Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དགུ་བཅུ་པ།


  collapse section
   
   
གཉིས་པ། ལམ་ཤེས་པའི་སྐབས།
   
   
   
   
   
   


 
previousགཉིས་པ། ལམ་ཤེས་པའི་སྐབས།next

གཉིས་པ། ལམ་ཤེས་པའི་སྐབས།


DTG090_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྗེས་ལ་དེ་ཁྱད་པར་དུ་བསྒྲུབ་པའི་ཕྱིར་རམ། ཐ་དད་དུ་ཕྱེ་བའི་ཕྱིར་ལམ་ཤེས་པ་ཉིད་བརྗོད་པར་བྱ་སྟེ། གང་དུ་བསྟན་བཅོས་ལས། མོག་མོག་པོར་བྱེད་ལ་སོགས་དང༌། །སློབ་མ་བསེ་རུའི་ལམ་གང་དང༌། །འདི་དང་གཞན་པའི་ཡོན་ཏན་གྱི། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང༌། །བསྟོད་དང་བཀུར་དང་བསྔགས་པ་དང༌། །བསྔོ་དང་རྗེས་སུ་ཡི་རང་དང༌། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཡིས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་ཏེ། གང་དུ་ལམ་འདིས་མཐོང་བའི་ལམ་ནི་བྱང་ཆུབ་སེམས་དཔའི་སྟེ། ཤིན་ཏུ་དག་པ་ཞེས་པ་ནི་རྗེས་སུ་འཇུག་པ་སྟེ། ཤིན་ཏུ་རྣམ་པར་དག་པ་ཅན་ནི་སངས་རྒྱས་ཀྱི་ཞེས་བཤད་དོ། །འདིར་འབྲས་བུའི་གནས་སྐབས་ཀྱི་དག་པ་ནི་ཞིང་ལ་འདིར་བཤད་ཀྱི། ལམ་ཤེས་པའི་ནང་དུ་འདུས་པ་མ་ཡིན་པ་ཉིད་དོ། །བསྒོམ་པ་ཉིད་ཀྱི་ལམ་ནི་བསྒོམ་པས་ཇི་ལྟར་ན་ཤིན་ཏུ་རྣམ་པར་དག་པ་བསྒོམ་པའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་ཐོག་མར། ལྷ་རྣམས་རུང་པར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང༌། །ཡུལ་ངེས་པ་དང་ཁྱབ་པ་དང༌། །རང་བཞིན་དང་ནི་དེ་ཡི་ལས། །ཞེས་པ་ནི་རྒྱས་པར་བཤད་པ་སྟེ། ལམ་ཤེས་པར་རུང་བ་ཉིད་ནི་སེམས་བསྐྱེད་པ་ལ་ལྷ་དེ་རྣམས་ཀྱི་དོན་དུ་མོག་མོག་པོར་མཛད་པ་ཉིད་ནི་དམན་པ་དང་ངན་པར་བྱས་པ་སྟེ། བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་འོད་ཀྱིས་ཟིལ་གྱིས་མནན་པ་ནི་ལམ་ཤེས་པ་རྣམས་ཀྱི་རྩ་བ་ནི་སེམས་བསྐྱེད་པ་སྟེ། དེ་དང་བྲལ་བ་རྣམས་ཀྱིས་དེ་ལ་མི་རུང་བའི་ཕྱིར་ལ། དེ་ཉིད་ཀྱིས་ན་འདིར་རུང་བ་ཞེས་བརྗོད་དོ། །དེས་ན་འདི་ཉིད་གཙོ་བོ་ལ། ལྷག་མ་ནི་དེའི་འཁོར་རོ། །དེ་ལ་མོག་མོག་པོར་བྱེད་ཀྱི་དབང་དུ་བྱས་ནས་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། དེའི་ཚེ་ནི་དུས་སོ། །འདུས་པ་ནི་ཕྱག་བྱས་པ་ལ་སོགས་པ་སྟེ། འཁོད་པ་ནི་ཉེ་བ་ན་འདུག་པའོ། །རིག་ནི་སྡེའོ། །རྒྱལ་པོ་ཆེན་པོ་ནི། རྣམ་ཐོས་སྲས་ལ་སོགས་པའོ། །སྟོང་


DTG090_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཉིད་ནི་མི་མཇེད་དེའི་བདག་པོའོ། །ལྔ་ངོ་ཞི་གནས་གཙང་མའི་རིས་རྣམས་ལ་སྟོང་ཕྲག་ལྔ་ཉིད་དོ། །འདིར་གཟུགས་ཅན་གྱི་ལྷའི་རིས་ཇི་ལྟ་བའི་གོང་གི་ཁྱད་པར་ཅན་རྣམས་ཀྱི་འོད་མཐུ་ལ་སོགས་པ་རྣམས་ཀྱི་སྣང་བས་འོད་ཟིལ་གྱིས་མནན་བ་ནི་སེམས་བསྐྱེད་པའི་དོན་གྱི་ཕྱིར་བཅོམ་ལྡན་འདས་ཀྱིས་མོག་མོག་པོར་བྱས་ནས་ཐམས་ཅད་ཟིལ་གྱིས་མནན་ཞེས་མཁས་པ་ཉིད་ཀྱིས་དེའི་ངོ་བོ་ལ་དགའ་བསྐྱེད་པར་འགྱུར་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པ་ནི་མངོན་པར་འདུས་བྱས་པ་ཅན་མ་ཡིན་པའོ་།སངས་རྒྱས་ཀྱི་བྱིན་གྱི་རླབས་ནི་ཉེ་བར་བྱེད་པ་པོ་གང་གིས་བྱས་ཤེ་ན། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཏེ། བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་འོད་ཀྱིས་སོ། །སངས་རྒྱས་ཀྱི་མཐུས་ཞེས་པ་སྟེ། སངས་རྒྱས་ཀྱི་མཐུས་སོ་སོར་བཅོམ་མོ་ཞེས་པ་ནི་མོག་མོག་པོར་བྱེད་པ་ཉིད་ཀྱིའོ། །མི་མཇེད་ལ་སོགས་པ་རྣམས་ཀྱི་ཇི་ལྟར་སྐྱེ་བ་དང་གནས་པ་མདོར་བསྡུས་ནས་བརྗོད་དེ། །འདིར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་མངོན་པར་ལྡོག་ཅིང་ནམ་མཁའ་རབ་ཏུ་གནས་པ་ལ་འོག་ཏུ་རླུང་གི་དཀྱིལ་འཁོར་དཔག་ཚད་འབུམ་ཕྲག་བཅུ་དྲུག་པ་ཁ་ཁྱེར་ཡོངས་སུ་བསྐོར་བ་ལ་གྲངས་མེད་པའོ། །དེའི་སྟེང་དུ་གློག་མེའི་སྤྲིན་དང་བཅས་པའི་སྤྲིན་ཆེན་པོ་ལས་ཆར་པའི་ཆུའི་དཀྱིལ་འཁོར་དཔངས་སུ་འདུམ་ཕྲག་བརྒྱད་པའོ། །དེའི་སྟེང་དུ་ཆུ་ཡོངས་སུ་གྱུར་པ་ལས་གསེར་གྱི་དབང་ཆེན་གྱི་དཀྱིལ་འཁོར་དཔངས་སུ་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུའོ། །འདི་གཉིས་ཀྱི་རྒྱའི་ཚད་ནི་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང༌། སྟོང་ཕྲག་གསུམ་དང༌། བརྒྱ་ཕྲག་ཕྱེད་དང་ལྔ་ནི་དབུས་ཀྱི་རྒྱའི་ཚད་དོ། །ཁོར་ཡུག་ཏུ་ནི་དབུས་ཀྱི་དྲང་ཐད་ཀྱི་སུམ་འགྱུར་རོ། །དེའི་སྟེང་དུ་རི་རབ་གྲུབ་ཤེལ་བཻ་ཌཱུ་ཪྻ་དང་ཤེལ་དང་གསེར་དང་དངུལ་ཏེ་རིན་པོ་ཆེ་བཞིའི་རང་བཞིན་ལ་ལྷོ་ལ་སོགས་པའི་ལོགས་བཞི་ལ་ལོགས་རེ་རེ་ལ་ཐ་དཀར་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་ལ་དེའི་འཁོར་ཡུག་ཏུ་ནི་ཟླུམ་པོས་ཡོངས་སུ་བསྐོར་བ་ལ་ཆུ་ལན་ལག་བརྒྱད་དང་ལྡན་པའི་རོལ་མཚོ་བདུན་དང༌། གསེར་གྱི་རི་བདུན་ཏེ། མཚོ་རི་རེའི་ཕྱི་རོལ་དུ་རིས་བསྐོར་


DTG090_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནང་གི་རྒྱ་མཚོ་ལ་ནི་དཔག་ཚད་སྟོང་ཕྲག་བརྒྱད་ཅུའོ། །དེ་ལས་གཞན་པའི་ཆུ་ལ་ནི་བཅུ་དྲུག་པ་ལས་རིམ་གྱིས་ཕྱེད་ཀྱིས་དམན་པའོ། །མཐའི་རི་མུ་ཁྱུད་འཛིན་གྱི་ཕྱི་རོལ་ཏུ་བ་ཚ་ཅན་གྱི་ཆུའི་རྒྱ་མཚོའི་ཚད་ནི་དབུ་མ་ཕྲག་གསུམ་དང༌། སྟོང་ཕྲག་ཉི་ཤུ་གཉིས་སོ། །དེའི་ཕྱི་རོལ་དུ་ལྕགས་ཀྱི་ལྕགས་རི་ཁྱུད་མོ་སྟེ་རི་བརྒྱད་པའོ། །རི་རབ་ལ་སོགས་པའི་རི་རྣམས་དང་གླིང་རྣམས་ཀྱི་ཆུའི་ནང་དུ་ནུབ་པ་ནི་དཔག་ཚད་བརྒྱད་ཁྲི་ལ། ཆུའི་སྟེང་དུ་ཡང་རི་རབ་ལ་ནི་ཡང་སྟོང་ཕྲག་བརྒྱད་ཅུ་སྟེ། བརྒྱད་པོ་རྣམས་ཀྱི་དཔངས་སུ་ནི་ཕྱེད་ཕྱེད་ཕྲ་བའི་རྔམས་དཔངས་དང་མཉམ་པའོ། །མུ་ཁྱུད་འཛིན་གྱི་བ་ཚ་ཅན་ལས་ཕྱི་རོལ་གྱི་མཚོ་ལ་འདུག་པའི་རང་བཞིན་གྱི་གླིང་བཞི་དང༌། གླིང་ཕྲན་མང་པོ་སྟེ། དེ་ལ་ལྷོ་དང་ནུབ་ཀྱི་ཕྱོགས་ལ་ཕྱོགས་པ་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་འཛམ་བུའི་གླིང་དང༌། བ་ལང་སྤྱོད་དང༌། བྱང་གི་སྒྲ་མི་སྙན་དང༌། ཤར་གྱི་ལུས་འཕགས་པོའོ། །སོག་ཀ་པ་ནི་འཛམ་བུའི་གླིང་སྟེ་ངོས་གསུམ་ལ། སྟོང་ཕྲག་གཉིས་ཡོད་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞིའོ། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ཚད་ཕྱེད་དང་བཞི་བརྒྱའོ། །བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །ཕྱེད་དང་གཉིས་ནི་དབུས་ཀྱིའོ། །སྒྲ་མི་སྙན་བརྒྱད་གྲུ་བཞིའི་དབུས་སུ་སྟོང་གཉིས་སོ། །ཚད་བྱས་པ་འདི་རྣམས་ཀྱི་གང་ཞིག་གི་ཕྱོགས་ལ་ཚེ་ལ་མི་གནས་ཏེ། ཕྱོགས་གང་དུ་ཟླ་བ་འཆར་བ་དང་ཟད་པའི་རིམ་གྱིས་རྒྱ་མཚོ་དཔའ་རླབས་རྣམས་ཀྱིས་ནུབ་པར་འགྱུར་བ་དང༌། གཏང་བར་འགྱུར་བ་རྟོགས་པས་ཁང་དུ་བརྩིགས་པའི་མདོ་ལས་ནི། འཛམ་བུའི་གླིང་ནི་དཔག་ཚད་སྟོང་ཕྲག་འདུན་ལ། ཤར་གྱི་ལུས་འཕགས་ལ་ནི་བརྒྱད་དོ། །བ་ལང་སྤྱོད་ལ་དགུ། སྒྲ་མི་སྙན་ལ་བཅུ་ཞེས་གསུངས་པ། རྣལ་འབྱོར་སྤྱོད་པའི་ས་ལས་ནི། ཤིང་རྟའི་དབྱིབས་ཀྱི་ལྷོ་ཕྱོགས་ཀྱི་ཐ་མར་ནི་དཔག་ཚད་ལྔ་བརྒྱ་ལ། ལུས་འཕགས་པོའི་ནི་ལོགས་གཅིག་ལ་དཔག་ཚད་སྟོང་ཕྲག་གཅིག་ཅེས་བཤད་དོ། །འཛམ་བུའི་གླིང་གི་འོག་ན་དཔག་ཚད་སྟོང་ཕྲག་ཉི་ཤུན་མནར་མེད་པའི་སེམས་ཅན་དམྱལ་བ་དང༌། ཡི་དགས་དང༌། ཀླུ་དང༌། ལྷ་མ་ཡིན་ཏེ། གོང་ནས་


DTG090_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་ཉི་ཚེ་བའི་དམྱལ་བ་དང༌། ཡི་དགས་དང༌། དུད་འགྲོ་དང༌། མི་རྣམས་ཇི་ལྟར་རིགས་པས་གླིང་དང་གླིང་ཕྲན་དང༌། རི་དང་རྒྱ་མཚོ་ཆེན་པོ་ལ་སོགས་པ་རྣམས་ལ། ཆུའི་གཏིང་གི་རི་རབ་ཀྱི་བར་ཐག་རེ་རེ་ལ་སྟོང་ཕྲག་བཅུ་ཡོད་པའི་བང་རིམ་བཞི་པའི་རྒྱལ་པོ་ཆེན་པོ་བཞི་སྟེ། རྣམ་ཐོས་སྲས་དང༌། ཡུལ་འཁོར་སྐྱོང་དང༌། སྤྱན་མི་བཟང་དང༌། འཕགས་སྐྱེས་པོ་རྣམས་སོ། །དེའི་ཕྱི་རོལ་དུ་དེ་དང་གཉའ་ཤིང་འཛིན་དང་མཉམ་པའི་ནམ་མཁའི་ཁང་བཟངས་ལ་སྤྱོད་པའི་ཉི་མ་དང་ཟླ་བ་ལ་སོགས་པའོ། །བང་རིམ་རྣམས་དང་རི་རྣམས་ལ་རྒྱལ་ཆེན་བཞིའི་རིས་རྣམས་སོ། །རི་རབ་ཀྱི་རྩེ་མོ་ནི་སུམ་ཅུ་རྩ་གསུམ་པ་རྣམས་སོ། །ཟུར་གྱི་ལྕོག་ལ་གནས་པ་ནི་ལག་ན་རྡོ་རྗེ་ལ་སོགས་པ་གནོད་སྦྱིན་རྣམས་སོ། །དེའི་སྟེང་དུ་ནམ་མཁའི་ཁང་བཟངས་ན་གནས་པའི་ལྷ་སྟེ། ཇི་སྲིད་དུ་འོག་མིན་གྱི་བར་དེ་གོ་རིམས་ཇི་ལྟ་བ་བཞིན་དུ། མཚེ་མ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ལ་སོགས་པ་དང༌། དེ་ལ་དམྱལ་བ་དང༌། ཡི་དྭགས་དང༌། དུད་འགྲོ་དང༌། མི་དང༌། ལྷ་དྲུག་ནི་འདོད་པའི་ཁམས་དང༌། དེའི་གོང་དུ་བསམ་གཏན་གསུམ་པ་རེ་རེ་ལས་གསུམ་གསུམ་མོ། །འདུ་ཤེས་མེད་པའི་སེམས་ཅན་ནི་འབྲས་བུ་ཆེ་བ་རྣམས་ཀྱི་ཕྱོགས་གཅིག་ན་གནས་པའོ། །དེ་ལ་ཚངས་རིས་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་པ་ཆེན་པོ་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་འཕེལ་དང༌། འབྲས་བུ་ཆེ་དང༌། མི་ཆེ་བ་དང༌། མི་གདུང་བ་དང༌། ཤིན་ཏུ་མཐོང་དང༌། གྱ་ནོམ་སྣང་བ་དང༌། འོག་མིན་ནོ། །འདི་ལ་བཅུ་གཉིས་ནི་སོ་སོའི་སྐྱེ་བོའི་སའོ། །མི་ཆེ་བ་ལ་སོགས་པ་ལྔ་ནི་གནས་གཙང་མའི་སྟེ། འདི་རྣམས་ལ་ནི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། འབྲས་བུ་ལ་གནས་པ་རྣམས་སྐྱེ་བར་འགྱུར་རོ། །འོག་མིན་གྱི་སྟེང་དུ་དེ་དང་རབ་ཏུ་འབྲེལ་བ་ཉིད་དུ་གནས་པ་ནི་གང་དུ་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོའི་ས་བཅུ་པའི་དབང་ཕྱུག་རྣམས་གནས་ཞེས་པ་ནི་གཟུགས་ཀྱི་ཁམས་ཏེ། འདིར་བུད་མེད་ནི་མེད་དོ། །ལྷའི་གནས་ཉི་ཤུ་རྩ་གསུམ་པོ་འདི་


DTG090_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གནས་དང༌། གནས་འོག་ཇི་སྲིད་པར། དེ་ནས་དེའི་གོང་དེ་སྲིད་ལ། དཔག་ཚད་ཀྱི་ཚད་ནི་ཐམས་ཅད་དུ་འཛམ་བུའི་གླིང་པ་རྣམས་ཀྱིའོ། །གཟུགས་དང་བྲལ་བ་ཉིད་དམ་ཅུང་ཟད་ཙམ་ཉིད་ཀྱིས་ནི་གཟུགས་མེད་པ་ཉིད་ཀྱི་གཟུགས་མེད་པའི་ཁམས་ནི་དམིགས་པ་ཐ་དད་པ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་པ་རྣམ་པ་བཞི་སྟེ། གནས་ནི་མེད་དེ་ནམ་མཁའ་ཉིད་ལ་གནས་པའི་ཕྱིར་རོ། །ཇི་ལྟར་སྣང་བ་མེད་པའི་འགྲོ་བ་པོའི་སེམས་ཅན་རྣམས་གང་ཡང་ཐམས་ཅད་དུ་ནམ་མཁའ་བཞིན་དུ་གནས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མི་མཐོང་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་གཟིགས་པར་འགྱུར་བའོ། །དེ་ལ་ཡང་ཤིང་རྟའི་འཕང་ལོའི་ཚད་ཙམ་གྱིས་ནམ་མཁའ་ཆ་མཐོ་དམའ་ཇི་སྲིད་པ་དེ་སྲིད་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ལྷ་དང་མི་ཙམ་མོ་ཞེས་པ་ནི་ཁམས་གསུམ་པའོ། །ཁམས་གསུམ་པ་དེ་ལས་གཞན་དུ་ཡང་སྟེ། ཁམས་གསུམ་པ་རྣམས་ལ་མཐའ་མེད་དེ་ཕྱོགས་བཅུའི་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་འཇིག་རྟེན་གྱི་ཁམས་ཏེ། འོག་མིན་གྱི་གོང་དུ་ཡང་འདོད་པའི་ཁམས། འདོད་པའི་ཁམས་ཀྱི་འོག་ཏུ་ཡང་འོག་མིན་ནོ། །དེ་ལ་འདོད་པའི་ཁམས་དང་བསམ་གཏན་དང་པོ་རྣམས། བསམ་གཏན་དང་པོ་པ་རྣམས་སྟོང་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སོ། །དེ་སྟོང་འགྱུར་གཉིས་ལ་ནི་སྟོང་གཉིས་སོ། །དེ་སྟོང་འགྱུར་གསུམ་ལ་ནི་སྟོང་གསུམ་སྟེ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་གྲགས་སོ། །གླིང་བཞི་པ་བྱེ་བ་ཕྲག་བརྒྱ་རྣམས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་དུས་གཅིག་ཏུ་འབྱུང་བ་དང་འཇིག་པའོ། །དམྱལ་བའི་འགྲོ་བ་ནས་བཟུང་སྟེ། སེམས་ཅན་རྣམས་འཇིག་ལ། ཆུའི་དཀྱིལ་འཁོར་ནས་བརྩམས་ཏེ་སྣོད་འཇིག་པའོ། །དེ་ལ་འདིར་གང་ཞིག་སེམས་ཅན་རྣམས་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེས་ནས་རིམ་གྱིས་རྒྱུན་ཆད་པའི་སྣོད་སྟོང་པ་ལ་ཉི་མ་བདུན་གྱི་མེས་ཇི་སྲིད་བསམ་གཏན་དང་པོའི་བར་དུ་འཇིག་པར་འགྱུར་རོ། །ཆུས་ཇི་སྲིད་དུ་གཉིས་པའོ། །རླུང་གིས་ནི་ཇི་སྲིད་དུ་བསམ་གཏན་གསུམ་པའི་བར་རོ། །དེ་བཞིན་དུ་འཇིག་པ་གསུམ་པོ་


DTG090_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་རེ་རེས་འཇིག་པ་ལ་བར་གྱི་བསྐལ་པ་ཉི་ཤུ་འཇིག་པར་འགྱུར་རོ། །དེ་ནས་ཉི་ཤུ་ལ་ནམ་མཁའ་སྟོང་པ་ཉིད་དུ་གནས་སོ། །དེ་ནས་ཉི་ཤུ་ལ་ཆགས་པར་འགྱུར་རོ། །ཆགས་པ་དང་གནས་པར་འགྱུར་བའི་ཉི་ཤུ་ཞེས་པའི་བར་གྱི་བསྐལ་པ་བརྒྱད་ཅུ་ལ་ནི་བསྐལ་པ་ཆེན་པོའོ། །དེ་ལ་བསྐལ་པ་དང་པོར་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ནས་རིམ་གྱིས་ཐུང་ངུ་ནས་ལོ་བཅུའི་ཚེའི་བར་ཇི་སྲིད་དེ་ནི་བར་གྱི་བསྐལ་པའོ། །དེ་ལ་ཚེ་འཕེལ་ནས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་རྣམས་ནས་ཡང་ཐུང་ནས་ཚེ་ལོ་བཅུའི་བར་ཇི་སྲིད་པ་དེ་ནི་གཉིས་པའོ། །དེ་བཞིན་དུ་འཕེལ་བ་དང་འགྲིབ་པ་གཞན་བཅུ་བདུན་ལ་ཇི་སྲིད་དུ་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་དེ་རབ་ཀྱི་མཐར་ཐུག་པ་ཉི་ཤུ་གཅིག་ཅེས་པ་དང་ཉི་ཤུའི་བརྒྱད་ཅུ་པོ་རྣམས་ཀྱི་ཚད་ནི་མཉམ་པ་སྟེ། དེ་ལྟར་བརྒྱད་ཅུ་བསྐལ་པ་བཟང་པོའོ། །དེ་ལྟར་གཞན་ཡང་བསྐལ་པ་ཆེན་པོ་ཕལ་ཆེ་བ་དཔེ་སྐར་མ་ལྟ་བུའི་བསྐལ་པའི་འགྲིབ་པ་ཡང་འདི་ཉིད་ཀྱི་དུས་ཀྱི་ཇི་སྐད་དུ་བཤད་པའི་བར་གྱི་བསྐལ་བའི་ཚད་ཀྱི་དུས་ཀྱིས་ཡོངས་སུ་བཅད་པའི་བསྐལ་པ་སྟོང་ཕྲག་ཉི་ཤུའོ། །དེ་བཏང་ནས་བཟང་པོ་ལ་སོགས་པའི་བསྐལ་པ་ཆེན་པོ་དེ་གྲངས་ཀྱི་གནས་གཞན་དྲུག་ཅུར་གྱུར་པ་རྗེས་སུ་ཐོབ་པ་གྲངས་མེད་ཅེས་བརྗོད་དོ། །དེ་ལས་བཟློག་ནས་གྲངས་གཞན་ཡང་ཞེས་པ་སྟེ་གྲངས་མེད་གསུམ་མོ། །དེ་ལྟར་བསྐལ་པ་གྲངས་མེད་པ་གསུམ་ལ་སྦྱིན་པ་ལ་སོགས་པའི་བྱ་བ་ལས་བྱུང་བའི་གང་ཞིག་ཐབས་གོམས་པས་བསྒྲུབ་པར་བྱ་བ་ནི་སངས་རྒྱས་ཉིད་དེ། དེ་ལྟར་ཡང་གྲངས་མེད་དང་པོས་ནི་ས་དང་པོ་ཐོབ་པར་འགྱུར་ལ་གཉིས་པས་ནི་དྲི་མ་མེད་པ་ལ་སོགས་པའོ། །གསུམ་པས་ནི་མི་གཡོ་བ་ལ་སོགས་པའོ་ཞེས་མདོ་སྡེ་ལས་བཤད་ལ། འདིར་བཅོམ་ལྡན་འདས་ཀྱིས་བསྐལ་པ་བྱེ་བ་མཐའ་ཡས་པའི་དགེ་བས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་ཞེས་གསུངས་སོ། །དེ་ལྟ་བུ་ལ་བརྩོན་འགྲུས་ཆེན་པོས་སློབ་པར་བྱེད་པ་ན་བསྐལ་པ་མང་པོ་རྣམ་པར་ལྡོག་པར་འགྱུར་ཏེ། ཇི་ལྟར་བདག་ཅག་གི་སྟོན་པ་བྱང་ཆུབ་སེམས་དཔར་གྱུར་པས་སངས་རྒྱས་ཉེ་རྒྱལ་ལ་བརྟེན་པས་བསྐལ་པ་དགུ་བཅུ་རྣམ་པར་ལོག་ཅིང་དེ་བཞིན་དུ་ཤིན་ཏུ་སྦྱོར་བ་དང༌། ཐབས་ཆེན་པོའི་ཁྱད་པར་གྱིས་བསྐལ་པ་བྱེ་བ་མང་པོ་རྣམས་ལ་ཇི་


DTG090_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དུ་བསྐལ་པ་གྲངས་མེད་པ་གཉིས་རྣམ་པར་ལོག་པར་གྱུར་པ་དང༌། ཇི་སྲིད་དུས་གཅིག་ན་ཡང་སྐྱེ་བ་ཉུང་ངུ་རྣམས་ཀྱིས་དང༌། ཇི་སྲིད་དུ་བླ་ན་མེད་པའི་ཚུལ་ལས་སྐྱེ་བ་འདི་ལ་མངོན་པར་བྱང་ཆུབ་ཅེས་གསུངས་པ་ན། དེ་བས་འདོད་པ་གཞན་མི་འཐད་དོ། །འཛམ་བུའི་གླིང་པ་རྣམས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུར་སོང་ནས་མར་འགྲིབ་པའི་ལོ་བརྒྱའི་བར་ལ་རྫོགས་སངས་རྒྱས་བྱུང་བར་གྱུར་ཏོ། །དུས་གཅིག་ཏུ་གླིང་བཞི་པར་ནི་དེ་བཞིན་གཤེགས་པ་གཅིག་ཁོ་ན་འབྱུང་བར་འགྱུར་བ་ནི་གདུལ་བྱའི་སྐྱེ་བོ་རྣམས་གུས་པ་བསྐྱེད་པའི་ཕྱིར་རོ། །སངས་རྒྱས་མང་པོས་གདུལ་བར་བྱ་བའི་སེམས་ཅན་སྲིད་པ་ལ་ནི་དུས་གཅིག་ཏུ་དེ་བཞིན་གཤེགས་པ་དུ་མ་སྐྱེ་བར་འགྱུར་བ་ཉིད་དེ། ཚོགས་གཉིས་ལ་གོམས་པའི་རྒྱུའི་མཐུས་དུས་གཅིག་ལ་མཐའ་ཡས་པའི་སྟོང་གསུམ་འཇིག་རྟེན་པ་རྣམས་ན་དེ་བཞིན་གཤེགས་པ་མཐའ་ཡས་པ་སྐྱེ་བར་འགྱུར་ལ། སྐྱེས་ནས་ཀྱང་མྱ་ངན་ལས་འདའ་བ་ཆོས་དང་ལོངས་སྤྱོད་རྫོགས་པ་དག་ནི་མེད་ལ། སྤྲུལ་པའི་སྐུ་གཟུགས་དང་དབྱིབས་ཀྱི་ཁྱད་པར་ལ་ནི་ཡོད་པ་ཉིད་དེ། ཇི་ལྟར་བསོད་རྣམས་ཆུང་བ་རྣམས་ལ་མི་འབྱུང་ལ། དེ་ཡང་བསོད་ནམས་བསགས་པ་རྣམས་ཀྱིས་ནི་མཐོང་བར་འགྱུར་གྱི། བདག་ཅག་ལེགས་སྤྱད་མ་བྱས་པ་རྣམས་ཀྱིས་ནི་མི་མཐོང་སྟེ་ལོང་བ་རྣམས་བཞིན་ནོ། །བདག་ཅག་གི་སྟོན་པ་ནི་འོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། སྤྲུལ་པའི་སྐུ་རྣམས་ཀྱིས་ནི་མི་མཇེད་ཀྱི་ནང་དུ་ཆུད་པའི་གླིང་བཞི་བྱེ་བ་ཕྲག་བརྒྱ་རྣམས་ལ་རིམ་དང་ཅིག་ཆར་གྱིས་དགའ་ལྡན་དུ་སྐྱེ་བ་དང་ཤི་ནས་འཛམ་བུའི་གླིང་རྣམས་སུ་སྐྱེ་བ་ལ་སོགས་པ་ནས་ཇི་སྲིད་དུ་དགོངས་པ་ཅན་གྱིས་མྱ་ངན་ལས་འདས་པའི་བར་བསྟན་པ་མཛད་དོ། །རྣམ་པ་ཐམས་ཅད་དུ་བཅོམ་ལྡན་འདས་མར་མེ་བཞིན་དུ་མྱ་ངན་ལས་འདས་པ་ན་གང་འདིར་སངས་རྒྱས་ལ་སྐྱབས་སུ་སྐྱེ་བོ་ཇི་ལྟར་འགྲོ་ཞེས་པ་ལ་སོགས་པའི་སུན་འབྱིན་པ་སྲིད་པས། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་མྱ་ངན་ལས་འདས་པ་ཞེས་པ་ནི་མི་རིགས་པ་ཉིད་དེ། དེ་ཇི་ལྟར་རྒྱ་ཆེ་བར་འགྱུར་བས་ཉེས་པ་འཇུག་པར་བྱེད། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ལམ་ཤེས་པ་ལའོ། །ཉེ་བར་བསྟན་པ་ནི་གདམས་ངག་གོ །དེའི་དོན་དེ་ཉིད་ལའོ། །གནས་པར་བྱ་བ་ནི་ཐོས་པ་ལས་བྱུང་བའི་


DTG090_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས་སོ། །བསླབ་པར་བྱ་བ་ནི་བསམས་པ་ལས་བྱུང་བས་སོ། །རྣལ་འབྱོར་དུ་བྱ་བ་ནི་བསྒོམས་པ་ལས་བྱུང་བས་སོ། །བྱིན་གྱིས་བརླབས་པ་ལ་སོགས་པ་ནི་མཐུའི་རྣམ་གྲངས་ཏེ། དེ་ལ་མཐུ་ཤེས་པ་ནི་བསྟན་པའོ། །ཅིག་ཤོས་དག་གིས་བཤད་པའོ། །གཟི་བརྗིད་ཀྱིས་ནི་སྤོབས་པར་ནུས་པ་བསྐྱེད་པའི་མཐུས་སོ། །བྱིན་གྱིས་བརླབས་པ་ནི་རབ་ཏུ་རྟོགས་པས་སོ། །དེ་བཞིན་དུ་སྦྱོར་བར་ནུས་པ་རྣམས་ཀྱི་གནས་སྐབས་སུ་བྱས་ནས་དེ་གསུངས་པ་ནི་གང་ཞེས་པ་ལ་སོགས་པ་སྟེ། དེས་བསྐྱེད་པར་བྱ་ཞེས་པས་ནི་སྦྱོར་བར་ནུས་པས་སོ། །དེ་དག་གིས་ཞེས་པ་ལ་སོགས་པ་ནི་ལམ་དམན་པས་ཐོབ་པར་བྱ་བའི་མྱ་ངན་ལས་འདས་པ་ཡང་དག་པ་ཉིད་དུ་ངེས་པ་དེ་དེས་ཐོབ་པས་སོ། །མཚམས་བཅད་པ་ནི་མཚམས་བཅད་པ་སྟེ། རྒྱུན་ཏུ་ཞུགས་པ་ལ་སོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གང་ཡང་ནས་ཡང་དུ་དེ་ལ་བོར་བའི་སྐལ་བ་མེད་དེ། ཇི་སྲིད་དུ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་མ་བརླབས་ཀྱི་བར་དུ་ཞེས་པ་ནི་སྦྱོར་བར་ནུས་པའི་ཡུལ་སོ་སོར་ངེས་པའོ། །འོན་ཀྱང་ཞེས་པ་ལ་སོགས་པ་ནི་ཁྱབ་པ་སྟེ། ཉན་ཐོས་རྣམས་ཀྱིས་ནི་བག་ལ་ཉལ་ཆད་ནས་སྐྱེ་བ་མེད་པ་སྐྱེ་བ་ཕན་ཚུན་གྱིས་བསྒྲུབ་པར་བྱ་བའི་སངས་རྒྱས་ཉིད་དུ་བྱེད་ཅེས་པ་ནི་མི་འཐད་ཅེ་ན། ཉོན་མོངས་པ་སྤངས་པས་སོ་སོའི་སྐྱེ་བོ་དང་ཐུན་མོང་གི་འཁོར་བ་རྒྱུན་ཆད་ཀྱང་མ་རིག་པའི་ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པ་དེའི་རྐྱེན་དང་ཟག་པ་མེད་པའི་དགེ་བའི་རྩ་བའི་རྒྱུ་དེ་བསོད་ནམས་ཀྱི་ཚོགས་ཆོལ་བས་ཆོག་ཤེས་པ་མེད་པ་ཉིད་དང༌། སེམས་ཅན་ཡོངས་སུ་སྨིན་པས་དུ་པ་མེད་པ་ལ་སོགས་པ་སྟེ། དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བཞིན་གྱི་མ་རིག་པའི་བག་ཆགས་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་བཞིན་དུ་ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་ལ། སྐྱེ་བའི་ཉོན་མོངས་པ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་དང་དབང་དུ་གྱུར་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་དྲུག་ཏུ་འདུས་པ་དེ་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་འཇུག་ལ། དེའི་རྐྱེན་གྱིས་ཡང་སྐྱེ་བོའི་རྐྱེན་བཞིན་དུ་རྒས་པ་དང་ཤི་བ་ལ་ནི་བསམ་གྱིས་མི་ཁྱབ་པའི་ཡོངས་སུ་བསྒྱུར་བ་ཅན་གྱི་འཆི་འཕོ་བ་ཞེས་དཔལ་ཕྲེང་སེང་གེའི་ང་


DTG090_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རོའི་མདོ་ལས་གསུངས་ཏེ། དེ་ཉིད་ཀྱིས་ན་ཐེག་པ་གསུམ་དུ་གསུངས་པ་ནི་དགོངས་པ་ཅན་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐེག་པ་ཆེན་པོའི་བདག་ཉིད་འདིས་འགྲོ་ཞེས་པ་དང༌། དེར་འགྲོ་ཞེས་པའི་ལམ་དང༌། འབྲས་བུའི་ངོ་བོའི་ཐེག་པ་ནི་གཅིག་ཉིད་ལ་ཐེག་པ་གསུམ་དུ་རྣམ་པར་གཞག་པ་ནི་བྱིས་པ་རྣམས་ཐེག་པ་ཆེན་པོ་ལ་ཞུགས་པའི་དྲང་བའི་དོན་དུ་སྟེ། དེ་ལྟར་ཡང་ལང་ཀར་གཤེགས་པ་ལས། བདག་གིས་ཐེག་གཅིག་བཤད་པ་ལས། །ཐེག་པའི་རྣམ་གཞག་ཡོད་མིན་ཏེ། །བྱིས་རྣམས་ཡོངས་སུ་དྲང་དོན་དུ། །ཐེག་པ་ཐ་དད་བདག་གིས་བཤད། །ཅེས་པ་དང༌། འཕགས་པས་ཀྱང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་པས། །ཐེག་པ་ཐ་དད་ཡོད་མ་ཡིན། །ཐེག་པ་གསུམ་ནི་ཀུན་བཤད་པ། །ཁྱོད་ཀྱིས་སེམས་ཅན་གཞུག་པ་ཉིད། །ཅེས་སོ། །ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཅིག་པ་ཉིད་དེ། དེ་ཉིད་གྲུབ་པའི་མཐའི་དབྱེ་བས་ཐ་དད་པ་ཉིད་ན་ནི་མཐར་ཐུག་པ་མེད་པར་ཐལ་བར་འགྱུར་ལ། ཕྱོགས་གཅིག་པའི་ཡེ་ཤེས་རྣམས་ཀྱིས་ནི་དེ་ཁོ་ན་ཉིད་རྟོགས་པ་མེད་དེ། རྟོགས་ན་ནི་ཆེས་ཐལ་བར་འགྱུར་རོ། །དེའི་ཕྱིར་ནི་གང་ཟག་ཆོས་ལ་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་ཡེ་ཤེས་དེ་ཉིད་ཀྱིས་མྱ་ངན་ལས་འདས་པ་ཐོབ་པ་ལས་ཡང་དག་པའི་ཆོས་ལས་གཞན་གྱིས་ནི་མིན་ཞེས་པས་ན་ཐེག་པ་ནི་གཅིག་ཉིད་དོ། །དེའི་ཕྱིར་ན་ལམ་གཞན་ལ་ཡང་དག་པའི་ཐར་པ་མེད་ཅེས་པ་བསྒྲུབ་པ་ནི། བདེན་པ་གཉིས་ལ་འཇུག་པའི་མདོ་ལས། དེ་ལ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་བསྒོམས་པས་གང་གིས་ཉོན་མོངས་པ་སྤོང་གི །ལམ་གཞན་གྱིས་མིན་ཏེ། ཉོན་མོངས་པ་རྣམས་ནི་དངོས་པོ་ལ་མངོན་པར་ཞེན་པའི་རྩ་བ་ཅན་ཡིན་པའི་ཕྱིར་ཞེས་གསུངས་སོ། །གང་དུ་ཡང་གསུངས་པ་འཇམ་དཔལ་ཇི་ལྟར་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པར་འགྱུར་བས་ཉོན་མོངས་པ་རྣམས་འདུལ་བར་འགྲོ་བར་འགྱུར་སྨྲས་པ། དོན་དམ་པར་མ་སྐྱེས་པའི་ཆོས་རྣམས་ཀྱི་ཡོད་པ་མ་ཡིན་པའི་ཡུལ་རྣམས་ལ་ཡོད་པར་སྒྲོ་བཏགས་པས་ཕྱིན་ཅི་ལོག་གི་བདག་ཉིད་ཀྱི་ལྟ་བ་ཀུན་ཏུ་ལྡང་ལ། དེ་ལས་ཉོན་མོངས་པ་རྣམས་རབ་ཏུ་འཇུག་གོ །གང་ཡང་ལྷའི་བུ་དོན་དམ་པར་ཆོས་རྣམས་


DTG090_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་པ་རབ་ཏུ་ཤེས་ཤིང་ཤེས་རབ་ཀྱི་སྦྱོར་བ་མི་བྱེད་པ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པར་རྟོག་པ་མེད་པ་སྟེ། ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པར་མི་བྱེད་ཅིང་ལྟ་བ་ཀུན་ནས་ལྡང་བར་མི་བྱེད་དོ། །སྐྱེ་བ་མེད་པ་དེ་ཉིད་ལ་གནས་པས་ཉོན་མོངས་པ་ཤིན་ཏུ་འདུལ་བ་ཉིད་དུ་བལྟ་བར་བྱ་སྟེ། མཐོང་བ་མེད་པའི་སྦྱོར་བས་སོ། །གང་དུ་དོན་དམ་པར་སྐྱེ་བ་མེད་པའི་ངོ་བོར་རབ་ཏུ་ཤེས་ནས་ཀྱང་རབ་ཏུ་ཤེས་པ་ལ་སྦྱོར་བ་མེད་པས་ནི་དེ་ལྟར་ཉོན་མོངས་པ་རྣམས་རབ་ཏུ་ཤེས་པ་མེད་པའི་སྦྱོར་བས་ཡོངས་སུ་ཤེས་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་མཆེ་བ་དུག་ཅན་གྱི་རིགས་བརྗོད་པས་དུག་ཞི་བར་འགྱུར་རོ། །དེ་བཞིན་དུ་གང་ཉོན་མོངས་པའི་རིགས་ཤེས་པ་ནི་དེའི་ཉོན་མོངས་པ་རྣམས་ཤིན་ཏུ་མི་དམིགས་པའི་རྣལ་འབྱོར་གྱིས་རབ་ཏུ་ཞི་བར་འགྱུར་རོ། །གང་དུ་ཡང་ལྷའི་བུ་དོན་དམ་པར་ཤིན་ཏུ་སྐྱེ་བ་མེད་པའི་དངོས་པོ་རྣམས་ཀྱིས་ཆོས་རྣམས་ཐམས་ཅད་ལ་ཀུན་ཏུ་བརྟགས་པ་འདི་ནི་ཉོན་མོངས་པ་རྣམས་ཀྱི་རིགས་ཞེས་གསུངས་སོ། །མདོ་ཏིང་ངེ་འཛིན་གྱི་རྒྱལ་པོར་ཡང༌། འགྲོ་བ་འདི་རྣམས་ཐམས་ཅད་སངས་རྒྱས་འགྱུར། །ཞེས་ཏེ། འདིར་ཡང་དྲི་མ་རྣམས་ནི་གློ་བུར་བའི་ཕྱིར་ན་སེམས་རང་བཞིན་གྱིས་འོད་གསལ་བས་མ་ལུས་པའི་འགྲོ་བ་རྣམས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་སྦྱོར་བར་རུང་བར་ཡོད་པ་ཉིད་དོ་ཞེས་པ་ལ་དགོངས་པའོ། །འདིར་ཐེག་པ་གསུམ་བསྟན་པ་ནི་ངེས་པའི་དོན་ལ་ཐེག་པ་གཅིག་བསྟན་པ་ནི་དགོངས་པ་ཅན་ཉིད་ཅེས་པ་དང༌། རིགས་མེད་པའི་སེམས་ཅན་ཡང་ཡོད་ཅེས་པའི་བརྟགས་པ་ནི་ཤིན་ཏུ་མ་བརྟགས་པའི་སྟེ། སྤང་བར་བྱའོ། །སེམས་ཅན་རྫོགས་སངས་རྒྱས་ལ་སྦྱོར་མི་རུང་བ་ནི་གཅིག་ཀྱང་མེད་ཅེས་པས་གནས་པ་སྟེ། དེ་ལྟར་ཡང་དབང་པོ་ཐམས་བདེན་པ་བསྒོམས་པས་ནི་བདག་མེད་པར་མཉམ་པོས་འདོད་ཆགས་དང་བྲལ་བར་འགྲོ་བར་འགྱུར་རོ། །འབྲིང་གིས་ནི་ཅུང་ཞིག་གཞན་གྱི་དོན་འདོད་པས་འདོད་ཆགས་དང་བྲལ་བ་རྟོགས་ཀྱང་འདོད་པའི་ཁམས་རྣམས་སུ་དམ་པའི་ཆོས་ནུབ་པ་ན་ཀུན་ཏུ་འཇུག་ཅིང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བའི་རྣམ་པར་རྟོག་པ་


DTG090_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ནས་རང་སངས་རྒྱས་མངོན་སུམ་དུ་བྱས་ནས་རྫུ་འཕྲུལ་རྣམས་དང་ལུས་ཀྱིས་ཆོས་རྣམས་སྟོན་པར་བྱེད་དོ། །དབང་པོ་རབ་ཀྱིས་ནི་བརྩེ་བའི་རང་བཞིན་ཉིད་ཀྱིས་སེམས་ཅན་ཐམས་ཅད་འདྲེན་པའི་བསམ་པ་ཅན་ཏེ། གསུམ་ཆར་ཡང་ཁམས་གསུམ་པའི་ཉོན་མོངས་པའི་སྒྲིབ་པ་ཙམ་ལས་གྲོལ་བའི་མྱ་ངན་ལས་འདས་པ་མེད་ཀྱང་མར་མེ་ཟད་པ་བཞིན་དུ་མྱ་ངན་ལས་འདས་པའི་འདུ་ཤེས་ཅན་གྱི་ཟག་པ་མེད་པའི་ཁམས་ན་པདྨའི་སྙིང་པོ་ལ་བསྐུལ་བའམ་ཇི་སྲིད་དུ་གནས་པ་ལ། དེའི་དེ་བཞིན་གཤེགས་པའི་འོད་ཟེར་རྣམས་ཀྱིས་རབ་ཏུ་སད་པར་བྱས་ནས་སེམས་བསྐྱེད་པར་བྱས་ནས་སྐྱེ་བ་ལ་དབང་བ་དང༌། སྟོབས་ནི་མི་གཡོ་བ་ལ་སོགས་པའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་བཞིན་གྱི་སྐྱེ་བ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པས་བསྐལ་པ་གྲངས་མེད་པ་བཞིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྟོགས་པར་འགྱུར་ཞེས་པ་ནི་ཁྱབ་པའོ། །སྨྲས་པ་ཞེས་པ་ལ་སོགས་པ་ནི་རང་བཞིན་ཏེ། དགེ་བའི་ཕྱོགས་ནི་དགེ་བའི་ཚོགས་ཏེ། དགེ་བའི་ཆོས་ཐམས་ཅད་སེམས་བསྐྱེད་པ་འདིས་བསྡུས་པའི་ཕྱིར་རོ་ཞེས་པས་དགེ་བའི་ཕྱོགས་ཉིད་དེ་སྦྱོར་བར་རུང་བ་ཉིད་ཀྱི་རང་བཞིན་ལའོ། །ཁྱད་པར་དུ་འཕགས་པའི་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ཏུ་བསྡུས་པ་དེ་རྣམས་ཀྱིས་ཏེ། རྒྱུ་ལྔ་པའོ། །ཆོས་ཁྱད་པར་དུ་འཕགས་པ་ནི་ཐེག་པ་ཆེན་པོས་ཀུན་ཏུ་བསྡུས་པ་ཉིད་དོ། །འབྲས་བུ་གྱུར་པ་ལ་ལྷག་པར་དམིགས་པར་བྱ་ཞེས་ཏེ། ཐོབ་པར་བྱ་བའོ། །དེའི་ཕྱིར་ན་བར་ཆད་མི་བྱ་ཞེས་པ་ནི། སྒྲའི་དོན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེའི་ལས་སོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྒྱུད་ལམ་ཤེས་པ་ཉིད་ལ་སྤྲོ་བ་བསྐྱེད་པ་ལ་འདིར་གསུངས་པ་ནི། དེ་ན་ཞེས་པ་ལ་སོགས་པ་སྟེ། ཁྱོད་ལེགས་སོ་ཞེས་བྱ་བ་ནི་གཞན་གྱི་དོན་བྱེད་པའི་ཕྱིར་རོ། །ཇི་ལྟར་སྔོན་གྱི་རྒྱལ་བའི་སྲས་ལ། བཅོམ་ལྡན་འདས་དང༌། དེའི་ཉན་ཐོས་རྣམས་ཀྱིས་མང་དུ་བྱས་པ་དེ་ལྟར་བདག་ཅག་གིས་བཅོམ་ལྡན་འདས་དང་དེའི་ཉན་ཐོས་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་མང་དུ་བྱའོ་ཞེས་པ་ནི་བཀའ་དྲིན་གཟོ་བའི་


