ཕྱིར་སྐྱེ་བ་མེད་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་པ་ཉིད་དང་མུ་མེད་པ་ཉིད་དེ། དཔེ་གང་གིས་ཤེ་ན་ནམ་མཁའ་མུ་མེད་པས་སོ། །དེ་ལྟར་ན་ཕྱོགས་བཅུ་འམ་དུས་གསུམ་དུ་ནམ་མཁའ་ལ་མུ་མེད་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱོགས་བཅུ་དུས་གསུམ་གྱི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཙམ་སྣང་བའི་ཕྱིར་རོ། །ཇི་ལྟར་ནམ་མཁའ་མུ་མེད་པ་དེ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་


DTG089_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱང་མུ་མེད་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་མུ་མེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་རྒྱ་མཚོ་མུ་མེད་པ་ཡང་གྲུབ་སྟེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཡང་སྟེ། འདི་ལྟར་གང་རྒྱ་མཚོ་དེ་དག་གི་དེ་བཞིན་ཉིད་དང༌། གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང༌། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་འདི་ནི་གཅིག་སྟེ། དེ་བཞིན་ཉིད་ལ་དམིགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ཕྱིར་རྒྱ་མཚོ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཞེས་བྱ་བར་གྲུབ་པོ། །རྣམ་པར་ཤེས་པ་ཡང་རྨི་ལམ་ལྟ་བུ་ཡིན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ནམ་མཁའ་ལྟ་བུ་ཡིན་ན། དེ་སྔར་རྣམ་པ་སྣ་ཚོགས་སུ་སངས་བ་དང༌། ཇི་ལྟར་དོན་གཅིག་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་རི་རབ་སྣ་ཚོགས་ཉིད་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་དོ་ཞེས་གསུངས་ཏེ། ཇི་ལྟར་ནམ་མཁའ་རོ་གཅིག་པའི་རང་བཞིན་ཡིན་པ་དེ་བཞིན་དུ་རི་རབ་ཀྱི་ངོས་རྣམ་པ་སྣ་ཚོགས་སུ་མུ་མེད་ཀྱང་རྣམ་པ་སྣ་ཚོགས་སུ་སྣང་ངོ༌། །དེ་བཞིན་ཉིད་ནི་རོ་གཅིག་པ་སྟེ། དེ་ལྟར་རྣམ་པ་སྣ་ཚོགས་ནི་མ་ཡིན་ནོ། །དེ་བཞིན་ཉིད་ལས་དམིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡང་སྨི་ལམ་ལ་སོགས་པར་སྣང་བའི་ཤེས་པ་རྣམ་པ་སྣ་ཚོགས་སུ་སྣང་བ་དེ་ནི་ཡང་དག་པ་མ་ཡིན་པའི་ཆོས་ལ་ཀུན་ཏུ་རྟོག་པའོ། །དེའི་ཕྱིར་རྨི་ལ་དང༌། སྒྱུ་མ་ལྟ་བུ་ལ་སོགས་པའི་ཤེས་པ་ནི་ཀུན་རྫོབ་སྟེ། སྣང་བ་མེད་པ་དོན་དམ་པའི་ཤེས་པ་ལ་སེམས་ཅན་གཟུང་པར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །ཡང་ན་སྣང་བ་མེད་པའི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་གང་མྱོང་བ་ངེས་པར་བྱ་བའི་དོན་དུའོ། །དེའི་ཕྱིར་འདོད་པའི་དོན་གྲུབ་སྟེ། རི་རབ་སྣ་ཚོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་ཅེས་བྱའོ། །སྣང་བ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་རང་གིས་མྱོང་བ་ན་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །དེ་ཇི་


