Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དགུ་བཅུ་པ།


  collapse section
   
   
   
   
བཞི་པ། རྣམ་ཀུན་མངོན་རྫོགས་རྟོགས་པའི་སྐབས།
   
   
   
   


 
previousབཞི་པ། རྣམ་ཀུན་མངོན་རྫོགས་རྟོགས་པའི་སྐབས།next

བཞི་པ། རྣམ་ཀུན་མངོན་རྫོགས་རྟོགས་པའི་སྐབས།


DTG090_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་པ་རྣམ་པ་གསུམ་གྱི་མཚན་ཉིད་བཤད་ནས། སྦྱོར་བ་བརྗོད་པར་བྱ་སྟེ། དེ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཅན་དེ། དེའི་མཐའི་སེམས་བསྐྱེད་པ་གཉིས་ནི་སྲིད་པ་དང་ཞི་བ་མཉམ་ཞིང་རོ་གཅིག་པའི་ཞིང་དག་པའི་ཐབས་ལ་མཁས་པའི་བདག་ཉིད་ཅན་ནི་སངས་རྒྱས་ཀྱི་ས་ལ་མི་སློབ་པའི་འབྲས་བུ་སྟེ། དེ་ལྟར་ཡང་འཕགས་པ་རྣམ་པར་གྲོལ་སྡེས། སྲིད་དང་ཞི་པ་མཉམ་ཉིད་དང༌། །ཞེས་པའི་འགྲེལ་པར་བཤད་དེ། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པ་ན་བདེན་པ་མི་སློབ་པར་འགྱུར་ཞེས་པ་དང་མདོ་སྡེ་དགོངས་པ་ངེས་པར་འགྲེལ་པར་ཡང་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ཕྲ་བ་སྤངས་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་དང་ཆགས་པ་མེད་པར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པས་བསྡུས་པ་ནི་ས་བཅུ་གཅིག་པའི་སངས་རྒྱས་ཀྱི་སར་བརྗོད་ཅེས་གསུངས་པས་ན། སེང་གེ་བཟང་པོའི་ཁྱད་པར་གྱི་ལམ་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་རྣམ་པར་གཞག་པ་ནི་མི་འཐད་པ་ཉིད་དོ། །དེ་ལྟར་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཚན་མེད་པར་རབ་ཏུ་སྦྱིན་ལ་སོགས་པའི་ཚིག་ལེའུར་བྱས་པའི་འགྲེལ་པར་སེམས་བསྐྱེད་པ་དང་པོ་ནས་བཟུང་སྟེ། ཐབས་ལ་མཁས་པ་དང་མ་བྲལ་བར་སྦྱིན་པ་སྦྱིན་པར་བྱེད་ཅིང་མཚན་མར་ནི་མི་བྱེད་དོ་ཞེས་པ་དང༌། བཅོམ་ལྡན་འདས་མ་བྲིས་ཤིང་གཞན་ཡང་རང་ཉིད་ཀྱིས་དད་པ་ལ་སོགས་པའི་ཐར་པའི་ཆ་དང་མཐུན་ལ་འཇུག་གི །དད་པ་ལ་སོགས་པའི་དབང་པོར་བརྗོད་པར་བྱ་བ་ནི་མེད་དོ། དབང་པོའི་དོན་མེད་པའི་ཕྱིར་ཞེས་གསུངས་པས་ནི་དྲོད་ལ་སོགས་པ་དབང་པོ་འདི་རྣམས་ཉིད་འབྱུང་བར་འགྱུར་ཞེས་པ་ལ་དགོངས་པའི་ཕྱིར་ཏེ་ཁྱད་པར་གྱི་ལམ་ལ་དབང་པོ་འདི་རྣམས་མེད་པ་ཉིད་ན་ཆོས་ཀྱི་སྐུའི་དབང་པོ་ཡང་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྔ་མའི་བྱེ་བྲག་རྟོགས་ནས་འདིར་ཕྱི་མ་ལ་རྗེས་སུ་འཇུག་


DTG090_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་རིགས་ལ། དེའི་ཡང་ཐོས་པ་དང་བསམ་པའི་རང་བཞིན་ཐམས་ཅད་ཀྱང་དང་པོའི་ཉིད་དུ་ཤེས་པར་བྱ་སྟེ། བསྟན་པ་ལ་འཇུག་པའི་རྒྱུའི་ཕྱིར་རོ་ཞེས་བཤད་ལ། ཕྱིར་མི་ལྡོག་པའི་རྟགས་བཤད་པ་ཡང་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་མ་རྗེས་སུ་ཤེས་པ་དང་འབྲེལ་བས་ཉན་ཐོས་ལ་སོགས་པའི་སར་ལྟུང་བར་སྲིད་བར་འགྱུར་ཏེ། དེ་ནི་ཁམས་གསུམ་པའི་གཉེན་པོ་འབྱིན་པ་པོའི་ཕྱིར་རོ་ཞེས་གསུངས་ལ། འདི་ཡང་ལྟུང་བ་འདི་རྟོགས་པ་ནི་ཇི་ལྟར་ཁྱད་པར་གྱི་ལམ་ལ་གནས་པའི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་ལ་གནས་པ་ནས་གཞན་པ་རྣམས་སུ་སྲིད་པར་འགྱུར། གང་ཞིག་བྱང་ཆུབ་སེམས་དཔའི་ས་འོག་མ་ལ་གནས་པ་དེའི་ཡང་དག་པར་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ལ་ཚད་མེད་པ་རྣམས་དགོས་ཏེ་དེ་ལ་ལས་གཞན་དུ་ན་དགུ་པ་ལ་འགོག་པར་ལྟུང་ཞེས་བཤད་ཅིང༌། གང་ཡང་སློབ་དཔོན་དཔའ་བོས་ཀྱང་རིང་དུ་སོང་བ་ལ་ཡིད་ཀྱིས་ཡོངས་སུ་ལོག་པ་ཀུན་ཏུ་སྲིད་ཅེས་བཤད་ལ། ས་མི་གཡོ་བ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་ཞེས་པ་དང༌། བསྟན་པར་འཕགས་པ་རྣམ་པར་གྲོལ་བའི་སྡེས་བཤད་དོ། །དེ་ལྟར་ཡང་དག་པའི་རྟོགས་པའི་གནས་སྐབས་སུ་མྱ་ངན་ལས་མི་འདའ་བའི་ཕྱིར་སྙིང་རྗེ་ཆེན་པོ་བྱེད་ཅེས་གསུངས་སོ། །དེ་ལ་འགོག་པ་དང་ཡོངས་སུ་ལྡོག་པ་དང༌། ཡོངས་སུ་མྱ་ངན་ལས་འདའ་བར་ལྟུང་བ་ནི་དུས་དེ་སྲིད་དུ་སེམས་ཅན་གྱི་དོན་མི་འབྱུང་བ་ཉིད་དེ། དེ་ལྟར་ཡང་ས་བཅུ་པར་དེ་ཉིད་ཀྱིས་འདིར་མྱ་ངན་ལས་འདས་པར་འགྱུར་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་རྒྱུན་ཆད་པར་འགྱུར་བའོ་ཞེས་གསུངས་སོ། །གང་དུ་བསྒོམ་པའི་ལམ་རབ་ཀྱི་བྱེ་བྲག་གིས་ས་བཅུ་པ་ཅན་གྱི་འདོད་པའི་ཁམས་ཀྱི་ཐ་མ་འཆད་པར་འགྱུར་བ་དང་བཅས་པ་ཞེས་པའི་ཁྱད་པར་གྱི་ལམ་དུས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་མ་ཡིན་ཏེ། དེ་ནི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ལ་རྣམ་པར་གནས་པ་ཡིན་ཞེས་བྱ་སྟེ། དེའི་མདོར་བསྟན་པ་ནི་བསྟན་བཅོས་ལས། རྣམ་པར་སྦྱོར་བ་བཅས་རྣམས་དང༌། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང༌། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་


DTG090_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་མཉམ་ཉིད་དང༌། །ཞི་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་ཏེ། དངོས་པོ་བཅུ་གཅིག་གིས་སོ། །དེ་ལ་རྣམ་པའི་བཤད་པ་ནི་བསྟན་བཅོས་ལས། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱའི་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་ཏེ། གཞི་ལ་དམིགས་པའི་བདེན་པ་བཞི་ལ་སོགས་པ་ལ། དེའི་ཤེས་པ་དེའི་བྱེ་བྲག་རྣམས་ཏེ། གང་གིས་དེ་ཡོངས་སུ་ཤེས་པ་དེ་རྣམས་ཀྱི་རྣམ་པ་ཞེས་པ་ནི་མཚན་ཉིད་ཀྱི་མིང་ལ། དེ་ལ་ཐམས་ཅད་ཤེས་པའི་རྣམ་པ་ནི་ཉི་ཤུ་རྩ་བདུན་ཏེ། འདིར་བསྟན་བཅོས་ལས། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང༌། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་ཏེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་བཞི་སྟེ། མེད་པ་དང་མཉམ་པ་ཉིད་དང་དབེན་པ་ཉིད་དང་མི་བརྫི་བ་ནི་དེའི་རྣམ་པའི་ཕྱིར་དེའི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ནམ་མཁའ་ནི་མེད་པ་ཉིད་ལ། ནམ་མཁའ་བཞིན་དུ་གཟུགས་པ་སོགས་པ་ཡང་མེད་པ་ཉིད་དོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ནི་བདེ་བ་དང༌། སྡུག་བསྔལ་བ་དག་མཉམ་པ་ཉིད་དེ། གཞུང་ཁ་ཅིག་ཏུ་ནི་མི་མཉམ་པ་དང་མཉམ་པ་ཉིད་ཅེས་ཏེ། མི་མཉམ་པ་ནི་སྡུག་བསྔལ་ལ། དེ་ཡིས་མཉམ་ཞེས་པའི་དོན་ཏོ། །ཤིན་ཏུ་སྟོང་པ་ཉིད་ནི་གང་ཟག་དང་རང་བཞིན་གྱིས་སྟོང་པ་ཉིད་དོ། །གནོད་པ་པོ་སྡུག་བསྔལ་གྱིས་གནོད་པར་བྱ་བའི་ཕྱིར་ན་བརྗོད་པ་ནི་བདག་ལ། བརྫི་བ་མེད་པ་ནི་བདག་མེད་པ་སྟེ། དེའི་རྣམ་པའི་ཕྱིར་ནི་མི་བརྫི་བའི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། ཆོས་རྣམས་ཐམས་ཅད་ལ་གནོད་བྱ་དང་གནོད་བྱེད་མི་དམིགས་པ་ཉིད་ཀྱིས་དམིགས་སུ་མེད་པའི་ཕྱིར་རོ། །ཀུན་འབྱུང་བའི་ལ་བཞི་སྟེ། དེ་ལྟར་ཡང་གནས་ནི་རྒྱུ་སྟེ། ཐ་མལ་པའི་ཕུང་པོ་རྣམས་སོ། །ངོ་བོ་ཉིད་ནི་བདག་ཉིད་ཀྱི་དངོས་པོ་སྟེ། ལུས་ཀྱི་ལས་དང༌། བརྗོད་པ་ངག་གི་ལས་དང༌། མིང་ནི་ཡིད་ཀྱིས་ཏེ་ལས་དང་ཉོན་མོངས་པ་ལ་འདི་རྣམས་མེད་པས་གོ་རིམས་བཞིན་དུ་གནས་མེད་པ་དང༌། ངོ་བོ་ཉིད་མེད་པ་དང༌། བརྗོད་


DTG090_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེད་པ་དང༌། མིང་མེད་པ་སྟེ། དེའི་རྣམ་པའི་ཕྱིར་ན་དེའི་ཕ་རོལ་ཏུ་ཕྱིན་པའོ། །མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་ལ་ཕུང་པོ་ལ་ནི་ལུས་ཏེ་གཟུགས་ཀྱི་ཕུང་པོའོ། །དེ་དག་མེད་པ་ནི་མིང་མེད་པ་དང༌། ལུས་མེད་པ་ཉིད་དོ། །འགྲོ་བ་དང་འོང་བ་ནི་ལུས་ཀྱི་ལས་ཏེ། དེ་མེད་པ་ནི་འགྲོ་བ་དང་འོང་བ་མེད་པའོ། །བརྗོད་པའི་རྒྱུ་ནི་རྣམ་པར་རྟོག་པ་ལ་དེ་མེད་པ་ནི་རྟོག་པ་མེད་པ་ཉིད་དོ། །འགོག་པའི་གཞི་ནི་དེ་ལྟར་ཡང་འདིར་འགྲོ་བར་འགྱུར་བའམ། གཟུང་བའམ། ཟད་པའམ། སྐྱེ་བ་རྣམས་མེད་པས་གོ་རིམས་ཇི་ལྟ་བ་བཞིན་དུ་འགྲོ་བ་མ་མཆིས་པ་དང༌། མི་འཕྲོགས་པ་དང༌། མི་ཟད་པ་དང༌། མི་སྐྱེ་བ་སྟེ། དེའི་རྣམ་པའི་ཕྱིར་དེའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་འགྲོ་བ་དང༌། འོང་བ་མེད་པ་དང༌། ཆོས་རྣམས་ཐམས་ཅད་ལ་གཟུང་དུ་མེད་པ་ཉིད་ནི་ཆོས་ཀྱིས་ཆོས་ལ་གཟུང་དུ་མེད་དེ་དོན་དམ་པར་ན་མེད་པའི་ཕྱིར་རོ། །ཟད་པ་ཉིད་ཀྱིས་ཆོས་དེས་དེ་ལ་སྦྱོར་བ་མེད་པས་མི་ཟད་པའི་ཆོས་དང་ལྡན་པ་ཉིད་དོ། །མངོན་པར་འགྲུབ་པ་ནི་སྐྱེ་བ་སྟེ། དེ་ལ་མེད་པས་མངོན་པར་མ་གྲུབ་པ་ཉིད་དོ། །ལམ་ལ་བཅོ་ལྔ་ནི་བྱེད་པ་པོ་མེད་པ་དང་ཤེས་པ་པོ་དང༌། མཐོང་བ་པོ་མེད་པ་དང༌། མི་འཕོ་བ་དང༌། དུལ་བ་མེད་པ་དང༌། རྨི་ལམ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། སྨིག་རྒྱུ་དང༌། སྒྱུ་མ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། གོས་པ་མེད་པ་དང༌། སྤྲོས་པ་མེད་པ་དང༌། རློམ་པ་མེད་པ་དང༌། གཡོ་བ་མེད་པ་རྣམས་ཏེ། བྱེད་པ་པོ་མེད་པ་ལ་སོགས་པའི་རྣམ་པའི་ཕྱིར་ན་དེའི་ཕ་རོལ་ཏུ་ཕྱིན་པའོ། །ལམ་ནི་བྱེད་པ་པོ་མེད་པ་སྟེ། དེ་ནས་བྱེད་པ་དམིགས་སུ་མེད་པའོ། །ལམ་ལ་ཤེས་པ་པོ་དང་མཐོང་བ་པོ་མེད་པ་སྟེ། དེས་ན་ཤེས་པ་པོ་དང༌། མཐོང་བ་པོ་དམིགས་སུ་མེད་པའོ། །ལམ་ལ་ཀུན་ཏུ་འཕོ་བ་མེད་དེ་དེས་ན་འཆི་འཕོ་བ་དང་སྐྱེ་བ་དག་ཏུ་མི་སྦྱོར་བ་སྟོན་པའི་ཕྱིར་རོ། །ལམ་ལ་དུལ་བ་མེད་པ་སྟེ། དེས་ན་དུས་གསུམ་སྒྱུ་མའི་རང་བཞིན་པས་དུལ་བ་མེད་པའི་ཕྱིར་རོ། །རྨི་ལམ་ལ་སོགས་པ་དང་འདྲ་བའི་ཕྱིར་རྨི་ལམ་ལ་སོགས་པ་སྟེ། ལམ་ནི་རྨི་ལམ་སྟེ། གདུལ་བྱ་ལྟ་བ་པོ་ལ་འདོད་པའི་དོན་སྟོན་པའི་ཕྱིར་རོ། །ལམ་ནི་བྲག་ཅ་སྟེ། ཡོད་


DTG090_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པའི་སྒྲ་ལ་སྒྲར་དམིགས་པའི་ཕྱིར་རོ། །ལམ་ནི་མིག་ཡོར་དང་གཟུགས་བརྙན་དང་མཉམ་པ་སྟེ། གཟུགས་ཀྱི་གཟུགས་བརྙན་དམིགས་པའི་ཕྱིར་རོ། །ལམ་ནི་སྨིག་རྒྱུ་སྟེ། དེ་ནི་ཆུའི་ཕུང་པོ་བཞིན་དུ་མེད་བཞིན་འཇིག་རྟེན་ཁམས་སུ་སྣང་བའི་ཕྱིར་རོ། །ལམ་སྒྱུ་མ་སྟེ། རང་གི་རང་བཞིན་གྱིས་མི་སྣང་བའི་ཕྱིར་དེ་མ་སྐྱེས་པར་ཤེས་པ་ཉིད་ཅེས་པའོ། །གང་དུ་ལྔ་པོ་འདི་རྣམས་ཀྱིས་ཀྱང་ལམ་མ་སྐྱེས་པ་གསལ་བར་བྱེད་པ་སྟེ། ལམ་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྟེ། དེས་ན་འདོད་ཆགས་ལ་སོགས་པ་དམིགས་སུ་མེད་པའོ། །ལམ་ནི་རྣམ་པར་བྱང་བ་མེད་པ་སྟེ། དེས་ན་སེམས་ཅན་ཉོན་མོངས་པ་ཅི་མི་དམིགས་པའི་ཕྱིར་རོ། །ལམ་ནི་ཉེ་བར་གོས་པ་མེད་པས་ནམ་མཁའ་བཞིན་དུ་ཉེ་བར་གོས་པ་མེད་པའི་ཆོས་ཀྱི་དབྱིངས་ཏེ། དེས་ན་མཐོང་བ་མེད་པའི་སྦྱོར་བས་མཐོང་བའི་ཕྱིར་རོ། །ལམ་ནི་སྤྲོས་པ་མེད་པ་སྟེ། སྤྲོས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ལམ་ནི་རློམ་པ་མེད་པ་སྟེ། རློམ་པ་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་རོ། །ལམ་ནི་མི་གཡོ་བ་སྟེ། ཆོས་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་རྟག་པའི་ཕྱིར་རོ། །འབྲས་བུའི་གནས་སྐབས་ཉིད་ཀྱིས་ཐམས་ཅད་ཤེས་པའི་རྣམ་པ་ནི་ཉན་ཐོས་རྣམས་ཀྱི་སྟེ། ཟག་པ་མེད་པ་ཉིད་ལ། ལམ་ཤེས་པའི་བྱང་ཆུབ་སེམས་དཔའི་རྣམས་ཀྱི་ནི་ཟག་པ་དང་བཅས་པ་སྟེ། ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར་རོ། །རྫོགས་པར་སངས་རྒྱས་པ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་རྣམ་པ་ནི་ཟག་པ་མེད་པ་ཉིད་དོ། །མཛོད་དུ་ནི་དྲི་མ་མེད་པར་བཅུ་དྲུག་ལས་གཞན་པའི་རྣམ་པ་ཞེས་པ་ནི་ཉོན་མོངས་པའི་སྒྲིབ་པ་ཙམ་གྱི་གཉེན་པོ་ཉིད་པས་ན་དེ་ལྟར་འདིར་འགལ་བ་མེད་དོ། །ལམ་ཤེས་པའི་རྣམ་པ་སུམ་ཅུ་རྩ་དྲུག་ནི་གོང་དུ་བསྟན་བཅོས་ལས། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་ལ་ནི་གོ་རིམས་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་གསུངས་སོ། །ཞེས་ཏེ་ཀུན་འབྱུང་བ་དང༌། ལམ་དག་ནི་སྔོན་དུ་བཤད་པ་ནི་རྒྱུ་ཡིན་པའི་ཕྱིར་ལ། སྡུག་བསྔལ་དང་འགོག་པ་དག་ནི་འབྲས་བུའོ། །དེ་ལ་ཀུན་འབྱུང་བའི་བརྒྱད་དེ། འདོད་ཆགས་དང་བྲལ་བ་དང༌། ཀུན་ནས་ལྡང་བ་མེད་པ་དང་ཞི་བ་དང་


DTG090_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། སེམས་ཅན་མེད་པར་བརྗོད་དེ། སྔོན་དུ་བཤད་པའི་ཕུང་པོ་ལྔ་པོ་རྣམས་ནི་ཀུན་འབྱུང་བའོ། །འདིར་ཆགས་པར་བྱེད་པས་འདོད་ཆགས་ཏེ། ཆོས་རྣམས་ཐམས་ཅད་ལ་ངོ་བོ་ཉིད་དུ་སྒྲོ་བཏགས་པ་ལ། འདིར་འདོད་ཆགས་དེ་དང་བྲལ་ཞེས་པས་འདོད་ཆགས་དང་བྲལ་བ་སྟེ། ཀུན་འབྱུང་བའི་ཆོས་རྣམས་ཐམས་ཅད་ཀྱི་ཕྱིན་ཅི་ལོག་གི་སྒྲོ་བཏགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དོ། །ཀུན་ནས་ལྡང་བ་ནི་ཉོན་མོངས་པའི་རྒྱུ་སྟེ། རྣམ་པར་རྟོག་པ་ལ། དེ་ལ་འདི་མེད་པ་ནི་ཀུན་ནས་ལྡང་བ་མེད་པ་སྟེ། ཀུན་འབྱུང་བའི་ཆོས་རྣམས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་མེད་པ་ཉིད་པས་འཛིན་པ་མེད་པའི་ཕྱིར་རོ། །ཞི་བ་ནི་ཀུན་འབྱུང་བའི་ཆོས་རྣམས་ཐམས་ཅད་ཀྱི་མཚན་མ་དང་ཆོས་ཀྱི་ཁྱད་པར་རྣམས་དོན་དམ་པར་ཉེ་བར་དམིགས་པ་མེད་པ་ཉིད་ལ་དེའི་ཕྱིར་ན་འདོད་ཆགས་མེད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཞེ་སྡང་མེད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། གཏི་མུག་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། སྐྱོན་མེད་པ་ཞེས་པ་ནི་འདིར་ཡོན་ཏན་གསུམ་གྱི་ཕྱིར་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པའོ། །ཉོན་མོངས་པ་ཐམས་ཅད་མེད་པས་ཉོན་མོངས་པ་མེད་པའོ། །ཀུན་འབྱུང་བར་ཡོངས་སུ་བཏགས་པ་མེད་པ་དང༌། འཛིན་པ་མེད་པས་སེམས་ཅན་ཉིད་དུ་ཉོན་མོངས་པར་འགྱུར་བའི་སྡུག་བསྔལ་དེ་ལ་མེད་པས་སེམས་ཅན་མེད་པ་སྟེ། ཀུན་འབྱུང་བའི་ཡང་དག་པའི་མཐའ་ཉིད་ལ་ཆོས་དང་གང་ཟག་གིས་སྟོང་པ་ཉིད་དོ། །ལམ་གྱི་བདུན་ནི་ཚད་མེད་པ་དང༌། མཐའ་གཉིས་རྗེས་སུ་རིག་པ་དང༌། ཀུན་ཏུ་ཐ་དད་མེད་པ་དང༌། གཞན་གྱི་དྲིང་མི་འཇོག་པ་དང༌། རྣམ་པར་རྟོག་པ་མེད་པ་དང༌། གཞལ་དུ་མེད་པ་དང༌། མ་ཆགས་པའོ། །ལམ་ནི་ཚད་མེད་པ་དང༌། ཆོས་རྣམས་ཐམས་ཅད་ཀྱི་ཀུན་ནས་ལྡང་བ་ནི་ཀུན་རྫོབ་ཏུ་སྐྱེ་བ་ལ། ཀུན་ནས་ལྡང་བ་མེད་པ་ནི་དོན་དམ་པར་སྐྱེ་བ་མེད་པས་ཉེ་བར་བཟུང་བའོ། །ལམ་ནི་མཐའ་གཉིས་རྗེས་སུ་རིག་པ་སྟེ། མངོན་པར་ཞེན་པ་མེད་པ་ཉིད་དུ་དངོས་པོ་དང་དངོས་པོ་མེད་པ་གཉིས་རྗེས་སུ་རིག་པ་མེད་པས་སོ། །ལམ་ནི་ཀུན་ནས་ཐ་དད་པ་མེད་པ་སྟེ། ཐ་དད་པ་


DTG090_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་མི་དམིགས་པའི་ཕྱིར་རོ། །ལམ་ནི་གཞན་གྱི་དྲིང་མི་འཇོག་པ་སྟེ། དེས་ཐེག་པ་དམན་པ་ལ་མི་དགའ་བའི་ཕྱིར་རོ། །ལམ་ནི་རྣམ་པར་རྟོག་པ་མེད་པ་སྟེ། རྣམ་པར་རྟོག་པ་རྣམས་རྗེས་སུ་མི་དམིགས་པས་སོ། །ལམ་ནི་གཞལ་དུ་མེད་པ་སྟེ། གཞལ་དུ་མེད་པའི་ཆོས་ཉིད་ལ་དམིགས་པའི་ཕྱིར་རོ། །ལམ་ནི་ཆགས་པ་མེད་པ་སྟེ། ཆོས་རྣམས་ཐམས་ཅད་ལ་ཆགས་པ་མེད་པ་ཉིད་པས་དམིགས་པ་མེད་པ་ཉིད་དོ། །སྡུག་བསྔལ་གྱི་ལྔ་ནི། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་དང༌། མཚན་ཉིད་མེད་པའོ། །ཟག་པ་དང་བཅས་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བ་སྟེ། དེ་ལ་མི་རྟག་པ་ནི་རྟག་པར་འགྱུར་བ་མེད་པ་ཉིད་ཅེས་པ་སྟེ། ཆོས་ཐམས་ཅད་འདུས་མ་བྱས་པ་དང་མ་སྐྱེས་པ་ཉིད་དོ། །སྡུག་བསྔལ་ལ་སྡུག་བསྔལ་ནི་ནམ་མཁའ་དང་འདྲ་སྟེ། རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་སྡུག་བསྔལ་སྟོང་པ་དང༌། སྡུག་བསྔལ་བདག་མེད་པ་སྟེ། འདུས་བྱས་པའི་མཚན་ཉིད་ཀྱི་སྐྱེ་བ་དང་རྒ་བ་དང་མི་རྟག་པ་གསུམ་དེ་ལ་མེད་པས་སྡུག་བསྔལ་མཚན་ཉིད་མེད་པའོ། །འགོག་པ་ལ་བཅུ་དྲུག་སྟེ། དེ་ལྟར་ཡང་འགོག་པ་ནི་སྟོང་པ་ཉིད་ཁོ་ན་རྣམ་པར་དག་པ་ཉིད་ལ་སྟོང་པ་ཉིད་ལ་ནི་དབྱེར་མེད་དེ། དབྱེ་བ་པོ་རྣམས་དམིགས་སུ་མེད་པས་དེའི་ཕྱིར་ན་ནམ་མཁའ་བཞིན་དུ་འགོག་པ་ནི་མཐའ་མེད་པ་དང༌། མུ་མེད་པས་རྒྱ་ཆེ་བ་སྟེ། དུས་གསུམ་གྱིས་ཀྱང་ཡོངས་སུ་མ་ཆོད་པས་གོ་རིམས་བཞིན་དུ་དེའི་སྟོང་པ་ཉིད་བཅུ་དྲུག་འདིར་རོ། །གཅིག་པ་ཉིད་དེ་འདིར་གསུངས་པ་ནི། འདི་ནི་ནང་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནས་ཇི་སྲིད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཞེས་པའི་དོན་ཏེ། འདིར་དངོས་པོ་དང་དངོས་པོ་མེད་པ་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་སྟོང་པ་ཉིད་ནི་ཇི་ལྟར་རིགས་པ་བཅུ་དྲུག་གི་ནང་དུ་བསྡུ་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་རྣམས་ནི་བརྒྱ་རྩ་བཅུ་སྟེ། གང་དུ་བསྟན་བཅོས་ལས། དྲན་པ་ཉེར་གཞག་ནས་བཟུང་སྟེ། །ཐ་མ་སངས་རྒྱས་ཉིད་རྣམ་པར། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་དུ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་


DTG090_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུ་བཞེད། །ཅེས་ཏེ། དེའི་དབང་དུ་བྱས་ནས་གསུངས་པ་ནི། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་རེ་རེ་ཞིང་དམིགས་པས་མེད་པ་དེའི་རྣམ་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ལུས་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྲིད་དུ་ཡང་དག་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་བར་ཏེ། ཉན་ཐོས་ཀྱི་ལམ་ལ་བརྟེན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་སུམ་ཅུ་རྩ་བདུན་ནོ། །རྣམ་པར་ཐར་པའི་སྒོ་གསུམ་པོ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། བདེན་པ་བཞི་དང་སྦྱིན་པ་ལ་སོགས་པ་བཅུ་རྣམས་མི་དམིགས་པ་ལ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་སྟེ། འདིའི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས་ཇི་སྲིད་དུ་འདི་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་བར་ནི་བྱང་ཆུབ་སེམས་དཔའི་ལམ་ལ་བརྟེན་པའི་སུམ་ཅུ་རྩ་བཞིའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་ཞེས་པ་ནི་སྟོབས་བཅུ་སྟེ། འདིར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས་ཇི་སྲིད་དུ་ཟག་པ་ཟད་པས་མཁྱེན་པའི་སྟོབས་ཀྱི་བར་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྫི་བ་མེད་པ་ཉིད་ནི་སྟོབས་ཀྱི་དོན་ཏོ། །མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཞི་སྟེ། མངོན་པར་བྱང་ཆུབ་པ་དང༌། ཟག་པ་ཟད་པ་དང༌། བར་ཆད་ཀྱི་ཆོས་དང་ངེས་པར་འབྱུང་བ་ཅན་གྱི་ཆོས་རྣམས་ལ་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང༌། དེ་བཞིན་དུ་ཞུམ་པ་མེད་པ་ནི་མི་འཇིགས་པའི་དོན་ཏོ། །ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་ནི་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་བཞི་སྟེ། ཐམས་ཅད་དུ་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་རྣམས་མཁྱེན་པས་ཐམས་ཅད་མཁྱེན་པ་ལ། དེ་ནི་ཆགས་པ་དང་ཐོགས་པ་ལས་འདས་པ་ཉིད་དེ་དེ་ནི་སོ་སོ་ཡང་དག་པར་རིག་པའི་དོན་ཏོ། །དེ་ལ་གསུང་རབ་ཡང་ལག་བཅུ་གཉིས་ནི་ཆོས་དང༌། དེའི་བརྗོད་པར་བྱ་བའི་དོན་ནོ། །ཆོས་ཀྱི་མིང་གི་ཚོགས་པ་ལ་སོགས་པ་རྣམས་ཀྱི་ངེས་པའི་ཚིག་དང་འགྲོ་བ་དྲུག་གི་སྐད་ནི་ངེས་པའི་ཚིག་སྟེ། དེ་རྣམས་སོ་སོར་རིག་པའི་ཕྱིར་རོ། །ཆོས་ལ་སོགས་པ་རྣམས་


DTG090_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་སྟོན་པའི་ཕྱིར་ཆོས་ལ་སོགས་པ་སོ་སོ་ཡང་དག་པར་མངོན་སུམ་དུ་འགྱུར་བ་ནི་སྤོབས་པ་དེ་ཉིད་སོ་སོ་ཡང་དག་པར་རིག་པའོ། །སངས་རྒྱས་ཀྱི་ཆོས་དེ་ཐམས་ཅད་ལ་མ་འདྲེས་པར་སྤྱོད་ཅེས་པས་མ་འདྲེས་པ་སྟེ། གཞན་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེའི་རྣམ་པ་ནི་བཅོ་བརྒྱད་ཡིན་པའི་ཕྱིར་དེའི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟ་སྟེ། འཁྲུལ་པ་མི་མངའ་བ་དང༌། ཅ་ཅོ་དང༌། དྲན་པ་ཉམས་པ་མི་མངའ་བ་དེའི་ཕ་རོལ་ཏུ་ཕྱིན་པ་ནི་གསུམ་མོ། །སེམས་མཉམ་པར་མ་བཞག་པ་དང༌། འདུ་ཤེས་སྣ་ཚོགས་པ་དང༌། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ། དེའི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ། །འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་རྣམས་ཡོངས་སུ་ཉམས་པ་མི་མངའ་བ་སྟེ། དེའི་ཕ་རོལ་ཏུ་ཕྱིན་པ་ནི་དྲུག་གོ །ལུས་དང་ངག་དང་ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ་དེའི་ཕ་རོལ་ཏུ་ཕྱིན་པ་ནི་གསུམ་མོ། །དུས་གསུམ་པ་ཐམས་ཅད་དུ་མ་ཆགས་ཤིང་མ་ཐོགས་པའི་ཡེ་ཤེས་འཇུག་སྟེ། དེའི་ཕ་རོལ་ཏུ་ཕྱིན་པ་གསུམ་མོ་ཞེས་པ་ནི་མ་འདྲེས་པ་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདྲ་བ་དང་བསམ་པ་དང་གཞལ་བ་ལ་དེས་སྦྱོར་བ་དང༌། འབྲེལ་པ་ནི་འདྲེས་པ་ལ། དེ་ལས་ཡང་དག་པར་འདས་ཤིང་ཤིན་ཏུ་འདས་པ་ནི་མ་འདྲེས་པའི་དོན་ཏོ། །ཆོས་ཀྱི་ཇི་ལྟ་བ་བཞིན་དེ་ཉིད་དུ་གཤེགས་པ་ལ་དེ་བཞིན་གཤེགས་པ་སྟེ། དེའི་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པ་ཉིད་ལ་དེའི་རྣམ་པ་ཡིན་པའི་ཕྱིར་དེའི་ཕ་རོལ་ཏུ་ཕྱིན་པའོ། །སངས་རྒྱས་ཀྱིས་གསུངས་པའི་ཆོས་རྣམས་ཐམས་ཅད་ཀྱི་དེ་རྣམས་ཀྱི་བདེན་པ་ཉིད་ལ། རང་གི་སེམས་ཀྱི་བདག་ཉིད་ཀྱིས་སྒོམ་པར་བྱེད་ཅིང་གནས་པར་བྱེད་པའི་ཆོས་ཐམས་ཅད་ནི་རང་འབྱུང་བ་ལ་དེའི་རྣམ་པའི་ཕྱིར་ནི་དེའི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བས་འདིའི་ཁོངས་སུ་སྡུད་པའི་དོན་ཏམ། རང་གི་འདོད་པས་འདིར་འབྱུང་བར་འགྱུར་ཞེས་པ་ནི་རང་འབྱུང་བའོ། །དེའི་ཕྱིར་ན་ཡུམ་ཆེན་མོ་ལས་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉིད་ནས་ཉེ་བར་བཟུང་སྟེ་ཞེས་གསུངས་པ་དེའི་འདིར་ནི་རྒྱུར་གསུངས་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ལ་ཞེས་པ་ནི་ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་


DTG090_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་དེ། དེའི་ཕྱིར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་སྒྱུར་བའོ་ཞེས་པ་ལ་དགོངས་པ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པ་ནི་གཞན་གྱི་དྲིང་ལ་མི་འཇོག་པའི་ཕྱིར་ཆོས་ཐམས་ཅད་ལ་དབང་སྒྱུར་བའོ། །རང་འབྱུང་བའི་རྣམ་པའོ་ཞེས་པ་ནི་གཞན་དག་གིའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སངས་རྒྱས་ཀྱི་ཞེས་པ་ནི་དོན་གཅིག་གོ །འདིར་སངས་རྒྱས་ཉིད་ཀྱི་རྣམ་པ་ཐ་མ་ནི་ཡུམ་ཆེན་མོ་ལ་འདིར་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། དེ་གསུངས་པ་ནི། ཐམས་ཅད་མཁྱེན་པ་ཞེས་པ་སྟེ། ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་རྣམ་པ་ཐམས་ཅད་དང་དེ་རྣམས་ཀྱི་ཡེ་ཤེས་དེའི་ངོ་བོ་ཉིད་ཀྱིས་མཁྱེན་པའི་སངས་རྒྱས་ཀྱི་ལམ་ཚོལ་བར་བྱེད་ཅེས་པའི་འབྲས་བུའི་གནས་སྐབས་ལ་བརྟེན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་སུམ་ཅུ་རྩ་དགུ་སྟེ། མེད་པའི་རྣམ་པ་ནས་བཟུང་བའི་རྣམ་པ་ནི་བརྒྱ་བདུན་ཅུ་རྩ་གསུམ་མོ། །རྟག་པ་དང་མི་རྟག་པ་ལ་སོགས་པ་སྒྲོ་བཏགས་པ་མ་ལུས་པར་ལོག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ཀྱི་ངོ་བོ་ལ་གདུལ་བྱའི་བསམ་པའི་ཁྱད་པར་གྱི་ངོར་དེ་དང་དེའི་ལྡོག་པའི་དབྱེ་བས་ཐ་དད་པ་བཞིན་དུ་རྣམ་པར་གཞག་པ་སྟེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ལ་ཇི་ལྟར་རིགས་པའི་རྣམ་པ་རྣམས་དང་འདྲེས་པ་རྣམས་ལ་འདི་ནི་ཇི་ལྟར་རིགས་པ་སྟེ། སྦྱོར་བའི་གཟུགས་ལ་སོགས་པ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞིས་བཤད་པ་ནི། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་ལ་གང་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་ནི་གཟུགས་ལ་སོགས་པ་ཞེས་པ་ནས་ཀྱི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་སྦྱོར་བས་གསུངས་པ་སྟེ། དེ་ནི་ལྡོག་པའི་སྒོ་ནས་བསྟན་པ་ནི། ཉན་ཐོས་རྣམས་ཀྱི་ལ་རྗེས་སུ་འགྲོ་བའི་སྒོ་ནས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ་བའོ། །དེ་ལ་དང་པོའི་སེམས་བསྐྱེད་པ་གསུམ་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་བགྲོད་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་པའོ། །སེམས་བསྐྱེད་པ་བཞི་པོ་ནི་དྲོད་ལ་སོགས་པའི་


DTG090_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་ལ་དྲོད་ལ་སོགས་པ་རྣམས་ལ་རེ་རེ་བཞིན་དུ་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རྣམ་པ་བཅུ་གཉིས་ཀྱི། དམིགས་པ་མི་རྟག་པ་ལ་སོགས་པ་ཚིགས་སུ་བཅད་པ་བདུན་གྱིས་བསྟན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སོ། །དེ་ལྟར་ཐ་དད་མ་བྱས་པ་ཉིད་ཀྱི་དམིགས་པ་མི་རྟག་པ་ལ་སོགས་པ་ཞེས་པ་ནི་ཚིགས་སུ་བཅད་པ་གསུམ་གྱིས་བཞི་པ་བཤད་པ་ཉིད་ནི་དེ་ལྟར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་ལ་ལྡོག་པའི་སྒོ་ནས་ནི་ཉན་ཐོས་རྣམས་ཀྱིའོ། །གཟུགས་སོགས་ཕུང་པོ་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ནི་རང་སངས་རྒྱས་ཀྱི་ཡང་སྟེ། ཚིག་ལེའུར་བྱས་པ་དག་གིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དྲོད་ལ་སོགས་པ་རྣམ་པ་བཞིའི་བདག་ཉིད་ཅན་གསུངས་པ་ལ། རྗེས་སུ་འགྲོ་བའི་སྒོ་ནས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་པའི་སྐབས་ལའོ། །སེམས་བསྐྱེད་པ་ལྔ་པོ་ནི་མཐོང་བའི་ལམ་གྱི་རབ་ཏུ་དགའ་བའི་ས་ཞེས་པ་ནི་མདོར་བསྟན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་དང་ལམ་ཤེས་པའི་སྐབས་ཀྱི་བཟོད་པ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དྲུག་གིས་ནི་རྒྱས་པར་བཤད་པའོ། །ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱི་མཐོང་བའི་ལམ་གྱིས་མདོར་བསྟན་པའི་རྒྱས་པར་བཤད་པ་ནི་ལམ་ཤེས་པའི་སྐབས་ཀྱི་ཆོས་ཤེས་པ་ལ་སོགས་པ་ཚིག་ལེའུར་བྱས་པ་ལྔ་སྟེ། ཐམས་ཅད་ཤེས་པའི་སྐབས་སུ་སྟེ། དེ་ལྟར་འདི་ཉིད་ཀྱི་དོན་གྱི་རྣམ་པར་གཞག་པ་ནི་ལེགས་པར་བཞག་པས་གཞན་དུ་མ་ཡིན་ནོ། །ཀུན་མཁྱེན་པ་རྣམ་པ་གསུམ་གྱི་རྣམ་པ་འདི་རྣམས་ཀྱིས། བཅོམ་ལྡན་འདས་མ་དེ་སྟོད་པར་བྱེད་པའི་ལེའུ་ནི་བསྟོད་པའི་ལེའུ་སྟེ་དགུ་པའོ།། །།རྣམ་པ་རྣམས་ཀྱི་སྦྱོར་བ་བརྗོད་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་མ་ནི་ཐོས་པར་ཡང་རྙེད་པར་དཀའ་ན་ཇི་ལྟར་ན་སྦྱོར་བ་གསུངས་ཞེས་པ་བསྟན་པ་བསྟན་བཅོས་ལས། སངས་རྒྱས་རྣམས་ལ་བསྙེན་བཀུར་བྱ། །དེ་ལས་དགེ་བའི་རྩ་བ་སྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་བརྟེན་དང་ཀུན་དྲིན་དང༌། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་