DTG090_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏོ། །སྔོན་གྱི་ཉིད་ནི་སྔོན་གྱི་རྣམས་སོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ལ་དེ་ལ་ཕན་པར་སྤྱོད་པ་ནི་ཚངས་པར་སྤྱོད་པའོ། །གང་དག་ཅེས་པ་ནི་རྣམ་པར་ཕྱེ་བའི་ནང་དུ་ཕྱིན་ཅི་ལོག་པ་ཅན་དུ་མ་ལྟུང་བའི་ཇི་ལྟ་བའི་དོན་ནོ། །མ་རྟོགས་ཞེས་པའི་གཞུང་ཡང་ཁ་ཅིག་གིས་གདམས་ཞེས་པ་ནི་བསྟན་པའི་སྒྲ་ཞེས་པ་དང༌། སྐད་ཀྱི་དབྱིངས་དོན་དུ་མ་ལ་འཇུག་པའི་ཕྱིར་རྗེས་སུ་གཟུང་བར་བྱ་བ་ནི་གདམས་པར་བྱ་བས་རྗེས་སུ་བསྐོར་བར་བྱ་བ་ནི་རྗེས་སུ་བསྟན་པར་བྱ་ཞེས་པའི་ཕྱི་མའི་ཚིག་གཉིས་པ་ཡང་དག་པའི་སྒྲ་ནི་དོན་ཡང་དག་པའོ། །བདག་ཅག་ཉན་ཐོས་རྣམས་ཀྱིས་ཀྱང་ནི་རང་དང་རིས་མཐུན་པ་རྣམས་ལ་ཡང་བདག་ཉིད་ཀྱི་ཐ་སྙད་བྱེད་པའི་ཕྱིར་རོ། །ལེགས་པ་ནི་གཡོ་བ་མེད་པས་ཉན་པ་ལའོ། །རབ་ཏུ་ནི་གཡེང་བའི་ཡིད་ཀྱིས་སོ། །ཕྱིན་ཅི་མ་ལོག་པ་ལ་བསྟན་པར་བསྒྲུབ་པའི་དོན་དུ་ཡིད་ལ་བགྱིད་པ་བསམ་པ་དང་བསྒོམ་པ་དག་གིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་ལམ་ཤེས་པ་ལའོ། །གནས་པར་བྱ་བ་ནི་སྤྱད་པར་བྱ་བའོ། །དེ་ལ་ཉན་ཐོས་ཀྱི་མཐོང་བའི་ལམ་གྱི་དབང་དུ་བྱས་ཏེ་གསུངས་པ་ནི། སྟོང་པ་ཉིད་ལ་ཞེས་པ་ལ་སོགས་པ་སྟེ། འཕགས་པ་རྣམས་ལ་བདེན་པ་ཉིད་དང༌། ཕྱིན་ཅི་མ་ལོག་པ་ཉིད་ལས། བྱིས་པ་རྣམས་ལ་ནི་མ་ཡིན་ཞེས་པ་ནི་འཕགས་པའི་བདེན་པ་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མོ། །ནད་ཀྱིས་སྡུག་བསྔལ་བ་ལ་དེའི་ངེས་པར་ཟད་པའི་སྨན་ཚོལ་བ་བཞིན་གྱི་རིམ་པ་སྟེ། གཉི་ག་ལ་ཡང་བདག་མེད་པར་བསྟན་པའི་སྐབས་སུ་སྒྲིབ་པ་གཉིས་སྤངས་པའི་མཚན་ཉིད་ཅན་གྱི་འགོག་པའི་བདེན་པ་དོན་དམ་པ་ལ། གསུམ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་པའི་གཉིས་པོ་ཉིད་ནི་བདེན་པ་གཉིས་ཏེ། ཇི་སྐད་དུ་ཡབ་སྲས་མཇལ་བའི་མདོ་སྡེར། རྣམ་པར་བལྟ་དཀའ་བདེན་པ་འདིར་ནི་མཁས་རྣམས་ཀྱིས། །རང་གིས་མཐོང་འགྱུར་གཞན་གྱིས་མཉེན་སོགས་རྣམས་ཀྱིས་མིན། །ཀུན་རྫོབ་དང་ནི་གང་ཡང་དེ་བཞིན་དོན་དམ་ལས། །བདེན་པ་གསུམ་པོ་ཅུང་ཟད་ཡོད་པར་འགྱུར་བ་མིན། །ཞེས་ཏེ། ཉན་ཐོས་རྣམས་ལས་ནི་འཁོར་བ་ལས་ཡིད་བྱུང་བའི་དོན་དུ་གང་ཟག་གི་བདག་མེད་ཙམ་ལ་གཞུག་པའི་


DTG090_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཞི་པོ་བསྟན་ཏོ། །དེ་ལ་སྡུག་བསྔལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང༌། རྣམ་པར་འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་རྣམས་ཀྱིས་སྡུག་བསྔལ་བའི་འཁོར་བ་པའི་ཕུང་པོ་རྣམས་ལ་སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་བའོ། །སྡུག་བསྔལ་ཟད་པ་ནི་འགོག་པའོ། །དེ་ཐོབ་པའི་ཡེ་ཤེས་ནི་ལམ་སྟེ། གང་འདི་རྣམས་ཀྱི་རྣམ་པ་དེ་རྣམས་སྟོང་པ་ཉིད་ལ་གནས་ཤིང་སྟོང་པ་ཉིད་དུ་མཐོང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཉན་ཐོས་ཀྱི་གང་ཞིག་མཐོང་བའི་ལམ་ལ་གནས་པར་བྱ་བ་ལ་མཉམ་པར་གཞག་པའི་སེམས་ཀྱིས་ཏེ། སྟོང་པ་ཉིད་དུ་མཐོང་བ་དང་མི་དམིགས་པ་ཉིད་ཀྱིས་ཏེ། དེ་ནི་བསྟན་བཅོས་ལས། ལམ་ཤེས་ཉིད་ཀྱི་ཚུལ་ལས་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་ཏེ། ཉན་ཐོས་ཀྱི་སྡེ་སྣོད་ལ་རྣམ་པ་བཅུ་དྲུག་ཏུ་བཤད་དེ། འདི་ལྟ་སྟེ། རྟག་པ་དང་གཞན་དང་བདག་གིར་སྒྲོ་བཏགས་པ་ལས་ལྡོག་པའི་སྡུག་བསྔལ་བ་དང་མི་རྟག་པ་དང་སྡུག་བསྔལ་དང་བདག་མེད་པ་དང་སྟོང་པ་ཉིད་དུ་ཡོངས་སུ་ཤེས་པའོ། །ཀུན་འབྱུང་བ་ལ་ཆོས་རྣམ་པ་ཐམས་ཅད་རྒྱུ་མེད་པ་ཅན་དང་དུས་ལ་སོགས་པའི་སེམས་མེད་པའི་རྟོག་པའི་རྒྱུ་ཅན་དང་གཙོ་བོ་དང་སྒྲའི་ཚངས་པ་ལ་སོགས་པས་ཡོངས་སུ་བསྒྱུར་བའི་དངོས་པོའི་རྒྱུ་ཅན་དང༌། དབང་ཕྱུག་ལ་སོགས་པའི་བློ་དང་ལྡན་པའི་རྒྱུ་ཅན་ཞེས་པའི་སྒྲོ་བཏགས་པའི་གཉེན་པོར་རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་ནོ། །འགོག་པ་མེད་ཅིང་ཐར་པ་དང་སྡུག་བསྔལ་བ་ལས་ཐར་པ་མེད་དོ། །བསམ་གཏན་གྱི་བདེ་བ་ཁོ་ན་ལས་གྱ་ནོམ་པ་མེད་པ་སྟེ། གྲོལ་ཀྱང་ཡང་འཁོར་བ་ན་ལྷུང་ཞེས་པའི་གཉེན་པོར་འགོག་པ་ཞི་བ་གྱ་ནོམ་པ་ངེས་པར་འབྱིན་པའོ། །ལམ་མེད་དེ། བདག་མེད་པའི་མཚན་ཉིད་ཀྱི་ལམ་བདག་ཉིད་ཀྱིས་རྟག་པར་ཡོད་པའི་ལམ་ངན་པ་ལས་འདིར་གཞན་དུ་མེད་པ་དང་ལས་ཡང་དག་པར་ལྡོག་པས་སོ་ཞེས་པའི་གཉེན་པོར་ལམ་རིགས་པ་བསྒྲུབ་པ་ངེས་པར་འབྱུང་བ་སྟེ་འདིར་དེ་གཟུང་བར་མི་བྱ་ལ། གང་དུ་ཡུམ་ཆེན་མོ་ལས་གསུངས་པ་དེ་འདིར་གཟུང་བར་བྱ་སྟེ། རེ་བར་འགྱུར་ན་ཉན་ཐོས་ཀྱི་བྱང་ཆུབ་ཀྱང་ཚེགས་ཆུང་ངུ་དེ་རྣམས་ཀྱིས་ཐོབ་པའི་ཕྱིར་རོ།།


DTG090_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྡུག་བསྔལ་ནི་རྣམ་པ་བཞི་རྣམས་ཀྱིས་ཡིད་ལ་བྱེད་པ་དེ་སྔ་མ་བཞིན་ནོ། །མི་རྟག་པ་ལས་བྱུང་བ་འཇིག་པ་དང་བྲལ་བར་སྦྱོར་བའི་ཕྱིར་དང༌། སྡུག་བསྔལ་བ་ལ་སོ་སོར་མི་མཐུན་པའི་ཕྱིར་དང༌། བདག་མེད་པ་ལ་བདག་གི་མཚན་ཉིད་དང་བྲལ་བའི་ཕྱིར་དང༌། ཞི་པ་ལ་བདག་གིས་སྟོང་པའི་ཕྱིར་ཏེ། བདག་གིས་སྟོང་པ་ནི་ཞི་བ་སྟེ། རོ་བཞིན་ནོ། །ཀུན་ཏུ་འབྱུང་བ་ལ་ནི་དབྱེ་བ་བཅུ་གཅིག་སྟེ། དེ་ལ་རྣམ་པ་བཞིས་སྤངས་པས་དགྲ་བཅོམ་པ་ཤེས་པའི་ཕྱིར་ནད་དང་འབྲས་དང་ཟུག་རྔུ་དང་སྡིག་པ་དང༌། སྡུག་བསྔལ་གྱི་རྒྱུའི་ཕྱིར་དང༌། སྡུག་བསྔལ་གཟེངས་བསྟོད་པའི་རྒྱུའི་ཕྱིར་དང༌། འདྲེན་པར་དཀའ་བའི་ཕྱིར་དང༌། འདིའི་དང་གཞན་པའི་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱིས་ན་སྡིག་པ་དང་ཆོས་མཐུན་པའོ། །ཡང་བཞི་རྣམས་ཀྱིས་ནི་ནུས་པ་ཉིད་དུ་ཡོངས་སུ་ཤེས་པའི་ཕྱིར་ཏེ། ཕ་རོལ་དང༌། རབ་ཏུ་འཇིག་པའི་ཆོས་དང༌། གཡོ་བ་དང༌། རབ་ཏུ་འཇོམས་པ་སྟེ། བདག་ནི་བཅོམ་པར་མི་ནུས་པས་འདིར་ཕ་རོལ་ལ་སོ་སོར་སྐད་ཅིག་ལ་འཇིག་པའི་ཕྱིར་ན་རབ་ཏུ་འཇིག་པའི་ཆོས་སོ། །དགྲ་བཅོམ་པ་རྣམས་ཀྱི་དྲུངས་འབྱིན་པའི་ཕྱིར་གཡོ་བའོ། །རང་བཞིན་གྱི་ལམ་གྱིས་རབ་ཏུ་བཅོམ་པའི་ཕྱིར་རབ་ཏུ་འཇོམས་པ་ཉིད་དོ། །གདུང་བར་མི་བྱེད་པའི་དོན་དུ་ཡང་གསུམ་རྣམས་ཀྱིས་ཏེ། འཇིག་པ་ཉིད་དང༌། ཉེ་བར་འཚེ་བ་ཉིད་དང༌། ཉེ་བར་བསྒྱུར་བ་ཉིད་དེ། ཀུན་ཏུ་འདུས་པ་ལ་སོགས་པ་བཞིན་དུ་འཇིགས་པའི་རྒྱུའི་ཕྱིར་དང༌། འབྱུང་པོ་དང་སྲིན་པོ་ལ་སོགས་པ་དང་ཆོས་མཐུན་པ་དང༌། མུ་གེ་དང་ཕས་ཀྱིས་དགྲ་བོ་ལ་སོགས་པ་དང་ཆོས་མཐུན་པ་ཞེས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མི་མཐུན་པ་ནི་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་དེ་ནས་བརྩམས་ཏེ། ཇི་སྲིད་དུ་དེ་བཞིན་ཉིད་དུ་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་འགག་པར་འགྱུར་རོ་ཞེས་པའི་བར་དུའོ། །དེ་ལ་བཀག་པས་འགག་ཅེས་པས་འགོག་པའི་བདེན་པ་ལ། འདིས་འགག་པ་འགྱུར་ཞེས་པ་ནི་འགོག་པའི་ལམ་གྱི་བདེན་པ་སྟེ། དེ་ལ་འགོག་པའི་བདེན་པ་ལ་ནི་རྣམ་པ་བདུན་གྱིས་ཏེ། བདག་མེད་པ་ཉིད་དང༌། ཞི་བ་ཉིད་དང༌། དབེན་པ་ཉིད་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་ཉིད་དང༌། སྨོན་པ་


DTG090_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་དང་མངོན་པར་འདུ་བྱ་བ་མེད་པ་ཉིད་དོ། །བདག་ནི་རྣལ་འབྱོར་པའི་སྡུག་བསྔལ་གྱི་བདག་ཉིད་ཀྱི་ཕུང་པོ་རྣམས་ལ་འདིར་སྡུག་བསྔལ་མེད་པས་བདག་མེད་པའོ། །ཉོན་མོངས་པ་ཉེ་བར་ཞི་བས་ཞི་བའོ། །སྡུག་བསྔལ་དང་ཉོན་མོངས་པའི་མི་གཙང་བ་དག་ཉེ་བར་ཞི་བས་དབེན་པ་སྟེ་ཞེས་པའི་དོན་ཏོ། །བདག་དང་བདག་གི་དང་བྲལ་བས་སྟོང་པའོ། །འདུས་བྱས་པའི་མཚན་མ་ཐམས་ཅད་མེད་པའོ། །དེའི་ཁམས་གསུམ་པ་ལ་སྨོན་པའི་སྨོན་པ་ཟད་པས་སྨོན་པ་མེད་པའོ། །འབྱུང་བར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་མེད་པས་མངོན་པར་འདུ་བྱེད་པ་མེད་པའོ། །ལམ་གྱི་བདེན་པ་ལ་ཡང་རྣམ་པ་བདུན་པོ་འདི་རྣམས་ཉིད་ཀྱིས་ཏེ། འགོག་པའི་ཐོབ་པ་པོ་ནི་ལམ་དེས་ན་བདག་མེད་པ་དང་ཞི་བ་དང་དབེན་པ་ལ་སོགས་པའི་ཐོབ་པར་བྱེད་པ་པོའི་ཕྱིར་ན་ལམ་ཡང་བདག་མེད་པ་དང་ཞི་བ་དང་དབེན་པ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་བྱ་བ་མེད་པ་སྟེ། དེ་ལྟ་བུའི་རྣམ་པ་ཉི་ཤུ་རྩ་དགུས་ནི་འདིར་ཉན་ཐོས་ཀྱི་ལམ་མྱུར་བར་དེའི་བྱང་ཆུབ་ཐོབ་པའི་ཕྱིར་རོ། །དེ་ཡང་རྣམ་པ་འདི་རྣམས་མི་དམིགས་པ་ནི་ལམ་ཤེས་པ་ཉིད་ལ་རབ་ཏུ་འཇུག་སྟེ། གང་གིས་དམན་པའི་ལམ་བསྒོམ་པའི་བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པ་དམན་པའི་བྱང་ཆུབ་ཏུ་འགྲོ་བར་ནུས་ཏེ། དེའི་ཕྱིར་རྒྱུ་དེས་ན་འདི་ལམ་ཤེས་པ་ལ་གོ་ཆ་ཆེན་པོ་དང་ཐབས་ལ་མཁས་པ་ཆེན་པོ་བདག་ཉིད་བསྲུང་བའི་ཕྱིར་གོ་བགོ་བར་བྱའོ། །དེ་ལ་འདིའི་གོ་ཆ་ཆེན་པོ་འདི་ལྟ་སྟེ། ཕུང་པོ་ལྔ་པོ་རྣམས་དང་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དེ་ལས་ཐ་མི་དད་ཅེས་པའི་སྟོང་པ་ཉིད་དང༌། སྙིང་རྗེ་རོ་གཅིག་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཉིད་དོ། །འདི་ནི་ཉན་ཐོས་རྣམས་ཀྱི་མཐོང་བའི་ལམ་མོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུངས་པ་ནི། གཟུགས་ལ་གནས་པར་མི་བྱ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་ལ་སོགས་པ་རྣམས་ལ་གནས་པ་མེད་པ་དང་མངོན་པར་ཞེན་པ་མེད་པ་ནི་དྲོད་དོ། །དེ་ལྟར་གཟུགས་ཞེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་རྣམས་ལ་འདིར་དེས་རང་གི་མཚན་ཉིད་དམིགས་སུ་མེད་པས་ནི་རྩེ་མོའོ། །གཟུགས་རྟག་ཅེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་རྣམས་ལ་གཉིས་སུ་མི་དམིགས་


DTG090_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི་བཟོད་པའོ་སྟོང་པའོ་ཞེས་དམིགས་པས་ཉེ་བར་དམིགས་པར་བྱེད་པ་དང༌། དེ་ལྟར་དམིགས་པ་ནི་དེའི་ཕྱིར་སྟོང་པ་ཉིད་ཉེ་བར་དམིགས་པའི་ཞེས་བྱ་བ་གཉིས་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་རྣམས་ཀྱི་ཁྱད་པར་ལ་གནས་པ་མེད་པས་ན་ཆོས་མཆོག་སྟེ། འདིར་བསྟན་བཅོས་ལས། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་སོགས་ཕུང་པོ་སྟོང་པའི་ཕྱིར། །སྟོང་པ་ཉིད་ལ་དབྱེར་མེད་པས། །དྲོ་བ་དེ་དག་མི་དམིགས་པར། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ས་བཅུ་དག་ལ་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ། །ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་ཏེ། ལམ་ཤེས་པ་ནི་བཤད་མ་ཐག་པའི་ལམ་གྱི་རྒྱུ་མཚན་ལ་གཟུགས་ལ་སོགས་པའི་ཕུང་པོ་དེ་རྣམས་ཀྱང་སྟོང་པ་ཉིད་པས་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་རྣམས་ཐ་མི་དད་དེ། གཟུགས་ལ་སོགས་པ་དེ་རྣམས་ཀྱི་གཟུགས་ལ་སོགས་པ་དེ་རྣམས་ལ་མི་རྟག་པ་ལ་སོགས་པ་སྦྱོར་བ་རྣམས་ཀྱིས་དེ་ལ་གནས་པ་ཉེ་བར་དམིགས་པ་བཀག་པས་ས་དང་པོའི་ཞེས་པ་ལ་སོགས་པའི་ཡུམ་ཆེན་མོར་ཉེ་བར་མི་དམིགས་པ་རྒྱ་ཆེན་པོས་བསྟན་པའི་ཕྱིར་རོ། །ཇི་ལྟར་བསྟན་ཞེ་ན་ཆོས་རྣམས་མ་མཐོང་བའི་ཕྱིར་རོ་ཞེས་པ་ལ་སོགས་པས་སོ། །བཅོམ་ལྡན་འདས་མ་འདིར་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའི་ཁྱད་པར་རྣམས་ལ་མི་གནས་པ་གསུངས་པས་ས་བཅུ་རྣམས་ལ་མི་གནས་པ་ཉེ་བར་མཚོན་པས་སོ། །མིག་གི་འདུས་ཏེ་རེག་པ་ཞེས་པ་སྟེ། གང་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འདུས་པར་གྱུར་པས་བདེ་བ་ལ་སོགས་པའི་ཚོར་བ་སྐྱེ་བར་འགྱུར་བ་དང་རྗེས་སུ་མཐུན་པའི་དབང་པོ་རྣམ་པར་འགྱུར་བའི་ཡོངས་སུ་གཅོད་པ་པོ་ལ་འདྲ་བ་ཙམ་གྱི་བདེ་བ་ལ་སོགས་པ་དང་བཅས་པའི་ཚོར་བ་སྐྱེད་པ་པོའི་སེམས་ལས་བྱུང་བ་རེག་བྱའི་དབང་པོ་ལས་བྱུང་བའི་རྣམ་པར་འགྱུར་བ་དང་འདྲ་བ་རེག་པར་བྱེད་པར་འགྱུར་ཞེས་པ་ཉིད་དེ། འདི་དབང་པོའི་དབྱེ་བ་ནི། མིག་གི་འདུས་ཏེ་རེག་པ་ནས་ཇི་སྲིད་དུ་ཡིད་ཀྱི་འདུས་ཏེ་རེག་པའི་བར་དེ་དང༌། སྡུག་པ་ནི་


DTG090_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བའོ། །མི་སྡུག་པ་ནི་མི་གཙང་བའོ། །འདུས་མ་བྱས་པས་དབང་དུ་ཕྱེད་པ་ནི་ཉོན་མོངས་པ་དང༌། མ་རིག་པ་ཟད་པའི་འདུས་མ་བྱས་པའི་ཕྱིར་རོ། །འཇིག་རྟེན་འདི་ནི་འདོད་པའི་ཁམས་ཏེ་དེ་ཉིད་ལ་འདོད་པ་དང་ལྡན་པའི་འཇིག་རྟེན་ལའོ། །འདི་ཉིད་ནི་སྐྱེ་བ་འདི་ཉིད་ལའོ། །སོ་སོའི་སྐྱེ་བའི་ས་ནི་མོས་པར་སྤྱོད་པའི་ས་ལའོ། །ཕུང་པོ་ལྷག་མ་མེད་ཅེས་པ་ནི་ཕུང་པོ་ནི་ཕུང་པོ་ལྔ་ལ་དེ་ཉིད་ཀྱི་གང་དུ་ལྷག་མ་དེ་ནི་འདི་ཕུང་པོ་ལྷག་མ་ལ་ཉོན་མོངས་པ་འགག་པའི་མཚན་ཉིད་ཅན་མྱ་ངན་ལས་འདས་པ་ལ་གང་དུ་དེ་ཡང་འགག་པས་འགྱུར་བ་དེ་ནི་ཕུང་པོ་ལྷག་མ་མེད་པའོ། །དེ་ཡང་ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ལ་ཤེས་བྱའི་སྒྲིབ་པ་ཡོད་ཀྱང་གཉིས་པོ་དག་གི་མར་མི་བཞིན་དུ་མྱ་ངན་ལས་འདས་པའི་འདུ་ཤེས་ཉིད་ཀྱིས་རྣམ་པར་བཞག་ལ། རྫོགས་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་བདག་ཉིད་རྣམས་ནི་རྣམ་པ་ཐམས་ཅད་དུ་ཤེས་བྱའི་སྒྲིབ་པ་ལྔ་སྤངས་ཤིང་འགགས་པའི་མྱ་ངན་ལས་འདས་པའོ། །འདིར་གཉིས་པ་བཤད་པ་ནི་གཞན་དུ་ན་གདུལ་བྱའི་ངོ་བོའི་ཕྱིར་རོ། །ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་རྣམས་ནི་སྒྲིབ་པ་གཉིས་པོའི་བག་ཆགས་དང་བཅས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་འགགས་ནས་ཤིན་ཏུ་རྣམ་པར་དག་པའི་སྟོང་པ་ཉིད་དང་རོ་གཅིག་པའི་ཀུན་རྫོབ་ཀྱི་ཕུང་པོ་ལྔའི་བདག་ཉིད་ཅན་ཕུང་པོ་ལྷག་མ་མེད་པ་ཉིད་དུ་མྱ་ངན་ལས་འདའ་བར་འགྱུར་ཏེ། འདིར་རྣམ་པར་རྟོག་པ་ཐམས་ཅད་དེ་ལྟར་མྱ་ངན་ལས་འདས་པ་སྟེ་རབ་ཏུ་མི་གནས་པས་སོ། །འཛིན་ཞེས་པས་དབྱིངས་ཏེ། གཞན་གྱི་དོན་བྱ་བའི་རྒྱུ་ཏེ། ཕུང་པོ་ལྷག་མ་དང་བཅས་པ་ལས་གཞན་དུ་འདི་དག་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ནི་གཟུངས་པ་ནི། །སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ཞེས་པ་སྟེ། འཁོར་བ་ཀུན་ཏུ་རྟགས་པ་དང༌། མྱ་ངན་ལས་འདས་པ་དག་ལ་མི་གནས་པ་དེས་ན། གོ་རིམས་བཞིན་དུ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་ཐམས་ཅད་ཟད་ནས། ཟག་པ་མེད་པའི་ཕུང་པོ་ལྔ་པོ་རྣམས་ཀྱི་ནམ་མཁའ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པས་གནས་པའི་ཕྱིར་རོ། །དེ་ལས་བཞེངས་པ་ཡང་མ་ཡིན་ཞེས་པ་ནི་ཐོབ་པ་དང་ཉམས་པ་ལའོ། །གནས་པ་མ་ཡིན་ལ་མི་གནས་པ་ཡང་མ་ཡིན་པ་ནི་ཡིད་ཀྱིས་རབ་ཏུ་མི་གནས་པའི་ཕྱིར་དང༌།


DTG090_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་པ་མིན་པའི་ཕྱིར་རོ། །མི་མཐུན་པར་གནས་པ་མ་ཡིན་ཞིང་མི་མཐུན་པ་མེད་པར་ཡང་གནས་པ་ཡང་མ་ཡིན་པའི་ཕྱིར་ནི་རབ་ཏུ་རྒྱུ་བའི་སྦྱོར་བར་སྔོན་བཞིན་དུའོ། །ཡུལ་མེད་པ་ལ་དགག་པ་མི་སྲིད་པས་གཉི་ག་ལ་མི་མཐུན་པར་མི་གནས་པའོ། །ལྷག་མ་ནི་གོ་སླའོ་ཞེས་པ་ནི་ཆོས་ཀྱི་མཆོག་གོ །ཇི་ལྟར་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་རྣམས་ཉན་ཐོས་ཐམས་ཀྱི་ནི། དེ་ལ་འདིར་འཕགས་པའི་ལམ་ལ་ཆེད་དུ་བྱེད་པ་བསྒོམ་པའི་ཕྱིར་རོ། །བསེ་རུའི་ལམ་བསྟན་པར་འདོད་ནས་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། གང་ཡང་ཁ་ཅིག་གིས་གང་ཉན་ཐོས་ཀྱི་ལམ་ཡང་རབ་འབྱོར་གྱིས་སྟོན་པར་བྱེད་པ་ལ་འདི་ནི་ཤིན་ཏུ་ཟབ་སྟེ། ཇི་ལྟར་གནོད་སྦྱིན་རྣམས་དང་ཞེས་པ་ནི་ངེས་བརྗོད་པའོ། །ཇི་ལྟར་གནོད་སྦྱིན་གྱི་སྐད་ལ་སོགས་པ་ནི་དེས་སྨྲ་བའི་ཕྱིར་རོ། །དེ་སྐད་ཅེས་པ་ནི་བསྟན་པ་ལ། ལྷག་མ་ནི་བཤད་པ་སྟེ། སྒྲ་ནི་དག་གོ །ཚིག་ནི་ངག་གི་ཚོགས་རྣམས་སོ།སྨྲས་པ་ནི། ཚིག་གི་ངག་རྣམས་ཀྱིས་སོ། །རབ་ཏུ་བརྗོད་པ་ནི་ངག་གི་ཚོགས་རྣམས་ཀྱིས་སོ། །འཆད་པ་ནི་གདམས་པའོ། །བརྗོད་པ་ནི་རྗེས་སུ་བསྟན་པའོ། །འདི་ཡང་གོ་སྐབས་ཐོབ་པའི་ཕྱིར་སློ་ལ་གནས་པའི་བསེ་རུའི་ཡེ་ཤེས་ཀྱིས་མཆོག་ཏུ་བརྟགས་པར་བྱས་པའོ། །ཤེས་པར་མི་རུང་བ་ནི་གཞན་ལས་ཏེ། ཚིག་གཉིས་ཀྱིས་ཀུན་ཏུ་བརྟགས་པའི་ཕྱིར་འདིར་དེ་རྣམས་ལས་གཞན་གྱི་ཉེ་བར་བསྟན་པའི་དོན་མེད་དོ། །འདིར་ཞེས་པ་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པའོ། །ཆོས་གང་ཡང་སྨོས་པར་མ་བྱས་པར་ནི་བསྟན་པར་རོ། །ཐོས་བ་མེད་པ་ནི་རྣ་བས་ཏེ། ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། དཔེར་ན་སྤྲུལ་པའི་སངས་རྒྱས་ཀྱིས་སྤྲུལ་པའི་འཁོར་རྣམས་ལ་ཆོས་རྟོན་པར་བྱེད་པའི་སྟོན་པ་པོ་བསྟན་པ་དང༌། འཁོར་སྲིད་པའོ། །གསལ་བ་ནི་ཟབ་མོའོ། །གཟེངས་བསྟོད་པ་ནི་གཉིས་བརྗོད་པའོ། །འཕགས་པ་མིན་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ནི་རིང་བའོ། །སྤྲོས་པ་མེད་པའི་ཕྱིར་ཕྲ་བའོ། གཏིང་དཔོགས་པར་དཀའ་བའི་ཕྱིར་ན་ཟབ་བའོ། །ཉན་ཐོས་ཀྱི་མ་ལས་ཆེས་རིང་བ་དང༌། ཆེས་ཕྲ་བ་དང༌། ཆེས་ཟབ་པའི་ཡེ་ཤེས་ལ་རབ་ཏུ་


DTG090_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་སེམས་པས་སོ། སྟོན་པར་བྱེད་ཅིང་ནི་གཞུང་ངོ༌། །འཆད་པ་ནི་དོན་ནོ། །དེ་ལྟ་བས་ན་འདིར་མེད་ཅེས་པ་ལ་སོགས་པས་ནི་གཏིང་དཔག་དཀའ་བའི་ཕྱིར་ཏེ། ཡེ་ཤེས་ཟབ་པ་སྟོན་ཏོ། །འདིར་བསྟན་བཅོས་ལས། གཞན་གྱིས་བསྟན་ཡང་མི་དགོས་ལ། །རང་འབྱུང་རང་གིས་རྟོགས་པའི་ཕྱིར། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་པ་སྟེ། གང་དུ་གཞན་དག་གིས་བསྟན་པའི་དོན་མེད་དེ་སྲིད་པར་སྦྱོར་བ་ལས་རབ་འབྱུང་བ་ཉིད་ལ། དེ་རྣམས་ཀྱིས་རང་གི་མངོན་དུ་ཕྱོགས་པས་བསྒོམ་བྱ་མངོན་བར་རྟོགས་པས་སོ། །བསེ་རུ་རྣམས་ཀྱིས་གཞན་གྱི་དོན་གྱི་བྱ་བ་ཇི་ལྟ་བུ་ཞེ་ན། འདོད་པ་ཙམ་གྱིས་དོན་གྲུབ་ལ་ཇི་ལྟར་དེ་རྣམས་ལ་ཐོས་པ་ནི་ལེགས་པར་མཉན་པ་ཙམ་གྱིས་ཏེ། གང་དུ་བསྟན་བཅོས་ལས། །གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་དེ་དང༌། །དེ་ལ་སྒྲ་མེད་ཀྱང་དོན་ཏེ། །དེ་ནི་དེ་ལྟ་དེ་ལྟར་སྣང༌། །ཞེས་པ་སྟེ། གདུལ་བར་བྱ་བ་གང་དང་གང་གི་དོན་གང་དང་གང་ལ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སམ། འཕགས་པའི་ལམ་ལའོ། །དེ་ནས་ཡང་ཚེ་དང་ལྡན་པ་ཞེས་པ་ལ་སོགས་པ་སྟེ། བཟོད་པ་འདི་ལམ་བསྟེན་པར། །ཞེས་པ་ནི་དེ་ལྟ་བུ་ནི་འདིར་མེད་ཅེས་པ་ལ་སོགས་པ་བཤད་དེ། གཟུང་བ་མེད་པའི་ཤེས་པས་ཐོབ་བྱ་ཐོས་པ་མེད་ཅེས་པའི་དོན་ཏོ། །དེ་བཞིན་དུ་སྦྱར་ཏེ་ཞེས་པ་ནི་མདོར་བསྡུས་ནས་གསུམ་ཀའི་འབྲས་བུ་ཡང་བཟོད་པ་འདི་ལམ་བརྟེན་པར་ཞེས་པ་དང་འབྲེལ་བར་བྱའོ་ཞེས་པའི་དོན་ཏོ། །འདིར་ཡང་ཉན་ཐོས་རྣམས་ཀྱིས་ཀྱང་རང་གི་ཤེས་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བླང་བར་བྱ་བ་ལ་ཤིན་ཏུ་མྱུར་བར་བསེ་རུ་རྣམས་ཀྱིས་རྟོགས་པར་བྱ་བ་ཞེས་པ་ལ་དགོངས་པ་ནི་དེ་ལྟར་བསེ་རུ་རྣམས་ཀྱིས་བཟུང་བའི་རྣམ་པར་རྟོག་པ་སྤོང་པའོ། །སྔགས་ལ་སོགས་པའི་མཐུས་སོ་སོར་རྣང་བར་བྱད་པའི་སྒྱུ་མའི་སྐྱེས་བུ་དང་རྫུ་འཕྲུལ་སྤྲུལ་ནས་བསྟན་པ་དང་དེ་དང་འདྲ་བའོ། །སྒྱུ་མ་དང་གཉིས་སུ་མེད་ཅེས་པ་ནི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཁོ་ན་སྒྱུ་མ་ཉིད་དུ་སེམས་པའོ། །རབ་འབྱོར་གྱིས་ཀུན་རྫོབ་ཀྱི་ཁྱད་པར་དང༌། སྒྱུ་མ་དང་རྨི་ལམ་དེ་དག་འདྲ་བས་ཀུན་རྫོབ་ཉིད་ཁོ་ནའོ། །དེའི་ཕྱིར་ན་སྒྱུ་མ་དང་སེམས་ཅན་དང་


DTG090_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མ་ཡིན་པའི་དངོས་པོ་རྣམས་ཀྱང་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ། །དོན་དམ་པར་ནི་ཡོད་པ་དང་མེད་པའི་ཁྱད་པར་མེད་པའི་ཕྱིར་ལ། རིགས་པས་ནི་སེམས་ཅན་ལ་སོགས་པ་ཡང་སྒྱུ་མ་དང༌། བདག་ཉིད་གཅིག་པ་ཉིད་དོ་ཞེས་པ་ལ་དགོངས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཟུགས་ཀྱི་སྐུ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་རྟོགས་པའི་བདག་ཉིད་ཆོས་ཀྱི་སྐུ་ནི་མྱ་ངན་ལས་འདས་པ་སྤྲོས་པ་མེད་པའི་རང་བཞིན་གྱི་སྐུ་ཞེས་ཁས་བླངས་ནས་བརྗོད་ཀྱི། མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་གྱུར་པ་ནི་ཡོད་པ་མ་ཡིན་ནོ། །སོ་སོར་འདོད་པར་བྱེད་ཅེས་པ་ནི་ཡིད་ཆེས་པར་བྱེད་པ་ལ་དེ་རྣམས་མེད་པ་ནི་ཡིད་ཆེས་པ་པོ་སྟེ། སེམས་ཅན་རྣམས་དོན་དམ་པར་མེད་པའི་ཕྱིར་རོ། །ཕྱིར་མི་ལྡོག་པ་ནི་རང་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པར་རྟོགས་པའི་རང་རྒྱལ་གྱི་བྱང་ཆུབ་ལའོ། །དེ་ལ་མངོན་པར་རང་གི་བྱང་ཆུབ་ལ་སྟེ། འདིར་རང་གི་བྱང་ཆུབ་པོ། །འདོད་པས་ནི་བྱང་ཆུབ་སེམས་དཔའ་ལ་ལུས་ཀྱི་སེམས་ཅན་གྱི་དོན་བྱེད་པ་ལ་མོས་པས་སེམས་དཔའ་ཆེན་པོའོ། །ལྟ་བ་ཕུན་སུམ་ཚོགས་པས་ནི་ཤེས་རབ་འབྲིང་པོས་སོ། །དགྲ་བཅོམ་པས་ནི་རང་གི་མཐོང་བའི་ལམ་གྱི་སྒྲིབ་པ་སྤངས་པའི་ཕྱིར་ན་མཆོད་འོས་སོ། །སྨྲས་པ་སྟེ་སྣང་བར་མ་བྱས་པས་ནི་བསྟན་པས་སོ། །ཡོངས་སུ་གསལ་བ་ནི་གསལ་བར་རོ། །བརྟགས་པ་ནི་ཉན་པ་པོ་དང་སྟོན་པ་པོ་རྣམས་ཀྱིས་ཐ་སྙད་དུ་བྱེད་པའོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་དོན་དམ་པར་མེད་པ་ལ་སེམས་ཅན་ཀུན་རྫོབ་ཏུ་ནི་ནང་གི་བདག་ཉིད་ཅན་ཁོ་ནའི་ཕུང་པོ་ལ་སོགས་པ་ལ་སེམས་ཅན་དུ་བཏགས་པ་འབའ་ཞིག་ལ། དེས་སེམས་ཅན་དུ་བཏགས་པ་ལ་བརྟེན་ནས་ཕུང་པོ་ལ་སོགས་པ་ལ་འཛིན་པ་པོའི་འདི་རྣམས་ཡོད་ཅེས་པ་དེ་བསེ་རུ་རྣམས་ཀྱི་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའོ། །དེ་ནས་ཞེས་པ་ལ་སོགས་པ་ནི་བསེ་རུ་རྣམས་ཀྱི་རིགས་གསུངས་ཏེ། འདིར་ཆོས་ཀྱི་རྣམ་གྲངས་ནི་ཆོས་ཀྱི་དབྱེ་བ་སྟེ་བསེ་རུའི་ལམ་ལའོ། །ཡང་གི་སྒྲ་ཚིག་གི་རྒྱན་ལ། རབ་འབྱོར་ཞེས་བྱ་བ་ནི་ཆོས་སྟོན་པ་པོ་ལ་མཆོད་པས་ཆོས་ལ་མཆོད་པའི་ཕྱིར་ནའོ། །བརྒྱ་བྱིན་ལ་ཞེས་པ་ནི་བརྒྱ་བྱིན་ལ་སྟེ། འཆད་པར་གྱུར་པ་འདི་རྣམས་སུ་རྣམ་པར་རྟོག་སྟེ། མེ་ཏོག་ཅེས་པ་ནི་དྲི་མ་མེད་པ་ཉིད་ཀྱིས་


DTG090_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་དང་ཆོས་མཐུན་པ་སྟེ་བསེ་རུའི་ལམ་གྱིས་བསྡུས་པའི་དགེ་བའི་རྩ་བའོ། །ལྷ་རྣམས་སུ་མ་མཐོང་བ་ནི་ཟག་པ་མེད་པ་ཉིད་ཀྱིས་ཁམས་ལས་བྱུང་བ་ཉིད་ཅེས་པ་ལ་དགོངས་པའོ། །མངོན་པར་གཏོར་བ་ནི་འཁོར་ལ་སྤྲུལ་པའི་མེ་ཏོག་རྣམས་གསལ་བར་བྱས་པའོ། །ཡིད་ལས་བྱུང་ཞེས་པ་ནི་ཉེ་བར་བསྡུས་པ་སྟེ། ཡིད་ཀྱི་སྤྲུལ་པ་ཞེས་པའི་དོན་ཏོ། །མ་སྐྱེས་པ་ནི་ཡིད་ལས་བྱུང་བ་ཡང་དག་པ་སྟེ། དོན་དམ་པར་སྐྱེ་བ་མེད་པའི་ཕྱིར་རོ། །ཇི་ལྟར་ཡང་གཟུང་བྱ་ཤིང་ལ་སོགས་པ་རྣམས་ལ། ཡོད་པ་མ་ཡིན་ཞེས་པ་ནི་དེ་རྣམས་ལས་སྐྱེས་པ་མ་ཡིན་པའོ། །དེ་ལྟར་ཡིད་ལ་ཡང་སྟེ། འཛིན་པ་པོ་ལ་ཡང་སྐྱེས་པ་ཡོད་པ་མ་ཡིན་པ་སྟེ། གང་ཡང་སྐྱེས་པ་དེ་ནི་མ་ཡིན་ཞེས་པ་ནི་བསེ་རུའི་ལམ་གྱི་རྟེན་དུ་གྱུར་པ་མ་ཡིན་ཞེས་པ་ལ་དགོངས་པ་སྟེ། དེ་ལྟར་གཞན་དུ་ཁྱད་པར་མེད་པར་སྐྱེས་པས་སྐྱེས་པ་སྟེ། རིགས་མཐུན་པའོ་ཞེས་པའི་དོན་ཏོ། །འདིས་བསེ་རུས་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་སྤངས་པས་རིགས་མཐུན་པའི་ཆོས་ཀྱི་དབྱིངས་ནི་དེ་ལྟར་བསེ་རུའི་ལམ་གྱི་རྟེན་གྱི་རིགས་ལ། ཉན་ཐོས་ཀྱི་ཆོས་ཀྱི་དབྱིངས་ལས་སྐྱེས་པས་རིགས་མཐུན་པའི་བསེ་རུའི་ལམ་གྱི་རྟེན་ནི་མ་ཡིན་ཏེ། གསུངས་པ། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་པ་སྟེ། འདིར་བསྟན་བཅོས་ལས། གཟུང་བའི་རྟོག་པ་ཉམས་ཕྱིར་དང༌། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་པ་སྟེ། ཇི་སྐད་དུ་བཤད་པའི་ཉན་ཐོས་ཀྱི་ལམ་དང་འདི་གཉིས་ནི་སྤོང་བའི་རྟེན་གྱི་ཁྱད་པར་དག་གིས་རང་སངས་རྒྱས་ཀྱི་ལམ་མོ་ཞེས་པའི་དོན་ཏོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་པར་འདོད་ནས་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། མིང་གི་ཚོགས་རྣམས་སོ། །བཏགས་པ་ནི་ཐ་སྙད་དེ། དེ་ལྟར་ཡང་གཟུགས་ལ་སོགས་པ་ནི་བཏགས་པ་ཙམ་ཉིད་ལ། བཏགས་པ་ཙམ་གྱི་ཆོས་ཉིད་དུ་འདིར་ཉེ་བར་སྟོན་པར་འགྱུར་རོ་ཞེས་པ་ནི་དྲོད་དོ། །གང་ཞིག་ཚད་མེད་པ་རྣམས་ལ་ཞེས་པ་ལ་སོགས་པ་ནི་ཇི་ལྟར་སློབ་པར་མི་འགྱུར་ཏེ་དམིགས་པ་མེད་པས་ཞེས་པ་ནི་རྩེ་མོའོ། །གང་ཞིག་གཟུགས་འཕེལ་ཞེས་པ་ལ་སོགས་པ་སྟེ། འདིར་


DTG090_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་སོགས་པ་ལ་ཡོངས་སུ་གཟུང་བ་མེད་པར་རིགས་པ་ནི་བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལས་ནང་སྟོང་པ་ཉིད་ལ་ཞེས་པ་ནས་ཇི་སྲིད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་ཉེ་བར་གཟུང་སྟེ་ཞེས་པ་ནི་བཟོད་པའོ། །དེ་ནས་ཡང་ཚེ་དང་ལྡན་པ་ཞེས་པ་ལ་སོགས་པས་ནི་ཆོས་ཀྱི་མཆོག་གོ །དེ་ལྟར་ཞེས་པ་ནི་བློ་ལ་གནས་པ་གསལ་བས་མཆོག་ཏུ་བརྟགས་པའོ། །བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ལས་གང་ཞིག་གསུངས་ཏེ། དེ་ལྟར་ཡང་གཟུགས་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང༌། འགག་པར་ཡང་མ་ཡིན། ཡོངས་སུ་གཟུང་བར་ཡང་མ་ཡིན། ནུབ་པར་ཡང་མ་ཡིན་ཞེས་པ་སྟེ། འདིར་བསྟན་བཅོས་ལས། བཏགས་པ་དང་ནི་མི་འགལ་བས། །ཆོས་ཉིད་སྟོན་པས་དྲོར་གྱུར་པ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ནང་སྟོང་ཉིད་ལ་སོགས་པ་ཡི། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱིས། །རྣམ་པ་རྣམས་ཀྱི་ཆོས་ཀྱི་མཆོག །ཅེས་ཏེ། རྩེ་མོར་སོན་པ་དང་རྩེ་མོར་སོན་པར་གྱུར་པ་དང༌། རྩེ་མོར་རྟོག་པ་དང༌། རྩེ་མོའི་གནས་སྐབས་ཞེས་པའི་དོན་གཞན་མ་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་དུ་ཆོས་མཆོག་བདེ་བར་རོ་ཞེས་གསུངས་པ་ནི་རང་སངས་རྒྱས་ཀྱི་ལམ་མོ། །བྱང་ཆུབ་སེམས་དཔའི་ལམ་གྱི་དབང་དུ་བྱས་པ་ནི། བསྟན་བཅོས་ལས། བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ནི། །ལམ་ཤེས་ཉིད་ལས་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །ཞེས་ཏེ། བདེན་པ་རེ་རེ་ལ་བཟོད་པ་གཉིས་དང་ཤེས་པ་གཉིས་ཏེ། འདིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་སྦྱོར་བའི་ལམ་གང་གིས་ཉོན་མོངས་པ་རབ་ཏུ་སྤོང་ལ། དེའི་རྗེས་ལ་དམིགས་པ་མེད་པའི་ཏིང་ངེ་འཛིན་མཐོང་བའི་ལམ་མོ་ཞེས་ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བཏུས་པར་བཤད་ལ། རྣམ་པར་གྲོལ་བ་དང་བར་ཆད་མེད་པའི་ལམ་གྱི་བདག་ཉིད་ཅན་གྱི་མི་སྐྱེ་བའི་ཆོས་ལ་བཟོད་པའི་ངོ་བོ་ལས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་