DTG089_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྣམ་པར་མི་རྟོག་པ་ཡིན་ཞེ་ན། དེའི་ཕྱིར་ནམ་མཁའ་རྟོག་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོག་པ་མེད་པ་ཉིད་དོ་ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་མེད་པས་དེ་ལ་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མེད་དེ་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དཔེར་ན་བླུན་པ་ཉིད་ཀྱི་ཕྱིར་དེ་ཇི་ལྟར་རྣམ་པར་མི་རྟོག་པ་ཡིན་ཞེ་ན། དེའི་ཕྱིར་ནམ་མཁའ་ལ་དངོས་པོར་རྣམ་པར་རྟོག་པ་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བླུན་པ་མ་ཡིན་ན་ཇི་ལྟར་རྟོག་པར་མི་བྱེད་ཅན། འདིར་རྣམ་པར་རྟོག་པ་ནི་འཁྲུལ་པ་ཡིན་ལ། དེ་ནི་འཁྲུལ་པ་མ་ཡིན་ནོ་ཞེས་བསྟན་ཏོ། །གཟུགས་སུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ་ཞེས་བྱ་བ་ལ། འདི་ལྟར་ནམ་མཁའ་མུ་མེད་པ་དེ་བཞིན་དུ་གཟུགས་ཀྱི་ཕུང་པོ་ཡང་ངོ༌། །གང་ཡང་གཟུགས་ལས་གཞན་མེད་པ་དེ་ལ་ངེས་པར་སྣང་བ་དང་མུན་པ་ཡང་མེད་དོ། །དེ་བཞིན་དུ་དེའི་དེ་བཞིན་ཉིད་སྣང་བ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །ཇི་ལྟར་བདག་གིས་རྒྱ་མཚོ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་བཤད་པ་དེ་བཞིན་དུ་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་མུ་མེད་པ་ཉིད་དང༌། འདུ་ཤེས་མུ་མེད་པ་ཉིད་དང་འདུ་བྱེད་མུ་མེད་པ་ཉིད་དང༌། རྣམ་པར་ཤེས་པ་མུ་མེད་པ་ཉིད་དང༌། སའི་ཁམས་མུ་མེད་པ་ཉིད་དང༌། ཆུའི་ཁམས་མུ་མེད་པ་ཉིད་དང༌། མེའི་ཁམས་མུ་མེད་པ་ཉིད་དང༌། རླུང་གི་ཁམས་མུ་མེད་པ་ཉིད་དང༌། ནམ་མཁའི་ཁམས་མུ་མེད་པ་ཉིད་དང༌། རྣམ་པར་ཤེས་པའི་ཁམས་མུ་མེད་པ་ཉིད་ཀྱང་བཤད་པར་བྱའོ། །ཇི་སྟེ་གང་རྣམ་པར་ཤེས་པའི་ཕུང་པོ་མུ་མེད་པ་ཉིད་དང༌། རྣམ་པར་ཤེས་པའི་ཁམས་མུ་མེད་པ་དེ་དག་ལ་ཁྱད་པར་ཅི་ཡོད་ཅི་ན། ཕུང་པོ་དང་ཁམས་ཀྱི་སྒྲ་དག་གིས་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །རྡོ་རྗེ་སྟ་བུའི་ཆོས་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་བྱ་བ་ལ། སེམས་འཛིན་པས་ན་ཆོས་ཏེ་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ལྟ་བུའི་ཆོས་ནི་རྡོ་རྗེ་ལྟ་བུའི་


DTG089_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ཏོ། །དེ་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་མ་འདྲེས་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འདྲེས་པ་ཉིད་དོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་མ་འདྲེས་པ་ཉིད་ནི་མ་འདྲེས་པ་སྟེ། འབྱེད་པར་བྱེད་པའི་རང་གི་མཚན་ཉིད་རྣམས་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་མུ་མེད་པ་དེ་བཞིན་དུ་གཟུགས་ཀྱི་ཕུང་པོ་ཡང་ངོ༌། །གང་ཡང་གཟུགས་ལས་གཞན་མེད་པ་དེ་ལ་ངེས་པར་སྣང་བ་དང་མུན་པ་ཡང་མེད་དོ། །དེ་བཞིན་དུ་དེའི་དེ་བཞིན་ཉིད་སྣང་བ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །ཇི་ལྟར་བདག་གིས་རྒྱ་མཚོ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་བཤད་པ་དེ་བཞིན་དུ་གཞན་སེམས་ཤིང་འཛིན་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་དེ་