DTG090_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་ཏེ། སྔོན་དུ་སངས་རྒྱས་རྣམས་ལ་སྨན་ལ་སོགས་པ་རྣམས་ཀྱིས་བསྙེན་བཀུར་བྱས་པའི་བསོད་ནམས་དང༌། དེ་རྣམས་ལ་ཡང་གནས་དང་སྐྱེད་མོས་ཚལ་དང་མལ་སྟན་དང་སྟོན་མོ་ལ་སོགས་པ་རྣམས་ཀྱིས་དགེ་བའི་རྩ་བ་རྣམས་བསྐྱེད་ནས་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པ་དང་ལྡན་པ་རྣམས་ཀྱིས་གང་འདིར་བཅོམ་ལྡན་འདས་མཉན་པ་དེ་ནི་མ་ཚང་བ་མེད་པའི་བསྙེན་བཀུར་ལ། གང་གིས་ཇི་སྲིད་དུ་འཛིན་པ་དང༌། དེ་བཞིན་ཉིད་དུ་སྒྲུབ་པ་དེ་ནི་དེ་ལྟར་ཡང་སངས་རྒྱས་ལ་སོགས་པར་ཡང་རིགས་པས། དེ་ལ་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པས་ཏེ། དེ་བཞིན་ཉིད་དུ་སློབ་པ་ནི་ཞི་གནས་ཀྱིས་ལ། སྒྲུབ་པ་ནི་ལྷག་མཐོང་གིས་སོ། །རྣལ་འབྱོར་དུ་བྱེད་པར་འགྱུར་བ་ནི་ཞི་གནས་དང་ལྷག་མཐོང་དག་གིས་སོ། །དད་པ་མེད་ཅེས་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཕྱིན་ཅི་མ་ལོག་པའོ་ཞེས་ཡང་དག་པར་ཡིད་ཆེས་པ་ནི་དད་པའོ། །གཟུང་བར་འདོད་པ་ནི་བཟོད་པ་སྤོང་བར་མི་འདོད་པའི་ནི་འདོད་པའོ། །དོན་དང་གཞུང་དགལ་ཉན་པར་འདོད་པ་ནི་འདུན་པ་ལ་བརྩོན་འགྲུས་ནི་སྤྲོ་བའོ། །དགེ་བ་ལ་བར་དུ་གཅོད་པར་བྱེད་པའི་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། ལེ་ལོ་རྣམས་ཀྱི་གཉེན་པོར་ནི་བག་ཡོད་པ་ལ་མངོན་སུམ་དང་རྗེས་སུ་དཔག་པ་ལས་ཐོབ་པའི་ཚིག་རྣམས་ཀྱིས་ངེས་པ་ཉིད་ཀྱི་དངོས་པོ་ལ་དེ་ཉིད་འདི་ལས་གཞན་དུ་མིན་ཞེས་པ་རྟོགས་པར་བྱེད་པ་ནི་མོས་པ་སྟེ། གང་གིས་མི་འཕྲོགས་པ་ཉིད་ལ་ཀུན་ཏུ་གནས་པ་ནི་སྦྱིན་པའི་ལས་ལ་གཙོ་བོ་སྟེ། ཕས་ཀྱི་རྒོལ་བ་རྣམས་ཀྱིས་མི་འཕྲོགས་པའི་ཕྱིར་རོ། །ཡོངས་སུ་མ་དྲིས་པ་ནི་ཐེ་ཚོམ་གྱི་གནས་ལའོ། །ཆུང་ངུ་བ་ནི་བྱས་པ་སྟེ། གང་གིས་དྲི་བ་ཡང་དེ་བཞིན་ནོ། །འདི་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དག་ཕན་ཚུན་གྱི་རྒྱུ་ཉིད་དུ་ངེས་པར་བསྐྱེད་པས་འདི་རྣམས་ལ་ཕྱག་འཚལ་ཞེས་པའི་དོན་ཏོ་ཞེས་པ་ནི་སྦྱོར་བ་པོ་རྙེད་པར་དཀའ་བ་ཉིད་དོ། །དེ་ནས་ཞེས་པ་ལ་སོགས་པས་ནི་སྦྱོར་བའི་གོ་སྐབས་ཏེ། དེ་ཡང་བསྡུས་ན་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཉིད་ལ་རྒྱས་པ་ནི་བསྟན་བཅོས་སུ། གཟུགས་


DTG090_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་མི་གནས་ཕྱིར། །དེ་ལ་སྦྱོར་བ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང༌། །ཚེགས་ཆེན་ཡུན་རིངས་རྟོགས་ཀྱི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང༌། །ངེས་འབྱུང་བར་ཆད་མེད་བཅས་དང༌། །བྱང་ཆུབ་ཉེ་དང་མྱུར་བ་དང༌། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང༌། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོ་རྣམ་མི་རྟོག །འབྲས་བུ་རིན་ཆེན་སྦྱིན་པ་བྱེད། །དེ་ནི་དག་པ་མཚམས་དང་བཅས། །ཞེས་ཏེ། སྦྱོར་བ་དང་བཅས་པ་རྣམ་པར་བཤད་པ་རྣམས་ཀྱི་རང་བཞིན་ལས་སྦྱོར་བའི་ཕྱིར་ན་ཚད་མེད་པའི་བར་གྱི་དེ་རྣམས་ལ་སྦྱོར་བ་དགག་པའོ་ཞེས་རྗེས་སུ་འབྲང་བར་བྱས་ལ། དེ་རྣམས་ཟབ་པའི་ཕྱིར་དང༌། གཏིང་དཔོགས་པར་དཀའ་བའི་ཕྱིར་དང༌། །ཚད་མེད་པའི་ཕྱིར་ནི་དེ་རྣམས་ལ་སྦྱོར་བ་བཀག་པའོ། །དེའི་སྦྱོར་བ་གསུངས་པ་ནི། ཀཽ་ཤི་ཀ་འདིར་ཞེས་པ་ལ་སོགས་པ་སྟེ། སྤྱོད་པ་ནི་ཡིད་ལ་བྱེད་པས་སོ། །གཟུགས་ལ་སོགས་པ་ལ་མི་གནས་པའི་ནི་མདོར་བསྟན་པ་ལ། གཟུགས་ལ་སོགས་པའི་ཞེས་མི་གནས་ཞེས་པ་ནི་རྒྱས་པར་བཤད་པ་སྟེ། མངོན་པར་ཞེན་པ་མེད་ཅེས་པའི་དོན་ཏོ། །མི་གནས་ཞེས་པ་ནི་གཟུགས་ལ་སོགས་པ་རྣམས་ལ་མི་གནས་པའི་སྦྱོར་བའོ། །གཟུགས་ཞེས་པ་ལ་སོགས་པ་སྟེ། མི་སྦྱོར་བ་ནི་མིང་དང་མཚན་མ་དག་གིས་ཡིན་ལ་དེ་ལྟར་ན་མི་གནས་པ་ནི་ཡང་དག་པར་མི་ཤེས་པ་སྟེ། གནས་པ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་པ་ནི་གཟུགས་ལ་སོགས་པ་ལ་སྦྱོར་བ་མེད་པའི་སྦྱོར་བའོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། ཟབ་ཅེས་པ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཞེས་པ་སྟེ། ཟབ་པའི་སྦྱོར་བའོ། །གཏིང་དཔོགས་པར་དཀའ་བ་ནི་གཟུགས་ལ་སོགས་པ་རྣམས་ཀྱིས་གཏིང་དཔག་དཀའ་བའི་ཕྱིར་རོ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པར་འབྱེད་པ་ནུས་པར་འདོད་པ་མ་ཡིན་ནམ་ཞེ་ན་གསུངས་པ་ནི་གཟུང་པར་དཀའ་བ་སྟེ། ངེས་པར་མཚན་མར་འཛིན་པ་སྟེ། དེ་ལས་ནི་རྣམ་པར་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་རྣམ་པར་རྟོག་པ་མེད་དེ། དེའི་ཕྱིར་ན་གཏིང་


DTG090_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དཔོགས་པར་དཀའ་བའོ་ཞེས་པ་ནི་གཏིང་དཔོགས་པར་དཀའ་བའི་སྦྱོར་བའོ། །གཟུགས་ལ་སོགས་པ་ལ་ཚད་མེད་པའི་ཕྱིར་ཞེས་པ་ནི་ཚད་མེད་པའི་སྦྱོར་བའོ། །གཟུགས་ཟབ་ཅེས་པ་ལ་སོགས་པ་སྟེ། མི་གནས་པ་ནི་མངོན་པར་ཞེན་པ་ལ་སྦྱོར་བ་མི་བྱེད་པ་ནི་ཡང་དག་པར་མི་ཤེས་པས་སོ་ཞེས་པ་ནི་ཟབ་པ་ཉིད་དོ། །མི་སྦྱོར་བའི་སྦྱོར་བའོ། །དེ་བཞིན་དུ་གཏིང་དཔོགས་པར་དཀའ་བ་ཉིད་ནི་སྦྱོར་བ་མེད་པའི་སྦྱོར་བའོ། །དེ་ལྟར་ཚད་མེད་པ་ནི་སྦྱོར་བ་མེད་པའི་སྦྱོར་བའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པ་སྟེ། སྐྱོན་ཅིར་འགྱུར་ཞེས་པ་སྟེ། འདྲི་བ་ལ་ལན་ནི་ཡུམ་ཆེན་མོར་གསུངས་པ་དྲན་པར་བྱེད་དོ། །དེ་བརྗོད་པ་ནི་དེ་ཡང་ཐོས་ནས་འདི་ལ་དད་པར་མི་བྱེད་ཅིང་སོ་སོར་སྤོང་པར་བྱེད་པས་དེས་ངན་འགྲོར་ཡུན་རིང་དུ་གནས་ནས་ཚེགས་ཆེན་པོ་དང་ཡུན་རིང་པོར་མངོན་པར་བྱང་ཆུབ་པར་འགྱུར་ཞེས་པ་ནི་ཚེགས་ཆེན་པོ་ཡུན་རིངས་ཀྱིས་མངོན་པར་རྟོགས་པའི་སྦྱོར་བའོ། །དེ་སྐད་ཅེས་གསོལ་ཞེས་པ་ལ་སོགས་པ་སྟེ། རྒྱ་ཆེན་པོས་ལུང་བསྟན་པར་འགྱུར་ནས་མངོན་པར་རྟོགས་པར་འགྱུར་ཞེས་པའི་བར་དུ་སྟེ། གཅིག་མ་ཡིན་ཞེས་པ་ནི་གཞུང་ནོར་པ་ཅན་ལ། གཅིག་ཅེས་པ་ནི་མ་ནོར་བའོ། །བརྙེས་པར་འགྱུར་བ་ནི་ཐོབ་པར་འགྱུར་བའོ། །ཐུགས་བྱུང་བར་བྱེད་པར་མི་འགྱུར་བ་ནི་བརྟེན་པར་བྱེད་པར་འགྱུར་རོ་ཞེས་པ་ནི་ལུང་བསྟན་པ་ཐོབ་པའི་སྦྱོར་བའོ། །ཡུན་རིང་པོར་ཐེག་པ་ཞེས་པ་ལ་སོགས་པ་སྟེ། ཡང་དག་པར་ཞུགས་པའོ། །ཡང་ནས་ཡང་དུ་ནི་དཔེ་མང་དུའོ། །མིང་མཐུན་པ་ནི་ཁ་ཕྱིར་བལྟས་པའོ། །ཡོངས་སུ་ལྡོག་པ་ནི་རྣམ་པར་ལྡོག་པར་འགྱུར་བ་ལ་རབ་ཏུ་ཐོབ་པ་ལ་ལྡོག་པ་མེད་པའི་སྦྱོར་བས་སྦྱོར་བར་འགྱུར་ཞིང་རྙོག་པ་མེད་པས་རབ་ཏུ་རྩོལ་བར་འགྱུར་ཞེས་པ་ནི་ཕྱིར་མི་ལྡོག་པའི་སྦྱོར་བའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་ལས། ཉན་པ་ལ་ཞེས་པའི་བར་ནི་ངེས་པར་འབྱུང་བའི་སྦྱོར་བའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པ་ནས་མཉན་པ་ཞེས་པའི་བར་ཏེ། སྡོང་པོ་ནི་ཕུང་པོ་ལ་སྡོང་པོ་དང་རི་དགས་ཀྱི་མཚན་མ་ནི་རྩེ་མོ་ལ་སོགས་པའོ། །ཇི་ལྟར་ཡང་ན་གལ་ཏེ་ཡང་ཞེས་པའི་དོན་ཏོ། །མཐར་ཐུག་པ་ནི་ངེས་པའོ་ཞེས་པ་ནི་བར་ཆད་མེད་པའི་སྦྱོར་བའོ། །


DTG090_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། རྙིང་པ་རྣམས་ལྷགས་པ་ཞེས་པ་ནི་མངོན་པར་བྱང་ཆུབ་པ་ལས་ཉེ་བར་སྦྱོར་བའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། སྙོམ་པར་འགྱུར་བ་ནི་ངལ་བར་འགྱུར་བའོ། །སྡུག་བསྔལ་ནི་ན་བའོ། །སྨྲ་བ་ཉིད་ནི་སྨྲ་བའམ་སྨྲ་བར་བྱ་བའོ། །ཉམས་ནི་སྟོབས་སོ། །གྲོགས་ནི་སྐྱེས་བུ་དང་ལྷན་ཅིག་ཉལ་བའོ། །གང་གི་ཕྱིར་སྔོན་གྱི་ཞེས་པ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་འདོད་ཆགས་ཀྱི་རྒྱུ་ལ་བརྟེན་པ་ནི་ཀུན་རྟོག་པས་ཀུན་བརྟན་པས་དེ་སྐྱེད་པས་སོ། །ངེས་པར་སྐྱེས་པ་ནི་འདོད་ཆགས་སྐྱེས་བས་སོ། །བསྒོམས་པས་ནི་ཀུན་ཏུ་སྦྱོར་བས་སོ། །མང་དུ་བྱས་པ་ནི་ཡང་དང་ཡང་དུ་དེ་ལྟར་བྱས་པས་སོ། །དགའ་ཞིང་ནི་རྗེས་སུ་ཡི་རང་བ་སྟེ་ཞེས་པ་ནི་མྱུར་དུ་མངོན་པར་བྱང་ཆུབ་པའི་སྦྱོར་བའོ། །དེ་སྐད་ཅེས་གསོལ་བ་དང་ཞེས་པ་ལ་སོགས་པ་སྟེ། གང་དུ་གཞན་ཕན་འདོགས་པར་བྱེད་པ་པོ་མེད་པ་ཉིད་དེ་ནི་ངོ་མཚར་བའོ། །ཅི་གལ་ཏེ་ཞེས་པ་ནི་ཡང་དག་པར་བསྟན་པ་དང་ཡང་དག་པར་ལེན་དུ་འཇུག་པ་དང་ཡང་དག་པར་དགའ་བར་བྱེད་པ་དང༌། ཡང་དག་པར་གཟེངས་བསྟོད་པ་འབའ་ཞིག་མ་ཡིན་ཏེ། ཇི་ལྟར་ཞེ་ན་ལེགས་པར་ཡོངས་སུ་གཟུང་བ་ནི་རྗེས་སུ་གཟུང་བ་ཡང་དག་པར་ཁས་ལེན་པའོ། །ལེགས་པར་ཡོངས་སུ་གཏད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་གཏད་ནས་ཐོས་པ་ལ་སྦྱོར་ལ་ཡོངས་སུ་གཏད་པ་དེ་ལ་ཡང་དེ་རྣམས་ཀྱིས་བསླབ་པའི་ཕྱིར་སྦྱོར་བ་ཞེས་པ་ནི་གཞན་གྱི་དོན་གྱི་སྦྱོར་བའོ། །རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་ནི་འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བའོ། །ཆོས་མ་ཡིན་ཞེས་པ་ལ་སོགས་པ་ནི་དེ་ལྟར་ཆོས་དང་ཆོས་མ་ཡིན་པ་དང་ལུང་དུ་མ་བསྟན་པ་ལ་སོགས་པ་མི་མཐོང་བའི་སྦྱོར་བའོ། །རབ་འབྱོར་གྱིས་གསོལ་བ་ཞེས་པ་ལ་སོགས་པ་སྟེ། ཆོས་རྣམས་བསམ་གྱིས་མི་ཁྱབ་པས་མི་མཐོང་བའི་སྦྱོར་བའོ། །དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། རྣམ་པར་མི་རྟོག་པའི་སྦྱོར་བའོ། །རིན་པོ་ཆེའི་ཕུང་པོ་ཞེས་པ་ནི་འབྲས་བུ་རིན་པོ་ཆེས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་ཀྱི་རྒྱུའི་ཕྱིར་རོ་ཞེས་པ་ནི་འབྲས་བུ་རིན་པོ་ཆེ་རབ་ཏུ་སྦྱིན་པའི་སྦྱོར་བའོ། །དག་པའི་ཕུང་པོ་ཞེས་པ་ལ་སོགས་པ་སྟེ། དེ་རྣམས་ཉིད་ཀྱི་


DTG090_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་རྣམས་ནི་ནམ་མཁའ་བཞིན་དུ་རྣམ་པར་དག་པ་མཐོང་བས་སོ་ཞེས་པ་ནི་དག་པའི་སྦྱོར་བའོ། །ངོ་མཚར་ཏོ་ཞེས་པ་ལ་སོགས་པ་སྟེ། ཡི་གེར་བྲི་བ་ནི་བྲི་བར་ནུས་པའོ། །རབ་ཏུ་བསྒྲུབ་པར་མི་འགྱུར་བ་ནི། རབ་ཏུ་འབྱུང་བར་མི་འགྱུར་བ་ལ་ཡི་དམ་མ་ཉམས་པ་ནི་དུམ་བུར་མ་གྱུར་བའོ། །མཚམས་ལས་མི་འདའ་བ་ནི་མཚམས་དང་བཅས་པའི་སྦྱོར་བའོ། །ཡོན་ཏན་ནི་སྦྱོར་བའི་བསྔགས་པ་རྗོད་པར་བྱེད་པ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་པ་སྟེ་དེ་ལ་དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། དགོངས་པར་འགྱུར་བ་ནི་དྲན་པར་འགྱུར་བའོ། །ཡོངས་སུ་གཟུང་བར་འགྱུར་བ་ནི་རྗེས་སུ་མཐུན་པས་གནས་པ་ལ་སོགས་པས་ཞེས་པ་ནི་བདུད་ཀྱི་མཐུ་རྣམ་པར་བཅོམ་པའི་ཡོན་ཏན་ནོ། །ཤཱ་རིའི་བུ་བར་ཆད་བྱེད་པར་མི་ནུས་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ཀྱིས་དགོངས་པའི་ཡོན་ཏན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་སྟེ། མཐུ་ནི་ནུས་པ་ལ་བྱིན་གྱི་རླབས་ནི་ནུས་པ་ལྷག་པར་སྐྱེད་བའོ། །ཡོངས་སུ་བཟུང་བ་ནི་ཁས་བླངས་པའོ། །མཁྱེན་པ་ནི་དེ་ལ་དགོངས་པ་དང་བཅས་པའོ། །བྱིན་གྱིས་རློབ་པ་ནི་རང་གིས་བྱས་པའོ། །གཟིགས་པ་ནི་ཤའི་མིག་གིས་སོ། །རྣམ་པར་གཟིགས་པ་ནི་སངས་རྒྱས་ཀྱི་སྤྱན་གྱིས་ཞེས་པ་ནི་སངས་རྒྱས་ཀྱིས་ཀུན་དུ་གཟིགས་པའི་ཡོན་ཏན་ནོ། །བྱང་ཆུབ་སེམས་དཔའ་གང་དེ་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་ཉིད་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བའི་ཡོན་ཏན་ནོ། །གང་ཡང་ཞེས་པ་ལ་སོགས་པ་སྟེ། དོན་དུ་གཉེར་བ་ཆེན་པོ་ནི་དེ་ནས་བརྩམས་ནས་བྱང་ཆུབ་སེམས་དཔའི་ས་རྣམས་ཀྱིས་སོ། །ཕན་ཡོན་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕུན་སུམ་ཚོགས་པའིའོ། །འབྲས་བུ་ཆེན་པོ་ནི་སྲིད་པ་དགའ་བར་སྤྱོད་ཅེས་པ་སྟེ། རུས་དང་རིགས་དང་མཚན་ཉིད་ལ་སོགས་པ་ཕུན་སུམ་ཚོགས་པ་རྣམས་ཀྱིས་སོ། །རྣམ་པར་སྨིན་པ་ཆེ་བ་ནི་རྗེས་ལ་བླ་ན་མེད་པའི་བྱང་ཆུབ་པའོ། །འབད་པ་ནི་དུབ་པ་སྟེ། ཡོངས་སུ་དུབ་པ་ནི་བྱ་བས་སོ་ཞེས་པ་ནི་དོན་ཆེན་པོ་ཉིད་ལ་སོགས་པའི་ཡོན་ཏན་ནོ། །འདི་དག་


DTG090_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞེས་པ་ལ་སོགས་པ་སྟེ། མདོ་སྡེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །འདས་ནས་ཞེས་པ་ནི་ཡོངས་སུ་མྱ་ངན་ལས་འདས་ནས་སོ། །བར་ཏ་ནི་ཤར་ཕྱོགས་ཀྱི་ཡུལ་ལོ། །མངོན་པར་གསར་ལ་གསར་བས་སྙིང་པོར་བྱུང་བས་སྙིང་པོའོ། །དེ་ཐོབ་ནས་གདུལ་བྱ་རྣམས་ལ་འདི་ཞེས་པ་ནི་དེ་ལྟར་རོ། །ཆོས་ནི་ཆོས་འདི་བསྟན་པའི་ཕྱིར་ལ། འདུལ་བ་སྟེ། ཉོན་མོངས་པ་འདུལ་བ་ལ་སོགས་པས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་ལྔར་འཇིག་རྟེན་དུ་གནས་པ་སྟེ། དེ་ནས་ནུབ་པའི་ཚེ་དེའི་དུས་དང་ཉེ་བ་ན་བྱང་ཞེས་པ་ནི་ཆ་གཞན་རྣམ་པར་གཅད་པ་སྟེ། བོད་ཀྱི་ཕྱོགས་ལ་སོགས་པའོ། །བསྟན་པ་དེར་རྒྱས་པ་ནས་རབ་ཏུ་འཇུག་པར་འགྱུར་ཞེས་པ་ནི་བསྟན་པ་རྒྱས་པའི་ཡོན་ཏན་ནོ། །ཡུན་རིང་པོ་ནས་ཐེག་པ་ལ་ཞེས་པ་ལ་སོགས་པ་སྟེ། དྲི་བར་བྱས་པས་ན་ཡོངས་སུ་དྲིས་པའོ། །ཡོངས་སུ་ཤེས་པའི་ཕྱིར་ཞེས་པ་ནི་ཡོངས་སུ་ཞུས་པའོ། །དེའི་ཕྱིར་ཡོངས་སུ་འདྲི་བར་བྱས་པས་ཡོངས་སུ་དྲིས་པའོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་ལ་སོགས་པ་ཞེས་པ་ནི་དཀར་པོའི་ཆོས་ཡོངས་སུ་སྐྱོང་བའི་ཡོན་ཏན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ལ་སོགས་པ་སྟེ། ཚེ་རབས་འཕོས་ཀྱང་ཞེས་པ་ནི་དེའི་བྱང་གི་ཚེ་རབས་དེ་ལས་འདས་པ་རྣམས་ལས་ཡང་ངོ༌། །ཡང་དག་པར་སྤྱོད་པ་ནི་སྦྱོར་བ་རྣམས་སོ། །མངོན་པར་དགའ་བ་ནི་མངོན་པར་འདོད་པའོ་ཞེས་པ་ནི་སྐྱེས་བུའི་བརྗོད་པའི་ཡོན་ཏན་ནོ། །དེ་དག་ལ་ཞེན་པ་ལ་སོགས་པ་སྟེ། འདུན་པའམ་སྔགས་ཀྱིས་ཞེས་པ་ནི་བསམ་པས་སམ་བརྗོད་པས་སོ་ཞེས་པ་ནི་མི་ཕྱེད་པ་ཉིད་ཀྱི་ཡོན་ཏན་ནོ། །དེ་དག་གིས་ཞེས་པ་ལ་སོགས་པ་ནི་སྐྱེ་བོ་མང་པོའི་དགེ་བའི་རྩ་བ་བསྐྱེད་པའི་ཡོན་ཏན་ནོ། །དེ་ཅིའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། གཞག་པར་བྱའོ་ནི་འཇུག་པ་ཙམ་གྱིས་སོ། །ཡང་དག་པར་བསྟན་པར་བྱ་བ་ནི་བསྒོམ་པ་རབ་ཀྱི་ས་ཡང་དག་པར་བསྒྲུབ་པས་སོ། །ཡང་དག་པར་དགོད་པར་བྱ་བ་ནི་བརྟན་པར་བྱེད་པར་བྱ་བའོ་ཞེས་པ་ནི་དམ་བཅས་པའི་དངོས་པོའི་དོན་བསྒྲུབས་པའི་ཡོན་ཏན་ནོ། །དེ་ལྟར་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཇི་སྐད་དུ་བཤད་པའི་གཞན་གྱི་དོན་སྒྲུབ་པར་བྱེད་པའོ། །མོས་


DTG090_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱ་ཆེན་པོ་ཅན་ཞེས་ཏེ། གཟུགས་ལ་སོགས་པའི་ཡུལ་ལ་སྦྱིན་པ་རྒྱ་ཆེན་པོ་སྦྱིན་པ་ཉིད་དང་གཞན་ཡང་དགེ་བའི་རྩ་བ་མངོན་པར་འདུས་བྱས་པའི་རྣམ་པར་སྨིན་པ་རྒྱ་ཆེན་པོ་ཡོངས་སུ་འཛིན་ཅིང་སེམས་ཅན་རྣམས་ཀྱི་དོན་དུ་རྒྱ་ཆེན་པོའི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་པ་ནི་རྒྱ་ཆེན་པོའི་འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་ནོ། །གལ་ཏེ་ཞེས་པ་ལ་སོགས་པ་སྟེ། ལྷག་པར་དམིགས་པར་བྱ་བ་དང་ཡང་དག་པར་འཕོ་བར་བྱ་བའོ་ཞེས་པ་ནི་གཞན་གྱི་དོན་གྱི་རྒྱ་ཆེན་པོ་ཡང་དག་པར་བསྒྲུབས་པའི་ཡོན་ཏན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ལ་སོགས་པ་སྟེ། ཆུང་ངུ་ན་ཞེས་པ་ནི་དེ་རྣམས་ཀྱི་ཡོངས་སུ་དག་པའི་དོན་དང་ཕན་པ་ལའོ། །ཚོལ་བར་འགྱུར་བ་ལ་ཁ་ཅིག་དག་གིས་རྙེད་པར་འགྱུར་ཞེས་པ་སྟེ། བཙལ་ཞིང་ནི་འདི་ནས་དེར་སོང་ནས་སོ། །རྗེས་སུ་བཙལ་བ་ནི་འདིར་ཐོབ་པར་འགྱུར་ཞེས་ཐོས་ནས་སོ། །ཡོངས་སུ་བཙལ་བ་ནི་ཡང་དག་པར་རོ། །ཉེ་བར་འོངས་པར་འགྱུར་བ་ནི་ཉེ་བར་ནའོ། །ཉེ་བར་གཞོལ་བར་འགྱུར་བ་ནི་འབད་པར་གྱུར་པས་རྙེད་པའོ། །ཉེ་བར་ཕྱོགས་པ་ནི་འབད་པ་མེད་པས་ཐོས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ངེས་པར་ཐོབ་པའི་ཡོན་ཏན་ནོ། །ཇི་སྐད་དུ་བཤད་པའི་སྦྱོར་བ་རྣམས་སེམས་ལ་བཞག་ཅིང་འཛིན་པས་དེའི་ཕན་ཡོན་རྣམས་ཀྱི་ལེའུ་སྟེ་ལེའུ་བཅུ་པའོ།། །།སྦྱོར་བ་ལ་བར་ཆད་བྱེད་པའི་སྐྱོན་གྱི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། སྐྱོན་ནི་བཅུ་ཚན་བཞི་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་ཏེ། བཞི་བཅུ་རྩ་དྲུག་པོ་འདིར་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། ཡོངས་སུ་བརྗོད་ཅེས་པ་ལ་སོགས་པའི་ཚིག་གིས་ནི་སྦྱོང་པ་རྣམ་པ་ཐམས་ཅད་ཀྱི་ཉེ་བར་མཚོན་པའོ། །ཡུན་རིང་མོ་ཞེས་པ་ནི་ཡུན་རིང་པོས་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་ནས་དེས་ཡུན་རིང་མོ་ཉིད་ཀྱིས་བྱང་ཆུབ་པར་འགྱུར་ཞེས་པ་ནི་སྤོབས་པ་ཡུན་རིང་མོའི་སྐྱོན་ནོ། །དེ་སྐྱེས་ན་ཡང་ཞེས་ཏེ། རྣམ་པར་གཡེངས་པར་འགྱུར་པ་ནི་རྒོད་པར་འགྱུར་བ་སྟེ། ཐབས་ལ་མི་མཁས་པས་ཤིན་ཏུ་མྱུར་བར་དེ་ལས་སྐྱེས་པས་ང་རྒྱལ་སྐྱེ་ལ་དེས་བྱང་ཆུབ་སེམས་དཔའ་གཞན་ལ་བརྙས་པར་བྱེད་ནས་ང་རྒྱལ་གྱིས་དམན་པའི་རིགས་སུ་


DTG090_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ནས་ཡུན་རིང་པོས་བྱང་ཆུབ་ཐོབ་པར་འགྱུར་ཞེས་པ་ནི་སྤོབས་པ་མྱུར་བའི་སྐྱོན་ནོ། །གླལ་བར་བྱེད་པ་སྟེ། དྲེགས་པ་དང་བཅས་པས་ལུས་བརྐྱང་བ་དང་རྒོད་པ་སྟེ། གད་རྒྱངས་བྱེད་པ་དང་བཏེག་པ་སྟེ་དྲེགས་པས་ལྡང་བར་བྱེད་པ་སྟེ་ཞེས་པ་ནི་ལུས་ཀྱི་ལས་ཀྱི་ཡོན་ཏན་དང་བྲལ་བས་སོ། །རྣམ་པར་གཡེངས་པ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་ཤེས་པ་ཕན་ཚུན་དང་ལྡན་པས་ཞེས་པ་ནི་གཞན་རྣམས་ཀྱི་དྲན་པར་བྱས་པའོ། །རང་གི་ནི་དྲན་པ་མི་འཐོབ་ཅེས་པ་སྟེ་སྤྱོད་ལམ་ཇི་ལྟར་བདེ་བར་གནས་པས་བརྗོད་པས་སོ་ཞེས་པ་ནི་སེམས་ཀྱི་ཡོན་ཏན་དང་བྲལ་བའི་སྐྱོན་ནོ། །ཕན་ཚུན་ཞེས་པ་ལ་སོགས་པ་སྟེ། བཞད་གད་བྱེད་པ་ནི་ཕན་ཚུན་ལྟ་བར་བྱེད་པའོ། །ཚོགས་པ་དང་མི་ལྡན་ཞེས་པ་ནི་ཇི་སྲིད་དུ་ཚོགས་པ་ཉིད་ལ་གླེགས་བམ་ཀུན་འཕྲོག་པར་འགྱུར་ཏེ། དེ་སྲིད་དུ་ཚོགས་པ་མིན་ཞེས་པ་ནི་རྣལ་འབྱོར་ལ་མི་ཕན་པའི་ཁ་ཏོན་ལ་སོགས་པའི་སྐྱོན་ནོ། །བདག་གིས་ཞེས་པ་ལ་སོགས་པ་སྟེ། དེ་ལྟ་དེ་ལྟར་ཞེས་པ་ནི་སྔོན་དུ་བཤད་པ་རྣམས་ཀྱིས་སོ། །ངེས་པར་འགྱུར་བར་མི་འགྱུར་བ་ནི་གནས་པར་མི་འགྱུར་བའོ་ཞེས་པ་ཁ་ཕྱིར་ཕྱོགས་པའི་མཚན་མ་འཛིན་པའི་སྐྱོན་ནོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྤངས་པ་ནི་སེམས་ཀྱིས་སོ། །བོར་བ་ནི་ལུས་དང་ངག་གིས་སོ། །ངེས་པར་འབྱུང་བ་ནི་བསླབ་པ་མཐར་ཐུག་པར་འགྲོ་བའོ་ཞེས་པ་ནི་རྒྱུ་ལས་ཉམས་པའི་སྐྱོན་ནོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཟན་ནི་ཟས་སོ། །བོར་བ་ནི་བཏང་བའོ། །ཁམ་ནི་ཁ་ཟས་སོ། །ཀུན་ཆུབ་པར་བྱེད་པ་ནི་མངོན་པར་སྦྱོར་བར་རོ། །ཡལ་ག་དང་ལོ་མ་ནི་མདོ་སྡེ་རྣམས་ལའོ། །དུལ་བ་ནི་དབང་པོ་རྣམས་སོ། །ཞི་བ་ནི་སེམས་པ་དུལ་བའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་ནི་ངེས་པར་རྫོགས་པར་བྱེད་པའོ། །བསླབ་པར་མི་བྱ་ཞེས་པ་ནི་དེ་རྣམས་ཀྱི་བདག་ཉིད་ཀྱིས་ཀྱང་མི་དམིགས་པས་ཞེས་པ་ནི་གྱ་ནོམ་པའི་རོ་མྱང་བས་ཉམས་པའི་སྐྱོན་ནོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། སྣང་བ་ནི་གསལ་བ་དང་བཅས་པར་རོ། །དེར་རྟོགས་པ་ནི་མཐོང་ནས་སོ། །ཁ་དོག་དང་དབྱིབས་ནི་ཁ་དོག་གི་དབྱིབས་སོ་ཞེས་པ་ནི་བླ་ན་མེད་པའི་ཐེག་པ་ལས་ཉམས་པའི་སྐྱོན་


DTG090_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ནང་དུ་ཡང་དག་པར་བཞག་པ་ནི་ཏིང་ངེ་འཛིན་ལ་སྟེ། ཚེ་འདི་ལ་ཞེས་པ་ནི་མཐོང་བའི་ཆོས་ལ་ཐོབ་པའོ། །ལེན་པ་མེད་པ་ནི་ཅུང་ཞིག་ཡོངས་སུ་མི་འཛིན་པ་སྟེ། དུས་རྟག་ཏུ་བྱང་ཆུབ་པར་མ་གྱུར་པའི་རྟག་པར་དེའི་སོ་སོར་སྐྱེ་བ་མེད་པའི་ཕྱིར་རོ། །རྒྱུན་དུ་ནི་སོ་སོར་བདག་གི་དངོས་པོས་སོ་ཞེས་པ་ནི་ཆེད་དུ་བྱ་བ་ལས་ཉམས་པའི་སྐྱོན་ནོ་ཞེས་པ་ནི་བཅུ་ཚན་དང་པོའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ་ཤིང་མཁན་ནི་ཤིང་བཟོ་བའོ། །རི་རབ་ཀྱི་སྟེང་དུ་བལྟ་ན་སྡུག་ཅེས་བྱ་བ་ནི་བརྒྱ་བྱིན་གྱི་གསེར་གྱི་གྲོང་ཁྱེར་ལ་དེའི་དབུས་སུ་རྣམ་པར་རྒྱལ་བ་ཞེས་པའི་ཁང་བཟངས་ཏེ། ལོ་གས་རེ་རེར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་སྟེ། གཅིག་ཏུ་བསྡུས་པས་དཔག་ཚད་སྟོང་ལ་ཉི་མ་དང་ཟླ་བ་ནི་རི་རབ་ཀྱི་ཕྱེད་ཀྱི་ཐད་ཀའི་ཕྱི་རོལ་གྱི་ནམ་མཁའ་ལ་རྒྱུ་བའི་ཤེལ་གྱི་ཁང་པ་ཟླུམ་པོ་སྟེ། གོ་རིམས་ཇི་ལྟ་བ་བཞིན་དུ་དཔག་ཚད་ལྔ་བཅུ་རྩ་གཅིག་དང་དཔག་ཚད་ལྔ་བཅུ་པའི་སྟེང༌། དེའི་དབུས་ཀྱི་ཐད་ཀའི་ཚད་ཀྱིས་དེ་དག་ལ་སྟེ། ཁང་བཟངས་ཀྱི་ཚད་ཆེ་ཆུང་དེས་འདིར་དེ་དག་གི་ཁང་པ་བརྗོད་པར་བྱ་སྟེ། དེ་ཡང་རྣམ་པར་རྒྱལ་བ་ལས་ཤིན་ཏུ་ཚད་ཆུང་བའོ་ཞེས་པ་ནི་ཐབས་ལ་ཀུན་ཏུ་རྨོངས་པའི་སྐྱོན་ནོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་དུ་འཁོར་ལོས་སྒྱུར་བས་ན་འཁོར་ལོས་སྒྱུར་བ་སྟེ། ཡང་ཤེས་པ་ནི་སྐྱེས་བུ་མེད་པར་ནམ་མཁའ་ལ་འགྲོ་བའི་རྩིབས་སྟོང་པ་མུ་ཁྱུད་དང་ལྟེ་བར་བཅས་པ་སྟེ། ལྕགས་དང་ཟངས་དང་དངུལ་དང་གསེར་གྱི་རྣམས་ཇི་ལྟར་རིགས་པའོ། །ཁ་དོག་ནི་འཛམ་བུའི་ཆུ་བོའི་ལ་སོགས་པ་བཞིན་ལ་དབྱིབས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་གཟི་བརྗིད་ཀྱིས་མི་ཐམས་ཅད་ཟིལ་གྱིས་གནོན་པའོ། །མཐུ་ནི་འོད་ཀྱི་དཀྱིལ་འཁོར་ཅན་ལ། རྫུ་འཕྲུལ་ཕུན་སུམ་ཚོགས་པ་ནི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟེ། འཁོར་ལོ་དང༌། གླང་པོ་དང༌། རྟ་དང༌། བུད་མེད་དང༌། བློན་པོ་དང༌། ཁྱིམ་བདག་དང༌། ནོར་བུ་རྣམས་སོ། །རིབ་རིབ་པོར་བྱེད་པ་ནི་རྨོངས་པར་བྱེད་ཅིང་ཡོངས་སུ་མི་གསལ་བར་བྱེད་པའི་ཕྱིར་དང༌། ཆུང་བའི་ཕྱིར་རི་བོ་དེ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ལ་འབྱུང་བར་