DTG090_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །དེ་བཞིན་དུ་ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ལ་སྟེ། ད་ལྟར་བྱུང་བའི་དེ་ལྟར་ཕུང་པོ་ལྔ་ནི་སྔོན་གྱི་ཉོན་མོངས་པ་དང་བཅས་པའི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ཀུན་འབྱུང་གི་དབང་གིས་འཁོར་བའི་ཕྱིར་སྡུག་བསྔལ་ལོ། །བསྒོམ་པའི་ལམ་གྱིས་སྤང་བར་བྱ་བ་ཉོན་མོངས་པ་དང་ལྡན་པས་ཕྱི་མའི་སྡུག་བསྔལ་བའི་རྒྱུར་གྱུར་པའི་ཕྱིར་ཀུན་འབྱུང་བའོ། །འདུན་པའི་སེམས་བསྐྱེད་པ་ནས་བརྩམས་ཏེ། ལམ་བསྒོམས་པས་དེ་ཁོ་ན་ཉིད་རྟོགས་པར་གྱུར་ནས་སྔོན་དུ་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་སྟེ། དེ་ཡང་ཀུན་འབྱུང་དང་དེས་བྱས་པའི་སྡུག་བསྔལ་ཉིད་འདི་འགག་པར་འགྱུར་ཞེས་པ་ལ་འགོག་པའོ། །དེ་ཉིད་ནི་བསྒོམ་པའི་ལམ་གྱིས་སྤང་བྱའི་ཉོན་མོངས་པས་བྱས་པའི་སྡུག་བསྔལ་གྱི་དེ་ཁོ་ན་ཉིད་དུ་ཡོད་པ་ཉིད་ལ། ཕྱིས་རྟོགས་པ་རྫོགས་པའི་ཕྱིར་སྟོང་པ་ཉིད་དང་རོ་གཅིག་པས་སྒོམ་པར་བྱེད་པའི་ཕྱིར་ན་ལམ་ལ། དེ་ཉིད་ཀྱི་ནི་སྒོམ་པ་པོ་རྣམ་པར་ཤེས་པ་གཙོ་བོ་བས་ན་ལམ་ཞེས་བརྗོད་ལ། དེ་ལྟར་དེའི་བདེན་པ་བཞི་པོའི་བདག་ཉིད་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་མེད་པ་ཉིད་ཀྱི་རྣམ་པ་ནི་ཐམས་ཅད་དུ་དེ་ཁོ་ན་ཉིད་དུ་དེ་ལྟར་ཆ་ཤས་མེད་པས་དུས་གཅིག་ཉིད་ཀྱིས་ཡོངས་སུ་ཆད་པར་འགྱུར་ལ། འཛིན་སྟོངས་ཀྱི་ཁྱད་པར་དེ་བཞིན་དུ་གསལ་བར་འགྱུར་བས་རྣམ་པ་མཐའ་དག་མངོན་སུམ་དུ་བྱེད་དེ་གང་དུ་རིགས་མི་མཐུན་པའི་རྣམ་པར་རྟོག་པ་དང་ནི་མ་འདྲེས་ལ། མངོན་པར་འདོད་པའི་རྣམ་པར་རྟོག་པ་རྣམས་ཀྱང་ཅིག་ཅར་མི་སྲིད་པའི་ཕྱིར་ན་རིམ་གྱིས་འགྱུར་ཏེ། དཔེར་ན་སྔོན་པོ་བསྐྱོད་པ་ཅན་ལ་སོགས་པའི་ཁྱད་པར་ལ་སྐྱེ་བོས་ཨུཏྤལ་མཐོང་ལ་དེ་བཞིན་དུ་གཞན་དང་གཞན་མ་ཡིན་པ་སྐད་ཅིག་ལ་གཞན་དང་གཞན་མ་ཡིན་པ་རྣམས་སུ་མྱོང་བས་མངོན་སུམ་དུ་བྱེད་པ་ལ་རྣམ་པར་རྟོག་པ་ནི་ཇི་ལྟར་མངོན་པར་འདོད་པ་ལ་རབ་ཏུ་འཇུག་ཅིང་འཛིན་ནས་རྗེས་སུ་མཚམས་སྦྱོར་བའི་ངོ་བོ་རྣམས་ཏེ། རྣམ་པ་ཀུན་གྱི་ངོ་བོ་འཛིན་པ་ཉིད་ཡིན་ཀྱང་རྣམ་པར་ཤེས་པའི་འགོག་པ་གསལ་བ་ལ་སོགས་པ་གང་ཞིག་སྒྲོ་བཏགས་པའི་རྣམ་པར་བཟློག་པར་ནུས་ལ། དེ་ཉིད་ཀྱིས་སྒྲོ་བཏགས་པ་ལོག་པའི་ཆེད་དང་རྗེས་སུ་འབྲེལ་བའི་


DTG090_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་སྤང་བ་ནི་ཚད་མ་ལས་གཞན་མེད་པས་དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པའི་ངོ་བོའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ལས་གཞན་པའི་ཞ་ཉེ་དཀར་པོ་ལ་དངུལ་བཞིན་དུ་འཁྲུལ་པའི་རྒྱུ་མཚན་གྱིས་སྒྲོ་བཏགས་པའི་རྣམ་པ་ཕྱིན་ཅི་ལོག་པར་རབ་ཏུ་སྐྱེ་བའི་ཉོན་མོངས་པ་དྲུངས་འབྱིན་པ་པོ་ཉིད་ཀྱི་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་སྐད་ཅིག་བཅོ་ལྔ་ཞེས་པ་དང༌། སྐད་ཅིག་བཅུ་དྲུག་པས་མཐོང་བའི་ལམ་རབ་ཏུ་དགའ་བའི་སའི་དངོས་པོ་སྟེ། དེས་ཞུགས་པ་པོ་ལ་སོགས་པའི་རྣམ་པར་གཞག་པ་ཉིད་ལ་གང་དུ་སེང་གེ་བཟང་པོས་སའི་ཚོགས་སུ་རབ་ཏུ་དགའ་བའི་ས་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ལ་དེ་ལས་གཞན་པ་སྔ་མ་དེ་མ་ཐག་པའི་སྐད་ཅིག་མ་ནས་བརྩམས་པའི་གཉིས་པ་ལ་སོགས་པའི་སྐད་ཅིག་མ་རྣམས་ནི་ཇི་སྲིད་དུ་སངས་རྒྱས་ཀྱི་སའི་བར་གྱི་བསྒོམ་པའི་ལམ་དུ་བཤད་དེ། དེ་ལ་ཡང་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བའི་འདོད་པ་ན་སྤྱོད་པ་དྲུག་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དེ་ལྟར་ཞེ་སྡང་སྤངས་པས་བཅུ་ཞེས་པ་སྟེ། དེ་ལྟར་བཅུ་དྲུག་རབ་ཏུ་སྤོང་བར་འགྱུར་ཞེས་པ་དང༌། ལམ་ཤེས་པར་ནི་མཐོང་བའི་ལམ་དུ་རྣམ་པར་བཤད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་པའི་མཐོང་བའི་ལམ་དེ་ལ་བརྒྱད་པ་ལ་སོགས་པར་རྣམ་པར་གཞག་ཅེས་པ་ཡང་བཤད་དེ། དེ་ལ་འདིས་ནི་སྔ་མ་དང་ཕྱི་མ་འགལ་བར་ཡང་མ་ཤེས་པ་ཉིད་དོ། །དེ་ནས་གཉིས་པ་ལ་སོགས་པའི་སྐད་ཅིག་བཅོ་ལྔ་པོ་རྣམས་ཀྱང་བསྒོམ་པའི་བདག་ཉིད་ཅན་གྱིས་ནི་བསྒོམ་པའི་ལམ་ནི་ཞེས་བརྗོད་པ་ཙམ་ན་ནི་དེ་ལྟར་ན་ནི་དྲི་མ་མེད་པ་ལ་སོགས་པའི་སའི་རང་བཞིན་ཉིད་བསྒོམ་པའི་ལམ་ལ་དེས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པ་ལ་ལན་ཅིག་མ་ཡིན་པས་སོ་སོར་བསྒྲུབས་པས་སྐད་ཅིག་མ་བཅོ་ལྔ་པོ་རྣམས་ལ་ཇི་ལྟར་རིགས་ཞེས་པའི་ཚུལ་ངན་པ་མང་པོ་ལ་དོན་མེད་ཀྱང་སེམས་ཀྱི་སྐད་ཅིག་ཉི་ཤུ་རྩ་གཉིས་པོའི་སེམས་བསྐྱེད་པའི་དབྱེ་བ་རྣམས་ཀྱང་ཀུན་ཏུ་ཐ་སྙད་པ་སྟེ། དུས་ཀྱི་ཁྱད་པར་གྱིས་འབྲས་བུ་ཡོངས་སུ་རྫོགས་པའི་མཚན་ཉིད་ཅན་གྱི་ཤེས་བྱ་ལ་ཤེས་


DTG090_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོངས་སུ་རྫོགས་པ་ལ་ཇི་སྲིད་དུ་རིག་པར་བྱ་སྟེ། དཔེར་ན་མི་ཁོམ་པ་བརྒྱད་ལ་སོགས་པའི་སྐད་ཅིག་བཞིན་ནོ། །དེ་ལ་ཉོན་མོངས་པ་སྤོང་བའི་བར་ཆད་མེད་པའི་ལམ་གྱི་བདག་ཉིད་ཅན་དུ་གཞན་བརྒྱད་པོ་རྣམས་ལ་སྡུག་བསྔལ་ལ་སོགས་པ་མཐོང་བ་ནི་བཟོད་པར་བརྗོད་ལ། འདིར་རྗེས་སུ་ཤེས་པའི་བཟོད་པས་ནི་ཁམས་གསུམ་པའི་ཆོས་རྣམས་ལ་བརྗོད་དུ་མེད་པ་ཉིད་དུ་སོ་སོར་རིག་པར་འགྱུར་བའི་སྐད་ཅིག་མ་གཉིས་པ་ཐོབ་པས་ཤེས་རབ་ཏུ་འགྱུར་ནས་སྔོན་དུ་འདོད་པའི་ཁམས་ལ་ཤེས་རབ་མེད་ནས་དེར་ལྟུང་བ་རྣམས་ཀྱི་ཆོས་རྣམས་ལ་ངོ་བོ་ཉིད་མེད་པར་སོ་སོར་རིག་པར་འགྱུར་ལ། འདིར་དེ་དང་མཉམ་པ་དང་དེའི་རྒྱུན་གྱིས་དེའི་རྗེས་སུ་བཟོད་པར་གྱུར་བ་ལ་ནི་རྗེས་སུ་ཤེས་པའི་བཟོད་པ་ཞེས་བརྗོད་དེ། རྣམ་པར་གྲོལ་བའི་ལམ་གྱི་ངོ་བོ་དེས་ནི་ཉོན་མོངས་པ་དང་བྲལ་བར་བྱས་པ་ལ་མངོན་སུམ་དུ་བྱེད་པའི་རྗེས་སུ་ཆོས་ཤེས་པ་བརྒྱད་དོ། །དེ་དང་ལྷན་ཅིག་སྤྱོད་པའི་ཡང་བརྒྱད་པོ་ནི་ངེས་པར་ཤེས་པས་ན་གཞན་དུ་ཉེ་བར་བརྟགས་ནས་རྗེས་སུ་ཆོས་ཤེས་པར་གཞན་དུ་བརྗོད་ལ། འདིའི་གནས་སྐབས་སུ་ནི་སྣང་བ་དང་དམིགས་པ་དག་གི་ཁོ་ནའི་མངོན་སུམ་དུ་བྱེད་པ་རྣམ་པར་གཞག་པའོ། །འདིར་བཟོད་པའི་རྗེས་སུ་ཉོན་མོངས་པ་ལས་རྣམ་པར་གྲོལ་བས་མངོན་སུམ་དུ་བྱས་པའི་ཤེས་པ་དང་ལྷན་ཅིག་སྤྱོད་པ་ཉིད་ཀྱིས་བཟོད་པ་ལ་རྟོག་པའི་ཤེས་པ་ལ་ཡང་གཞན་དུ་མངོན་སུམ་དུ་བྱེད་པར་བརྗོད་དོ། །དེ་ཉིད་ཀྱིས་ཉེ་བར་མཚོན་པ་ཉིད་ཀྱིས་ན་གང་གིས་རྗེས་སུ་ཤེས་པའི་བཟོད་པ་ལ་ཀུན་ཏུ་རྟོག་པར་བྱེད་པ་དེ་ལ་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་ཆོས་མངོན་པ་ཀུན་ལས་བཏུས་པར་བཤད་དོ། །ལམ་ལ་རྗེས་སུ་ཤེས་པས་ནི་མ་མཐོང་བ་མཐོང་བ་མེད་པས་མཐོང་བའི་ལམ་མ་ཡིན་པ་ཉིད་ཅེས་འདོད་ན་བཟོད་པ་ལ་རྟོག་པའི་ཤེས་པ་གཞན་རྣམས་ཀྱང་མཐོང་བའི་ལམ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལ་ཆོས་ཤེས་པའི་བཟོད་པ་བཞི་པོས་ནི་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང༌།


DTG090_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་འདོད་པའི་ཁམས་པ་ལ་སོ་སོར་བཅུ་ཞེས་པས་བཞི་བཅུ་ལ། རྗེས་སུ་ཤེས་པའི་བཟོད་པ་བཞི་པོ་ལ་ནི་དེ་ཉིད་ལ་ཁོང་ཁྲོ་བ་སྤངས་པས་བསམ་གཏན་བཞི་དང་གཟུགས་མེད་བཞིར་སོན་པའི་ལ་བདུན་ཅུ་རྩ་གཉིས་ཞེས་པ་དང༌། ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་ཀྱི་མཐོང་བས་སྤང་བར་བྱ་བ་སྤོང་བར་འགྱུར་རོ། །དེ་ལ་འདོད་ཆགས་ནི་བག་ལ་ཉལ་གྱིས་ཞེན་པའོ། །ཁོང་ཁྲོ་བ་ནི་ཞེ་སྡང་ངོ༌། །ཡང་དག་པའམ་ཡང་དག་པ་མ་ཡིན་པའི་ཁྱད་པར་གྱིས་སེམས་ཀྱི་གཟེངས་བསྟོད་པ་ནི་ང་རྒྱལ་ལོ། །རྟག་པ་ལ་སོགས་པར་ནང་དུ་སྒྲོ་བཏགས་ནས་དེ་ལ་མཆོག་ཉིད་དུ་མངོན་པར་ཞེན་པ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དེ་ཉིད་ལ་རྣམ་པར་གྲོལ་བའི་ལམ་ཉིད་དུ་མངོན་པར་ཞེན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། ལྷག་མ་ནི་བཤད་ཟིན་ཏོ། །འཇིག་ཚོགས་ལ་ལྟ་བ་ནི་མདོ་སྡེ་ཚངས་པའི་དྲ་བ་ནས་བཤད་པའི་ལྟ་བ་དྲུག་ཅུ་རྩ་གཉིས་ནང་དུ་འདུས་པ་ཅན་ཏེ། དེ་ཡང་འདིར་འཇིག་ཚོགས་ལ་ལྟ་བ་ནི་གཞན་གྱི་གྲུབ་པའི་མཐའ་མན་ངག་གིས་བདག་ཏུ་འཛིན་པ་དེ་རབ་ཏུ་སྤོང་བར་འགྱུར་ལ། ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ནི་རིང་མོ་ནས་འཇུག་པའི་ཕྱིར་བསྒོམ་པའི་ལམ་དེ་ཉིད་ཀྱིས་རབ་ཏུ་སྤོང་སྟེ། ལྷན་ཅིག་སྐྱེས་པ་ནི་སེམས་ཅན་དུ་ལྟ་བའི་བག་ཆགས་ཐོག་མ་མེད་པ་ནས་ཀྱི་སྟོབས་ཀྱིས་བྱུང་བར་གྱུར་པ་འདི་རྣམས་ལ་བདག་གིའོ་ཞེས་པའི་བློ་ནི་རིམ་གྱིས་ཉོན་མོངས་པ་མཐའ་དག་དང་འགལ་བའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་ནས་ཡང་ཉོན་མོངས་པ་འབྱུང་བ་མེད་དེ། གང་ཡང༌། སེམས་ཀྱི་རང་བཞིན་འོད་གསལ་འདིར། །གློ་བུར་བ་ཡི་དྲི་མ་རྣམས། །དེ་ཡི་སྔ་ནས་ནུས་མེད་ན། །ཕྱིས་ནི་ནུབ་པ་གང་ནས་བྱུང་སྟེ། དེ་ཉིད་ཀྱིས་ན་བདག་དེའི་ཚེ་དེའི་དུས་སུ་རི་དགས་ཀྱི་རྒྱལ་པོ་སྨོད་མེད་ལུས་ཞེས་བྱ་བར་གྱུར་ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ཞེས་པ་སྟེ། རྒྱས་པར་དགོས་པ་མེད་དོ། །འདིར་མཐོང་བའི་ལམ་ལ་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སུ་མངོན་དུ་གྱུར་པ་དག་ཅེས་གསུངས་ཀྱང༌། བཅོམ་ལྡན་


DTG090_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ་འཛིན་པ་ཡོད་པ་རྣམས་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞིར་ཕྱེ་བ་རྣམས་ཀྱིས་རྣམ་པར་རྟོག་པ་ཉིད་ཀྱིས་ཕྱིན་ཅི་ལོག་པའི་ཕྱིར་དང༌། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་ལ་མངོན་པར་ཞེན་པའི་ངོ་བོ་ནི་ཕྱིན་ཅི་ལོག་པས་བསྐྱེད་པའི་ཕྱིར་ལ། དེ་ཡང་མ་རིག་པའི་ནང་དུ་འདུས་པས་མ་རིག་པ་སྤངས་པས་དེ་ལྟར་སྤང་སྟེ། དེ་ལྟར་ཡང་མདོ་སྡེ་རྒྱན་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལས་གཞན་པའི་མཐོང་བའི་ལམ་གྱི་གནས་སྐབས་ནི་གཉིས་ལས་གྲོལ་བའི་ཤེས་པ་གཟུང་བ་དང་འཛིན་པ་ལ་སྦྱོར་བ་དང་བྲལ་བའི་ཕྱིར་དང༌། རྣམ་པར་རྟོག་པ་མེད་པས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལ་མི་སྦྱོར་བའི་ཕྱིར་དང་དྲི་མ་དང་ལྡན་པའི་མཐོང་བས་སྤང་པར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་ཟག་པ་དང་བཅས་པ་གནས་གཞན་དུ་མི་འཇུག་པས་དེ་ལྟར་འདིར་ས་དང་པོར་འདོད་དོ་ཞེས་བཤད་ལ། འཕགས་པ་རྣམ་པར་གྲོལ་སྡེས་ཀྱང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པ་རྣམས་ཀྱི་གཉེན་པོ་ནི་མཐོང་བའི་ལམ་ཞེས་སོ། །དེའི་ཕྱིར་ན་སེང་གེ་བཟང་པོས་སྔོན་དུ་བསྟན་པ་བཞི་པོའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནས་ཅི་རིགས་པར་མངོན་དུ་རྒྱུ་བའི་གཟུང་པ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས་ནི་ཁྱད་པར་གྱི་ལམ་གྱི་རྩེ་མོའི་མངོན་པར་རྟོགས་པས་བསྡུས་པའི་མཐོང་བ་དང་བསྒོམ་པའི་ལམ་བདག་ཉིད་ཀྱིས་སྤང་བར་བྱའོ་ཞེས་བཤད་པ་ནི་འཐད་པ་མ་ཡིན་པས་འདི་རྣམས་སུ་ནི་བག་ཆགས་འདི་ལྟར་རབ་ཏུ་སྤོང་བར་འགྱུར་བ་དག་གོ་ཞེས་པའི་འཐད་པ་དང་བཅས་པ་བཤད་པར་བྱ་སྟེ། འདི་རྣམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་རྣམས་ཀྱི་ཁྱད་པར་གྱི་མཚན་ཉིད་ལ་ཚིགས་སུ་བཅད་པ་ལྔ་སྟེ། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་ལ་བརྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །ཆེན་པོ་ཚད་མེད་ཉིད་དང་བཅས། །དཔག་མེད་མཐའ་གཉིས་མེད་པ་དང༌། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །བླང་མེད་དོར་བ་མེད་སོགས་དང༌། །བྱམས་པ་སོགས་དང་སྟོང་ཉིད་དང༌། །སངས་རྒྱས་ཉིད་ནི་ཐོབ་པ་དང༌། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང༌། །ཉམ་ང་བ་དང་ནད་ཀུན་སེལ། །


DTG090_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་འདས་འཛིན་ཞི་ཉིད་དང༌། །སངས་རྒྱས་རྣམས་ཀྱི་སྲུང་ལ་སོགས། །སྲོག་མི་གཅོད་པ་ལ་བརྩམས་པའི། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱིས་སྐད་ཅིག་མ། །ཞེས་ཏེ། གཟུགས་ལ་སོགས་པ་ཞེས་པ་ནི་སྐད་ཅིག་མ་བརྒྱད་པ་རྣམས་ཀྱིས་སྔོན་གྱི་ལ་སོགས་པ་དང་འབྲེལ་པར་འགྱུར་ཏེ། གཟུགས་ལ་སོགས་པ་ཉིད་དུ་སྡུག་བསྔལ་བ་དང༌། ཀུན་འབྱུང་བའི་ཕྱིར་སྐད་ཅིག་མ་བརྒྱད་པ་ལ་བྱམས་པ་ལ་སོགས་པའི་གཟུགས་སུ་མཐོང་བས་དེ་ལ་དམིགས་པ་སྟེ། གཟུགས་ལ་སོགས་པ་ཉིད་ནི་སེམས་ཅན་དུ་བཤད་དེ། འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་གསུངས་པ། གཟུགས་ལ་སོགས་པའི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མེད་ལ། དེ་བཞིན་གཤེགས་པ་ཡང་གཟུགས་ལ་སོགས་པའི་དེ་བཞིན་ཉིད་མེད་ཅེས། གཟུགས་ལ་སོགས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཉིད་དེ་བཞིན་གཤེགས་པ་ལ་འདིར་སེམས་ཅན་རྣམས་ནི་དེ་བཞིན་ཉིད་ཁོ་ན་ཇི་ལྟ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཏེ། འདིར་ཕན་ཚུན་དུ་རྟེན་དང་བརྟེན་པའི་དངོས་པོར་ནི་ཡོད་པ་མ་ཡིན་ནོ། །རྣམ་གྲངས་ནི་ཐ་དད་པ་ལ་ཁས་མི་ལེན་པ་ནི་ཐ་དད་པར་ཁས་མི་ལེན་ཞེས་པའི་དོན་ཏེ། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མེད་ལ། དེ་བཞིན་གཤེགས་པ་ལས་གཞན་དུ་ཡང་གཟུགས་ཀྱི་དེ་བཞིན་ཉིད་མེད་ཅེས་རྣམ་གྲངས་ཀྱིས་ཏེ། བྱེ་བྲག་གཞན་གྱིས་ཁས་མི་ལེན་ཅིང་ཐ་དད་པ་མེད་ཅེས་པས་ཐ་དད་པ་དང་ཐ་མི་དད་པ་ཉེ་བར་དམིགས་སུ་མེད་པ་གསུངས་ལ། དེའི་རྗེས་ལ་དེར་ཡང་གསུངས་ཏེ། གཟུགས་ལ་སོགས་པར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ་གཟུགས་ལ་སོགས་པ་ལས་གཞན་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ཅེས་པས་དེ་བཞིན་ཉིད་རྗེས་སུ་རྟོག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ཉིད་ཀྱིས་ན་ཐ་དད་པ་དང༌། ཐ་མི་དད་པ་ཉེ་བར་དམིགས་པ་གསུངས་ལ། བཅོམ་ལྡན་འདས་མ་འདིར་ནི་མདོར་བསྡུས་ནས་གསུངས་བའི་དང་པོའི་སྐད་ཅིག་གི་གནས་སྐབས་ནི་དེ་


DTG090_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། ལེའུ་བསྟན་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུགས་ལ་སོགས་པ་ལས་དོན་དམ་པར་ཐ་དད་པ་ཡང་མ་ཡིན་ལ། ཐ་མི་དད་པ་ཡང་མ་ཡིན་ཏེ། དེ་ལྟར་ཡང་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། གང་གཟུགས་ལ་སོགས་པ་དང༌། གང་ཡང་གཟུགས་ལ་སོགས་པའི་དེ་བཞིན་ཉིས་དང༌། གང་ཡང་ཚོལ་བའི་ཆོས་འདི་རྣམས་ཐམས་ཅད་ནི་དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར་ལ་ཐ་དད་པ་དང་ཐ་མི་དད་པ་དག་ནི་དངོས་པོའི་ཆོས་ཀྱི་ཕྱིར་ཞེས་པའི་སྡུག་བསྔལ་དང་སྡུག་བསྔལ་གྱི་མཚན་ཉིད་མི་དམིགས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །བརྒྱ་བྱིན་གྱིས་ཆེན་པོ་ལ་སོགས་པ་ནི་མདོར་བསྟན་པ་ཡིན་ལ། རབ་འབྱོར་གྱིས་བསྟོད་པ་དང་བཅས་པས་རྗེས་སུ་རྩོམ་པ་ནི་རྒྱས་པར་བཤད་པའོ། །དེ་ལ་གཟུགས་ལ་སོགས་པ་རྣམས་ལས་ཆེན་པོ་མེད་ཅེས་པ་ཉིད་དུ་ཡོངས་སུ་མི་གཅོད་པའི་ཕྱིར་རམ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ན་ཆེན་པོ་ལ། དེ་ལ་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཆེན་པོ་ཉིད་ཅེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལ་སོགས་པའི་ཤེས་པ་འདི་རྣམས་ཀྱི་ཆོས་ཀྱི་དབྱིངས་དང་རོ་གཅིག་པས་མངོན་པར་ཞེན་པ་མེད་པར་བལྟ་བར་བྱས་པས་མངོན་པར་ཞེན་པ་མེད་པ་ཞེས་བཤད་དེ། གཟུགས་ལ་སོགས་པ་རྣམས་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་པས་གང་ཡང་ཚད་ཀྱིས་ཡོངས་སུ་མཆོད་པས་ཚད་མེད་ཅེས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །གཟུགས་ལ་སོགས་པ་རྣམས་ལ་གྲངས་ཀྱིས་ཡོངས་སུ་མ་ཆོད་པས་གཞལ་དུ་མེད་ཅེས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །མཐའ་ཉིད་ནི་མཐའ་ལ་གཟུགས་ལ་སོགས་པ་རྣམས་ལ་མཐའ་མེད་པ་ཉིད་དེ་ཡུལ་གྱིས་ཡོངས་སུ་མཆོད་པ་དང༌། རྩོམ་པ་མཐའ་མེད་དེ། རྩོམ་པའི་ཆོས་དེ་རྣམས་ཐམས་ཅད་ལ་མཐའ་ཡོད་པ་མ་ཡིན་པ་ལ་བགྲང་བ་ལས་ཤིན་ཏུ་འདས་པའི་ཕྱིར་དང༌། མེད་པ་ཉིད་ཀྱིས་ན་སྐྱེ་བ་དང་འཇིག་པའི་མཐའ་དག་མེད་པའི་ཕྱིར་རོ། །དེའི་ཕྱིར་ན་དབུས་གནས་པ་མེད་ལ་སེམས་ཅན་ལ་དམིགས་པ་གཉི་ག་ལ་ཡང་བདག་མེད་པའི་ཤེས་པ་ལ་དེ་ཡང་མཐའ་མེད་ཀྱི། ཅུང་


DTG090_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བགྲང་བ་དང་ལྷན་ཅིག་སྦྱོར་བས་མེད་པའི་བགྲང་བ་ལས་ཤིན་ཏུ་འདས་པ་ཉིད་ཀྱིས་ན་མེད་པ་མ་ཡིན་ལ། མི་བརྗོད་པ་ནི་གྲངས་མེད་པའོ། །ཆོས་ཀྱི་ཚིག་བླ་དགས་ཞེས་པ་ནི་ཆོས་ནི་ཕུང་པོ་ལ་སོགས་པ་ལ་བདག་དང་རྫས་ནི་མེད་པས་ཚིག་བླ་དགས་ཏེ་མེད་པའི་ཕྱིར་རོ། །ཆོས་ཉིད་ཀྱི་རང་གི་དོན་མངོན་པར་བརྗོད་པའི་ཆོས་ཀྱི་ཚིག་བླ་དགས་ནི་མ་ཡིན་གྱིས། །རྨོངས་པ་རྣམས་ཀྱི་རབ་ཏུ་སྤྲོས་པ་དང་ལྡན་པ་གང་ཞིག་གློ་བུར་བར་ཡོད་པ་ནི་རྣམ་པར་བརྟགས་ན་གཡོ་བའི་ཕྱིར་རོ། །གང་དུ་དངོས་པོ་མེད་པ་ཅན་ནི་བདག་དང་རྫས་ནི་མེད་པའི་ཕྱིར་རོ། །བདག་ཏུ་བཏགས་པའི་ཡུལ་ཕུང་པོ་ལ་སོགས་པ་ལ་བདག་གིར་བྱེད་པ་གང་དེ་ཡང་མེད་པས་བདག་གི་བྱ་བ་མེད་པ་ལ་རྩོམ་པའི་ཡུལ་དེ་ལ་མེད་པས་རྩོམ་པ་མེད་པའོ། །འདི་ལ་ཞེས་པ་ནི་སྟོན་པའི་བསྟན་པ་ལ་སྟེ། འདིས་ནི་ཚིག་ཐོབ་ནས་ཀྱང་གྲུབ་པ་མེད་པར་གྲུབ་པ་སྟོན་པར་བྱེད་པའོ། །ཅི་ལྟར་སེམས་ཅན་མཐའ་ཡས་ཞེས་པ་ནི་བགྲང་བ་ལས་ཡང་དག་པར་འདས་པ་ཉིད་ཀྱིས་དང༌། གང་དུ་ཡང་བདག་མེད་པར་ཚད་མས་གྲུབ་པ་ནི་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དབྱངས་ཀྱིས་ནི་ཚིག་ལ་མཐའ་ཡས་པ་ནི་འཇིག་རྟེན་ཏེ། རྣམ་པར་རིག་པ་ནི་དོན་ཤེས་པར་བྱེད་པའི་སྒྲ་དབྱངས་སོ། །སྒྲ་ཞེས་པ་ནི་དེ་ལྟར་བརྗོད་པས་སོ། །དེ་ལྟར་ཤིན་ཏུ་དབྱངས་ཆེ་བའི་ཕྱིར་ན་ཟབ་མོའི་དབྱངས་ཏེ། རྔ་ཕྲན་གྱི་དབྱངས་བཞིན་དུ་རྣམ་པ་སྣ་ཚོགས་པའོ། །སྒྲ་ཡིས་ཞེས་པ་ལ་དེ་ལྟར་བརྗོད་དོ། །མ་ཞུགས་པ་ནི་ངལ་མ་བསོས་པས་སོ། །ཟིན་ཀྱང་ནི་ཅུང་ཞིག་གོ །གདོད་ནས་དག་པའི་ཕྱིར་ནི་གདོད་ནས་དེ་ལྟར་མེད་པ་ཉིད་དེ། ཡོངས་སུ་དག་པ་ཉིད་ནི་ཐམས་ཅད་མུ་མེད་པ་ཉིད་ཀྱིས་སོ། །རྣམ་གྲངས་འདིས་ཞེས་པ་ནི་བྱེ་བྲག་འདིས་སོ། །སེམས་ཅན་མཐའ་མེད་པ་ཞེས་པ་ནི་སེམས་ཅན་ལ་སྐྱེ་བ་དང་འགག་པའི་མཐའ་དང་བྲལ་བའི་ཕྱིར་རོ། །འདི་ལྟར་ཡང་ཞེས་པ་ནི་དེ་ལྟ་བུ་ཉིད་དོ། །བགྲང་བ་ལས་ཤིན་ཏུ་འདས་པ་ཉིད་མིན་ཞེས་པ་ནི་ཀུན་འབྱུང་བའི་ཆོས་ཤེས་པའི་བཟོད་པའོ། །དེའི་ཞེས་པ་ནི་གཟུགས་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་སངས་རྒྱས་ཉིད་དུ་


DTG090_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་སོ། །སངས་རྒྱས་ཉིད་དུ་བལྟ་བར་བྱ། །ཞེས་པ་ནི་སྐད་ཅིག་མ་དྲུག་པ་སྟེ། དེའི་གནས་སྐབས་སུ་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། སྐྱེ་དགུའི་བདག་པོ་ནི་འཇིག་རྟེན་སྐྱོང་བ་བཞི་རྣམས་ཏེ། ཁྱད་པར་དུ་འཕགས་པའི་ཆོས་ཐོས་ནས་རབ་ཏུ་མགུ་ནས་འབད་པ་མེད་པར་ཚིག་གིས་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་དོ། །ཆོས་བསྟན་པས་ནི་ཆོས་ལ་ཡང་ཆོས་ནི་ཆོས་རབ་ཏུ་གསལ་བར་བྱས་པ་སྟེ། མཐོང་བའི་ལམ་མོ། །ཆོས་དེ་རྣམས་ཀྱི་ཆོས་ཉིད་ནི་རང་བཞིན་ཏེ། དེ་བཞིན་གཤེགས་པ་འབྱུང་བའོ། །དེའི་ཕྱིར་ན་གསོལ་བ་ནི་གང་ཞེས་པ་ལ་སོགས་པ་སྟེ། རབ་ཏུ་འབྱུང་ཞེས་པ་ནི་སྐྱེ་བ་ཟག་པ་མེད་པར་ཡེ་ཤེས་ཀྱི་མཚན་ཉིད་ལ་སྨོས་པ་ནི་དེའི་ཚིག་ལས་ཐོག་མར་ཅུང་ཞིག་ཡིད་ཆེས་པའོ། །དེ་ནས་རིམ་གྱིས་གསལ་ཞིང་གསལ་བར་གྱུར་ནས་གསལ་བ་དང་ཡིད་ཆེས་པར་གྱུར་པ་ལ་བསྟན་པར་གྱུར་པ་དང༌། རབ་ཏུ་བཤད་པར་འགྱུར་བ་དང༌། རབ་ཏུ་བརྗོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པ་ནི་སྐད་ཅིག་མ་དྲུག་པོ་དེ་ཉིད་གསོལ་བའོ། །དེ་ནས་ཞེས་པ་ནི་དེ་ནས་བརྩམས་ནས་སོ། །མ་བྲལ་བ་ནི་ཐོབ་པ་ལས་མ་ཉམས་པས་སོ། །གནས་པར་འགྱུར་ཞེས་པ་ནི་མངོན་དུ་གྱུར་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱི། །ཞེས་པ་ནི་གང་ཞིག་བཤད་པའི་དེ་བཞིན་གཤེགས་པ་ཉིད་དུ་ངེས་པའི་ཁྱད་པར་དེས་ཐོབ་པས་སོ། །དེ་ཐོབ་པས་ལུང་བསྟན་པ་ཐོབ་ལ། དེ་ལས་གསུངས་པ་ནི། གང་དུ་བདག་ཅེས་པ་ལ་སོགས་པ་སྟེ། ལོ་ཉུང་བའི་གཙང་སྦྲ་ཅན་ལ་བྲམ་ཟེའི་ཁྱེའུ་ཞེས་བརྗོད་དོ། །ཆོས་རྣམས་ཇི་ལྟ་བ་དེ་བཞིན་ཉིད་དུ་རྟོགས་པས་ན་དེ་བཞིན་གཤེགས་པའོ། །དགྲ་ནི་ཉོན་མོངས་པ་ལ་དེ་བཅོམ་པ་དང་ལྡན་པས་དགྲ་བཅོམ་པའོ། །ཡང་དག་པར་ཕྱིན་ཅི་ལོག་མ་ལུས་པར་རྟོག་པ་འདིས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། དེ་ཉིད་ཀྱིས་ནི་སྟོང་པ་ཉིད་ཕུན་སུམ་ཚོགས་པ་གསུངས་པའོ། །མི་གསུངས་པ་མེད་པའམ། ཕྱིན་ཅི་མ་ལོག་པར་གསུངས་པས་སྟོན་པ་ཡིན་ཏེ། ཕྱིན་ཅི་ལོག་གི་ཚིག་ནི་ཉོན་མོངས་པའི་དབང་གིས་སམ། མི་ཤེས་པ་ལས་བྱུང་ལ་དེ་གཉི་ག་ཡང་འདི་ལ་མེད་པས་གོ་རིམས་བཞིན་དུ་དགྲ་བཅོམ་པའི་ཕྱིར་དང༌། ཡང་


DTG090_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་སངས་རྒྱས་པའི་ཕྱིར་རོ། །འཁོར་བ་པས་ཇི་ལྟར་འདི་འདྲ་བ་ཅན་དུ་ནུས་ཤེ་ན། གསུངས་པ། བདེ་བར་གཤེགས་པ་ནི་ཡང་སྲིད་པ་ལས་གྲོལ་བའོ། །བདེ་བའི་སྒྲ་ནི་བཀྲ་ཤིས་པ་དང་ཡང་ཕྱིར་མི་ལྡོག་པ་དང༌། མ་ལུས་པའི་དོན་ཏེ། གཟུགས་མཛེས་པ་ལྟ་བུ་དང༌། རིམས་ནད་ལེགས་པར་བྱང་བ་ལྟ་བུ་དང༌། བུམ་པ་ལེགས་པར་གང་བ་ལྟ་བུ་སྟེ། ཕྱི་རོལ་གྱི་སློབ་པ་དང༌། མི་སློབ་པ་རྣམས་རྣམ་པར་བཅད་པ་གོ་རིམས་བཞིན་ནོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་གཤེགས་པའི་ཕྱིར་བཀྲ་ཤིས་པར་གཤེགས་པས་བདེ་བར་གཤེགས་པའོ། །དེ་བཞིན་དུ་ཕྱི་རོལ་པ་རྣམས་ཀྱིས་ནི་མ་ཡིན་ཏེ། དུས་མཚམས་དང་བཅས་པ་ཉིད་ཀྱིས་དེའི་ཐར་པ་ནི་ཐར་པ་མ་ཡིན་པའི་ཕྱིར་རོ། །ཡང་མི་ལྡོག་ཅེས་བཤད་པ་ནི་སློབ་པ་དེ་རྣམས་ལ་སྐྱེ་བའི་སྐྱོན་ཀུན་ཏུ་འབྱུང་ལ། བཅོམ་ལྡན་འདས་ལ་ནི་སློབ་པ་མེད་དེ། དེའི་ཕྱིར་ཡང་མི་ལྡོག་པར་གཤེགས་པས་བདེ་བར་གཤེགས་པའོ། །ཉོན་མོངས་པའི་རིམས་ནད་ཀྱི་ལྷག་མ་མ་ལུས་པ་མེད་པས་ལུས་དང༌། ངག་དང༌། བློ་ལ་ལམ་བཤད་པའི་ཡོན་ཏན་ཐམས་ཅད་ལ་གསལ་བ་དང་མི་ལྡན་པ་མེད་པས་སོ། །དེ་ལ་སློབ་པ་རྣམས་ཀྱི་ཐེག་པ་རྣམས་ཀྱི་ཐེག་པ་དམན་པ་ལ་ནི་དགྲ་བཅོམ་པ་རྣམས་ཇི་ལྟར་སྲིད་ཅིང་ཡོད་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ནི་དེ་མ་ལུས་པ་ལ་གཤེགས་པས་བདེ་བར་གཤེགས་པའོ། །བདེ་བའི་སྒྲ་ནི་གཅིག་པུ་གཅིག་གིས་དོན་གསུམ་འགྲེལ་བའི་ཚུལ་གྱིས་བརྗོད་དོ། །ཇི་ལྟར་བདེ་བར་གཤེགས་པ་ན་གང་དུ་རིག་པ་དང་ཞབས་སུ་ལྡན་པ་སྟེ། འདིར་རིག་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་ཀྱི་བསླབ་པ་ནི་ཞབས་ཏེ། རིག་པ་དེ་དག་གི་སྔོན་དུ་འགྲོ་བའི་ཕྱིར་རོ། །འདིར་རིག་པའི་སྤྱན་གྱིས་བལྟས་ནས་ཅིག་ཤོས་དག་གི་རྐང་པ་གཉིས་བཞིན་དུ་དེ་བཞིན་གཤེགས་པས་བདེ་བར་གཤེགས་པའོ། །དེ་ལ་ཚིག་འདི་གཉིས་ཀྱིས་ནི་སྟོན་པ་པོ་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་གསུངས་པའོ། །འཇིག་རྟེན་གདུལ་བར་བྱ་བ་ལ་དུས་དང༌། དུས་མ་ཡིན་པ་ཡོངས་སུ་མི་མཁྱེན་པ་མེད་པས་འཇིག་


DTG090_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མཁྱེན་པའོ། །སྐྱེས་བུ་འདུལ་བ་ནི་གདུལ་བྱའི་གདུལ་བར་བྱ་བ་འདུལ་བའི་ཕྱིར་རོ། །དེ་རྣམས་ཀྱི་ཁ་ལོ་སྒྱུར་བ་སྟེ། ཡང་དག་པར་དུལ་བ་ཉིད་དེ། མཛེས་དགའ་དང༌། སོར་ཕྲེང་དང༌། ལྟེང་རྒྱས་འོད་སྲུངས་དང༌། སེར་སྐྱ་ལ་སོགས་པ་བཞིན་ནོ། །དེ་ལས་ལྷག་པ་མེད་པ་ནི་བླ་ན་མེད་པ་སྟེ། སྐྱེས་བུ་འདུལ་བ་དང་ཁ་ལོ་སྒྱུར་བའི་ཚིག་འདི་གཉིས་ནི་སྟོན་པ་ཕུན་སུམ་ཚོགས་པ་ཉིད་ཀྱི་ལས་གསུངས་པའོ། །དེ་ལྟ་བུའི་ལས་ཀྱི་ཡུལ་ཅི་ངན་སོང་དུ་སོང་བའམ་ཞེ་ན། མིན་ཅེས་གསུངས་པ་དེ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་པ་སྟེ། །རང་ཉིད་མངོན་པར་བྱང་ཆུབ་པས་ཤིན་ཏུ་བའི་བློ་འདི་ལ་ཡོད་ཅེས་པས་ནི་སངས་རྒྱས་སོ། །དྲང་སྲོང་གི་ཐོག་མའི་ཕྱིར་དང་དེ་དང་འདྲ་བའི་རང་རྒྱལ་བ་ཡང་མེད་ཅེས་རྣམ་པར་བཅད་པའི་ཕྱིར་བཅོམ་ལྡན་འདས་ཞེས་སྨོས་པ་སྟེ། རྣམ་པ་དྲུག་དང་ལྡན་པ་དང་བཅོམ་པའི་ཕྱིར་ལ། དེ་ལ་ནི་མི་ལྡན་པའི་ཕྱིར་ཞེས་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའོ། །ངོ་མཚར་བ་ནི་སྐྱེས་པ་ཉིད་ལའོ། །མཆོག་ཏུ་ངོ་མཚར་བ་ནི་རྗེས་སུ་ཡོངས་སུ་འཛིན་པ་ལ་སྟེ། ཇི་སྲིད་ཀྱི་སྒྲ་ནི་མཐའ་ཐུག་པའི་དོན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཞེས་པའི་དོན་ཏོ། །སྐྱེད་པར་བྱེད་པ་ནི་འགུགས་པར་བྱེད་པའོ། །རྗེས་སུ་ཡོངས་སུ་འཛིན་པ་པོ་ཞེས་པའི་རྗེས་སུའི་སྒྲ་ནི་ཆེད་དུའི་དོན་ལ། ཆེད་དུ་དང་ལྡན་པ་དག་ནི་རིགས་པའོ། །ཡོངས་སུ་གཟུང་བ་དང༌། མ་བཏང་བ་དག་སྒྲུབ་པར་བྱེད་པའི་རྒྱུར་ཡོངས་སུ་འཛིན་པ་སྟེ། ཇི་ལྟར་ཡོངས་སུ་བླང་བ་མེད་ཅིང་དོར་བ་མེད་པ་དེ་ལྟར་ཡོངས་སུ་བླང་བ་ཞེས་པའི་དོན་ཏེ། འདིར་བསྟན་བཅོས་ལས། བླང་མེད་དོར་བ་མེད་སོགས་དང༌། །ཞེས་སོ། །བླང་བ་མེད་པ་ནི་རྣམ་པར་རྟོག་པ་མེད་པ་སྟེ། འདི་ནི་བླང་བ་མེད་པའི་དོན་ཏོ། །དོར་བ་མེད་པ་ཉིད་ནི་མི་དོར་བ་སྟེ། འདིར་ནི་མི་གཏོང་བའི་དོན་ཏོ། །ཀུན་ཏུ་ལེན་པ་ནི་ཐོག་མ་ནས་ཡོངས་སུ་འཛིན་པ་སྟེ། མི་འཇིག་པ་དང་མི་གཏོང་བ་ཉིད་ནི་ཐོག་མ་ནས་དེ་ལྟར་རོ་ཞེས་པ་སྟེ། དེ་ལྟར་མི་ལེན་པ་དང༌། མི་འདོར་བདག་ལ་ནི་བྱང་ཆུབ་སེམས་དཔས་བླང་དུ་མེད་ཅེས་པའི་དོན་ཏོ་ཞེས་པ་ནི་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །བརྒྱ་བྱིན་གྱིས་གོ་


DTG090_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཕྱེ་བའི་ཕྱིར་ཉེ་བར་མཚོན་པའི་ལེའུ་ནི་བརྒྱ་བྱིན་གྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་བ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལས་ལེའུ་གཉིས་པའོ། །། །བྱམས་པ་ལ་སོགས་ཞེས་པ་ནི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཏེ་ཚད་མེད་པ་བཞི་སྟེ། དེའི་བདག་ཉིད་ཅན་མཐོང་བའི་སྐད་ཅིག་མ་བརྒྱད་པ་ལ་ཞེས་པའི་དོན་ཏོ། །དེ་སྟོན་པའི་གླེང་གཞི། དེ་ནས་ཞེས་པ་ལ་སོགས་པ་ནི་སྡུད་པ་པོས་སྨྲས་པ་སྟེ། དཔང་དུ་བྱས་པ་ནི་སྐད་ཅིག་མ་བརྒྱད་པ་ན་ཐེག་པ་དམན་པ་ལྟུང་བའི་གཉེན་པོ་ལ་ཤིན་ཏུ་གུས་པ་བསྐྱེད་པའི་ཕྱིར་ཏེ། སྐད་ཅིག་མ་དེ་ཉིད་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། གང་ལ་ལ་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་རབ་ཏུ་འབྱེད་པའི་མཐོང་བའི་སྐད་ཅིག་ནི་ཤེས་རབ་ལ་དེ་ཉིད་ཀྱིས་ཐེག་པ་དམན་པར་ལྟུང་བའི་ས་ལས་ཕ་རོལ་ཏུ་འགྲོ་བ་ནི་གང་འདིར་གང་ཞིག་ཚད་མེད་པ་བཞིའི་བདག་ཉིད་ཅན་དུ་མཐོང་བ་ལ་དེ་ལྟར་ནི་བྱང་ཆུབ་སེམས་དཔའ་དེས་ཐོབ་པ་སྟེ། སེམས་ཅན་ཐམས་ཅད་ལ་བདག་ཉིད་དང་མཉམ་པ་ཉིད་དུ་བལྟས་ནས། དེས་སྐྱོབ་པ་དང༌། ཕན་པའི་བདག་ཉིད་ཀྱི་ཕན་པ་འགའ་ཞིག་གིས་འདིར་དེ་གང་ཡང་ཐེག་པ་དམན་པར་མི་ལྟུང་བས་དེའི་ཕྱིར་བྱམས་པ་ལ་སོགས་པའི་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་སྐད་ཅིག་མ་བརྒྱད་པའོ། །དེ་རྣམས་ཀྱིས་གང་ཞིག་ཅེས་པ་ནས་ཇི་སྲིད་དུ་ཀུན་ཆུབ་པར་བྱེད་པའི་བར་ཏེ། མངོན་སུམ་དུ་བྱེད་པའི་ཕྱིར་རོ། །རབ་ཏུ་འདོན་པར་བྱེད་པ་ནི་གཞན་དག་ལས་རབ་ཏུ་སྟོན་པའི་ཕྱིར་དེ་རྣམས་ལ་དེས་འཛིན་པ་ནས་ཇི་སྲིད་དུ་འཆང་བའི་བར་གྱི་ཕྱིར་རོ། །དེའི་ཞེས་པ་ལ་སོགས་པ་ནི་ཕན་ཡོན་ཏེ། རབ་ཏུ་འདོན་པར་འགྱུར་ཞེས་པའི་བར་ཏེ། གླགས་ཚོལ་བ་ནི་འཇུག་པ་ལ་སྐབས་ནི་སྐྱོན་ཏེ། དེ་དང་ལྡན་པ་ནི་གླགས་ལྟ་བའི་བསམ་པ་ནི་གླགས་ཚོལ་བའོ་ཞེས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །འགོག་པ་ལ་བཅུ་དྲུག་ཅེས་པ་བསྟན་བཅོས་སུ་བཤད་དེ། སྟོང་པ་ཉིད་བཅུ་དྲུག་རྣམས་ཀྱིས་ཐོབ་པ་ནི་མཐོང་བའི་སྐད་ཅིག་མ་དགུ་པ་ལ་སྟེ།