དག་དང་དེ་མི་དམིགས་སོ། །ཆོས་ཐམས་ཅད་རྣམ་པར་འཇིག་པ་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མཉམ་པ་ཉིད་དོ་ཞེས་བྱ་བ་ལ་རྣམ་པར་འཇིག་པ་ནི་གཞན་དག་ལ་ཚིག་གིས་སྟོན་པ་དེ་ཆོས་ཐམས་ཅད་ལ་མེད་དེ། དེའི་ཕྱིར་རྣམ་པར་འཇིག་པ་མེད་པས་དེ་དག་མཉམ་པ་ཉིད་དོ། །དེ་བཞིན་དུ་དམིགས་པ་ཐམས་ཅད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཇིག་པ་མེད་པ་ནི་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་བྱེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེད་པ་མེད་པ་ཉིད་དོ་ཞེས་བྱ་བ་ལ་བྱེད་པ་མེད་པ་ཞེས་བྱ་བ་ནི་བྱེད་པ་ནི་འདིར་བྱ་བ་སྟེ། ཆོས་ཐམས་ཅད་བྱ་བ་མེད་པའོ། །དེ་ལྟར་གང་ཞིག་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། འདི་ཡོད་པའི་རྐྱེན་གྱིས་འདི་ཡོད་ན་ནི་འདི་འབྱུང་ལ་འདི་མེད་ན་ནི་འདི་མི་འབྱུང་ཞེས་བྱ་བ་འདི་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོའོ། །དེའི་ཕྱིར་འདི་རྣམས་ནི་བྱེད་པ་མེད་པ་སྟེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ༌། །


DTG089_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ལ། ཇི་ལྟར་ཆོས་ནི་གཞན་དག་ལ་བསྟན་དུ་མེད་དེ། ཚིག་གི་ཡུལ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རང་གིས་ཀྱང་བསམ་དུ་མེད་ཅིང་བརྟག་ཏུ་མེད་པ་སྟེ། དེ་དག་དང་རྣམ་པར་རྟོག་པ་དང་དོན་གཅིག་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གྱིས་མི་ཁྱབ་པའོ། །རིགས་པར་བྱའོ་ཞེས་གང་མཐར་བརྗོད་པ་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པའི་ཚིག་དག་ལ་སྦྱར་ཏེ། མེད་ན་མི་འབྱུང་པ་ཉིད་ཀྱི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལས་སོགས་པ་གསུངས་པ་ལ། དེ་ནས་ཞེས་བྱ་བ་ནི་བསྟན་པ་ཡོངས་སུ་རྫོགས་པའོ། །དེ་ལྟར་འདུག་བཞིན་དུ་ཞེས་བྱ་བ་ནི་ཐོས་པའི་སྟན་ལས་མ་ལངས་པ་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །དེའི་ཚེ་ཞེས་བྱ་བ་ནི་རིམ་པ་གང་དང་རྣམ་པ་གང་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་རིམ་པ་དེ་ཉིད་དང་རྣམ་པ་དེ་ཉིད་ཀྱིས་ཏིང་ངེ་འཛིན་སུ་ཅུ་སྐྱེས་སོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལ་ཆོས་ཐམས་ཅད་མཉམས་པ་ཉིད་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་དུ་ཡང་བསྟན་ན། ཇི་ལྟར་འདི་དག་རྣམ་པ་ཡིན་ཞེ་ན། རྣམ་པ་འདི་དག་གིས་ཏེ། བཞི་དང་ཡེ་ཤེས་རྣམ་པ་ཡི། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཞེས་བྱ་བ་གསུངས་ཏེ། དེ་ལྟ་མོད་ཀྱི་རང་རང་གི་དམིགས་པ་ནི་དེ་ཉིད་ཀྱི་གཞི་ཇི་ལྟ་བ་བཞིན་ནོ། །ཡང་ན་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པ་ཉིད་དམིགས་པ་སྟེ། དེའི་དམིགས་པ་ནི་ཏིང་ངེ་འཛིན་དེའི་དམིགས་པ་ཡིན་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །གཞི་ལ་གནས་པ་མཚན་མ་མེད་པ་ལ་སོགས་པ་ནི་རང་རང་གི་ཇི་ལྟ་བའི་རྣམ་པའོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་སུམ་ཅུ་ལ་སོགས་པའོ། །ཇི་ལྟར་དེ་དག་ལ་སོགས་པ་ཡིན་ཞེ་ན། འདི་དག་ཉིད་ཀྱིས་ལྷག་མ་བསྡུས་པའི་ཕྱིར་ཏེ། བརྒྱ་ཕྲག་སྟོང་ཞེས་བྱ་བ་ནི་འདུམ་མོ། །ཆོས་འཕགས་ཀྱིས་མཚོན་པའི་ལེའུ་ནི་དེའི་