DTG090_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེས་པ་ནི། བྱང་ཆུབ་སེམས་དཔའ་འབྱུང་བར་འགྱུར་བའོ། །ཐོབ་པ་ནི་རྙེད་པ་ཙམ་གྱིས་ཏེ། མདོར་བསྡུས་པ་ལ་སོགས་པ་ཐོས་པ་ལ་སོགས་པ་རྣམས་ཀྱིས་རྣམ་པར་ལྡོག་ཅིང་ཁ་ཕྱིར་བལྟས་པར་འགྱུར་ཞེས་པ་ནི་འཁོར་ལོས་སྒྱུར་བ་དང་ཆོས་མཐུན་པ་སྤྲུལ་པའི་སྐུ་ལས་ཉམས་པའི་སྐྱོན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། རོ་ནི་དྲུག་སྟེ་རྫས་ཀྱི་དབྱེ་བས་ཕན་ཚུན་སྦྱར་བ་ལས་ནི་བརྒྱར་འགྱུར་རོ། །དེའི་རོ་བརྒྱ་པའི་ཁ་ཟས་སྤངས་པ་ནི་སེམས་ཀྱིས་ལ་བོར་བ་ནི་ལུས་ཀྱིས་སོ་ཞེས་པ་ནི་ཁ་ཟས་རོ་བརྒྱ་དང་ཆོས་མཐུན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལས་ཉམས་པའི་སྐྱོན་ནོ། འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཟབ་པ་ནི་གཞན་གྱི་དོན་བྱེད་པའི་རྩེ་མོའི་ཕྱིར་དང་འོད་གསལ་ཞིང་དྲི་མ་མེད་པའི་ཕྱིར་ཞེས་པ་ནི་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་པའི་ཆོས་ཀྱི་སྐུ་ལས་ཉམས་པའི་སྐྱོན་ནོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རྣམས་ཀྱི་སྤོབས་པ་བཅོམ་ལྡན་འདས་མ་ལ་མེད་པའི་ཕྱིར་ན་སེམས་རྣམ་པར་གཡེང་བར་བྱེད་དོ་ཞེས་པ་ནི་དེ་དང་དེ་ལ་སྤོབས་པའི་སྐྱོན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིར་མེད་དེ། གཟུགས་དང་དྲི་ལ་སོགས་པ་དང་བྲལ་བའི་ཕྱིར་དང༌། མེད་པའི་ཆོས་ཀྱི་དབྱིངས་དང་རོ་གཅིག་པས་ཡོད་པའི་ཕྱིར་རོ། །ཡི་གེ་མེད་པ་ནི་ཆོས་ཐམས་ཅད་ལ་ཡི་གེ་མེད་པའི་ཕྱིར་རོ། །ཡི་གེ་མེད་པ་མ་ཡིན་པ་ནི་ཡི་གེ་འདི་རྣམས་དེའི་རྒྱུ་མཐུན་པའི་ཕྱིར་ཏེ། འདི་རྣམས་ཀྱིས་ཀྱང་དེ་རྣམས་གསལ་བར་བྱེད་པས་སོ། །དེ་རྣམས་ཀྱིས་ནི་གཞན་པའི་དོན་དེས་མཚོན་དུ་མེད་པ་རྟོགས་པའི་ཕྱིར་རོ། །དེ་ཉིད་བྲིས་ནས་ཡི་གེ་དང་ཡི་གེ་མེད་པར་མངོན་པར་ཞེན་པའི་སྐྱོན་བཞིའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཡུལ་ནི་མ་ག་དྷཱ་ལ་སོགས་པའོ། །གྲོང་ནི་ཕྱུག་པོ་མ་ཡིན་པ་རྣམས་གནས་པའོ། །ཕྱུག་པོ་རྣམས་གནས་པ་ནི་གྲོང་ཁྱེར་རོ། །གྲོང་ཁྱེར་ཉིད་ཀྱི་ཚོང་པ་མང་པོ་གནས་པ་ནི་གྲོང་རྡལ་ལོ། །ལྗོངས་ནི་ཡུལ་གྱི་མིང་ཀཱ་ཤ་ལ་སོགས་པའི་དཀྱིལ་འཁོར་རོ། །དེའི་ཚོགས་ནི་ཡུལ་འཁོར་རོ། །རྒྱལ་


DTG090_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕོ་བྲང་ཡོད་པའི་གྲོང་ཁྱེར་རྒྱལ་པོའི་ཕོ་བྲང་འཁོར་རོ། །ཀུན་སྟོན་པ་ནི་ཚིག་རྐྱང་པའི་སྙན་དང་གས་སོ། །ལ་གཅན་ནི་ཤོ་གམ་གྱི་གཅོད་པའོ། །བི་ཤི་ཀ་ནི་སྲང་བར་རོ། །ཤི་བི་ཀ་ནི་ཤིང་གི་ཁྱོགས་ཁྲིའོ། །འཚོ་བའི་དོན་གྱི་ཡོ་བྱད་ནི་འཚོ་བའི་ཡོ་བྱད་དོ། །དེ་ལྟར་བཞད་གད་དང་སྔོན་གྱི་བྱུང་ཚུལ་ལོ་ཞེས་པ་ནི་འགྲོ་བར་བྱ་བ་ལ་སོགས་པ་ཡིད་ལ་བྱེད་པའི་རྣམ་པར་གཡེང་བའི་སྐྱོན་ཞེས་པ་ནི་བཅུ་ཚན་གཉིས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། བལྟ་བར་བྱ་བ་རྒྱལ་པོ་ལ་སོགས་པ་ཡིད་ལ་བྱེད་པ་སྟེ། རྣམ་པར་གཡེང་བའི་སྐྱོན་ནོ། །ལ་གཅན་གྱི་ཆོ་ལོ་ལྟ་བ་ནི་ཤོ་གམ་གྱི་གནས་སུ་ཤོ་འགྱེད་པ་ལ་སོགས་པ་ལ་ལྟ་བའོ། །ཡང་ཞེས་པ་ལ་སོགས་པ་སྟེ། མེ་ལ་སོགས་པ་ཡིད་ལ་བྱེད་པ་ནི་ཐོབ་བར་བྱ་བ་སྟེ། ཡིད་ལ་བྱེད་པས་རྣམ་པར་གཡེང་བའི་སྐྱོན་ནོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། བར་ཆད་བྱེད་པ་ནི་རྣམ་པར་འཇིག་པའོ། །རྙེད་པ་ནི་ཆོས་གོས་ལ་སོགས་པ་ཐོབ་པའོ། །བཀུར་སྟི་ནི་གུས་པའོ། །ཚིགས་སུ་བཅད་པ་ནི་གྲགས་པའོ། །དེ་རྣམས་ཀྱི་རོ་མྱང་བ་ནི་ཤིན་ཏུ་དགའ་བའོ། །སེམས་ལ་གདུང་བ་ནི་ཆོས་གོས་ལ་སོགས་པ་ལས་རྣམ་པར་ཉམས་པ་རྣམས་ཀྱིས་སོ་ཞེས་པ་ནི་གདུང་བ་དང་རོ་མྱང་བའི་སྐྱོན་ནོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཐབས་མཁས་པ་ནི་གང་གིས་དམན་པའི་བྱང་ཆུབ་ཏུ་མི་ལྟུང་བའོ་ཞེས་པ་ནི་ཐབས་མཁས་པ་དང་བྲལ་བའོ། །དེ་དག་གིས་མདོ་སྡེ་ཟབ་མོ་དག་ལས་དེའི་ལམ་གྱི་སྐྱོན་ནོ། །འདིར་གཞན་ཡང་ཞེས་པའི་གཞན་ཚིག་གཉིས་ཏེ། ཆོས་ཉན་པ་ནི་སློབ་མ་ལ། ཆོས་སྟོན་པ་ནི་བླ་མའོ། །སྙོམ་ལས་ནི་ལེ་ལོ་ལ། བྱ་བ་མང་པོ་དང་ལྡན་པ་ནི་ཁྱིམ་པ་རྣམས་ཏེ། དེ་ཡང་ལེ་ལོ་འོ་ཞེས་འདུན་པ་དང་སྙོམ་ལས་ཀྱིས་བཅོམ་པའོ། །གཞན་ཡང་གི་ཚིག་གཉིས་ཏེ། ཐ་ན་ཞེས་པ་ནི་ལྷག་པ་མེད་པའོ། །སྙོག་པ་དང་ལྡན་པའི་སྒྲ་ཞེས་པའོ། །བློ་དང་ལྡན་པ་ནི་དོན་ཤེས་པས་སོ། །དྲན་པ་དང་ལྡན་པ་ནི་གཉིས་ཀའི་འཛིན་པའོ། །སྤོང་བར་འགྱུར་ཞེས་པ་ནི་ལས་བྱེད་པ་པོས་ཏེ། འགྲོ་བར་འགྱུར་ཞེས་པའི་དོན་ཏེ། འདིར་འདུན་པ་དང་ཡུལ་གཞན་དུ་འགྲོ་བས་ཉམས་པ་དང༌།


DTG090_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་སྨོས་པས་གོ་བ་དང༌། ཅིག་ཤོས་ཉིད་ཀྱིས་ཉམས་པ་དང༌། རྣམ་པར་སྤྲོས་ཏེ་གོ་བ་དང༌། ཅིག་ཤོས་ཉིད་ཀྱིས་ཉམས་པ་དང༌། མངོན་པར་ཤེས་པ་དང༌། ཅིག་ཤོས་ཀྱིས་ཉམས་པའོ་ཞེས་པའི་གཞི་སྟེ། དེ་ལྟར་བཅུ་ཚན་གསུམ་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཟང་ཟིང་ནི་རྫས་ལ་དེ་ལྷུར་ལེན་པ་ནི་རིན་ཆེ་བར་བྱེད་པས་ན་ཞེས་པ་འདི་ནི་ཟང་ཟིང་ལྷུར་ལེན་པའོ། །དེ་བཞིན་དུ་རྙེད་པ་ལ་སོགས་པ་ལྷུར་ལེན་པའོ། །འདོད་པ་ཆུང་བ་ནི་ཇི་ཙམ་གྱིས་རང་ཉིད་འཚོ་བ་དེ་ཙམ་འདོད་ཅེས་པ་ནི་འདོད་པ་ཆུང་བའོ། །ཆོག་ཤེས་པ་ནི་ལྷག་པ་མི་འདོད་པའོ། །རབ་ཏུ་དབེན་པ་ནི་ཁྱིམ་པ་དང་མི་འབྲེལ་བའོ། །དེ་ལྟར་ནོར་སྦྱིན་པར་མི་འདོད་པ་ནི་ཟང་ཟིང་འདོད་པ་ལ་སོགས་མི་སྦྱིན་པས་ཉམས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཉན་པར་འདོད་པ་ནི་སྒྲའོ། །ཡོངས་སུ་གཏོང་བར་འདོད་པ་ནི་ལྟོས་པ་མེད་པར་སྦྱིན་པས་སོ། །དེ་ལྟར་ཡང་ཉམས་པ་གསུམ་སྟེ། དད་པ་དང་ཅིག་ཤོས་ཀྱིས་ཉམས་པ་དང༌། སྦྱིན་པར་འདོད་པ་དང༌། ལེན་པར་མི་འདོད་པས་ཉམས་པ་དང༌། ཉན་པར་འདོད་པ་དང༌། ཆོས་ལ་སེར་སྣས་ཉམས་པའོ་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ཞེས་པ་ནི་གང་ཞིག་ཉན་པར་འདོད་པ་ལ་སྔོན་གྱི་སྐྱེ་བ་རྣམས་ལ་དམ་པའི་ཆོས་སྤོང་བ་ལ་སོགས་པའི་ཆོས་ཀྱིས་ཕོངས་པར་འགྱུར་བ་དེ་ལ་ཡོད་པས་དེའི་དེས་ཆོས་ཀྱི་བར་ཆད་དུ་འགྱུར་བའོ། །འཇུག་པར་མི་འགྱུར་བ་ནི་གཞན་དུ་འགྲོ་བར་མི་འགྱུར་བའོ། །སོ་སོའི་ཚིག་དང་སོ་སོའི་ཀུན་ཏུ་སྤོང་བ་ཞེས་པ་ནི་མདོ་སྡེ་གཞན་མེད་པ་དེས་འདོད་པ་ཉམས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། མི་འདོད་པ་ནི་ཉན་པར་མི་འདོད་པ་སྟེ། ལས་ཀ་གཞན་གྱི་བྲེལ་བས་སོ། །འདིར་འདོད་པ་དང་སྙོབ་ལས་ཀྱིས་ཉམས་པ་དང༌། གཞན་འདོད་པ་དང་མི་འདོད་པས་ཉམས་པའོ། །དེ་ནས་ཀྱི་གཞན་གྱི་ཡང་ཞེས་པ་ལ་སོགས་པའི་ཚིག་གཉིས་ཀྱིས་ནི་གཉིད་ལྷུར་ལེན་པ་དང་འདོད་པ་གཉིད་ཀྱིས་ཉམས་པའོ། །གཞན་ཡང་གི་ཚིག་གཅིག་གིས་ནི་སྡུག་བསྔལ་གྱིས་འཇིགས་ནས་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་སྐྱོན་ནོ། །གཞན་ཡང་ཚིག་གཅིག་གིས་ནི་བདེ་འགྲོའི་བདེ་བ་རྣམས་ཀྱང་སྡུག་བསྔལ་བའི་ཕྱིར་ཞེས་སྲིད་པ་ལ་རྒྱབ་


DTG090_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྱོགས་པའི་སྐྱོན་ནོ། །གཞན་ཡང་ཞེས་པའི་ཚིག་གཅིག་གིས་ནི་གཅིག་ཏུ་དང་འཁོར་ལྷུར་ལེན་པས་ཉམས་པ་ཉིད་དོ། །རྗེས་སུ་ཆགས་པས་འདོད་པ་དང༌། གོ་སྐབས་མི་ཕྱེད་པས་ཉམས་པ་དང༌། མུ་གེ་ལ་སོགས་པའི་ཕྱོགས་སུ་འགྲོ་བ་དང༌། མི་འགྲོ་བས་ཉམས་པའོ། །དེ་ལ་གཅིག་པུ་དང་འཁོར་ལྷུར་ལེན་པ་ཉིད་ཀྱི་བར་ནི་བཅུ་ཚན་བཞི་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འཇིགས་པ་དང་བཅས་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བས་ཉམས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཁྱིམ་ལ་ལྟ་བ་དང་བྱ་བ་མང་པོའི་ཆོས་བསྟན་པ་རྣམས་སོ་སོར་སྤོང་བའི་སྐྱོན་ནོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། །དགེ་སྦྱོང་གི་ཆ་བྱད་ཅན་དུ་འོངས་པ་ནི་བདུད་ཀྱིས་ཐེ་ཚོམ་སྐྱེད་པའི་སྐྱོན་ནོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྤྲུལ་པའི་དགེ་སློང་གི་དགེ་འདུན་དང༌། རང་ཉིད་སངས་རྒྱས་ཀྱི་ཆ་བྱད་ཀྱི་བདུད་ཀྱིས་ཟབ་མོའི་ཆོས་ལ་སྤྱོད་པ་རྣམས་དམན་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་སྐྱོན་ནོ། །དེ་ལྟར་རབ་འབྱོར་ཞེས་པ་ལ་སོགས་པས་གཞིའི་དོན་གསུངས་པ་ནི། བདུད་ཀྱི་ལས་རྣམས་ནི་མང་བ་སྟེ། དེ་རྣམས་ལ་ཡིད་ཆེས་པ་ནི་བློ་ཆུང་བ་ཉིད་དོ། །ཇི་ལྟར་བདུད་ཀྱིས་དེ་རྣམས་ལ་མངོན་པར་སྦྱོར་བ་དེ་ལྟར་སངས་རྒྱས་རྣམས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་གཟུང་བར་འགྱུར་ཞེས་པའོ། །བདུད་ཀྱི་ལས་བསལ་བར་བྱེད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།མཚན་ཉིད་ཀྱི་དབང་དུ་བྱས་ནས་བསྟན་བཅོས་ལས། མཚོན་བྱ་གང་གིས་ཤེས་བྱ་བ། །དེ་ཡི་མཚན་ཉིད་རྣམ་གསུམ་སྟེ། །ཤེས་དང་ཁྱད་པར་དང་བྱེད་པ། །ངོ་བོ་ཉིད་གང་མཚོན་པར་བྱེད། །ཅེས་ཏེ། མཚན་ཉིད་རྣམ་པ་བཞི་སྟེ། དེ་ལ་དེ་བཞིན་གཤེགས་པ་འབྱུང་བ་དང༌། འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །དེ་བསྡུས་པ་དང་ཕྱི་རོལ་སོན། །མི་ཟད་པ་ཡི་རྣམ་པ་དག །ཆགས་བཅས་སོགས་དང་རྒྱ་ཆེན་དང༌། །ཆེན་པོར་གྱུར་དང་ཚད་མེད་དང༌། །རྣམ་ཤེས་བསྟན་དུ་མེད་པ་དང༌། །སེམས་བལྟར་མེད་དང་ཤེས་པ་དེ། །ཕྱེ་བ་ལ་སོགས་ཞེས་བྱ་དང༌། །དེ་ལས་གཞན་ཡང་དེ་དག་ནི། །དེ་


DTG090_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་དང༌། །གཞན་ལ་བསྟན་པ་ཞེས་བྱ་ནི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཤེས་པ་འདི་རྣམས་ལ་སྦྱར་བར་བྱའོ། །ཞེས་ཏེ། དེའི་སེམས་ཀྱིས་བསྡུས་པ་ནི་ལྷན་ཅིག་ཏུལ་ཕྱི་རོལ་དུ་སོན་པ་ནི་རྣམ་པར་གཡེང་བའོ། །རྒྱ་ཆེན་པོ་ནི་ཡངས་པ་སྟེ། འདོད་པའི་ཁམས་མཐའ་དག་ལ་དམིགས་པ་དང་ཚངས་པའི་གནས་ལ་སོགས་པ་ལའོ། །ཆེན་པོར་གྱུར་པ་ནི་གཟུགས་ཀྱི་ཁམས་ལ་དམིགས་པ་སྟེ། འདོད་པ་བས་གཟུགས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །གང་ཚད་མེད་པ་ནི་གཟུགས་མེད་པའི་ཁམས་ཀྱི་དམིགས་པ་དང་དམིགས་པ་མེད་པ་ལའོ། །འདིར་ཕྱེ་བ་དང་བཙུམས་པ་དེ་རྣམས་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པས་སོ། །རྟོག་པ་ནི་དེ་བཞིན་ཉིད་རྣམས་ཏེ་གཞན་རྣམས་ལ་ཡང་བསྟན་པ་སྟེ། དེ་ལ་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། མ་ཞེས་པ་ནི་ཡུམ་མོ། །རེག་པར་མི་གནས་པ་ནི་བདེ་བར་མི་གནས་པའོ། །ཡིད་དུ་མི་འོང་བ་ནི་ཡིད་དུ་འོང་བ་སྟེ། སྡུག་བསྔལ་གྱི་རྒྱུའི་ཕྱིར་རོ། །ལེགས་པར་བཟུང་བ་ནི་ལེགས་པར་རྒྱས་པས་རྒྱས་པར་འགྱུར་བའོ། །སྦ་བ་ནི་བསྲུང་བའོ། །བཅོས་པ་ནི་སྦྱོང་བ་སྟེ། ནད་སེལ་བའི་ཕྱིར་རོ། སྡུག་བསྔལ་གྱི་ཚོར་བ་ཞེས་པ་ནི་ཡུལ་དང་དབང་པོ་དང་ཤེས་པ་འདུས་པ་ལས་སྐྱེས་པའི་སེམས་ལས་བྱུང་བའི་རེག་པ་ནི་སྡུག་བསྔལ་གྱི་རྒྱུའི་ཕྱིར་སྡུག་བསྔལ་ལོ། །མི་མ་ཡིན་པ་ནི་ཡེ་འདྲོག་ལ། ཀུན་ཏུ་བབ་པ་ནི་ཐོག་ལ་སོགས་པའོ། །བདག་གིར་བྱེད་པ་ནི་རང་གིར་འགྱུར་བར་རོ། །དེ་བཞིན་གཤེགས་པ་ཤཱ་ཀྱ་ཐུབ་པའོ། །བཞུགས་གྱུར་པ་ནི་ཆོས་ཀྱི་སྐུས་སོ། །འཚོ་བ་ཉིད་བཞུགས་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུས་སོ་ཞེས་པ་ནི་ཇི་སྲིད་དུ་སྐུ་ཚེ་བཞུགས་པའི་བར་ཏེ། སྤྲུལ་པའི་སྐུས་སོ། །སྟོན་པ་ནི་ཐོབ་པར་བྱེད་པའོ། །འདི་ཉིད་ལ་ཞེས་པ་ནི་སྐྱེད་པ་པོ་ཉིད་ཀྱིས་ཏེ། ཀུན་ཏུ་སྟོན་པ་པོ་ནི་སྟོང་པ་ཉིད་ལ་སོགས་པའི་ངོ་བོས་ཀུན་ཏུ་རྟོགས་པའི་ཕྱིར་རོ་ཞེས་པ་ནི་བཅོམ་ལྡན་འདས་མས་གོ་སྐབས་ཕྱེ་བ་སྟེ། དེ་བཞིན་གཤེགས་པ་འབྱུང་བའི་ཤེས་པའོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། འཇིག་པ་ནི་རྣམ་པར་འཇིག་པ་སྟེ། འཇིག་


DTG090_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཞིང་རབ་ཏུ་འཇིག་པར་འགྱུར་ཏེ། སྐད་ཅིག་མའི་ཕྱིར་དང་རྒྱུད་འགག་པའི་ཕྱིར་ཞེས་པས་འཇིག་རྟེན་ཏེ་བྱེད་པ་པོ་ཡང་ངོ༌། །ངེས་པའི་ཚིག་ནི་ཡི་གེ་རྣམ་པ་ལའོ། །ཇི་ལྟར་ཞེས་པ་ནི་དེས་འདིར་ཅི་ཞིག་ཤིན་ཏུ་ངེས་ཞེས་པ་ལ་དགོངས་པའོ། །དེ་ལྟར་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུས་པའོ་ཞེས་པ་ནི་འཇིག་རྟེན་གྱི་ཤེས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སེམས་ཅན་རྣམས་ཡང་དག་པར་མེད་པ་དང་ངོ་བོ་ཉིད་མེད་པས་ན་ཚད་མེད་པ་དང་གྲངས་མེད་པའོ། །སེམས་ཅན་དངོས་པོ་མེད་ཅེས་པ་ནི་སེམས་ཅན་མེད་པས་སེམས་ཅན་གྱི་སྤྱོད་པ་རྣམས་ཀྱང་མེད་པའི་ཕྱིར་རོ། །འཇིག་རྟེན་གྱི་ཞེས་པ་ནི་སེམས་ཅན་རྣམས་ཀྱང་འཇིག་རྟེན་པའི་ཕྱིར་ཞེས་པ་ནི་གཞལ་དུ་མེད་པའི་སེམས་ཅན་གྱི་སེམས་ཀྱི་སྤྱོད་པའི་ཤེས་པའོ། །གཞན་ཡང་ཞེས་པ་ལ་སོགས་པའི་ཚིག་གཉིས་ཏེ་བསྡུས་པ་ཞེས་པ་ནི་སྒྲོ་བཏགས་པ་ཐམས་ཅད་འདིར་ཟད་པར་བྱེད་པས་སེམས་རང་བཞིན་གྱིས་བསྡུས་པ་སྟེ། གནས་དེ་ནི་འདིར་ཟད་པ་ལ། དེ་ཡང་སེམས་རང་བཞིན་གྱིས་ནི་མི་ཟད་པས་མི་ཟད་པའི་ཕྱིར་རོ། །རྣམ་པར་གཡེང་བ་ནི་ཁ་ཕྱིར་བལྟས་པའི་ཕྱིར་རོ། །མཚན་ཉིད་མེད་ཅེས་པ་ནི་གང་གི་ཕྱིར་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ལ་འདིར་མི་ཟད་པ་ནི་ཆ་ཤས་ཀྱང་མེད་པས་ན་མི་ཟད་པ་དང་མ་བསྡུས་པ་དང་མ་གཡེངས་པའི་ཞེས་པ་ནི་སེམས་བསྡུས་པ་དང་གཡེངས་པའི་ཤེས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། བྱིན་གྱིས་བརླབས་པ་ནི་དེའི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དང་སྙིང་རྗེ་དག་གིས་སོ། །གནས་པ་མེད་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། དོན་དམ་པར་ན་འདིར་དོན་དུ་ན་ངོ་བོ་ཉིད་མེད་པས་སོ་ཞེས་པའོ། །དེའི་ཕྱིར་ན་འདུས་བྱས་པའི་མཚན་ཉིད་མེད་པས་འགག་པ་མེད་པ་ལ་སོགས་པའོ། །རྟེན་མེད་པ་ནི་དབང་པོ་དྲུག་པོ་རྣམས་ཀྱིས་ཀྱང་དེའི་བྱ་བ་མེད་པའི་ཕྱིར་རོ། །ཚད་མེད་པའི་ཕྱིར་གཞལ་དུ་མེད་པའོ། །ཆོས་ཀྱི་དབྱིངས་བཞིན་དུ་དོན་དམ་པར་ན་འཇིག་པ་མི་འཐད་པས་ཟད་པ་མེད་པ་ཡིན་ནོ། །གང་གིས་དེ་ལྟར་མི་གནས་པ་ལ་སོགས་པས་སོ་ཞེས་པ་ནི་སེམས་མི་ཟད་པའི་རྣམ་པའི་ཤེས་པའོ། །མི་ཟད་པའི་རྣམ་པ་དང་ཞེས་པའི་དང་ནི་རྗེས་སུ་བཤད་པ་བསྡུ་བའི་དོན་ཏེ། དེས་ན་ཀུན་ནས་ཉོན་མོངས་པ་


DTG090_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཀུན་ནས་ཉོན་མོངས་པ་མེད་པའི་ཤེས་པ་དང༌། ཞུམ་པ་དང་རབ་ཏུ་བཟུང་བའི་ཤེས་པ་དང༌། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཤེས་པ་ཡོངས་སུ་གཟུང་བར་འགྱུར་རོ། །དེ་ལ་དང་པོ་གསུངས་པ་ནི། གཞན་ཡང་ཞེས་པ་གཉིས་ཀྱིས་ཏེ། ཀུན་ནས་ཉོན་མོངས་པས་ཉོན་མོངས་པ་མ་ཡིན་ཞེས་པ་ནི། ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་དྲི་མ་ཅན་དུ་བྱས་པ་ལ། ཉོན་མོངས་པ་མེད་པ་ནི་ཀུན་ནས་ཉོན་མོངས་པ་དེ་རྣམས་མེད་དེ་དེས་ན་ཀུན་ནས་ཉོན་མོངས་པ་མེད་པས་གནག་དུ་ཀུན་ཏུ་མི་གནས་པ་སྟེ། ཀེ་ཏའི་སྒྲ་ནི་གནས་མ་སེམས་ཀྱི་ཆོས་ཉིད་ལ་ནི་ཡང་དག་པར་གནས་པ་མེད་དེ་དེ་རྣམས་ནི་གློ་བུར་པའི་ཕྱིར་རོ། །རང་བཞིན་ཞེས་པ་ནི་སེམས་ཀྱི་ཆོས་ཉིད་ནི་རང་བཞིན་ཉིད་ཀྱི་རང་བཞིན་གྱིས་འོད་གསལ་བ་དྲི་མ་མེད་པའི་རྟག་པར་ཀུན་ནས་ཉོན་མོངས་པའི་ཞེས་པ་ནི་ཀུན་ནས་ཉོན་མོངས་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་ཤེས་པའོ། །གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། འདི་ཞེས་པ་ནི་གནས་མེད་པ་ནི་ཀུན་ཏུ་གནས་པ་སྟེ། གནས་མེད་པ་ཉིད་ཀྱིས་གནས་པ་སྟེ། སེམས་གནས་པ་ནི་སེམས་ཀྱི་རང་བཞིན་མ་ཡིན་ནོ་ཞེས་པ་ནི་སེམས་གནས་པ་དང་རབ་ཏུ་གཟུང་བའི་ཤེས་པའོ། །གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། ཟག་པ་ནི་ཡང་དག་པ་མ་ཡིན་པའི་རྟོག་པ་རྣམས་ལ། དེ་དང་སྦྱོར་བས་ཟག་པ་དང་བཅས་པ་སྟེ། གང་དུ་ཡོད་པ་མ་ཡིན་པའི་རྟོག་པས་ཡོད་པ་མིན་པའི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ངོ་བོ་རྣམས་སུ་བརྟགས་པའི་ཕྱིར་རོ། །དངོས་པོ་མེད་པ་ནི་སྟོང་པ་ཉིད་གཞོལ་བ་ལ། འདི་རྣམས་ཀྱིས་ཞེས་པ་ནི་ངོ་བོ་ཉིད་མེད་པ་ལ་གཞོལ་བའོ། །དེའི་ཕྱིར་ན་ལྷུན་གྱིས་གྲུབ་པ་སྟེ། འདོད་པ་དང་གཟུགས་དང༌། གཟུགས་མེད་པའི་ངོ་བོ་རྣམས་སུ་རྣམ་པར་འབྱུང་བའི་ཕྱིར་རོ། །དེ་ལ་ཟག་པ་མེད་པའོ་ཞེས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་སེམས་ཀྱིས་ཤེས་པའོ། །གཞན་ཡང་ཞེས་པ་ལ་སོགས་པའི་ཚིག་གཉིས་ཏེ། གང་ཞེས་པ་ལ་སོགས་པ་སྟེ། སེམས་ཀྱི་འདོད་ཆགས་དང་བཅས་པ་ཉིད་ནི་སེམས་ཀྱི་རང་བཞིན་མ་ཡིན་ལ། དེའི་ཕྱིར་ན་འདོད་ཆགས་མེད་པ་དང་འདོད་ཆགས་དང་བཅས་པ་གཉིས་སེམས་དང་བྲལ་བ་སྟེ། སྟོང་པ་ཉིད་པས་དེ་ལྟར་


DTG090_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དང་བཅས་པ་ཁོ་ན་འདོད་ཆགས་དང་བྲལ་བ་ཉིད་དོ་ཞེས་པའི་དོན་ཏོ་ཞེས་པ་ནི་སེམས་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བའི་ཤེས་པའོ། །གཞན་ཡང་ཞེས་པའི་ཚིག་གཉིས་ཀྱིས་ནི་སེམས་ཞེ་སྡང་དང་བཅས་པ་དང་ཞེ་སྡང་དང་བྲལ་བའི་ཤེས་པའོ། །གཞན་ཡང་ཞེས་པའི་ཚིག་གཉིས་ཀྱིས་ནི་གཏི་མུག་དང་བཅས་པ་དང་གཏི་མུག་དང་བྲལ་པའི་སེམས་ཀྱི་ཤེས་པའོ། །འདོད་ཆགས་དང་བཅས་པ་ལ་སོགས་པའི་གཞན་གྱི་སེམས་མྱོང་བས་བཅོམ་ལྡན་འདས་འདོད་ཆགས་ལ་སོགས་པ་ཅན་དུ་ནི་ཇི་ལྟར་ཡང་མི་འགྱུར་ཏེ། གང་དུ་རང་གི་བག་ཆགས་ཀྱི་མཐུ་ལས་འོངས་པའི་འདོད་ཆགས་ཀྱིས་འདོད་ཆགས་ལ་སོགས་པ་ཅན་དུ་འབྱུང་བར་འགྱུར་གྱི། གཞན་གྱི་བག་ཆགས་ཀྱི་སྟོབས་ལས་འོངས་པས་ནི་མ་ཡིན་པས་ན་བཅོམ་ལྡན་འདས་མྱོང་བར་བྱེད་པ་པོར་ཉེ་བར་གཞག་པར་མི་འགྲུབ་པའོ། །ཚད་མེད་པ་དང་ཞེས་པ་བསྟན་བཅོས་སུ་རྗེས་སུ་དང་བཤད་པ་ནི། དེ་ལྟར་རྒྱ་ཆེན་པོ་མ་ཡིན་པ་དང་རྒྱ་ཆེན་པོའི་ཤེས་པ་དང༌། ཆེན་པོར་གྱུར་པ་མ་ཡིན་པ་དང་སྟེ། ཆེན་པོར་གྱུར་པའི་ཤེས་པ་རྣམས་བསྡུས་པའི་དོན་ཏོ། །འདིར་གཞན་ཡང་ཚིག་གཉིས་ནི་ཀུན་ནས་སློང་བ་ནི་རྒྱ་ཆེན་པོ་དང་སྐྱེ་བ་སྟེ། དེ་ཁོ་ན་ཉིད་དུ་ནི་དེ་དང་སྦྱོར་བ་སོ་སོར་བཀག་པས་ཀུན་སློང་བ་མེད་པའི་སྦྱོར་བ་ལ། ཤིན་ཏུ་འཕྲོ་ཞིང་སྐྱེ་བ་སོ་སོར་བཀག་པ་ཀུན་ནས་སློང་བ་མེད་པ་དང་མི་སྦྱོར་བ་སྟེ། ཆོས་ཉིད་ཀྱིས་སོ། །མི་འབྲི་བ་ནི་བསལ་བ་མེད་པ་སྟེ། དེའི་ཕྱིར་རྒྱ་ཆེན་པོ་མ་ཡིན་པའོ། །མི་འཕེལ་བས་ན་དེའི་ཕྱིར་རྒྱ་ཆེན་པོ་མ་ཡིན་པའོ། །རྣམ་པར་གྲོལ་བ་མེད་པ་ནི་ཁྱད་པར་དུ་འགྲོ་བ་མེད་པ་སྟེ། རྣམ་པར་བྲལ་བ་མེད་པའི་ཕྱིར་དང་རྣམ་པར་འགྱུར་བ་མེད་པའི་ཕྱིར་རོ། །སེམས་རྣམས་ཞེས་པ་སྟེ། སེམས་ཀྱི་ཆོས་ཉིད་ལའོ་ཞེས་པ་ནི་སེམས་རྒྱ་ཆེན་པོ་དང་རྒྱ་ཆེན་པོ་མ་ཡིན་པའི་ཤེས་པའོ། །གཞན་ཡང་ཞེས་པ་ལ་སོགས་པའི་ཚིག་གཉིས་ཏེ། །རྒྱང་རིང་པོ་ནས་དྲུང་དུ་འགྲོ་བ་དང་འོང་པ་དང་དྲུང་ནས་རྒྱང་རིང་པོར་འགྲོ་བ་དང་འོང་བ་དང་ཡོངས་སུ་མི་འགྲོ་བས་ན་མ་རྟོགས་པ་སྟེ། དེ་རྣམས་མེད་པས་ན་ཆེན་པོར་གྱུར་པ་མ་ཡིན་པའོ། །སེམས་དེ་དག་མཉམ་པ་ཉིད་ནི་ངོ་བོ་ཉིད་མེད་པར་མཉམ་པས་མཉམ་པ་སྟེ། མཉམ་པ་ནི་དེ་རྣམས་དང་རང་


DTG090_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་ཏེ། དེའི་ཕྱིར་རང་བཞིན་གྱིས་མཉམ་པའོ་ཞེས་པ་ནི་ཆེན་པོར་གྱུར་པ་མ་ཡིན་པ་དང་ཆེན་པོར་གྱུར་པའི་སེམས་ཀྱི་ཤེས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། རྟེན་མེད་པའི་ཕྱིར་ནི་སེམས་ཀྱི་ཆོས་ཉིད་ཀྱིས་ཏེ། །མཉམ་པར་མ་བཞག་པ་དང་མཉམ་པར་མ་བཞག་པའི་ཤེས་པ་དང༌། རྣམ་པར་གྲོལ་བའི་དང༌། རྣམ་པར་ཤེས་པ་རྣམས་བཟུང་སྟེ། འདིར་གསུངས་པ་ནི་ཡང་ཞེས་པའི་ཚིག་གཉིས་ཏེ། དེ་ཡང་རྟེན་མེད་པའོ་ཞེས་པ་དང༌། ཚད་མེད་པའི་ཞེས་པ་ནི་སེམས་ཚད་མེད་པ་ཤེས་པའོ། །བསྟན་བཅོས་སུ་རྣམ་ཤེས་དང་ཞེས་པའི་རང་གིས་ནི་སེམས་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པའི་ཤེས་པ་དང༌། ཐོགས་པ་དང་བཅས་པ་དང་ཐོགས་པ་མེད་པའི་ཤེས་པ་དང༌། བླ་ན་ཡོད་པ་དང༌། བླ་ན་མེད་པའི་ཤེས་པ་དང༌། མཉམ་པར་བཞག་པ་དང༌། མཉམ་པར་མ་བཞག་པའི་ཤེས་པ་དང༌། རྣམ་པར་མ་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཤེས་པ་རྣམས་བཟུང་སྟེ། འདིར་གསུངས་པ་ནི་གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། མཉམ་པ་ནི་བལྟར་མེད་པ་ལ་བལྟ་བར་བྱ་བ་དེ་རྣམས་དེ་ལྟར་བསྟན་དུ་མེད་པ་སྟེ། གང་དུ་སེམས་ཀྱི་རང་བཞིན་ནི་སེམས་ཀྱི་རང་བཞིན་མེད་པ་ཉིད་དོ། །དེ་ཉིད་ཁོ་ན་འདི་རྣམས་ཀྱི་ངོ་བོ་ཉིད་ཅེས་པའི་དབུས་ཀྱི་ཚིག་ཕྱིས་པས་སོ། །མཚན་ཉིད་མེད་པའི་ཕྱིར་ཞེས་པ་ནི་སེམས་ཀྱི་མཚན་ཉིད་ཡང་དག་པར་རིག་པ་ན། དོན་དམ་པར་དེ་གང་དུ་མེད་པའི་ཕྱིར་དང་དངོས་པོའི་ངོ་བོ་ལ་དོན་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པ་དེས་དབེན་པའི་ཕྱིར་རོ། །སྤྱན་གསུམ་ནི་ཤ་དང་ལྷ་དང་ཤེས་རབ་ཀྱིའོ། །ཐམས་ཅད་ལ་ཞེས་པ་ནི་ཆོས་དང་སངས་རྒྱས་ཀྱིས་ཀྱང་ཞེས་པ་ནི་སེམས་བསྟན་དུ་ཡོད་པ་དང༌། བསྟན་དུ་མེད་པའི་ཤེས་པའོ། །གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། མེད་པ་ཞེས་པ་ནི་མེད་ཅིང་ཡོད་པ་མ་ཡིན་པ་ལ་ཡོད་པ་ཉིད་དུ་རྒྱུད་ལས་འཁོར་བ་ཐོག་མ་མེད་པར་བརྟགས་པ་སྟེ། གང་དོན་དམ་པ་སྟོང་པ་ཉིད་དེ་དེའི་ཕྱིར་ན་དམིགས་པའི་དབང་དུ་གྱུར་བ་སྟེ་སྟོང་པའོ། །ཐོགས་པ་དང་བཅས་པ་ནི་ཚད་མས་གནོད་པའི་ཕྱིར་ཏེ། སྐྱེས་པ་དང་མ་སྐྱེས་པ་དང་ཡོད་པ་དང་མེད་པ་དང༌། གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པའི་རྟག་པ་དང་ཆད་པ་ལ་སོགས་པ་དང་གཉིས་དང་ཡང་དག་པ་དང་བདེན་པ་ཉིད་དུ་


DTG090_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་བཏགས་པ་དེ་མེད་པས་གཉིས་སུ་མེད་པ་ཡང་དག་པ་སྟེ། གང་གི་ཕྱིར་དོན་དམ་པར་ནི་མ་བྱུང་མ་སྐྱེས་ཤིང་ཀུན་ཏུ་འབྱུང་བ་གཞན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཀུན་རྫོབ་ཏུའོ། །དེ་ལྟར་ན་ཚད་མ་རྣམས་ཀྱིས་མི་གནོད་པའི་ཕྱིར་ཐོགས་པ་མེད་པའོ་ཞེས་པ་ནི། ཐོགས་པ་དང་བཅས་པ་དང་ཐོགས་པ་མེད་པའི་ཤེས་པའོ། །གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། གང་ཞེས་པ་ནི་བླ་ན་ཡོད་པ་ཡང་བླ་ན་ཡོད་པ་མིན་ཏེ་དེ་ལ་རློམ་པ་མེད་པའི་ཕྱིར་རོ། །རྡུལ་ཕྲ་མོ་ཙམ་ཡང་ཞེས་པ་ནི་གཟུང་བ་དང༌། འཛིན་པ་དང་བྲལ་བ་གཉིས་སུ་མེད་པའི་བདེན་པ་མྱོང་བ་ཡོད་ཅེས་པ་གང་བརྟགས་པ་དེ་ལ་རྡུལ་ཕྲ་མོ་ཙམ་ཡང་ཉེ་བར་དམིགས་སུ་མེད་དེ་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། འདིར་གསུངས་པ་ནི་སྤྲོས་པ་མེད་ཅེས་པའོ། །དེ་བཞིན་དུ་ཉེ་བར་མི་དམིགས་པ་ནི་བླ་མའི་ཕྱིར་བླ་ན་མེད་པ་སྟེ། དབུས་ཀྱི་ཚིག་ཕྱིས་པའོ་ཞེས་པ་ནི་སེམས་བླ་ན་ཡོད་པ་དང་བླ་ན་མེད་པའི་ཤེས་པའོ། །གཞན་ཡང་ཞེས་པའི་ཚིག་གཉིས་ཏེ་མཉམ་པ་ནི་ཆོས་ཀྱི་དབྱིངས་ཏེ། དེས་མཉམ་ཞིང་དེ་ཉིད་དུ་འཇུག་པའོ། །དེ་ལྟར་མིན་པ་ཞེས་པ་སྟེ། མི་མཉམ་པ་དང་མཉམ་པའི་མི་མཉམ་པ་ནི་མི་མཉམ་པར་འགྲོ་ཞིང་རོ་སྣ་ཚོགས་པའི་ཕྱིར་ཏེ། དེའི་ཕྱིར་མཉམ་པར་མ་བཞག་པའོ་ཞེས་པ་ནི། མཉམ་པར་མ་བཞག་པ་དང་བཞག་པའི་སེམས་ཀྱི་ཤེས་པའོ། །གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། རྣམ་པར་མ་གྲོལ་བ་ནི་ཀུན་རྫོབ་ཏུ་གློ་བུར་གྱི་སྒྲིབ་པའི་འཆིང་བ་ཡོད་པས་ལ། དངོས་པོའི་རང་བཞིན་གྱིས་ནི་རྣམ་པར་གྲོལ་བ་སྟེ། གང་དུ་དངོས་པོ་མེད་པ་དང༌། དངོས་པོ་ཡོད་པ་ཉིད་དང་བྲལ་བའི་ངོ་བོ་ཉིད་གང་དག་དེ་ནི་དེ་ལྟར་མེད་པའི་ཕྱིར་ཞེས་ངོ་བོ་ཉིད་དང་བྲལ་བས་རྣམ་པར་གྲོལ་བའོ་ཞེས་པ་ནི་རྣམ་པར་མ་གྲོལ་བ་དང་རྣམ་པར་གྲོལ་བའི་སེམས་ཀྱི་ཤེས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། བལྟར་མེད་པ་ནི་དོན་དམ་པར་སོ་སོར་རང་གིས་རིག་པར་བྱར་མེད་པའི་ཕྱིར་རོ། །རྣམ་པར་རིག་པར་བྱ་བ་མ་ཡིན་པ་ནི་གཞན་གྱིས་རིག་པར་བྱ་བ་མ་ཡིན་པའོ། །གཟུང་དུ་མེད་པ་ནི་རང་དང་གཞན་གཉི་གས་སོ། །འཇིག་རྟེན་གྱི་ཞེས་པ་ནི་སེམས་ཅན་གྱི་བདག་ཉིད་ཀྱིས་འཇིག་རྟེན་ནའོ་ཞེས་པ་ནི་བལྟར་མེད་པའི་སེམས་ཀྱི་ཤེས་


DTG090_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གཞན་ཡང་ཞེས་པའི་ཚིག་གཉིས་ཏེ། ཕྱེ་བ་ནི་ཡོད་པ་ལ་མི་མཐོང་བའི་ཚུལ་གྱིས་ཀུན་ཏུ་གནས་པའོ་ཞེས་པའི་རྣམ་པར་རྟོག་པ་ནི་གྲངས་ཅན་གྱིའོ། །བཙུམས་པ་ནི་དགག་པ་སྟེ། ཐམས་ཅད་ཀྱི་བདག་ཉིད་ཀྱིས་འཇིག་རྟེན་ཞེས་པ་ནི་རྒྱང་འཕེན་པའོ། །ཀུན་ཏུ་ཕྱེ་བ་ནི་དེ་དག་འདུས་པ་སྟེ། འབྱུང་བ་དང་མི་འབྱུང་བ་གཅིག་ཏུ་གནས་པའི་ཕྱིར་དང་ཐ་དད་པར་གནས་པའི་ཕྱིར་ཞེས་པ་ནི་གཅེར་བུ་པའིའོ། །རབ་ཏུ་བཤད་པ་ནི་དེ་དག་དགག་པ་སྟེ། འབྱུང་བ་ཡང་མ་ཡིན་ལ་མི་འབྱུང་བ་ཡང་མ་ཡིན་ཏེ། དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ནི་གང་ཟག་སྨྲ་བའོ། །དེ་ལྟར་ན་བཏགས་པ་ལ་སོགས་པ་རྣམས་ཇི་ལྟར་རིགས་པར་ཤེས་པར་བྱ་སྟེ། དེ་ཐམས་ཅད་ནི་ཕུང་པོ་ལྔ་པོ་ལ་བརྟེན་པའོ་ཞེས་པ་ནི་ཕྱེ་བ་དང་བཙུམས་པའི་ཤེས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནི་དེ་བཞིན་ཉིད་དང་དེའི་བདག་ཉིད་དུ་ཤེས་པས་ནི་དེ་བཞིན་ཉིད་ཀྱིས་རྣམ་པའི་ཕྱེ་བ་དང༌། བཙུམས་པའི་ཤེས་པའོ། །དེ་ལྟར་ན་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་ཉིད་དུ་རབ་ཏུ་ཤེས་པར་བྱེད་ཅིང་དེ་བཞིན་ཉིད་གཅིག་པ་ཅན་དུ་རྣམ་པར་འཇོག་པར་བྱེད་དེ། འདི་རྣམ་པ་རྒྱ་ཆེན་པོས་གསུངས་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་དང་དུ་མ་དང་གཅིག་ཉིད་དང་དུ་མ་ཉིད་དེ་དག་དང་བྲལ་བ་ཉིད་དེ་དེ་དག་ནི་དངོས་པའི་ཆོས་ཀྱི་ཕྱིར་རོ། །ཐ་དད་པ་དགག་པ་ཙམ་ནི་དེའི་གཅིག་པ་ཉིད་ཅེས་པའི་དོན་ཏེ། གང་དུ་དུ་མའི་ཕྱིར་དང་སྣ་ཚོགས་པ་མེད་པའི་ཕྱིར་ཞེས་པ་ནི་དེ་ཁོ་ན་ཉིད་དུ་མ་སྐྱེས་པའི་ཕྱིར་ཞེས་གཅིག་ཉིད་དང༌། དུ་མ་ཉིད་དང་བྲལ་བའི་ཕྱིར་དང༌། ཟད་པ་མེད་པའི་ཕྱིར་ཏེ། ཟད་པ་ནི་ཕྲི་བའོ། །དེ་དང་ལྡན་པ་རྣམས་ཀྱི་མི་དང་གླང་པོ་དང་རྟ་ལ་སོགས་པ་རྣམས་སུ་ཐ་དད་པར་འགྱུར་བ་ནི་ནམ་མཁའ་དང་འདྲ་བ་མ་ཡིན་ལ། དེ་བཞིན་ཉིད་ལ་ནི་གནས་སྐབས་ཐ་དད་པས་ཀྱང་ཐ་དད་པར་མི་འགྱུར་ཏེ་འགྱུར་བ་མེད་པའི་ཕྱིར་ལ། ངོ་བོ་ཉིད་མེད་པ་ཉིད་ཀྱི་མཚན་ཉིད་ལ་ནི་དེ་ལ་དངོས་པོའི་ཆོས་ཀྱི་དབྱེ་བ་མེད་དེ་གཉིས་སུ་མེད་པའི་ཕྱིར་རོ། །དབྱིག་པ་གཅིག་བཅད་ཀྱང་དུ་མར་འགྱུར་བ་བཞིན་དུ་དེ་ལྟར་ཕུང་པོ་ལ་སོགས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཐ་དད་པར་འགྱུར་རོ་ཞེ་


DTG090_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ན། གསུངས་པ་ནི་གཉིས་སུ་བྱར་མེད་པའི་ཕྱིར་རོ་ཞེས་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་དེས་གཅོད་པ་ལ་སྦྱོར་བ་མེད་ཅེས་པ་ལ་དགོངས་པའོ། །འཇིག་རྟེན་ཀུན་ཏུ་སྟོན་པར་འགྱུར་ཞེས་པ་ནི་དེ་གཞན་ལ་བསྟན་པ་ཤེས་པའོ་ཞེས་པ་ནི་དེ་བཞིན་ཉིད་མངོན་པར་བྱང་ཆུབ་པ་གཞན་ལ་བསྟན་པའི་ཤེས་པའོ་ཞེས་པ་ནི་ཤེས་པའི་མཚན་ཉིད་ཉི་ཤུ་རྩ་གསུམ་མོ། །སྟོང་ཉིད་མཚན་མ་མེད་བཅས་དང༌། །སྨོན་པ་རྣམ་པར་སྤངས་པ་དང༌། །སྐྱེ་མེད་འགག་པ་མེད་སོགས་དང༌། །ཆོས་ཉིད་རྣམ་པར་འཁྲུག་མེད་དང༌། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་མ་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་བསྟན་བཅོས་ལས་ཏེ། ལམ་ཤེས་ཉིད་ཀྱི་ཤེས་པ་ནི་རྒྱུ་ལ། ཤེས་པ་ལ་ལྟོས་པ་ནི་འདུན་པ་སྟེ། དེ་ལ་གསུངས་པ་ནི། དེ་ནས་ཡང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་པ་ལ་སོགས་པ་སྟེ། ཆོས་ཞེས་པ་ནི་ཤེས་པའོ། །འདིར་ཤེས་པ་རྣམས་ཀྱིས་དེའི་དམིགས་བྱ་གཞན་བརྗོད་དེ། དེ་བཤད་པས་ཀྱང་དེ་རྟོགས་པ་སྟེ། སྟོང་པ་ཉིད་ལ་སོགས་པ་རྣམས་ལ་གཅིག་པའི་ཚིག་ནི་དམིགས་པ་གཅིག་པའི་ཕྱིར་རོ། །མཚན་ཉིད་རྣམས་ཞེས་པ་ནི་མང་བའི་ཚིག་སྟེ། མཚན་ཉིད་ཐ་དད་པར་ཕྱེ་བས་སོ། །གཞག་ཅེས་པ་ནི་རྣམ་པར་གཞག་པ་སྟེ། འཇིག་རྟེན་གྱི་བརྡ་ལས་དོན་དམ་པར་ཡོད་པ་ནི་མ་ཡིན་ནོ་ཞེས་པ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒྲོའི་ཤེས་པའོ། །སྐྱེ་བ་མེད་པ་ལ་སོགས་པ་བརྒྱད་ནི་གཅིག་ཏུ་བྱས་ཏེ། སྟོང་པ་ཉིད་ཙམ་གྱི་ཕྱིར་ལ། སྟོང་པ་ཉིད་ནི་ངོ་བོ་ཉིད་མེད་པ་ཉིད་དེ། ངོ་བོ་ཉིད་མེད་པ་ལ་ནི་སྟོང་པ་ཉིད་སྐྱེ་བར་འགྱུར་བའམ། འགག་པར་འགྱུར་བའམ། ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་གྱུར་པ་ཡོད་པ་མ་ཡིན་ཞིང་སྲིད་པ་མེད་པ་ཉིད་མྱ་ངན་ལས་འདས་པ་ལ། སྟོང་པ་ཉིད་ནི་ཆོས་ཀྱི་དབྱིངས་ཏེ། འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་ཏེ། རྟག་པར་དེ་བཞིན་ནོ་ཞེས་པས་དེ་བཞིན་ཉིད་དེ། འགྱུར་བ་མེད་པའི་ཕྱིར་རོ། །མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་ཉིད་ལ་སོགས་པ་ཅན་ཇི་ལྟར་མིན་ཞེས་པ་ནི་


DTG090_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་བ་ལ། དེ་ཅིའི་ཕྱིར་ཞེས་པ་སྟེ། གང་གི་ཕྱིར་མི་གནས་ཤིང་ནམ་མཁའ་དང་འདྲ་བས་བསྡུས་ཀྱང་མ་བཞག་པ་སྟེ། གཟུགས་ལ་སོགས་པའི་གྲངས་ཀྱིས་མ་ཡིན་ཞིང་གཟུགས་ལ་སོགས་པའི་མཚན་ཉིད་ཀྱིས་མ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ནི་རང་ཉིད་ཀྱིས་མེད་པའི་ཕྱིར་ན་དེ་རྣམས་ལ་ཡང་གཟུགས་ལ་སོགས་པའི་མཚན་ཉིད་མེད་པའི་ཕྱིར་རོ། །མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་དུ་དེ་ལ་བརྟེན་པ་མ་ཡིན་ཞེས་པས་དེ་བཞིན་དུ་ཡོད་པ་མ་ཡིན་ཏེ། བྱིས་པས་ཡོངས་སུ་བརྟགས་པའོ་ཞེས་པས་གཟུང་དུ་མེད་དོ་ཞེས་པ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཤེས་པའོ། །འདི་དག་མ་བཞག་ཅེས་པ་ལ་སོགས་པ་སྟེ། བསྐྱོད་པ་ཞེས་པ་ནི་རྣམ་པར་དཀྲུགས་པའམ་གནོད་པར་རོ་ཞེས་པ་ནི་ཆོས་ཉིད་རྣམ་པར་འཁྲུག་པ་མེད་པའི་ཤེས་པའོ། །འདི་དག་ནི་གང་གིས་ཀྱང་ལག་གིས་མ་བཞག་ཅེས་པ་ལ་སོགས་པས་ནི་འདུས་མ་བྱས་པའི་ཤེས་པའོ། །དེ་ནས་ཚེ་དང་ལྡན་པ་ཞེས་པ་ལ་སོགས་པ་སྟེ། མངོན་པར་རྫོགས་པར་སངས་རྒྱས་པ་ནི་རྣམ་པར་རྟོག་པར་མ་བྱས་པའོ། །དེའི་ཕྱིར་ཟབ་མོའོ་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཤེས་པའོ། །དེ་བཞིན་གཤེགས་པ་རྣམས་ཞེས་པའི་ཆགས་པ་མེད་པའི་ཡེ་ཤེས་དང་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང༌། གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཀུན་རྫོབ་ཀྱི་མཚན་ཉིད་ཀྱི་དབྱེ་བ་བྱས་པའོ་ཞེས་པ་ནི་རབ་ཏུ་དབྱེ་བའི་ཤེས་པའོ། །ཆགས་པ་མ་མཆིས་པའི་ཡེ་ཤེས་ཞེས་པ་ལ་སོགས་པ་སྟེ། ཆགས་པ་མ་མཆིས་པའི་ཡེ་ཤེས་ནི་དམིགས་པ་མེད་པའི་སྤྱོད་ཡུལ་ཏེ། དེ་ལ་གནས་པ་རྣམས་ཀྱང་དོན་དམ་པར་གཟུགས་ལ་སོགས་པའི་མཚན་ཉིད་རྣམས་ནི་དམིགས་པ་མེད་པའོ་ཞེས་པ་ནི་མཚན་ཉིད་མེད་པ་ཉིད་ཀྱི་ཤེས་པའོ། །དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་བྱེད་མེད་དང༌། །ཀུན་འཇུག་མཁྱེན་པ་གང་ཡིན་དང༌། །མ་མཐོང་སྟོན་པར་མཛད་པ་དང༌། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་མཛད། །བསམ་མི་ཁྱབ་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་མྤ་ཀུན་མཁྱེན་ཚུལ་


DTG090_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་བསྟན་བཅོས་ལས་ཏེ། ཤེས་པ་ཞེས་པ་ནི་ཐམས་ཅད་འབྲེལ་ལོ། །དེ་ལ་གསུངས་པ་ནི། རབ་འབྱོར་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཆོས་ཞེས་པ་ནི་མདོར་བསྟན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་རྒྱས་པར་བཤད་པ་སྟེ། མི་གནས་པས་ཞེས་པ་ནི་མངོན་པར་ཞེན་པ་མེད་པས་སོ་ཞེས་པ་ནི་རང་གི་ཆོས་ལ་བརྟེན་ཅིང་གནས་པའི་ཤེས་པའོ། །ཆོས་ལ་ཞེས་པ་ནི་ཆོས་ལ་གུས་པར་བྱེད་པའི་ཤེས་པའོ། །བླ་ན་མེད་པ་ནི་བླ་མའི་ཤེས་པའོ། །རྗེད་པར་ཞེས་པ་ནི་མཉེས་པའི་ཤེས་པའོ། །མཆོད་པར་ཞེས་པ་ལ་སོགས་པ་སྟེ། རབ་ཏུ་བསྒོམ་པས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པ་ནི་མཆོད་པར་ཤེས་པའོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་བྱེད་པ་པོ་མེད་པ་ཉིད་ཀྱི་ཤེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་པ་ལ་སོགས་པས་ནི་ཀུན་ཏུ་འཇུག་པའི་ཤེས་པའོ། །དེ་སྐད་ཅེས་གསོལ་པ་དང༌། ཚེ་དང་ལྡན་པ་ཞེས་པ་ལ་སོགས་པའི་སྒྲ་གཉིས་པ་ནི་ཇི་ལྟར་ཡང་སྔོན་དུའོ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དེའི་ཕྱིར་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ། །མི་གནས་པ་ནི་ཡོད་པ་དང་མེད་པའི་ཚུལ་གྱིས་མི་གནས་པའི་ཕྱིར་ན། འདིར་ཤེས་པ་དང་གནས་མེད་པས་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ། །འདིར་དེ་ཁོ་ན་ཉིད་དུ་ནི་ཡང་དག་པའི་ཆོས་རྟོགས་ནས་འཇིག་རྟེན་མ་མཐོང་བ་ཉིད་ནི་མཐོང་བའོ། །ཀུན་རྫོབ་ཏུ་ནི་ཇི་ལྟར་སྣང་བ་ཉིད་ཀྱི་དངོས་པོའོ་ཞེས་པ་ནི་མ་མཐོང་བ་སྟོན་པའི་ཤེས་པའོ། །ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་ནི་ཕུང་པོ་ལྔའི་མཚན་ཉིད་དེ་སྟོང་པ་ཉིད་དང་ངོ་བོ་ཉིད་མེད་པ་ཉིད་ཅེས་ད་ལྟར་འཇིག་རྟེན་ལས་གསལ་བར་བྱེད། དེ་ལྟར་ཤེས་པར་བྱེད་ཅིང་དེ་ལྟར་མཐོང་བར་བྱེད་པ་ནི་གདུལ་བར་བྱ་བ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པས་སྐྱེད་པར་བྱེད་དོ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རྣམ་པར་གསལ་བར་བྱེད་པ་ཤེས་པའི་མངོན་སུམ་གྱིས་མཐོང་བའི་ཤེས་པའོ། །དབང་རྟེན་དུ་གྱུར་པ་ཞེས་པའམ་ཁ་ཅིག་སྟེ། དབང་རྟེན་ལ་གནས་པའི་ཕྱིར་མཐོང་བ་པོ་ཞེས་པའི་དོན་ཏོ། །དེ་ལྟར་འཇིག་རྟེན་བསམ་གྱིས་མི་ཁྱབ་པའོ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པའི་


DTG090_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་ཤེས་པའོ། །དེ་ལྟར་ཞེས་པ་ནི་ཞི་བ་ཉིད་སྟོན་པའི་ཤེས་པའོ། །དེ་ལྟར་འཇིག་རྟེན་དབེན་པ་ནི་སྟོང་པ་ལ་འཇིག་རྟེན་ནི་འདིར་འཇིག་རྟེན་གྱི་འདུ་ཤེས་དེའི་རྣམ་པར་དག་ཅིང་འགགས་པ་སྟེ། དེ་ལྟར་ན་སྟོང་པ་ལ་གང་དུ་འཇིག་རྟེན་གྱི་དབྱེ་བ་འདི་རྣམས་གཟུང་བ་འདི་རྣམས་ཡོད་པར་མི་འགྱུར་ཏེ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དེ་ལྟར་མཉམ་པར་བསྟན་ཏེ་ཞེས་པ་ནི་འཇིག་རྟེན་གྱི་འདུ་ཤེས་འགོག་པའི་ཤེས་པ་སྟེ། དེ་ལྟར་ཤེས་པའི་མཚན་ཉིད་རྣམ་པ་བཅུ་གཉིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་བཞིན་གཤེགས་པ་རྣམས་ལ་འཇིག་རྟེན་ཀུན་ཏུ་སྟོན་པ་ནི། འཇིག་རྟེན་བསྟན་པ་ལ་གསལ་བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་བྱས་ཞེས་ཏེ། བཅུ་གཉིས་པའོ།། །།ཁྱད་པར་གྱི་བདག་ཉིད་ཀྱི་མཚན་ཉིད་རྣམས་བརྗོད་པ་ནི་བསྟན་བཅོས་ལས། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་ཏེ་ལམ་རྣམས་ལ་ཁྱད་པར་གཞན་རྣམས་ཀྱིས་ཏེ། དེ་ཡང༌། བསམ་མི་ཁྱབ་དང་མི་མཉམ་དང༌། །གཞལ་དང་གྲངས་ལས་ཡང་དག་འདས། །འཕགས་པ་ཀུན་སྡུད་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཤེས་ཉིད། །ཤེས་མྱུར་བྲི་མེད་གང་མེད་དང༌། །བསྒྲུབ་དང་ཡང་དག་འགྲུབ་པ་དང༌། །དམིགས་པ་རྟེན་དང་བཅས་པ་དང༌། །མཐའ་དག་པ་དང་ཡོངས་འཛིན་དང༌། །རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ། །གང་གིས་ལམ་འདི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་ཏེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་མཐོང་བའི་སྐད་ཅིག་མ་བཞི་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པའོ། །འདི་རྣམས་ཀྱི་ཁྱད་པར་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཉིད་དང༌། མི་མཉམ་པ་ཉིད་དང༌། གཞལ་དུ་མེད་པ་ཉིད་དང༌། གྲངས་མེད་པ་ཉིད་དེ། །དེ་རྣམས་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། བྱ་བ་ཆེན་པོས་ཞེས་པ་གང་དུ་བྱེད་པ་ཆེན་པོས་ཉེ་བར་གནས་པ་སྟེ། དེའི་ཕྱིར་ན་ཟབ་མོ་ཞེས་པ་སྟེ།


DTG090_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་དེ་ལྟར་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་བྱ་བ་ལ། དེ་ཉིད་ཀྱིས་ན་མི་མཉམ་པ་དང་མཉམ་པའི་བྱ་བ་སྟེ། འདིར་ལྔ་ཀའི་ཁྱད་པར་གྱི་བྱ་བ་བསྟན་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཉིད་ཅེས་པ་ནི་ཇི་ལྟ་བའི་ཆོས་དེ་བཞིན་དུ་གཤེགས་པའོ། །སངས་རྒྱས་ཉིད་ནི་རང་ཉིད་མངོན་པར་བྱང་ཆུབ་པའོ། །རང་འབྱུང་བ་ཉིད་ནི་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉིད་དོ། །ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ལ་དག་ཅིང་ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །ཇི་ལྟར་འདི་བྱ་བ་བསམ་གྱིས་མི་ཁྱབ་ཅེ་ན་གསུངས་པ་ནི། མི་ནུས་པ་ཞེས་ཏེ། སེམས་ཀྱིས་ཞེས་པ་ནི་བརྗོད་པ་ཡང་སེམས་ལ་བརྟེན་པའི་ཕྱིར་བསམ་བས་ཡུལ་གཞན་བསམ་པ་རྣམས་ཀྱི་སེམས་དང་བཅས་པ་རྣམས་ཏེ། སེམས་ནི་རྣམ་པར་ཤེས་པ་ལ། དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་ཅིག་ཤོས་སོ། །དེ་ལ་དང་པོ་འཇིག་རྟེན་ལ་ནི་དེ་བཞིན་གཤེགས་པ་ཉིད་ལ་སོགས་པ་མེད་ལ། ཅིག་ཤོས་སུ་འགྱུར་ན་ནི། དེ་ཡང་དེའི་ངོ་བོ་ཉིད་གཟུང་བ་མིན་ཏེ། གང་སེམས་ཀྱི་ཡུལ་མེད་པ་ལ་ནི་སེམས་ལས་བྱུང་བ་རྣམས་དང༌། སེམས་རྣམས་ཡང་དག་པར་རབ་ཏུ་ལྡན་པ་རྣམས་མེད་ལ། གང་བསམ་པར་ཡང་མི་ནུས་པ་དེ་ནི་ཤིན་ཏུ་ཡང་གཞལ་བར་མི་ནུས་ཞེས་གསུངས་པ་ནི། བསམ་པའམ་སྙན་པར་ཞེས་ཏེ། དེའི་དེ་ཉིད་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་འབྲས་བུའི་ཕྱིར་ན་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཉིད་ཀྱིས་མཐོང་བའི་སྐད་ཅིག་མ་རྣམས་སུ་གསུངས་ལ། བསམ་གྱིས་མི་ཁྱབ་པ་དམིགས་པའི་ཕྱིར་ཡང་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །གནས་བརྟན་ཞེས་པ་ལ་སོགས་པས་ནི་དེ་གོ་སྐབས་སོ། །རབ་འབྱོར་ཆོས་ཐམས་ཅད་ལ་ཚད་མེད་པའི་ཕྱིར་ཞེས་པ་ནི་རེ་རེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པ་རྣམས་ལའོ་ཞེས་པའི་དོན་ཏོ། །གཞན་དུ་ན་བསྒྲུབ་བྱ་དང་སྒྲུབ་བྱེད་དག་དབྱེ་བ་མེད་པར་བསྒྲུབ་པའི་ཕྱིར་རོ། །ནམ་མཁའ་དང་མཉམ་པའི་ཕྱིར་ཞེས་པ་ནི་རྒྱུ་མི་མཉམ་པ་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་རྣམས་ཀྱང་ངོ་ཞེས་གསུངས་པའོ། །དེ་ཅིའི་ཕྱིར་ཞེས་པ་དང་འདི་ལྟ་སྟེ་ཞེས་པ་ནི་གཟུགས་ལ་སོགས་པ་ཁོ་ནའོ། །དེ་མ་ལགས་ཞེས་པ་ནི་ཁོ་ན་ཉིད་དུ་ན་ངོ་བོ་ཉིད་


DTG090_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཕྱིར་ཞེས་པ་ལ་དགོངས་སོ། །འདིས་ཀྱང་ནི་དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱིས་ཀྱང་ངོ་ཞེས་པ་ལ་སོགས་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕྱིར་ངོ་བོ་ཉིད་མེད་པ་ནམ་མཁའ་ལྟ་བུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་སོ་ཞེས་བསམ་པའོ། །མི་མཉམ་པར་འགྲོ་བ་ཞེས་པ་དང་འདི་དང་འདི་མཉམ་ཞེས་པ་ནི་གཉིས་མཉམ་པར་ཉེ་བར་གྱུར་པ་འགྱུར་བ་ལས་ཏེ། མཉམ་པར་གྱུར་པ་མེད་ཀྱང་མི་མཉམ་པའོ། །ནམ་མཁའ་བསམ་གྱིས་མི་ཁྱབ་ཅེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ། །རྣམ་པར་ཤེས་པར་གྱུར་ཞེས་པ་ནི་དོན་དམ་པར་ནི་ངོ་བོ་ཉིད་མེད་པའི་རྣམ་པར་ཤེས་པ་ལ་བསམ་གྱིས་མི་ཁྱབ་པ་བརྗོད་པ་ལ་སོགས་པ་ནི་ཀུན་རྫོབ་ཏུའོ་ཞེས་པའི་དོན་ཏོ། །ནམ་མཁའ་ཉེ་བར་ལེན་པ་མེད་པ་ནི་ཉོན་མོངས་པའི་ས་བོན་མ་བཞག་པ་ཉིད་ཀྱིས་ལུས་དང་ངག་དང་བློ་ལ་ཡོན་ཏན་བྲལ་བའི་མཚན་ཉིད་ཀྱི་བག་ཆགས་མེད་པའོ། །ཆོས་རྣམས་ལ་ནི་བདེན་པ་བཞི་པོ་རྣམས་ལ་སྟེ། ཆོས་འདི་ནི་ལམ་ཡིན་པའི་ཕྱིར་དང༌། མིག་ནི་མཐོང་བའི་ཕྱིར་ཞེས་པ་ནི་ཆོས་ཀྱི་མིག་སྟེ་མཐོང་བའི་ལམ་མོ། །དེའི་བཟོད་པའི་སྐད་ཅིག་རྣམས་ཀྱིས་རྡུལ་དང་བྲལ་བར་འགྱུར་ཞིང་ཤེས་པའི་སྐད་ཅིག་རྣམས་ཀྱིས་ནི་དྲི་མ་མེད་ཅིང་རྟག་པར་དག་པའོ། །ཆོས་རྣམས་ལ་ནི་ཆོས་རྣམས་ཐམས་ཅད་ལའོ། །བཟོད་པ་ནི་ཟག་པ་མེད་པའི་ཤེས་རབ་སྟེ། དེ་ཐོབ་པ་ནི་གང་ཞིག་ས་བརྒྱད་པ་ལའོ། །ཡང་བྱ་བ་ཆེན་པོའི་ཁྱད་པར་བརྗོད་པར་འདོད་ནས་གོ་སྐབས་ཕྱེ་བ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། འདིར་འདི་དང་ཡང་དག་པར་ལྡན་པ་ནི་སོ་སོར་འབྲེལ་པའོ་ཞེས་པ་ནི་སྡུག་བསྔལ་གྱི་སྐད་ཅིག་མ་བཞི་པའོ། །གཟུགས་ཡོངས་སུ་མི་འཛིན་ཞེས་པ་ལ་སོགས་པ་སྟེ། ཡོངས་སུ་འཛིན་པར་བྱེད་ཅེས་པ་ནི་ཡོངས་སུ་འཛིན་པའི་འདུ་ཤེས་སོ། །མངོན་པར་ཞེན་པ་ནི་དངོས་པོར་འཛིན་པ་སྟེ། དེ་དག་གི་རྣམ་པའི་དགྲ་བཅོམ་པ་ཉིད་དོ་ཞེས་པའོ། །དེ་བཞིན་དུ་ཐམས་ཅད་ཤེས་པ་ལ་སོགས་པ་རྣམས་ལ་ཡོངས་སུ་འཛིན་པ་མེད་པ་དང་མངོན་པར་ཞེན་པ་མེད་པ་དག་གིས། ཡང་དག་པར་འཛིན་པའི་འཕགས་པ་ཐམས་ཅད་ཀྱིས་ཀུན་ཏུ་འཛིན་པའི་ཁྱད་པར་གྱིས་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ། །རབ་འབྱོར་གྱིས་


DTG090_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ་ཞེས་པ་ལ་སོགས་པ་སྟེ། འདི་རྣམས་ཀྱིས་བསྟན་པ་ལ་སྐལ་བ་མེད་པ་གསུངས་ལ། འོན་ཀྱང་ཞེས་པ་ལ་སོགས་པས་ནི་སྐལ་བ་དང་ལྡན་པ་རྣམས་སོ། །རྒྱུ་ནི་རིགས་ལ་བགྱི་བ་བགྱིས་པ་ནི་བསོད་ནམས་ལྷག་པར་རོ། །དགེ་བའི་རྩ་བ་ནི་བཅོམ་ལྡན་འདས་མ་མཉན་པ་ལ་སོགས་པའོ། །གང་གིས་ནི་ཟབ་པས་སོ། །བལྟ་བར་དཀའ་བ་ནི་བྱང་བར་དཀའ་བའི་ཕྱིར་རོ། །འདི་ཡང་ནི་ཡང་དག་པའི་ལྟ་བ་ལ་རྟོགས་པར་དཀའ་བ་ནི་མི་ཤེས་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་རོ། །བགྲོད་པར་དཀའ་བའི་ཕྱིར་ཏེ། འདིར་ནི་མཁས་པས་རིག་པར་བྱ་བ་སྟེ། ཆོས་ཤེས་པའོ། །གལ་ཏེ་ཞེས་པ་ལ་སོགས་པ་སྟེ། དད་པས་རྗེས་སུ་འབྲང་བ་ནི་ཚོགས་ཀྱི་ས་པ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པའོ་ཞེས་པ་ནི་གཞན་དག་གིའོ། །དེའི་ས་ལ་བསྐལ་པ་དང་དེ་བས་ལྷག་པ་ནི་བསྐལ་པ་བས་ལྷག་པའོ། །བཟོད་པ་ནི་ཆོས་ལ་ངེས་པར་གཞོལ་བའི་བཟོད་པའོ། །ཟག་པ་མེད་པའི་ཤེས་རབ་བོ། སྲིད་པ་ནི་མངོན་པར་འདོད་པའོ། །ཚོལ་བ་ནི་ཇི་ལྟར་ན་དེ་ཞེས་པས་སོ། །སེམས་པ་ནི་རིགས་པ་རྣམས་ཀྱིས་སོ། །འཇལ་བ་ནི་ཡོངས་སུ་བཅད་ནས་དེ་ལྟར་གྱུར་པ་ལའོ། །ཉེ་བར་རྟོགས་པ་ནི་སོ་སོར་རྟོགས་པས་སོ། །ཉེ་བར་སེམས་པ་ནི་མང་དུ་བྱེད་པས་སོ། །འདི་ཉིད་ཅེས་པ་ནི་ཐུན་མོང་མ་ཡིན་པར་ཤེས་ནས་ཐུན་མོང་མ་ཡིན་པ་དེའི་ཁྱད་པར་བྱེད་པའི་ཕྱིར་རོ། །ཤེས་པར་བྱེད་ཅེས་པས་ནི་ཤེས་པ་ལ། མཐོང་བའི་ཕྱིར་ཞེས་པ་ནི་ཐུན་མོང་མ་ཡིན་པའི་ཤེས་པ་དེའི་ཁྱད་པར་གྱིས་ཏེ། རྗེས་སུ་ཤེས་པའི་བཟོད་པའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པ་སྟེ། འདི་ལ་སྤྱོད་པ་ན་མྱ་ངན་ལས་འདས་པ་སྟེ། རང་གི་བྱང་ཆུབ་པོ་ཞེས་པ་ནི་མྱུར་དུ་མངོན་པར་ཤེས་པ་སྟེ་རྗེས་སུ་ཤེས་པའོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་པ་ནི་ནམ་མཁའ་དང་མཉམ་པས་སོ། །དང་པོ་ནི་རྐང་པ་གཉིས་ཀྱིས་སོ། །འདིས་ནི་ཇི་ལྟར་ནམ་མཁའ་ལ་མི་སྣང་ནས་རང་གི་གནས་ཐོབ་པར་འགྱུར་ཏེ། ནམ་མཁའ་ལ་ནི་འབྲི་བའམ་གང་བ་མེད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མི་སྣང་བའི་དམན་པ་མཆོག་གི་བྱང་ཆུབ་ཐོབ་པར་འགྱུར་ཏེ། དེ་ལ་ནི་འབྲི་བ་དང་གང་བ་ཉིད་མེད་དོ་ཞེས་པ་ནི་འབྲི་བ་དང་གང་བ་མེད་པའི་ཁྱད་


DTG090_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས་ཏེ། འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ལེའུ་ནི་བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཞེས་པ་ལ་སོགས་པ་སྟེ། ཐོས་པ་དང་ལྷན་ཅིག་པ་ནི་ཐོས་པ་ཉིད་ལ་མོས་པ་ནི་མ་ཡིན་པའོ། །མི་འགོང་པ་ནི་སྤྲོ་བ་དམན་པ་མ་ཡིན་པའོ། །ཀུན་ཏུ་མི་ཞུམ་པ་ནི་མི་སྤྲོ་བ་མིན་པའོ། །རྣམ་པར་མི་གནས་པ་ནི་མི་ལྡོག་པའོ། །སོ་མ་ཉི་ནི་ཕྱིན་ཅི་ལོག་གིའོ། །རྨོངས་པ་ལ་སོགས་པ་རྣམས་མེད་པས་ན་རྨོངས་པར་མི་འགྱུར་བ་ཞེས་པ་ལ་སོགས་པའོ། །མངོན་པར་དགའ་བ་ནི་མངོན་པར་འདོད་པའོ། །མི་སྤོང་བ་ནི་བཏང་སྙོམས་སུ་མི་བྱེད་པའོ། །ཕྱིར་ཕྱོགས་པ་ནི་རྒྱབ་ཏུ་ཁ་ཕྱིར་བལྟས་པའོ། །རྗེས་སུ་འབྲེལ་བ་ནི་ཇི་ལྟར་འདུན་པས་རྗེས་སུ་གནས་པ་སྟེ་རྒྱུན་དུའོ། །ཕྱི་བཞིན་འགྲོ་བར་འགྱུར་བ་ཞེས་པ་ནི་མདོར་བསྟན་པ་ལ་མི་གཏོང་བར་འགྱུར་ཞེས་པ་ནི་རྒྱས་པར་བཤད་པ་སྟེ། ལུས་ལ་ཐོགས་པ་ཞེས་པ་ནི་མདུན་དུ་གྱུར་པ་ཉིད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་རིགས་གསུམ་རྣམས་ཀྱིས་སྒྲུབ་པ་ལ་གནས་པས་ཁྱད་པར་དུ་འགྱུར་རོ་ཞེས་པ་ནི་ཆོས་ཤེས་པའོ། །གང་གིས་ཞེས་པ་ལ་སོགས་པ་སྟེ། བློ་རྒོད་པར་འགྱུར་བ་ནི་རྣམ་པར་གཡེང་བའོ། །རས་བལ་གྱི་འདབ་མ་བཞིན་དུ་ནི་འཕྲོག་པར་འགྱུར་བའོ། །འཛིན་པ་ནི་ཤེས་པའོ། །ཞུགས་པ་ནི་རྗེས་སུ་གནས་པའོ། །ཡོངས་སུ་བསྐོར་བར་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་སྟེ། གསུམ་པོ་ལ། རྗེས་སུའི་སྒྲ་ནི་རྗེས་སུ་འབྲེལ་པ་ཞེས་པའི་དོན་ཏོ་ཞེས་པ་ནི་ས་གསུམ་གྱིས་ཡང་དག་པར་བསྒྲུབ་པའི་འབྲས་བུའི་ཕྱིར་རོ་ཞེས་པ་སྟེ། རྗེས་སུ་ཤེས་པའི་བཟོད་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། དུས་ནི་འཆི་བའིའོ། །བདེ་བ་ཞེས་པ་ནི་མི་འཇིགས་པར་རོ། །བར་ཆད་ནི་གེགས་བྱེད་པའི་དངོས་པོའོ། །མ་སྨས་པ་ནི་མ་སྣད་པའོ། །ཉེ་བར་འཚེ་བ་མེད་པ་སྟེ་ཉེ་བར་འཚེ་བའི་བར་ཆད་མེད་པའི་ཕྱིར་རོ། །གང་དུ་ཞེས་པ་ནི་དབུས་སུའོ། །ཡ་ང་བའི་ལས་ནི་ལོག་པའི་ལམ་མོ། །འགྲོ་བར་འགྱུར་བ་ནི་ཡ་ང་བར་ལྟུང་བའོ། །དད་པ་ལ་སོགས་པ་ཡོད་པས་བཅོམ་ལྡན་འདས་མ་ལ་སྦྱོར་བའོ། །དད་པ་ཡོད་པ་ཉིད་ནི་ཡོན་ཏན་དང་ལྡན་པར་