DTG090_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདིར་ཡང་མཐོང་བའི་སྐད་ཅིག་མ་ནི་ཤེས་རབ་ལ། ཕ་རོལ་ཏུ་ཕྱིན་པ་ནི་སྟོང་པ་ཉིད་བཅུ་དྲུག་རྣམས་ཀྱང་ཀུན་ཏུ་མཐོང་བའི་ཕྱིར་རོ། །གྲོང་ལས་གཞུ་འདོམ་ལྔ་བརྒྱའི་ཕ་རོལ་གྱི་གནས་ནི་དགོན་པའོ། །ཐོག་མ་ཕུབ་པའི་ས་ཕྱོགས་ནི་བླ་གབ་མེད་པའོ། །དགོན་པ་ལས་གྲོང་དུ་འབྲོག་དགོན་པ་སྟེ། དེ་ཉལ་བ་ནི་ཉལ་བའོ། །འབྱུང་བར་འགྱུར་བ་ནི་རྒྱུན་གྱིས་འཇུག་པ་ལ་བསྲུང་བ་དང༌། བསྐྱབ་པ་དང་བཅས་པ་ནི་སྦ་བའོ། །དེ་ལ་སྔགས་ལ་སོགས་པ་ནི་བསྲུང་བའོ། །སྲུང་བ་པོ་ངེས་པར་སྦྱོར་བ་ནི་བསྐྱབ་པའོ། །རང་ཉིད་ཉེ་བར་སོན་ནས་བྱིན་གྱིས་བརླབ་པ་ནི་སྦེད་པའོ། །ཡང་ན་ལུས་ཀྱི་བདེ་བ་ཉེ་བར་སྒྲུབ་པ་ནི་བསྲུང་བ་ལ་ཕྱི་རོལ་གྱི་ཉེ་བར་འཚེ་བ་བཟློག་པ་ནི་བསྐྱབ་པའོ། །ནང་གི་ནད་ལ་སོགས་པ་ལས་བཟློག་པ་ནི་སྦེད་པའོ། །དེ་རྣམས་ཀྱི་བགྱི་བ་ནི་ཡང་དག་པའི་སྦྱོར་བ་སྟེ། ངག་དང་ཡིད་དོ་ཞེས་པ་ཉེ་བར་སོན་ནས་བྱིན་གྱིས་བརླབ་པ་ནི་སྦེད་པའོ། །སངས་རྒྱས་ཀྱི་དངོས་པོ་ཉིད་ནི་སངས་རྒྱས་ཉིད་ལ་གང་གིས་སངས་རྒྱས་འབྱུང་བར་འགྱུར་བ་དེ་ཡོངས་སུ་འཛིན་ཏེ་མཚན་དང་འོད་དང་དབྱངས་དང་ཏིང་ངེ་འཛིན་དང་གཟུངས་ལ་སོགས་པ་ཕུན་སུམ་ཚོགས་པས་སངས་རྒྱས་མེད་པའི་ཞིང་རྣམས་སུ་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་ཀྱིས་སྟོན་ཏེ། དེ་གསུངས་པ་ནི། དེ་ནས་ཡང་བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་མཐོང་བའི་སྐད་ཅིག་མ་བཅུ་པ་ལའོ། །དེ་ལ་ནི་ཁྱད་པར་དུ་འཕགས་པས་སོ། །མཐོང་བའི་ཆོས་ནི་སྐྱེ་བས་ཐོབ་པའོ། །དེ་ལས་བྱུང་བའི་ཡོན་ཏན་གྱིས་མཚན་ཕུན་སུམ་ཚོགས་པ་ལ་སོགས་པ་ཐོབ་ཅེས་པ་ནི་བསྟན་པའོ། །བཤད་པ་ནི་ཡོངས་སུ་འཛིན་པར་གྱུར་ཞེས་པ་སྟེ། འགོག་པ་ལ་ཆོས་ཤེས་པའོ། །རྣམ་པར་བྱང་བ་བྱེད་པས་ན་རྣམ་པར་བྱང་བ་སྟེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེས་ནི་ཐམས་ཅད་ཡོངས་སུ་བསྡུས་པའོ། །དེ་གསུངས་པ་ནི། ཡང་ཅི་ཞེས་པ་ལ་སོགས་པ་སྟེ། མ་ནི་ཞེས་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །ཀླན་ཀ་དང་གནོད་པར་བྱེད་པའི་མུ་སྟེགས་རྣམས་དང་ལྷན་ཅིག་རྩོད་པ་དང༌། རྒོལ་བ་དང༌། འགལ་བ་


DTG090_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཞི་ལ། དེ་ལྟར་ཡང་དེ་ཞི་ནས་ཇི་ལྟར་དེ་རྣམས་ཀྱིས་ཕྱིས་ཐེག་པ་གསུམ་པོ་འདི་ཐོས་པ་དང་ལྡན་པ་རྣམས་ཀྱིས་ཉོན་མོངས་པ་དང༌། ངན་འགྲོ་དང༌། འཁོར་བར་བསྒྲགས་པའི་ནད་ཟད་པར་འགྱུར་ལ། དེའི་ཕྱིར་གནོད་པའི་ནད་ཐམས་ཅད་ཞི་བར་བྱེད་པ་ནི་མཐོང་བའི་སྐད་ཅིག་མ་བཅུ་གཉིས་ལ་སྟེ། དེ་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཆོས་སྟོན་པ་ལ་རྩོད་པ་བྱེད་པ་ནི་བཞད་གད་ཀྱིས་སོ། །རྒོལ་བར་བྱེད་པ་ནི་འཐབ་མོས་སོ། །འགལ་བར་བྱེད་པ་ནི་ཕན་ཚུན་ལ་ཞེ་སྡང་བས་སོ། །དེས་རྩོད་པ་ལ་སོགས་པའི་བསམ་པ་ལ་དེ་བཞིན་ནི་དེ་ཡིན་ཞེས་པ་སྟེ། ཆོས་འདི་ཉིད་ལ་ཞེས་པའི་དོན་ཏོ། །སྐད་ཅིག་མ་བཅུ་གཉིས་པོ་འདི་རྣམས་ཀྱི་མཚན་ཉིད་ལའོ། །སྨན་ནི་སྟོབས་དང་ལྡན་པའོ། །སྦྲུལ་གདུག་པ་ནི་དེའི་འདིར་མཆེ་བ་དུག་ཅན་པས་སྦྲུལ་གདུག་པའོ། །སྐྱེ་བོ་ནི་ལུས་ཅན་ལ། སྲོག་ཆགས་སུ་གྱུར་པ་ནི་དུད་འགྲོའི་བྱེ་བྲག་གོ །གཟི་བརྗིད་ཀྱིས་ནི་མཐུས་སོ། །སྟོབས་ནི་གནོད་པར་བྱེད་པ་ཉིད་ཀྱིས་ཏེ། མཐུས་ནི་གནོད་པར་བྱར་མེད་པ་ཉིད་དུའོ། །སྟོབས་བསྐྱེད་པ་ནི་དེ་ལ་སྦྱོར་བའི་ནུས་པ་བསྐྱེད་ནས་སོ་ཞེས་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའོ། །འཛིན་པ་ལ་མངོན་པར་ཞེན་པ་དེ་གསུངས་པ་ནི། ཅིའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐད་ཅིག་མ་བཅུ་གསུམ་ཤེས་པ་སྟེ། ལམ་ལ་ཆོས་ཤེས་པའི་བཟོད་པའོ། །སངས་རྒྱས་རྣམས་དང༌། ལྷ་རྣམས་ཀྱིས་སྲུང་བ་སྟེ། དེ་གསུངས་པ་ནི། རྒྱལ་པོ་བཞིས་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐད་ཅིག་མ་བཅུ་བཞི་པ་སྟེ། ལམ་ལ་ཆོས་ཤེས་པའོ། །སྲོག་གཅོད་པ་སྤོང་བ་ནི་སྲོག་མི་གཅོད་པ་ལ་དེ་ཐོག་མར་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་ཤིང༌། དེ་ཉིད་ལ་གཞན་དག་ཀྱང་དགོད་པ་ནི་སྐད་ཅིག་མ་བཅོ་ལྔ་ལ་སྟེ། དེ་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐད་ཅིག་མ་བཅོ་ལྔ་ལ་སྟེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་གཞན་དག་ལ་ཉེ་བར་སྟོན་པའི་ཚིག་གཟུང་བར་འོས་པ་སྟེ། དེ་


DTG090_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རང་ཉིད་ཀྱང་དེ་རྣམས་ལ་གནས་པའི་ཕྱིར་རོ་ཞེས་པའི་ཚིག་གཟུང་བར་འོས་པའོ། །འདིའི་ཚིག་འཇམ་ཞིང་སྙན་པས་ཞེས་པ་ནི་ཚིག་འཇམ་པ་སྟེ། སྦྱིན་པ་ལ་སོགས་པ་དྲུག་པོ་རྣམས་ལ་གནས་པ་རྣམས་གསུངས་པའི་ཕྱིར་རོ། །ཚིག་ངན་པ་ནི་གསུང་དེ་ཉིད་དོ། །ཚིག་འཆལ་པ་མེད་པ་ནི། དེས་ཕན་པ་མ་ཡིན་པ་དང་འདྲེས་པའི་ཚིག་མི་སྨྲ་བས་སོ་ཞེས་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །སྐད་ཅིག་མ་བཅུ་དྲུག་གསུངས་པ་ནི། ཁྲོ་བས་ཞེས་པ་ལ་སོགས་པ་སྟེ། ཡོངས་སུ་འདུལ་བར་བྱེད་པ་ནི་ཁྲོ་བ་ཞི་བར་བྱེད་པའི་ཕྱིར་རོ། །ཡོངས་སུ་སྒྱུར་བར་བྱེད་པ་ནི་ཁེངས་པའི་མཚན་ཉིད་ཀྱི་ང་རྒྱལ་ཟད་པར་བྱེད་པའི་ཕྱིར་རོ། །ཁོན་དུ་འཛིན་པ་ནི་དགྲ་བོར་རོ། །གནོད་སེམས་ནི་ཞེ་སྡང་ལ། བག་ལ་ཉལ་ནི་མདུད་པར་རོ། །དྲན་པ་གསུངས་པ་ནི། དེའི་ཞེས་པ་ལ་སོགས་པ་སྟེ། དེ་ཞེས་པ་ནི་གནོད་སེམས་ཀྱིས་ཏེ། ཡོངས་སུ་ཕྱེ་བ་ནི་རྣམ་པར་འགྱུར་བས་ཏེ། དེ་བཞིན་དུ་སྡང་བར་བྱེད་པ་འཁོར་དང་བཅས་པ་སྤང་བར་བྱས་ལ། བདག་ཉིད་ཀྱི་སྦྱིན་པ་ལ་སོགས་པ་རྣམས་ཀྱིས་སེམས་ཅན་གྱི་ཕུང་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་ཡོངས་སུ་བསྔོ་བ་བསྟན་པ་ནི་ལམ་ལ་རྗེས་སུ་ཤེས་པའོ། །ལམ་ཤེས་པའི་སྐད་ཅིག་མ་འདི་རྣམས་ནི་མཐོང་བའི་ལམ་གྱིའོ། །མཐོང་བའི་ལམ་འདིར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བཤད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་ཤེས་པར་བྱས་ལ། ཐར་པའི་ཆ་དང་མཐུན་པའི་གོ་ཆའི་སྒྲུབ་པར་བཤད་པའི་འཆད་པར་འགྱུར་བའི་མཚན་ཉིད་ཀྱི་རབ་ཏུ་དགའ་བ་ལ། སོགས་པ་ལ་ཡང་ངོ༌། །དེ་ལ་སེམས་ཅན་ནི་འདིར་ཞེས་པ་སྟེ། མཐོང་བ་ལ་སོགས་ལམ་གྱི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །མཐོང་བའི་ལམ་ནི་འཇིག་རྟེན་ལས་འདས་པ་ཉིད་ལ། བསྒོམ་པའི་ལམ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་སྟེ། དེ་རྣམས་ནི་རྟིང་ལ་བརྗོད་པར་བྱ་སྟེ། དེ་དག་གི་བྱེད་པ་ནི་ཆོས་མཆོག་ཆེན་པོའི་བྱེ་བྲག་ནས་བརྩམས་ནས་ཉེ་བར་སོགས་ཤིང་དྲོད་ནས་བརྩམས་ནས་འབྱུང་བར་འགྱུར་བ་དང༌། འབྲས་བུ་འདོད་པས་རབ་ཏུ་འཇུག་ཅེས་པ་ནི་དང་པོ་བརྗོད་པར་བྱ་བ་སྟེ། དེ་ལ་བསྟན་བཅོས་ལས། ཀུན་ནས་དུལ་དང་


DTG090_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནས། ཉོན་མོངས་ཀུན་ལས་རྒྱལ་བ་དང༌། །གནོད་པས་བརྫི་བ་མེད་ཉིད་དང༌། །བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་པ་སྟེ། ཀུན་ནས་ཞེས་པ་ནི་ཡོངས་སུ་ཞེས་པའི་སྒྲ་དོན་ལ། བདག་དང་བདག་གི་དག་ལ་ཞེན་པ་མེད་པ་ནི་དུལ་བ་ལ། བདག་གི་རྗེས་སུ་ཡིད་དགའ་བར་མི་བྱེད་པས་ནི་ཡོངས་སུ་དུལ་བ་དང༌། ཡོངས་སུ་ཁེངས་པ་མེད་པ་སྟེ་གོ་རིམས་བཞིན་དུ་ཞེ་སྡང་དང༌། ང་རྒྱལ་དག་ཡོངས་སུ་ཟད་པ་མེད་པའི་ཕྱིར་རོ། །དེ་སྐད་ཅེས་སྨྲས་པ་གཉིས་དང་བརྒྱ་བྱིན་ཞེས་པ་ལ་སོགས་པ་གསོལ་བ་ནི། བྱེད་པ་སྡུག་པ་འདི་རྣམས་ལའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྒོམ་པའི་ལམ་མོ། །ཇི་ལྟར་ཞེས་པ་ནི་གལ་ཏེ་ཞེས་པའི་དོན་ཏོ་ཞེས་པ་ནི་ཡོངས་སུ་དུལ་བ་དང་ཡོངས་སུ་སྒྱུར་བར་བྱེད་པའོ། །བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ་སྲོག་གི་བར་ཆད་དུ་འགྱུར་ཞེས་པ་ནི་དེ་ཉིད་ལ་མཚོན་ཆས་བསྣུན་པས་སོ། །གཞན་གྱི་གནོད་པ་ཞེས་པ་ནི་རི་དགས་ལ་སོགས་པའི་ནང་དུ་སོང་ཡང་ངོ༌། །གཞན་གྱིས་གནོད་པ་ནི་གཞན་རྣམས་ཀྱིས་ཏེ། དེ་ན་རང་བཞིན་གྱི་ཉོན་མོངས་པ་རྣམས་ཀྱིས་འདི་ལྟ་སྟེ། བཅོམ་ལྡན་འདས་མ་དེས་ན་ལས་རྒྱལ་བ་ཉིད་དེ། དེའི་འདི་ནི་རྒྱུ་མཐུན་པ་ཞེས་པ་དང་དངོས་པོ་ཞེས་པས་ནི་ཀུན་ནས་ཉོན་མོངས་པ་ལས་རྒྱལ་བར་བྱེད་པའོ། །གལ་ཏེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ནི་ལུས་ལའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་གང་དུ་མི་འཕོག་སྟེ། དུས་ཐམས་ཅད་དང༌། ཡུལ་ཐམས་ཅད་དུ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་མཐུ་ཐོགས་པ་མེད་པའི་ཕྱིར་གོ་རིམས་བཞིན་དུ་ཆེན་པོ་དང༌། ཚད་མེད་པ་དང༌། གཞལ་དུ་མེད་པའོ། །དེ་ལས་ལྷག་པ་མེད་པའི་ཕྱིར་བླ་ན་མེད་པའོ། །མཉམ་པ་མེད་པས་ནི་མི་མཉམ་པའོ། །མི་མཉམ་པ་དང་མཉམ་པས་མི་མཉམ་པ་དང་མཉམ་པའོ། །རྣམ་པར་གནོད་པ་ནི་ཉེ་བར་འཇོམས་པ་སྟེ། དེའི་སྲོག་གི་བར་ཆད་བྱེད་པ་རྣམས་ཀྱིས་སོ། །གཞན་གྱི་ཉེ་བར་འོངས་པས་དེ་གླགས་རྙེད་པར་མི་འགྱུར་ཞེས་པ་ནི་དེ་རྣམས་ཀྱིས་བརྫི་བ་མེད་པ་ཉིད་དེ། འདི་རྣམས་ནི་ལས་ཀྱིས་ཉེ་བར་གནོད་པས་བརྫི་བ་མེད་པའི་བྱེད་པའོ། །འདི་ལ་ཞེས་པ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་སོ། །རྣམ་པར་གཟིགས་


DTG090_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གདུལ་བར་བྱ་བ་ཡལ་བར་མི་འདོར་བ་ཉིད་དོ། །ཅིའི་ཕྱིར་ཞེས་པ་ནི་དེ་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གང་དུ་སྔས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་ལ་དེས་མ་ཐོབ་པ་གང་ཡང་ཅུང་ཟད་ཡོད་པ་མ་ཡིན་ལ། ཐོབ་པར་བྱ་བ་འདི་ཐོབ་པར་མི་འགྱུར་ན་འདི་ཐམས་ཅད་མཁྱེན་པར་མི་འགྱུར་བའི་ཕྱིར་རོ། །དེས་ཐོབ་པར་བྱ་བ་དང༌། ཅིག་ཤོས་དག་ཐམས་ཅད་ཤེས་པ་ཤེས་རབ་ཀྱི་མཐར་སོན་ནས་མངོན་སུམ་དུ་བྱས་པའི་ཡེ་ཤེས་ལ་འདིར་གཟུང་བར་བྱ་སྟེ། དེའི་ཕྱིར་འདིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དབྱེ་བ་ནི་ཐ་སྙད་ཀྱི་ལྡོག་པའི་དབྱེ་བ་ལས་དངོས་པོར་ཡོད་པ་ནི་མ་ཡིན་ཞེས་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་བྱེད་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཆུང་ངུ་ན་ཞེས་པ་ནི་མཆོག་ཏུ་ཕྲ་བའོ། །མ་རྟོགས་པ་ནི་ཕྱི་རོལ་དུ་བྱས་པ་སྟེ། སྔོན་གྱི་སྐྱེ་བ་ལས་ཕྱིས་ལན་གྲངས་ཀྱིས་མྱོང་བར་འགྱུར་བར་ངེས་པའི་མི་དགེ་བའི་རྣམ་པར་སྨིན་པ་དེ་རྣམ་པར་སྨིན་པའི་ལྷག་མའི་འབྲས་བུའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་དཔེ་སྟེ་སྙིང་པོ་ནི་སྙིང་པོ་སྟེ། བྱང་ཆུབ་སེམས་དཔའི་དོན་གྱི་སྙིང་པོ་ནི་བྱང་ཆུབ་པའི་སྙིང་པོ་ལ། དེ་ལ་འདུག་པ་ནི་བྱང་ཆུབ་རྟོགས་པ་སྟེ། དེ་ལྟར་ཡང་རྣམ་པར་གནས་པའི་བསྐལ་པའི་ཐོག་མ་ལ་གསེར་གྱི་རང་བཞིན་གྱི་ས་གཞི་རྣམས་ཀྱི་སྙིང་པོ་ཁྱད་པར་དུ་འཕགས་པའི་འཛམ་བུའི་གླིང་གི་ལྟེ་བ་ཀུན་ཏུ་འདུས་པ་སྟེ། དེ་ཡང་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་དང༌། བྱང་ཆུབ་པའི་གདན་ཡིན་པའི་ཕྱིར་ནི་རྡོ་རྗེའི་གདན་ཞེས་བརྗོད་དོ། །དེར་བྱང་ཆུབ་ཀྱི་སྙིང་པོ་ལ་དེ་ཐོབ་པའི་ཁོར་ཡུག་ཏུ་གྱུར་པ་ནི་ཁོར་ཡུག་ཏུ་བསྐོར་བའོ། །ཡོངས་སུ་ཁོར་ཡུག་ནི་ཡོངས་སུ་བསྐོར་བའོ། །ནང་ནི་དབུས་སུའོ། །བྱང་ཆུབ་པའི་ཤིང་ནི་བྱང་ཆུབ་པའི་ཤིང་སྟེ། དེའི་དྲུང་ན་འདུག་ནས་བྱང་ཆུབ་རྟོགས་པའི་ཕྱིར་རོ། །དེའི་རྩ་བ་སྟེ་མངོན་པར་ཡོངས་སུ་བཅད་པའི་ས་ཕྱོགས་སོ། །རྣམ་པར་འཚེ་བར་འདོད་པ་ནི་རྣམ་པར་སྡང་བར་འདོད་པའོ། །གནོད་པར་འདོད་པ་ནི་བཅོམ་པར་འདོད་པའོ། །འབེབས་པར་འདོད་པ་ནི་འབྱུང་པོ་དང་ཤ་ཟ་ལ་སོགས་པ་རབ་ཏུ་འཇུག་པའི་ཕྱིར་རོ། །འཇིགས་པ་ལ་སོགས་པའི་གཉེན་པོའི་ཕྱིར་འཇིགས་


DTG090_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའོ། །ཁོ་ན་མེད་པ་དང༌། མི་སྐྲག་པ་ནི་བྱམས་པ་ཆེན་པོ་ལ་སོགས་པའི་མིང་ཅན་གྱི་ཚད་མེད་པས་སོ། །རབ་ཏུ་སྒོམ་པར་མཛད་པ་ནི་རྫོགས་པར་མཛད་པའོ། །རབ་ཏུ་སྟོན་པར་མཛད་པ་ནི་བདུད་སྡེ་དང་བཅས་པ་རྣམས་ཀྱིས་བགེགས་བྱེད་ཀྱང་བཟོད་པའི་ཕྱིར་རོ། །མཆོད་རྟེན་ནི་མཆོད་པའི་རྟེན་ལ། དེར་གྱུར་པ་ནི་དེ་དང་འདྲ་བའོ། །བཀུར་སྟིར་བྱེད་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཉེ་བར་ཕྱིན་པ་ལ་སྐྱོབ་པར་བྱེད་པས་སྐྱོབ་པའོ། །མངོན་སུམ་དུ་ཉེ་བར་ཕྱིན་པའི་འཇིགས་པ་ལ་བསྐྱབ་པའི་ཕྱིར་སྐྱབས་སོ། །འཇིགས་པ་མེད་པ་དེར་གནས་པར་བྱེད་ཅེས་པས་གནས་སོ། །མཆོག་ཏུ་དཔུང་དུ་གྱུར་པས་དཔུང་གཉེན་ལ་དེས་ཕ་རོལ་དུ་འགྲོ་ཞེས་པ་ནི་རྟེན་མཆོད་པ་བྱེད་པའོ། །འཇིག་རྟེན་པའི་བསྒོམ་པའི་ལམ་ཟག་པ་དང་བཅས་པ་ནི་རྣམ་པ་གསུམ་སྟེ། མོས་པ་ཡིད་ལ་བྱེད་པ་དང༌། བསྔོ་བ་ཡིད་ལ་བྱེད་པ་དང༌། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་སྟེ། དེ་ལྟར་ཡང་འཇིག་རྟེན་པས་བསམ་གཏན་དང༌། གཟུགས་མེད་པ་ལ་དམིགས་པ་ཉིད་ཀྱིས་འཇིག་རྟེན་པ་སྟེ། ཟག་པ་དང་བཅས་པའི་བསྒོམ་པའི་ལམ་གྱིས་མོས་པ་དང༌། བསྔོ་བ་དང་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ལ། ཟག་པ་མེད་པ་ནི་སྒྲུབ་པ་དང༌། ཤིན་ཏུ་དག་པ་ཞེས་འཕགས་པ་རྣམ་པར་གྲོལ་བའི་སྡེས་བཤད་དོ། །གང་དུ་ཐེག་པ་ཆེན་པོའི་མངོན་པ་ཀུན་ལས་བཏུས་པ་ལས་བཤད་དེ། བསྒོམ་པའི་ལམ་ནི་མཐོང་བའི་ལམ་ལས་གོང་གི་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པའོ། །འཇིག་རྟེན་པའི་ལམ་གང་ཞེ་ན། འཇིག་རྟེན་པའི་བསམ་གཏན་དང༌། གཟུགས་མེད་པ་བརྒྱད་ཅེས་སོ། །དེ་ལ་འཇིག་རྟེན་ལས་འདས་པ་ཉིད་ཀྱི་བསྒོམ་པའི་ལམ་གང་ལ་གཞན་གྱི་དོན་དུ་བསམ་གཏན་དང་པོ་ལ་སོགས་པ་ལ་དམིགས་པར་བྱེད་པ་དེ་ལ་ནི་འཇིག་རྟེན་པ་ཞེས་ཐ་སྙད་དུ་བྱེད་ཀྱི། ཉེ་བར་བཏགས་པ་མ་ཡིན་པའི་འཇིག་རྟེན་པ་ཟག་པ་དང་བཅས་པ་རང་ཉིད་རྟོགས་པ་ལ་ལྟོས་པ་ནི་མ་ཡིན་ཞེས་པའི་དོན་ཏོ། །དེ་ལ་མོས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། མོས་པ་རྣམ་གསུམ་ཤེས་བྱ་སྟེ། །རང་གི་དོན་དང་རང་གཞན་དོན། །གཞན་གྱི་དོན་ཏེ་དེ་དག་ནི། །སོ་སོར་རྣམ་པ་གསུམ་


DTG090_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདོད། །ཆུང་དང་འབྲིང་དང་ཆེན་པོ་ལ། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟ་བུར། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་ཏེ་གོ་རིམས་བཞིན་དུ་རང་ཉིད་དང༌། རང་གཞན་དག་དང༌། གཞན་ཉིད་དེ། དོན་གཙོ་བོར་སེམས་པ་གང་གིས་དེ་ལྟར་ཏེ། འདི་དག་ནི་རང་གི་དོན་ལ་སོགས་པའི་ཡང་ཆུང་ངུ་ལ་སོགས་པ་རྣམས་ལ་སོ་སོར་ཆུང་ངུ་ལ་སོགས་པར་བྱ་བ་སྟེ། ཇི་ལྟར་རང་གི་དོན་གྱི་མོས་པའི་ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོ་དང༌། ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་འབྲིང་དང༌། ཆེན་པོའི་ཆེན་པོ་སྟེ། དགུ་ནི་དྲོད་ལའོ། །དེ་བཞིན་དུ་རང་གཞན་དོན་གྱི་དགུ་ནི་རྩེ་མོ་ལའོ། །གཞན་གྱི་དོན་གྱི་དགུ་ནི་བཟོད་པའི་ཞེས་པ་སྟེ། མོས་པ་དང༌། དད་པ་དང༌། འདུན་པ་དང༌། ཡིད་ཆེས་པ་དང༌། མངོན་པར་འདོད་པའི་མཚན་ཉིད་རྣམས་ཀྱིས་སོ། །གང་ལ་མོས་ན་མདོ་དང་མདོའི་དོན་གྱི་ངོ་བོ་བཅོམ་ལྡན་འདས་མ་ལས་ཏེ། དེ་ལ་དང་པོ་ནི་དེ་སྐད་ཅེས་བཀའ་སྩལ་པ་དང༌། བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། བྲིས་པ་ནི་རང་ཉིད་ཀྱིས་ལ། གླེགས་བམ་དུ་ཆུད་པར་བྱས་པ་ནི་གཞན་གྱིས་སོ། །ལྷའི་ཞེས་པ་ནི་ཁྱད་པར་དུ་འཕགས་པ་རྣམས་ཀྱིས་སོ། །མེ་ཏོག་ནི་སིལ་མའོ། །ཕྲེང་བ་ནི་བརྒྱུས་པ་ལས་བྱུང་བའོ། །བྱུག་པ་ནི་མཉམ་དུ་སྦྱོར་བའོ། །ཕྱེ་མ་ནི་གཞན་ཨ་ཀ་རུ་དང༌། ཙནྡན་ལ་སོགས་པ་རྣམས་ཀྱིས་སོ། །ཆོས་གོས་ནི་གོས་ལ། མཆོད་པ་རྣམས་ཀྱིས་ནི་ཞལ་ཟས་ལ་སོགས་པ་རྣམས་ཀྱིས་སོ། །རྣམ་པ་མང་པོ་རྣམས་ཀྱིས་ནི་བཟའ་བཅའ་དང༌། བདུག་པ་ལ་སོགས་པའི་བྱེ་བྲག་གི་མཆོད་པ་རྣམས་ཀྱིས་ནི་བཀུར་སྟི་བྱེད་པ་དང་འབྲེལ་ཏེ། མཆོད་པ་བྱེད་ཅེས་པའི་དོན་ཏོ། །བླ་མར་བྱེད་པ་ནི་གུས་པས་སོ། །རིམ་གྲོར་བྱེད་པ་ནི་དད་པར་བྱེད་པ་ལ། མཆོད་པར་བྱེད་པ་ནི་ཕྱག་དང་ཐལ་མོ་སྦྱར་བ་དང་བསྟོད་པ་ལ་སོགས་པ་རྣམས་ཀྱིས་སོ། །རྗེད་པར་བྱེད་པ་ནི་གཡས་ཀྱིས་བསྐོར་བ་རྣམས་ཀྱིས་སོ། །གསོལ་བར་བྱེད་པ་ནི་སྙིང་པོ་ལ་སོགས་པ་བོར་བ་རྣམས་ཀྱིས་སོ། །སྐུ་གདུང་ནི་གདུང་སྟེ་མཆོད་རྟེན་རྣམས་སུ་གཞག་པར་བྱེད་པའོ། །ཡོངས་སུ་འཛིན་པར་བྱེད་པ་


DTG090_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཟ་མ་ཏོག་ལ་སོགས་པར་བྱས་ནས་སོ། །འཆང་བར་བྱེད་པ་ནི་ཟ་མ་ཏོག་ལ་སོགས་པར་ཁྱེར་བ་སྟེ། མཆོད་རྟེན་གྱི་ཟ་མ་ཏོག་ལ་སོགས་པ་དེ་རྣམས་ནི་ཐམས་ཅད་མཁྱེན་པའི་བདག་ཉིད་ཀྱི་ལུས་སོ། །གང་ཐམས་ཅད་མཁྱེན་པ་ཉིད་ཅེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐམས་ཅད་མཁྱེན་པ་ཉིད་དོ། །མངོན་པར་རྫོགས་པའི་དོན་གསུངས་པ་ནི་མངོན་པར་རྫོགས་པར་སངས་རྒྱས་ཞེས་པ་འདིའི་ཡང་དོན་གསུངས་པ་ནི་སོ་སོར་ཐོབ་ཅེས་པའོ། །འདིར་ནི་འདི་ཉིད་དུའོ། །བདག་གི་དངོས་པོ་ནི་འདིར་བདག་ཏུ་བཏགས་པ་ལ། ལུས་ནི་གཟུགས་ཀྱི་སྐུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་ལ་མཁས་པ་ནི་དེ་དག་གིས་ངེས་པར་འབྱུང་བར་འགྱུར་བས་སོ། །འཇིག་རྟེན་ལ་ཞེས་པ་ནི་ཡིད་ཆེས་པའི་རབ་ཏུ་བསྒོམ་པས་སོ། །འདི་བཅོམ་ལྡན་འདས་མ་མཆོད་པ་དང༌། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པས་ཞེས་པ་ནི་རང་གི་མོས་པ་ཆུང་ངུའི་ཆུང་ངུའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། རབ་ཏུ་སྟོན་པར་འགྱུར་ཞེས་པ་ནི་བསྟན་པ་ལ། གསུམ་པོས་ནི་བཤད་པ་སྟེ། སྟོན་པར་འགྱུར་ཞེས་པའི་དོན་ཏོ། །སྟོན་པར་འགྱུར་བ་ནི་གདམས་པར་འགྱུར་བ་ལ། ཉེ་བར་བསྟན་པར་འགྱུར་བ་ནི་གཞུང་ངོ༌། །ཁ་ཏོན་བྱེད་པར་འགྱུར་ཞེས་པ་ནི་ཁ་ཏོན་ཤིན་ཏུ་གོམས་པར་རོ། །དོན་ཆེན་པོ་ནི་འབྲས་བུ་ཆེན་པོའོ། །ཤེས་པར་མ་གྱུར་པ་ནི་སྒྲ་ཐོས་པར་མ་གྱུར་པའོ། །རིག་པར་མ་གྱུར་པ་ནི་གླེགས་བམ་ཐོབ་པར་མ་གྱུར་ཞེས་པའོ། །ཕན་ཡོན་ཆེན་པོ་ནི་མོས་པར་སྤྱོད་པ་ལའོ། །འབྲས་བུ་ཆེན་པོ་ནི་རབ་ཏུ་དགའ་བ་ལ་སོགས་པ་ལའོ། །རྣམ་པར་སྨིན་པ་ཆེན་པོ་ནི་སངས་རྒྱས་ཀྱི་ས་ལའོ། །རིག་པར་མ་གྱུར་པ་ནི་རིག་པར་བྱེད་པས་རིག་པ་སྟེ། དོན་ཤེས་པར་མ་གྱུར་པ་ཞེས་པའི་དོན་ཏོ། །མ་རིག་ཅེས་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་བདེན་པར་ཤེས་པ་ཉིད་ཀྱིས་སེམས་ཀྱི་ནང་དུ་སོན་པའི་ཆོས་ཉིད་ལ་མ་དད་པའོ། །གང་གིས་སེམས་ཤིན་ཏུ་རྙོག་པ་མེད་པར་བྱེད་པའི་རྒྱུན་དེ་ལ་ཞུགས་པ་དེ་ཉིད་ཀྱི་འབྲས་བུའོ། །བདག་ཉིད་གཅིག་པུའི་སོ་སོའི་བྱང་ཆུབ་ནི་རང་བྱང་ཆུབ་བོ། །ཉེ་བར་འཕེལ་བར་བྱེད་ཅེས་པ་ནི་ཉེ་བར་འཚེ་བ་


DTG090_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་མཐུན་ཕྱོགས་ལ། ཉེ་བའི་སྒྲས་ནི་ཉེ་བར་མཚོན་པ་མ་ཡིན་ཏེ། རབ་ཏུ་སྦྱིན་པ་ལ་སོགས་པ་བཞིན་ནོ། །ཕྱིར་མི་ལྡོག་པ་རྣམས་ལ་ཕན་པས་ན་ཕྱིར་མི་ལྡོག་པའོ། །འབྱུང་བར་དཀའ་བ་ནི་རྙེད་པར་དཀའ་བའོ། །བརྩོན་འགྲུས་ནི་དགེ་བའི་ལས་ལ་སྤྲོ་བའོ། །ངན་པའི་ལས་ལ་ཞེན་པ་ནི་ལེ་ལོ་ལ། སེམས་པ་ནི་བསྟན་པའོ། །སེམས་ནི་ཏིང་ངེ་འཛིན་ཏོ། །འདུ་ཤེས་པ་ནི་དྲན་པ་ལ་མོས་པ་ནི་དད་པའོ། །དེ་ཁོ་ན་ཉིད་རབ་ཏུ་རྣམ་པར་འབྱེད་པ་ནི་ཤེས་རབ་བོ། །འབྱུང་བར་དཀའ་བ་ཉིད་དུ་ཤེས་པའི་འཐད་པ་དང་བཅས་པའི་སྤྱོད་པ་ལྷག་མ་ཅན་ལ་བསོད་ནམས་ལྷག་པར་ཤེས་པར་བྱའོ་ཞེས་པ་ནི་ཆུང་ངུའི་འབྲིང་ངོ༌། །དེ་ལྟ་བས་ན་ཞེས་པ་ལ་སོགས་པ་སྟེ། མྱུར་དུ་ནི་མཉན་པ་ལ་སོགས་པའོ། །ཡོངས་སུ་འདྲི་བ་ནི་ཐེ་ཚོམ་གཅོད་པའི་ཕྱིར་རོ། །འདིར་གཞུག་པར་བྱ་བ་ནི་དེ་དག་གི་འཐད་པ་དང་བཅས་པའི་ཤེས་པས་ན་ནང་དུ་སྤྱོད་པ་ལྷག་མ་ལ་བསོད་ནམས་ལྷག་པར་ཤེས་པར་བྱ་ཞེས་པ་ནི་ཆུང་ངུའི་ཆེན་པོའོ། །དེ་ལྟ་བས་ན་ཞེས་པ་ལ་སོགས་པ་སྟེ། གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་དང༌། སྤུག་དང༌། རྡོའི་སྙིང་པོ་དང༌། མུ་ཏིག་དམར་པོ་དང༌། ཀརྐེ་ཏ་ན་སྟེ་རིན་པོ་ཆེ་སྣ་བདུན་ནོ། །དེའི་གཞི་ནི་དེའི་རྒྱུས་སོ། །བཅོམ་ལྡན་འདས་མ་ལ་དད་པ་དང་མོས་པ་དང་དང་བ་རྣམས་སྐྱེད་པ་ལ་ལྷག་པའི་བསམ་པ་དང་ཉན་པ་ལ་སོགས་པ་དང་དོན་རྣམ་པར་འབྱེད་པ་དང་ཡིད་ཀྱིས་རྗེས་སུ་རྟོག་པ་དང་དཔྱོད་པས་ཚུལ་ཀུན་ཏུ་གཞག་པའི་དཔྱོད་པ་བླ་ལྷག་པ་ལ་བསོད་ནམས་བླ་ལྷག་པ་ནི་གཞུང་ཇི་ལྟ་བ་བཞིན་ནོ་ཞེས་པ་ནི་འབྲིང་གི་ཆུང་ངུའོ། །ཞོག་ཅེས་པ་ལ་སོགས་པ་སྟེ། རྫ་རྔ་ཅན་གྱི་འབྲས་བུ་དང་ལྡན་པའི་འཛམ་བུའི་ཤིང་གིས་མཚོན་པའི་ཕྱིར་འཛམ་བུའི་གླིང་སྟེ། འདི་ལས་བརྩམས་ནས་གང་དུ་ཕན་ཡོན་བསྟན་པ་སྟེ། སྤྱོད་པ་བླ་ལྷག་པ་མིན་ནོ། །དེ་ལ་གང་དང་གང་དུ་བཤད་པའི་ཕན་ཡོན་ལ་དད་པ་ལ་སོགས་པས་སྤྱོད་པ་དང་བླ་ལྷག་པ་དང་བཅས་པ་ཞེས་བྱ་བ་ནི་འབྲིང་གི་འབྲིང་ངོ༌། །ཞོག་ཅེས་པ་ལ་སོགས་པ་སྟེ། གླིང་ཆེན་པོ་བཞི་པ་འདིར་ཞེས་པ་ནི། གླིང་ཆེན་པོ་བཞི་ལས་འཇིག་རྟེན་འཛིན་པ་བྱེད་པས་ཁམས་ཞེས་པ་ནི་རང་གི་དོན་གྱི་མོས་པ་འབྲིང་གི་ཆེན་པོའོ། །ཞོག་ཅེས་པ་ལ་སོགས་པ་སྟེ། གླིང་བཞི་པ་རྣམས་ཀྱིས་ཡོངས་སུ་


DTG090_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲེས་པ་སྟོང་ཞེས་པ་སྟེ། དེ་དེ་ལྟར་ཡོངས་སུ་བཀང་བ་ཉིད་ཀྱིས་ན་སྤྱི་ཕུད་དང་འདྲ་བས་སྤྱི་ཕུད་ཅེས་པ་ནི་རང་གི་དོན་གྱི་མོས་པ་ཆེན་པོའི་ཆུང་ངུའོ། །ཞོག་ཅེས་པ་ལ་སོགས་པ་སྟེ། འདི་སྟོང་གཉིས་སུ་ཡོངས་སུ་སྒྱུར་བ་ཞེས་པ་ནི་སྟོང་གཉིས་པའི་སྟོང་གི་སྟོང་ཞེས་པའི་དོན་ཏོ། །དེ་ནི་བར་མའི་སྟོང་སྟེ་སྟོང་དང་སྟོང་ཆེན་པོའི་བར་གྱི་ཕྱིར་རོ་ཞེས་པ་ནི་རང་གི་དོན་གྱི་མོས་པ་ཆེན་པོའི་འབྲིང་ངོ༌། །ཞོག་ཅེས་པ་ལ་སོགས་པ་སྟེ། འདི་ལྟ་བུའི་སྟོང་གཉིས་པ་རྣམས་ཀྱིས་ཡོངས་སུ་བསྒྲེས་པའི་སྟོང་གསུམ་མོ་ཞེས་པའི་དོན་ཏོ། །དེ་ལྟར་དེ་བཞིན་དུ་སྟོང་ཆེན་པོ་ཞེས་པ་ནི་རང་གི་དོན་གྱི་མོས་པ་ཆེན་པོའི་ཆེན་པོའོ། །ཞོག་ཅེས་པ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་འགྱུར་པ་ཞེས་པ་ནི་སྔ་ཕྱི་མེད་པར་ལྷན་ཅིག་ཏུ་ཞེས་པའི་དོན་ཏོ། །ཡོངས་སུ་བརྟགས་པ་ནི་ཡོངས་སུ་བརྟགས་པས་སོ། །ཇི་སྲིད་འཚོའི་བར་དུ་ནི་མཆོད་རྟེན་ལ་མཆོད་པ་ཐམས་ཅད་ཀྱིས་འདིར་བསྐལ་པའམ་བསྐལ་པ་ལས་ལྷག་པས་ནི་བཅོམ་ལྡན་འདས་མ་ལ་མཆོད་པའི་བསོད་ནམས་ཀྱི་ལས་བླ་ལྷག་པར་ཉེ་བར་བསྐྱེད་པའི་ཤེས་པས་སྤྱོད་པ་དང་བླ་ལྷག་ཅེས་པ་ནི་རང་གཞན་དོན་གྱི་མོས་པ་ཆུང་ངུའི་ཆུང་ངུའོ། །ཞོག་ཅེས་པ་ལ་སོགས་པ་སྟེ། འདི་འདྲ་བ་ཉིད་ཅེས་བསམ་པ་ལས་འདས་པས་བསམ་གྱིས་མི་ཁྱབ་པའོ། །འདྲ་བ་མེད་པས་མི་མཉམ་པའོ། །བསོད་ནམས་མངོན་པར་འདུ་བྱེད་པའི་བསོད་ནམས་ཀྱི་ལས་ལ་ཆ་ནི་ཆ་ཤས་སོ། །མི་ཕོད་ཅེས་པ་ནི་མི་རུང་མི་ཐོབ་ཅེས་པའི་དོན་ཏོ། །ཆར་ཡང་མི་ཕོད་ཅེས་པ་ནི། བསྙམས་ན་ཞེས་པའི་དོན་ཏོ། །ཅི་ལྟར་བགྲངས་ཀྱང་གྲངས་བླ་ལྷག་པས་མི་མཉམ་པ་སྟེ། སྔོན་གྱི་བསོད་ནམས་ཀྱིས་ཇི་སྲིད་དུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཀྱང་ཕྱི་མའི་བསོད་ནམས་དང་བསྙམས་ན་མི་བཟོད་ལ། ཡང་དུས་ཕྲ་མོར་གྱུར་པས་གྲངས་སུ་བགྲངས་པས་ད་ལྟར་བྱུང་བ་ལ་སོགས་པ་དེ་རྣམས་ཀྱིས་ཇི་ལྟར་ཡང་མི་ཕོད་པའོ། །དེ་ལས་བླ་ལྷག་པས་ནི་མི་མཉམ་པའི་ཕྱིར་རོ། །སྔོན་གྱི་བསོད་ནམས་ཀྱིས་ཇི་སྲིད་དུ་ཕྱེ་བའི་འགྱུར་གྱིས་ཀྱང་ཕྱི་མའི་བསོད་ནམས་ལ་བསྡུར་ཡང་མི་བཟོད་པའོ། །ཐ་མི་དད་པའི་དཔེ་མེད་པས་ཟླ་མེད་པའོ། །གྲངས་ཀྱི་དཔེ་མེད་པས་དཔེ་མེད་པའོ། །བགྲང་བའི་དཔེའི་རྒྱུ་མེད་


DTG090_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒྱུར་མེད་པ་སྟེ། དེ་ལ་འདིས་བསྡུར་བར་མི་བཟོད་པའོ། །དཔེ་དང་རྒྱུར་ཡང་ཞེས་པ་ནི་དེ་ལྟར་ཤིན་ཏུ་ཡང་མཉམ་པ་མེད་པས་རྒྱུར་ཡང་ཞེས་པ་སྟེ། མཉམ་པའི་དོན་གྱི་གང་ཞིག་དཔེའི་རྒྱུ་དང་ཉེ་བར་འདུག་ནས་དྲུང་ན་གནས་པ་དེ་ཡང་རིགས་པ་མ་ཡིན་ཞེས་པའི་དོན་ལ། ཀྱེ་མ་ཞེས་པ་ནི་བོད་པ་སྟེ། འཕགས་པ་ཞེས་པའི་དོན་ཏོ། །ཀུན་ཏུ་རྒྱུ་བ་ཞེས་པ་ནི་བསམ་པའོ། །བརྟགས་པ་ནི་དྲན་བས་སོ། །ཁ་དོན་དུ་ནི་ཡིད་ཀྱིས་བཟླས་པ་བྱས་པ་འདི་ནི་ཞེས་པ་ལ་སོགས་པ་གསུམ་དུ་རྣམ་པར་བཤད་དེ། འདིར་འདི་ལས་ལྷག་པའི་རིག་སྔགས་མེད་པས་གོང་ན་མེད་པའོ། །འདིར་འདི་ལས་ལྷག་པའི་དགེ་བའི་ཆོས་མེད་པས་བླ་ན་མེད་པའོ། །མཉམ་པའི་རིག་སྔགས་གཞན་མེད་པས་མི་མཉམ་པའོ། །མི་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དང་མཉམ་པའི་ཕྱིར་མི་མཉམ་པ་དང་མཉམ་པའོ། །རབ་ཏུ་ཕྱེ་བར་བགྱི་ཞིང་རབ་ཏུ་གསལ་བར་བགྱིའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པ་ནི་དེའི་རྟེན་ཡིན་པའི་ཕྱིར་ན་དེ་རྣམས་ཀྱིས་ཡོངས་སུ་བཟུང་ནས་གནས་པའོ། །བརྒྱད་ཁྲི་བཞི་སྟོང་ཞེས་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་ཏེ། འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རྣམས་ཀྱི་རེ་རེའི་སྤྱོད་པའི་གཉེན་པོར་ཇི་སྲིད་དུ་གཞུང་གིས་ཡོངས་སུ་རྫོགས་པ་དེ་སྲིད་ནི་ཆོས་ཀྱི་ཕུང་པོ་སྟེ། ཆོས་ཀྱི་ཕུང་པོ་གཅིག་གོ །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་རང་གིས་བྱུང་བས་རང་བྱུང་བའོ། །བསམ་པ་ལས་ཤིན་ཏུ་འདས་པས་བསམ་གྱིས་མི་ཁྱབ་པའོ། །སྔོན་དུ་ཐོས་ནས་ཞེས་པ་ནི་སྔོན་དུ་ཐོས་པ་ལས་བྱུང་བས་སོ། །སྨན་དང་སྐར་མ་ནི་སྨན་དང་སྐར་མ་ཡང་གསལ་བར་བྱེད་པར་འགྱུར་རོ། །ཆོས་ནི་མྱ་ངན་ལས་འདས་པ་སྟེ། ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དེ་ཉིད་ཀྱི་མཉམ་པ་ནི་ཉོན་མོངས་པའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་པའི་ཕྱིར་རོ། །དེའི་སྤྱོད་པ་ནི་དགེ་བ་ལེགས་པར་སྤྱོད་པའོ། །ཡང་བ་ནི་འཆི་བའི་རྒྱུ་ལ། དེ་མ་སྤངས་པ་ནི་ཡང་བ་མ་སྤངས་པའོ། །འདིའི་རྒྱས་པར་བཤད་པ་ནི་ལྷག་མ་སྟེ། ཆད་པས་ཞེས་པ་ནི་ལྡོག་པ་ལ་སོགས་པས་སོ། །བརྗོད་པ་ནི་འོངས་པའི་ཚིག་གོ །མངོན་པར་བརྗོད་པ་ནི་གཏམ་གྱི་རྒྱུན་ལ། སོ་སོར་དགའ་མགུ་བ་ནི་གོས་ལ་སོགས་པ་ཉེ་བར་སྟོབས་པས་སོ། །བྱམས་


DTG090_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཀྱིས་དང་ཕན་པའི་སེམས་ཀྱིས་ཏེ། སྒྱུ་མ་ལ་སོགས་པ་ནི་མ་ཡིན་པའོ། །སྙིང་རྗེ་ནི་འབྲས་བུ་ལ་སྟེ། འདིར་སྙིང་རྗེ་བ་དེས་སོ་སོར་གདོད་ནས་སྡུག་བསྔལ་བསལ་བར་སེམས་པས་སོ། །གདུག་པ་ནི་རི་དགས་གཏུམ་པོའོ། །སྡིག་སྦྲུལ་ནི་སྦྲུལ་ལོ། །མ་གཏོགས་ཞེས་པ་ནི་འཇུག་པ་ལས་ཕྱི་རོལ་དུ་བྱས་པའོ། །ཀུན་ཏུ་བརྟགས་པ་ནི་ཡིད་ལ་བྱས་ནས་སོ། །ཀླན་ཀ་ཚོལ་བའི་བསམ་པ་ནི་སྡང་བ་དང་བཅས་པའི་སེམས་ཀྱིས་སོ། །མིག་གིས་མི་རྩོལ་བ་ནི་ཡིད་ཀྱིས་སོ། །དཔུང་གི་ཚོགས་ནི་དཔུང་གི་ཚོགས་ལ། དེ་ནི་ཡན་ལག་བཞི་སྟེ། གླང་པོ་དང༌། རྟ་དང༌། བདག་པོའི་ཤིང་རྟ་དང༌། བཀོད་པ་འདུས་པའོ། །སླར་ལོག་པ་ནི་མ་ཞུགས་པའོ། །བར་སྣང་ཞེས་པ་ནི་ནམ་མཁའ་ནས་ནམ་མཁར་སོན་པ་རྣམས་ཀྱིས་སོ། །ཡུན་རིང་མོ་ནི་ཡུན་རིང་པོ་ནས་སོ། །ཆེད་དུ་བརྗོད་པ་ནི་ཡང་ཡང་བརྗོད་པའོ། །ངན་དོན་ནི་ཉུང་ངུའོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་དེ་ལྟར་དངོས་པོ་མེད་པ་ཉིད་ལའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་རྒྱ་མཚོ་ཆེན་པོ་ཞེས་པ་ནི་ཆུང་ངུའི་འབྲིང་ངོ༌། །དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་འདྲེན་པ་པོ་ཉིད་ལ་སོགས་པ་ཤེས་པར་འཐད་པ་དང་བཅས་པའི་སྤྱོད་པ་བླ་ལྷག་པ་ལས་བསོད་ནམས་བླ་ལྷག་པར་ཤེས་པར་བྱེད་པའོ། །བསྔགས་པ་ནི་བསྟོད་པའམ་ཡོན་ཏན་ནོ། །སྔོན་དུ་འགྲོ་བ་ནི་མདུན་དུ་འགྲོ་བའོ། །འདྲེན་པ་ནི་སྡུད་པ་པོ་ལ། ཡོངས་སུ་འདྲེན་པ་ནི་ཀུན་ཏུ་འཕེལ་བར་བྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་ཉིད་ཀྱིས་མཆོག་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། ཅིག་ཤོས་ཏེ་དེ་རྣམས་ཉིད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་ཀྱིས་སོ་ཞེས་པ་ནི་ཆུང་ངུའི་ཆེན་པོའོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། གླེགས་བམ་དུ་ཆུད་པ་ནི་དམ་པའི་ཆོས་ཡུན་རིང་དུ་གནས་པའི་ཕྱིར་མཆོད་པའི་ཕན་ཡོན་ཞེས་པས་འདིར་སྤྱོད་པ་བླ་ལྷག་པ་ཞེས་པ་ནི་འབྲིང་དང་ཆུང་ངུའོ། །དེ་སྐད་ཅེས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་ནི་སྤྱོད་པ་བླ་ལྷག་པ་སྟེ། མདོ་ཇི་ལྟ་བ་བཞིན་ཏེ་འབྲིང་གི་འབྲིང་ངོ༌། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྣག་གི་གཉེན་མཚམས་ནི་མངལ་གཅིག་ནས་སྐྱེས་པའོ། །ཕན་ཚུན་རྗེས་སུ་སྦྱོར་བ་


DTG090_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདྲི་བ་སྟེ། འབྲིང་གི་ཆེན་པོའོ། །གང་སུ་ཞེས་པ་ལ་སོགས་པ་སྟེ། ལྷ་ཐམས་ཅད་ཉེ་བར་འོངས་པ་ནི་དང་པས་སོ། །དེ་རྣམས་ལ་ཆོས་ཀྱི་དབྱིངས་ཀྱི་སྦྱིན་པ་སྦྱིན་པའི་སྤྱོད་པ་བླ་ལྷག་པ་ཞེས་པ་ནི་ཆེན་པོའི་ཆུང་ངུའོ། །དེ་སྐད་ཅེས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་སྟེ། ལྷ་ལ་སོགས་པ་གང་ཞིག་འོངས་ནས་མཆོད་པ་ཤེས་པར་རབ་ཏུ་གཟེངས་བསྟོད་པར་འགྱུར་ཞེས་དད་པའི་མཐུ་ལ་དད་པ་བླ་ལྷག་པ་དང་སྤྱོད་པ་བླ་ལྷག་པའོ། །ཀུན་ཏུ་ཤེས་ཏེ་ནི་ཀུན་ཏུ་མཚོན་པའོ། །མཐར་ཐུག་པ་ནི་ངེས་པའོ། །འགྲོ་བར་བྱ་བ་ནི་བྱ་བ་ལའོ། །མི་མ་ཡིན་པའི་དྲི་ཞེས་པ་ནི་མིའི་ལུས་ནི་མི་ལ། དེ་ལྟ་མ་ཡིན་པ་ནི་མི་མ་ཡིན་ནོ། །མི་གཙང་བ་མེད་པ་ནི་གཙང་སྦྲ་ལ་མེ་ཏོག་ལ་སོགས་པ་དང་ལྡན་པས་གཙང་མའོ། །བྱོལ་བ་ནི་འཕོས་ནས་སོ། །ངལ་བ་ནི་གནོད་པའོ། །རྒྱ་ཆེན་པོ་ནི་ཆེན་པོ་ལ། སོ་སོར་མྱོང་བར་འགྱུར་བ་ནི་རྟོགས་པར་འགྱུར་བས་སོ། །བརྐམ་པ་ནི་འདོད་པ་ལ། འདུ་ཤེས་ནི་དྲན་པའི་ཞེས་པ་ནི་ཆེན་པོའི་འབྲིང་ངོ༌། །ཀཽ་ཤི་ཀ་གཞན་ཡང་ཞེས་པ་ལ་སོགས་པ་ནས་ལེའུ་ཡོངས་སུ་རྫོགས་པའི་བར་ནི་ཆེན་པོའི་ཆེན་པོའོ། །གཞལ་དུ་མེད་པའི་ཡོན་ཏན་ནི་གླེགས་བམ་གང་གིས་བཅངས་ནས་གཟུང་བ་ལ་སོགས་པས་འཛིན་པ་ནི་དེ་སྐད་ཅེས་བརྗོད་པ། དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང༌། མཆོད་རྟེན་ཞེས་པ་གཉིས་ཏེ། དེ་དག་ལ་བསྙེན་བཀུར་ནི་མེ་ཏོག་ལ་སོགས་པའི་མཆོད་པ་སྟེ། དེ་བརྗོད་པ་ཅན་གྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་བ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ། པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལས་ལེའུ་གསུམ་པའོ།། །།གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་ཆོས་ཀྱི་སྐུ་ཉིད་རོ་གཅིག་པའི་ཕྱིར་ན་ཤིན་ཏུ་མཆོད་པར་བྱའི། གཟུགས་ཀྱི་སྐུ་ལ་ནི་མ་ཡིན་ཏེ། འཇིག་ཚོགས་ཡིན་པའི་ཕྱིར་ཞེས་པ་འདིའི་དོན་ལ་གང་ཞིག་དད་པ་དང་དང་པའི་སྟོབས་ལ་བརྟེན་ནས་ཀྱང་ཚོད་བླ་ལྷག་པ་སྟེ། དེ་ནི་འདིར་སྤྱོད་པ་བླ་ལྷག་པའོ། །དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་གདུང་སྟེ། དེ་རྣམས་ཀྱིས་བཀང་ནས་འདམ་པར་བྱེད་པ་ནི་གཅིག་ཁྱེར་ཅིག་ཅེས་རྗོད་པར་བྱེད་ནའོ། །རི་མོར་བགྱི་བ་ནི་ཤིན་ཏུ་ཡང་གུས་པ་སྟེ། དེ་དག་ལས་བླ་མར་གྱུར་པ་ནི་བཅོམ་


DTG090_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་མའོ། །འདི་ནི་ཞེས་པ་ནི་བྲིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལའོ། །ཡང་དག་པ་ནི་འདིར་དེ་ཁོ་ན་ཉིད་དེ་ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ལ། དོན་དུ་གཉེར་བར་བྱ་བས་དོན་ཏེ། ཡང་དག་པའི་དོན་ཏོ། །དོན་དམ་པ་ནི་ཆོས་ཀྱི་སྐུ་ལ། དེའི་རྗོད་པར་བྱེད་པ་དེས་དེ་ལྟར་སྦྱོར་ནས་དོན་དུ་གཉེར་བ་པོ་ལ་གཙོ་བོའི་སྐུ་མངོན་པར་བརྗོད་པས་ཉེ་བར་བཏགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའོ། །དེ་ཞེས་པ་ནི་གང་དུ་ཡང་དག་པའི་དོན་གྱི་ངོ་བོའི་སྐུ་སྟེ། ཡུམ་ཆེན་མོར་གསུངས་པ་དེ་འདིར་བཤད་དེ། ཆོས་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱི་དོན་དམ་པ་ལ། སྐུ་ནི་གང་དག་ལ་དེའོ། །འོ་ན་འདི་ལྟར་སྐུ་གཞན་ལ་ཡོད་པ་མ་ཡིན་ནམ་ཞེ་ན། གསུངས་པ་ནི་མིན་ཞེས་པ་སྟེ། མཚན་དང་དཔེ་བྱད་ཀྱི་འབར་བའི་སྐུ་ཡོད་ན་འདི་ནི་རང་བཞིན་གྱིས་རྟག་པར་ཡོད་པར་བྱེད་པའི་དོན་དམ་པ་པའི་སྐུ་སྙམ་དུ་མ་སེམས་ཤིག །ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་ནི་ཀུན་རྫོབ་པའི་ཕྱིར་རོ། །ཡང་ན་དམིགས་པར་བྱེད་པ་ཡོད་པ་དེ་ཡང་འདིར་རབ་ཏུ་གཡོ་བའི་ཆུའི་ནང་གི་ཟླ་བ་བཞིན་ཏེ། སྐད་ཅིག་རེ་རེས་འཇིག་པ་ཅན་གྱི་སྐུ་ཞེས་པས་འཇིག་ཚོགས་ལ་སྟེ། གཟུགས་ཀྱི་སྐུ་དེ་ལ་དོན་དམ་པའི་སྐུར་མ་སེམས་ཤིག་པའོ། །ཆོས་ཀྱི་སྐུས་ཡོངས་སུ་རྫོགས་པ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་རབ་ཏུ་སྤངས་ནས་རྟོག་པ་རྫོགས་པ་སྟེ། དེའི་ཡང་དག་པའི་དོན་ཉིད་ཀྱི་ཕྱིན་ཅི་མ་ལོག་པར་ཡོངས་སུ་རྫོགས་པ་རྟོགས་པ་ལ་ཆོས་ཀྱི་སྐུ་ཞེས་བརྗོད་ལ། དེ་ཁོ་ན་དོན་དམ་པའི་སངས་རྒྱས་སོ། །ལྟོས་ཞེས་པ་ནི་མཐོང་བ་མེད་པའི་སྦྱོར་བ་སྟེ། དེ་ལྟར་ཡང་སུམ་བརྒྱ་པ་ལས། ཆོས་ཉིད་དུ་ཡང་འདི་ཤེས་ན། །དེ་ནི་ཤེས་པར་མི་ནུས་སོ། །ཞེས་གསུངས་ཏེ། ཆོས་ཉིད་ཤེས་པར་མི་ནུས་ཞེས་པ་ནི་འདིར་དོན་དམ་པ་ཆོས་རྣམས་ཐམས་ཅད་མ་མཐོང་བ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ཞེས་པ་ལ་དགོངས་པ་སྟེ། འདིར་གསུངས་པ། འདི་ཞེས་པ་ནི་ཆོས་ཀྱི་སྐུ་སྟེ། ཡང་དག་པའི་མཐའ་དེ་བཞིན་ཉིད་ཀྱི་མཆོག་སྟེ། དེས་རྒྱུའི་གནས་སྐབས་རྣམས་སུ་ལེགས་པར་བསྒོམས་པས་རྟོགས་ནས་རབ་ཏུ་ཕྱེ་བ་སྟེ། ཀུན་ཏུ་སྐྱེས་ནས་དེ་ལྟར་རབ་ཏུ་ཕྱེ་བའོ། །དེའི་བདག་པོ་ཉིད་ཀྱིས་གཟུགས་ཀྱི་སྐུ་ཡོངས་སུ་དག་པ་འབར་བ་དག་སྐྱེད་པའོ། །


DTG090_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ནི་ཆོས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པ་སྟེ། དེའི་རྟོགས་པ་དེའི་རང་བཞིན་ཡིན་པའི་ཕྱིར་དང༌། ཡུལ་ཡིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཀུན་རྫོབ་ཀྱི་ངོ་བོ་ལ་འོན་ཀྱང་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱང་དོན་དམ་པར་ངེས་པ་ཉིད་ཀྱིས་ན་གཟུགས་ཀྱི་སྐུ་གཉིས་པོ་དང་ངོ་བོ་ཉིད་མཆོག་ཤིན་ཏུ་མཆོག་ཉིད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཀྱི་ཕུང་པོ་ཡང་ཀུན་རྫོབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ནོ། །དེའི་ཕྱིར་ན་དེ་ནི་ཆོས་ཀྱི་སྐུས་ཀུན་ཏུ་བསྡུས་ཞེས་བཤད་དོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་དང༌། དེ་ཁོ་ན་ཉིད་རྟོགས་པའི་བརྗོད་པ་པོ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ཡང་གུས་པའི་ཡུལ་ཡིན་ཞེས་བརྒྱ་བྱིན་གྱིས་བསྟན་ཤེས་པ་ནི་གཞན་གྱི་དོན་གྱི་མོད་པ་ཆུང་ངུའི་ཆུང་ངུའོ། །འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། འོན་ཀྱང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏོ། གང་ཡང་དེ་རྣམས་ལ་ཡང་གུས་ཏེ། དེ་ལྟ་ན་ཡང་ཞེས་པའི་དོན་ཏོ། །ཆོས་སྟོན་པའི་གཞི་ཡིན་པའི་ཕྱིར་ཆོས་བཟངས་ལྷའི་འདུན་ས་ཡིན་པའི་ཕྱིར་ལྷའི་འདུན་ས་སྟེ། ཤིན་ཏུ་ཡང་ཡངས་པ་ལྷའི་གྲོང་ཁྱེར་བལྟ་ན་སྡུག་པའི་བདེན་བྲལ་གྱི་ཕྱོགས་སུའོ། །འདོད་ཅེས་པས་ན་དབང་པོ་སྟེ། སྐྱེས་བུ་ཆེན་པོ་དེས་ཀུན་དུ་བསྒྲགས་པ་ལ་བལྟ་བར་འདོད་པའོ། །ཤིན་ཏུ་དབང་ཆེ་བར་གྲགས་པས་འདིར་དབང་ཆེ་བར་གྲགས་པ་སྟེ། བསམ་པ་ཆེན་པོའི་ཞེས་པའི་དོན་ཏེ། དེ་ཡང་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། དེའི་ཡེ་ཤེས་ཀྱི་སྐུའི་རྒྱུའི་ངོ་བོ་དང་རྐྱེན་གྱི་ངོ་བོ་སྟེ། འདི་ལ་གསུངས་པ་ནི། དེ་བཞིན་གཤེགས་པའི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བརྒྱ་བྱིན་ལ་དེ་བཞིན་གཤེགས་པའི་གདུང་ནི་འདིར་རྒྱུ་དང་རྐྱེན་དུ་གྱུར་པ་མ་ཡིན་ཏེ། བརྒྱ་བྱིན་གྱི་སྟན་བཞིན་ཏེ། སྔོན་དུ་ཆོས་ཀྱི་སྐུའི་རྟེན་དུ་གྱུར་པས་གཟུགས་ཀྱི་སྐུ་ལ་ཡང་སྐུ་ཉིད་དུ་བཤད་དོ། །འདིར་ནི་དབང་ཆེ་བར་གྲགས་པའི་ཡེ་ཤེས་ཀྱི་སྐུའི་གདན་ལྟ་བུའོ་ཞེས་པའི་དོན་འདི་ལ་གང་ཞིག་དད་པ་དང་དངས་བས་བླ་ལྷག་པར་སྤྱོད་ཅེས་པ་ནི་ཆུང་ངུའི་འབྲིང་ངོ༌། །ཞོག་ཅེས་པ་ལ་སོགས་པ་སྟེ། འདིར་བཅོམ་ལྡན་འདས་མར་བཤད་པའི་བདག་ཉིད་ཆེན་པོ་ལ་གང་ཞིག་དད་པ་དང་དང་བ་དང་བཅས་པ་ཉིད་ཀྱིས་བླ་ལྷག་པར་སྤྱོད་ཅེས་པ་ནི་


DTG090_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུའི་ཆེན་པོའོ། །འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པ་མཆོད་པར་བྱ་བ་ཉིད་ལ། སྐྱེད་པ་པོ་དེ་བས་ན་གདུང་བས་དེ་མཆོད་པ་ལ་སྨོས་ཀྱང་ཅི་དགོས་ཞེས་པ་ནི་འདིར་དད་པ་ལ་སོགས་བླ་ལྷག་པར་སྤྱོད་པའོ་ཞེས་པ་ནི་འབྲིང་གི་ཆུང་ངུའོ། །འོན་ཀྱང་ཞེས་པ་ལ་སོགས་པ་དང༌། གཟུང་བར་མི་འགྱུར་ཞེས་པ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་དམན་པར་བྱས་ནས་མི་འཕེལ་བར་བྱས་ཤིང་རྩ་བ་དང་བཅས་པ་གསལ་བར་བྱ་ཞེས་པའི་དོན་ཏོ། །ཇི་ལྟར་ཕྱུང་ཡང་ནོར་བུ་རིན་པོ་ཆེ་དེའི་ཟ་མ་ཏོག་དེ་ལ་སྙིང་དུ་སྡུག་པར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་དེ་སྙེད་ཀྱི་ཡོན་ཏན་རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་ཀྱང་བཅོམ་ལྡན་འདས་ཀྱི་རིང་བསྲེལ་མཆོད་པ་བྱ་བ་འགྱུར་ཞེས་པའི་དོན་འདི་ལ་བླ་ལྷག་པར་སྤྱོད་ཅེས་པ་ནི་འབྲིང་གི་འབྲིང་ངོ༌། །ཇི་ལྟར་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་ཕྱིར་བསྟན་པའི་ཆོས་གཞན་རྣམས་ཀྱིས་ཀྱང་སྟོན་པར་བྱེད་པས་ན་མཆོད་པའི་འོས་སུ་འགྱུར་བ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་ཕྱིར་དེའི་མཐུས་རིང་བསྲེལ་ཡང་མཆོད་པའི་འོས་སུ་འགྱུར་ཞེས་པའི་དད་པ་ལ་སོགས་པ་ཅན་གྱིས་སྤྱོད་པ་བླ་ལྷག་པའི་འབྲིང་གི་ཆེན་པོའོ། །འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ལ་མཆོད་པས་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་མཆོད་པར་འགྱུར་ཞེས་པའི་དད་པ་ལ་སོགས་པ་ཅན་གྱིས་སྤྱོད་པ་བླ་ལྷག་པ་སྤྱོད་ཅེས་པ་ནི་ཆེན་པོའི་ཆུང་ངུའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་དེ་སྟོན་པར་བྱེད་པའི་བཅོམ་ལྡན་འདས་མའི་དོན་འདི་ཉིད་ལ་བླ་ལྷག་པའི་དད་པས་བླ་ལྷག་པར་སྤྱོད་དེ་ཆོས་ཉིད་ནི་ཆོས་ཀྱི་སྐུ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ལ་སོགས་པའོ། །བཅོམ་ལྡན་འདས་མ་ཆོས་སྐུ་ཉིད་དུ་གསལ་བར་བྱེད་པ་ལ་ཡང་བརྒྱ་བྱིན་གྱིས་གསོལ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་ཞེས་པ་ལ་སོགས་པ་སྟེ། ཡང་དག་པར་རབ་ཏུ་ཤེས་པ་དང༌། སྤྲོས་པ་མེད་པའི་ཡེ་ཤེས་ཀྱིས་རིག་པའོ། །ཡང་དག་པར་རབ་ཏུ་མཐོང་བ་ནི་རྣམ་པ་ཐམས་ཅད་ཀྱིས་ཡང་དག་པར་ཀུན་ཏུ་མཐོང་ཞེས་པ་ནི་


DTG090_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་འབྲིང་ངོ༌། །དེ་ནས་ཡང་བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། ཐེག་པ་ཆེན་པོ་ཐམས་ཅད་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རབ་ཏུ་བསྡུས་ལ། བཅོམ་ལྡན་འདས་མ་ནི་དེ་རྣམས་ཀྱི་གཙོ་བོ་དང་སྔོན་དུ་འགྲོ་བའི་ཕྱིར་དང༌། ཀུན་ཏུ་སྡུད་པའི་ཕྱིར་ཞེས་པ་འདི་ལ་དད་པ་ལ་སོགས་པས་བླ་ལྷག་པར་སྤྱོད་པ་སྟེ། ཐབས་ཀྱིས་ཞེས་པ་ལ་སོགས་པ་ནི་བསྟན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་རྣམས་ཀྱི་ཞེས་པ་ནི་བཤད་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དཔེའི་ཤིང་དེ་རྣམས་ཀྱི་གྲིབ་མ་མཉམ་དུ་རོ་གཅིག་པ་ནི་ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་པ་རྣམས་ཀྱི་དཔེ་ལ། ཡོན་ཏན་ཆེན་པོ་དང་ལྡན་པའི་ཕན་ཡོན་མང་པོ་ནི་རང་གི་དོན་གྱི་མོས་པ་རྫོགས་པར་བྱེད་པའི་ཕྱིར་ལ། གཞལ་དུ་མེད་པའི་ཡོན་ཏན་དང་ལྡན་པ་ནི་གྲངས་མེད་ཅིང་ཚད་མེད་པ་ནི་ཡུལ་ཏེ། རང་དང་གཞན་གྱི་མོས་པ་ལ་སྦྱོར་བའི་ཕྱིར་རོ། །མུ་མེད་པའི་ཡོན་ཏན་དང་ལྡན་པ་ནི་མཐའ་ཡས་པའི་སེམས་ཅན་གྱི་ཁམས་ཀྱི་ཆེད་དུ་གཞན་གྱི་དོན་གྱི་མོས་པ་འབྱུང་བའི་ཕྱིར་ཞེས་པ་ནི་ཆེན་པོའི་ཆེན་པོའོ། །རང་བཞིན་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གང་ཞིག་གི་ཡོན་ཏན་དེ་རྣམས་ཡོངས་སུ་བསྒྲགས་པ་སྟེ་ལེའུ་བཞི་པའོ།། །།དེ་ལྟར་མོས་པ་ཉི་ཤུ་རྩ་བདུན་སྒོམ་པ་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲོ་བ་སྐྱེས་པའི་ཕྱིར་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་གོ་རིམས་ཇི་ལྟ་བ་བཞིན་དུ་དེ་ཉིད་ལ་ཉི་ཤུ་རྩ་བདུན་གྱི་བསྟོད་པ་ལ་སོགས་པ་གསུངས་པར་མཛད་དེ། བསྟོད་པས་ན་བསྟོད་པའོ། །བཀུར་བས་ན་བཀུར་བ་ལ། བསྔགས་པས་ན་བསྔགས་པ་ཞེས་པའི་དོན་ཏེ། བསྟན་བཅོས་ལས། ཤེས་རབ་ཕ་རོལ་ཕྱིན་པ་ཡི། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། །བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་ཞིག་མོས་པ་སྔོན་དུ་བཤད་པའི་མོས་པ་གསུམ་དགུར་བྱས་པ་དེའི་ཡོན་ཏན་འབྱུང་བ་སྙེད་ཀྱི་དབྱེ་བ་རྣམས་ཀྱི་གསུམ་པོ་ལ་དགུར་བྱས་པ་རྣམས་ལ་གོ་རིམས་བཞིན་དུ་བསྟོད་པ་དང་བཀུར་བ་དང་བསྔགས་པར་འདོད་དེ། དེ་ལ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། གང་ཞིག་ལྷག་པར་མོས་ཞེས་པས་འབྲེལ་


DTG090_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཇི་ལྟར་ཚུལ་དང་མ་བྲལ་བ་ཞེས་བྱ་བའི་བར་རོ། །མངོན་པར་དད་པས་ཞེས་པས་འདིའི་བཤད་པ་ནི་རབ་ཏུ་རྟོགས་པས་ཞེས་པ་སྟེ། འདི་ཉིད་ཁོ་ན་ལ་དད་པར་བྱ་ཞེས་པའི་དོན་ཏོ། །བསམ་པ་ལ་ལ་དེའི་དགེ་བའི་ཆོས་རྣམས་འདིར་བསམ་པས་བསམ་པ་སྟེ། ཆུ་ཡི་ཟམ་པ་ལྟ་བུའོ། །དེ་ཡང་དད་པ་དང་འདུན་པ་དག་སྟེ། ལྷག་པར་ཁྱད་པར་དུ་འཕགས་པའི་བསམ་པའི་ལྷག་པའི་བསམ་པ་དེས་སོ། །ཉན་པར་བྱེད་པ་ནི་དོན་དང་གཞུང་དག་གོ །གཟུང་བར་བྱེད་པ་ནི་རྗོད་པར་བྱེད་པའོ། །འཆང་བར་བྱེད་པ་ནི་སེམས་ལ་གཞག་པར་བྱེད་པ་ལ་ཀློག་པར་བྱེད་པ་ནི་འདོན་པར་བྱེད་པའོ། །ཀུན་ཆུབ་པར་བྱེད་པ་ནི་རྣམ་པ་ཐམས་ཅད་རྟོགས་པར་བྱེད་པ་ལ། རབ་ཏུ་འདོན་པར་བྱེད་པ་ནི་གཞན་རྣམས་ལ་ཀུན་ཏུ་སྤེལ་བར་བྱེད་པའོ། །འདིའི་རྒྱས་པར་བཤད་པ་ནི་གཞན་དག་ལ་སྟོན་པར་བྱེ་པ་ནི་གཞུང་གིས་སྨྲ་བར་བྱེད་པའི་ཕྱིར་ལ། ཉེ་བར་སྟོན་པར་བྱེད་པ་ནི་དོན་ནོ། །ལུང་འབོགས་པར་ནི་དོན་སྨྲ་བའོ། །ཁ་ཏོན་ཏུ་བྱེད་པ་ནི་ཤིན་ཏུ་གོམས་པར་བྱེད་པའི་ཕྱིར་ཡང་ནས་ཡང་དུ་ཁ་ཏོན་བྱེད་པས་སོ། །རྒྱ་ཆེར་བཅས་པ་ནི་མང་པོ་རྣམས་ལ་ཀུན་ཏུ་སྟོན་པས་སོ། །ཡང་དག་པར་རབ་ཏུ་སྟོན་པ་ནི་བྱ་བ་རྟག་པར་རབ་ཏུ་སྟོན་པར་བྱེད་པས་ཏེ་གཞུང་གིས་སོ། །རྣམ་པར་འགྲེལ་བ་ནི་རྒྱ་ཆེན་པོས་སོ། །ཡིད་ཀྱིས་རྗེས་སུ་རྟོག་པ་ནི་སེམས་ཀྱིས་རྗེས་སུ་བརྟགས་པ་ལས་ཀུན་ཏུ་སྦྱོར་བར་བྱས་ནས་ལྟ་བར་བྱེད་པ་སྟེ། ཞི་གནས་སྐྱེད་པར་བྱེད་པའོ། །ཡོངས་སུ་དཔྱོད་པར་བྱེད་པ་ནི་རྣམ་པར་བརྟགས་པ་རྣམས་ཀྱིས་ལྷག་མཐོང་སྐྱེད་པའི་ཕྱིར་རོ། །འདིས་ནི་སྤྱོད་པ་སྟོན་ཏེ། འདི་ལས་མེད་པས་ན་ཆུང་ངུ་ན་ཞེས་པའོ། །འཆང་བར་བྱེད་པ་ནི་མི་འཇིགས་པར་བྱེད་པ་ལ། འཇོག་པ་ནི་རང་གི་ཁྱིམ་ལ་སོགས་པར་ཏེ། བསྟོད་པ་གསུམ་པོ་རྣམས་ཀྱིས་ཞེས་པ་སྟེ། ཚུལ་དང་མ་བྲལ་བར་ཞེས་པའི་བར་གྱིས་སོ། །འཕགས་པ་དམ་པ་རྣམས་ཀྱི་ལམ་གྱི་ཆོས་ནི་དམ་པའི་ཆོས་ལ། དེ་ཡུན་རིང་དུ་གནས་པར་བྱེད་པ་སྟེ། འདི་ནི་ཐུན་མོང་གིའོ། །དམ་པའི་ཆོས་ཞེས་པ་དང་པོའི་བསྟོད་པ་ནི་ཐེག་པ་ཐམས་ཅད་པའི་དབང་དུ་བྱས་པའོ། །སངས་རྒྱས་རྣམས་ཀྱི་ཚུལ་ནི་རྟོགས་པ་སྟེ། ཕལ་ཆེ་བ་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིག་ཅེས་པས་


DTG090_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཞག་པར་བྱ་ཞེས་པའི་བསྟོད་པ་གཉིས་པ་ནི་སངས་རྒྱས་ཀྱི་དབང་དུ་བྱས་པའོ། །ཚུལ་དང་མ་བྲལ་བར་ཞེས་པ་འདི་གཞག་པར་བྱ་ཞེས་པ་ནི་བསྟོད་པ་གསུམ་པ་སྟེ། བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའོ། །འདིར་དོན་ཆེན་པོ་དང་འབྲས་བུ་ཆེན་པོ་ཞེས་པ་ནི་དོན་དུ་གཉེར་བ་པོ་འདིས་ཏེ། འདི་ནི་བསྟན་པ་ལ་གཞན་ནི་བཤད་པའོ། །ཕན་ཡོན་ཆེན་པོ་ནི་ཇི་སྐད་བཤད་པའི་ཕན་ཡོན་རྣམས་ཀྱིས་སོ། །འབྲས་བུ་ཆེན་པོ་ནི་རྒྱུན་དུ་ཞུགས་པ་ཉིད་ལ་སོགས་པ་རྣམས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་རྣམས་ཀྱིའོ། །རྣམ་པར་སྨིན་བ་ཆེ་བ་ནི་འཕགས་པ་རྣམ་པ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའི་ཕྱིར་རོ། །དེ་བཞིན་དུ་མང་པོ་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ། །ཡོངས་སུ་མི་གཏང་བར་བྱ་བ་ནི་ཡོངས་སུ་གཟུང་ཞིང་གཏང་བར་མི་བྱ་བའོ། །བསྲུང་བར་བྱ་བ་ནི་མེ་དང་བྱི་བ་ལ་སོགས་པ་རྣམས་ལའོ། །སྦ་བར་བྱ་བ་ནི་རྐུན་པོ་ལ་སོགས་པ་རྣམས་ལའོ། །ཅིའི་ཕྱིར་ཞེ་ན། ཤིན་ཏུ་རྙེད་པར་དཀའ་བས་སོ། །ལྷག་པར་མོས་པ་ནི་དེ་བཞིན་དུ་དེ་ལྟར་སེམས་པར་བྱེད་པའོ། །བདེན་པ་མ་ཡིན་པ་ལ་རབ་ཏུ་འཇུག་པས་ནི་མོས་པ་བརྟན་པར་མི་འགྱུར་རོ། །དོན་དུ་གཉེར་བས་དོན་ཏེ་མཆོད་པ་འདོད་པས་དེར་གཉེར་བ་ལ་ཤིན་ཏུ་དེར་སྦྱོར་བས་ན་འདུན་པའོ། །སྦྱིན་པར་བྱེད་པ་ནི་ཁས་ལེན་པར་བྱེད་པའོ། །གཏོད་པ་ནི་ཉེ་བར་བྱེད་པ་ལ། འབུལ་བ་ལ་ནི་ལེན་དུ་འཇུག་པར་བྱེད་པའོ། །ཡོངས་སུ་གཏོང་བ་ནི་ཡིད་ལ་གཅགས་པ་མེད་པ་སྟེ་བློ་ནི་འདོད་པའོ། །ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་ནི་ཡོན་ཏན་དང་ངོ་བོ་ཉིད་ལའོ། །སྦྱིན་པར་བྱེད་པ་ནི་མཆོད་པའི་ཕྱིར་ལ། ཡང་དག་པར་འབྱེད་པ་ནི་དྲན་པས་དེ་རྣམས་ཀྱི་ལྷག་པར་རོ་མྱང་བའི་ཕྱིར་རོ། །རྒྱ་ཆེ་བ་ནི་ཡངས་པ་སྟེ། དེས་སྤྱོད་ཅེས་པས་ན་ཡངས་པ་ཅན་ནོ། །སོ་སོ་རང་གི་བདག་ཉིད་ཀྱིས་ཞེས་པ་ནི་བསྟོད་པ་ཆུང་ངུའི་ཆུང་ངུའོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་བསྟོད་པ་ཆུང་ངུའི་འབྲིང་ངོ༌། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཡང་དག་པར་ལེན་དུ་གཞུག་པ་ནི་ཡང་དག་པར་འཛིན་དུ་གཞུག་པའོ། །རབ་ཏུ་གཞོག་པར་བྱེད་པ་ནི་རིམ་པ་ལས་མི་འདའ་བས་སོ། །མངོན་པར་དད་པ་ནི། བཅོམ་ལྡན་འདས་མའི་ཡོན་ཏན་ལའོ། །གཞན་དུ་ན་ནི་ཡང་དག་པའི་སྦྱིན་པ་པོར་མི་འགྱུར་རོ།།


DTG090_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་དད་པ་ལས་གཞན་དུ་ན་ནི་རྟག་པར་ཡང་དག་པར་ལེན་པའི་སྣོད་དུ་མི་འགྱུར་རོ། །སྙོམ་ལས་ནི་ངན་ལ་ཞེན་པ་སྟེ། སྙོམ་ལས་མེད་པ་ནི་བརྩོན་འགྲུས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་ལ་བཅོམ་ལྡན་འདས་མ་འཛིན་དུ་འཇུག་པ་ནི་བྱང་ཆུབ་སྒྲུབ་པའི་ཐབས་ཉིད་པས་སོ། །ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་སྟེ། རིགས་པ་རྣམས་ཀྱིས་སོ། །ཡང་དག་པར་འཛིན་དུ་འཇུག་པ་ནི་ཀློག་པ་དང་མཆོད་པ་ལ་སོགས་པ་རྣམས་ལ་རབ་ཏུ་གཞུག་པར་བྱེད་ལ། རབ་ཏུ་ཞུགས་པ་ན་གཟེངས་སྟོད་པར་བྱེད་པ་སྟེ་སྤྲོ་བར་བྱེད་པའོ། །བརྩོན་འགྲུས་རྩོམ་པ་རྣམས་ལ་ནི་བསྟོད་པ་རྣམས་ཀྱིས་ཡང་དག་པར་རབ་ཏུ་དགའ་བར་བྱེད་པའོ། །འཇིག་རྟེན་ཕྱིན་ཅི་ལོག་པས་དེ་ཡིས་མི་ནུས་སོ་ཞེས་གསུངས་པ་ནི་ཚིག་གིས་མཚོན་པ་ནི་དད་པ་ཅན་ལ་དེས་མཐུ་དང་ལྡན་པའི་ངང་ཉིད་དུ་གྱུར་པས་སོ། །ཁ་ཕྱིར་ཕྱོགས་པ་རྣམས་ལ་རྣམ་པར་མཚོན་པ་སྟེ། ལྟ་བ་ངན་པ་རྣམས་ལ་རིགས་པ་རྣམས་ཀྱིས་གནོད་པར་བྱེད་པའི་ཕྱིར་རོ། །བཏང་སྙོམས་པ་ལ་རྗེས་སུ་མཚོན་པ་སྟེ། རྗེས་སུ་ཆགས་པར་བྱེད་པའི་ཕྱིར་བཅོམ་ལྡན་འདས་མ་དེའི་ཡོན་ཏན་བརྗོད་པའི་ཕྱིར་རོ། །དེ་ལྟར་སྣོད་དུ་བྱས་པ་ལ་དོན་ཞེས་པའོ། །རྣམ་པར་སྦྱོང་བར་བྱེད་པ་ནི་ལྟ་བ་ངན་པ་རྣམས་ལ་གནོད་པར་བྱེད་པའི་ཕྱིར་རོ། །འདི་ལྟར་ནི་ཐེ་ཚོམ་ཅན་རྣམས་ཐེ་ཚོམ་མེད་པར་བྱེད་པར་འགྱུར་ཏེ། རིགས་པ་གཞན་རྣམས་ཀྱིས་སོ། །སློབས་ཤིག་པ་ནི་བསླབ་པ་གསུམ་པོ་རྣམས་ཀྱིས་སློབ་པར་བྱེད་པ་སྟེ། བསམ་པས་སྤྱད་པ་ནི་ཞི་གནས་ཀྱིས་སོ། །འབད་པ་ནི་ལྷག་མཐོང་གིས་ལ་སེམས་ཅན་གྱི་ཁམས་ནི་སེམས་ཅན་གྱི་ཕུང་པོའོ། །ཤིན་ཏུ་མཐར་ཐུག་པར་འགྱུར་བའི་ཕྱིར་བླ་ན་མེད་པ་ལ། ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པ་སྟེ། ཟག་པ་དང་བཅས་པ་རྣམས་སོ། །དེ་རྣམས་མ་ལུས་པར་ཟད་པར་བྱེད་པ་ནི་དེའི་རྒྱུ་མཚན་གྱི་མངོན་པར་ཞེན་པར་འགྱུར་བའི་སྒྲིབ་པ་རྣམས་ཟད་པའི་ཕྱིར་རོ། །ཡང་དག་པའི་མཐའི་རབ་ཏུ་དབྱེ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་ཟག་པ་མེད་པའི་ཕུང་པོ་ལྔ་ཙམ་ལྷག་པ་ཉིད་དོ། །དེ་ཡིས་དེ་ལྟར་ཞེས་པ་སྟེ། དགེ་བ་བཅུ་ལ་རབ་ཏུ་དགོད་པ་ལ་སོགས་པའོ་ཞེས་པ་ནི་ཆུང་ངུའི་ཆེན་པོའོ། །བསྟོད་པ་ལྔ་པོ་རྣམས་ཀྱི་ཞོག་ཅེས་པ་ལ་


DTG090_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི་སྔ་མའི་ཆ་ལ། དེ་ཇི་སྙམ་དུ་སེམས་ཞེས་པ་ལ་སོགས་པ་ནི་ཕྱི་མའི་ཆ་སྟེ། འདི་རྣམས་མདོ་ལས་བཤད་པ་ལས་བསོད་ནམས་བླ་ལྷག་པ་དང་དད་པ་ལ་སོགས་པའི་མཐུ་བསྟན་ནས་བླ་ལྷག་པའི་ཆ་རྐྱེན་གྱིས་བླ་ལྷག་པར་སྤྱོད་པས་སོ། །རྣམ་གྲངས་ཀྱིས་ནི་བྱེ་བྲག་གིས་ཏེ། །དངོས་པོ་གསུམ་གྱི་མོས་པས་གནས། །ཞེས་པའི་དོན་ཏེ། འདི་རྣམས་གོ་རིམས་བཞིན་དུ་འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོ་དང༌། ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་འབྲིང་གི་བསྟོད་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་ལྔ་དང༌། ཞོག་ཅེས་པ་དགུ་མདོ་ལས་བཤད་པས་བསོད་ནམས་བླ་ལྷག་པ་ལ་སོགས་པ་བླ་ལྷག་པའི་སྤྱོད་པ་སྟེ། སྔ་མ་དང་ཕྱི་མ་རྣམས་ཀྱི་གཞུང་མ་ཚང་བ་ཡོད་ན་ཡང་བསྣན་པར་བྱ་བའོ། །བསམ་གཏན་བཞི་ལ་བཀོད་ཅེས་པ་ནི་དེ་ཡང་བསམ་གཏན་པོ་ནི་འདོད་པའི་ཉོན་མོངས་པ་རྣམས་ལ་མི་སྦྱོར་ཞིང༌། འདོད་པའི་དངོས་པོ་རྣམས་ལ་དམིགས་པ་མེད་པའི་ཕྱིར་ན་འདོད་པ་རྣམས་ཀྱིས་དབེན་པ་ལ་ཉོན་མོངས་པ་དང༌། འདོད་པའི་རྒྱུ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་མི་དགེ་བ་རྣམས་དང་བྲལ་བའི་ཕྱིར་རྣམ་པར་རྟོག་པ་དང་བཅས་ཤིང་རྣམ་པར་དཔྱོད་པ་དང་བཅས་པའོ། །འདོད་པའི་གཉེན་པོར་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དག་དང་ཀུན་ཏུ་སྦྱོར་བས་འདོད་པའི་དོན་གྲུབ་སྟེ། ལུས་དང་སེམས་ཤིན་ཏུ་སྦྱངས་པས་དགའ་བ་དང་བདེ་བ་དང་ལྷན་ཅིག་པར་གྱུར་པ་ལ་སྙོམས་པར་ཞུགས་ན་སོ་སོར་ཉམས་སུ་མྱོང་བར་འགྱུར་རོ། །གཉིས་པ་ནི་རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་དག་གིས་སེམས་བསྐྱོད་པར་བྱེད་པ་དག་གི་སྐྱོན་མཐོང་བས་དེ་དག་ལས་སེམས་རྣམ་པར་ལོག་པ་ལ་མཉམ་པར་གཞག་པ་དེ་རྣམས་ཐམས་ཅད་ནས་ཐམས་ཅད་དུ་རབ་ཏུ་སྤངས་ནས་རྣམ་པར་རྟོག་པ་མེད་ཅིང་རྣམ་པར་དཔྱོད་པ་མེད་པ་ཉིད་ཀྱིས་ནང་གི་བདག་ཉིད་རབ་ཏུ་དང་བ་ལ་སྦྱོར་བ་ཅན་ནོ། །གསུམ་པ་ནི་བཏང་སྙོམ་པར་རིགས་པ་ཉིད་ཀྱིས་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་བཞིན་དུ་དགའ་བ་དང་བཏང་སྙོམས་པའི་ཕྱིར་དྲན་པ་དང་ཤེས་བཞིན་དང་ལྷན་ཅིག་པས་དགའ་བའི་གོ་སྐབས་མི་ཕྱེད་ནས་དེ་གཉིས་ཀྱིས་ཤེས་རབ་ལན་མང་དུ་བྱེད་པས་གཟུགས་ཀྱི་ལུས་དང་ཡིད་དག་གིས་བདེ་བ་མྱ་ངན་ཤིན་ཏུ་སྦྱངས་པ་ལ་སྦྱོར་བས་བདེ་བ་དང་བཅས་པའོ། །


DTG090_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ལ་ནི་བདེ་བ་ཡང་མེད་ཅིང་སྡུག་བསྔལ་བ་ཡང་མེད་ལ། བདེ་བ་དང་སྡུག་བསྔལ་བའི་ཡིད་བདེ་བ་དང་ཡིད་མི་བདེ་བ་དག་ཀྱང་སྔ་ནས་སྤངས་པས་བསམ་གཏན་བཞི་པས་བདེ་བ་ཡང་བཏང་སྙོམས་པར་དྲན་པ་ཡོངས་སུ་དག་ནས་དེ་དག་གིས་འདིར་ཤིན་ཏུ་རྣམ་པར་དག་པ་ཐོབ་པས་སོ། །དེ་ལ་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དག་ནི་གཉེན་པོའི་ཡན་ལག་སྟེ། དེ་གཉིས་ཀྱིས་འདོད་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བ་དང༌། རྣམ་པར་རྟོག་པ་དང་བཅས་པ་སྤོང་བའི་ཕྱིར་རོ། །དགའ་བ་དང༌། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །སེམས་རྩེ་གཅིག་པ་ཉིད་ནི་དེ་གཉིས་ཀའི་རྟེན་གྱི་ཡན་ལག་སྟེ། ཏིང་ངེ་འཛིན་ལ་བརྟེན་པའི་མཐུས་དགེ་བ་ལ་རྣམ་པར་རྟོག་པ་ལ་སོགས་པ་ལ་འཇུག་པས་སོ། །གཉིས་པ་ལ་བཞི་སྟེ། །ནང་རབ་ཏུ་དང་བ་གཉེན་པོའི་ཡན་ལག་ལ། ལྷག་མའི་ཡན་ལག་ནི་སྔ་མ་བཞིན་ནོ། །གསུམ་པ་ལ་ལྔ་སྟེ། བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་ནི་གཉེན་པོའི་ཡན་ལག་ལ། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །རྟེན་གྱི་ཡན་ལག་ནི་སྔ་མ་བཞིན་ནོ། །བཞི་པ་ལ་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་ལ། སྡུག་བསྔལ་མེད་ཅིང་བདེ་བ་མེད་པས་མྱོང་བ་ནི་ཕན་ཡོན་གྱི་ཡན་ལག་གོ །རྟེན་གྱི་ཡན་ལག་ནི་གོང་མ་བཞིན་ནོ། །དེ་ལ་བསམ་གཏན་དང་པོ་བསྒོམས་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་ཚུལ་གྱིས་གོ་རིམས་བཞིན་དུ་ཚངས་རིས་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་པ་ཆེན་པོ་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །གཉིས་པས་ནི་འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་རྣམས་དང་ངོ༌། །གསུམ་པས་ནི་དགེ་ཆུང་དང༌། དགེ་ཆེན་དང༌། ཚད་མེད་དགེ་རྣམས་སོ། །བཞི་པས་ནི་སྤྲིན་མེད་དང༌། བསོད་ནམས་འཕེལ་དང༌། འབྲས་བུ་ཆེ་རྣམས་དང་ངོ༌། །དེ་ལྟ་བུ་ནི་བསམ་གཏན་བཞི་པོ་དེ་རྣམས་ལ་དགོད་པར་བྱེད་པའོ། །དེའི་གོང་དུ་ནི་གནས་གཙང་མ་ལྔ་སྟེ། དེ་རྣམས་སུ་ནི་འཕགས་པ་ཁོ་ན་སྐྱེ་བར་འགྱུར་བ་སྟེ། འདི་ནི་བཀུར་པ་ཆེན་པོའི་ཆེན་པོའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། མཆོག་བསྣན་པ་ནི་སྔ་མ་བཞིན་ལ། ཚད་མེད་