DTG089_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་སུམ་ཅུ་རྩ་གཅིག་པའོ།། །།ཐོབ་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་འདིས་ཐོས་པའི་ཏིང་ངེ་འཛིན་རྣམས་ཀྱི་ཕན་ཡོན་དེའི་དུས་སུ་སྐྱེས་པ་ནི་དེ་ཉིད་ཀྱི་ཕྱིར་དེ་མ་ཐག་པའི་སྒྲས་ནི་དུས་མཉམ་དུ་ཐོབ་པོ་ཞེས་བརྗོད་དེ། ཐོབ་པ་ཡོད་ནའོ། །ཚུལ་འདི་ལྟ་བུ་ཉིད་ཀྱིས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་མངོན་པར་རྟོགས་པ་བརྒྱད་ཀྱི་དངོས་པོས་སོ། །མིང་འདི་ཉིད་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པས་སོ། །གར་སྐྱེས་པ་ཐམས་ཅད་དུ་སངས་རྒྱས་དང་མི་འབྲལ་བར་འགྱུར་ཞེས་བྱ་བ་ནི་བསྟན་པའོ། །འདི་ནི་འོག་ཏུ་བསྟན་པའི་གཞུང་ལས་འབྲལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་ནི་བཤད་པའོ། །དེས་ཞེས་བྱ་བ་ལ་སོགས་པས་ནི་ཡོངས་སུ་གཏད་པའི་གླེང་བསླང་བའོ། །དེས་རྣམ་གྲངས་འདིས་ཀྱང་ཞེས་བྱ་བ་ནི་རྟག་ཏུ་ངུའི་ཇི་ལྟར་བྱུང་པས་ཀྱང་ངོ༌། །ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ནས། འདི་ནི་ངའི་གདམས་ངག་གོ་ཞེས་བྱ་བའི་བར་ནི་གཏད་པ་དང་པོའོ། །འདིར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཞེས་བྱ་བའི་ཚིག་ཅིའི་ཕྱིར་ཞེ་ན། དོན་ཆེན་པོ་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཡུམ་ལ་བར་དུ་གཅོད་པ་ནི་མང་དུ་ཡོད་པས་སངས་རྒྱས་ཀྱི་བྱིན་གྱི་རླབས་མེད་པར་བྲི་བར་ཡང་མི་ནུས་སོ་ཞེས་བསྟན་ཏོ། །འདི་ནི་ངའི་གདམས་ངག་གོ་ཞེས་བྱ་བ་ལ་འདི་ནི་ངའི་གཏད་པ་སྟེ། ཇི་ལྟར་འདི་ཉན་པ་ལ་སོགས་པས་རྒྱུན་མི་འཆད་པར་དེ་ལྟར་ཁྱོད་ཀྱིས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེ་ཡོངས་སུ་གཏད་པ་ལ་དགོས་པ་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གཏད་པ་


DTG089_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་གླེང་བའོ། །གནས་པ་འདི་ལ་ཞེས་བྱ་བ་ནི་སྐུ་འདི་ལའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དགའ་བ་ལ་སོགས་པ་འདི་དག་གོ །གླེང་བསླང་བ་འདི་དག་བྱས་ནས་ཡོངས་སུ་གཏད་པའི་ཕྱིར་ཀུན་དགའ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ལ་ཡོངས་སུ་གཏད་དོ་ཞེས་བྱ་བ་ནི་ཡང་དག་པར་གཏད་པའོ། །རྗེས་སུ་ཡོངས་སུ་གཏད་དོ་ཞེས་བྱ་བ་ནི་མཐུན་པར་ཡོངས་སུ་གཏད་པའོ། །ཇི་ལྟར་ཡོངས་སུ་གཏད་པ་ཡིན་ཞེ་ན། དེའི་ཕྱིར་ཅི་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེས་བུ་ཐ་མ་ཞེས་བྱ་བ་ནི་མ་གུས་པའོ། །གང་གི་ཕྱིར་འདི་ལ་དགའ་བ་དང་གུས་པར་བྱ་ཞེ་ན། དེའི་ཕྱིར་དུ་དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་དྲུང་ནི་སྤྱོད་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །བཅོམ་ལྡན་འདས་ཡུམ་ཡོངས་སུ་རྫོགས་པར་གསལ་བར་བྱ་བའི་ཕྱིར་སྡུད་པ་པོས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྐད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའོ། །བཀའ་སྩལ་བ་དང་ཞེས་བྱ་བ་ནི་གསུངས་པའོ། །བཅོམ་ལྡན་འདས་ནི་སྟོན་པའོ། །གཞན་གྱི་དོན་ལ་དགྱེས་པ་ནི་དེ་བཞིན་གཤེགས་པའོ། །གཟན་གྱི་དོན་མཆོག་ཏུ་མཛད་པ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའོ། །དེའི་ཕྱིར་ཡི་རངས་ཏེ་ཞེས་གསུངས་ཏེ། བླ་ན་མེད་པའི་ཆོས་བསྟན་པས་དགའ་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཉན་པ་པོས་ཅི་ཞིག་བྱས་པ་ཡིན་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་གསུངས་སོ། །བསྟོད་པའི་སྔོན་རོལ་དུ་མངོན་པར་འབྲེལ་པ་ནི་ལས་དང་བཅས་པ་ཡིན་ཏེ། དེ་ནི་ལ་ལར་ནི་འདོད་པ་ལ་འཇུག་ལ། ལ་ལར་ནི་དགའ་བ་ལ་འཇུག་པ་སྟེ། དེ་ལ་དམིགས་པ་ཉིད་ནི་


DTG089_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལས་ཡིན་ཏེ་ལས་དེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསྟན་པ་འདི་ཉིད་དོ། །ཉན་པ་པོ་དག་ཀྱང་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་ནི་སེམས་ཅན་གྱི་ཚོགས་སོ། །ཉན་པ་པོ་དག་ཀྱང་རྒྱལ་པོའི་ཁབ་ཀྱི་སྐབས་ཡིན་པའི་ཕྱིར་མིའི་ཚོགས་སོ། །འདི་འབའ་ཞིག་གིས་རྟོག་པ་རྣམ་པར་བཅད་པའི་ཕྱིར་ཁྱད་པར་དུ་བྱས་པ་ནི་ལྷ་དང༌། མི་དང་ལྷ་མ་ཡིན་དང༌། དྲི་ཟར་བཅས་པ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་ལ་སོགས་པ་དང༌། ལྷ་ལ་སོགས་པའི་འཇིག་རྟེན་ཞེས་བསྡུས་སོ། །ཡོངས་སུ་གཏད་པ་བརྗོད་པའི་ལེའུ་ནི་ཡོངས་སུ་གཏད་པའི་ལེའུའོ། །འཁྲུལ་པའི་དྲི་མ་སྣ་ཚོགས་རྣམ་བྲལ་གཟུང་དང་འཛིན་པ་རྣམ་པར་སྤངས། །འགྲོ་བ་གང་དག་དེ་བཞིན་ཉིད་དུ་རོ་གཅིག་དེ་ནི་རྣམ་པར་མཛེས། །རྣམ་རྟོག་ལས་སྒྲོལ་ཤེས་རབ་པ་རོལ་ཕྱིན་དེ་བྱང་ཆུབ་སེམས་དཔའི་བློ། །དེ་ཉིད་རྣམ་པར་དག་པའི་ཐར་ཕྱིན་དཔའ་པོ་དེ་བཞིན་གཤེགས་ཞེས་བརྗོད། །གང་ཞིག་མངོན་རྟོགས་བརྒྱད་དང་སྟོང་ཕྲག་བརྒྱད་དུ་བསྟན་པ་ཡི། །རྒྱུ་དང་མདོ་ནི་བདག་གིས་རྣམ་ཕྱེས་ཐོབ་པའི་བསོད་ནམས་ཀྱི། །ཕུང་པོའི་འབྲས་བུ་དེས་ནི་སྐྱེད་ཅི་རིགས་གྲོལ་གྱུར་ཅིག །བདག་ཀྱང་སྣ་ཚོགས་བྱ་བ་རྒྱུན་མི་འཆད་པའི་དབང་ཐོབ་ཤོག །ཇི་སྲིད་འདིར་ནི་མར་མེའི་སྙིང་པོ་ཆེན་པོ་རྫོགས་ཡོད་གྱུར། །སྐྱེ་ཁོ་རྣམས་ཀྱི་ཡིད་ཀྱི་ནང་དེར་སྣང་བ་འབྱུང་འགྱུར་ཏེ། །ཡོན་ཏན་དཔེ་མེད་སྟོན་ཅིང་མ་ལུས་དྲི་མེད་བསྔགས་པ་ཡིན་།གཽ་ཏ་མའི་གསུང་དེས་སྲིད་པའི་མུན་པ་སེལ་གྱུར་ཅིག །ཤེས་རབ་ཕ་རོལ་ཕྱིན་བསྡུས་པ། །བརྒྱ་ཕྲག་བཅུ་པ་བརྒྱད་དག་གི །དཀའ་འགྲེལ་སྙིང་པོ་མཆོག་ཅེས་པ། །ཚིག་གསལ་འདི་ནི་བདག་གིས་བྱས། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་ལ་སྙིང་པོ་མཆོག་ཅེས་བྱ་བ་རྒྱལ་པོའི་སློབ་དབོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་སུ་བྷཱུ་ཏི་ཤཱན་ཏི་དང༌། ལོ་ཙཱ་བ་ཤཱ་ཀྱ་བློ་གྲོས་ཀྱིས་བསྒྱུར་བའོ།། །།


no previousའཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ། རིན་ཆེན་འབྱུང་གནས་ཞི་བ།next