DTG090_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་ཉིད་ལ་ཡང་དག་པར་ཡིད་ཆེས་པའོ། །བཟོད་པ་ནི་མི་སྐྱེ་བ་ལ་སོགས་པའི་ཆོས་ལ་བཟོད་པ་དང་སྦྱོར་བ་དང་བཅས་པ་རྩོམ་པ་ཉིད་ལའོ། །སྲེད་པ་ནི་སྦྱོར་བ་རྩོམ་པར་འདོད་པ་ཉིད་ལའོ། །འདུན་པ་ནི་གོང་ནས་གོང་གི་གནས་སྐབས་རྣམས་ལའོ། །བརྩོན་འགྲུས་ནི་སྦྱོར་བ་ལ་སྤྲོ་བའོ། །བག་ཡོད་པ་ནི་དགེ་བ་དང་མི་དགེ་བ་དག་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་བརྟེན་པ་དང་མི་བརྟེན་པའོ། །མོས་པ་ནི་བསྒྲུབ་པར་བྱ་བ་བསྒྲུབ་པ་ལའོ། །དེ་ལྟར་ཞེས་པ་ནི་ངེས་པར་བསྟན་པས་སོ། །ལྷག་པའི་བསམ་པ་ནི་ལྷག་པར་གཞོལ་བའོ། །སྟོང་པ་ནི་སྒྲུབ་པའི་བར་དུ་གཅོད་པ་རྣམས་སོ། །གུས་པ་ནི་སངས་རྒྱས་ལ་སོགས་པ་རྣམས་སྒྲུབ་པ་ལས་མི་འདའ་བར་ཐམས་ཅད་དུ་མི་སྟོང་པའོ། །དགའ་བ་ནི་སྒྲུབ་པར་བྱེད་པ་ལའོ། །མགུ་བ་ནི་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་བསྒྲུབས་པས་མངོན་དུ་བྱེད་པའོ། །རབ་ཏུ་དང་བ་ནི་ཇི་སྐད་དུ་བཤད་པའི་བསྒྲུབས་པའི་ཡོན་ཏན་དང་ལྡན་པས་གུས་པའི་ཁྱད་པར་རོ། །དགའ་བ་ནི་བསྒྲུབ་པར་ནུས་པ་ཉིད་ཀྱིས་སོ། །བརྩོན་པ་མི་གཏོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་སྨོན་ལམ་ལ་སྦྱོར་བའི་དམ་བཅའ་བའི་ཁུར་དང་བརྩོན་འགྲུས་ཀྱི་ཁུར་མི་འདོར་བའོ། །གནས་པར་འགྱུར་ཞེས་པ་ནི་དམིགས་པའི་ཁྱད་པར་གྱིས་ཏེ། རྗེས་སུ་ཤེས་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཐབས་ལ་མཁས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོས་ཡོངས་སུ་བཟུང་བས་ཞེས་པ་ནས་ཇི་སྲིད་དུ་གནས་པར་འགྱུར་ཞེས་པ་ནི་རྟེན་གྱི་ཁྱད་པར་གྱིས་ཏེ། ལམ་ལ་ཆོས་ཤེས་པའི་བཟོད་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། མཉམ་པ་ནི་མ་ལུས་པར་སྦྱོར་བ་ཉིད་ཀྱིས་བྱ་བ་ཐམས་ཅད་ལའོ། །ལྡན་ནས་ནི་རྗེས་སུ་མཐུན་པས་སོ། །ཐེག་པ་ནི་ཐེག་པའི་སྣོད་དུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་དག་གིས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་དག་མ་ལུས་པས་སོ་ཞེས་པ་ནི་ཆོས་ཤེས་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། བཤམས་པ་ནི་མཐའ་དག་ལ་སྦྱར་བ་ནི་བྱེད་པ་ཐམས་ཅད་ཀྱིས་སོ། །མཐུན་པ་ནི་རྗེས་སུ་མཐུན་པས་སོ། །ཐེག་པ་ནི་བཞོན་པ་སྟེ་སྣོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་


DTG090_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་སྟོང་པ་དང༌། སྙིང་རྗེ་དག་དང་མ་བྲལ་བས་ཞེས་པ་ནི་ཆོས་ཤེས་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ་བརྒྱ་ཉི་ཤུ་ཞེས་པ་ནི་ཚེ་ལོ་བརྒྱ་དང་ཉི་ཤུའོ། །ཡོངས་སུ་གཟུང་བ་ནི་གཞན་གྱིས་སོ། །ཁྲི་ནི་མལ་ཁྲིའོ། །འཇིག་པ་ནི་ཟད་པར་རོ། །གང་གིས་ནི་ཕྱོགས་གང་དུ་ཇི་སྲིད་དུ་རིང་པོར་རོ། །གནས་པ་ནི་གྲོང་ཁྱེར་རོ་ཞེས་པ་ནི་ཡོངས་སུ་གཟུང་བས་ཏེ། རྗེས་སུ་ཤེས་པའི་བཟོད་པའོ། །ཉེ་བར་མཚོན་པ་ནི་དཔེ་སྟེ། རྒྱ་མཚོའི་གྲུ་ལ་སོགས་པའོ། །དེ་བརྗོད་པའི་ལེའུ་སྟེ་དེའི་དཔེའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཞེས་པ་ལ་སོགས་པ་སྟེ། གནས་པར་བྱ་བ་ནི་སྒྲུབ་པས་སོ། །བསླབ་པར་བྱ་བ་ནི་ཡོངས་སུ་ཤེས་པ་ལའོ། །བསྟེན་པར་བྱ་བ་ནི་ཡོངས་སུ་གཏོང་བས་སོ། །བསྙེན་པར་བྱ་བ་ནི་ཀུན་ཏུ་བརྟེན་པས་སོ། །རྣལ་འབྱོར་ཞེས་པ་ནི་རབ་ཏུ་སྦྱོར་བའམ་མངོན་པར་སྦྱོར་བའོ། །མ་བསྙེམས་ཞེས་པ་ནི་དེ་དངོས་པོར་མི་འཛིན་པའོ། །མི་བསྙེམས་པའོ་ཞེས་པ་ནི་ཆོས་རྣམས་ཐམས་ཅད་རྣམ་པར་རྟོག་པ་མེད་པའོ། །ཡོངས་སུ་སྦྱོར་བ་ནི་གོམས་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཡོངས་སུ་བསྔོ་བ་ནི་རློམ་པ་མེད་པ་དང་རོ་མྱང་བ་མེད་པའི་ཁྱད་པར་གྱིས་ལམ་ལ་རྗེས་སུ་ཤེས་པའོ། །བྱེད་པ་རྣམ་པ་བཅུ་གཅིག་སྟེ་དེ་ནི་བསྟན་བཅོས་ལས། ཕན་དང་བདེ་བ་སྐྱོབ་པ་དང༌། །མི་རྣམས་ཀྱི་ནི་སྐྱབས་དག་དང༌། །གནས་དང་དཔུང་གཉེན་གླིང་དང་ནི། །ཡོངས་འདྲེན་པ་ཞེས་བྱ་བ་དང༌། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་དུ་མི་བྱེད་བདག །ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་ཏེ་དེ་ལ་གསུངས་པ་ནི་རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། དཀའ་བ་བགྱིད་པ་ཞེས་པ་ལ་སོགས་པས་ནི་གོ་སྐབས་སོ། །འཇིག་རྟེན་ལ་ཕན་པ་ཞེས་པ་ནི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་ལྔའི་སེམས་ཅན་ཡོངས་སུ་དགྲོལ་བར་བྱས་ནས་དེ་རྣམས་མི་འཇིགས་པའི་མྱ་ངན་ལས་འདས་པ་ལ་བཀོད་ཅིང་ཞེས་པའི་ཕན་པ་ནི་བྱེད་པའོ། །འཇིག་རྟེན་ལ་བདེ་བ་ཞེས་པ་ནི་སེམས་ཅན་རྣམས་མྱ་ངན་ལས་འདས་པའི་བདེ་བ་ལ་བཀོད་ནས་ཞེས་པ་ནི་བདེ་བ་བྱེད་པའོ། །འཇིག་རྟེན་གྱི་སྐྱོབ་པ་ལ་སོགས་པ་ནི་མདོར་བསྟན་པ་ལ། ཇི་ལྟར་ན་ཞེས་པ་ནི་


DTG090_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་བརྒྱད་པོ་རྣམས་ཀྱིས་ནི་རྒྱས་པར་བཤད་དེ། དོན་དུ་གཉེར་ཞེས་པ་ནི་གོ་ཆ་བགོ་བའོ། །བརྩོན་འགྲུས་ནི་སྦྱོར་བ་ལའོ། །སྐྱབས་སུ་འགྱུར་བ་ནི་སྐྱབས་བྱེད་པས་སོ་ཞེས་པ་ནི་སྐྱབས་ཀྱི་བྱེད་པའོ། །སྐྱེ་བ་ལ་སོགས་པ་ཉིད་ཀྱི་ཆོས་དེ་ལ་སྦྱོར་བས་སྐྱེ་བ་ལ་སོགས་པའི་ཆོས་ཅན་ལ་སྐྱོབ་པར་འགྱུར་རོ་ཞེས་པ་ནི་སྐྱོབ་པའི་བྱེད་པའོ། །གང་ལ་འབྲེལ་པ་མེད་པ་དེ་ནི་སྦྱོར་བ་མེད་པའོ། །གང་ལ་སྦྱོར་བ་མེད་པ་དེ་ནི་འབྲེལ་པ་མེད་པའོ་ཞེས་པའི་གཉི་ག་ཕན་ཚུན་ཐ་དད་པ་གསུངས་པ་སྟེ། འབྲེལ་པ་མེད་པའི་མཚན་ཉིད་ཀྱི་ནི་སྐྱེ་བ་མེད་པ་སྟེ་གདོད་མ་ཉིད་ནས་མ་སྐྱེས་པའོ། །འགག་པ་མེད་པ་ནི་སྐྱེས་པ་མེད་པ་ཉིད་ཀྱིས་སོ། །དེའི་ཕྱིར་ན་སྐྱེ་བ་དང་འགག་པ་དག་གིས་སྦྱོར་བ་མེད་པ་ལ། འབྲེལ་པ་མེད་པ་ཡང་དེ་དག་ཉིད་ཀྱིས་ཏེ། ཆོས་ཉིད་ཙམ་གྱི་ཕྱིར་རོ་ཞེས་པ་དགོངས་པའོ། །དེ་ལྟར་ཤེས་ཤིང་མཐོང་བས་སྦྱོར་བ་མེད་པར་འགྱུར་རོ། །འདིར་ནི་གནས་པར་བྱས་པས་གནས་ཏེ། དེ་བསྟན་པས་གནས་སུ་འགྱུར་རོ་ཞེས་པ་ནི་གནས་ཀྱི་བྱེད་པའོ། །དཔུང་གཉེན་ནི་ཕ་རོལ་ཐོབ་པ་པོ་ལ་གཟུགས་ཀྱི་ཕ་རོལ་ནི་སྟོང་པ་ཉིད་དེ་དེ་ལ་ནི་གཟུགས་མེད་དེ་ཀུན་རྫོབ་ཏུ་དབྱེ་བ་ནི་ཐ་སྙད་ཀྱི་ཕྱིར་རོ། །དོན་དམ་པ་ལ་ནི་ཇི་ལྟར་གཟུགས་ཀྱི་ཕ་རོལ་སྟོང་པ་ཉིད་དེ་ལྟར་གཟུགས་སོ་ཞེས་པས་སོ། །དེ་ཉིད་གཟུགས་ཀྱི་ངོ་བོ་ཉིད་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། སྟོང་པ་ཉིད་དག་ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམས་དང་དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི་ཡང་ངོ༌། །འོ་ན་དེ་ཉིད་མཁྱེན་པ་མངོན་པར་བྱང་ཆུབ་པའོ་ཞེས་དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། ཆོས་ཉིད་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ཡང་ཞེས་པ་ལ་སོགས་པ་ནི་ལན་ཏེ། དེ་ལྟར་ན་ཇི་ལྟར་མཁྱེན་པར་འགྱུར་ཞེས་པ་གསུངས་པ་ནི། འདི་ལྟར་བདག་ཅག་གི་ཞེས་པ་ལ་སོགས་པ་སྟེ། མཆོག་ནི་ཕ་རོལ་ལ་དེ་ལས་བྱུང་བའི་ཤེས་པའི་ཆོས་དེ་ཡིས་བསྟན་པས་དཔུང་གཉེན་དུ་འགྱུར་ཞེས་པ་ནི་དཔུང་གཉེན་གྱི་བྱེད་པས་སོ། །སྔོན་གྱི་མཐའ་ནི་སྐྱེ་བ་ལ་ཕྱི་མའི་མཐའ་ནི་འགག་པའོ། །འདི་དག་གིས་ཡོངས་སུ་ཆད་པ་ནི་ཡོངས་སུ་བཏང་བ་སྟེ། ཆོས་རྣམས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གང་


DTG090_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་དག་གིས་དེ་རྣམས་ཡོངས་སུ་བཅད་པས་འདི་རྣམས་ཞི་བ་སྟེ། སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར་རོ། །གྱ་ནོམ་པ་ནི་མི་གཙང་བའི་ཉོན་མོངས་པ་ཉེ་བར་ཞི་བའི་ཕྱིར་རོ། །མྱ་ཉན་ལས་འདས་པ་ནི་ཡང་སྲིད་པ་ཟད་པའི་ཕྱིར་རོ། །ཇི་ལྟ་བ་བཞིན་ནི་དོན་དམ་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ནི་ཕྱིན་ཅི་ལོག་གི་དམིགས་པ་མེད་པའི་ཕྱིར་ལ། དེ་ཉིད་གླིང་དང་ཆོས་མཐུན་པས་གླིང་སྟེ། ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱི་ཆོས་ཀྱི་དབྱིངས་དེས་སྟོན་པས་ན་གླིང་དུ་གྱུར་པའོ་ཞེས་པ་ནི་གླིང་གི་བྱེད་པའོ། །སྒོ་ངའི་ཕྱི་རོལ་གྱི་ཆ་ནི་སྦུབས་ཏེ། གཡོགས་པར་བྱེད་ཅིང་སྦྱོར་བ་མེད་པས་སྒོ་ང་ལས་འདིར་སྐྱེས་ཞེས་བྱ་བའོ། །ལིང་ཏོག་ནི་མཐོང་བ་དང་འགལ་བའི་ཕྱིར་ཏེ། དེ་ནས་མ་རིག་པའི་སྒོ་ངའི་སྦུབས་དང་ལིང་ཏོག་གིས་ཀུན་ཏུ་ཁེབས་པ་སྟེ། དེ་ཉིད་ཀྱིས་ན་གཏི་མུག་གི་མུན་པར་བྱས་པའོ། །སྣང་བར་ཞེས་པ་ནི་སྣང་བར་བྱེད་པས་མུན་པ་བཅོམ་ཞིང་སེལ་བར་བྱེད་ཅིང་དེ་ལྟར་འདི་རྣམས་ལ་སྣང་བར་བྱེད་པས་ན་སྣང་བར་འགྱུར་རོ་ཞེས་པ་ནི་སྣང་བར་བྱེད་པའོ། །དེ་ཡང་གླིང་དང་སྣང་བ་ནི་ཆོས་མཐུན་ཏེ། ལུང་ལའོ། །འོན་ཀྱང་གླིང་ཐོབ་པར་བྱེད་ཅེས་པས་གླིང་ལ་དེད་དཔོན་དང་དེའི་ལས་ཀྱི་གླིང་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའི་རིན་པོ་ཆེའི་གླིང་གི་ཚུལ་གྱིས་ཏེ། འདིར་ཡུམ་བར་མ་ལས་རྣམ་པ་གསུམ་དུ་གླིང་གི་བྱེད་པས་གསུངས་སོ། །རང་བཞིན་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དེ། དེས་ན་དེ་རྣམས་ལ་སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཆོས་བསྟན་པ་ནི་ཡོངས་སུ་འདྲེན་པ་སྟེ། འདི་ཡོངས་སུ་སྒྲོལ་བ་པོ་དང་དོན་དམ་པར་རྟོགས་པ་པོའི་ཞེས་པ་ནི་ཡོངས་སུ་འདྲེན་པའི་བྱེད་པའོ། །ཐེག་པ་གསུམ་པོ་རྣམས་ཀྱིས་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱེད་པ་ནི་ལྷུན་གྱིས་གྲུབ་པའི་བྱེད་པའོ། །ཐེག་པ་གསུམ་པོ་རྣམས་ཀྱིས་འབྲས་བུ་མངོན་སུམ་དུ་མཛད་པའི་བྱ་བའི་བདག་ཉིད་ཅན་ཞེས་པ་ནི་ཀུན་ནས་ཉོན་མོངས་པ་ཅན་དང༌། རྣམ་པར་བྱང་བ་ཅན་གྱི་ཆོས་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་བགྲོད་བྱ་དང་བགྲོད་པའི་འབྲས་བུ་མངོན་སུམ་དུ་བྱེད་པའི་བྱ་བ་བཀག་པས་སོ་ཞེས་པ་ནི། ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་དེའི་འབྲས་བུ་མངོན་སུམ་དུ་མི་བྱེད་པའི་བྱེད་པའོ། །ནམ་མཁའི་རྟེན་


DTG090_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནི་ནམ་མཁའི་མཐར་ཐུག་པའོ། །ཇི་ལྟར་ནམ་མཁའ་ཞེས་པ་ནམ་མཁའ་ནི་རྫས་མེད་པ་ཙམ་ལ། མ་བྱས་པ་སྟེ་མ་སྐྱེས་པའི་ཕྱིར་རོ། །རྣམ་པར་མི་འགྱུར་བ་ནི་གནས་སྐབས་གཞན་དུ་སྐྱེ་བ་མེད་པའི་ཕྱིར་རོ། །མངོན་པར་འདུས་མ་བྱས་པ་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་སོ། །གནས་པ་ནི་སྐྱེ་བ་མི་འཇིག་པའོ། །ཡང་དག་པར་གནས་པ་ནི་ཁོར་ཡུག་ཏུ་གནས་པའོ། །རྣམ་པར་གནས་པ་ནི་ཁ་ཅིག་ཏུ་གནས་པ་སྟེ། དེ་ལས་བཟློག་པས་ནི་མི་གནས་པ་ལ་སོགས་པ་གསུམ་སྟེ། ཐམས་ཅད་རྣམ་པར་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་དགོངས་པའོ། ཇི་ལྟར་ནམ་མཁའི་རྟེན་དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་རྟེན་ཏེ། དེ་ཉིད་ལ་རྟེན་མེད་པ་ཉིད་རྟེན་ནོ་ཞེས་ཆོས་རྣམས་ཐམས་ཅད་དེ་ལྟར་བསྟན་པས་རྟེན་དུ་འགྱུར་རོ་ཞེས་པ་ནི་རྟེན་གྱི་བྱེད་པ་སྟེ། རྟེན་དེ་ཉིད་ཐོབ་པའི་བྱེད་པའོ། །མ་སྐྱེས་པའི་རྟེན་ངོ་བོ་གང་དག་དེ་བཞིན་ཏེ། འདིས་རྒྱས་པར་བཤད་པ་ནི་སྐྱེ་བ་མེད་པའི་རྟེན་ཅན་ཞེས་པའོ། །དེའི་ཕྱིར་ན་དངོས་པོ་མེད་པ་ཉིད་དུ་ཞེས་པ་ནི་དེ་ཁོ་ན་ཉིད་དངོས་པོ་མེད་པའོ། །དེ་ལྟར་ཀུན་རྫོབ་དང་དོན་དམ་པར་རོ་གཅིག་པ་ཉིད་ཀྱིས་རྨི་ལམ་གྱི་ངོ་བོ་ཉིད་དོ། །བྱེ་བྲག་གཞན་གསུངས་པ་ནི། བདག་ཅེས་པ་སྟེ། ཇི་ལྟར་བདག་མེད་པ་དེ་བཞིན་དུ་མེད་ལ། བདག་གིས་རྟེན་བྱས་པ་བཞིན་དུ་རྟེན་དེ་རྣམས་སོ་ཞེས་པའོ། །འདི་རྟག་པ་དང་ཆད་པའི་མཐའ་དང་བྲལ་བས་ན་མུ་མེད་པའོ། །ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་རྣམས་ཀྱི་མུ་ལ་ངེས་པར་འཇིག་པ་མེད་པས་ཆད་པ་མེད་དེ། མུ་མེད་པའི་ངོ་བོ་ཉིད་དོ་ཞེས་པ་ནི་གཞན་དག་གིའོ། །དོན་དམ་པས་ཉོན་མོངས་པའི་སྒྲིབ་པ་ཞི་བས་ཞི་བ་ལ་ཤེས་བྱའི་སྒྲིབ་པ་ཞི་བ་ནི་མྱ་ངན་ལས་འདས་པ་སྟེ་དེའི་རྟེན་ཅན་ནོ། །སྒྲིབ་པ་གཉི་ག་ཡང་ཀུན་རྫོབ་པ་གློ་བུར་བའི་ཕྱིར་ལ་དེ་ཁོ་ནར་ནི་མ་སྐྱེས་པའོ་ཞེས་པ་ལ་དགོངས་པའོ། །དབྱུང་དུ་མེད་པ་ནི་ཆོས་རྣམས་ཀྱི་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ནི་དབྱུང་དུ་མེད་དེ། བར་མཚམས་མེད་པས་ཡོད་པའི་ཕྱིར་དེ་ལ་ཆད་པ་མེད་པས་སོ་སོར་དབྱུང་དུ་མེད་པའི་རྟེན་ཅན་ཏེ་དྲི་མ་དང་བཅས་པའི་གནས་སྐབས་སུ་ཡང་རང་བཞིན་གྱིས་ཡོངས་སུ་དག་པའི་དེ་ཁོ་ན་ཉིད་ཀྱི་སྒྲིབ་པ་མེད་པའི་མྱ་


DTG090_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པའི་ངོ་བོ་ཅན་གང་རྣམས་ལ་གང་དུ་དབྱུང་དུ་མེད་ཅེས་པ་ནི་དབྱུང་དུ་མེད་པའོ། །ཀུན་རྫོབ་ཏུ་སྒྲིབ་པ་ལས་འབྱིན་པར་བརྗོད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །དེའི་ཕྱིར་ན། འཕགས་པས་མྱ་ངན་འདས་དང་སྲིད་པ་ཉིད། །གཉིས་སུ་ཡོད་པ་མ་ཡིན་ཏེ། །སྲིད་པ་ཡོངས་སུ་ཤེས་པ་ལ། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་པས་ནི་འགྲོ་བ་དང་འོང་བ་དང་བྲལ་བའོ། །མི་གཡོ་བ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ལ་མི་འདའ་ཞེས་པ་ནི། གཞན་དུ་རྟེན་པ་བཀག་ཅིང་དམིགས་པ་མེད་པའི་སྦྱོར་བས་ཐོབ་པར་འགྱུར་རོ་ཞེས་པ་ནི་རྟེན་གྱི་བྱེད་པའོ། །རྟེན་དུ་འགྱུར་ཞེས་གསུངས་པའི་ཉེ་བར་བསྡུས་པའི་རྟེན་དུ་འགྱུར་ཞེས་པའོ། །ངོ་བོ་ཉིད་ཀྱི་དབང་དུ་བྱས་ན་བསྟན་བཅོས་ལས། ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དང༌། །དབེན་དང་དཀའ་དང་ངེས་པ་དང༌། །ཆེད་དུ་བྱ་དང་མི་དམིགས་དང༌། །མངོན་པར་ཞེན་པ་བཀག་པ་དང༌། །དམིགས་པ་ཞེས་བྱ་གང་ཡིན་དང༌། །མི་མཐུན་ཕྱོགས་དང་མེད་དང་དེ། །གཞི་མེད་འགྲོ་མེད་སྐྱེ་མེད་དང༌། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་ཀྱི་བཅུ་དྲུག་བདག །མཚན་ཉིད་ཅན་ལྟར་མཚོན་པ་ཡི། །མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་ཏེ་མཚོན་བྱ་དང་སྦྱོར་བའི་མཚན་ཉིད་འདི་ལ་ཡོད་ཅེས་མཚན་ཉིད་ཅེས་པའོ། །མཚོན་ཞེས་པ་སྟེ། གང་ཡང་མཚོན་བྱ་ལ་ཞེས་པ་ནི་འདིའི་རྒྱས་པར་བཤད་པའོ། །འདིའི་གོ་སྐབས་ནི་རབ་འབྱོར་གྱིས་གསོལ་བ་ཞེས་པ་ལ་སོགས་པ་སྟེ། སྤྱད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལའོ། །བསྲུང་བར་འགྱུར་ཞེས་པ་ནི་སྤྱོད་པ་པོའོ། །འདུལ་བ་ནི་བསལ་བར་རིགས་ཞེས་པའོ། །གདུལ་བར་བྱ་བ་རྣམས་དབེན་པ་ནི་འདི་རྣམས་ཀྱི་ངོ་བོ་ཉིད་དེ་ཆོས་ཀྱི་དབྱིངས་སོ་ཞེས་པས་དེ་བཞིན་ཉིད་དུ་བཤད་དོ། །འདི་རྣམས་ཀྱིས་ངོ་བོ་ཉིད་རྣམ་པ་བཞི་བཤད་དེ། དེ་དག་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཉོན་མོངས་པའི་རྟགས་ནི་ཉོན་མོངས་པས་བྱས་པའི་ལུས་ལ་སོགས་པའི་གནས་ངན་ལེན་ལ་ཉོན་མོངས་པའི་མཚན་མ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ནི་འདོད་ཆགས་དང་འདོད་ཆགས་མེད་པ་


DTG090_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཞེ་སྡང་དང་ཞེ་སྡང་མེད་པ་དང༌། གཏི་མུག་དང་གཏི་མུག་མེད་པའོ། །འདི་ཉིད་ཀྱི་ངོ་བོ་རྟོགས་ནས་གང་ཞིག་མངོན་པར་རྫོགས་པར་བྱང་ཆུབ་ནས་བསྟན་པར་འགྱུར་བས་རྟེན་དུ་འགྱུར་ཞེས་པའོ། །རབ་འབྱོར་གྱིས་གསོལ་པ། ཞེས་པ་ལ་སོགས་པ་སྟེ། གཟུགས་དང་འབྲེལ་བ་མ་ཡིན་ཞེས་པ་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་རང་གིས་རྟོགས་པའི་ཕྱིར་མ་ཡིན་ལ། གཟུགས་ལ་སོགས་པའི་ངོ་བོ་རྣམས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཡང་མ་ཡིན་ཞིང་ས་གསུམ་གྱི་ངོ་བོ་ཉིད་རང་གིས་རྟོགས་པ་ལ་མ་ཡིན་ཞིང༌། བྱང་ཆུབ་པའི་ངོ་བོ་ཉིད་གསུམ་པོས་སེམས་ཅན་གྱི་དོན་ལ་ཡང་མ་ཡིན་ཏེ། གསུམ་མེད་ཅིང་གཅིག་ཉིད་དུ་གནས་པར་བལྟ་བར་བྱའོ་ཞེས་པ་ལ་དགོངས་པའོ་ཞེས་པ་ནི་དཀའ་བའི་ངོ་བོ་ཉིད་དོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པ་སྟེ། མངོན་པར་འདོད་པའི་དོན་ནི་དོན་གྱི་དབང་ལ། སངས་རྒྱས་ཀྱི་ས་ཉིད་ལ་ཞེས་པ་ནི་མཐའ་གཅིག་པའི་ངོ་བོ་ཉིད་ལའོ། །གཞན་གྱིས་ཞེས་པ་ལ་སོགས་པ་ནི་ཆེད་དུ་བྱ་བའི་ངོ་བོ་ཉིད་དོ། །རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། ཟབ་མོ་ནི་སྒོམ་པ་དང་སྒོམ་པ་པོ་དང་བསྒོམ་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་དང༌། དེ་ལ་དམིགས་པ་རྣམས་ཡོངས་སུ་གྲུབ་པའི་དངོས་པོར་ཉེ་བར་མི་དམིགས་པའོ། །འདིར་ནམ་མཁའ་སྒོམ་པ་ནི་ཆོས་འདི་དག་ཐམས་ཅད་མི་སྒོམ་པ་སྟེ། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དང་རོ་གཅིག་པའི་ཕྱིར་རོ། །དེའི་ཕྱིར་ན་ཆགས་པ་མེད་པར་སྒོམ་པ་འདི་དག་གིས་ཀྱང་མཐའ་ཡས་པ་སྒོམ་པའོ། །ཆོས་རྣམས་ཐམས་ཅད་དམིགས་པ་ལ་གེགས་མེད་པ་དེ་ཆོས་རྣམས་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཡོད་པ་མ་ཡིན་སྒོམ་པ་མ་ཡིན་ལ། ཡོད་པ་སྒོམ་པའང་མ་ཡིན་ཞིང༌། ཡོད་པ་དང་མེད་པ་ལའང་མ་ཡིན། གཉི་ག་མ་ཡིན་པའང་སྒོམ་པ་མིན་ཞེས་པ་ནི་ཡོངས་སུ་འཛིན་པ་མེད་པའི་སྒོམ་པའོ། །ཉེ་བར་བརྟག་པར་བྱ་བ་ནི་ཤེས་པར་བྱ་བའོ་ཞེས་པ་ནི་ཉེ་བར་དམིགས་པ་མེད་པའི་ངོ་བོ་ཉིད་དོ། །གང་ཡང་ཞེས་པ་ལ་སོགས་པ་སྟེ། མངོན་པར་ཞེན་པ་མེད་པ་ནི་ངོ་བོ་ཉིད་དུའོ། །རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་བརྟགས་པ་ཉིད་ནི་དམིགས་པ་མེད་དོ། །གཞོལ་བ་དང་བབ་པ་དང་འབབ་


DTG090_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྒྲའི་རྟེན་གྱི་དོན་ལ་སྟེ། སྦྱོར་བ་དང་དངོས་གཞི་དང་རྗེས་ཀྱི་དབྱེ་བས་སོ། །རྒྱུད་ཅེས་པ་ནི་སེམས་ཀྱི་རྒྱུད་དོ། །ནམ་མཁའ་ལ་གཞོལ་བ་ཞེས་པ་ནི་ནམ་མཁའ་ལྟ་བུའི་ཐམས་ཅད་མཁྱེན་པ་ཉིད་ལའོ། །འདི་ལྟར་ཞེས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ་ཞེས་པ་ནི་ལྷག་མའོ། །དེ་ལྟར་ནམ་མཁའ་ལྟ་བུ་ཉིད་ལ་གང་དུ་ཡུལ་དང་དུས་ཀྱི་ཚད་གཟུང་བར་མི་ནུས་པའི་ཕྱིར་གཞལ་དུ་མེད་པའོ། །དེ་ཉིད་ཚད་དང་བྲལ་བས་ཚད་མེད་པ་སྟེ། དེ་ནི་གཟུགས་ནས་ནི་སྲིད་དུ་མི་གནས་པ་ཡང་མ་ཡིན་ཞེས་པའི་བར་རོ། །ཐོབ་པ་ནི་ཚིགས་ཀྱི་ལམ་ལ་མངོན་པར་རྟོགས་པ་ནི་སྦྱོར་བའི་ལམ་མོ། །ཁོང་དུ་ཆུད་པ་ནི་མཐོང་བའི་ལམ་མོ། །ལམ་ནི་འཇིག་རྟེན་པའི་བསམ་གཏན་དང༌། གཟུགས་མེད་པ་ལ་དམིགས་པའི་འཇིག་རྟེན་པའི་བསྒོམ་པའི་ལམ་མོ། །ལམ་གྱི་འབྲས་བུ་ནི་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་མོ། །ཡེ་ཤེས་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པའི་ངོ་བོའི་ཆུང་ངུའི་ལམ་མོ་རྣམ་པར་ཤེས་པ་ནི་ཆུང་ངུའི་འབྲིང་ལ་སོགས་པའི་མཚན་ཉིད་ཀྱི་འབྲིང་གི་ལམ་མོ། །སྐྱེ་བ་ནི་ཆེན་པོའི་ཆུང་ངུའི་ལ་སོགས་པའི་ངོ་བོ་ཆེན་པོའི་ལམ་མོ། །འཇིག་པ་ནི་བསྒོམ་པའི་ལམ་གྱི་ཉོན་མོངས་པ་སྤོང་བའི་ཐབས་ཀྱི་སྦྱོར་བའི་ལམ་མོ། །འབྱུང་བ་ནི་ཉོན་མོངས་པ་སྤངས་པས་རྣམ་པར་གྲོལ་བ་ཐོབ་པའི་བར་ཆད་མེད་པའི་ལམ་མོ། །འགྲིབ་པ་ནི་ཉོན་མོངས་པས་དབེན་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པའི་རྣམ་པར་གྲོལ་བའི་ལམ་མོ། །འགགས་པ་ནི་སྒྲིབ་པ་བག་ཆགས་དང་བཅས་པ་སྤོང་བར་བྱེད་པའི་སྦྱོར་བ་དང༌། བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་གྱི་བདག་ཉིད་ཀྱི་ཁྱད་པར་གྱི་ལམ་མོ། །སྒོམ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་འཇོམས་པར་བྱ་བའི་སྒྲིབ་པ་ཐམས་ཅད་ཀྱི་འཇོམས་པ་པོའོ། །རྣམ་པར་སྒོམ་པ་ནི་མཐར་ཕྱིན་པའི་ལམ་མི་སྐྱེ་བ་དང་ཟད་པ་ཤེས་པའོ། །ཡུལ་ནི་ཡུལ་ཐུན་མོང་ལའོ། །ཕྱོགས་ནི་བྱེ་བྲག་གོ །འདི་རྣམས་ལ་ཡུལ་དང་དུས་ཀྱིས་མི་ཁྱབ་པ་ཉིད་ཀྱིས་ཚད་དང་མི་ལྡན་པའི་ཕྱིར་ལ། གཞལ་དུ་མེད་པ་ནི་དེའི་ངོ་བོ་དང་མི་སྦྱོར་པའི་སྦྱོར་བའོ། །གཞན་དུ་ན་ཞེས་པ་ནི་གཟུགས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་ལ་སྟེ། གཟུགས་ལ་སོགས་པ་ནི་ཚད་དང་ལྡན་པའི་ཕྱིར་རོ་ཞེས་པ་ལ་དགོངས་པའོ། །གཟུགས་ལ་སོགས་པ་


DTG090_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནི། གང་གི་ཕྱིར་རྣལ་འབྱོར་བའི་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ཉིད་སྟོང་པ་ཉིད་དང་རོ་གཅིག་པར་རྟོགས་པས་སངས་རྒྱས་ཉིད་ལ། གཞན་དུ་ནི་འདི་དང་གཟུགས་ཞེས་པའི་སྒྲས་གཟུགས་ལ་སོགས་པའི་ཆོས་ཉིད་བརྗོད་པ་སྟེ། དེའི་ཕྱིར་འགལ་བ་མེད་དོ་ཞེས་པ་ནི་དེ་ལྟར་དམིགས་པའི་ངོ་བོ་ཉིད་དོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། ཟབ་མོ་ཞེས་པ་ནི་མོས་པར་དཀའ་བའི་ཕྱིར་རོ། །གཏིང་དཔག་པར་དཀའ་བ་ནི་བསམ་པའི་ཤེས་རབ་ཀྱིས་ཀྱང་མ་ཡིན་པའོ། །བལྟ་བར་དཀའ་བ་ནི་འཇིག་རྟེན་པའི་སྒོམ་པས་ཀྱང་མ་ཡིན་པའོ། །རྟོགས་པར་དཀའ་བ་ནི་འཇིག་རྟེན་ལས་འདས་པས་སོ། །དོན་གྱི་དབང་དུ་ནི་དེའི་རྒྱུས་བརྩོན་པ་ཆུང་བ་ཉིད་ལ་གཞོལ་བར་མཛད་པ་ནི་དམན་པས་ཀུན་ཏུ་སྤངས་པའོ། །གང་དུ་སུས་ཀྱང་མིན་ཞེས་པ་ནི་བྱ་བ་དགག་པའོ། །ནམ་མཁའ་ཞེས་པས་ནི་ལས་སོ། །བདག་ཅེས་པས་ནི་བྱེད་པ་པོའོ། །ཆོས་ཐམས་ཅད་ནི་ཐོབ་པར་བྱ་བ་རྣམས་ལ་འོང་བ་མེད་པས་སོ། །འགྲོ་བ་མེད་པ་ནི་སྤང་བྱ་རྣམས་ལའོ། །མི་མཐུན་པའི་ཞེས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། གང་དུ་གཟུང་དུ་མེད་པ་ལ་རྣམ་པར་རྟོག་པའི་ཕྱིར་རོ། །དེ་ལྟར་འཇིག་རྟེན་པས་ཕྱིན་ཅི་ལོག་ལ་ཡིད་ཆེས་པའོ་ཞེས་པ་ནི་མི་མཐུན་པའི་ངོ་བོ་ཉིད་དོ། །ལྷ་རྣམས་ནི་བརྒྱ་བྱིན་ལ་སོགས་པ་རྣམས་ཀྱིས་ཉེ་བར་མཚོན་པ་སྟེ། དེའི་ལེའུ་ནི་ལྷའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཞེས་པ་ལ་སོགས་པ་སྟེ། ཐོགས་པ་མ་མཆིས་པ་ནི་གནོད་པར་བྱེད་པ་མེད་པའི་ཕྱིར་རོ། །འདིར་མཚན་ཉིད་ནི་ཐོགས་པ་མེད་པའི་ངོ་བོའོ། །དངོས་པོ་ཐམས་ཅད་ཅེས་པ་ནི་དངོས་པོ་རྣམས་ཐམས་ཅད་ལ་རྗེས་སུ་མི་དམིགས་པའི་ཕྱིར་རོ། །གཉིས་པའི་འདྲ་བའི་སོ་སོར་འགྲན་པ་པོའི་མཚན་ཉིད་འདིའོ་ཞེས་པ་ནི་སོ་སོའི་མཚན་ཉིད་ལ་དེ་མེད་པས་འགལ་བ་དང་བྲལ་བའི་ཕྱིར་རོ་ཞེས་པ་ནི་ཐོགས་པ་མེད་པའི་ངོ་བོ་ཉིད་དོ། །གནས་ནི་རབ་ཏུ་གནས་པ་སྟེ། བདེ་འགྲོ་དང་ངན་འགྲོ་དང་མྱ་ངན་ལས་འདས་པ་དེ་ལ་མེད་པས་ན་གནས་མེད་པའོ། །མངོན་པར་འགྲུབ་པ་མ་མཆིས་པ་ཞེས་པ་ནི་གང་དུ་ཡང་མི་གནས་པ་སྟེ། གང་ཡང་མངོན་པར་གྲུབ་པ་མེད་ཅིང་གང་ལ་སྐྱེ་བ་མེད་པའོ། །ལམ་ཐམས་ཅད་ཅེས་པ་ནི་