DTG090_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྣམ་པར་བཤད་ཟིན་ཏོ། །གཟུགས་མེད་པ་བཞི་ཉིད་ནི་གཟུགས་མེད་པ་རྣམས་ལ་དེ་ལ་སྔོན་པོ་དང་སེར་པོ་ལ་སོགས་པ་གཟུགས་ཀྱིས་སྒྲིབ་ཅིང་ཐོགས་པ་ན། འདུ་ཤེས་སྣ་ཚོགས་པ་བདེ་བར་ཆགས་པ་རྣམས་ལ་ཐམས་ཅད་དུ་ནམ་མཁའི་འདུ་ཤེས་བསྒོམས་པས་དེ་རྣམས་རྣམ་པ་ཐམས་ཅད་དུ་སྣང་བར་མི་འགྱུར་ནས་ནམ་མཁའ་མཐའ་ཡས་པ་ཉིད་དོ་ཞེས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཀུན་ཏུ་དམིགས་པ་འདི་ནི་དེ་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཉེ་བར་བསྐྱེད་ནས་གནས་སོ། །དེ་ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་པའི་སྐྱེ་མཆེད་ལ་མོས་པ་དང་ལྡན་པ་དེ་ཉིད་ལ་མཐའ་ཡས་པར་མོས་པས་ཐམས་ཅད་དུ་ནམ་མཁའི་འདུ་ཤེས་ལས་རྣམ་པར་ལོག་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཉེ་བར་བསྐྱོད་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་དམིགས་པས་ལྟ་བར་འགྱུར་ལ། ཅུང་ཟད་མེད་ཅེས་ཅུང་ཟད་མེད་པ་ཉིད་ལ་དམིགས་པར་བྱེད་པ་ནི་ཅུང་ཟད་མེད་པའི་སྐྱེ་མཆེད་དོ། །ཅི་ཡང་མེད་པའི་འདུ་ཤེས་ལ་ཡང་ཞེན་པ་དང་བྲལ་ཞིང་དེ་ལས་ཡང་རྣམ་པར་ལོག་ལ་ཅུང་ཟད་ཀྱི་འདུ་ཤེས་ནི་སྔ་ནས་ནུབ་པས་འདུ་ཤེས་མེད་པ་ལ་ཕྲ་མོའི་འདུ་ཤེས་ནི་རབ་ཏུ་འཇུག་པ་ཉིད་དེ་དེ་ལས་འདུ་ཤེས་མེད་པ་སྟེ། གང་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་དེ་ནི་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དེ། སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པ་སོ་སོར་ཉམས་སུ་མྱོང་བར་འགྱུར་རོ། །ཡན་ལག་གི་རྣམ་པར་གཞག་པ་ནི་འདི་རྣམས་ལས་གཞན་པའི་ཡན་ལག་གི་རྣམ་པར་གཞག་པ་ཡོད་པ་མ་ཡིན་ཏེ། ཞི་གནས་སུ་རོ་གཅིག་པའི་ཕྱིར་རོ་ཞེས་པ་ནི་བཀུར་བ་དང་པོའོ། །ཞོག་ཅེས་པ་ལ་སོགས་པ་དང༌། རེ་རེ་བཞིན་ཕ་རོལ་ཏུ་ཕྱིན་པ་དེ་ཇི་སྙམ་དུ་སེམས་ཞེས་པ་ལ་སོགས་པ་དང་བཅས་པའི་གོ་རིམས་བཞིན་དུ་ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོ་བཀུར་བའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདིར་རང་གིས་ཀྱང་ཀློག་པ་དང་གཞན་དག་ལ་ཡང་བྲིས་ནས་སྦྱིན་པར་བྱེད་པའི་སྤྱོད་པ་བླ་ལྷག་པའོ་ཞེས་པ་ནི་ཆེན་པོའི་ཆུང་ངུའི་བཀུར་བའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་རྣམ་པར་འབྱེད་པར་བྱ་ཞེས་པ་ལ་སོགས་


DTG090_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྔ་ནས་བཤད་ཟིན་ཏོ། །དེའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ནི་རྒྱ་ཆེན་པོའི་ངོ་བོ་ལས་མ་དད་པ་རྣམས་ལ་རབ་ཏུ་དད་པར་བྱེད་པར་འདོད་ལ། འདིར་འཁོར་གསུམ་མི་དམིགས་པ་ལ་སོགས་པ་ཅན་ནི་དོན་དམ་པ་ལ་མངོན་པར་དགོངས་ནས་གསུངས་པ་ནི་དོན་ལ་མཁས་པ་ཞེས་པ་ལ་སོགས་པ་སྟེ། དོན་ལ་མཁས་པ་དེ་ཉིད་ཀྱི་དོན་ཡིད་ལ་བྱས་ནས་ཀློག་པའི་ཕྱིར་རོ། །ཡིག་འབྲུ་དང་བཅས་པ་རྣམས་ཀྱིས་དེ་ཉིད་ཀྱི་དོན་རྗོད་པར་བྱེད་པ་ནི་ཡི་གེ་རྣམས་སོ། །ཉེ་བར་སྟོན་པ་ནི་དེའི་དོན་མདོས་ཡང་དག་པར་ངེས་པའི་ཕྱིར་རོ། །ཡོངས་སུ་གསལ་བར་བྱེད་པ་ནི་རིགས་པ་རྣམས་ཀྱིས་ཞེས་པ་ནི་བླ་ལྷག་པའི་སྤྱོད་པ་ཞེས་བྱའོ། །འདིར་ཞེས་པ་ནི་བརྒྱད་པ་ལ་གནས་པ་ལ་དེ་ནས་ཞེས་པ་ནི་བདུན་པ་ལ་གནས་པའི་ཕྱིར་རོ། །འདི་ཡང་ཉེ་བར་བསྟན་པར་བྱ་བའམ་ཞེས་པ་ནི་མགོ་སྨད་ནས་གསོལ་བ་འདེབས་པའམ་འདྲི་བའོ། །ཉེ་བར་བསྟན་པར་མི་བྱ་ཞེས་པ་ནི་ཡོངས་སུ་མི་གསལ་བའི་ཕྱིར་ཞེས་པ་ལ་དགོངས་པའོ། །རྟོགས་པར་མ་གྱུར་པ་ནི་བློ་རྨོངས་པ་སྟེ། དེས་ལུང་དང་རིགས་པ་དག་གིས་ཡང་དག་པར་ཟིན་པའི་གཞན་གྱི་ཚིག་དེ་ལས་མི་གཡོ་བའི་ཕྱིར་རོ། །དེ་ཞེས་པ་ནི་གང་དུ་གཡོ་བའོ། །བཅོས་མ་ནི་མི་མཐུན་པར་སྣང་བ་ལ་དེའི་སྟེ། སྐྱེ་བའི་རྣམ་པར་བཤད་པ་དེ་གསུམ་གྱིས་དེ་སྟོན་པའི་ཕྱིར་རོ། །དེ་ལ་ཞེས་པ་ནི་དེ་ལྟར་གྱུར་པས་སོ། །ཆུད་ཐོས་ན་མི་རུང་བ་ནི་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་ཉམས་པར་མ་གྱུར་པའོ། །དབང་པོ་གཟུགས་ཅན་ལྔ་ནི་ལུས་ཀྱིས་བསྡུས་པའི་ཕྱིར་རམ། རྡུལ་ཕྲ་རབ་བསགས་པའི་ཕྱིར་ལུས་རྣམས་སོ། །དེ་མ་བསྒོམས་པའི་ནི་གོམས་པར་མ་བྱས་པས་བསྡུས་པའི་མི་གང་དག་དེ་རྣམས་སོ། །དབང་པོ་མ་བསྡམས་པའི་ཕྱིར་ནི་ཚུལ་ཁྲིམས་མ་བསྒོམས་པའོ། །དེ་ལ་སེམས་མ་བསྒོམས་པ་སྟེ། ཏིང་ངེ་འཛིན་གོམས་པར་མ་བྱས་པའོ། །དེ་ལས་ཤེས་རབ་མ་བསྒོམས་པ་སྟེ། མཉམ་པར་གཞག་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པའོ། །དེ་ལ་ཤེས་རབ་འཆལ་བ་སྟེ་ལྟ་བ་ངན་པའོ། །དེས་ལུག་ལྟར་ལྐུགས་པ་དང་འདྲ་བ་སྟེ། གཞན་གྱིས་ལེགས་པར་བཤད་པ་རྣམས་ལ་མི་ཉན་པའི་ཕྱིར་དང༌། རང་གིས་ལེགས་པར་གསུངས་པ་མི་སྨྲ་བའི་ཕྱིར་


DTG090_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཤེས་རབ་ཡོངས་སུ་ཉམས་པ་ནི་ཡང་དག་པའི་ལྟ་བ་ལས་ཉམས་པའི་ཕྱིར་རོ། །གཟུགས་མི་རྟག་ཅེས་པ་ནི་ཉེ་བར་མཚོན་པ་སྟེ། སྡུག་བསྔལ་བ་ལ་སོགས་པ་ལ་ཡང་བལྟ་བར་བྱའོ། །ཐེག་པ་ཆེན་པོ་ལ་རྟག་པ་མེད་ཅེས་པས་མི་རྟག་པ་ཉིད་དེ། འདི་ལ་གསུངས་པ་ནི་དོན་ཞེས་པ་སྟེ། དོན་དམ་པ་ནི་ཕུང་པོ་ལྔ་པོ་རྣམས་སྟོང་པ་ཉིད་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱིས་སོ། །གཞན་དུ་ཐེག་པ་ཆེན་པོ་པ་རྣམ་པར་རིག་པར་སྨྲ་བ་རྣམས་ཀྱིས་ནི་སྟོང་པ་ཉིད་ཀྱི་ཚིག་ལ་ཕྱིན་ཅི་ལོག་ལ་གཞན་དུ་རྣམ་པར་བཤད་པའི་ཚུལ་ནི་གཡང་ས་བཞིན་དུ་ཡོངས་སུ་སྤང་བར་བྱའོ། །དེས་ནི་ཡང་དག་པའི་གསུང་རབ་མ་རྟོགས་ནས་དེའི་སྒྲ་དོན་ལ་མངོན་པའི་ང་རྒྱལ་གྱིས་དངོས་པོའི་ངོ་བོར་ཉེ་བར་རྟོགས་པར་བྱེད་པའི་ཕྱིན་ཅི་ལོག་གིས་དེ་ཁོ་ན་ཉིད་སྟོན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་ཉེ་བར་སྟོན་པར་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་རྣམ་པར་བཤད་ཅེས་པས་རང་ཉིད་ཆུད་གསན་ཞིང་གཞན་ཡང་འཇིག་པར་བྱེད་དོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྨྲ་བས་ནི་ཕྱིན་ཅི་མ་ལོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྟོན་པར་འགྱུར་ཞེས་པ་ནི་ཆེན་པོའི་འབྲིང་གི་བཀུར་བའོ། །གཞན་ཡང་ཞེས་པ་ལ་སོགས་པ་ལྔ་དང་ཞོག་ཅེས་པ་དགུ་སྟེ། རྒྱུན་དུ་ཞུགས་པ་ཉིད་ཀྱི་འབྲས་བུ་རབ་ཏུ་འབྱེད་ཅེས་པ་ནི་རྫོགས་པར་བྱེད་ཅེས་པ་སྟེ། ཆེན་པོའི་ཆེན་པོའི་བཀུར་བའོ། །གཞན་ཡང་ཞེས་པ་ལ་སོགས་པ་ལྔ་དང་ཞོག་ཅེས་པ་ལྔ་ནི་ཆུང་ངུའི་ཆུང་ངུའི་བསྔགས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་ལྔ་དང་ཞོག་ཅེས་པ་ལྔ་ནི་ཆུང་ངུའི་འབྲིང་ངོ༌། །གཞན་ཡང་ཞེས་པ་ལ་སོགས་པ་ལྔ་དང་ཞོག་ཅེས་པ་ལྔ་ནི་ཆུང་ངུའི་ཆེན་པོའོ། །གཞན་ཡང་ཞེས་པ་སྟེ་རང་མངོན་པར་བྱང་ཆུབ་པས་སངས་རྒྱས་ལ། བདག་ཉིད་གཅིག་པུས་སོ་སོར་སངས་རྒྱས་པས་རང་སངས་རྒྱས་སོ་ཞེས་པ་ནི་འབྲིང་གི་ཆུང་ངུའོ། །ཞོག་ཅེས་པ་ལ་སོགས་པ་ལྔས་ནི་འབྲིང་གི་འབྲིང་ལའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། །ཁ་ཅིག་ཉིད་ཅེས་པ་ནི་དང་པོའོ། །ནང་ཞེས་པ་ནི་གཉིས་པའོ། །གང་ཞིག་རིག་ཅེས་པ་ནི་གསུམ་པའོ། །འདི་དག་ཅེས་པ་ནི་འཕེལ་བ་ལ་སོགས་པ་གྱུར་པ་སྟེ། འཕེལ་བ་ནི་མཐོང་བའི་ལམ་ལའོ། །བརྟན་པ་ནི་བསྒོམ་པའི་ལམ་ལའོ། །ཡངས་པ་ནི་


DTG090_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གྱི་ལམ་ལའོ། །ཡོངས་སུ་རྫོགས་པར་འགྱུར་བ་ནི་དེ་བཞིན་གཤེགས་པའི་ས་ལའོ། །འདིར་ཞེས་པ་ནི་གསུམ་པའོ། །དེ་ཅིའི་ཕྱིར་ཞེས་པ་ནི་དང་པོ་ནས་དང་གསུམ་པ་ནས་ཞེས་པ་ནི་འབྲིང་གི་ཆེན་པོའོ། །ཞོག་ཅེས་པ་ལ་སོགས་པ་ལྔས་ནི་ཆེན་པོའི་ཆུང་ངུའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གྲངས་སྔ་མའི་བསོད་ནམས་ལས་ཕྱི་མའི་བསོད་ནམས་བརྒྱ་འགྱུར་སྟོང་འགྱུར་ཞེས་པ་ལ་སོགས་པ་དང་བགྲང་བ་ནི་བཅུ་འགྱུར་བརྒྱ་འགྱུར་ཞེས་པ་ལ་སོགས་པའོ། །དཔེ་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་འགྱུར་ཞེས་པ་ལ་སོགས་པ་སྟེ། རྒྱུར་ནི་བཅུར་འགྱུར་ཏེ་གང་གྭའི་ཀླུང་བརྒྱའི་བྱེ་མ་སྙེད་ཅེས་པ་ལ་སོགས་པའོ། །ཚད་ཤིན་ཏུ་ཡང་མི་སྲིད་པའི་ཕྱིར་ལ། དེའི་དོན་དུ་གང་ཞིག་དཔེའམ། རྒྱུ་དང་ཉེ་བ་ན་མི་འདུག་པས་དེ་ཡང་བྱེད་པར་སླ་བ་མ་ཡིན་ནོ་ཞེས་པ་ནི་ཆེན་པོའི་འབྲིང་ངོ༌། །ཞོག་ཅེས་པ་ལ་སོགས་པས་ནི་ཆེན་པོའི་ཆེན་པོའི་བསྔགས་པའོ། །བསོད་ནམས་ཀྱི་རྣམ་གྲངས་ནི་ཐ་དད་པ་ལ་དེ་གསལ་བར་བྱེད་པ་ནི་དེའི་ལེའུ་ལྔ་པའོ།། །།ཆོས་ཀྱི་མཆོག་གི་ཆུང་ངུའི་རྣམ་པ་ནི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་སྟེ། དེའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་མཁས་མཚན་མ་མེད་པ་དང༌། །སངས་རྒྱས་རྗེས་སུ་ཡི་རང་དང༌། །ཁམས་གསུམ་གཏོགས་པ་མ་ཡིན་དང༌། །ཆུང་དང་འབྲིང་དང་ཆེན་པོའོ། །དེ་བཞིན་གཞན་གྱི་བསྔོ་བ་སྟེ། །བསོད་ནམས་ཆེར་འབྱུང་བདག་ཉིད་དོ། །ཞེས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་པས་འདི་ཁྱད་པར་དུ་འཕགས་པས་ན་ཁྱད་པར་ཅན་ཏེ། དེ་ཡང་འདིར་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། དེ་ཡང་མི་དམིགས་པའི་སྦྱོར་བའི་ས་ཞེས་པ་ཡུམ་ཆེན་མོ་ལས་བཤད་དེ། ཁྱད་པར་དེས་ཡོངས་སུ་བསྔོ་བ་ནི་ཁྱད་པར་ཅན་གྱིས་ཡོངས་སུ་བསྔོ་བའོ། །དེ་


DTG090_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ནི་དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། དཔའ་འམ་ཞེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའིའོ། །ཇི་སྐད་དུ་བཤད་པས་ཁྱད་པར་དུ་གྱུར་པའི་ཕྱིར་སེམས་དཔའ་ཆེན་པོ་སྟེ། འདིར་ཡོངས་སུ་བསྔོ་བ་ལ་དམིགས་པའི་ཕྱིར་རོ་ཞེས་པས་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་ལས་བྱུང་བ་ནི་དགེ་བ་ལ་རྗེས་སུ་ཡི་རང་བ་སྟེ། དེ་ཡང་འདིར་ཐོག་མར་མི་དམིགས་པས་ཡོངས་སུ་བསྔོ་བ་རྒྱ་ཆེར་བཤད་དེ། དེའི་ཡོངས་སུ་བསྔོ་བ་དེ་དང་ལྷན་ཅིག་པར་གྱུར་པ་ནི་མཆོག་སྟེ། མཆོག་ལ་སོགས་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་ཡང་གང་དུ་གོ་རིམས་ཇི་ལྟ་བ་བཞིན་དུ་རབ་ཏུ་དགའ་བ་ལ་སོགས་པ་ནས་ས་བཅུ་གཅིག་གིས་བསྡུས་པ་སྟེ། རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུའི་ཕྱིར་རོ། །མི་མཉམ་པ་ནི་སངས་རྒྱས་རྣམས་དང་སྟེ། དེ་རྣམས་ཐུན་མོང་མ་ཡིན་ཞིང་ཁྱད་པར་ཅན་ནོ། །ཕྱིས་མཉམ་པ་དང་མི་མཉམ་པ་ནི་ཀུན་ཏུ་འོད་ཀྱི་དང༌། ཆོས་ཀྱི་སྤྲིན་དག་ཇི་ལྟར་མཉམ་སྟེ། མི་མཉམ་པར་ཆོས་མཐུན་པའི་ཕྱིར་རོ། །ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཉིད་དུ་བལྟ་བར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་རབ་ཏུ་གསུངས་པའི་ཕྱིར་རོ། །དེ་ལྟར་ན་མཆོག་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་ཁྱད་པར་དུ་བསྔོ་བའི་བྱེད་པ་གསུངས་སོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་པ་ལ་སོགས་པ་སྟེ། འདིར་ཕྱོགས་བཅུ་ཞེས་པ་ནི་ཕྱོགས་བཅུའོ། །ནམ་མཁའི་ཁམས་ཀྱི་མཆོག་ནི་སྣོད་ཀྱི་འཇིག་རྟེན་ཏེ། ཐམས་ཅད་ནི་ཕྱོགས་དེ་རྣམས་ཐམས་ཅད་ལ་ཐམས་ཅད་དུ་སོང་བ་ནི་དེས་ཁྱབ་པ་སྟེ་ལྷུག་པས་ཞེས་པའི་དོན་ཏོ། །གཞལ་དུ་མེད་པ་ལ་སོགས་པ་རྣམས་ནི་ཁྱབ་པའི་ཕྱོགས་རྣམས་རེ་རེ་ཞིང་མངོན་པར་འབྲེལ་བའི་དོན་ལའོ། །མཐའ་ཡས་མུ་མེད་པ་ནི་མཐའ་ཡས་པའི་ཡང་མཐའ་ཡས་པ་རྣམས་ལའོ། །དེ་ལ་ཕྱོགས་ཤིན་ཏུ་རིང་ཞིང་རྒྱུན་མི་འཆད་པས་གཞལ་དུ་མེད་པ་རྣམས་སོ། །གྲངས་ཀྱིས་ཡོངས་སུ་ཆད་པ་མེད་པས་གྲངས་མེད་པའོ། །ཕྱོགས་སུ་རྒྱ་དང་དཔངས་ལ་ཚད་མེད་པས་ཚད་མེད་པ་རྣམས་སོ། །རེ་རེ་ཞིང་བསམ་པར་མི་ནུས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་རྣམས་སོ། །དེ་རྣམས་རང་ཉིད་ཀྱིས་བསམ་གྱིས་མི་ཁྱབ་ཅིང་རང་ཉིད་ཀྱིས་མཐར་


DTG090_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སོན་པ་མེད་པས་མཐའ་ཡས་པ་སྟེ། དེ་བཞིན་དུ་ཕྱོགས་རེ་རེ་ཞིང་མཐའ་ཡས་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་སྟེ། འཇིག་རྟེན་གྱི་ཁམས་རྣམས་ཀྱི་ཕྱོགས་རེ་རེ་ཞིང་སྟོང་གསུམ་གྱི་དེའི་དེ་བཞིན་གཤེགས་པ་རྣམས་ཞེས་པར་འབྲེལ་ཏོ། །འདི་ཡང་རེ་རེ་བཞིན་དུ་སྟོང་གསུམ་དང་འབྲེལ་བའི་དོན་གྱིས་ན་ཁྱབ་པའོ། །འོ་ན་སྟོང་གསུམ་པོ་གཅིག་ལ་དེ་བཞིན་གཤེགས་པ་གཅིག་ཉིད་དམ་ཞེ་ན། གསུངས་པ་ནི་འདས་པའི་དུས་ཞེས་པ་སྟེ། དེ་ལ་དུས་གཅིག་ཏུ། དེ་བཞིན་གཤེགས་པ་གཅིག་སྟེ། ཐམས་ཅད་དུ་ནི་མ་ཡིན་ནོ། །འདས་པའི་ཡང་དུས་མེད་དེ། ཐོག་མ་མེད་པའི་ཕྱིར་གཞལ་དུ་མེད་པའོ། །དེའི་འཇིག་རྟེན་གྱི་ཁམས་གཅིག་གི་ཡང་འདས་པའི་དུས་ཀྱི་གཞལ་དུ་མེད་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དུས་ཡུན་རིང་པོར་རྒྱུན་མཆད་པའི་ཕྱིར་རོ། །དེ་སྲིད་དུ་དེ་རྣམ་གྲངས་ཀྱིས་ཡོངས་སུ་མཆོད་པའི་གྲངས་མེད་པའོ། །ཡིད་ཀྱིས་ཆུ་དང་རྒྱར་ཡངས་པས་ཡོངས་སུ་ཆོད་པ་མེད་པའི་ཕྱིར་གཞལ་དུ་མེད་པའོ། །གཅིག་ཅིག་བསམས་པས་བསམ་གྱིས་མི་ཁྱབ་པ་རྣམས་སོ། །གཅིག་ཅིག་སེམས་པ་ལ་མཐའ་ཡས་པར་འགྱུར་བས་མཐའ་ཡས་པ་རྣམས་སོ། །ཉོན་མོངས་པའི་དགྲ་བཅོམ་པས་དགྲ་བཅོམ་པ་རྣམས་སོ། །ཕྱིན་ཅི་མ་ལོག་པར་ཆོས་ཐམས་ཅད་ཤེས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །སྲིད་པའི་ལམ་གྱི་ཕྱིར་ལམ་སྟེ་ངར་འཛིན་པའོ། །འཇུག་པ་ནི་སྲིད་པ་དང་སྲིད་པའི་གནས་ཀྱི་ཕྱིར་རོ། །སྤྲོས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་བརྟགས་པ་ལ་སྲིད་པ་ནི་འཁོར་བའོ། །དེ་དག་ཏུ་འདྲེན་པ་ནི་འདྲེན་པ་སྟེ། གོ་རིམས་བཞིན་དུ་ཆོས་སུ་ལྟ་བ་དང༌། གང་ཟག་ཏུ་ལྟ་བ་སྟེ་དེ་དག་ཟད་པས་ནི་ཆད་པའོ། །འཆིང་ཞེས་པ་ནི་ཡང་སྲིད་པ་མེད་པ་སྟེ། ཡང་འཆིང་བའི་མྱ་ངན་མེད་པས་འཆིང་བ་མེད་པ་སྟེ། དེས་འཆིང་བ་ཡོངས་སུ་ཟད་པའོ། །ཚེར་མ་དང་འདྲ་བས་ཚེར་མ་སྟེ། ལྟ་བ་ངན་པ་ལ་དེ་རྣམས་དཀྲུགས་པས་ན་ཚེར་མ་བཅོམ་བའོ། །ལྷག་མ་ནི་གླེང་གཞིའི་ནང་དུ་བཤད་ཟིན་ཏོ། །སེམས་དང་པོ་བསྐྱེད་པ་ནི་ས་ལྟ་བུ་སྟེ། དེ་ནས་བརྩམས་ནས་ཟག་པ་མེད་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང་ཤེས་རབ་རྣམས་གོ་


DTG090_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། སྒྲིབ་པ་ཐམས་ཅད་སྤངས་པའི་རྣམ་པར་གྲོལ་བའི་ཕུང་པོ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མངོན་སུམ་དུ་བྱེད་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སྟོབས་ལ་སོགས་པ་ཡོད་ཀྱང་དེ་ཕ་རོལ་ཏུ་སོན་པ་མ་ཡིན་པས་དེ་རྣམ་པར་གཅད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་གཟུང་ངོ༌། །ཡོངས་སུ་ཤེས་པ་ནི་ཟག་པ་མེད་པའི་ལམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་བདེ་བ་སྟེ། ཉེ་བར་ཞི་བའི་བདེ་བའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་དབང་ཕྱུག་ལ་དབང་བྱེད་པ་ནི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་བྱ་བ་ལ། སྒྲིབ་པ་མེད་པ་ནི་དག་པའི་ཕྱིར་རོ། །ཆགས་པ་མེད་པ་ནི་ལྟོས་པ་མེད་པའི་ཕྱིར་རོ། །ཐོགས་པ་མེད་པ་ནི་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱི་ཤེས་བྱ་ལ་རབ་ཏུ་འཇུག་པའོ། །དཔེ་མེད་པ་ནི་དེས་རྗེས་སུ་དཔག་པ་ལ་ཁྱད་པར་ཅན་གྱི་དཔེ་མེད་པའི་ཕྱིར་རོ། །ཡོངས་སུ་མ་བཅད་པས་ན་དཔག་ཏུ་མེད་པའོ། །ཁྱད་པར་མ་ལུས་པ་གཞན་དང་བྲལ་བའི་ངོ་བོ་འཛིན་པ་ནི་མངོན་སུམ་ལ། དེས་དེ་ལ་ཡོངས་སུ་གཞལ་དུ་མེད་པའོ། །ཡང་དག་པའི་ཤེས་པ་ཁོ་ན་སྟོབས་ཏེ། ཐམས་ཅད་ཟིལ་གྱིས་མནན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྟོབས་ནི་ནུས་པ་ཚད་མེད་པས་རྒྱུན་མ་ཆད་པ་རྣམ་པ་ཐམས་ཅད་དུ་འགྲོ་བའི་དོན་གྱི་བྱ་བ་ལའོ། །སྟོབས་རྣམས་ཀྱི་ནང་ན་གང་ཞིག་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དང་གཟིགས་པ་སྟེ། ཐོས་པ་མངོན་སུམ་དུ་བྱས་པས་སོ། །མི་འཇིགས་པ་བཞིས་ལེགས་པར་གང་བ་ནི་རྟོགས་པའི་ཆོས་རྣམས་ཐམས་ཅད་ཀྱིས་སོ། །དོན་དམ་པར་ནི་ཡང་དག་པའི་ཡེ་ཤེས་རྫོགས་པར་བྱེད་པས་སོ། །ལན་གསུམ་དུ་བཟླས་ཤིང་རྣམ་པ་བཅུ་གཉིས་དང་ལྡན་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཆོས་ཏེ། དེ་ཉིད་འཁོར་ལོ་སྟེ། ལྷ་དང་མི་རྣམས་ལ་འཁོར་བའི་ཕྱིར་རོ། །དེའི་བསྐོར་བ་ནི་ཕྱོགས་བཅུར་རོ། །འདིའི་རྒྱས་པར་བཤད་པ་ནི་ཡན་ལག་དགུ་རྣམས་ཀྱིས་ཏེ། དེའི་ཆོས་ཀྱི་གསལ་བྱེད་ཀྱི་ངག་ནི་ཆོས་ཀྱི་སྒྲོན་མའོ། །དེ་རྣམས་འཛིན་པ་ནི་ཡིད་ལ་རྣམ་པར་གཞག་པ་ལ་དེ་གཉིས་ཀྱི་ངག་ནི་ཆོས་ཀྱི་རྔའོ། །དེ་རྣམས་ཡང་དག་པར་བརྡུང་བ་ནི་གདུལ་བྱའི་སྐྱེ་བོས་


DTG090_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པར་བྱེད་པའོ། །དེ་ཉིད་ཀྱི་ངག་ནི་ཆོས་ཀྱི་དུང་ལ་དེ་གདུལ་བྱ་རྣམས་ཀྱིས་ཞེས་པ་ནི་རབ་ཏུ་འབུད་པའོ། །ཆོས་ཀྱི་དུང་དེའི་རབ་ཏུ་བརྗོད་པ་དེ་ཉིད་ལ་དམིགས་ནས། དེ་དོན་དུ་གཉེར་བའི་རྣམ་པ་ཡིད་ལ་བྱེད་པའི་སེམས་པ་དང་བསྒོམ་པ་དག་གིས་ཡོངས་སུ་རྫོགས་པའོ། །བསྒོམས་པའི་སྟོབས་ལས་སྐྱེས་པ་དེ་ཉིད་ཀྱིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཆོས་ཀྱི་རལ་གྲིས་འདེབས་པ་སྟེ། ཉོན་མོངས་པ་རྣམས་རྣམ་པར་འཇོམས་པའོ། །དེ་ཉིད་ཀྱིས་ཡང་སྐྱེ་བོ་མང་པོ་ལ་རབ་ཏུ་འཇུག་པའི་ཆོས་ཀྱི་ཆར་དེས་རབ་ཏུ་འབེབས་པའོ། །དེ་ཉིད་སྒོ་གླེགས་མེད་པའི་མཆོད་སྦྱིན་གྱི་ཕྱིར་མཆོད་སྦྱིན་ནོ། །ཆོས་དེའི་སྦྱིན་པས་སེམས་ཅན་རྣམས་ཐམས་ཅད་ཚིམ་པར་བྱེད་པ་ནི་ཡང་དག་པར་འཛུད་ཅིང་ཡོངས་སུ་སྟོབས་པའོ། །བཏུལ་བ་ནི་དྲན་པ་ཉེ་བར་གཞག་པ་རྣམས་དང་དབེན་པ་རྣམས་ལས་རབ་ཏུ་གཞུག་པའི་ཕྱིར་རོ། །བསླབས་པ་ནི། ཡང་དག་པར་སྤོང་བ་རྣམས་དང་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ལ། མོས་པ་ནི་དབང་པོ་དང་སྟོབས་རྣམས་ཀྱི་མཐའ་གཅིག་ཏུ་ངེས་པའོ། །ངེས་པ་ནི་མྱ་ངན་ལས་འདས་པར་རོ། །ཡིད་ཀྱིས་བསྒོམ་པ་ནི་ངེས་པར་བྱེད་པ་ལ། དེས་ནི་ཕན་པ་སྟེ་དང་བར་བྱ་ཞེས་པའི་དོན་ཏོ། །མ་ལུས་པར་གཅིག་ཏུ་བསྡུས་པ་ནི་རྗེས་སུ་ཡི་རང་བ་མ་ལུས་པ་ཞེས་པ་དང་འབྲེལ་ཏོ། །གཅིག་ཏུ་ནི་ཕུང་པོ་གཅིག་ཏུའོ། །གཅིག་ཏུ་མངོན་པར་བསྡུས་པ་ཞེས་པའི་རྣམ་པར་འགྲེལ་པ་ནི་སྡོམ་ཞེས་པའོ། །གཞལ་བ་ནི་མཉམ་པར་གཞག་པའི་ཡིད་ཀྱིས་རྟོགས་པའོ། །མཆོག་ནི་རབ་ཏུ་འཕགས་པའོ། །ཇི་ལྟར་ན་ཚིག་བཅུ་གཅིག་ཅེ་ན། དམིགས་པ་བཅུ་གཅིག་ལ། དེ་རྣམས་ནི་རབ་ཀྱི་ཕྱིར་རོ། །དེ་གང་དུ་ན་དབུས་དང་ཕྱོགས་བཅུ་ལ་ཡང་དེ་བཞིན་གཤེགས་པ་དེ་རྣམས་འཁོར་དང་བཅས་པ་རྣམས་ལ་ཕུལ་བའི་དགེ་བའི་རྩ་བ་གང་ཡིན་པ་དེ་ལ་དམིགས་པའི་ཕྱིར་དེ་རྣམས་ལའོ། །དེ་ལ་ཞེས་པ་ལ་སོགས་པས་རབ་འབྱོར་གྱིས་འདྲི་བ་སྟེ། དངོས་པོ་གང་དག་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ། དམིགས་པ་གང་དག་ནི་དེ་ཉིད་ཀྱི་དགེ་བའི་རྩ་བ་གང་དག་གོ །རྣམ་པ་གང་དག་ནི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་ལ་སོགས་པ་རྣམས་


DTG090_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དེའི་སེམས་རྗེས་སུ་ཡི་རང་བའི་སེམས་ཀྱི་ཉེ་བར་དམིགས་པར་བྱེད་པ་དེ་དམིགས་པར་འགྱུར་རམ་མོ། །མཚན་མར་བྱེད་པ་ནི་རྣམ་པར་རྟོག་པར་བྱེད་པ་སྟེ། གཞན་དུ་ན་ནི་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བར་མི་སྦྱོར་བའི་ཕྱིར་རོ། །འདུ་ཤེས་ཕྱིན་ཅི་ལོག་པ་ནི་ཡོད་པ་མ་ཡིན་པ་ལ་མཚན་མར་ཡོད་པ་ཉིད་དུ་གཟུང་བའི་ཕྱིར་རོ། །སེམས་ཕྱིན་ཅི་ལོག་པ་ནི་ཡོད་པ་མ་ཡིན་པ་ལ་དམིགས་པས་གཟུང་བའི་ཕྱིར་རོ། །ལྟ་བ་ཕྱིན་ཅི་ལོག་པ་ནི་ཡོད་པ་དང་བདག་ཏུ་ཕྱིན་ཅི་ལོག་པའི་ཡང་དག་པ་མ་ཡིན་པའི་ཡུལ་ལ་ཀུན་ཏུ་འཇུག་པའི་ཕྱིར་རོ། །འདི་རྣམས་བསྒྲུབ་པའི་ཕྱིར་འདོད་ཆགས་ཀྱི་དཔེ་སྟེ། རྣམ་པར་བརྟགས་པ་ནི་སྒོ་བཏགས་པའོ། །ཀུན་ཏུ་བརྟགས་པ་ནི་རྒྱུད་ལ་ཡང་ནས་ཡང་དུ་དམིགས་པའོ། །དེ་ལྟར་སེམས་པ་ནི་ཡོངས་སུ་བསྔོ་བའི་སེམས་ལ། ཆོས་ཐམས་ཅད་ཅེས་པ་ནི་འདིའི་རྒྱས་པར་བཤད་པའོ། །ཁམས་ཐམས་ཅད་ཅེས་པ་ནི་དངོས་པོ་ལ་སོགས་པ་རྣམས་ཀྱི་རྗེས་སུ་ཡི་རང་བའི་སེམས་དང་འབྲེལ་བ་རྣམས་ཀྱིས་སོ། །སེམས་ནི་ཡོངས་སུ་བསྔོ་བའི་སེམས་ལ་དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གང་དུ་ཞེས་པ་ནི་གང་དུ་ཡོངས་སུ་བསྔོ་བ་ཉིད་དུ་མི་འགྱུར་ཞེས་པར་དགོངས་པའོ། །འགྱུར་ཞེས་པ་ནི་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བས་སོགས་པར་འགྱུར་བ་དག་གི་ཙམ་གཟུང་བས་ནི་རྗེས་སུ་གནས་པ་རྣམ་པར་གཅོད་པའི་ཕྱིར་རོ། །དད་པ་ནི་ཡིད་ཆེས་པའོ། །དགའ་བ་ནི་མོས་པའོ། །དང་བ་ནི་ཡིད་རྙོག་པ་དང་བྲལ་བའོ། །གུས་པ་ནི་འདུད་པའོ། །ཉེ་བར་བརྟན་པ་ནི་བརྟན་པར་བྱས་པའོ། །འགོང་བ་ནི་ཞུམ་པའོ། །ཀུན་ཏུ་ཞུམ་པ་ནི་ཐེ་ཚོམ་གྱིས་སོ། །བག་ཚ་བ་ནི་དུབ་པའོ། །འཁུམས་པར་གྱུར་པ་ནི་དུབ་པར་གྱུར་པས་སོ། །སྐྲག་པར་རྩོམ་པ་ནི་སྐྲག་པའོ། །ཚོགས་པའི་སྐྲག་པ་ནི་ཀུན་ཏུ་སྐྲག་པའོ། །དེའི་རྒྱུན་ནི་ཀུན་ཏུ་སྐྲག་པ་དང་ལྡན་པའོ། །དེ་ལྟར་ཞེས་པ་ནི་འགོང་བ་ལ་སོགས་པ་མེད་པའོ། །གལ་ཏེ་ཞེས་པ་ནི་རྗེས་སུ་ཡི་རང་བ་པོའི་སེམས་ལ་ཟད་ཅེས་པ་ནི་བསྟན་པའོ། །ལྷག་མ་ནི་བཤད་པ་སྟེ། འགགས་པ་ནི་རྣམ་པར་ཞིག་པའི་ཕྱིར་རོ། །བྲལ་བ་ནི་མི་གནས་པའི་ཕྱིར་རོ། །རྣམ་པར་གྱུར་པ་ནི་ཡང་མི་སྐྱེ་བའོ། །གང་ཞེས་པ་ནི་དེ་ནི་ཅི་ཡང་མིན་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཕྲད་པ་མེད་པ་ནི་དུས་མཉམ་དུའོ། །སེམས་ཀྱི་ཆོས་ཉིད་


DTG090_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་མ་ཡིན་ཞེ་ན། གསུངས་པ། མི་ནུས་ཞེས་ཏེ། དེ་རྣམས་དོན་དམ་པར་ནི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱི་འདུས་མ་བྱས་པ་ཉིད་པས་ཡོངས་སུ་བསྔོ་བ་ལ་སྦྱོར་བ་མེད་པའི་ཕྱིར་རོ། །ལེགས་པར་ཡོངས་སུ་གཟུང་བ་ནི་ཚིག་མ་ལེགས་པ་མ་ཡིན་པར་གཟུང་བ་ལ་ནི་ལེགས་པར་ཡོངས་སུ་བསྔོ་བ་ཉིད་ལ་སྦྱོར་བ་མེད་པའི་ཕྱིར་རོ། །བརྩམས་པ་ནི་དབང་དུ་བྱས་པའོ། །གཞིར་བྱས་པ་ནི་འདྲི་བའི་གནས་སྐབས་སུའོ། །འཕགས་པ་བྱམས་པས་ལན་གསུངས་པ་ནི། གལ་ཏེ་ཞེས་པ་ལ་སོགས་པ་སྟེ། འདི་ནི་གཉི་ག་འདིའོ། །དེ་ལྟར་ཞེས་པ་ལ་ནི་ལེགས་པར་གཟུང་བའི་ཕྱིར་ལ། ཡོངས་སུ་བསྔོ་བ་ནི་ལེགས་སུ་བསྔོ་བའོ། །འདི་ལྟར་ཡང་དག་པར་ཤེས་ཞེས་པ་ནི་བསྟན་པ་ལ། འདི་ལྟར་སེམས་ཞེས་པ་བཤད་པ་སྟེ། ཕྱིན་ཅི་མ་ལོག་པས་ཡིད་ལ་བྱ་ཞེས་པའི་དོན་ཏོ། །ཟད་པ་ནི་འདས་པའི་ཕྱིར་ལ། ཟད་པ་ཞེས་པ་ལ་སོགས་པ་རྣམས་ཀྱིས་ནི་རྣམ་གྲངས་ཀྱིས་ཡིད་ལ་བྱེད་པའོ། །མི་ནུས་པ་ནི་མེད་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ། །དེའི་ཆོས་ཉིད་ཅེས་པ་ནི་ངོ་བོ་ཉིད་མེད་པ་ཉིད་ལ། ཆོས་ཞེས་པ་ནི་སེམས་ལས་བྱུང་བ་རྣམས་ཀྱིས་སོ། །དད་པ་ནི་སེམས་ལ་སོགས་པ་རྣམས་ཀྱིས་སོ། །ཆོས་རྣམས་ལ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལའོ། །གལ་ཏེ་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ། །འདི་ལྟར་ཞེས་པ་ནི་དམིགས་པ་མེད་པ་སྟེ། ཐམས་ཅད་དུ་སྟོང་པ་ཉིད་དང་རོ་གཅིག་པར་ཡིད་ལ་བྱེད་པས་ཞེས་པའི་དོན་ཏོ། །འདིར་འདི་ནི་འཕགས་པ་བྱམས་པས་འདས་པའི་སངས་རྒྱས་ཀྱི་དབང་དུ་བྱས་ནས་གསུངས་ལ། མ་འོངས་པའི་དབང་དུ་བྱས་ནས་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པའོ། །ད་ལྟར་བྱུང་བའི་དབང་དུ་བྱས་ནས་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདུལ་བྱ་མེད་པས་མྱ་ངན་ལས་འདས་པ་བསྟན་པས། དེ་དག་གཞན་གྱིས་མི་མཐོང་བ་ནི་འདས་པའི་ཞེས་བྱ་ལ། གང་མངོན་པར་རྫོགས་པར་སྔས་རྒྱས་པའི་དོན་བསྒྲུབས་པ་རྣམས་མྱུར་དུ་མངོན་པར་རྫོགས་པར་སྔས་རྒྱས་པར་འགྱུར་བ་ནི་མ་འོངས་པ་ཞེས་བྱའོ། །གང་ཡང་གདུལ་བར་བྱ་བ་ཡོད་པ་རྣམས་ཀྱིས་མཐོང་


DTG090_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པས་བཞུགས་པ་ནི་ད་ལྟར་བྱུང་བའོ་ཞེས་པ་ནི་མི་དམིགས་པའི་ཡོངས་སུ་བསྔོ་བ་གཉིས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདིར་མདོར་བསྡུ་ན་དུས་གསུམ་གྱི་སངས་རྒྱས་ལ་སོགས་པ་རྣམས་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་རྣམས་ཀྱིས་སོ། །དགོངས་ཞེས་པ་ནི་ཡང་དག་པར་ཡིད་ལ་བྱེད་པ་ལ། ཆོས་དེའི་ཞེས་པ་ནི་ཡོངས་སུ་བསྔོ་བར་བྱ་བའོ། །ཆོས་ནི་ཟད་པ་མེད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་རྟོགས་པའི་མཚན་ཉིད་ནི་ཡོངས་སུ་བསྔོས་བ་མ་ཡིན་ཏེ་ཕྱིན་ཅི་མ་ལོག་པས་སོ་ཞེས་པ་ལ་དགོངས་པའོ། །ཆོས་ཀྱིས་ཆོས་ལ་ཡོངས་སུ་མི་བསྔོ་ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་ཞེས་པ་དང༌། དེ་བཞིན་དུ་ཡང་ཞེས་པས་རྣམ་པ་གཞན་གསུངས་པ་ནི། གལ་ཏེ་ཡང་ཞེས་པ་ལ་སོགས་པ་དང༌། འདི་ཞེས་པ་ལ་སོགས་པས་ནི་ཉེ་བར་བསྡུ་བའོ་ཞེས་པ་ནི་ཕྱིན་ཅི་ལོག་པའི་ཡོངས་སུ་བསྔོ་བ་སྟེ་གསུམ་པའོ། །གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། བསོད་ནམས་མངོན་པར་འདུ་བྱེད་པ་ནི་བསོད་ནམས་ཀྱི་ལས་ལ། འདུ་ཤེས་ནི་མངོན་པར་ཞེན་པ་མེད་པའོ། །དབེན་པ་དང་ཞི་བ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་དག་གིས་སྟོང་པའི་ཕྱིར་རོ། །ཡང་གལ་ཏེ་ཞེས་པ་ལ་སོགས་པས་དེ་གསུངས་པ་ནི། ཤེས་པ་དབེན་ཞིང་ཞི་བ་ཉིད་ཡིན་པས་གལ་ཏེ་དེས་དངོས་པོ་ལ་མངོན་པར་ཞེན་པར་གྱུར་ན་དེའི་ཡང་དག་པར་ཡོངས་སུ་བསྔོ་བར་མི་འགྱུར་རོ། །དེ་ལྟར་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ་ཞེས་པ་ནི་དབེན་པའི་ཡོངས་སུ་བསྔོ་བ་གང་ཁོ་ན་ཡང་དག་པའི་ཡོངས་སུ་བསྔོ་བ་སྟེ་བཞི་པའོ། །གང་ཡང་ཞེས་པ་ལ་སོགས་པས་ནི་རང་བཞིན་དྲན་པའི་སྤྱོད་ཡུལ་གྱིས་དྲན་པ་སྟེ། ཅི་འདྲ་བ་ཉིད་ཅེས་པ་ལ་སོགས་པས་ནི་བརྟག་པ་སྟེ། ཅི་འདྲ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ། དགེ་བའི་རྩ་བ་ནི་རྗེས་སུ་ཡི་རང་བ་ལས་བྱུང་བའིའོ། །གང་གིས་ཡོངས་སུ་བསྔོ་བ་ནི་སེམས་ཀྱིས་སོ། །དེ་ཡང་ནི་དེ་གཉི་གའོ། །དེའི་རིགས་ཅན་ནི་དེ་ཉིད་ཀྱི་རིགས་ཏེ། གང་ཞིག་གི་སྤྱིའོ། །དེའི་མཚན་ཉིད་ནི་གང་དེ་ཉིད་ཀྱི་དཔྱིའི་མཚན་ཉིད་དོ། །དེའི་རིགས་སུ་གཏོགས་པ་ནི་དེའི་ཚོགས་ཅན་ནོ། །དེའི་རང་བཞིན་ཅན་ནི་དེའི་ངོ་བོ་ཉིད་


DTG090_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གལ་ཏེ་གང་འདིས་ཀྱང་ངོ༌། །དེ་འདྲ་བ་ཉིད་ལ་སོགས་པའི་དེ་ཁོ་ན་ཉིད་མ་ཡིན་པ་ལ་མངོན་པར་ཞེན་པ་ན་དེ་ལྟར་ན་ཡང་དག་པར་ཡོངས་སུ་བསྔོས་པ་མ་ཡིན་པའོ། །གང་འདས་པ་ཞེས་པ་ལ་སོགས་པས་ནི་དེ་ལས་གཞན་པའི་དེ་ཁོ་ན་ཉིད་མ་ཡིན་པའི་རྣམ་པར་རྟོག་པ་གསུངས་པ། མ་ཐོབ་པ་ནི་མ་སྐྱེས་པས་སོ། །གནས་པ་མི་དམིགས་ཞེས་པ་ནི་རང་བཞིན་གྱིས་འཇིག་པའི་ཕྱིར་དང༌། དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེའི་ཕྱིར་གསུམ་པོ་མེད་པས་ནའོ། །དེ་ལ་མཚན་མ་མེད་པ་ནི་རྒྱུ་མེད་པའི་ཕྱིར་རོ། །རྣམ་པ་ནི་ཡུལ་མེད་པའོ། །དེ་ལྟར་ཞེས་པའི་ཟད་པ་ཉིད་ལ་སོགས་པ་ནི་དེ་ཁོ་ན་ཉིད་པས་སོ། །མཚན་མ་ཅན་དུ་བྱེད་ན་ཞེས་པ་ནི་ཉེ་བར་དམིགས་པ་སྟེ། དེ་ལྟར་ན་ཡང་དག་པར་ཡིད་ལ་བྱེད་པ་མ་ཡིན་པའོ། །དེ་ལ་ནི་མིན་ཅེས་པའོ། །དེ་ལྟར་ན་ཡང་སྟེ། དེ་ལྟར་མཚན་མ་མེད་པ་ཅན་དུ་མི་བྱེད་ན་ཡང་ངོ༌། །དེ་སྟེ་ཞེས་པ་ནི་དེ་འདྲ་བ་ཉིད་ལ་སོགས་པ་ཅན་གྱི་མཚན་མ་མེད་པ་ཉིད་དང་ཡུལ་མེད་པ་ཉིད་ལའོ། །མཚན་མ་ཞེས་པ་ནི་ཡང་དག་པའི་ཤེས་པས་དམིགས་པའོ། །སེམས་པ་ནི་ཡང་དག་པར་ཡིད་ལ་བྱེད་པའོ། །མཚན་མར་མི་བྱེད་པ་ནི་མངོན་པར་ཞེན་པར་མི་བྱེད་པ་ལ། དེ་བཞིན་དུ་འདིར་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུས་པའོ། །དེ་ལྟར་སྔས་རྒྱས་ཀྱི་བསོད་ནམས་ཀྱི་ཆུ་བོ་ལ་གང་གིས་ངོ་བོ་ཉིད་ཀྱིས་ཆོས་ཉིད་འདིར་དྲན་ནས། རྗེས་སུ་ཡི་རང་བ་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་སྔས་རྒྱས་ཀྱི་བསོད་ནམས་ཆུ་བོའི་རང་བཞིན་དྲན་པའི་སྤྱོད་ཡུལ་གྱིས་ཡོངས་སུ་བསྔོ་བ་ལྔ་པའོ། །འདི་ལྟར་ཞེས་པ་ནི་དེ་གཉི་ག་ལ་དེ་ཁོ་ན་ཉིད་ཡིད་ལ་བྱེད་ཅིང་མཚན་མར་ནི་མི་བྱེད་པའོ། །འདི་ཉིད་ཅེས་པ་ནི་མདོའི་བདག་ཉིད་ཅན་ཉིད་ལའོ། །ཐོས་པ་དང་མི་ལྡན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་གང་ཡོངས་སུ་བསྔོ་བ་དེ་ཉིད་བསོད་ནམས་ཀྱི་བྱ་བ་ལ་འཇུག་པ་ནི་གཏིང་དཔོག་པར་ཞེས་པ་ནི་ཐབས་དང་བཅས་པའི་ཡོངས་སུ་བསྔོ་བ་སྟེ་དྲུག་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ལ་སོགས་པ་སྟེ། འདི་དེ་ཡི་ཞེས་པ་ནི་གོང་དུ་བཤད་པ་གང་དེ་ལའོ། །བདག་གི་དངོས་པོ་ནི་ལུས་རྣམས་སོ། །འདུ་བྱེད་དེ་དག་ནི་དགེ་བའི་རྩ་བ་སྟེ།


DTG090_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡང་དེ་དག་དབེན་ཞིང་ཞི་བ་ལ་ངོ་བོ་ཉིད་མེད་པའོ་ཞེས་པའི་དོན་དང༌། འདི་དང་བྲལ་བ་ཉེ་བར་ཐོབ་པ་རྣམས་སུ་དམིགས་པར་མི་འགྱུར་རོ་ཞེས་པའི་དོན་ཏོ། །འོན་ཀྱང་ཞེས་པ་ནི་གལ་ཏེ་དམིགས་པར་མི་འགྱུར་བ་དེ་ལྟར་ན་ཡང་ངོ༌། །ཡང་དག་པ་ཇི་ལྟ་བ་བཞིན་ནི་ཕྱིན་ཅི་མ་ལོག་པས་སོ། །འགགས་པ་ནི་ལུས་ལ་སོགས་པའོ། །མཚན་མར་བྱེད་པ་ནི་གཟུང་བར་བྱེད་པའོ། །རྣམ་པར་བརྟགས་པ་ནི་མངོན་པར་ཞེན་པར་བྱེད་པས་སོ། །ཡང་དག་པ་ཇི་ལྟ་བ་མ་ཡིན་པ་ནི་རྣམ་པར་རྟོག་པའི་སྣང་བ་ལ་ཡང་དག་པ་ཇི་ལྟ་བ་ནི་འགགས་པ་ལ་སོགས་པའི་འདུ་ཤེས་ཅན་གྱི་ཉེ་བར་དམིགས་པའི་བདག་ཉིད་ཅན་འདིར་དམིགས་པ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པའོ། །དེ་ཉིད་དེའི་ཞེས་པ་ནི་ཤིན་ཏུ་ཡང་ཞེས་པའི་དོན་ཏོ། །དེའི་ཤིན་ཏུ་མཚན་མ་ཅན་དུ་བྱེད་པས་སྦྱོར་བ་མེད་པའི་ཕྱིར་རོ། །དེ་ཡང་དུག་དང་བཅས་པ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ལས་ཉམས་པའི་མཚན་ཉིད་ཀྱིས་འཆི་བའི་རྒྱུའི་ཕྱིར་རོ། །ཟུང་རྔུ་དང་བཅས་པ་ནི་འབྱིན་དཀའ་བ་སྟེ། འཁོར་བའི་སྡུག་བསྔལ་གྱི་རྒྱུའི་ཕྱིར་རོ་ཞེས་པ་ནི་མཚན་མ་མེད་པའི་ཡོངས་སུ་བསྔོ་བ་སྟེ་བདུན་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། བཟང་པོ་ནི་ཁ་དོག་ལ་སོགས་པའི་རབ་ཀྱི་མཐར་ཕྱིན་པའོ། །དེ་ལྟར་ཡང་གལ་ཏེ་ཡང་འོན་ཀྱང་དེ་ལྟར་ཡང་གཞན་ཡང་ཞེས་པ་ནི་ཚིག་གི་རྒྱན་ནོ། །བསམས་ཏེ་ཞེས་པ་ནི་ཁ་དོག་ལ་སོགས་པ་ལ་ཆགས་པས་སོ། །རོ་མྱངས་པ་ནི་རོ་མྱོང་བར་བྱེད་པ་སྟེ། ཡོངས་སུ་ལོངས་སྤྱོད་པའོ། །ཞུ་བ་ནི་ཐ་མར་རྣམ་པར་སྨིན་པའི་འབྲས་བུ་ལའོ། །ལོག་པར་གཟུང་བ་ནི་ལོག་པར་ཐོས་ནས་སོ། །ལོག་པར་རིག་པ་ནི་ལོག་པར་བརྟགས་པས་སོ། །ལོག་པར་ཁ་ཏོན་བྱས་པ་ནི་ལོག་པར་གོམས་པར་བྱས་པས་སོ། །ལེགས་པར་གསུངས་པ་ནི་སྔས་རྒྱས་ཀྱིས་གསུངས་པའོ། །དུག་དང་བཅས་པ་ནི་དོན་མེད་པར་བྱེད་པ་ལ་ཞེན་པས་འདིར་ཉིད་ལ། འདི་ཞེས་པ་ལ་སོགས་པ་ནི་ལན་ནོ། །སྐུར་པ་ནི་སྨོད་པ་སྟེ། ཡང་དག་པ་མ་ཡིན་པར་སྨྲ་བ་དེས་སྨོད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་པ་དང༌། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་ནི་ཡོངས་སུ་རྫོགས་པའི་སྦྱོར་བ་


DTG090_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེས་དག་གི་གནས་སྐབས་སུ་རྒྱས་པའི་ཕྱིར་ཡོངས་སུ་རྫོགས་པ་ལ། དངོས་གཞིའི་གནས་སྐབས་སུ་ཡང་དག་པར་རབ་ཏུ་འཇུག་པའི་ཕྱིར་རོ་ཞེས་པ་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཡོངས་སུ་བསྔོ་བ་སྟེ་བརྒྱད་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཚུལ་ཁྲིམས་ཞེས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལས་མ་གཏོགས་པ་ནི་མཐའ་ཡས་པར་གྱུར་པ་སྟེ། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་རྣམས་ནི་སྟོང་པ་ཉིད་དང་རོ་གཅིག་ཅེས་པ་ལ་དགོངས་པའོ། །ཡོངས་སུ་བསྔོ་བ་ནི་ཡོངས་སུ་སྔོ་བར་བྱེད་པའོ། །ཆོས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ། །ཆུད་མ་ཟོས་པ་ནི་མ་ཉམས་པ་ལ་མ་གཏོགས་པ་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཡོངས་སུ་བསྔོ་བའོ། །གང་ཡང་ཆོས་ཀྱི་དབྱིངས་སུ་བསྔོ་བ་ཉིད་དང༌། མཉམ་པ་ཉིད་བསྟན་པར་འདོད་ནས་གསུངས་པ་ནི། དེ་ལ་ཞེས་པ་ལ་སོགས་པ་སྟེ། གང་ཞིག་འདིར་ཞེས་པ་ཡང་དག་པར་ཡོངས་སུ་བསྔོས་ཞེས་པ་དང་འབྲེལ་ལ། འདིས་ཞེས་པ་ནི་བཤད་མ་ཐག་པ་སྟེ། མ་གཏོགས་པར་ཡོངས་སུ་བསྔོས་པ་དང༌། སངས་རྒྱས་ཀྱིས་གནང་བར་ཡོངས་སུ་བསྔོས་པས་སོ། །དེ་ལྟར་ན་ཞེས་པ་ནི་ཉེ་བར་བསྡུས་པའོ་ཞེས་པ་ནི་མ་གཏོགས་པའི་ཡོངས་སུ་བསྔོ་བ་སྟེ་དགུ་པའོ། །དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། གང་ཞེས་པ་ནི་མ་གཏོགས་པ་ཀུན་ཏུ་བཤད་ལ། འདི་ནི་ཞེས་པ་ནས་ཡོངས་སུ་བསྔོ་བར་བྱའོ་ཞེས་པའི་བར་གྱིས་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཡོངས་སུ་བསྔོ་བའི་རྒྱས་པར་བཤད་པའོ། །འདི་ནི་ཞེས་པ་ནི་ཆོས་ཀྱི་དབྱིངས་སུ་ཡོངས་སུ་བསྔོ་བ་འདི་དག་གིས་སོ། །མཆོག་ལ་སོགས་པ་ཉིད་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཅིག་པའི་རབ་ཏུ་མཐར་འགྲོ་བའི་རྒྱུའི་ཕྱིར་རོ། །འདི་བཤད་པའི་བསོད་ནམས་ཆེན་པོ་འབྱུང་བ་ལ་གང་དད་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ནི་ཁྱད་པར་གྱི་རྒྱུའོ་ཞེས་པ་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆུང་ངུ་སྟེ་བཅུ་པའོ། །ཞོག་ཅེས་པ་ལ་སོགས་པས་འདིར་བཤད་པའི་བླ་ལྷག་པའི་བསོད་ནམས་ལ་དད་པ་ལ་སོགས་པ་སྔོན་དུ་འགྲོ་བ་ནི་ཁྱད་པར་གྱི་རྒྱུའོ་ཞེས་པ་ནི་བསོད་ནམས་ཆེན་པོ་འབྱུང་བའི་འབྲིང་གི་ཡོངས་སུ་བསྔོ་བ་


DTG090_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བཅུ་གཅིག་པའོ། །ཞོག་ཅེས་པ་ལ་སོགས་པ་སྟེ། གང་ཡང་རབ་འབྱོར་ཞེས་པ་ལ་སོགས་པས་ནི་བསྟན་པ་ལ། ལྷག་མ་སྦྱིན་པར་བྱེད་ཅེས་པའི་བར་གྱིས་ནི་བཤད་པའོ། །འདི་རྣམས་ཀྱིས་ཞེས་པ་ནི་འཆད་པར་འགྱུར་བས་སོ། །ན་བ་ནི་ནད་པ་ལ། དེའི་རྐྱེན་ནི་ཆེད་དུ་སྨན་ནོ། །ཡོ་བྱད་ནི་ཡོངས་སུ་གདིང་བ་ལ་སོགས་པའོ། །བདེ་བར་སྦྱར་བ་ནི་རྒྱུ་བདེ་བའི་རྒྱུ་ལ་དེ་རྣམས་སྟོབས་རྣམས་ཀྱིས་སོ། །བདེ་བ་ལ་རེག་པ་ནི་བདེ་བ་ཉམས་སུ་མྱོང་བ་དེས་གང་གནས་པ་སྟེ་འཆགས་པ་ལ་སོགས་པའོ། །རེ་རེས་ཞེས་པ་ནི་ཡོངས་སུ་བརྟགས་པ་བཟུང་བ་སྟེ། རིམ་གྲོ་བྱ་བ་ཉིད་དུ་སོ་སོར་གནས་པར་བྱས་ལ། དེ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་རིམ་གྲོར་བྱེད་པ་པོའི་རེ་རེར་ཡོངས་སུ་བརྟགས་པར་བྱས་ལ་སོ་སོར་གནས་པར་བྱེད་པས་སོ། །རིམ་གྲོར་གནས་པ་གང་ལ་ཞེ་ན། རང་བཞིན་ཡིན་པའི་ཕྱིར་སེམས་ཅན་དེ་རྣམས་ཐམས་ཅད་ལའོ། །སྦྱིན་པར་བྱེད་པ་ནི་སེམས་ཅན་དེ་རྣམས་ཀྱིའོ། །དེ་ནི་འདིར་དུས་རིང་དུ་བསགས་པའོ། །དེའི་གཞི་ལ་ནི་དུས་རིང་དུ་བསགས་པའོ། །དེ་ལྟར་རྒྱ་ཆེན་པོ་ཀུན་ཏུ་སྡུད་པ་དེ་སྲིད་དུ་རྒྱ་ཆེན་པོ་སྐྱེད་པར་འགྱུར་བའོ། །ཞོག་ཅེས་པ་ལ་སོགས་པ་སྟེ། སྔོན་གྱི་ཇི་སྲིད་དུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའི་རིམ་གྲོ་བ་སོ་སོར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱིས་དེ་ལ་དེ་སྲིད་དུ་རིམ་གྲོ་བྱེད་ལ། སེམས་ཅན་རྣམས་ཀྱིས་དེ་ལ་དེ་སྲིད་དུ་རིམ་གྲོར་བྱ་བའི་བྱང་ཆུབ་སེམས་དཔའ་ནི་སོ་སོའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་ཀྱིའོ་ཞེས་པའི་ཁྱད་པར་ནི་དེ་ལྟར་བསོད་ནམས་ཆེན་པོ་འབྱུང་བའི་ཆེན་པོའི་ཡོངས་སུ་བསྔོ་བ་སྟེ་བཅུ་གཉིས་པའོ། །ཆོས་མཆོག་འབྲིང་གི་བྱེ་བྲག་གི་རྗེས་སུ་ཡི་རང་ཡིད་ལ་བྱེད་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་ཏེ་དེ་གསུངས་པ་ནི། དེ་ནས་ཡང་ཚེ་དང་ལྡན་པ་ཞེས་པ་ལ་སོགས་པ་སྟེ། མ་ལུས་པ་ནི་མ་ལུས་པར་བྱས་པའོ། །མཆོག་ལ་སོགས་པ་བཅུ་བཞི་ནི་མཆོག་ཉིད་དེ་ཕྱོགས་


DTG090_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དང༌། དབུས་དང༌། དུས་གསུམ་གྱི་དགེ་བ་ལ་དམིགས་པ་ཉིད་དང་རྣམ་པ་བཅུ་བཞི་ཡིན་ནོ། །ཚིག་བཅུ་གསུམ་ཡོད་པ་རྣམས་ཀྱིས་ནི་ཕྱོགས་བཅུ་དང་དུས་གསུམ་དུ་ཕྱེ་བས་རྣམ་པ་བཅུ་གསུམ་ཉིད་དོ། །དེ་ལ་དབུས་ཀྱི་ཕྲ་མོའི་དབང་དུ་བྱས་ནས་ཕྱོགས་ཀྱི་རྣམ་པར་གཞག་པ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་ཕྱོགས་གཅིག་ལ། ཡང་འཇིག་རྟེན་གྱི་ཁམས་ཞེས་བརྗོད་པའི་ཕྱིར་རོ། །རྗེས་སུ་ཡི་རང་བ་ནི་བྱེད་པའི་དད་པ་ཤིན་ཏུ་གཟེངས་བསྟོད་ཅིང་རང་ཉིད་ཀྱིས་དེ་ཐམས་ཅད་བསྒྲུབ་པའི་བསམ་པ་ཤིན་ཏུ་ཡང་བྱེད་པས་སོ། །མི་འཛིན་པ་ནི་གཟུང་བར་བྱ་བར་མི་སྣང་བའི་ཕྱིར་རོ། །རློམ་སེམས་སུ་མི་བྱེད་པ་ནི་དངོས་པོ་ཉིད་མི་དམིགས་པ་སྟེ། རང་གི་ངོ་བོས་མི་སྣང་བའི་ཕྱིར་ལ། མི་རྟོག་པ་ནི་སྤྱིའི་མཚན་ཉིད་དུའོ། །རྣམ་པར་མི་རྟོག་པ་ནི་ཁྱད་པར་གྱི་མཚན་ཉིད་ཀྱིས་ལ། མི་མཐོང་བ་ནི་ལྟ་བ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །ཡང་དག་པར་རྗེས་སུ་མི་མཐོང་བ་ནི་ཡོད་པར་མངོན་པར་ཞེན་པ་མེད་པའི་ཕྱིར་ཏེ། ཡང་དག་པ་མ་ཡིན་པའི་རྟོགས་པས་ཡོངས་སུ་བརྟགས་པས་རྣམ་པར་སྐྱེད་པ་རྣམས་ཀྱིས་ཀུན་ཏུ་མཐོང་བའི་ཕྱིར་རོ། །མ་སྐྱེས་པ་ནི་ས་བོན་མེད་པའི་ཕྱིར་ལ། ངེས་པར་མ་སྐྱེས་པ་ནི་མ་གྲུབ་པའོ། །འོང་བ་མེད་པ་ནི་མ་འོངས་བའི་དུས་མེད་པ་ལ། འགྲོ་བ་མེད་པ་ནི་འདས་པའི་དུས་སོ། །དེ་ལྟར་ཇི་སྲིད་དུ་འགག་པར་ཡང་མི་འགྱུར་ཞེས་པའི་བར་ནི་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་པའི་གཏན་ཚིགས་ཏེ། ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དོ། །རྗེས་སུ་ཡི་རང་བའི་སྐབས་སུ་ཡང་དེ་ལྟར་རྗེས་སུ་ཡི་རང་བར་བྱ་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ་ཞེས་གསུངས་པས་ནི་ངེས་པར་ཡོངས་སུ་བསྔོ་བར་བྱ་བའི་ཕྱིར་རོ། །རྗེས་སུ་ཡི་རང་བའི་རྣམ་པ་ལས་སྐྱེས་པའི་རྗེས་སུ་ཡི་རང་བ་པོ་ཉིད་ཀྱི་སེམས་ནི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བརྗོད་དོ་ཞེས་པ་ནི་མི་དམིགས་པའི་རྗེས་སུ་ཡི་རང་བ་སྟེ་དང་པོའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། རྣམ་པར་གྲོལ་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱི་དོན་དམ་པ་དེ་ཉིད་བཞིན་དོན་དམ་པར་རང་བཞིན་གྱིས་


DTG090_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པའི་སྤྲོས་པ་མེད་པའི་སྦྱིན་པ་ལ་སོགས་པ་ཐམས་ཅད་དོ་ཞེས་པའི་དོན་ཏོ། །ཆགས་པ་ནི་སྲིད་པ་ལ་དེ་མེད་པ་ནི་ཆགས་པ་མེད་པའོ། །སྲིད་པའི་རྒྱུ་ཅན་གྱི་སྐྱེ་བ་མེད་པས་ནི་མ་བཅིངས་པ་ལ། དེ་ལ་མ་གྲོལ་བ་རྣམས་ཀྱིས་སོ། །ཡོངས་སུ་བསྔོ་བ་མེད་པའི་ཚུལ་གྱིས་ཞེས་པ་ནི་དེ་ཡང་མི་དམིགས་པའི་ཕྱིར་རོ། །དེ་ཅི་ལྟར་ཞེ་ན། མི་འཕོ་བའི་སྟེ། གནས་གཞན་དུ་འཕོ་བ་མེད་པ་ཡོངས་སུ་བསྔོ་བ་སྟེ། སྔ་མ་འཇིག་པས་སམ་གཞན་སྐྱེས་པས་མ་ཡིན་པ་སྟེ། ཆོས་ཀྱི་དབྱིངས་ལས་གནས་གཞན་དུ་འཕོ་བ་དང་འཇིག་པ་མེད་པས་སོ། །ཡང་དག་པར་ལེན་པ་ནི་ཡང་དག་པའི་བླ་མ་ལ་སྟེ། དུས་མཚམས་དང་བཅས་པ་ཡང་དག་པར་བླངས་པའོ། །ཁྲོས་པ་ནི་སྨོད་པ་དོར་བ་ལ་རྡེག་པ་ནི་གདུང་བའོ། །སྤྱོས་པ་ནི་སྐྱོན་དུ་གྱུར་པ་དང་མ་གྱུར་པ་རྣམས་ཀྱིས་སོ། །ང་རྒྱལ་དང་བཅས་པ་ནི་ཡོད་པ་ལས། ཐབས་ནི་རྣམ་པར་གྲོལ་བ་དང་འདྲ་བ་སྟེ། དེས་འདི་རྗེས་སུ་ཡི་རང་བ་ནི་མི་དམིགས་པས་སོ་ཞེས་པ་ནི་ཐབས་ཀྱི་རྗེས་སུ་ཡི་རང་བ་སྟེ། གཉིས་པའོ། །ཡོངས་སུ་བསྔོ་བ་དང་རྗེས་སུ་ཡི་རང་བ་འདི་རྣམས་ནི་འདུན་པ་ལ་སོགས་པ་རྣམས་ལ་ཡོད་མོད་ཀྱི། ཅུང་ཞིག་འདིར་རབ་དང་བཅས་པས་སོ། །བཅོམ་ལྡན་འདས་ཀྱིས་གཞན་དུ་རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བ་ཡིན་ཀྱང་ཡོངས་སུ་བསྔོ་བ་ནི་ཁ་ཅིག་གིས་བདག་ཉིད་ཀྱི་དགེ་བ་མི་ཟད་པར་བྱེད་པར་འདོད་ནས་ཡོངས་སུ་བསྔོ་ཞིང་རྗེས་ཀྱི་སེམས་ཀྱིས་ཡོངས་སུ་རྒྱས་པར་བྱེད་པ་དང༌། བསོད་ནམས་རྒྱས་པར་བྱེད་པ་དང༌། སེར་སྣ་ལ་སོགས་པའི་སེམས་ཀྱིས་མི་འཛིན་པའི་ཕྱིར་གཞན་གྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བའོ། །ཁ་ཅིག་ཏུ་ནི་དེ་ལྟར་རྗེས་སུ་ཡི་རང་བ་བྱས་པ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ་ཞེས་པས་འདི་དག་གི་རིམ་པ་ནི་ངེས་པ་མེད་པ་ཉིད་དོ། །དེའི་ཕྱིར་ན་མཐར་རྗེས་སུ་ཡི་རང་བའམ་ཡོངས་སུ་བསྔོ་བ་སྟེ། དེའི་དེ་དག་བརྗོད་པའི་ལེའུ་ནི་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བའི་ལེའུ་སྟེ་དྲུག་པའོ།། །།འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་གྱི་སྒྲུབ་པ་དང་ཤིན་ཏུ་དག་པ་ཞེས་པ་རྣམ་པ་གཉིས་བསྟན་ཏེ། དེ་ལ་ལྷན་ཅིག་སྐྱེས་པའི་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་


DTG090_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང༌། མ་རིག་པ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། ལོག་པར་ལྟ་བ་དྲུག་སྟེ། འདོད་པ་ན་སྤྱོད་པ་རྣམས་ཀྱི་དེ་ཉིད་ལ་ཁོང་ཁྲོ་སྤངས་པས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བཅུ་ཞེས་པའི་ཉོན་མོངས་པ་བཅུ་དྲུག་རབ་ཏུ་སྤོང་བར་འགྱུར་བ་ནི་བག་ལ་ཉལ་ལས་མངོན་དུ་རྒྱུ་བའི་གནོད་པ་ཅན་ནི་མེད་དེ། སྔོན་ཉིད་དུ་སྤངས་པའི་ཕྱིར་རོ། །བག་ལ་ཉལ་ཡང་རྣམ་པ་གཉིས་ཏེ། གནས་དང༌། བག་ཆགས་སོ། །འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་བྱུང་བའི་ཕུང་པོ་ལ་སོགས་པ་ལ་ངོ་བོ་ཉིད་དང་བཅས་པར་སྒྲོ་བཏགས་པ་ཉིད་ཀྱི་ལོག་པར་ལྟ་བ་ལས་རྒྱུ་དང་འབྲས་བུ་མེད་ཅེས་པའི་སྐུར་བ་འདེབས་པ་ནི་མ་ཡིན་ནོ། །ཆོས་མངོན་པ་ཀུན་ལས་བཏུས་པར་ནི་མཐར་འཛིན་པར་ལྟ་བ་བཤད་དེ། འདི་ཡང་ལོག་པར་ལྟ་བའི་བྱེ་བྲག་ཡིན་པའི་ཕྱིར་རོ། །དེ་ལ་ཉོན་མོངས་པ་གཅིག་ཅིག་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་དང༌། ཆེན་པོའི་ཆེན་པོའི་དབྱེ་བས་རྣམ་པ་དགུ་སྟེ། འདོད་པའི་ཁམས་དང་བསམ་གཏན་བཞི་དང་གཟུགས་མེད་པར་གཏོགས་པ་ཉིད་ཀྱིས་བརྒྱད་ཅུ་རྩ་གཅིག་ལ། ཉོན་མོངས་པའི་གཉེན་པོས་སྐྱོན་མེད་པར་རྩོམ་པར་བཅོམ་ཞིང་སྐྱོན་དང་འགལ་བ་ཅན་ནི་བསྒོམ་པའི་ལམ་སྟེ། བསྒོམ་པ་བསྒོམ་པས་ལམ་བྱེད་པ་ཉིད་ཀྱིས་སོ། །ཤིན་ཏུ་བའི་བསྒོམ་པའི་ལམ་གྱི་མཐའ་ནི་སེམས་བསྐྱེད་པ་གཉིས་ཀྱི་བདག་ཉིད་ཅན་ཏེ། གང་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམས་ལ་ཡང་ཆུང་ངུ་ལ་སོགས་པར་ཕྱེ་བས་བྱེ་བྲག་བརྒྱད་ཅུ་རྩ་གཅིག་ལ། འདིར་དང་པོའི་བརྒྱད་ཅུ་ནི་གཉེན་པོའི་བྱེ་བྲག་སོ་སོར་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་བདག་ཉིད་ཅན་རྣམས་ཏེ། འདིར་བར་ཆད་མེད་པ་ཉིད་ཀྱི་ལམ་དུ་བྱེད་པའི་ཕྱིར་ཞེས་པས་ལམ་གྱི་རྒྱུ་ཡིན་ན་བར་ཆད་མེད་པའི་ལམ་ཞེས་བྱ་ལ། དེ་ཉིད་ཀྱིས་ཉོན་མོངས་པ་མི་སྐྱེ་སྟེ། རང་གི་སྐད་ཅིག་ལ་ནུས་པ་མེད་ཅིང་མི་སྐྱེ་བ་ནས་རྣམ་པར་གྲོལ་བར་འགྱུར་ཞེས་པ་རྣམ་པར་གྲོལ་བ་སྟེ། སྔོན་དུ་ལམ་གྱིས་རྟོགས་ཞེས་པས་ལམ་ཞེས་བྱ་བ་སྟེ། རྣམ་པར་གྲོལ་བའི་ལམ་ལ་རྣམ་པར་གྲོལ་བའི་ཕྱིར་ན། གཉེན་པོས་ཉོན་མོངས་པ་སྐྱེ་བར་མི་འགྱུར་པའི་ངོ་བོས་སྤོང་བའི་ཕྱིར་རོ། །དེ་ལྟར་


DTG090_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆོས་མངོན་པ་ཀུན་ལས་བཏུས་པར་གཉེན་པོའི་བྱེ་བྲག་སྐྱེས་པས་ཉོན་མོངས་པ་སྐྱེ་བར་མི་ནུས་ཤིང༌། བག་ཆགས་སུ་བསྒྲགས་པའི་གནས་ངན་ལེན་གྱི་བྱེ་བྲག་འགགས་པ་དུས་མཉམ་དུ་སྣང་བ་སྐྱེས་པས་མུན་པ་འགག་པ་བཞིན་ལ། དེ་ལྟར་ཡང་འགགས་པས་མ་འོངས་པའི་ཉོན་མོངས་པ་མི་སྐྱེ་བའི་ཆོས་ཉིད་དུ་གནས་པ་དེ་ལ་ཡང་སྤངས་སོ་ཞེས་བཤད་དོ། །དེའི་དང་པོ་འདོད་པའི་ཁམས་ཀྱི་རྒྱུ་མཚན་ནི་སྒྲུབ་པའི་བསྒོམ་པའི་ལམ་གྱི་ངོ་བོ་རྣམས་ཀྱི་སེམས་བསྐྱེད་པ་དྲུག་པ་ལ་སོགས་པའི་རང་བཞིན་གྱིས་དྲི་མ་མེད་པ་ལ་སོགས་པའི་ས་དགུ་ལའོ། །དེ་ནས་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བྱེ་བྲག་བདུན་ཅུ་རྩ་གཅིག་ནི་ཁྱད་པར་གྱི་ལམ་གྱི་བྱེ་བྲག་རྣམ་པར་དག་པའི་བསྒོམ་པའི་ལམ་གྱི་ངོ་བོ་ཤིན་ཏུ་རྣམ་པར་དག་པའི་བསྒོམ་པའི་ལམ་གྱི་བདག་ཉིད་ཅན་ཞེས་བརྗོད་དོ། །སྒྲུབ་པ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དང༌། བདུན་ཅུ་རྩ་གཉིས་པའི་རྒྱུ་ཡིན་པའི་ཕྱིར་རོ། །བྱེ་བྲག་བདུན་ཅུ་རྩ་གཉིས་པ་ནི་བསྒོམ་པའི་ལམ་གྱི་འབྲས་བུ་ཤིན་ཏུ་བའི་རྣམ་པར་དག་པའི་ངོ་བོ་ནི་ལམ་ཤེས་པར་མ་བཤད་དེ། རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་དག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་སྒྲུབ་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་པ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་ཏེ། སྒྲུབ་པའི་ཡན་ལག་ནི་རྣམ་པ་ལྔ་སྟེ། དེ་བསྒོམ་པའི་ལམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་གྱི་ངོ་བོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་པོ་ཉིད་ལ་སོགས་པ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་ཏེ། མཆོག་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱིས་མངོན་པར་སྒྲུབ་པའི་ཆོས་རྣམས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པ་སྟེ། ཉེ་བར་དམིགས་པ་མེད་པས་ཆོས་རྣམས་ཐམས་ཅད་ལ་གཏོད་པར་མི་བྱེད་པ་ནི་གཏོད་པ་ལ། ཆོས་རྣམས་ཐམས་ཅད་ལ་ཉེ་བར་དམིགས་པ་མེད་པ་དེ་ལྟར་རྟོགས་པ་ཐོབ་པས་དོན་ཆེན་པོ་ཉིད་དེ་འདིར་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། འདིར་བསྒོམ་པའི་ལམ་ནི་གཟུགས་ལ་སོགས་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་ངོ་བོ་ཉིད་


DTG090_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཇི་ལྟ་བུ་ཞེ་ན། གང་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལ་བརྗོད་དོ། །ཐམས་ཅད་མཁྱེན་པ་ཉིད་ནི་སྒྲིབ་པ་ཐམས་ཅད་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བཅས་པ་སྤངས་པའི་ཡེ་ཤེས་ཏེ། སྤངས་པ་ཕུན་སུམ་ཚོགས་པ་དང་ལྷན་ཅིག་པས་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་པའི་དོན་ཏོ། །འདིར་དེར་བསྐྱེད་པ་ནི་སྣང་བར་བྱེད་པའོ་ཞེས་པ་སྟེ། སྒྲིབ་པའི་མུན་པ་ཐམས་ཅད་སྤངས་པའི་ཕྱིར་སྣང་བ་ལ། དེ་ལ་བགྱིད་ཅེས་པ་ནི་སྤངས་པ་ཕུན་སུམ་ཚོགས་པས་ཆོས་ཐམས་ཅད་སོ་སོར་སྣང་བ་དང་ཀུན་ཏུ་སྣང་བར་ངེས་བགྱིད་པའོ་ཞེས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཕྱག་བགྱི་བར་འོས་པའི་རྗེས་ལ་ནི་བསྐོར་བ་ཡང་ངོ༌། །འདི་ནི་སྤངས་པའི་ཚིག་གཉིས་ཀྱིས་རྒྱས་པར་བཤད་དེ། གོས་པ་མེད་པ་ནི་སྒྲིབ་པའི་དྲི་མ་ཐམས་ཅད་ཟད་པའི་ཕྱིར་རོ། །འཇིག་རྟེན་ཐམས་ཅད་ཀྱིས་ཉེ་བར་མ་གོས་པ་ནི་ཁམས་གསུམ་པའི་སྒྲིབ་པའི་བག་ཆགས་ཀྱི་དྲི་མ་ཟད་པའི་ཕྱིར་རོ། །ཚིག་གསུམ་གྱིས་ནི་ཡེ་ཤེས་རྒྱས་པར་བཤད་དེ། ཆོས་ཐམས་ཅད་དོན་དམ་པར་སོ་སོར་སྣང་བས་སྣང་བ་སྟེ་དེ་བྱེད་པའོ། །རབ་རིབ་ནི་མི་ཤེས་པ་སྟེ་རབ་རིབ་དེ་དང་བྲལ་བ་ནི་ཡེ་ཤེས་སོ། །ཁམས་གསུམ་ཐམས་ཅད་ནི་གང་དུ་དེས་དོན་དམ་པར་ཁམས་གསུམ་པའི་ཉོན་མོངས་པ་དང་ལྟ་བའི་མུན་པ་རྣམས་སོ། །འདི་ཐམས་ཅད་ཀྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་གསུངས་ལ། གཞན་གྱི་དོན་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་གསུངས་པ་ནི། བརྟེན་པར་བགྱི་བ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་འདོད་པ་རྣམས་ཀྱིས་སོ། །མཆོག་ཏུ་བགྱིད་པ་ནི་གནས་ཏེ། རྒྱུན་དུ་ཞུགས་པ་ལ་སོགས་པ་དེ་རྣམས་ཀྱི་ཐབས་སོ། །བྱང་ཆུབ་ཀྱི་ཕྱོགས་ནི་སུམ་ཅུ་རྩ་བདུན་ལ། དེ་རྣམས་ཀྱི་བདེ་བར་བགྱིད་པ་ནི་བགེགས་སེལ་བའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་སྔ་ནས་ལྡོངས་པ་རྣམས་ཀྱིའོ། །འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་སྤོང་བ་དང་སྣང་བ་ནི་འཇིག་རྟེན་ལས་འདས་པ་ཉིད་ཀྱི་བསྒོམ་པའི་ལམ་སྟེ། འདི་རྣམས་ཀྱིས་ནི་ཐེག་པ་


DTG090_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པ་ཅན་གྱི་དོན་གསུངས་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་གྱི་དབང་དུ་བྱས་ནས་གསུངས་པ་ནི་སྤྱན་ལྔ་ཞེས་པ་ནི་དེ་ཡང་གཞན་གྱི་དོན་གཙོ་བོར་བྱེད་པས་དེས་དེ་ཉིད་བསྒྲུབ་པ་ལ་དམིགས་པའི་དབྱེ་བ་སྟེ། ལྔ་ནི་ཤ་དང༌། ལྷ་དང༌། ཤེས་རབ་དང༌། སངས་རྒྱས་དང༌། ཆོས་ཀྱི་སྤྱན་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །དབྱེར་མེད་པས་སྤྱན་ཏེ། ཆོས་ཐམས་ཅད་དོན་དམ་པར་མཐོང་བའི་ཕྱིར་རོ། །མཐོང་བའི་འཆིང་བ་ནི་རྣམ་པ་གསུམ་སྟེ། དེ་ལ་གཏི་མུག་ནི་མི་ཤེས་པ་ལ་མུན་པ་ནི་མུན་གནག་གོ །རབ་རིབ་ནི་མུན་པ་སྟེ། དེ་ལ་ཆུང་དང་འབྲིང་དང་ཆེན་པོའི་དབྱེ་བས་གཏི་མུག་རྣམ་པ་གསུམ་ཞེས་པའི་དོན་ཏོ། །དེ་རྣམས་རྣམ་པར་འཇོམས་པར་བྱེད་དེ། མདོར་བསྡུ་ན་རྗེས་ཀྱི་གནས་སྐབས་སུ་རབ་རིབ་དང་བྲལ་བར་བྱེད་པ་སྟེ། རབ་རིབ་ནི་སྤྱི་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ཕུང་པོ་ལྔ་ལ་དེ་མི་བྱེད་པ་ནི་དོན་དམ་པར་ན་ངོ་བོ་ཉིད་མེད་པའི་ཕྱིར་དེ་རྣམས་དེ་བཞིན་ཉིད་དང་དེ་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱིས་བདག་ཉིད་ཅན་པས་མི་བྱེད་པ་སྟེ། དེའི་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ཡང་དག་པའི་ཡེ་ཤེས་བྱེད་དོ་ཞེ་ན་ནི་སྟེ། མ་རིག་པའི་བག་ཆགས་ལ་སོགས་པ་དང་བཅས་པ་ལ་སོགས་པ་ཉིད་ཀྱིས་ཡང་དག་པའི་ཡེ་ཤེས་སུ་གྲུབ་པ་ཡང་དོན་དམ་པར་རང་བཞིན་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཅི་བྱེད་ཅེ་ན། ལམ་ལོག་པ་ནི་ཆོས་རྣམས་ལས་རྣམ་པར་རྟོག་པ་ལ། །དེར་ལྟུང་བ་རྣམས་ལ་ལམ་སྟེ། ཆོས་ལ་བདག་མེད་པའི་ཡེ་ཤེས་ལ་གཞུག་པའོ། །གང་གི་ལམ་ལ་ཞེ་ན། ཐམས་ཅད་མཁྱེན་པའི་ལའོ། །གང་ཞིག་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་དེ་ནི་གཞན་གྱི་དོན་དུ་ཡང་གསུངས་པ་ནི། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་བག་ཆགས་ཀྱི་མཚམས་སྦྱོར་བ་རབ་ཏུ་སྤངས་པ་དེའི་དེ་འདིར་ཐམས་ཅད་མཁྱེན་པ་ཉིད་ཅེས་པའི་དོན་ཏོ། །སྐྱེ་བ་མེད་པ་ཅན་ནི་རྣམ་པར་བྱང་བ་རྣམས་ལ་འགག་པ་མེད་པ་ཀུན་ནས་ཉོན་མོངས་པ་མེད་པ་རྣམས་སོ། །གང་ཡང་སེང་གེ་བཟང་པོས་སྣང་བར་བྱེད་པ་ཞེས་པ་ལ་སོགས་པའི་ཚིག་རྣམས་གོ་རིམས་ཇི་བཞིན་དུ་དྲོད་ལ་སོགས་པ་བཞི་དང༌། མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་རྣམས་ཀྱི་དང༌། བསྒོམ་པའི་ལམ་ཟག་པ་དང་བཅས་པ་རྣམས་སུ་དོན་དམ་པར་གཞག་


DTG090_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མི་རིགས་ཏེ། སྒྲུབ་པའི་བསྒོམ་པའི་ལམ་ཟག་པ་མེད་པར་གསུངས་ཏེ། དེའི་ངོ་བོ་ཉིད་ཁོ་ན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་བསྒྲུབ་པར་བྱ་བ་ནི་དྲོད་ལ་སོགས་པའི་གནས་སྐབས་སུ་ཇི་ལྟར་རིགས་ལ། གང་ཡང་བཤད་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་རང་གིས་མཐོང་བས་སྤང་བར་བྱ་བའི་ཁམས་གསུམ་པའི་ཉོན་མོངས་པ་སྤངས་པས་ཁམས་གསུམ་ཐམས་ཅད་ཀྱི་རབ་རིབ་དང་བྲལ་བར་བྱེད་ཅེས་པ་ནི་དེ་ནི་ཤིན་ཏུ་ཡང་ངོ་མཚར་བར་བྱེད་པ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་ས་སྤོང་བར་འགྱུར་ལ། གཟུགས་དང་གཟུགས་མེད་པའི་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཉིད་ཀྱིས་སོ་ཞེས་པའི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྒྲུབས་པ་འདི་དང་ཡང་ཇི་ལྟར་མི་འགལ་ལ། དེ་བཞིན་དུ་སྔ་མ་དང་ཕྱི་མར་བཅོམ་ལྡན་འདས་མའི་གསུང་རབ་ལ་རྣམ་པར་བཤད་པའི་ཚུལ་ཉེས་པ་མང་པོ་རྣམས་ནི་གཞུང་མངས་ཀྱིས་དོགས་པས་བདག་ཅག་གིས་མ་སྤྲོས་ཏེ། ལེགས་པར་ཤེས་པ་རྣམས་ཀྱིས་ནི་རྣམ་པར་ཤེས་པར་བྱས་ལ་རང་ཉིད་ཀྱིས་འདོར་བ་ཉིད་དོ། །མ་སྐྱེས་པ་དང་མ་འགགས་པ་ནི་དོན་དམ་པར་སྟོང་པ་ཉིད་ཀྱིས་ངོ་བོ་དང་བྲལ་བའི་ཕྱིར་ན་གོང་དུ་གསུངས་པ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་པས་སོ། །ཀུན་རྫོབ་ཀྱི་ངོ་བོ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ལ་ནི་སྐྱེད་པ་པོ་ལ་སོགས་པར་འགལ་བ་མེད་དེ། དེའི་ཕྱིར་གསུངས་པ་ནི། ཡུམ་ཞེས་པ་ལ་སོགས་པ་སྟེ། ཡུམ་ནི་སྐྱེད་པ་པོ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉིད་ཀྱི་རིན་པོ་ཆེ་དེ་རྣམས་ལ་སྦྱིན་པ་པོའི་ཕྱིར་རོ། །དེ་ལས་གཞན་པ་ཉིད་ཀྱི་ཚོགས་པའི་རྒྱུའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་དེའི་སྦྱིན་པས་སྐྱེད་པ་པོའོ། །སངས་རྒྱས་སུ་གཟུང་བས་སང་རྒྱས་ཀྱི་ཡུམ་དུ་དོན་གྱིས་རྟོགས་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། དབང་པོ་མཆོག་དང་


DTG090_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བ་ལས་ལྡང་བ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་འཕོ་དང༌། སྐྱེ་བ་ཤེས་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །དེ་ལ་སྲིད་པ་དང་མི་སྲིད་པ་ནི་གནས་དང་གནས་མ་ཡིན་པ་སྟེ། དེ་ནི་འདི་ལྟ་སྟེ་ངན་དུ་སྤྱོད་པ་ཅན་རྣམས་ལ་མི་འདོད་པའི་རྣམ་པར་སྨིན་པ་ནི་གནས་ཡིན་ལ། འདོད་པ་ནི་གནས་མ་ཡིན་ཞིང༌། ལས་དང་རྣམ་པར་སྨིན་པ་ཡང་ངོ༌། །ཁམས་སྣ་ཚོགས་པ་ནི་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བ་དང༌། ལྷག་པའི་བསམ་པ་སྟེ། གཟུགས་དང་གཟུགས་མེད་པའི་ལས་དང་རབ་ཏུ་ལྡན་པའི་བསོད་ནམས་ནི་མི་གཡོ་བའོ། །མོས་པ་སྣ་ཚོགས་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམས་ལ་གནས་པ་རྣམས་ཀྱི་ཞེ་སྡང་དང་འདོད་ཆགས་ལ་སོགས་པ་ལ་དགའ་བའོ། །དབང་པོ་ནི་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང་ཤེས་རབ་ལ། དེ་རྣམས་མཆོག་དང་མཆོག་མ་ཡིན་པའི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་དེ། འདི་ནི་དབང་པོ་དམན་པའོ། །འདི་ནི་འབྲིང་ངོ་ཞེས་པ་ལ་སོགས་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་ནི་འདོད་ཆགས་ཀྱི་གཉེན་པོའི་ལམ་ནི་འདིའོ། །འདི་ནི་ཞེ་སྡང་གི་ཞེས་པ་ལ་སོགས་པའོ། །བསམ་གཏན་བཞི་དང༌། རྣམ་པར་ཐར་བ་བརྒྱད་དང༌། ཏིང་ངེ་འཛིན་གསུམ་སྟེ། རྣམ་པར་རྟོག་པ་དང༌། དཔྱོད་པ་དང་བཅས་པ་དང༌། རྣམ་པར་རྟོག་པ་མེད་པ་ལ་དཔྱོད་པ་ཙམ་པོ་དང༌། རྣམ་པར་རྟོག་པ་མེད་ཅིང་རྣམ་པར་དཔྱོད་པ་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། ཀུན་ནས་ཉོན་མོངས་པ་ལ་སོགས་པ་ཅན་ནོ། །དེ་ལ་ཀུན་ནས་ཉོན་མོངས་པ་ནི་རོ་མྱང་བ་ལ་སོགས་པས་སོ། །རྣམ་པར་བྱང་བ་ནི་ཉེ་བར་མི་དམིགས་པ་ལ་སོགས་པ་སྟེ། རྣམ་པར་ལྡང་བ་ནི་སེང་གེ་རྣམ་པར་བསྒྱིངས་པས་སམ་ཐོད་རྒལ་གྱིས་སོ། །སྔོན་གྱི་གནས་ནི་སྔོན་གྱི་


DTG090_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་སྟེ། དེ་རྗེས་སུ་དྲན་པའོ། །འཆི་འཕོ་བ་དང་སྐྱེ་བ་དག་ནི་སེམས་ཅན་རྣམས་ཀྱི་འཆི་བ་དང་སྐྱེ་བའོ། །ཟག་པ་ནི་ཉོན་མོངས་པ་རྣམས་ལ། དེ་རྣམས་གང་དེ་ཟད་པ་དང་ལམ་གང་ཞིག་གིས་ཟད་པ་དེ་གཉི་གའི་ཟག་པ་ཟད་པའོ། །གནས་དང་གནས་མ་ཡིན་པ་འདི་རྣམས་ལ་ཐམས་ཅད་ནས་ཐམས་ཅད་དུ་ཡང་དག་པའི་ཤེས་པ་དེ་ཉིད་སྟོབས་ཏེ། ཅིག་ཤོས་ཀྱིས་མི་ཐུབ་པའི་ཕྱིར་དང༌། དེ་རྣམས་ཟིལ་གྱིས་མནན་པའི་ཕྱིར་རོ། །མི་ཐུབ་ཅེས་པ་ནི་ཟིལ་གྱིས་མནན་པར་མི་ནུས་པའོ། །སེང་གེ་བཞིན་དུ་ཤིན་ཏུ་དོགས་པ་མེད་ཅིང་རིགས་པར་སྨྲ་བ་ལ་མི་འཇིགས་པ་སྟེ། དེའི་མི་འཇིགས་པ་ནི་རྣམ་པ་བཞི་སྟེ། མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང༌། ཟག་པ་ཟད་པ་ལ་མི་འཇིགས་པ་དང་བར་དུ་གཅོད་པའི་ཆོས་ལ་མི་འཇིགས་པ་དང༌། ངེས་པར་འབྱུང་བའི་ཆོས་ལ་མི་འཇིགས་པ་རྣམས་སོ། །མངོན་པར་བྱང་ཆུབ་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཟག་པ་ཟད་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ། གཉི་ག་ཡང་རང་གི་དོན་ཏོ། །བར་དུ་གཅོད་པའི་ཆོས་ནི་མྱ་ངན་ལས་འདས་པའི་ཆོས་ཀྱི་བགེགས་ལ། ངེས་པར་འབྱུང་བའི་ཆོས་ནི་མྱ་ངན་འདས་པ་ཐོབ་པར་བྱེད་པ་སྟེ། དེ་གཉི་ག་ལ་ཡང་གཞན་གྱི་དོན་ཏེ། གཞན་རྣམས་ལ་དེ་བཤད་པས་དེ་རྣམས་ལ་མི་འཇིགས་པ་སྟེ། དེའི་དམ་བཅས་པ་རབ་ཏུ་གནས་པ་ཉིད་ཅེས་པའི་དོན་ཏོ། །མགོན་མེད་པ་ནི་སྐྱབས་མེད་པ་སྟེ་དེ་རྣམས་ཀྱི་མགོན་དང་སྐྱབས་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེའི་བགྱིད་པ་ནི་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་སྟེ། རྣམ་པ་དགུ་ཞེས་པ་དང་ལྡན་པའོ། །འདི་ཉིད་ཐམས་ཅད་མཁྱེན་པ་ཉིད་ཅེས་པས་མཐུ་དང་ལྡན་པར་འདོད་ནས་གསུངས་པ་ནི། འཁོར་བ་ཞེས་པ་ལ་སོགས་པ་སྟེ། འཁོར་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་རྣམས་ལ། དེའི་གཉེན་པོ་འཇོམས་པར་བྱེད་པ་པོ་ནི་ཆོས་ཀྱི་དབྱིངས་དེའི་འཇོམས་པར་བྱེད་པ་པོ་སྟེ། དེ་གསུངས་པ་ནི། ཐེར་ཟུག་ཅེས་པ་སྟེ། ཆོས་ཀྱི་དབྱིངས་ནི་ཐེར་ཟུག་པར་གནས་པ་སྟེ། ཐོག་མ་དང་ཐ་མར་རོ་གཅིག་པའི་ངོ་བོའི་ཕྱིར་རོ། །དེ་ཡང་གཉེན་པོར་གྱུར་ན་ནི་གདོད་ནས་དེ་ཉིད་པས་འཁོར་བར་