DTG090_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡོད་པ་དང་མེད་པ་ལ་སོགས་པ་རྣམས་ཀྱི་སྐྱེ་བ་ལ་མི་སྦྱོར་བའི་ཕྱིར་དང༌། བདེ་འགྲོ་དང་ངན་འགྲོ་དང་མྱ་ངན་ལས་འདས་པའི་ལམ་རྣམས་མེད་པའི་ཕྱིར་ལམ་མེད་པའོ་ཞེས་པ་ནི་གཞི་མེད་པའི་ངོ་བོ་ཉིད་དོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། རྗེས་སུ་སྐྱེས་ཞེས་པ་ནི་ཕ་དང་བུ་དག་མ་སྐྱེས་པས་དོན་དམ་དུ་འདྲ་བའི་ཕྱིར་ལ། གལ་ཏེ་མ་སྐྱེས་པ་ན་དེ་དག་ཇི་ལྟར་ཕ་དང་བུ་དག་ཏུ་འགྱུར་ཞེ་ན། ཀུན་རྫོབ་ཏུ་ཞེས་པ་ལ་དགོངས་པའོ། །མ་འོངས་པ་ནི་མ་སྐྱེས་པ་ལ་འོང་བ་ནི་རྣམ་པར་གཞིག་པའོ། །རྗེས་སུ་སྐྱེས་ཞེས་པ་ནི་རྗེས་སུ་རྟོགས་པ་ལས་སྐྱེས་པའོ། །འགྲོ་བར་འགྱུར་བས་འགྲོ་བ་སྟེ། དེ་བཀག་པ་ནི་འགྲོ་བ་མེད་པའི་ངོ་བོ་ཉིད་དོ། །དེ་བཞིན་གཤེགས་པའི་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་ཉིད་དུ་ཆོས་ཐམས་ཅད་གནས་པ་ལས་མི་འདའ་བའི་ཕྱིར་ན། དེ་ཉིད་གནས་པ་ཉིད་དོ། །སྔོན་དུ་མེད་པའི་ངོ་བོ་ཉིད་བསྐྱེད་དུ་མེད་པས་འགྱུར་བ་མེད་དོ། །ངོ་བོ་ཉིད་ཀྱིས་མི་འཇུག་པས་རྣམ་པར་འགྱུར་བ་མེད་པའོ། །རྣམ་པར་རྟོག་པའི་ངོ་བོ་ཉིད་མེད་པས་རྣམ་པར་མི་རྟོག་པའོ། །རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་རྟོག་པ་མེད་པའོ། །གང་ལ་ཡང་ཐོགས་པ་མེད་པ་ནི་ཐམས་ཅད་དུ་སོང་བའི་ཕྱིར་རོ། །དེ་ལ་ཐོགས་པ་མེད་པ་ནི་གང་དུ་ན་ཡང་དེ་བཞིན་ཉིད་དེ་ཉིད་ཡོད་ན་དེ་ལས་གཞན་དུ་ཐོགས་པ་ཉིད་དོ་ཞེ་ན། ལན་ནི་ཇི་ལྟར་ཞེས་པ་སྟེ། གཅིག་ཏུ་བ་ལས་གང་དུ་ཉིད་མེད་པ་སྟེ། གཉིས་ཀྱི་དབྱེ་བ་དེ་ལ་མེད་པའི་ཕྱིར་རོ། །གཅིག་ལ་ཡང་འབྲེལ་པ་ཅན་གྱི་དབྱེ་བས་ཐ་དད་པར་འགྱུར་ཏེ། དཔེར་ན་སྔོན་གྱི་ནམ་མཁའ་དང་ཕྱི་མའི་ནམ་མཁའ་ལྟ་བུ་སྟེ། དེ་བཞིན་དུ་གཟུགས་ཀྱི་དེ་བཞིན་ཉིད་དང་ཚོར་བའི་དེ་བཞིན་ཉིད་དོ་ཞེས་འགྱུར་རོ་ཞེ་ན། དེ་ལ་གསུངས་པ་ནི། གཉིས་སུ་བྱར་མེད་ཅེས་པ་སྟེ། འདིར་ཡང་ཡང་རྟག་ཏུ་དེ་ལྟར་ཞེས་པ་དང༌། གཉིས་སུ་མེད་པ་ནི་རང་ཉིད་ཀྱིས་དབྱེར་མེད་པ་དང༌། དེ་བཞིན་ཉིད་ནི་གཞན་གྱིས་ཀྱང་དབྱེར་མེད་ཅེས་པ་ནི་གཉིས་སུ་མེད་པའི་དེ་བཞིན་ཉིད་དེ་གཏན་ཚིགས་གསུངས་པ་ནི་མེད་ཅེས་པ་སྟེ། གང་གང་ལ་རྟེན་པའམ། རྒྱུར་གྱུར་པ་དེ་ནི་དེ་ཡིས་ངེས་པར་གྱུར་པ་སྟེ། དཔེར་ན་ཁྲོན་པའི་ཆུ་ནས་ཀྱི་ལྗང་བུ་བཞིན་ཞེས་པ་ནི། དེ་བཞིན་ཉིད་ནི་གང་ནས་ཀྱང་མ་ཡིན་ཞིང་གང་གི་ཡང་ཡོད་པ་མ་ཡིན་ནོ། །དེའི་


DTG090_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་གང་དུ་ཡང་འབྲེལ་པ་མེད་པའི་ཕྱིར་གང་གི་ཡང་མ་ཡིན་པའོ། །དེའི་ཕྱིར་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པའོ་ཞེས་པ་གྲུབ་པ་ལ། གཏན་ཚིགས་གཞན་གསུངས་པ་ནི། དེ་ལྟ་བས་ན་ཞེས་པ་སྟེ། མ་བྱས་པའི་དེ་བཞིན་ཉིད་ཅེས་པ་ཡང་མ་བྱས་པའི་དེ་བཞིན་ཉིད་འདིར་རྟག་པའི་ཕྱིར་རོ། །ནམ་ཡང་དེ་བཞིན་ཉིད་མ་ཡིན་པར་མི་འགྱུར་ཞེས་པ་ནི་རྟག་པར་དེ་བཞིན་ཉིད་ཀྱི་དངོས་པོའི་ཕྱིར་ཏེ། གཉིས་སུ་མེད་པ་ནི་དུས་ཀྱི་དབྱེ་བས་ཀྱང་ཐ་དད་པར་མི་འགྱུར་བའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་རྣམས་ཐམས་ཅད་དོ། །ཆོས་ཐམས་ཅད་ནི་དངོས་པོ་ཐམས་ཅད་ལའོ། །མི་རྟོག་པ་ནི་དེ་རྣམས་ཐམས་ཅད་ལ་མི་རྟོག་པའི་ཕྱིར། རྣམ་པར་མི་རྟོག་པ་ནི་དེ་བཞིན་ཉིད་ལ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་པ་ནི་ཐམས་ཅད་དུ་རྟོགས་པ་མེད་ཅིང་རྣམ་པར་རྟོག་པ་མེད་པས་སོ། །བསྐལ་པ་མ་ཡིན་པས་ནི་མ་བཅད་པའོ། །ཐ་མི་དད་པས་ནི་གཞན་དུ་འབྱེད་པ་པོ་མ་དམིགས་པས་སོ། །གཉིས་པ་མེད་པས་འདི་ནི་གཞན་མ་ཡིན་པའི་དེ་བཞིན་ཉིད་ལ། དེའི་རྗེས་སུ་བགྲོད་ཅིང་ཉེ་བར་སོན་པས་དེ་བཞིན་གཤེགས་པའོ་ཞེས་པ་ནི་ཀུན་རྫོབ་ལ་དོན་དམ་པར་ནི་མ་ཡིན་ཞིང་ཞེས་པ་སྟེ། འདིར་ཞེས་པ་ནི་དེ་ལྟར་སོང་བ་ལ་སོང་བ་མེད་པའི་ཆོས་དང་གང་ཟག་ལ་བདག་མེད་པས་མཐོང་བས་ཞེས་པ་ལ་དགོངས་པའོ་ཞེས་པ་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱང་ཞེས་པ་ལ་སོགས་པ་སྟེ། འདིར་དེ་བཞིན་ཉིད་ལ་ཐམས་ཅད་དུ་རབ་ཏུ་དབྱེ་བ་རྣམས་མེད་ཀྱི་ཐ་དད་པ་མེད་པར་བསྟན་པས་དབྱེ་བ་དགག་པ་ནི་གཟུགས་ལ་སོགས་པ་འདི་རྣམས་ཀྱི་དེ་བཞིན་ཉིད་རྣམས་ལ་དམིགས་པ་མེད་པས་དེ་བཞིན་ཉིད་དམིགས་པ་ནི་བཅུ་དྲུག་གི་ངོ་བོ་ཉིད་དོ། །དེ་བཞིན་ཉིད་འདི་རྣམས་ཀྱི་ཆེ་བའི་བདག་ཉིད་གསུངས་པ་ནི། འདི་བསྟན་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་ཉིད་དུ་གཤེགས་ཤིང་མཁྱེན་པ་འདིས་དེ་བཞིན་གཤེགས་པ་ལ། སྡུག་ཅེས་པ་ལ་སོགས་པ་ནི་བྱ་བའི་ཁྱད་པར་ཏེ། འདིར་ཁམས་གསུམ་གཡོ་བའི་དོན་དུ་གསུངས་དང་སྒྲའི་དོན་ལ་སྟེ། སྡུག་ལ་ཆུང་ངུ་དང་


DTG090_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་དང་ཆེན་པོ་བྱ་བའི་དབྱེ་བས་ཏེ་ལྟས་ཆེན་པོ་བཅོ་བརྒྱད་དུ་འགྱུར་རོ། །དེ་ལ་འགུལ་བ་ནི་མཐའ་དག་གོ །གཡོ་བ་ནི་ཆ་ཤས་སོ། །མ་ལུས་པ་ཤིན་ཏུ་འགུལ་བ་ནི་འཁྲུགས་པའོ། །ཆེམ་ཆེམ་ནི་སྒྲའོ། །འུར་འུར་ནི་དབྱིག་པས་བརྡུངས་པའི་ཁར་རྔ་བཞིན་ནོ། །ཀུན་ཏུ་འུར་འུར་ནི་འབྲུག་སྒྲ་ཆེན་པོ་བཞིན་ནོ། །རྣམ་པ་དྲུག་ཏུ་གཡོས་པ་ནི་ཇི་ལྟར་ས་གཞིའི་ཤར་ཕྱོགས་མཐོ་ན་ནི་ནུབ་ཕྱོགས་དམའ་ལ། ཤར་ཕྱོགས་དམའ་ན་ནི་ནུབ་ཕྱོགས་མཐོ་བའོ། །ལྷོ་ཕྱོགས་མཐོ་ན་ནི་བྱང་ཕྱོགས་དམའ་ལ་བྱང་ཕྱོགས་མཐོ་ན་ནི་ལྷོ་ཕྱོགས་དམའ་བའོ། །དབུས་མཐོ་ན་ནི་མཐའ་དམའ་ལ། །མཐའ་མཐོ་ན་ནི་དབུས་དམའོ་ཞེས་པའོ། །འདི་རྣམས་གཡོ་བ་ལ་སོགས་པ་དང༌། ལྷ་རྣམས་བཅོམ་ལྡན་འདས་ལ་མཉན་པ་དང་ལྡན་པ་རྣམས་དགའ་ཞིང་རང་ས་ནས་སྤྲོ་བ་འདི་ནས་དེ་རུ་ཡོངས་སུ་བསྐྱོད་པ་དང༌། བསྟན་པ་སྤང་བ་བསྐྱོད་པ་ནི། ཆོས་རིན་པོ་ཆེའི་བདག་ཉིད་ཆེན་པོར་ཞེས་པར་བྱེད་པ་དང༌། ཆོས་ཉིད་ཀྱི་མཐས་སོ། །ཡོད་པ་མ་ཡིན་པ་ནི་འདིར་ཉེ་བར་མི་དམིགས་པའོ། །གང་གིས་ཞེས་པ་ནི་རང་གི་ཆོས་རྣམས་ཀྱིས་ཏེ། བྱེད་པ་པོ་དང་གང་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་རྗེས་སུ་སྐྱེ་བར་བྱ་བའི་ལས་ཀྱི་དེ་བཞིན་ཉིད་ལ་ཇི་ལྟར་སྤྱད་དེ། དེ་ཙམ་ལ་གནས་པའི་ཕྱིར། རིགས་ཡིན་པས་འདབ་ཆགས་ལ་ལུས་ཆེན་པོའི་ཕྱིར་ན་བྱ་ཆེན་ནོ། །བར་དུ་ཞེས་པ་ནི་ཇི་སྲིད་དུ་སའི་དབུས་ཀྱི་འདུ་ཤེས་ཀྱིས་ཏེ། ཐར་པའི་ཆ་དང་མཐུན་པ་བརྗོད་པར་བྱས་པས་ན་དེ་གསལ་བར་བྱེད་པར་འདོད་ནས། ཤཱ་རིའི་བུས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་ཞེས་པ་ནི་ཆོས་ཐམས་ཅད་དོན་དམ་པར་ཤེས་ནས་སྤྱོད་པ་བྱེད་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་མཚན་མ་མེད་པར་བྱེད་པའི་དོན་དུ་ཐབས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་རྟག་པར་མི་གཏང་ཞིང༌། བསོད་ནམས་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡང་དག་པར་ཡོངས་སུ་བསྔོ་བ་དང༌། རྗེས་སུ་ཡི་རང་བའོ། །དེའི་ཐབས་ལ་མཁས་པ་ནི་འདིར་བསྟན་བཅོས་ལས། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་བའི་ཆ་དང་མཐུན་པར་


DTG090_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། །ཅེས་པ་སྟེ་མཚན་མ་ཐུན་མོང་མ་ཡིན་པའི་ངོ་བོའི་རང་གི་མཚན་ཉིད་དང༌། མཚན་མར་མངོན་པར་ཞེན་པ་མེད་པའི་མཚན་ཉིད་དང༌། མཚན་མར་མ་དམིགས་པའི་ཤེས་པའི་རྣམ་པས་སྦྱིན་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་རང་གི་རྒྱུད་ལས་འབྱུང་བར་ཡང་དག་པར་སྒྲུབ་པར་བྱེད་པ་ནི་མཁས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐབས་ཀྱི་མཚན་ཉིད་དོ། །ཐར་པའི་ཆ་ནི་སྣོད་དེ། དེ་ཐོབ་པ་ལ་ཕན་པའོ། །དེའི་རབ་ཏུ་དབྱེ་བ་ནི་ཡུམ་ཆེན་མོར་ལྔ་གསུངས་ཏེ། དེ་ལྟར་ཡང་བསྟན་བཅོས་ལས། སངས་རྒྱས་སོགས་དམིགས་དད་པ་དང༌། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །བསམ་པ་ཕུན་སུམ་ཚོགས་དྲན་དང༌། །རྣམ་པར་མི་རྟོག་ཏིང་འཛིན་དང༌། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་རྣམ་པ་ལྔ། །ཞེས་ཏེ་ཐར་པའི་ཆ་དང་མཐུན་པའོ། །དེ་ལ་གསུངས་པ་ནི། དེ་སྐད་ཅེས་གསོལ་པ་དང་ཞེས་ཏེ། འདིར་བསྟན་བཅོས་ལས། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་བླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་ཏེ་འདི་རྣམས་ཀྱི་གོ་སྐབས་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། འདིར་ཚོགས་ཆེན་པོས་ཀུན་ཏུ་འབྱུང་ཞེས་པས་ན་འབྱུང་བར་དཀའ་བའོ། །ཤེས་རབ་འཆལ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་ཐར་པའི་ཆ་དང་མཐུན་པ་རྟུལ་པོའི་ཁྱད་པར་གསལ་བར་བྱས་པའོ། །ཐར་པའི་ཆ་དང་མཐུན་པ་རྣོན་པོ་རྣམས་ཀྱིས་ནི་རང་ཉིད་མངོན་པར་བྱུང་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་མ་མཆིས་སོ་ཞེས་པའོ། །རྣམ་གྲངས་འདིས་ཞེས་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་པས་སོ། །བདག་ཉིད་མངོན་པར་བྱང་ཆུབ་ཅེས་པ་སྟེ། སེམས་ཅན་རྣམས་གདོད་མ་ཉིད་ནས་དེ་བཞིན་ཞེས་པ་ནི་རྒོལ་བ་ལ། རབ་འབྱོར་ལ་དེ་མ་བསྒྲུབས་པར་ཐོབ་པའི་གང་དག་ཐར་པའི་ཆ་དང་མཐུན་པ་ཆུང་ངུ་ལ་དེ་ནི་དེ་རྣམས་ཡོད་པ་མ་ཡིན་ཞིང་འདིར་ཐོབ་པར་མི་སྲིད་པས་འབྱུང་བར་དཀའ་བའོ། །དེ་ཡང་བྱིས་པས་ནི་ཀུན་ནས་སྒྲོ་བཏགས་པ་དེ་ཉིད་ཀྱི་དངོས་པོས་བྱང་ཆུབ་པར་རློམ་ལ། དེ་ཡང་ཡང་དག་པ་མ་ཡིན་པའི་ཕྱིར་ཐོབ་པར་མི་འགྱུར་རོ་ཞེས་པ་ལ་དགོངས་པ་སྟེ། དེ་ལྟར་ཡང་བྱང་ཆུབ་ནི་རྣམ་པར་


DTG090_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པས་སམ། གཞན་དུ་རྣམ་པར་རྟོག་པས་སྤྲུལ་པའི་དངོས་པོའི་ཕྱོགས་གཉིས་ཆར་གྱིས་ཀྱང་རིགས་པ་མ་ཡིན་ཏེ། བྱང་ཆུབ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་དང༌། རྣམ་པར་རྟོག་པ་མ་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་པ་ནི་ནམ་མཁའ་དང་མཉམ་པས་ཀྱང་ངོ༌། །དེ་ནི་མ་ཡིན་ཞེས་པ་ནི་དེ་ཉིད་མིན་ཏེ། ཕྱིར་མི་ལྡོག་པ་བསྒྲུབ་པར་འདོད་ནས་གསུངས་པ་ནི་གང་ཕྱིར་ལྡོག་པའི་ཆོས་དེ་ཞེས་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ལ་གནས་མེད་པ་ཉིད་དུ་སྦྱོར་བའི་རིགས་པས། དེ་ཆོས་ཉིད་ལ་གནས་ཤིང༌། ཆོས་ཉིད་ཁོ་ན་ནི་དག་པའི་བྱང་ཆུབ་སྟེ། དེ་ཡང་རང་བཞིན་ཉིད་ཀྱིས་དག་པའོ་ཞེས་དགོངས་པའོ། །ཆོས་རྣམས་ཀྱི་ཚུལ་དུ་སྐྱེ་བའི་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་གི་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཅེས་པ་ནི་དེ་ཁོ་ན་ཉིད་དུ་མ་སྐྱེས་པས་ན་ཡོད་པ་མ་ཡིན་ལ། རབ་ཏུ་འབྱེད་པར་བྱེད་པ་རྣམས་ལ་ཞེས་པ་ནི། བརྟག་པར་བྱ་བ་རྣམས་ལའོ། །དེ་ལ་ཁྱད་པར་མེད་པ་ནི་བྱང་ཆུབ་སེམས་དཔའི་དབྱེ་བ་རྣམ་པ་གསུམ་མི་དམིགས་པས་སོ། །བྱེ་བྲག་མེད་པ་ཉིད་ནི་དེ་བཞིན་ཉིད་དང་རོ་གཅིག་པར་ཀུན་ཏུ་རྟོགས་སོ། །ཐ་དད་དུ་བྱར་མེད་པ་ནི་ཇི་སྐད་དུ་བཤད་པའི་བྱེ་བྲག་ལས་བཟློག་ནས་ཐ་དད་དུ་བྱེད་པར་མི་ནུས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིས་ངེས་པར་འབྱུང་བའོ་ཞེས་པའི་བར་གྱི་རྒྱ་ཆེན་པོས་ནི་རྣོན་པོ་རྣམས་ཀྱིས་ཐར་པའི་ཆ་དང་མཐུན་པས་བདག་ཉིད་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བའོ་ཞེས་བཤད་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་བཞི་སྟེ། དེ་ལ་དྲོད་ཀྱི་དབང་དུ་བྱས་ནས་བསྟན་བཅོས་ལས། དྲོ་བ་རྣམས་ཀྱི་དམིགས་པ་ནི། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ལ་ནི་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །ཞེས་ཏེ། འདི་ལ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། གནས་པར་བྱ་བ་ནི་སྤྲོ་བས་སོ། །བསླབ་པར་བགྱི་བ་ནི་གོམས་པས་སོ། །སེམས་ཅན་རྣམས་ལ་སེམས་མཉམ་ཞེས་པ་ལ་སོགས་པས་ནི་སེམས་གཞན་བཅུ་གསུངས་ཏེ། དགེ་བ་ནི་གཡོ་མེད་པའི་སེམས་སོ། །རྣམ་པར་འཚེ་བ་མེད་པ་ནི་སྙིང་རྗེའོ། །མ་དང་པའི་སེམས་དང་བུ་དང་བུ་མོའི་སེམས་དང་མགོན་མེད་པ་རྣམས་ཀྱི་མགོན་བྱེད་པའི་ཕྱིར་དང༌། རང་ཉིད་སྡིག་པ་ལས་


DTG090_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་ཅིང༌། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་འགྱུར་ཞེས་པར་བསྟན་བཅོས་ལས་ཏེ་དེ་དག་དང་མ་བྲལ་བར་གནས་པའོ། །དེ་གསུངས་པ་ནི། བདག་ཉིད་ཅེས་པ་ལ་སོགས་པ་སྟེ། སྡིག་པ་ནི་མི་དགེ་བ་བཅུ་ཡོངས་སུ་རྒྱལ་བ་ནི་གོམས་པའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལ་སོགས་པ་ནི་ལུགས་དང་མཐུན་པའོ། །དེ་ལ་བདེན་པ་གཉིས་མ་རྟོགས་པའི་ཤེས་པ་དང་ཕྱིན་ཅི་ལོག་ཏུ་ཤེས་པ་དང་ཐེ་ཚོམ་ནི་མ་རིག་པའོ། །དེས་མི་དགེ་བ་འདོད་པ་ན་ཀུན་ཏུ་སྤྱོད་པ་དང༌། དགེ་བ་ཟག་པ་དང་བཅས་པའི་ཁམས་གསུམ་གྱི་ལས་འདུ་བྱེད་པར་འགྱུར་རོ། །དེས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་དང༌། འཆི་བའི་མཚན་ཉིད་ཅན་དང་འཆི་བ་དང་སྐྱེ་བའི་ངང་དུ་གྱུར་པའི་སྲིད་པ་བར་མ་དོ་འབྱུང་བར་འགྱུར་ཏེ། སྲིད་པ་མ་སོན་པའི་ཐོགས་པ་མེད་པས་བར་དུ་ཡུལ་དེར་སྦྱོར་བར་འགྱུར་ཏེ། མའི་ལྟོ་བར་མཚམས་སྦྱོར་བའི་སྐད་ཅིག་ལ་མ་ཞིག་པ་དང༌། འདོད་ཆགས་དང་ཞེ་སྡང་དང་བཅས་པ་རྣམས་ཀྱི་འདུས་བྱས་པས་སྐྱེ་བ་འཛིན་པའི་ནུར་ནུར་པོའི་གནས་སྐབས་ཀྱི་ཕུང་པོ་ལྔའི་ནང་དུ་གཏོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་ཏེ། ཡན་ལག་གསུམ་པའོ། །དེ་ལས་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཏེ། དེ་ལ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ནི་ཁྱེར་ཞེས་པས་ནི་ཡང་སྲིད་པར་སྐྱེད་པའི་ཕྱིར་རོ། །གཟུགས་ནི་ནུར་ནུར་པོའི་གནས་སྐབས་སོ། །དེ་ལས་མིག་ལ་སོགས་པ་ནི་སྐྱེ་མཆེད་དྲུག་གོ །དེ་ལས་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་འདུས་ནས་རྒྱུ་དང་འབྲས་བུའི་དངོས་པོར་གནས་པ་རྣམས་ཕན་ཚུན་དུ་རིག་ནས་ཚོར་བ་དང་བསྐྱེད་པ་ལ་མངོན་དུ་བྱེད་པ་ནི་རིག་པའོ། །དེ་ལས་བདེ་བ་ལ་སོགས་པའི་ཚོར་བའོ། །དེ་ལས་མངོན་པར་འདོད་པའི་མཚན་ཉིད་ཀྱི་ཡང་སྲིད་པ་ལ་མངོན་པར་དགའ་བའི་ངོ་བོ་ནི་སྲིད་པའོ། །དེ་ལས་འདོད་པ་དང༌། ལྟ་བ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་ཀྱི་བདག་ཉིད་ཀྱི་དངོས་པོ་ལེན་པའི་དབྱེ་བ་དགའ་བའི་ངོ་བོའི་ངོ་བོ་དེ་དང་བྲལ་བར་མ་གྱུར་ཞེས་པ་ལ་སོགས་པའི་རྣམ་པ་བཞིས་ཁྱད་པར་གྱི་སྲིད་པ་ལ་མངོན་


DTG090_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་པའི་ངོ་བོ་ནི་ཉེ་བར་ལེན་པའོ། །དེ་ལས་འདུ་བྱེད་པའི་ས་བོན་མ་རིག་པ་དང༌། སྲེད་པ་དང༌། ལེན་པས་མི་སླུ་བས་སྐྱེ་བ་སྐྱེད་པ་ལ་མངོན་པར་ཕྱོགས་པས་སྲིད་པའོ། །དེ་ལས་སྐྱེ་བར་འགྱུར་ཏེ། མིང་དང་གཟུགས་ཀྱིས་རིམ་གྱིས་སྐྱེ་བའོ། །དེས་རྒ་ཤི་ལ་སོགས་པའོ་ཞེས་ཕན་ཚུན་གྱི་རྒྱུན་ཅན་གྱི་ཡན་ལག་བཅུ་གཉིས་ཏེ། དེ་ནི་གང་ཞིག་འཆི་བའི་བར་མ་དོར་ཡང་མི་འགྱུར་ཞིང༌། རྫུས་ཏེ་སྐྱེ་བ་ལ་ཡང་མི་འགྱུར་ལ། གཟུགས་དང་གཟུགས་མེད་པར་ཡང་མ་ཡིན་ནོ། །དེ་ལ་ཡན་ལག་དང་པོ་གཉིས་ནི་སྐྱེ་བ་སྔ་མའིའོ། །བར་གྱི་བརྒྱད་པོ་ནི་ད་ལྟར་བྱུང་བའི་སྐྱེ་བའིའོ། །སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་སྐྱེ་བའི་འོ་ཞེས་པ་ནི་སྔ་མ་དང་ཕྱི་མ་དང་བར་མ་རྣམས་སུ་རྣམ་པར་གཞག་པ་ནི་ཀུན་ཏུ་རྨོངས་པ་མེད་པ་ནི་མི་འཇུག་གོ །དང་པོ་དང་གཞན་བརྒྱད་པ་དང་དགུ་པ་ནི་ཉོན་མོངས་པའོ། །གཉིས་པ་དང་བཅུ་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །ལྷག་མ་ནི་སྐྱེ་བའི་ཉོན་མོངས་པའོ། །ཉོན་མོངས་པ་ནི་ཀུན་ནས་ཉོན་མོངས་པའི་དབང་གིས་ལས་དང་སྐྱེ་བ་ཀུན་ཏུ་འཕེན་ལ། བདེན་པ་མཐོང་བ་ནི་བདེན་པས་ལས་དང་ཡང་སྲིད་པ་མི་འཕན་པའི་ཕྱིར་རོ་ཞེས་པ་ནི་ཡན་ལག་བཅུ་གཉིས་པའི་རྟེན་ཅིང་འབྱུང་བའོ། །ཉོན་མོངས་པ་ལས་དང་སྐྱེ་བའི་རྒྱུན་གྱི་ངོ་བོའི་འཁོར་བ་ལ་ཐོག་མ་མེད་དེ། ཐོག་མ་ཡོད་ན་ཐོག་མ་ལ་རྒྱུ་མེད་བ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཐ་མ་ནི་རྒྱུ་ཟད་པས་རིགས་ཏེ། ས་བོན་ཟད་པས་མྱུ་གུ་བཞིན་ཏེ། སྐྱེ་བ་ནི་རྒྱུ་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་སོ་སོར་བསྐྱེད་པའི་སྟོང་པ་དང༌། སྙིང་རྗེ་རོ་གཅིག་པའི་བྱང་ཆུབ་ཀྱི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་གྱི་མ་རིག་པའི་གཉེན་པོ་བསྒོམས་པས་མ་རིག་པ་རིམ་གྱིས་ཟད་ནས་འཁོར་བ་པའི་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཐམས་ཅད་རྒྱུན་ཆད་པ་ཉིད་དུ་འགྱུར་ཏེ། འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་སུ་འགྱུར་ཞེས་ལུང་ལས་གསུངས་ཏེ། འདིར་མ་རིག་པ་འགགས་པས་འདུ་བྱེད་ཅེས་པ་ནས་ཇི་སྲིད་དུ་སྐྱེ་བ་དང༌། རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འགག་པར་འགྱུར་ཞེས་ཏེ། དེ་ལ་ཕུང་པོ་ཡོངས་སུ་སྨིན་པ་ནི་རྒས་པའོ། །


DTG090_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་རྙིང་པ་ཞིག་པ་ཤི་བའོ། །ཤི་བར་གྱུར་པ་ལས་རྨོངས་པས་མངོན་པར་ཆགས་པས་སྙིང་མི་བདེ་བ་ནི་མྱ་ངན་ནོ། །མྱ་ངན་གྱིས་ཀུན་ནས་བསླངས་ནས་ངག་ཏུ་འདོན་པ་ནི་སྨྲེ་སྔགས་སོ། །དབང་པོ་རྣམས་མི་གསལ་བ་ནི་སྡུག་བསྔལ་ལོ། །ཡིད་ལ་གཅགས་པ་ནི་ཡིད་མི་བདེ་བའོ། །སྡུག་བསྔལ་བ་དང་ཡིད་མི་བདེ་བ་ལས་བྱུང་བ་ནི་འཁྲུག་པ་སྟེ། གང་དུ་འཕགས་པས། མ་རིག་འགག་པར་འགྱུར་བ་ནི། །འདུ་བྱེད་རྣམས་ནི་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པ་དེ་ནི་བསྒོམ་པས་སོ། །མོད་ཕལ་ཆེར་ཡང་ལུགས་ལས་བཟློག་པ་གསུངས་ཏེ། སྐྱེ་བ་འགགས་པས་རྒ་ཤི་ལ་སོགས་པ་འགག་ཅེས་པ་ནས་ཇི་སྲིད་དུ། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ལ་སོགས་པ་ནི་ལུགས་ལས་བཟློག་པའོ། །ཡང་དག་པར་བསྐུལ་བ་ནི་ཡང་དག་པར་འཛིན་པ་ལའོ། །བསྔགས་པ་བརྗོད་པའི་ཡོན་ཏན་བརྗོད་པའོ། །མཐུན་པར་དཀའ་བའི་རྗེས་སུ་མཐུན་པས་སོ་ཞེས་པ་ནི་རྩེ་མོར་གྱུར་པའོ། །རང་བཞིན་རྟེན་ཅན་བདེན་ཤེས་པའི། །ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་པ་བསྟན་བཅོས་ལས་ཏེ། འདིར་གསུངས་པ་ནི། དེ་བཞིན་དུ་བདེན་པ་ཞེས་པ་ལ་སོགས་པ་སྟེ། སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡུལ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། སྤོང་བ་དང༌། མངོན་དུ་བྱེད་པ་དང༌། བསྒོམ་པ་རྣམས་ལ་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་བྱ་བ་ལ་ཇི་སྲིད་དུ་ཡང་དག་པར་བསྐུལ་བ་ལ་སོགས་པ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པའི་བར་དུའོ། །དེ་ལྟར་སེམས་ཅན་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་བཟོད་པར་གྱུར་པ་དང་ཆོས་མཆོག་ཏུ་གྱུར་བའོ། །དེ་ལྟར་འདོད་ཅིང་ཞེས་པ་ལ་སོགས་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་འབྲས་བུ་གསུངས་པའོ། །དེ་བཞིན་ཉིད་གཙོ་བོར་བསྟན་པའི་ལེའུ་ནི་དེ་བཞིན་ཉིད་ཀྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལས་ལེའུ་བཅུ་དྲུག་པའོ།། །།ཚོགས་ཀྱི་


DTG090_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་ནས་བསྟན་བཅོས་ལས། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་བསྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་ཏེ་ཕྱིར་ལྡོག་པར་འགྱུར་བ་ནི་ཕྱིར་ལྡོག་པ་ལ། དེ་ལྟར་མ་ཡིན་ཞེས་པ་ནི་ཕྱིར་མི་ལྡོག་པ་སྟེ། ཕྱིར་མི་ལྡོག་པའི་དགེ་འདུན་ནོ། །འདིར་དབང་པོ་རབ་ཀྱི་བྱང་ཆུབ་སེམས་དཔའ་ནི་ཚོགས་ཀྱི་ས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པ་དང་སྙིང་རྗེ་ཆེན་པོ་ལ་སྦྱར་ནས་ཚོགས་གཉིས་རྫོགས་པར་བྱེད་པ་ལ། རྟག་པར་མངོན་པར་སྦྱོར་བར་དགའ་བས་ཕྱིར་མི་ལྡོག་པ་ཅན་ནོ། །དབང་པོ་འབྲིང་ནི་རབ་ཏུ་དགའ་བ་ལས་སྔོན་དུ་དེའི་ངེས་པ་ལ་སོགས་པ་མེད་པའི་ཕྱིར་རོ། །དབང་པོ་རྟུལ་པོས་ནི་ཡང་ས་བརྒྱད་པ་ལ་སྔོན་དུ་བླ་ན་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་བྱ་བ་ལ་ངེས་པར་བརྟན་པོ་མེད་པའི་ལྡོག་པའི་དོགས་པ་འབྱུང་བར་འགྱུར་བའོ། །ངེས་འབྱེད་ཡན་ལག་ནས་བཟུང་ཞེས་པ་ནི་ཚོགས་ཀྱི་ལམ་ལ་ཤིན་ཏུ་མི་ཟད་པའི་ངེས་པ་ཅན་ལ་ལྟོས་ནས་གསུངས་པས་མངོན་པར་འདོད་པ་ནི་ཚོགས་ཀྱི་ས་ལ་ཡང་སྟེ། སོགས་ཞེས་པ་མཐར་མེད་ཀྱང་དངོས་པོ་ལ་རྣམ་པར་བརྟགས་ནས་མཐར་གནས་པ་ཉིད་པས་ཕྱིར་མི་ལྡོག་པའི་རིགས་ཕྱིར་མི་ལྡོག་པ་ཅན་དེ་རྣམ་པ་བཞི་སྟེ། རྫོགས་པའི་བྱང་ཆུབ་ཀྱི་སེམས་འབྱུང་བ་ཤིན་ཏུ་དེ་ལ་སྲིད་པས་ཞེས་པ་ལ་སོགས་པ་བཤད་ལ། བསྟན་བཅོས་སུ། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུ་བསྐྱེད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་ནི། །ཞེས་ཏེ་འདིར་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་ཤེས་པའི་རྟགས་རྣམས་ཏེ། གཟུགས་ལ་སོགས་ལས་ལྡོག་པ་དང༌། །ཐེ་ཚོམ་མི་དལ་ཟད་པ་དང༌། །བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འཛུད་པ་དང༌། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །ཟབ་མོའི་དོན་ལ་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །བག་ལ་ཉལ་ཀུན་འཇོམས་པ་དང༌། །དྲན་པ་དང་ནི་ཤེས་བཞིན་དང༌། །གོས་ལ་སོགས་པ་གཙང་བ་དང༌། །ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །གྱ་གྱུ་མེད་སེམས་སྦྱངས་པ་ནི། །


DTG090_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དང་སེར་སྣ་མེད་པ་དང༌། །ཆོས་ཉིད་ལྡན་བར་འགྲོ་ཉིད་དང༌། །སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །གཞན་གྱིས་བཀྲི་བར་མི་འདོད་དང༌། །ལམ་གཞན་ཉེ་བར་སྟོན་འདུད་ལ། །འདུད་ཅེས་བྱ་བར་རྟོགས་པ་དང༌། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་རྣམས་ཀྱིས། །དྲོད་དང་རྩེ་མོ་བཟོད་པ་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས་པ་བསྟན་བཅོས་ལས་ཏེ། རྟགས་ཀྱིས་མཚོན་པ་སྟེ། འདི་ལ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། འདི་རྣམས་ཀྱིས་རྣམ་པར་བྱེད་ཅིང་གསལ་པར་བྱེད་པས་ན་རྣམ་པ་ལ། འདི་རྣམས་ཀྱིས་མཚོན་པར་བྱེད་པས་ན་རྟགས་སོ། །འདི་རྣམས་ཀྱིས་གསལ་བར་བྱེད་ཅིང་བརྟག་པར་བྱེད་ཅེ་ན་མཚན་མ་སྟེ། དོན་གཅིག་ཀྱང་གསུམ་པོ་རྣམས་ཀྱིས་བརྗོད་པ་ནི་དོན་དག་གཞན་གྱི་དོགས་པ་གཅོད་པའི་དོན་དུའམ་རྣམ་གྲངས་ཀྱིས་བཤད་པའི་ཕྱིར་ཏེ། གང་གི་ཕྱིར་ནི་གཉིས་སུ་མེད་པ་སྟེ། གཟུགས་ལ་སོགས་པ་རྣམས་ཀྱི་ཆོས་རྣམས་ཐམས་ཅད་ནི་དོན་དམ་པ་མེད་པའི་ཕྱིར་དེ་བཞིན་ཉིད་དེ། དེ་བཞིན་ཉིད་ལ་ནི་གཅིག་པ་ཉིད་དང་གཉིས་དང་མང་པོ་མེད་པ་སྟེ། དེའི་ཕྱིར་ན་དེ་བཞིན་ཉིད་ནི་གཉིས་སུ་མེད་པས་དབྱེར་མེད་པ་དང་གཉིས་སུ་བྱར་མེད་པས་མ་བཅད་པའོ། །རྣམ་པར་རྟོག་པའི་ངོ་བོ་དང་བྲལ་བས་རྟོག་པ་མེད་པའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མེད་པའོ། །དེ་ལྟར་ཞེས་པ་ནི་དེ་ལྟར་དེ་བཞིན་ཉིད་མཚན་ཉིད་དུ་གནས་ཤིང་དེ་བཞིན་ཉིད་དང་རོ་གཅིག་པའི་ཕྱིར་རོ། །མི་རྟོག་པ་ནི་ཡང་དག་པར་རོ། །རྣམ་པར་མི་རྟོག་པ་ནི་ཕྱིན་ཅི་ལོག་ཏུའོ། །ཐོས་ནས་ཀྱང་ཞེས་པ་ནི་ཐོས་པའི་རྗེས་ལའོ། །སོང་ནས་ཞེས་པ་ནི་དུས་ཕྱིས་ཀྱང་སྟེ། ནེམ་ནུར་མི་བྱེད་པ་ནི་གནོད་པར་མི་བྱེད་པའོ། །ཡིད་གཉིས་མི་བྱེད་པ་ཞེས་པ་ནི། རྣམ་པ་སྣ་ཚོགས་བློ་ནི་ཡིད་གཉིས་ཏེ། དེ་ཉིད་མི་བྱེད་ཅེས་པའོ། །འདི་རྣམས་རྒྱས་པར་བཤད་དེ། ཐེ་ཚོམ་མི་བྱེད་ཅེས་པ་དང༌། རྨོངས་པར་མི་བྱེད་ཅེས་པས་ནི་མི་བསྒྲུབ་པ་དགག་པའོ། །དེ་ཁོ་ན་ཉིད་ལྟར་ཞེས་པ་ནི་ཐམས་ཅད་དོན་དམ་པར་ཏེ། ཀུན་རྫོབ་ཏུ་ནི་གཟུགས་ལ་སོགས་པ་དེ་ལྟར་ལྷག་པར་མོས་ཤིང་སྟེ་དད་པས་སོ། །


DTG090_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་པར་བྱེད་པས་ནི་ཤེས་རབ་ཀྱིས་སོ། །འདི་རྣམས་དེ་ལྟར་ཤེས་པ་ནི་གཙོ་ཆེ་བའི་རྟགས་ཏེ། འདིའི་ཡོངས་སུ་གཅོད་པ་གསུངས་པ་ནི། མི་ལྟ་ཞེས་པ་ལ་སོགས་པ་སྟེ་དེ་ལྟར་དེ་ཉིད་ལ་དེ་དག་ཅེས་ཏེ། གཟུགས་ལ་སོགས་པ་ལ་ལྡོག་པའི་རྟགས་ཤེས་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གཞན་དག་སྟེ་ཆོས་འདི་ལ་ཕྱི་རོལ་པའི་རབ་ཏུ་བྱུང་བ་རྣམས་ཀྱིའོ། །ངོར་བལྟ་བ་ནི་གུས་པར་བལྟ་བའོ། །ཤེས་པ་ནི་འཇིག་རྟེན་པའི་ཡེ་ཤེས་ཀྱིས་སོ། །མཐོང་བ་ནི་འཇིག་རྟེན་ལས་འདས་པས་སོ། །སྦྱིན་པ་ནི་གུས་པར་སྦྱིན་པའོ། །མི་རྟེན་པ་ནི་རྟེན་ནམ་སྐྱབས་སུ་འགྲོ་བ་མ་ཡིན་པའོ། །དེའི་བདེན་པ་དང་དཀོན་མཆོག་རྣམས་ལ་ཡིད་གཉིས་ཐེ་ཚོམ་ཟད་པར་གྱུར་པས་འདི་རྣམས་ཐམས་ཅད་མི་བྱེད་པའོ་ཞེས་པ་ནི་ཐེ་ཚོམ་ཟད་པའི་རྟགས་སོ། །རབ་འབྱོར་ཡང་ཞེས་པ་ལ་སོགས་པ་སྟེ། ངན་སོང་སྟེ་དམྱལ་བ་དང༌། ཡི་དགས་དང༌། དུད་འགྲོ་ནི་ངན་སོང་གིས་གཟུང་ལ། ཀླ་ཀློ་དང༌། ལྷ་ཚེ་རིང་པོར་སྐྱེས་པ་དང༌། སངས་རྒྱས་ཀྱི་གསུང་མི་ཐོས་པ་དང༌། ལོག་པར་ལྟ་བ་དང༌། དབང་པོ་མ་ཚང་བའི་མཚན་ཉིད་ཀྱིས་མི་ཁོམ་པ་རྣམས་ཀྱིས་ཉེ་བར་མཚོན་པ་ནི་དུད་མེད་ཀྱི་དངོས་པོ་སྟེ་བུད་མེད་ཉིད་ཕལ་ཆེར་གཞན་གྱི་དབང་དུ་གྱུར་པ་ཉིད་ཀྱིས་དགེ་བའི་ལས་ལ་མཐུ་མེད་པས་མི་ཁོམ་པའོ་ཞེས་པ་ནི་མི་ཁོམ་པ་ཟད་པའི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྲོག་གཅོད་པ་ནི་སྲོག་ཆགས་གཞན་དང་སྲོག་ཆགས་སུ་འདུ་ཤེས་པ་དང༌། དེ་ལ་གསོད་པར་འདོད་པ་དང༌། ཉེ་བར་ཞུགས་པ་དང༌། དེ་བསད་པའོ་ཞེས་པ་ནི་ཡན་ལག་ལྔས་སོ། །རྫས་གཞན་གྱིས་བདག་ཏུ་བྱས་པ་ལ། བལྟས་ནས་ཡིད་ཀྱིས་བཟུང་ན་མཐུས་རྐུ་བས། དེའི་རྒྱུ་སེམས་ཀྱིས་གཞན་གྱི་ནོར་འཕྲོག་པ་ནི་མ་བྱིན་པར་ལེན་པ་སྟེ། གཞན་གྱི་ནོར་དང༌། དེར་འདུ་ཤེས་པ་དང་དེ་འཕྲོག་པར་འདོད་པ་དང༌། ཉེ་བར་སྦྱོར་བ་དང་དེ་བླངས་པའོ་ཞེས་པ་ནི་ཡན་ལག་ལྔས་སོ། །བགྲོད་པར་བྱ་བ་མ་ཡིན་པ་དང༌། ཡན་ལག་མ་ཡིན་པ་དང༌། ཡུལ་དང་དུས་དང་བགྲོད་པ་མ་ཡིན་པ་ནི་འདོད་པས་ལོག་པར་གཡེམ་པ་སྟེ། གཞན་གྱི་བུད་མེད་དང༌། གཞན་གྱི་འདུ་ཤེས་པ་དང༌། དེ་ལ་མངོན་པར་བགྲོད་པར་འདོད་པ་དང༌། ཉེ་བར་རྩོམ་པ་