DTG090_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐོག་མར་བློ་དང་ལྡན་པས་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བར་བྱེད་པའི་ལམ་ཞེས་པ་སྟེ། དེ་ཉིད་དེའི་གཉེན་པོ་སྟེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་གསུངས་ལ། ཡེ་ཤེས་ཕུན་སུམ་ཚོགས་པ་གསུངས་པ་ནི་ཆོས་ཐམས་ཅད་ཅེས་པ་སྟེ། ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ངོ་བོ་ཉིད་མེད་པ་ཉིད་དེ། དེའི་ཁྱད་པར་ནི་སྟོན་པ་པོ་སྟེ། རང་དང་གཞན་རྣམས་ལའོ། །གཞན་གྱི་དོན་དུ་ནི་ཡོངས་སུ་རྫོགས་པ་སྟེ། གཅིག་གིས་ཀྱང་མ་རྫོགས་པ་མེད་པའི་ཕྱིར་རོ། །ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ནི་ཆོས་བསྟན་པ་ལ་དེ་ཉིད་འཁོར་ལོ་སྟེ། གདུལ་བྱའི་རྒྱུད་ལ་འཁོར་བའི་ཕྱིར་རོ། །དེའི་སྐོར་བ་པོ་ནི་སངས་རྒྱས་རྣམས་ཏེ། དེ་ཉིད་དེས་བསྐོར་བའི་ཕྱིར་རོ། །དེ་ལ་ཆོས་ཀྱི་འཁོར་ལོ་བདེན་པ་བཞི་ལ་ལན་གསུམ་དུ་བཟླས་པ་ནི་འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་པ་ནི་བདེན་པ་བཞིའི་ངོ་བོའི་ལེའུ་དང་པོའོ། །དེ་ཉིད་ལ་གོ་རིམས་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་དང༌། ཡོངས་སུ་སྤང་བར་བྱ་བ་དང༌། མངོན་སུམ་དུ་བྱ་བ་དང༌། བསྒོམ་པར་བྱ་བ་ཉིད་ནི་ལེའུ་གཉིས་པའོ། །དེའི་དེ་ཉིད་ལ་བདག་ཉིད་ཀྱིས་ཡོངས་སུ་ཤེས་པ་དང༌། སྤངས་པ་དང༌། མངོན་སུམ་དུ་བྱས་པ་དང་བསྒོམ་པ་ཉིད་ནི་ལེའུ་གསུམ་པ་སྟེ། འདི་ནི་རྣམ་པ་བཅུ་གཉིས་སོ། །ཀུན་རྫོབ་ཏུ་མོ་གཤམ་གྱི་རང་གི་སྐད་ཅིག་སྐྱེ་བ་ཉིད་ནི་རྒྱུན་འགགས་པ་ནི་མེས་གྲང་བ་འགགས་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ལོག་པའི་ཤེས་པ་འགག་པར་འགྱུར་བ་ནི་སྔོན་ནས་འབྱུང་བར་འགྱུར་བའི་ཡང་དག་པའི་ཤེས་པ་དེའི་རྒྱུ་ཅན་དེས་འགགས་པ་སྟེ། ཀུན་རྫོབ་ཏུ་ནི་ཅི་ཡང་མེད་པ་ཉིད་དུ་མི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་ཇི་ལྟར་རིགས་པར་འགོག་པའི་ཡང་དག་པའི་ཤེས་པ་ནི་བསྒོམ་པའི་ལམ་གྱི་ངོ་བོའོ། །མཆོག་ཉིད་གསུངས་པ་ནི་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། གནས་པར་བགྱི་བ་ནི་གནས་པར་བྱས་ཤིང་མཆོད་པ་རྣམས་ཀྱིས་སོ། །ཡིད་ལ་བགྱི་བ་ནི་ཡོན་ཏན་རྗེས་སུ་དྲན་པ་རྣམས་ཀྱིས་སོ། །ཕྱག་འཚལ་བར་བགྱི་


DTG090_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ལུས་ངག་ཡིད་གསུམ་གྱིས་སོ། །ཅིའི་ཕྱིར་འདི་ནི་གནས་སྐབས་ལ་འདྲི་བའི་རྒྱུ་ནི་བཅོམ་ལྡན་འདས་མ་མཆོག་ཉིད་དུའོ། །ཡོངས་སུ་འདྲེན་པ་མེད་པ་ནི་ཡོངས་སུ་འདྲེན་པ་དང་བྲལ་བའོ། །སྐལ་བ་མེད་པ་ནི་བསྐོར་བར་མི་ནུས་པ་ལ་དམུས་ལོང་དུ་གྱུར་པ་ནི་དམུས་ལོང་དང་འདྲ་བའོ་ཞེས་པ་ནི་མཆོག་ཉིད་དོ། །དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྒོམ་པའི་ལམ་མོ། །གང་ཞིག་ཕུང་པོ་ལྔ་རྣམས་ཀྱི་ཆོས་རྣམས་ཐམས་ཅད་ཇི་སྲིད་དུ་མངོན་པར་འདུ་མི་བྱེད་ཅིང་ཉེ་བར་མི་དམིགས་པ་དེ་ཉིད་འདིའི་སྒྲུབ་པ་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་སྐད་ཅེས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་སྟེ། ཆོས་གང་ཞེས་པ་ནི་ཟག་པ་མེད་པའོ། །ཆོས་གང་ཡང་གཏོད་པར་མི་བྱེད་ཅེས་པ་ནི་ཆོས་རྣམས་ལ་གཏོད་པར་བྱེད་པ་ཡང་ཉེ་བར་མི་དམིགས་ཞེས་པའི་གཏོད་པའོ། །དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། མིང་ནི་འདུ་ཤེས་ལ་མངོན་པར་འདུ་བྱེད་པ་ནི་བརྟགས་པས་སོ། །ཇི་ལྟར་གཏོད་པར་མི་བྱེད་ཅེས་པ་ནི་ཆོས་རྣམས་ལ་གཏོད་པར་མི་བྱེད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེ་ལྟར་ཞེས་པ་ནི་རྣམ་པར་རྟོག་པ་མེད་པས་སོ། །ཅི་ཡང་མེད་ཅེས་པ་ནི་ཆོས་རྣམས་ལ་སྐྱེ་བ་ལ་སོགས་པ་རྣམས་སུ་ཡང་རྣམ་པར་རྟོག་པ་མེད་པས་སོ་ཞེས་པ་ལ་དགོངས་པའོ། །ཉེ་བར་ཞེས་པ་ནི་སྐྱེ་བ་མེད་ཅིང་འགག་པ་ཡང་མེད་ཅེས་པའི་དོན་ཏོ། །འདིར་ཉེ་བར་མི་གནས་པ་ནི་ཅུང་ཟད་བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་ཞེས་པ་ནི་ཐམས་ཅད་མཁྱེན་པ་ལ་གཏོད་པར་བྱེད་པ་པོ་ཉིད་ཀྱང་ངོ༌། །རིང་དུ་བྱེད་པར་འགྱུར་ཞེས་པ་ནི་མངོན་དུ་བྱེད་པ་མེད་པའི་ཕྱིར་ལ། གསོག་ཏུ་བགྱིད་པ་ནི་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ། །གསོབ་ཏུ་བགྱིད་པ་ནི་དེའི་འབྲས་བུ་མེད་པའི་ཕྱིར་རོ། །མི་བགྱིད་ཅེས་པ་ནི་སྐྱེ་བར་འགྱུར་བར་མི་བྱེད་པའོ། །ཡོད་པ་ནི་འདི་དག་ཉིད་ཀྱི་རྣམ་གྲངས་དག་གི་དོན་ཇི་ལྟ་བར་ཁྱོད་ཀྱིས་གསུངས་པའོ། །ཡོངས་སུ་གསལ་བར་མ་བྱས་པ་ནི་བསྟན་པ་སྟེ། གཟུགས་གསལ་བར་མ་བྱས་ཞེས་པ་ནས་ཇི་སྲིད་དུ་སངས་རྒྱས་ཉིད་ཅེས་པའི་བར་ནི་ཆོས་གང་ཡང་མེད་ཅེས་པའི་དོན་ཏོ། །དེའི་ཕྱིར་ཆོས་གང་ཡང་མ་མཐོང་བ་སྟེ།


DTG090_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རིང་དུ་བྱེད་ཅེས་པ་ལ་སོགས་པ་ཅན་ལ། ཆེན་པོར་མི་བགྱིད་ཅེས་པ་ལ་སོགས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །སྡུད་པར་མི་བྱེད་གཡེང་བར་མི་བྱེད་ཅེས་པ་ནི་གཉིས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་དོན་ཆེན་པོར་ཡང་ངོ༌། །རྒྱུ་མཐུན་པ་ནི་དེའི་རྗེས་སུ་གྱུར་པའི་ངེས་པས་སོ། །སེམས་ཅན་ནི་ཕུང་པོ་ལྔའི་བདག་ཉིད་ཅན་ལ། གང་ཟག་གམ་རྫས་ཀྱང་དེ་བཞིན་ནོ། །ངོ་བོ་ཉིད་ནི། མཚན་ཉིད་ལ་སྐྱེ་བར་ནི་སྐྱེད་པ་སྟེ། དེ་དག་དང་བྲལ་བ་ཉིད་དོ། །འདིའི་རྒྱས་པར་བཤད་པ་ནི་སེམས་ཅན་ངོ་བོ་ཉིད་མེད་པ་ལ་སོགས་པ་སྟེ། དབེན་པ་ནི་སྟོང་པ་ཉིད་ལ་བསམ་གྱིས་མི་ཁྱབ་པས་དམིགས་སུ་མེད་པའོ། །མངོན་པར་བྱང་མ་ཆུབ་པ་ནི་མངོན་སུམ་གྱི་བྱ་བ་དེ་ལ་མེད་པས་སོ། །ཡང་དག་པ་ཇི་ལྟ་བ་ནི་ཡང་དག་པའི་དོན་དེས་མ་བཟུང་བས་སོ། །སྟོབས་ཡང་དག་པར་སྒྲུབ་པ་ནི་སྟོབས་རྫོགས་པར་བྱེད་པ་ཅུང་ཟད་མེད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཞེས་པ་ནི་དོན་ཆེན་པོ་ཉིད་དོ། །སྒྲུབ་པའི་ཡན་ལག་དྲུག་པ་དང་བདུན་པ་ལ་ཡང་མོས་པའི་རྒྱུ་དང་སྤོང་བའི་རྒྱུ་ཡོད་དེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། སངས་རྒྱས་བསྟེན་དང་སྦྱིན་སོགས་དང༌། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཟིན་པའོ། །ཞེས་པ་སྟེ། མོས་པ་ནི་བསྒོམ་པའི་ལམ་འདི་ལྟ་སྟེ། དེ་གསུངས་པ་ནི་དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། མོས་ཞེས་པ་ནི་ངེས་པའི་དངོས་པོ་ཉིད་ལས་གཞན་མ་ཡིན་ཞེས་རྟོགས་པར་བྱེད་ཅིང་མོས་པར་བྱེད་པར་འགྱུར་བ་སྟེ། དེའི་བཤད་པ་ནི་མི་བགྱིད་ཅེས་པ་ལ་སོགས་པ་སྟེ། ནེམ་ནུར་ནི་གནོད་པ་ལ། ཐེ་ཚོམ་ནི་སོམ་ཉིའོ། །རྨོངས་པ་ནི་སྒྲུབ་པ་དང་མི་ལྡན་པས་སོ། །རྨོངས་པར་འགྱུར་ཞེས་པ་ནི་རྨོངས་པར་བྱེད་པར་འགྱུར་བའོ། །དོན་དང་ཞེས་པ་ནི་མངོན་པར་རྟོགས་པ་བརྒྱད་པོ་རྣམས་ཀྱིས་སོ། །དོན་གྱི་ཚུལ་ཞེས་པ་ནི་ཇི་ལྟར་རང་གིས་སེམས་བསྐྱེད་པ་དང༌། གདམས་ངག་ཅེས་པ་ལ་སོགས་པ་དེ་རྣམས་ཀྱི་དངོས་པོ་


DTG090_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སོ། །ཆོས་ཉིད་ནི་མིང་དང་ཚིག་དང་ཡི་གེ་འདི་རྣམས་ཀྱིས་ལ། ཆོས་ཀྱི་ཚུལ་ནི་བསྡུས་པ་དང་རྒྱས་པ་ལ་སོགས་པ་རྣམས་ཀྱིས་སོ། །རྗེས་སུ་རྟོགས་པར་འགྱུར་བ་ནི་རྗེས་སུ་འབྲང་བའི་ཕྱིར་རོ། །རྗེས་སུ་འཚལ་བར་འགྱུར་བ་ནི་དེ་བཞིན་དུ་ཤེས་པས་སོ། །རྗེས་སུ་རྟོགས་པར་འགྱུར་བ་ནི་དེ་ལྟར་གཞན་ཉིད་དོ། །དེ་ཅིའི་ཕྱིར་ཞེས་པ་ནི་གང་དུ་རྟགས་ཀྱིས་ཏེ། རྟགས་གསུངས་པ་ནི་ཇི་སྲིད་ཅེས་པ་སྟེ། ཡུན་རིང་པོར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལའོ། །ཚུལ་ཁྲིམས་བསྲུངས་པ་ནི་འདིས་ཚུལ་ཁྲིམས་ཏེ། ཡུན་རིང་པོར་སྤྱོད་པ་ཅན་ནོ་ཞེས་པ་ནི་སངས་རྒྱས་བསྟེན་པ་དང༌། སྦྱིན་པ་ལ་སོགས་པའི་སྤྱོད་པའོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། ནུས་ཞེས་པ་ནི་གང་གིས་གང་ལའོ། །ཉན་པར་འདོད་པ་ནི་སྒྲ་ལའོ། །རྟོགས་པ་ནི་དོན་ལའོ། །བསམ་པ་ནི་དུས་གཞན་དུ་དྲན་པར་རོ། །བསྐྱེད་པ་ནི་བསམ་པའི་དུས་སུའོ། །ཉེ་བར་གཟུང་བ་ནི་བསྒོམ་པའི་དུས་སུ་སེམས་པས་བརྟན་པར་བྱེད་པའི་ཕྱིར་རོ། །འདི་ནི་སྣང་བར་བྱེད་པའོ། །འདི་དང་འདི་ལ་ཞེས་པ་ནི་སོ་སོར་སྣང་བར་བྱེད་པའི་རྟེན་རྣམས་ལའོ། །འདི་ལྟར་ཞེས་པ་ནི་སྣང་བར་བྱེད་པས་ལ། རྣམ་པ་ནི་མཚན་ཉིད་ཀྱིས་ཏེ། དཔེར་ན་བ་ལང་གི་ཨོག་ཤལ་ལ་སོགས་པ་ཉིད་ཀྱིས་སོ། །རྟགས་ཀྱིས་ནི་བཅོས་མས་ཏེ། དཔེར་ན་བ་ལང་གི་དྲིལ་བུ་ལ་སོགས་པ་བཞིན་ལ། མཚན་མ་ནི་རང་བཞིན་གྱི་མཚན་མ་སྟེ། དཔེར་ན་བ་ལང་དཀར་པོ་ཉིད་ལ་སོགས་པ་བཞིན་ནོ། །བསྟན་པ་ནི་གཞན་ལའོ། །མཉན་པར་བྱེད་པ་ནི་གཞན་ལས་སོ། །ཕུང་པོ་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱིས་སོ། །ཆོས་རྣམས་ཐམས་ཅད་ལ་ཕུང་པོ་ལ་སོགས་པ་རྣམས་ཀྱིས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ནི་ཆོས་ཐམས་ཅད་དབེན་པ་ཉིད་ལ་རྒྱུ་དང་འབྲས་བུ་ནི་ཐོག་མ་དང་ཐ་མ་གཉིས་དང་བྲལ་བས་ནི་ཤིན་ཏུ་དབེན་པ་ཉིད་དོ། །གཞན་མ་མེད་ཅེས་པ་ནི་གཞན་གང་ན་ཡང་ངོ༌། །ཅིའི་ཕྱིར་ན་སྐྱེ་བའི་རྒྱུ་དང་བྲལ་བ་ཉིད་ཀྱིས་སྟོང་པ་ལ་རང་གི་ངོ་བོ་དང་བྲལ་བའི་ཕྱིར་དབེན་པའོ། །འབྲས་བུའི་ནུས་པ་དང་བྲལ་བས་ཞི་བའོ། །དེ་ལྟར་ན་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུས་པའོ། །གང་དམིགས་སུ་མེད་པ་ཞེས་པ་ནི་དོན་དམ་པར་ལ་


DTG090_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་ཏུ་ནི་ཉེ་བར་དམིགས་པ་སྟེ། དམིགས་པ་མེད་པ་ཙམ་པོ་མ་ཡིན་ཞེས་པ་ནི་ཐབས་ལ་མཁས་པའོ། །ཆོས་ཀྱིས་ཕོངས་པ་ནི་ཕུན་སུམ་ཚོགས་པ་དང་བྲལ་བ་ནས་ཡུན་རིང་པོར་ངན་འགྲོར་གནས་པས་དེས་ཉན་པ་ལ་སོགས་པ་མེད་པ་སྟེ། དེའི་རྒྱུ་ནི་དམ་པའི་ཆོས་སྤོང་བ་ལ་དེ་ཉིད་ནི་ཆོས་ཀྱིས་ཕོངས་པ་དང་མཐུན་པར་འགྱུར་བའི་ལས་ཏེ། དེས་རྒྱུའི་བྱ་བ་བྱས་པའི་ཕྱིར་རོ། །དེའི་གནས་སྐབས་ནི་དེ་ལྟར་གནས་བརྟན་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་འདིར་བསྒོམ་པའི་ལམ་ལའོ། །རྣལ་འབྱོར་ནི་ཡང་དག་པར་ལེན་པས་ན། རྣམ་པར་ཕྱེ་སྟེ་ཞེས་པ་ནི་ཁ་ཅིག་ནི་ཡུན་རིང་པོར་སྤྱོད་པ་ཡིན་ལ། ཁ་ཅིག་ནི་མིན་ཞེས་པ་སྟེ། དེ་ཇི་ལྟར་ཞེ་ན། དད་པ་ལ་སོགས་པའི་དབང་པོ་རྣམས་ཀྱི་ཚོད་ཀྱིས་སྣ་ཚོགས་པ་ཉིད་དེ་གསུངས་པ་ནི་བསྙེན་བཀུར་བྱེད་པ་མི་འགྱུར་ཞེས་པ་དང་འབྲེལ་ཏོ། །སངས་རྒྱས་རྣམས་ལ་བསྙེན་བཀུར་མ་བྱས་པ་དང༌། ཡོངས་སུ་མ་དྲིས་པ་ནི་དད་པ་དང་བྲལ་བས་སོ། །བྱས་པ་ནི་ལན་ཅིག་བྱས་པས་སོ། །བསགས་པ་ནི་ཡང་ཡང་བྱེད་པའོ། །ཀུན་ནས་བསགས་པ་ནི་ཡོངས་སུ་རྫོགས་པའོ། །ཉེ་བར་བསགས་པ་ནི་རྣམ་པར་སྨིན་པ་སྟེར་བའི་ནུས་པ་ཐོབ་པའོ། །ལུས་ཀྱིས་ཚོགས་པ་ནི་ཉན་དུ་འོང་བའོ། །སེམས་ཀྱིས་ནི་རྣམ་པར་གཡེང་བ་མེད་པའོ། །ངག་གིས་ནི་སྐབས་སུ་བབ་པ་མི་སྨྲ་བའོ། །མི་སྦྱིན་པ་ནི་ཡང་དག་པར་མ་ཉན་པའོ། །མི་ཤེས་པ་ནི་གཞུང་ལ། མི་མཐོང་བ་ནི་དོན་ནོ། །ཁོང་དུ་མི་ཆུད་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཀྱིས་ལ། རིག་པར་མི་བྱེད་པ་ནི་ཕྱིན་ཅི་ལོག་ཏུ་རྟོགས་པས་སོ། །སྤོང་བར་འགྱུར་བ་ནི་ཡིད་ཀྱིས་བཏང་བས་སོ། །སྐུར་བ་ནི་ངག་གིས་སོ། །ཁྲོ་བ་ནི་སྨོད་པ་ལ། ཉེ་བར་བཅོས་པ་ནི་སུན་འབྱིན་པ་ཉིད་དོ། །བསྲེགས་པ་ནི་མི་དགེ་བ་རྣམས་ཀྱིས་དགེ་བའི་རྩ་བ་བསྲེགས་པའི་ཕྱིར་ལ། འདུན་པ་ནི་དབང་གི་དངོས་པོའོ། །ཕྱིར་བཟློག་པ་ནི་འདུན་པ་ལས་སོ། །འབྲལ་བར་བྱེད་པ་ནི་འདིས་འདུན་པ་དང་བྲལ་བར་གྱུར་པས་བྲལ་བར་བྱེད་པའི་ཕྱིར་རོ། །མི་འཇུག་པར་བྱེད་པ་ནི་ཡིད་ཀྱིས་གཏོང་བར་བྱེད་པའི་ཕྱིར་རོ། །ལྡོག་པར་བྱེད་པ་ནི་སླར་མི་འཛིན་པར་བྱེད་པའི་ཕྱིར་རོ། །འདི་རྣམས་ཀྱིས་ནི་སྤོང་བར་སྨྲ་སྟེ། སྤོང་བར་སྨྲ་བ་ནི་འདི་ལ་བསླབ་


DTG090_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱ་ཞེས་པ་ལ་སོགས་པའོ། །ཁྲོ་བར་སྨྲ་བ་ནི་འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ཞེས་པའོ། །དེ་ལྟར་ནི་དང་པོའི་སྟོབས་རྣམས་བཅོམ་པའི་སེམས་རྨོངས་པས་རྟོགས་ན་ཤ་ཁོན་དུ་འགྱུར་བ་སྟེ། གང་གི་ཕྱིར་མདོ་སྡེ་ལ་འཇུག་པ་འདུལ་བ་ལ་སྣང་བ་ཆོས་ཉིད་དང་མི་འགལ་བ་དེ་ནི་སངས་རྒྱས་ཀྱི་གསུང་ལ། ཐེག་པ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་མདོ་སྡེ་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་ནི་འདུལ་བ་སྟེ། ཆོས་ཉིད་ནི་ཁྱད་པར་དུ་གྱུར་པས་བཤད་པ་ནི་ཐེག་པ་དམན་པ་ལ་ནི་ཐེག་པ་ཆེན་པོའི་ཡོན་ཏན་གྱི་ཚོགས་མེད་པ་ཉིད་དེ། ཁྲོན་པ་ལ་སོགས་པ་ལ་རྒལ་བ་མེད་པའི་ཕྱིར་དང༌། རྒྱ་མཚོ་ཆེན་པོ་རྣམས་ཀྱི་ནང་དུ་མ་སོང་བའི་ཕྱིར་ན་ཆུའི་རྟེན་དུ་མ་གྱུར་ཅེས་པ་སྟེ། འདིར་མང་དུ་བརྗོད་པ་ནི་དགོས་པ་མེད་པ་ཉིད་དོ། །བྱོལ་སོང་ནི་ཡོངས་སུ་བཏང་བ་སྟེ། ཕྱི་རོལ་དུ་འགྱུར་ཞེས་པ་དང་དོན་གཅིག་གོ །ཐམས་ཅད་ནས་ནི་ཇི་ལྟར་གྱུར་པ་དེ་ལྟར་ན། ཐམས་ཅད་ཀྱི་ནི་ཡན་ལག་གིས་སོ། །ཐམས་ཅད་ནི་ཇི་ལྟར་འགྱུར་བ་དེ་ཐམས་ཅད་ཀྱིས་ཏེ། བྱེ་བྲག་རྣམས་ཀྱིས་སོ། །ལས་མངོན་པར་འདུ་བྱེད་པ་ནི་ལས་ཀྱི་བྱ་བའོ། །ཉེ་བར་གནས་པ་ནི་བྱས་པའོ། །ཀུན་ནས་བསླང་བ་ནི་ཉེ་བར་བསགས་པའོ། །འཇིག་པ་ནི་བཤིག་པ་སྟེ། གང་གིས་མེས་ཟད་པར་བྱེད་པ་དེ་ནི་མེས་འཇིག་པའོ། །འདོར་བར་འགྱུར་བ་ནི་སྲིད་པ་བར་མའི་ལུས་ཀྱིས་སོ། །ལྟུང་བར་འགྱུར་བ་ནི་སྐྱེ་བའི་ལུས་ཀྱིས་ཏེ། རྒྱུད་མཉམ་དུ་ཡང་སྡུག་བསྔལ་མང་པོ་རྣམས་དེས་གང་གི་ཕྱིར་དེ་ལྟར་མྱོང་བར་འགྱུར་བའོ། །མ་བསད་པ་དང༌། ཕ་བསད་པ་དང༌། དགྲ་བཅོམ་པ་བསད་པ་དང༌། དགེ་འདུན་གྱི་དབྱེན་བྱས་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་པ་ནི་མཚམས་མེད་པ་ལྔའི་ལས་ཏེ། བར་མཚམས་མེད་པར་མནར་མེད་པར་སྐྱེ་བའི་རྒྱུའི་ཕྱིར་རོ། །མཚམས་མེད་པའི་རྒྱུ་དང་འབྲས་བུ་རྣམས་དང་འདྲ་བ་མེད་པས་གོ་རིམས་ཇི་ལྟ་བ་བཞིན་དུ་གཟུགས་བརྙན་དུ་ཡང་ངམ། རྗེས་སུ་མཐུན་པའམ་ཚུལ་མཐུན་པ་ཙམ་ཡང་མ་ཡིན་ཞེས་པ་སྟེ། གཟུགས་བརྙན་ལ་སོགས་པའི་ཚིག་གསུམ་ནི་དོན་མཐུན་པའི་ཤེས་པ་ནི་གཞན་དག་གིའོ།།


DTG090_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་དང་བཀུར་སྟི་ནི་དེ་ཉིད་ལས་ཏེ། ཅིའི་ཕྱིར་ན་དེ་ལ་ལྟ་བར་ཡང་ངོ༌། །སོ་རྩིའི་ལོ་མའི་འདབ་མ་རུལ་བ་ནི། དེ་མ་པོར་ན་གཞན་རྣམས་ཀྱང་འཇིག་པར་བྱེད་པའོ། །སོ་རྩིའི་ལོ་མ་བཞིན་དུ་རིགས་སུ་སྐྱེས་པ་འདི་རྣམས་དེ་བཞིན་ནོ། །ནག་པོ་ནི་རྩྭའི་བྱེ་བྲག་ལ་སྲེད་ནི་རབ་ཏུ་གྲགས་པ་སྟེ། ཞིང་ལ་མ་བསལ་ན་ཞིང་འཇིག་པར་བྱེད་པའོ། །ནག་པོའང་སྲིན་བུ་ཞེས་པ་ཁ་ཅིག་སྟེ། ནག་པོ་རང་བཞིན་གྱི་རིགས་ལས་སྐྱེས་པ་འདི་རྣམས་ཀྱང་དེ་བཞིན་ནོ། །ནག་པོ་ལ་ནི་རེག་ནས་སོ་མ་བཏབ་ཀྱང་དུག་དང་བཅས་པར་འགྱུར་ཏེ། འདི་ཉིད་ཀྱིས་ན་དེ་དག་ལས་ཉན་པ་དང༌། དད་པ་ལ་སོགས་པ་རྣམས་ལམ་མ་ཡིན་པས་ཕོངས་ཤིང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་ཏེ། སྡུག་ཅིང་དྲག་ལ་གནོད་པ་ཆེན་པོས་སོ། །སྣང་བར་བྱས་པ་ནི་རང་བཞིན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཤེས་པར་རོ། །དཀར་པོའི་སྐལ་བ་ནི་དགེ་བའི་སྐལ་བའོ། །དེ་དང་ལྡན་པར་ནི་ཡང་དག་པར་སྐྱེད་པའོ། །སྦྱོར་བ་ཞེས་པ་ནི་ཆོས་ཀྱིས་ཕོངས་པས་སོ། །བདུད་ཀྱིས་བྱིན་གྱིས་བརླབས་པ་ཞེས་པ་ལ་སོགས་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་གསུངས་ལ། ཆོས་ཟབ་མོ་ལ་མི་མོས་པས་དེ་ལ་དད་པ་དང་དང་བ་མེད་པར་གསུངས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་རྒྱུ་རྣམ་པ་བཞི་གསུངས་པ་ནི། བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་ཉེས་པའི་སྐབས་ཚོལ་བར་འགྱུར་ཞེས་པ་ནི་ཕུང་པོ་གཅིག་ལ། བསྟན་བཅོས་སུ་ནི་དེའི་འདིར་ཆོས་ཀྱིས་ཕོངས་པའི་རྒྱུ་དྲུག་གསུངས་པ་ལ་མདོར་བསྡུས་ནས་བཞི་སྟེ། ལྷག་མ་རྣམས་ནི་ཕུང་པོ་ལ་སོགས་པར་མངོན་པར་ཞེན་བའི་ནང་དུ་བསྡུས་པའི་ཕྱིར་ཏེ། བདག་ལ་བསྟོད་པ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པའོ། །སྒྲུབ་པའི་ལེའུ་འདིར་ཡན་ལག་བདུན་གྱིས་སྒྲུབ་པ་གསལ་བར་བྱས་པའི་ཕྱིར་རོ། །དེ་ལྟར་ན་ཡང་ངན་འགྲོའི་གཞུང་མང་བའི་ཕྱིར་དམྱལ་བའི་ལེའུ་བརྗོད་པ་སྟེ་བདུན་པའོ།། །།དག་པ་བརྗོད་པར་བྱ་སྟེ། དེ་ནི་མོས་པར་དཀའ་བ་ཉིད་པས་དེ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། དོན་དུ་མི་གཉེར་བ་ནི་འདུན་པ་དམན་པས་སོ། །ཉེ་བར་བསྟན་པ་ནི་བགེགས་ཀྱིས་སོ། །ལེགས་པར་མི་ཉན་པ་ལ་སོགས་པ་ནི་དགེ་བའི་བཤེས་


DTG090_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་རྣམས་ལའོ། །ཇི་ཙམ་དུ་ཟབ་པ་ཞེས་པ་ནི་མིང་ཙམ་དུ་ཟབ་པས་མོས་པར་དཀའ་བ་ལ། གཟུགས་ལ་སོགས་པའི་སྔོན་གྱི་མཐའ་ལ་སོགས་པ་ལ་ཡང་མ་བཅིངས་མ་གྲོལ་བ་སྟེ། དུས་གསུམ་གྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །མཆོག་ཏུ་མོས་པར་དཀའ་བ་ནི་མཆོག་ཏུ་ཟབ་པའི་ཕྱིར་རོ། །སྔ་ནས་རབ་ཏུ་འཇུག་པ་ནི་འཆིང་བ་ལ་སྔ་ནས་དག་པའི་ཕྱིར་དེ་ལྡོག་པའི་ཐར་པ་སྟེ། དག་པ་ཞེས་རབ་ཏུ་གྲགས་པའོ། །འདིར་ཡང་བཅིངས་པ་དང༌། གྲོལ་བ་དག་ནི་ཤིན་ཏུ་མེད་ཅིང་དག་པ་ཞེས་པ་ནི་མཆོག་ཏུ་ཟབ་པའོ། །རྣམ་པར་དག་པའི་མཚན་ཉིད་ནི་བསྟན་བཅོས་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །བཅད་དུ་མེད་པས་དག་པར་བརྗོད། །ཅེས་ཏེ། འབྲས་བུ་དག་པ་ནི་བསྒྲུབ་པར་བྱ་བ་སྟེ། དེ་ཡང་གཟུགས་ལ་སོགས་པའི་དག་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེས་པ་ནི་དེ་ལ་འདིས་གོང་དུ་མོས་པར་དཀའ་བའོ། །གཉིས་སུ་མེད་པ་ནི་དེའི་བདག་ཉིད་ཀྱིས་ལ། གཉིས་སུ་བྱར་མེད་པ་ནི་ཕན་ཚུན་དུ་མ་འཁྲུལ་པའི་ཕྱིར་རོ། །འདི་ཉིད་ཀྱི་བཤད་པ་ནི་ཐ་མི་དད་ཅིང་གཅད་དུ་མེད་པ་ཞེས་པའོ། །ཡུམ་ཆེན་མོར་གསུངས་པའི་རྣམ་པར་དག་པ་རབ་ཏུ་དབྱེ་བའི་ཕྱིར་བསྟན་བཅོས་སུ། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང༌། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བཞེས་ཏེ། ཉོན་མོངས་པ་རྣམས་དང༌། གཟུང་བའི་རྣམ་པར་རྟོག་པ་དང༌། ལམ་དང་གསུམ་པ་རྣམས་ལ་སྲིད་པ་མི་ཤེས་པའི་ལམ་གསུམ་དེས་སྤངས་པ་རྣམ་པར་དག་པ་ནི་གོ་རིམས་ཇི་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་ནི་རྒྱལ་བ་རྣམས་ཀྱི་སྲས་ལ་སངས་རྒྱས་རྣམས་ཀྱིས་ནི་མཐའི་མཚམས་དེ་ལས་ཤིན་ཏུ་འདས་པས་ཤིན་ཏུ་བ་ལ་ཤིན་ཏུ་བ་ནི་སྲིད་པ་མཐར་གྱུར་པ་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །རྣམ་ཀུན་ནི་རྣམ་པ་ཐམས་ཅད་ཀྱི་སྟེ། རྣམ་ཀུན་ཞེས་པ་རྒྱས་པར་བཤད་པ་ནི་དེ་ལ་བསྟན་བཅོས་ལས། ཆུང་ངུའི་ཆུང་ལ་སོགས་པའི་ལམ། །དག་པ་ས་དགུ་པོ་རྣམས་ལ། །ཆེན་པོའི་ཆེན་པོ་ལ་སོགས་པའི། །


DTG090_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་ཡི་ནི་གཉེན་པོ་ཉིད། །ཅེས་ཏེ་ས་རྣམས་ལ་དག་པ་དགུ་སྟེ། འདོད་པའི་ཁམས་དང་གཟུགས་དང་གཟུགས་མེད་པ་བརྒྱད་པོ་རྣམས་ཏེ། ལམ་སོ་སོ་ལ་ས་རྣམ་པ་དགུ་སྟེ། ཆུང་ངུའི་ཆུང་ངུ་ལ་སོགས་པ་ཕྱེ་བས་བྱེ་བྲག་བརྒྱད་ཅུ་རྩ་གཅིག་ལ་ཆེན་པོའི་ཆེན་པོ་ལ་སོགས་པའི་དབྱེ་བས་ས་རེ་རེ་ལ་སྐྱོན་རྣམ་པ་དགུ་དགུ་སྟེ་བརྒྱད་ཅུ་རྩ་གཅིག་གི་གཉེན་པོས་སོ། །འདིར་རྣམ་པ་དགུའི་ལམ་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་མཁྱེན་པ་ཞེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་པ་ནི་ལམ་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་འབྲིང་ངོ༌། །དེ་ནས་ཞེས་པ་ལ་སོགས་པ་སྟེ། ཟབ་མོའི་གཏིང་དཔག་དཀའ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་དེ་ཁོ་ན་ཉིད་དུ་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་པ་ནི་ལམ་ཆུང་ངུའི་ཆེན་པོའོ། །གསལ་བར་བགྱིད་པ་ནི་མུན་པ་སེལ་བ་སྟེ། ཆོས་རྣམས་ཐམས་ཅད་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་འབྲིང་གི་ཆུང་ངུའོ། །སྣང་བ་དང་བཅས་པ་ནི་མཐོང་བ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་འབྲིང་གི་འབྲིང་ངོ༌། །མཚམས་སྦྱོར་བ་མཆིས་པ་ནི་སྲིད་པ་གཞན་དུ་འཕོ་བ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་འབྲིང་གི་ཆེན་པོའོ། །ཀུན་ནས་ཉོན་མོངས་པ་མ་མཆིས་པ་སྟེ། རྣམ་པར་དག་པའི་ཕྱིར་ནི་རང་བཞིན་གྱིས་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཞེས་པ་ནི་ཆེན་པོའི་ཆུང་ངུའོ། །ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དེ། རྣམ་པར་དག་པའི་ཕྱིར་ནི་ཆོས་རྣམས་ཐམས་ཅད་ཐོབ་པ་མེད་ལ་མངོན་པར་རྟོགས་པ་མེད་ཅེས་པ་ནི་ཆེན་པོའི་འབྲིང་ངོ༌། །མངོན་པར་གྲུབ་པ་མ་མཆིས་པ་སྟེ། རྣམ་པར་དག་པའི་ཕྱིར་ནི་ཆོས་རྣམས་ཐམས་ཅད་མངོན་པར་གྲུབ་པ་མེད་ཅེས་པ་སྟེ། ལམ་ཆེན་པོའི་ཆེན་པོའོ། །རྣམ་པ་འདི་དགུ་ནི་ལམ་སྟེ་ས་རེ་རེ་ལ་ཤེས་པར་བྱའོ། །བཀའ་སྩལ་པ། ཤིན་ཏུ་སྐྱེ་བ་མ་མཆིས་ཞེས་པ་ལ་སོགས་པས་ལམ་ཤེས་པ་ཉིད་ཡོངས་སུ་རྫོགས་པ་སྟེ། འདིར་བསྟན་བཅོས་ལས། ཁམས་གསུམ་པ་ཡི་གཉེན་པོ་ཉིད། །གཞལ་དང་གཞལ་བྱ་མཉམ་ཉིད་ལ། །ཀླན་ཀ་ཡོངས་སུ་སྤངས་པ་དང༌། །ལམ་ཡང་དེ་ཡི་གཉེར་པོར་འདོད། །ཞེས་པ་སྟེ། ཁམས་གསུམ་པའི་མ་སྐྱེས་པའི་རྣམ་པར་དག་པའི་


DTG090_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྟེ། དེ་གསུངས་པ་ནི་ཤིན་ཏུ་ཞེས་པ་སྟེ། རྣམ་པར་དག་པའི་ཕྱིར་འདོད་པའི་ཁམས་ལ་སོགས་པའི་ངོ་བོར་སྐྱེ་བ་མ་མཆིས་པ་ཞེས་པ་ནི་དེའི་ཁམས་གསུམ་གྱི་གཉེན་པོ་ཉིད་ལ་འདིར་ཡང་གཞལ་དང་གཞལ་བྱ་མཉམ་པ་ཉིད་གང་དུ་གསུངས་པ་ནི་མ་འཚལ་བ་ནི་མི་འཛིན་པ་ལ་ཡང་དག་པར་མ་འཚལ་བ་ནི་རྣམ་པར་རྟོག་པར་མི་བྱེད་པའོ། །དེ་གསལ་བར་འདོད་ནས་འདྲི་བ་ནི། ཅི་ཞིག་ཅེས་པ་ལ་སོགས་པ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ཤིན་ཏུ་མེད་པའི་ཕྱིར་ཞེས་པ་སྟེ། ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་དོ། །ཀླན་ཀ་ནི་འདིར་རྣམ་པར་དག་པའི་མཚན་ཉིད་ནི་བསྒོམ་པའི་ལམ་དུ་མི་འཐད་དེ་ཞེས་པའི་གང་དུ་སྐྱོན་བརྒྱད་པོ་འདིར་གསུངས་པ་ནི། ལམ་གང་དེ་ཡང་ཞེས་པའི་ཡང་ནི་ཀུན་དུ་རྟོག་པ་དང་ཐ་དད་པའི་རིམ་པ་སྟེ། ཀླན་ཀའི་ཞེས་པ་ནི་སྐྱེད་པ་ལ་དང་པོའི་ཚིག་གོ །བསྒོམ་པའི་ལམ་ཉིད་དུ་མི་འདོད་ལ་འདིར་ཀླན་ཀ་དེ་རྣམས་ཀྱི་ལན་ནི་གོང་དུ་བཏབ་ཅེས་པའི་དོན་ཏོ། །འདིའི་གྲུབ་མཐའ་ལ་དེ་ལྟར་ཞུམ་པར་འདྲི་བ་སྟེ། འདི་ནི་ཞེས་པ་ནི་རྒྱུ་ལ་ལྟོས་པ་དང་བཅས་པའི་ཀླན་ཀ་སྨོས་པ་སྟེ། ཀླན་ཀ་གཞན་བརྒྱད་པོ་རྣམས་ལ། གྲུབ་པའི་མཐའི་རྒྱུ་ནི་ལམ་བརྒྱད་པོ་རྣམས་སོ། །ཕན་པར་ཡང་མི་བགྱིད་ལ་གནོད་པར་ཡང་མི་བགྱིད་ཅེས་པ་ནི་གྲུབ་པའི་མཐའ་ལ། གལ་ཏེ་དེ་གང་དུ་ཅུང་ཞིག་མི་བྱེད་ན་དེ་གང་དུ་ཇི་ལྟར་ན་ལམ་ཞེས་པ་ནི་ཀླན་ཀ་ལ། ལན་ནི་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་དེ། དེ་ཡང་རང་བཞིན་གྱིས་རྣམ་པར་དག་པས་དེའི་དེ་ལ་ནི་འདིར་ཅུང་ཟད་བྱེད་དུ་མེད་ལ། གློ་བུར་གྱི་སྒྲིབ་པ་འབའ་ཞིག་ཟད་པར་འདོད་པ་ལ་བརྗོད་དོ། །མི་འཛིན་ཞེས་པ་ལ་སོགས་པ་གྲུབ་པའི་མཐའ་ལ། གལ་ཏེ་བཟུང་ན་རྣམ་པར་རྟོག་པར་གྱུར་ལ་དེ་ནས་མི་འཛིན་པ་ནི་ཤེས་རབ་ཉིད་དུ་མི་འགྱུར་ཞེས་པ་ནི་ཀླན་ཀ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ལན་ཏེ། གང་དུ་འདི་ལྟར་ཆོས་འདི་དག་ངོ་བོ་ཉིད་མེད་པའི་ཕྱིར་དོན་དམ་པར་ན་མངོན་པ་མེད་པ་སྟེ། དེའི་ཕྱིར་མཐོང་པ་མེད་པའི་སྦྱོར་བས་མཐོང་བ་སྟེ་དེ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །རྣམ་པར་


DTG090_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཕྱིར་མི་འཛིན་པ་ནི་དོན་དམ་པ་ལ། ཀུན་རྫོབ་ཏུ་ནི་གཏོང་བའོ། །ཕུང་པོ་རྣམ་པར་དག་པ་དང་འབྲས་བུ་རྣམ་པར་དག་པ་དང་ཐམས་ཅད་མཁྱེན་པ་རྣམ་པར་དག་པ་གསུངས་ཏེ། དེ་ཡང་དེ་རྣམ་པར་དག་པས་བདག་རྣམ་པར་དག་པ་སྟེ་ཇི་ལྟར་བདག་རྣམ་པར་ཤིན་ཏུ་མེད་པ་དོན་དམ་པར་ཞེས་པ་ནི་གྲུབ་པའི་མཐའ་ལ། གལ་ཏེ་ཕུང་པོ་དང་འབྲས་བུ་དང་ཐམས་ཅད་མཁྱེན་པ་ཉིད་རྣམས་ཤིན་ཏུ་མེད་ན། འདི་ནི་ཅུང་ཟད་མིན་ཞེས་པ་ནི་ཀླན་ཀ་ལ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ལན་ནོ། །དོན་དམ་པར་ཆོས་རྣམས་ཐམས་ཅད་ཤིན་ཏུ་མེད་པ་ཉིད། དེའི་ཕྱིར་ན་དེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་ལ་དེ་ཡང་ཀུན་རྫོབ་དང་རོ་གཅིག་པས་ཡོད་ཅེས་པའི་དོན་ཏོ། །བདག་རྣམ་པར་དག་པས་ཐོབ་པ་ཡང་མེད་ལ་མངོན་པར་རྟོགས་པ་ཡང་མེད་ཅེས་པའི་གྲུབ་པའི་མཐའ་ལ་ཐོབ་པ་ནི་བར་ཆད་མེད་པའི་ལམ་གྱི་མངོན་པར་རྟོགས་པ་ནི་རྣམ་པར་གྲོལ་བའི་ལམ་གྱིས་ཐོབ་ཅེས་པ་སྟེ་ཀླན་ཀ་ནི་སྔ་མ་བཞིན་ལ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ལན་ཏེ། གང་དུ་འདི་ལྟར་ཆོས་ཀྱི་ངོ་བོ་ཉིད་ཀྱིས་ཆོས་རྣམས་ཤིན་ཏུ་མེད་ལ། དེའི་དེ་ཉིད་ཀྱི་ཆོས་དང་རོ་གཅིག་པས་ཀུན་རྫོབ་ཏུ་ཡོད་དེ། དེ་ཡང་རང་བཞིན་གྱིས་དག་པ་སྟེ། དེའི་བདག་ཉིད་ལ་ནི་ཐམས་ཅད་མཁྱེན་པ་དེ་ལྟར་མི་འགྱུར་བས་ཐོབ་པས་མངོན་པར་རྟོགས་པ་མེད་ཅེས་པའི་དོན་ཏོ། །བདག་མེད་པས་གཟུགས་དང་ཚོར་བ་ལ་སོགས་པ་མུ་མེད་པ་ཞེས་པ་ནི་གྲུབ་པའི་མཐའ་ལ། དེ་གང་དུ་མཐོང་བར་འགྱུར་བའི་ཕུང་པོ་ལ་སོགས་པའི་མཐའ་ནི་དེ་ཇི་ལྟར་མུ་མེད་པ་ཡིན་ཞེས་པ་ནི་ཀླན་ཀ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ལན་ཏེ། ཇི་ལྟར་ན་བདག་ནི་ཤིན་ཏུ་མེད་པ་ཉིད་དེ། དེའི་ཕྱིར་གང་ཡང་གཟུགས་ལ་སོགས་པ་ཡང་དེ་ཁོ་ན་ཉིད་དུ་དེ་ལ་མེད་པ་དེ་རྣམས་ཀྱི་མུ་ཇི་ལྟར་ཆོས་ཉིད་དང་རོ་གཅིག་པས་རོ་གཅིག་པ་ཡོད་པ་མིན་ནམ་ཞེ་ན། དེ་ནི་རང་གི་ངོ་བོས་སྟོང་པའི་ཤིན་ཏུ་ཡང་མུ་མེད་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་དང༌། ཁྱད་པར་ཅན་དེའི་དབྱེ་བ་ནི་དོན་དམ་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་ཡང་གཟུགས་ལ་སོགས་པ་རྣམ་པར་དག་པ་དེ་ཉིད་འབྲས་བུ་རྣམ་པར་དག་པ་དང༌། ཐམས་


DTG090_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་པའི་དོན་ཏོ། །གང་དེ་དེ་ལྟར་དོན་དམ་པར་མེད་པ་ཆོས་རྣམས་ཐམས་ཅད་རྟོགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནི་གྲུབ་པའི་མཐའ་ལ། དེ་གལ་ཏེ་དེ་གང་དུ་རྟོགས་ན་དེ་ལྟར་ན་ཤིན་ཏུ་རྣམ་པར་དག་པ་མ་ཡིན་ཞེས་པ་ནི་ཀླན་ཀ་ལ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་ནི་ལན་ཏེ། འདི་ཉིད་འདིའི་ཤིན་ཏུ་རྣམ་པར་དག་པ་སྟེ། གང་གིས་འདིར་དོན་དམ་པར་ཤིན་ཏུ་མེད་པར་རང་དང་ཆོས་ཐམས་ཅད་རྟོགས་ཤིང་མཐོང་བའོ། །གང་དུ་ཆོས་རྣམས་ཐམས་ཅད་ཀུན་རྫོབ་ཏུ་ནི་ཡོད་ཅིང་དོན་དམ་པར་ནི་ཤིན་ཏུ་མེད་དེ་དངོས་པོ་དང༌། དངོས་པོ་མེད་པའི་རྟོགས་པ་ལས་སྐྱེས་པ་ནི་དེ་ལྟར་ཀླན་ཀ་དང་ལན་ནོ། །


previousགཉིས་པ། ལམ་ཤེས་པའི་སྐབས།next