DTG090_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དང་བགྲོད་པའོ་ཞེས་པའི་ཡན་ལག་ལྔས་སོ། །གཞན་ལ་ངག་གམ་ལུས་ཀྱིས་ཕན་པ་མ་ཡིན་པའི་དོན་བསྒྲུབས་པས་ན་བརྫུན་དུ་སྨྲ་བ་སྟེ། དངོས་པོ་དང་འདུ་ཤེས་དང་བསླུ་བར་སྨྲ་བར་འདོད་པ་དང་སྨྲ་བ་ལ་ཉེ་བར་ཞུགས་པ་དང་གཞན་ཡིད་ཆེས་པར་བྱས་པ་སྨྲས་པ་ནི་ཡན་ལག་ལྔའོ། །ལུས་ཀྱི་སོ་སོར་སྒྲུབ་པ་ནི་ངག་གི་ལས་དང་ཆོས་མཐུན་པས་ངག་གི་ལས་ཏེ། འདུལ་བ་སོ་སོར་ཐར་པའི་མདོའི་མདོར་བསྟན་དུ། ཅང་མི་སྨྲ་བར་གྱུར་པའི་བརྫུན་དུ་སྨྲ་བར་འགྱུར་ཞེས་བཤད་དོ། །གཞན་དག་ཉོན་མོངས་པའི་སེམས་ཀྱིས་འབྱེད་པ་ཅན་གྱི་ཚིག་ནི་ཕྲ་མའོ། །ཉོན་མོངས་པའི་སེམས་ཀྱིས་མི་སྙན་པ་སྨྲ་བ་སྐྱོན་སྒྲོགས་པ་ནི་ཚིག་རྩུབ་མོའོ། །བརྫུན་དུ་སྨྲ་བ་ལ་སོགས་པ་གསུམ་ལས་གཞན་པའི་ཉོན་མོངས་པ་ནི་ངག་འཁྱལ་བའོ། །གང་གཞན་དག་གི་ལ་དེ་བདག་གིར་གྱུར་ན་ཞེས་པའི་སྤྲོ་བས་ངེས་པར་འཛིན་པ་ནི་བརྣབ་སེམས་སོ། །སེམས་ཅན་གཞན་ལ་གནོད་པའི་དོན་དུ་ཞེ་སྡང་བ་ནི་གནོད་སེམས་སོ། །རྒྱུ་དང་འབྲས་བུ་བྱ་བའི་དངོས་པོ་མེད་ཅེས་སྐུར་པ་འདེབས་པ་ནི་ལོག་པར་ལྟ་བའོ། །འདིར་བརྣབ་སེམས་ལ་སོགས་པར་འདོད་པས་ལོག་པར་གཡེམ་པ་དང་གཞན་ལ་གནོད་པ་ལ་སོགས་པ་སྟེ་བགྱིས་པ་དང༌། བགྱིད་དུ་སྩལ་བར་འགྱུར་བ་དང་རྗེས་སུ་ཡི་རང་བར་བྱེད་པས་ནི་བཅུ་གར་ཡང་འགྱུར་པའོ། །དེ་ལ་འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་སྟེ། དེ་ལས་ལྡང་བའི་རྣམ་པ་བདུན་ནི་ལུས་དང་ངག་གིས་ཉེས་པར་སྤྱོད་པ་མི་དགེ་བ་བཅུ་གང་ཡང་ལས་པས་ལས་ཀྱི་ལམ་ཞེས་པ་སྟེ། ལས་ཀྱི་ལམ་མོ། །དེ་དང་བྲལ་བས་ནི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པས་ཀུན་ནས་བསླང་བ་ནི་ཐམས་ཅད་ཀྱང་ལེགས་པར་སྤྱོད་པ་སྟེ་དགེ་བའོ། །གང་གི་ཕྱིར། གང་ཞིག་བརྩེ་བ་ཅན་གྱིས་ནི། །གཞན་ལ་ཕན་ན་ཐམས་ཅད་བྱ། །ལས་དེ་དགེ་བ་ཡིན་ནོ་ཞེས། །རྫོགས་སངས་རྒྱས་རྣམས་ཀུན་གྱིས་གསུངས། །ཆང་འཐུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ། བཅས་པའི་ཁ་ན་མ་ཐོ་བ་རྣམས་ལ་ཆང་འཐུང་བ་གཅིག་པུ་ལས་ཅིའི་ཕྱིར་ལྡོག་པར་བྱ་ཞེ་ན་བཅས་པ་ཡིན་ཡང་ཆང་འཐུངས་པས་སྔོན་དུ་གོམས་པའི་བག་ཆགས་ཀྱི་ལས་ཇི་ལྟར་རིགས་


DTG090_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པར་རབ་ཏུ་ཟད་པས་བཅུ་གའི་ཉེས་པ་སྤྱོད་པ་ཉིད་གཞན་དུ་སྤྱོད་པར་འགྱུར་ཞེས་པ་སྟེ། གང་ཟག་ཁ་ཅིག་གིས་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བའི་རྒྱུར་འགྱུར་བའི་ཕྱིར་ལྡོག་པ་དེ་རྣམས་ཀྱི་ནང་དུ་ཆང་འཐུངས་པ་ལས་ལྡོག་པ་ཡང་གསུངས་པའོ། །གང་ཞིག་ཉོན་མོངས་པའི་སེམས་ཉིད་ཀྱིས་ལྷག་པར་ཀུན་ཏུ་སྤྱོད་པས་རང་ཉིད་ཁོ་ན་ལ་མི་འདོད་པའི་རྣམ་པར་སྨིན་པར་འགྱུར་ན་དེ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་སྟེ། དཔེར་ན་སྲོག་གཅོད་པ་ལ་སོགས་པ་བཅུ་པོ་བཞིན་ནོ། །དེ་བཞིན་དུ་ཆང་འཐུང་བས་ལྟོགས་པ་ལ་སོགས་པ་ལ་ཕན་པའི་བསམ་པ་ཉིད་དུ་འགྱུར་བས་བཏུང་བ་བཞིན་དུ་ཀུན་ཏུ་སྤྱོད་ཀྱང་ཉེས་པར་མི་འགྱུར་ཏེ། དེའི་ཕྱིར་ན་ལེགས་འོངས་ཀྱིས་དགྲ་བཅོམ་པར་གྱུར་ཀྱང་ཆང་འཐུངས་ཤིང་དེ་ནས་བརྩམས་ནས་ལོག་པར་བཅས་པར་འདུལ་བ་ལས་བཤད་དོ། །ཐེག་པ་ཆེན་པོར་ཡང་གང་ཟག་ཐམས་ཅད་ཀྱིས་མ་ཡིན་ཏེ། འདིར་ཆོས་མ་ཡིན་པའི་དབང་དུ་བྱས་ཏེ་དེའི་ཕྱིར་ན་ལས་ཀྱི་ལམ་བཅུ་གཅིག་ཏུ་མ་བསྟན་ཏོ། །འདིར་མི་དགེ་བའི་ལས་ནི་ལེགས་པར་བྱས་པ་མ་ཡིན་ནོ། །ཡང་མི་བྱའོ་ཞེས་པ་རྣམ་པར་སུན་བྱུང་བས་སྟོབས་ཆུང་བར་འགྱུར་བ་དང༌། དགེ་བ་ཟག་པ་མེད་པའི་ལས་ཀྱི་དོན་དུ་མངོན་པར་སྦྱོར་བའི་གཉེན་པོ་ཀུན་ཏུ་སྤྱོད་པས་སྟོབས་ཆུང་བར་འགྱུར་བ་དང༌། སྡོམ་པ་ཡང་དག་པར་བླངས་ནས་མི་བྱེད་པའི་སྡོམ་པ་ཐོབ་པས་སོར་ཆུད་པའི་སྟོབས་དེས་སྟོབས་ཆུང་བར་འགྱུར་བ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་རྟེན་གྱི་སྟོབས་ཀྱི་སྟེ། བྱང་ཆུབ་སེམས་ནི་དངོས་པོར་འཛིན་པའི་གཉེན་པོར་འགྱུར་བ་སྟེ། དེའི་རྩ་བ་ཅན་གྱི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་འགྱུར་ཏེ་ལས་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་དེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟག་པ་མེད་པའི་ཤེས་རབ་ཀྱི་ལས་ཐམས་ཅད་དམིགས་སུ་མེད་པའི་མཚན་ཉིད་ཀྱི་ལས་རྣམས་རྣམ་པ་ཐམས་ཅད་དུ་མཆོག་ཏུ་སྦྱོང་སྟེ། དེ་ལྟར་ཡང་རིགས་ཀྱི་བུ་བསྐལ་བའི་མེ་དང་འདྲ་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་སྲེག་པར་བྱེད་དོ་ཞེས་པ་རྒྱ་ཆེར་གསུངས་སོ། །གང་དུ་བསྐལ་བ་བྱེ་བ་བརྒྱ་རུ་ཡང༌། །ལས་རྣམས་འཇིག་པར་མི་འགྱུར་ཏེ། །ཚོགས་པའི་ཐོབ་པའི་དུས་སུ་ནི། །ལུས་ཅན་རྣམས་ལ་འབྲས་འབྱིན་


DTG090_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཅེས་ཏེ་འཇིག་པར་མི་འགྱུར་ཞིང་འབྲས་བུ་འབྱིན་པ་ནི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་གྱིས་ཏེ། སཱ་ལུ་ལ་སོགས་པའི་ས་བོན་བཞིན་ཏེ་རང་གི་མཚན་ཉིད་ཀྱི་གནས་གཞན་གྱིས་ནི་མ་ཡིན་ནོ་ཞེས་པ་ལ་སོགས་པ་སྟེ། མཐོང་བའི་ཆོས་ལ་ཀུན་ཏུ་མྱོང་བར་འགྱུར་བ་དང༌། སྐྱེས་ནས་མྱོང་བར་འགྱུར་བ་དང༌། དེ་ལས་ལན་གྲངས་གཞན་ལ་ཀུན་ཏུ་མྱོང་བར་འགྱུར་བ་ནི་ལས་ཞེས་བཤད་དེ། དེ་ལྟར་འགྱུར་བ་ནི་གཉེན་པོ་བསྒོམ་པ་ལས་ཤེས་པར་བྱའོ། །གང་དུ་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུའི་མཐེ་བོའི་རྩེ་མོ་ལ་བདུད་ཀྱིས་རྡོ་སྦྱར་བས་རྨ་བྱུང་བར་བསྟན་ཏེ། བསྟན་པ་དེ་ཐམས་ཅད་ནི་དགེ་བ་དང་མི་དགེ་བ་དང་མི་དགེ་བའི་བྱ་བ་ལ་འཇུག་པ་དང་ལྡོག་པའི་དོན་དུ་སྟེ། དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོའི་སྐུ་ཡིན་ཡང་སྲོག་ཆགས་རྣམས་ལ་དེའི་རིགས་མཐུན་པ་ཀུན་ཏུ་བསྟན་པ་དང༌། གདུལ་བྱ་རྣམས་ལ་དཀའ་བ་སྤྱོད་པ་ཀུན་ཏུ་བསྟན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་དག་པ་མ་ཡིན་ཏེ། འོན་ཀྱང་ཡང་དག་པའི་ཤེས་པས་ནི་རྣམ་པར་དག་གོ་ཞེས་པ་རབ་ཏུ་བསྟན་པའི་དོན་ཏེ། དེའི་ཕྱིར་ཏེ་བྱང་ཆུབ་སེམས་དཔར་གྱུར་པ་ལ་ཡང་བཅོམ་ལྡན་འདས་ལ་འདོད་པའི་ཁམས་ཀྱི་དབང་ཕྱུག་གི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་དེ་རྣམས་ཀྱི་མཚོན་ཆས་བ་སྤུ་གཅིག་ཀྱང་མི་ལྡང་ཞིང་རྨ་མ་བཏོད་པ་ལ་དེ་ཉིད་རྫོགས་པར་བྱང་ཆུབ་པ་ནི་མི་ཙམ་གྱི་ལྷ་སྦྱིན་གྱིས་རྨ་བཏོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མང་དུ་བརྗོད་པ་ལ་དགོས་པ་མེད་དོ། །ཡང་དག་པར་འཛུད་པ་དང་བརྟན་པར་བྱེད་དོ་ཞེས་པ་ནི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ་གང་དང་གང་དུ་ཆོས་མདོ་སྡེ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པ་སྟེ། དེ་ལ་མདོའི་སྡེ་ནི་གང་ཚིགས་བཅད་རྐྱང་པ་རྣམས་ཀྱིས་དོན་སྨོས་པའོ། །དབྱངས་ཀྱིས་བསྙད་པ་ནི་མདོ་གང་དག་གི་དབུས་དང་མཐའ་དག་ཚིགས་བཅད་ཀྱིས་དབྱངས་སུ་བསྙད་པ་སྟེ་གང་ཡང་དྲང་བའི་དོན་དུ་རྟོགས་པའི་ཕྱིར་རོ། །ལུང་དུ་བསྟན་པ་ནི་གང་དུ་ཉན་ཐོས་རྣམས་འདས་ཤིང་དུས་ལ་བབ་པ་ན་རིགས་པ་དག་ལ་ལུང་བསྟན་པར་བྱེད་པ་ནི། གང་ཡང་ངེས་པའི་དོན་གྱི་མདོ་སྡེ་སྟེ། དེས་ན་དོན་དམ་པ་ལ་དགོངས་ནས་བཤད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་འདི་གང་


DTG090_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དང་གང་གསུངས་ཏེ། ཚིག་གཉིས་པ་དང༌། ཚིག་གསུམ་པ་དང༌། ཚིག་བཞི་པ་དང༌། ཚིག་ལྔ་པ་དང༌། ཚིག་དྲུག་པས་སོ། །གླེང་གཞི་ནི་གང་ཡིན་ལ་བྱས་ནས་བརྗོད་པའི་གླེང་གཞིས་གང་བསྟན་ཅིང་གསུངས་ཏེ། འཐད་པ་དང་བཅས་པ་བསླབ་པའམ་བཅས་པར་གསུངས་པའོ། །རྟོགས་པ་བརྗོད་པ་ནི་དཔེ་དང་ལྡན་པས་གསུངས་པའོ། །དེ་ལྟར་འདས་པ་ནི་སྔོན་གྱི་སྦྱོར་བ་དང་ལྡན་པའོ། །སྐྱེས་པའི་རབས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡང་དག་པར་ལྡན་པའོ། །ཤིན་ཏུ་རྒྱས་པ་ནི་གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་རབ་ཏུ་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ཕན་པ་དང་བདེ་བ་ལ་བཀོད་པའི་ཕྱིར་རོ། །ཆོས་རྨད་དུ་བྱུང་བ་ནི་གང་དུ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟང་པའོ། །གཏན་ལ་ཕབ་པ་ནི་གང་ཡང་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་མཚན་ཉིད་ཉེ་བར་བསྟན་པའོ་ཞེས་པ་ནི་གསུང་བར་ཡན་ལག་བཅུ་གཉིས་ཀྱི་ཆོས་སོ། །སྦྱིན་པ་དང་གཞན་ལ་ཕན་པ་ཞེས་པ་སྟེ། དེ་རྣམས་ཉིད་ཀྱིས་སོ། །ཇི་ལྟར་ཆོས་ཀྱི་སྦྱིན་པ་དེ་ལྟར་གཞན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པས་ཀྱང་ངོ་ཞེས་པ་ནི་གཞན་གྱི་རྟེན་ཅན་གྱི་སྦྱིན་པ་ལ་སོགས་པའི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་ནི་ཟབ་མོའི་དོན་ལ་སོམ་ཉི་མེད་པའི་རྟགས་སོ། །ཕན་པ་ཞེས་པ་ལ་སོགས་པས་ནི་བྱམས་པའི་ལུས་ལ་སོགས་པའི་རྟགས་སོ། །ཆུང་བར་འགྱུར་ཞེས་པ་ལ་སོགས་པ་ནི་ཉེ་བར་མཚོན་པ་སྟེ། འདོད་པ་ལ་འདུན་པ་དང་གནོད་སེམས་དང་རྨུགས་པ་དང་གཉིད་དང་རྒོད་པ་དང་འགྱོད་པ་དང་ཐེ་ཚོམ་ཞེས་པ་ནི་སྒྲིབ་པ་ལྔ་དང་མི་འགྲོགས་པའི་རྟགས་སོ། །དེ་ལ་རྨུགས་པ་ནི་ཐིབས་པ་སྟེ་ལུས་དང་སེམས་བླུན་པར་བྱེད་པ་ཉིད་ཀྱིས་སེམས་དམིགས་པར་སྦྱོར་བ་ལས་ཉམས་པའོ། །གཉིད་ནི་རྣམ་པར་ཤེས་པ་ལྔ་སྡུད་པར་བྱེད་པའི་ངོ་བོའི་ཡིད་ཀྱང་རྨོངས་པར་བྱེད་པའི་རྒྱུ་པས་གཉིས་གཅིག་ཏུ་བགྲང་བར་བྱ་སྟེ། ཟས་མ་སྙོམས་པའི་ཤེས་པ་ཉིད་དང༌། གཡེལ་བ་དང་མི་དགའ་བ་དང་གླལ་བ་དང་སེམས་བྱིང་བ་ཉིད་ཅེས་པས་དེ་གཉིས་རྒྱས་པར་བྱེད་དོ། །རྒོད་པ་ནི་ཆགས་པའི་ཡུལ་དྲན་པའི་འདོད་ཆགས་ཀྱི་ཆ་ཅན་གྱི་སེམས་ཉེ་བར་མ་ཞི་བའོ། །འགྱོད་པ་ནི་མི་རིགས་པ་བྱེད་པས་སེམས་ཉེ་བར་མ་ཞི་བའོ། །དེའི་


DTG090_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་ཉེ་བར་མ་ཞི་བར་ཆོས་མཐུན་པས་གཉིས་གཅིག་ཏུ་བྱས་པའོ། །བདེན་པ་དང་དཀོན་མཆོག་ལ་སོགས་པ་ལ་ཡོད་པ་དང་མེད་པའམ་བདེན་ནམ་མི་བདེན་ནམ་ཞེས་པ་ལ་སོགས་པའི་རྣམ་པ་ཅན་དེ་གཉི་གའི་ཆ་ལ་འཇུག་པའི་སོམ་ཉིའི་བདག་ཉིད་ཅན་གྱི་བློ་ནི་ཐེ་ཚོམ་མོ། །མི་འཛིན་ཅེས་པ་ནི་ཐམས་ཅད་ཇི་ལྟར་བྱུང་བའི་དེ་ལྟར་གྱི་བག་ལ་ཉལ་ཉོན་མོངས་པའི་འཆིང་བ་བཅོམ་པ་ནི་བག་ལ་ཉལ་བ་ཀུན་འཇོམས་པའི་རྟགས་སོ། །དེའི་ཕྱིར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ་བཟོད་པ་འབྲིང་གི་འགྲེལ་པར་འཕགས་པས་ཉོན་མོངས་པར་འགྱུར་བ་ཐམས་ཅད་ལ་སེམས་སྐྱེ་བ་མེད་པས་ལུས་ལ་སོགས་པ་ཡོངས་སུ་དག་པར་རྟོགས་ཞེས་བཤད་དོ། །དེས་ཞེས་པ་སྟེ་འགྲོ་བ་ནི་འགྲོང་པའོ། །ལོག་པ་ནི་འོང་བའོ། །འཁྲུག་པ་ནི་རྣམ་པར་གཡེངས་པའོ། །བུལ་བ་མི་བྱེད་པའི་བུལ་བ་ནི་རྣམ་པར་གཡེངས་པས་སོ། །མཐོང་བ་བཞིན་ཞེས་པ་ནི་བལྟས་ན་ལའོ། །འདི་རྣམས་ནི་ཉེ་བར་མཚོན་པ་སྟེ། འཆག་པ་དང་གནས་པ་དང་འདུག་པ་དང་ཉལ་བ་རྣམས་ལ་རྣམ་པར་མི་གཡེང་པའོ་ཞེས་པ་ནི་དྲན་པ་དང་བཅས་པའི་ཤེས་བཞིན་གྱི་རྟགས་སོ། །རབ་འབྱོར་ཡང་ཞེས་པ་ལ་སོགས་པ་སྟེ། ཤིག་དང་མི་སྦྱོར་བས་ཤིག་མེད་པ་ལ་གཟོབ་པ་དང་ནི་གཙང་སྦྲའོ། །གནོད་པ་མེད་པ་ནི་ནད་ཀྱིའོ། །སྐྱོན་ཉེ་བར་འཚེ་བ་མེད་དོ་ཞེས་པ་ནི་ཆོས་གོས་ལ་སོགས་པ་གཙང་བའི་རྟགས་སོ། །གང་དག་ཞེས་པ་ལ་སོགས་པ་སྟེ། མངོན་པར་འཕགས་པ་ནི་ཁྱད་པར་དུ་འཕགས་པའོ་ཞེས་པ་ནི་སྲིན་བུ་མི་འབྱུང་བའི་རྟགས་སོ། །རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། སེམས་ལ་བྱ་བ་ཉུང་བ་ནི་འདོད་པ་ཆུང་བའི་ཕྱིར་དང་རྣམ་པར་གཡེང་བ་མེད་པའི་ཕྱིར་རོ། །སེམས་གང་ཞིག་གྱ་གྱུ་ནས་རང་གི་སྐྱོན་འཆབ་བའི་ཐབས་བྱེད་པ་ནི་གཡོའོ། །གང་དུ་གཞན་སླུ་བའི་དོན་དུ་ཡང་དག་པ་མ་ཡིན་པའི་ཡོན་ཏན་ཀུན་ཏུ་སྟོན་པ་ནི་སྒྱུའོ། །འཁྱོག་པ་ཉིད་ཀྱིས་གྱ་གྱུ་སྟེ། དེ་ནི་གཞན་སླུ་བའི་ཕྱིར་ཡོན་པོ་སྟེ། དེ་མེད་པ་ནི་གྱ་གྱུ་མེད་པའི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། རྙེད་པ་ལ་སོགས་པ་ལྷུར་ལེན་པ་ཉིད་བཀག་པ་ནི་སྦྱངས་པའི་ཡོན་ཏན་གྱིས་ཉེ་བར་


DTG090_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའོ་ཞེས་པ་ནི་སྦྱངས་པའི་ཡོན་ཏན་ཡང་དག་པར་ལེན་པའི་རྟགས་སོ། །ཕྲག་དོག་ཅེས་པ་སྟེ་གཞན་གྱི་ཡོན་ཏན་ལ་དེ་སྲིད་དུ་ཕྲག་དོག་དང༌། སེར་སྣ་མི་འཛིན་པས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཉེ་བར་མཚོན་པའོ་ཞེས་པ་ནི་སེར་སྣ་མེད་པ་ལ་སོགས་པ་ཉིད་ཀྱི་རྟགས་སོ། །ཆོས་ཟབ་མོ་ཞེས་པ་ལ་སོགས་པ་སྟེ། ཡང་དག་པར་ཞེས་པ་ནི་ཡང་དག་པར་སྦྱོར་བ་ལའོ། །ཆོས་ཉིད་དང་སྦྱོར་བ་ནི་ཐམས་ཅད་ལ་ཀུན་ཏུ་འགྲོ་བའོ་ཞེས་པ་ནི་ཆོས་ཉིད་དང་ལྡན་པ་འགྲོ་བ་ཉིད་ཀྱི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སླར་ཡང་གཤེགས་པར་གྱིས་ཞེས་པ་ནི་དེ་ཡིན་ཞེས་པ་ལ་སོ་སོར་ཞེས་པ་ནི་ངེས་པ་ཉིད་དང་ཤིན་ཏུ་བ་ཉིད་ཀྱིས་ཡོངས་སུ་སྤོངས་ཤིག་པའོ། །དེ་ལྟར་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བཏང་བར་གྱུར་ནའོ། །དེ་ལྟར་ན་ཡང་ཞེས་པ་ནི་འདི་འདྲ་བ་ཟེར་བ་ནའོ། །འདིར་འཇིག་རྟེན་རྣམས་ཀྱི་དོན་དུའོ་ཞེས་པ་ནི་སེམས་ཅན་དོན་དུ་དམྱལ་བ་ཁས་ལེན་པ་སྟེ་དམྱལ་བ་ཚོལ་བའི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ་གང་ཁྱོད་ཀྱིས་ཐོས་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སོ་སོར་བཤད་པའོ། །གང་ཁྱོད་ཀྱིས་གཟུང་བ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་སྤོངས་ཤིག་པའོ། །ཡང་དག་པ་མ་ཡིན་པའི་རྣམ་པ་སྣ་ཚོགས་པར་སྨྲ་བ་ནི་སྙན་དངགས་མཁན་ལ་དེའི་ལས་ནི་སྙན་དངགས་སོ། །ཕྱིར་མི་ལྡོག་པའི་དབྱིངས་ཏེ་རང་བཞིན་ནོ་ཞེས་པ་ནི་གཞན་གྱིས་བཀྲི་བར་མི་འདོད་པའི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདི་ཉིད་དུ་ཁྱོད་ཅེས་པ་ལ་སོགས་པས་ནི་ཉན་ཐོས་ལ་སོགས་པའི་ལམ་འཛིན་དུ་འཇུག་པ་སྟེ་མངོན་པར་མི་འགྲུབ་ཅིང་ཟད་པར་འགྱུར་ཞེས་པ་ནི་བདུད་ཀྱི་ལམ་གཞན་ཉེ་བར་བསྟན་པ་ལ་བདུད་ཅེས་བྱ་བ་རྟོགས་པའི་རྟགས་སོ། །གལ་ཏེ་ཞེས་པ་ལ་སོགས་པ་སྟེ། གཞན་ལས་ནི་བདུད་ལ་སོགས་པས་ཐེག་པ་ཆེན་པོ་དེ་དང་བྲལ་བའི་ཕྱིར་ཏེ་གཏོང་བའི་དོན་དུ་སྨྲ་བ་ནི་བྲལ་བའི་ཚིག་ལ། ཡོངས་སུ་མཉམ་པ་ནི་མི་གཡོ་བའོ། །ཆོས་འདི་ཉིད་ཆོས་ཉིད་དེ་ཐེག་པ་ཆེན་པོའི་སྤྱོད་པའོ། །དེའི་ཡིད་ཕྱིར་མི་ལྡོག་པ་ནི་ཁ་ཕྱིར་བལྟས་པར་མི་འགྱུར་བའོ། །གཞན་དུ་མི་འགྱུར་བ་ནི་ཕྱིར་མི་ལྡོག་ནས་ཐེག་པ་དམན་པ་ལ་རིན་ཆེ་བར་


DTG090_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་དོ་ཞེས་པའི་དོན་ཏོ། །དེ་དག་ཅེས་པ་ནི་བྲལ་བའི་ཚིག་ལ། དེ་ལྟར་ཞེས་པ་ནི་ཇི་ལྟར་སངས་རྒྱས་ཀྱིས་རྗེས་སུ་བསྔགས་པའོ་ཞེས་པ་ནི་སྤྱད་པ་ལ་སངས་རྒྱས་རྗེས་སུ་ཡི་རང་བའི་རྟགས་སོ། །དེ་ལྟར་རྟགས་ཉི་ཤུའོ། །བསྟན་བཅོས་ལས། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་པ་སྤྱོད་ལ་ཐབས་མཁས་དང༌། །རྟག་ཏུ་ཚངས་པར་སྤྱོད་པ་དང༌། །འཚོ་བ་རྣམ་པར་དག་ཉིད་དང༌། །ཕུང་སོགས་བར་ཆད་མེད་ཉིད་དང༌། །ཚོགས་དང་དབང་སོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང༌། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཅེས་པ་སྟེ་མཚན་ཉིད་ཀྱི་རྟགས་རྣམ་པ་བཅུ་དྲུག་ལ་རིམ་པ་བཞིན་དུ་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདུན་པ་ཟློག་པར་བྱེད་པ་ནི་འདུན་པ་དང༌། རང་གི་མཚན་ཉིད་ནི་རང་བཞིན་ནོ། །ཆོས་ནི་གཟུགས་ལ་སོགས་པའོ། །མི་སྐྱེ་བ་ཤེས་པའི་བཟོད་པ་འདིས་དེ་ལྟར་རོ་ཞེས་པ་ནི་གཟུགས་ལ་སོགས་པའི་འདུ་ཤེས་ལས་ལྡོག་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདུན་པ་ཟློག་པར་བྱེད་པ་ནི་འདུན་པ་དང་བྲལ་བར་བྱེད་པའོ། །ཤེས་པར་འགྱུར་ཞེས་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་སོ། །དོན་མེད་པར་ཉོན་མོངས་པ་ནི་བྱང་ཆུབ་ཀྱི་སེམས་དང་བྲལ་བར་བྱེད་པ་ལ་ཀུན་ཏུ་སྦྱོར་བའོ། །དེ་ལ་ཞེས་པ་ལ་སོགས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ངེས་པ་བརྟན་པས་ཏེ་སྡུག་བསྔལ་ལ་ཆོས་ཤེས་པའི་རྟགས་


DTG090_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ནི་ཐེག་པ་དམན་པ་ལ་རྣམ་པར་ལོག་པའི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་རྟགས་སོ། །དེ་དག་འདོད་ན་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ན་བསམ་གཏན་ལ་སོགས་པའི་ཡན་ལག་ཡོངས་སུ་ཟད་པ་སྟེ། འདོད་པ་སྐྱེ་པའི་རྣམ་པར་འཆིང་བའི་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཐོབ་པས་སྟོབས་ཆུང་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འདིར་མིང་ལ་ཆེད་ཆེར་བྱེད་པ་མ་ཡིན་ཞེས་པ་ལ་སོགས་པ་ནི་སེམས་ཡང་བ་ཉིད་པས་སོ། །དེ་འགྲོ་བ་དང་འོང་བ་ཞེས་པ་ལ་སོགས་པ་ཅན་ནི་ལུས་ཡང་བ་ཉིད་དོ། །དེ་གཉི་གས་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའི་རྟགས་སོ། །གལ་ཏེ་ཞེས་པ་ལ་སོགས་པ་སྟེ། ཇི་སྐད་དུ་བཤད་པ་ཉིད་ཀྱི་རྣམ་ཤེས་ལ་ཐབས་ཀྱིས་དེས་ལྡོག་པ་ནི་འདོད་པ་ལ་སྤྱོད་པ་དང་ཐབས་ལ་མཁས་པ་སྟེ། དེ་ནི་ཆོས་ཤེས་པའི་རྟགས་སོ། །དོན་དུ་མི་གཉེར་ཞེས་པ་ནི་ངེས་པར་ཡིད་བདེ་བ་བསྐྱེད་པས་དགའ་བ་རྣམས་ལའོ། །ཤིན་ཏུ་བདེ་བ་སྐྱེད་པ་ནི་རང་བཞིན་གྱིས་དགའ་བ་རྣམས་ལ་སྟེ་སྟོང་པའི་རང་བཞིན་གྱིས་སོ། །མཉམ་པ་དང་མི་མཉམ་པ་ནི་རིགས་པ་དང་མི་རིགས་པའོ། །ཀུན་ཏུ་འཇོམས་པ་ནི་གནོད་པའོ། །ཐར་པའི་ཆ་དང་མཐུན་པའི་དད་པ་ལ་སོགས་པ་ལྔ་རྣམས་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་རྣམས་མཐོང་བའི་ལམ་གྱི་སྐད་ཅིག་མ་བདུན་པོ་རྣམས་ལ། སྐྱེས་བུ་དམ་པ་ལ་སོགས་པའི་ཚིག་བཅུ་དྲུག་པོ་རྣམས་དེར་སྦྱར་བར་བྱའོ། །གང་དུ་སེང་གེ་བཟང་པོས་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་ཐོབ་པ་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་སྐྱེས་བུ་དམ་པ་ལ་སོགས་པའི་ཚིག་བཅུ་དྲུག་གོ་ཞེས་བཤད་དེ། དེ་ནི་རིགས་པ་མ་ཡིན་ཏེ། སྐད་ཅིག་མ་བདུན་པའི་བར་དུ་རྟོགས་པའི་སྐབས་སུ་བབ་པའི་ཕྱིར་རོ། །རྟག་ཏུ་ཚངས་པར་སྤྱོད་ཉིད་ནི་རྗེས་སུ་ཤེས་པའི་བཟོད་པའི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྔགས་ཀྱི་རིགས་པ་ནི་སྔགས་ཀྱི་ཁྱད་པ་ཏེ། ལྷ་ཕའི་རྣམས་སོ། རྩི་ནི་འབྲས་བུ་སྦྱིན་པའི་ནང་རྣམས་སོ། །ལྷ་མོའི་སྔགས་ནི་རིགས་པའོ། །སྨན་ནི་རྩིའོ། །སྩོགས་པས་ནི་འཁྲུལ་འཁོར་དང་རྒྱུད་ལ་སོགས་པ་ཅན་བཟུང་ངོ༌། །འཐབ་པ་


DTG090_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལུས་ཀྱིས་སོ། །རྩོད་པ་ནི་ངག་གིའོ་ཞེས་པ་ནི་འཚོ་བ་རྣམ་པར་དག་པའི་སྟེ་རྗེས་སུ་ཤེས་པའི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྦྱོར་བ་དང་རྗེས་སུ་སྦྱོར་བས་རྗེས་སུ་སྦྱོར་བ་སྟེ། དེས་ལྷན་ཅིག་སྦྱོར་བ་སྟེ། འདིའི་འཐད་པ་ནི་ཡུམ་ཆེན་མོར་དེ་ལྟར་ཡང་དེ་སྟོང་པ་ཉིད་ལ་གནས་པས་ཆོས་གང་ལ་ཡང་དམན་པའམ་ཁྱད་པར་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་གསུངས་ཏེ། འདི་རྣམས་འདིར་ཚིག་གཉིས་ཀྱིས་གསུངས་སོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་འབྱུང་བ་ཉིད་ནི་འདུ་འཛིའི་ཡུལ་ཡིན་པའི་ཕྱིར་ཏེ་འདུ་འཛི་ལ་དགའ་བ་སྟེ། དེ་ཉིད་མེད་པ་ཉིད་ལ་གཏམ་ཙམ་ཡང་མེད་པའི་ཕྱིར་གཏམ་མོ། །ཁྱད་པར་དུ་འཕགས་པའི་ཕྱིར་རྒྱལ་པོའི་ལ། ཀུན་ནས་ཉོན་མོངས་པ་འགོག་པའི་དེ་ཉིད་གཏམ་སྟེ། མངོན་སུམ་དུ་མ་བྱས་པ་ཉིད་ཀྱི་གཏམ་ཙམ་གྱི་ཕྱིར་རོ། །དེ་ལྟར་གཏམ་གྱི་དོན་ནི་འདིར་ཇི་ལྟར་རིགས་པས་སོ་ཞེས་པས་ནི་ཕུང་པོ་ལ་སོགས་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་གནས་པ་དང་བྲལ་བའི་ཕྱིར་འགོག་པ་ལ་ཆོས་ཤེས་པའི་བཟོད་པའི་རྟགས་སོ། །རྐུན་པོ་ཞེས་པ་ནི་སྒྲིབ་པ་རྣམ་པ་ལྔ་སྟེ། དགེ་བའི་ནོར་འཕྲོག་པའི་ཕྱིར་རོ་ཞེས་པ་ནི་ཆོས་ཤེས་པའི་རྟགས་སོ། །དམག་མི་ཞེས་པ་ནི་དགེ་བའི་ཆོས་ཀྱི་ཚོགས་ཏེ་རྗེས་སུ་ཤེས་པའི་རྟགས་སོ། །འཐབ་མོ་ནི་དེའི་སྡེའི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་གནོད་པ་སྟེ་འཐབས་ན་ཐོབ་པར་འགྱུར་བ་ནི་འགོག་པ་མྱ་ངན་ལས་འདས་པའི་རྣམ་པར་གྲོལ་བའོ། །དེའི་ཡང་གནས་གཞན་དུ་མི་འཇུག་པ་ནི་དེའི་ཕྱིར་མིག་ལ་སོགས་པ་རྣམས་ལ་རྣམ་པར་རྟོག་པ་མེད་པས་གྲོང་ཞེས་པ་ལ་སོགས་པ་སྟེ། གྲོང་ནི་མིག་ལ་སོགས་པ་ལྔ་པོ་སྟེ། ལུས་ལ་དབང་པོ་བསགས་པའི་ཕྱིར་ཏེ། སེམས་ཅན་གྱི་འཇིག་རྟེན་ནོ་ཞེས་པའི་དོན་ཏོ། །གྲོང་ཁྱེར་ནི་སེམས་ཅན་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་སྣོད་ཀྱི་འཇིག་རྟེན་ནོ། །གྲོང་རྡལ་ནི་དབང་པོས་ངེས་པར་བགྲོད་བྱ་ཡིན་པའི་ཕྱིར་ཡུལ་ལྔ་རྣམས་སོ། །ལྗོངས་ལ་སོགས་པ་ནི་སྣོད་ཀྱི་བྱེ་བྲག་གོ །བདག་དང་བདག་གི་རྣམ་པར་རྟོག་པ་ཟད་པར་གྱུར་པ་ནི་ཐར་པའོ་ཞེས་པ་གསུངས་པ་ནི། བདག་མེད་ཅེས་པ་ལ་སོགས་པ་སྟེ། འདི་ཡང་གོང་དུ་བཤད་པ་རྣམས་ཀྱི་བྱེ་བྲག་གི་རྣམ་པར་རྟོག་པའོ། །དབང་


DTG090_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་སོགས་པའི་འཐབ་མོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་གནས་པ་དང་བྲལ་བ་ལ་རྗེས་སུ་ཤེས་པའི་རྟགས་སོ། །ཡུམ་ཆེན་མོར་ནི་དེ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པས་རྗེས་སུ་སྦྱོར་བ་ལ་སོགས་པས་མི་གནས་སོ་ཞེས་གསུངས་ཏེ། དེ་ལ་གསུངས་པ་ནི། མ་བྲལ་ཞེས་པ་ལ་སོགས་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་གཏམ་ནི་སོ་སོར་རྟོགས་པ་ལ་ཐམས་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ་ཀྱི་སེམས་སོ། །མི་མཐུན་པའི་ཕྱོགས་ཀྱི་ཕྱིར་འཐབ་མོ་སྟེ། སེར་སྣ་ལ་སོགས་པའོ། །གཉེན་པོའི་ཕྱིར་མཚང་འདྲུ་བ་སྟེ་སྦྱིན་པ་ལ་སོགས་པའོ། །དེ་དག་གཉི་ག་སེམས་ལ་རྒྱུ་བའི་སྟོབས་མཉམ་པ་ཉིད་ནི་རྩོད་པའོ། །གང་དུ་གཉེན་པོས་མི་མཐུན་པའི་ཕྱོགས་སྟོབས་ཆུང་བར་བྱས་པ་ནི་རྒོལ་བའོ། །མི་འབྱེད་པ་ནི་མཉམ་པ་ཉིད་དུ་ཤེས་པའོ། །འབྱེད་པ་ནི་སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོག་པའོ་ཞེས་པ་སྟེ་ལམ་ལ་ཆོས་ཤེས་པའི་བཟོད་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཞེས་པ་ནི་འདིར་སྔ་ནས་ཏེ། འདིར་དེ་ལ་གསུངས་པ་ནི་དེ་ལ་གང་ཕྱིར་ལྡོག་པའམ་མིན་པའི་ཆོས་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་ཡང་རང་ཉིད་ཀྱིས་ཕྱིར་མི་ལྡོག་པའི་ས་ལ་ཐེ་ཚོམ་དུ་མི་འགྱུར་རོ། །ཞུམ་པ་ནི་སྤྲོ་བ་དམན་པ་ཉིད་དོ། །ནེམ་ནུར་ནི་རྣམ་པ་ཐམས་ཅད་དུ་སྟོང་པའོ། །རྣམ་པར་སེལ་བ་ནི་དམན་པར་བྱེད་པའོ། །ཕྱིར་མི་ལྡོག་པ་ནི་སེམས་ཀྱིས་བདག་ཉིད་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པའོ། །གཞན་གྱིས་བཀྲི་བའི་དབང་དུ་མི་འགྲོ་ཞེས་པ་ནི་རང་ཉིད་ཕྱིར་མི་ལྡོག་པའི་ས་ལ་བརྟན་ཞིང་ངེས་པ་སྟེ་ཆོས་ཤེས་པའི་རྟགས་སོ། །གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། འདི་ཉིད་ཅེས་པ་ནི་སྐྱེ་བ་འདི་ཉིད་ལའོ། །གཞན་དུ་མ་གསུངས་པ་ནི་མཁས་པ་ནི་རིག་པ་སྟེ། དྲུག་ཅུ་རྩ་བཞིའི་ཆ་རྣམས་དང་རྒྱུ་རིག་པ་ལ་སོགས་པ་དང༌། སྐར་མའི་ཤེས་པ་རྣམས་སོ་ཞེས་པ་ནི་དོན་རྟོགས་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་བ་ཉིད་དོ་ཞེས་པའོ། །སངས་རྒྱས་སུ་བྱིན་གྱིས་བརླབ་པ་ནི་སྤྲུལ་བའོ། །གཉིས་སུ་མེད་ཅེས་པ་ནི་དེ་ཁོ་ན་ཉིད་དུའོ། །དེ་ལྟར་ནི་བདུད་ཀྱི་ལས་སོ། །སྐྱེ་བ་མེད་པའི་ཆོས་ཞེས་ཏེ་དེ་ལྟར་དེ་བཞིན་གཤེགས་


DTG090_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པས་གསུངས་པའི་ཐེག་པ་ཆེན་པོ་ལས། གཞན་མ་ཡིན་པ་ཉིད་ལ་བསྒོམ་པ་དང་ལྡན་པའི་བདག་ཉིད་ཅན་གྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་འགྱུར་ཞེས་པ་སྟེ། གནས་གསུམ་ནི་ས་གསུམ་ལ། དེར་མི་གནས་པའི་ཤིན་ཏུ་བ་ལ་བདུད་ཀྱིས་ཀྱང་མི་ཕྱེད་པར་ངེས་པར་ནི་རྗེས་སུ་ཤེས་པའི་བཟོད་པའི་རྟགས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། བདག་ཡོངས་སུ་གཏོང་བ་ནི་འཚོང་བ་ལ་སོགས་པས་སོ། །སྲོག་ཡོངས་སུ་གཏོང་བ་ནི་འཆི་བའོ། །སངས་རྒྱས་རྣམས་ཀྱིས་བསྟན་པའི་ཆོས་ནི་ཆོས་ཐམས་ཅད་སྟོང་པ་ཉིད་པ་སྟེ། དེ་ལ་རང་དང་གཞན་གྱིས་འཛིན་པའི་ཕྱིར་སྲོག་ཀྱང་གཏོང་བ་དང༌། དེ་ཡང་སངས་རྒྱས་རྣམས་ལ་ཇི་ལྟ་བ་བཞིན་དུ་དགའ་བ་དང་གུས་པ་ཆོས་ལ་བྱེད་དེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ་ཞེས་ཤེས་ཤིང་བདག་ཉིད་ཀྱིས་ཀྱང་འདོད་ན་སངས་རྒྱས་ཉིས་མཐོང་བའི་ཕྱིར་རོ། །ཉན་ཐོས་ཀྱི་ཡང་ཞེས་པ་ནི་ཉེ་བར་མཚོན་པ་སྟེ་བྱང་ཆུབ་སེམས་དཔའི་ཡང་ལྷ་ལ་སོགས་པའི་ཡང་ངོ་ཞེས་པ་ནི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་སྟེ་རྗེས་སུ་ཤེས་པའི་རྟགས་སོ། །ཕྱིར་མི་ལྡོག་པ་ནི་རྣམ་པ་དང་རྟགས་དང་མཚན་མ་བཅུ་དྲུག་གསལ་བར་བྱེད་པའི་ལེའུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱེ་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལས་ལེའུ་བཅུ་བདུན་པའི་འགྲེལ་པའོ།། །།ངེས་པར་འབྱེད་པ་དང་མཐོང་བའི་ལམ་དག་གི་ཕྱིར་མི་ལྡོག་པའི་རྟགས་གྲངས་དང་ཁྱད་པར་གྱིས་བཤད་ནས་བསྒོམ་པའི་ལམ་ནི་ཟབ་པ་སྟེ་དེ་ལ་གཉི་གས་ཀྱང་ཇི་ལྟར་བརྗོད་པར་མི་ནུས་པ་འདིར་བསྟན་བཅོས་ལས། བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་པ་དེ་ལ་གསུངས་པ་སྟེ། གསོལ་ཏོ་ཞེས་པ་ནི་ཡོན་ཏན་ཆེན་པོའི་ཚོགས་ཏེ། མཆོག་ཏུ་ཟབ་པ་སྟེ་གང་ཡང་བསྐལ་པ་གྲངས་མེད་པ་གཉིས་སུ་བར་མ་ཆད་པར་འབད་པས་ཐོབ་སྟེ། དེའི་ཕྱིར་དང་ཁྱད་པར་དུ་ཤེས་པར་མི་ནུས་པའི་ཕྱིར་ན་ཚད་མེད་པའོ། །ཀུན་ཏུ་བརྗོད་པར་མི་ནུས་པའི་ཕྱིར་ན་དཔག་ཏུ་མེད་པའོ། །གྲངས་ལས་ཤིན་ཏུ་འདས་པས་མཐའ་ཡས་པའོ། །མཆོག་ཏུ་རྒྱ་ཆེ་བའི་ཕྱིར་ན་མུ་མེད་པའོ། །མི་འཕགས་པ་ནི་ཡང་དག་པར་གཟུང་དུ་མེད་པའོ། །ཡང་དག་པར་ཤེས་པར་མི་ནུས་ཞེས་པ་ནི་བསྒོམ་


DTG090_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་གྱི་ཟབ་པ་ཉིད་པས་སོ། །རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། སྤྱོད་དེ་ཞེས་པ་ནི་བསྟན་པར་ནུས་ཀྱང་ཅུང་ཞིག་སེམས་ཅན་གྱི་དོན་དུ་མི་འགྱུར་རོ་ཞེས་པ་ལ་དགོངས་པའོ། །ཐམས་ཅད་ཟབ་ཅེས་པ་ནི་ཁྱབ་པའི་དོན་ཏོ། །གནས་ཞེས་པ་ནི་བསྒོམ་པའི་ལམ་གྱི་དམིགས་པ་ལའོ། །བསྟན་དུ་གསོལ་ཞེས་པ་ནི་གསལ་བར་བརྗོད་པ་ཞེས་པའི་དོན་ཏོ། །བརྩམས་པ་ནི་བསྟན་པར་བྱ་བ་ལའོ། །ཤེས་པར་འདོད་པ་ནི་བསྒོམ་པའི་ལམ་ལ་སྦྱོར་བར་འདོད་པ་སྟེ། འདིར་བསྟན་བཅོས་ལས། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་ཏེ། ལམ་གྱི་ཟབ་པ་དམིགས་པ་སྟོང་པ་ཉིད་ལ་སོགས་པས་ཟབ་མོ་ཞེས་པ་ལ་དགོངས་པ་སྟེ། དེ་ལ་གསུངས་པ་ནི། ཟབ་ཅེས་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་སྟོང་པ་ཉིད་ལ་དེ་ཉིད་མཚན་མ་མེད་པ་སྟེ། དེ་ཉིད་རིག་པས་མཚན་མའི་སྒྲོ་བཏགས་པ་འགག་པའི་ཕྱིར་རོ། །དེ་ཉིད་སྨོན་པ་མེད་པ་སྟེ། དེ་རིག་པས་ཁམས་གསུམ་པ་ལ་སྨོན་པ་མེད་དོ། །དེ་ཉིད་ནི་མངོན་པར་འདུ་མི་བྱེད་པ་སྟེ་དེ་རྣམས་ཀྱི་ཡང་སྲིད་པར་འགྱུར་བའི་ལས་མི་བྱེད་པའི་ཕྱིར་རོ། །དེ་ཉིད་མ་བྱུང་སྟེ་དེ་རྣམས་སུ་ལས་ཀྱིས་མི་འབྱུང་བའི་ཕྱིར་རོ། །དེ་ཉིད་ནི་སྐྱེ་བ་མེད་པ་སྟེ་དེ་རྣམས་ལ་རང་བཞིན་གྱིས་སྐྱེ་བ་མེད་པ་དེས་ཤེས་པའི་ཕྱིར་རོ། །དེ་ཉིད་དངོས་པོ་མེད་པ་སྟེ། རྫས་སུ་མེད་པའི་ཕྱིར་རོ། །དེ་ཉིད་ནི་འདོད་ཆགས་དང་བྲལ་བ་སྟེ། དེ་རིགས་པས་ཉོན་མོངས་པའི་བག་ལ་ཉལ་ཀུན་ཏུ་འཇོམས་པའི་ཕྱིར་རོ། །དེ་ཉིད་འགོག་པ་སྟེ་དེ་རྣམས་སུ་ཡང་སྲིད་པ་འགོག་པའི་ཕྱིར་རོ། །དེ་ཉིད་ནི་མྱ་ངན་ལས་འདས་པ་སྟེ། དེ་རྣམས་ཀྱི་བག་ཆགས་ཡང་དག་པར་བཅོམ་པའི་ཕྱིར་རོ། །དེ་ཉིད་བྲལ་བ་སྟེ་དེ་རྣམས་ཀྱི་ཟག་པ་དང་བཅས་པའི་ཕུང་པོ་དང་མཆོག་ཏུ་བྲལ་བའོ་ཞེས་པའི་སྟོང་པ་ཉིད་ལ་སོགས་པའིའོ། །རབ་འབྱོར་གྱིས་གསོལ་བ་འདེབས་ཤིང་འདྲི་བ་ནི་ཆོས་རྣམས་ནི་སྟོང་པ་ཉིད་ལ་སོགས་པ་རྣམས་ཀྱིའོ། །ཆོས་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཀྱིའོ། །བྱིས་པ་ལ་གཟུང་བྱ་གཟུགས་ལ་སོགས་པ་ཇི་ལྟར་ཟབ་པ་འདི་རང་ཉིད་ཀྱིས་འདྲི་བ་ནི་ཇི་ལྟར་ཞེས་པ་སྟེ། གང་ལ་ཞེས་པ་ནི་གང་དུ་གཟུགས་ལ་སོགས་


DTG090_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དེ་བཞིན་ཉིད་དེ་གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་བ་ལས་སྐྱེ་བར་བྱེད་པ་ནི་ཀུན་རྫོབ་ལ་དེ་ཉིད་དོན་དམ་པར་ནི་ཡོད་པ་མ་ཡིན་ཏེ། འདིར་གཟུགས་ལ་སོགས་པའི་ཟབ་པ་ཉིད་ནི་ཞིབ་མོ་མཁས་པ་རྣམས་ཀྱིས་རིག་པར་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་ལས་ཀྱང་བཟློག་པ་སྟེ། དེ་རྣམས་ལ་སྒྱུ་མའི་སྐྱེས་བུ་ལ་སོགས་པ་རྣམས་བཞིན་དུ། བདེན་པ་ཉིད་དུ་སྒྲོ་བཏགས་པ་རྣམས་མེད་པའི་ཕྱིར་རོ་ཞེས་པ་ནི་སྒྲོ་འདོགས་པའི་མཐའ་ལས་གྲོལ་བ་ཉིད་དོ། །མྱ་ངན་ལས་འདས་པ་ཡང་བསྟན་ཞེས་པ་ནི་རྟེན་ཅིང་འབྲེལ་པ་ལས་སྐྱེས་པ་རྣམས་ཀྱི་དེ་རྣམས་བཞིན་དུ་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་རྣམས་སུ་ཡོད་པ་ཉིད་ལ། དོན་དམ་པར་ནི་སྟོང་པ་ཉིད་དང་རོ་གཅིག་པས། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་པས་སོ་ཞེས་པས་ནི། སྐུར་བའི་མཐའ་ལས་གྲོལ་བ་ཉིད་དོ་ཞེས་པ་ནི་སྟོང་པ་ཉིད་ཟབ་པའོ། །དེའི་ལམ་གསུངས་པ་ནི་བསྟན་བཅོས་ལས། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་བསྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་ཏེ་མྱུར་བ་ནི་རྒྱུན་ལའོ། །རྒྱུན་དང་ལྡན་པས་སེམས་པ་ལ་སོགས་པའི་ངོ་བོའི་བསྒོམ་པའི་ལམ་གྱི་སྟོང་པ་ཉིད་ལ་སོགས་པ་དང་དམིགས་པས། སྟོང་པ་ཉིད་ལ་སོགས་པ་ལ་བརྟེན་པའི་ངེས་པར་འབྱེད་པ་ཡན་ལག་ལ་སོགས་པ་ཇི་ལྟར་ན་བསྒོམ་པའི་ལམ་གྱི་བདག་ཉིད་ཡུལ་ཡིན་ན། འདིར་བསྟན་བཅོས་ལས། དེ་ནི་རྒྱུན་ཆགས་པ་ཡིན་པའི་ཕྱིར་བཞེད་དོ་ཞེས་ཏེ། རྒྱུན་དང་ལྡན་པ་ནི་བསྒོམ་པའི་ལམ་སྟེ་དེ་ལ་སྔ་ནས་རེག་པས་ཡུལ་ཡིན་ཏེ། ཕྱིས་ཡུལ་ཅན་ཡིན་ཞེས་པས་འགལ་བ་མེད་པའོ། །འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཞེས་པ་ལ་སོགས་པ་སྟེ། འདི་ནི་ཞེས་པ་ནི་སྟོང་པ་ཉིད་ལ་སོགས་པའི་ཤེས་རབ་ཅེས་པ་རྣམ་པར་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། མཐོང་བའི་ལམ་དང་བསྒོམ་པའི་ལམ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་དེའི་དོན་དུ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ནི་འབྲེལ་བ་རྣམས་པ་གསུམ་སྟེ། དེ་ལ་འཛིན་ཞེས་པའི་དོན་ཏོ། །གནས་པར་བྱའོ་ཞེས་པ་ནི་སེམས་པས་གཅིག་ཏུ་ངེས་


DTG090_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །བསླབ་པར་བྱ་བ་ནི་འཇལ་བས་ཞི་གནས་སྐྱེད་པའོ། །བསྒྲུབ་པར་བྱ་ཞེས་པ་ནི་ངེས་པར་རྟོགས་པས་ལྷག་མཐོང་སྐྱེད་པས་སོ། །གཞག་པ་ནི་གཞུང་མཉན་ནས་སོ། །བཤད་པ་ནི་དོན་ཤེས་པས་སོ། །ཉེ་བར་བསྟན་པ་ནི་སྙིང་པོ་བསྒྲགས་པས་སོ། །རིགས་པ་ནི་བཞི་སྟེ། ལྟོས་པའི་རིགས་པ་ནི་རྒྱུ་ལ་སྟོས་ནས་འབྲས་བུ་སྐྱེ་བའོ། །རྒྱུ་དང་འབྲས་བུའི་རིགས་པ་ནི་དེ་རྣམས་ཀྱིས་སོ་སོར་འབྲས་བུའི་ཁྱད་པར་སྐྱེད་པས་སོ། །འཐད་པ་བསྒྲུབ་པའི་རིགས་པ་ནི། ཚད་མ་གང་གིས་དོན་གང་སྒྲུབ་པར་འགྱུར་བའོ། །ཆོས་ཉིད་ཀྱི་རིགས་པ་ནི་ངོ་བོ་ཉིད་ཀྱིས་ངེས་པའི་ཆོས་རྣམས་ཏེ། མེས་སྲེག་པར་བྱེད་ལ་དེ་བཞིན་ཆུས་གཤེར་བའོ་ཞེས་པ་ལ་སོགས་པའོ། །མངོན་པར་འདོད་པས་ལྷག་པར་དམིགས་པ་ནི་དབེན་པར་སྐྱིལ་མོ་ཀྲུང་བཅས་ལ་གུས་པས་རྟག་ཏུ་སྤྱོད་པ་ནི་སེམས་པའོ། །དེ་བཞིན་ཉིད་ལ་ཞིག་གནས་ཀྱི་བྱེ་བྲག་རྣམ་པ་དགུས་སེམས་མཉམ་པར་བྱེད་པ་ནི་འཇལ་བའོ། །ཆོས་རྣམ་པར་འབྱེད་ཅིང་རབ་ཏུ་རྣམ་པར་འབྱེད། ཡོངས་སུ་རྟོག་པར་བྱེད་ཡོངས་སུ་དཔྱོད་པར་བྱེད་པར་འགྱུར་ཞེས་པའི་རྣམ་པ་བཞིས་ནི་ལྷག་མཐོང་སྟེ་ངེས་པར་རྟོག་པའོ། །དེ་ལ་ཇི་ཙམ་དུ་གྱུར་པ་ཉིད་ཀྱི་ཤེས་པ་ནི་རྣམ་པར་འབྱེད་པ་སྟེ། ཕུང་པོ་ལྔ་པོ་ཉིད་ཅེས་པ་ལ་སོགས་པའོ། །ཇི་ལྟ་བ་བཞིན་དུ་གྱུར་པ་ཉིད་ཀྱི་ཤེས་པས་ནི་རབ་ཏུ་རྣམ་པར་འབྱེད་པ་སྟེ། ཐམས་ཅད་འདི་རྣམས་སྟོང་པ་ཉིད་ཅེས་པ་ལ་སོགས་པའོ། །རྣམ་པར་རྟོག་པ་མེད་པའི་ཡིད་ཀྱིས་ཤེས་རབ་དང་ལྷན་ཅིག་ཏུ་གྱུར་པས་མཚན་མར་བྱེད་པ་ནི་ཡོངས་སུ་རྟོག་པའོ། །འདི་འདིར་རོ་ཞེས་པས་དཔྱོད་པའོ་ཞེས་པ་ནི་བསྒོམ་པའི་ལམ་གྱི་ངོ་བོའོ། །དེ་ནི་རྣམ་པ་དགུ་སྟེ། ཆུང་ངུ་འབྲིང་དང་ཆེན་པོ་རྣམས་སོ། ཆུང་ངུ་སོགས་སུ་ཡང་ཕྱེ་བས། །ཞེས་བསྟན་བཅོས་ལས་ཏེ། ཡང་གི་སྒྲ་ནི་མི་མཐུན་པའི་ཕྱོགས་རྣམ་པ་དགུ་སྟེ། ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོའོ། །ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་འབྲིང་དང༌། ཆེན་པོའི་ཆེན་པོ་སྟེ། འདི་རྣམས་ཀྱིས་ལུགས་ལས་བཟློག་པས་མི་མཐུན་པའི་ཕྱོགས་དགུ་ཟད་པར་བྱེད་དེ། ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་རོ། །དེ་ཡང་རྣམ་པར་རྟོག་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་


DTG090_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་རྣམ་པར་རྟོག་པ་རྣམས་ཀྱི་ཇི་ལྟར་རིགས་པར་གོས་ཀྱི་དྲི་མ་རགས་པ་སྔོན་དུ་བཀྲུས་ནས་རྗེས་ལ་ཕྲ་བ་འཁྲུ་བ་དེ་བཞིན་དུ་སེམས་ཀྱིས་ཏེ། འདི་ལ་གསུངས་པ་ན་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། ཇི་སྐད་དུ་བཤད་པའི་རིམ་གྱིས་ཏེ། སྒྲུབ་པར་བྱེད་པ་ནི་ཞི་གནས་ཀྱིས་སོ། །ཉེ་བར་སེམས་པ་ནི་ལྷག་མཐོང་གིས་སོ། །ཉེ་བར་རྟོགས་པ་ནི་གཉི་གས་སོ། །རབ་ཏུ་སྦྱོར་བར་བྱེད་པ་ནི་ཞི་གནས་ཀྱི་བརྩོན་འགྲུས་ཀྱིས་སོ། །རྩོལ་བར་བྱེད་པ་ནི་ལྷག་མཐོང་གི་བརྩོན་འགྲུས་ཀྱིས་སོ། །དོན་དུ་གཉེར་བ་ནི་གཉི་གའི་བརྩོན་འགྲུས་ཀྱིས་སོ། །རབ་ཏུ་དང་བ་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་པ་ནི་རབ་ཏུ་དང་བ་ཅན་དུ་བྱེད་པའི་ཡོན་ཏན་རྣམས་སོ། །དབང་མེད་པ་ནི་མི་ནུས་པས་སོ། །འཁོར་བ་ནི་མ་འོངས་པའི་སྐྱེ་བའི་རྒྱུན་ནོ། །བོར་བ་ནི་བཏང་བའོ། །རྒྱབ་ཀྱིས་ཕྱོགས་པ་ནི་མ་འོངས་པ་ནི་མི་བགྲོད་པའོ། །འདོར་བ་ནི་གཏོང་བའོ། །མཐར་ཕྱིན་པ་ནི་མ་འོངས་པའི་མཐའ་དང་སྔོན་གྱི་མཐའ་སེལ་བས་སོ། །བསྟན་པ་དང་བཤད་པ་ཞེས་པ་ནི་བསྟན་པ་དང༌། བཤད་པ་དག་གིས་བསྟན་པའི་ཕྱིར་རོ། །གནས་པ་ནི་བསམ་པས་ཐེ་ཚོམ་གཅོད་པའོ། །སློབ་པ་ནི་ཞི་གནས་ཀྱིས་སོ། །བསྒྲུབ་པ་ནི་ལྷག་མཐོང་གིས་སོ། །ཉེ་བར་སེམས་པ་ནི་གཉི་ག་དག་གིས་སོ། །དེ་ལྟར་རྣལ་འབྱོར་དུ་བྱེད་པ་ནི་སྒོམ་པས་རྟོགས་པར་བྱེད་པའོ། །འདི་རྣམས་ཀྱིས་ལན་གཅིག་བཤད་ནས་གཉིས་པ་གསུངས་པ་ནི། དེ་དག་ཀྱང་ཞེས་པ་ལ་སོགས་པ་སྟེ། སྤོང་ངོ་ཞེས་པ་ནི་བསྒོམ་པའི་ལམ་ཆུང་ངུའི་ཆུང་ངུའོ། །རབ་འབྱོར་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། ཁྱད་པར་དུ་འཕགས་པ་ནི་བསོད་ནམས་མང་བ་ཉིད་ཀྱིས་སོ། །རབ་ཏུ་འཕགས་སོ་ཞེས་པ་ནི་ཆུང་ངུའི་འབྲིང་ངོ༌། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྦྱིན་པར་བྱེད་པ་ནི་དྲེགས་པ་མེད་པས་སོ། །རབ་ཏུ་འཇོག་པར་བྱེད་པ་ནི་ཡིད་ལ་གཅགས་པ་མེད་པར་རོ་ཞེས་པ་ནི་ཆུང་ངུའི་ཆེན་པོའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ་ཡིད་ལ་བྱེད་པས་གནས་ཞེས་པ་ནི་འབྲིང་གི་ཆུང་ངུའོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་འབྲིང་གི་འབྲིང་ངོ༌། །གཞན་ཡང་ཞེས་པ་ལ་སོགས་པས་ནི་འབྲིང་གི་ཆེན་པོའོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་ཆེན་


DTG090_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཆུང་ངུའོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་ཆེན་པོའི་འབྲིང་ངོ༌། །གང་ཞིག་ནང་དུ་ཡང་དག་འཇོག་ལ་རྣལ་འབྱོར་དུ་བྱེད་པ་དང་མ་བྲལ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྟེ། དེ་ནི་དེའི་བསྒོམ་པའི་ལམ་ཆེན་པོའི་ཆེན་པོའོ། །རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། བསོད་ནམས་ཞེས་པ་ནི་བསོད་ནམས་མངོན་པར་འདུ་བྱེད་པའི་ཡང་རྣམ་པར་རྟོག་པས་སོ། །འདིར་བསྒོམ་པའི་ལམ་གྱི་དུས་སུ་དོན་དམ་པར་མེད་པའི་ཕྱིར་སྟོང་པ་ཉིད་དང༌། བྱིས་པ་རྣམས་ཀྱིས་མ་ཤེས་པ་ཅན་གྱི་སྟོང་པ་ཉིད་ནི་མ་ཤེས་པ་ཉིད་དུ་དོན་གཅིག་གོ །བདག་པོ་མེད་པའི་ཕྱིར་གསོག་གོ །གཟུང་དུ་མེད་པའི་ཕྱིར་གསོབ་བོ། །འཛིན་པ་མེད་པའི་ཕྱིར་སྙིང་པོ་མེད་པའོ། །དེ་ལྟར་ཞེས་པ་དང་སྟོང་པ་ཉིད་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་བསོད་ནམས་འཕེལ་བ་ལ་རྒོལ་བའི་ལན་ནོ། །རབ་འབྱོར་གྱིས་གསོལ་བ་ཞེས་པ་ལ་སོགས་པ་སྟེ་བྱེ་བྲག་ནི་ཐ་དད་པའོ། །གཅོད་པ་ནི་ཐ་དད་དུ་བྱེད་པ་སྟེ། དེ་དག་རྣམ་པར་སྤྱད་པ་དང་དོན་དེ་གཉི་གའི་ཉེ་བར་ལེན་པའོ། །དེ་ལྟར་ཞེས་པ་དང༌། ཚད་ནི་རགས་པ་ཡོངས་སུ་གཅོད་པའོ། །གྲངས་ནི་བགྲང་བས་ཟད་པར་མི་ནུས་པས་མི་ཟད་པའོ། །བླ་ལྷག་པར་བརྗོད་པ་ནི་བླ་དགས་ཏེ། གཙོ་བོ་བརྗོད་པའོ་ཞེས་པའི་དོན་ཏེ། ཀྱང་མི་ཟད་ཅེས་པ་ནི་ནམ་མཁའ་བཞིན་ནོ། །ཡང་གཞལ་དུ་མེད་པ་ནི་ནམ་མཁའ་ཉིད་བཞིན་ནོ། །ཆོས་འདི་རྣམས་ནི་མི་ཟད་པ་དང་ཚད་མེད་པ་དང་སྟོང་པ་ཉིད་ལ་སོགས་པ་རྣམས་ཀྱི་མངོན་པར་བརྗོད་པའི་སྒྲས་བསྟན་པས་སོ། །འདི་དག་གིས་ཞེས་པ་ནི་ཐུགས་རྗེས་བསྟན་པས་ཏེ་དེའི་མངོན་པར་བརྗོད་པ་ནི་རྒྱུ་མཐུན་པའོ། །དེ་ཡང་འདིར་རྒྱས་པར་བཤད་པ་ནི་འདིར་བསྟན་བཅོས་ལས། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་བདེ་དག་ཐུགས་བརྩེ་བའི། །རྒྱུ་མཐུན་གྱུར་པ་ཐུབ་པ་བཞེད། །ཅེས་ཏེ། བཟོད་པ་མ་ཡིན་ན་ནི་མི་རིགས་ཞེས་པ་སྟེ། བརྒལ་བ་དང་ལྡན་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། ངག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་བརྗོད་དུ་མེད་པའོ། །ཕ་རོལ་ཏུ་ཕྱིན་པའི་དོན་གྱི་ཞེས་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། འདིར་བསྟན་བཅོས་ལས། བརྗོད་དུ་མེད་པའི་དངོས་པོ་ལ། །ཉམས་པ་དང་ནི་འཕེལ་མི་


DTG090_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། །བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཐོབ་ཅིང་ཅི་ཞིག་ཉམས། །ཞེས་ཏེ། རྟོགས་ཞེས་པའི་བརྗོད་དུ་མེད་པ་ལ་ནི་ཉམས་པ་དང་འཕེལ་བ་མེད་པས་ནི་ཇི་ལྟར་ན་བྱང་ཆུབ་ཅེས་པ་ལ་སོགས་པ་གསུངས་པ་ནི་འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། དེས་འདི་སྙམ་དུ་ཞེས་པ་ནི་གང་གིས་སྦྱིན་པ་སྦྱིན་པས་སོ། །དེ་དག་ཅེས་པ་ནི་གང་གི་སེམས་བསྐྱེད་པ་དེ་རྣམས་དང་ཡང་དག་པར་ལྡན་པ་རྣམས་ཀྱིས་སོ། །ཉུང་དུ་ནི་ཡང་ནས་ཡང་དུ་ལ། མང་དུ་ནི་རྒྱུན་དུ་སྟེ། འདིར་བསྟན་བཅོས་ལས། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །དེ་ཡང་འདོད་པའི་དོན་སྒྲུབ་བྱེད། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་ཏེ་འདི་དག་དང་ཞེས་པ་དང༌། དེ་དང་ཞེས་པ་ནི་བསྒོམ་པའི་ལམ་མོ། །ཇི་ལྟར་ཐུགས་རྗེ་ཆེན་པོའི་དབང་གིས་བླ་ན་མེད་པར་བྱང་ཆུབ་པས་གདུལ་བར་བྱ་བ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚུལ་གྱིས་ཀུན་རྫོབ་ཏུ་མངོན་པར་འདོད་པའི་དོན་གྱི་སྒྲུབ་པ་པོའོ། །དེ་ལྟར་བསྒོམ་པའི་ལམ་དེ་བཞིན་ཉིད་ཀྱི་སྒྱུ་མ་ལྟ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱི་དག་འགྲིབ་པ་དང་འཕེལ་བའི་རིམ་གྱིས་བྱ་བ་བྱེད་པ་སྟེ། དེ་བཞིན་གྱི་ངོ་བོ་ཉིད་སྒྱུ་མའི་རང་བཞིན་སྤྲོས་པ་མེད་པའི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུ་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱི་བྱང་ཆུབ་དེ་ལྟར་དེ་བསྒོམ་པའི་ལམ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ་ཞེས་པའི་དོན་ཏོ། །ཉུང་བ་དང་མང་པས་ཞེས་པ་ནི་སྦྱོར་བ་དང་རྗེས་ཀྱི་གནས་སྐབས་དག་ལའོ། །དངོས་པོ་བཞིའི་སྐབས་སུ་ནི་དེའི་རང་བཞིན་ཉིད་པས་གནས་པ་མི་འཐད་དོ། །སྟོང་པ་ཉིད་གཙོ་ཆེ་བའི་ལེའུ་ནི་སྟོང་པ་ཉིད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཞེས་པ་ལ་སོགས་པ་ནི་རྒོལ་བ་ལ། དེ་སྐད་ཅེས་གསོལ་པ་དང་ཞེས་པ་ནི་ལན་ཏེ། འདིར་བསྟན་བཅོས་ལས། སེམས་ནི་སྔ་མས་བྱང་ཆུབ་བར། རིགས་མིན་ཕྱི་མས་ཀྱང་མ་ཡིན། །མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་པ་སྟེ། བྱང་ཆུབ་ཅེས་པ་རྗེས་སུ་སྦྱར་བར་བྱའོ། །ལེའུ་བཅོ་བརྒྱད་པ་ལ་ནི་བྱང་ཆུབ་དེ་བཞིན་ཉིད་འབའ་ཞིག་ཁོ་ནའི་མཚན་ཉིད་དུ་གསུངས་པ་ཡིན་ལ། དེ་འཁོར་དང་བཅས་


DTG090_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཀྱི་མཚན་ཉིད་ནི་རྣམ་པ་བརྒྱད་ཀྱིས་ཟབ་པ་སྟེ། འདིར་བསྟན་བཅོས་ལས། སྐྱེ་བ་དང་ནི་འགག་པ་དང༌། །དེ་བཞིན་ཉིད་དང་ཤེས་བྱ་དང༌། །ཤེས་དང་སྤྱོད་དང་གཉིས་མེད་པ། །ཐབས་མཁས་པ་ལ་ཟབ་པ་ཉིད། །ཅེས་ཏེ་གཉིས་སུ་མེད་པ་དང་ཐབས་ལ་མཁས་པ་ཞེས་པ་ནི་གཉིས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པས་ནི་ཟབ་པའི་གོ་སྐབས་ཏེ། གཞན་པས་ཞེས་པས་ནི་མེད་པར་རོ། །དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་ཟབ་མོ་རྣམ་པ་བརྒྱད་གསུངས་པ་ནི། སེམས་གང་ཞེས་པ་ནི་འཁྲུལ་པ་ལ། འགག་པ་ནི་སྒྲིབ་པ་གཉིས་པོ་བག་ཆགས་དང་བཅས་པའི་གནས་རྒྱུད་ལ་ཟད་པས་ཟད་པའོ། །མ་ལག་ཞེས་པ་ནི་མིན་པ་ཉིད་དེ། འཁྲུལ་པའི་རྒྱུའི་དངོས་པོ་དང༌། དངོས་པོ་མེད་པ་ལ་སོགས་པ་ལ་མངོན་པར་ཞེན་པ་སྤངས་པ་དང༌། རྣམ་པར་འཇོག་པའི་རྒྱུ་མེད་པའི་ཕྱིར་ཏེ་སྔ་མ་དང་ཕྱི་མའི་སྐད་ཅིག་མ་དག་གིས་ཀྱང་མ་ཡིན་ལ་དེ་ལ་མ་བརྟེན་པའི་དོན་ཁྱད་པར་དུ་འཕགས་པ་ཡང་སྐྱེད་དུ་མེད་ཅེས་པ་ལ་དགོངས་པའོ་ཞེས་པ་ནི་སྐྱེ་བ་ཟབ་པའོ། །སེམས་གང་ཞེས་པ་ནི་མ་འཁྲུལ་པ་ལས་བྱུང་བ་ནི་ཀུན་རྫོབ་ཏུ་སྟེ་གཟུགས་བརྙན་བཞིན་ནོ། །འགག་པའི་ཆོས་ཅན་ཞེས་པ་ནི་འདྲི་བ་སྟེ་སོ་སོར་སྐད་ཅིག་རེ་རེའི་མཐར་གཡོ་བའི་ཆུའི་ཟླ་བ་བཞིན་དུ་གཡོ་བ་ནི་ཀུན་རྫོབ་ཏུ་ལ། དོན་དམ་པར་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་པ་ལ་དགོངས་ནས་གསུངས་པ་ནི། མ་ལགས་ཞེས་པ་སྟེ། ལན་ལ་འགག་པའི་ཆོས་ཅན་ཞེས་པ་གཞུང་ཁ་ཅིག་ལས་ཏེ་ཀུན་རྫོབ་ཏུ་སྐད་ཅིག་མས་ཟད་ཅེས་པའི་དོན་ཏེ། ཀུན་རྫོབ་ཏུ་ཡང་སྐད་ཅིག་རེ་རེས་འགག་པའི་ཆོས་ཅན་ཏེ། འགག་པར་འགྱུར་ཏེ་རྒྱུད་འགགས་པས་སོ་ཞེས་པ་ལ་དགོངས་པའི་ལྷུན་གྱིས་གྲུབ་པའི་ངང་གིས་སྐྱེ་བའི་སྙིང་རྗེ་ཆེན་པོས་སྨོན་ལམ་བཏབ་པ་ལ་སོགས་པ་རྣམས་ཀྱིས་དེ་ཁྱད་པར་དུ་མི་ཟད་པ་བྱས་པའི་ཕྱིར་རོ་ཞེས་པ་ལ་དགོངས་པའོ། །མ་སྐྱེས་ཞེས་པ་ནི་མ་འོངས་པ་ལ། མ་འགགས་ཞེས་པ་ནི་དངོས་པོ་མི་འཇུག་པའི་ངོ་བོའི་ཕྱིར་རྣམ་པར་འཇིག་པའོ། །གང་འགགས་པའི་ཆོས་ཅན་ཞེས་པས་རྒྱུན་ཆད་པ་ནི་དེས་ཇི་ལྟར་བསྐལ་པ་གྲངས་ལས་འདས་པ་རྣམས་སུ་གང་དུ་སེམས་ཅན་གྱི་ཕུང་པོ་མ་ལུས་པ་


DTG090_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སངས་རྒྱས་ཉིད་དུ་རྫོགས་པར་བྱེད་པ་ལ། སེམས་ཅན་གཅིག་ཅིག་ཀྱང་རྫོགས་པའི་བྱང་ཆུབ་པར་མི་འགྱུར་བའོ། །མེད་ཅེས་པ་ནི་སྙིང་རྗེས་ཆེན་པོ་དང་སྨོན་ལམ་དག་ཡུལ་མེད་པ་ཉིད་ཀྱིས་དངོས་པོ་མེད་པ་དེས་ན་འགག་པར་མི་འགྱུར་བའོ། །མིན་ཞེས་པ་ནི་གདུལ་བྱ་ལ་བསོད་ནམས་མེད་པས་བཏང་སྙོམས་ཀྱི་གནས་སྐབས་བཞིན་དུ། མཛད་པ་མེད་ཀྱང་ཐུགས་རྗེ་ཆེན་པོ་དང་སྨོན་ལམ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་རྣམ་པར་རྟོག་པ་དང་མ་འདྲེས་པར་ལྷུན་གྱིས་གྲུབ་པའི་ངང་གིས་འཇུག་པའི་ཤིན་ཏུ་རྣམ་པར་དག་པ་རྟོགས་པའི་རྒྱུན་རྣལ་འབྱོར་པའི་ཀུན་རྫོབ་ཀྱི་ངོ་བོ་ནི་ཇི་ལྟར་ནམ་མཁའ་ཇི་སྲིད་དུ་འགག་འགྱུར་ནི་བཤད་ཟིན་ཀྱང་འདིར་རིགས་པ་གཞན་གྱིས་བཤད་དོ། །གང་དུ་འགོག་པའི་ཆོས་ཅན་ཞེས་པའི་ཚིག་དེའི་རྣམ་པར་བཤད་པ་དང༌། སེང་གེ་བཟང་པོའི་བཤད་པའི་ཁྱད་པར་ནི་བྱེ་བྲག་མེད་དམ་ཞེས་དཔྱད་པར་བྱའོ། །སེམས་གང་ད་ལྟར་བྱུང་བ་ལ་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཅན་ཞེས་པ་ནི་ངོ་བོ་ཉིད་མེད་པས་ཐོག་མ་དང་ཐ་མ་མེད་པའོ། །ཆོས་ནི་མྱ་ངན་ལས་འདས་པ་སྟེ་སྒྲིབ་པ་དང་བཅས་པའི་ཕུང་པོ་ལྔའི་བདག་ཉིད་ཀྱི་རྟེན་མི་འཇུག་པ་ཙམ་ནི་མེད་པའོ། །ཆོས་ཉིད་ནི་སྟོང་པ་ཉིད་དེ་ཀུན་རྫོབ་ཏུ་སྐྱེས་པ་ནི་སྒྱུ་མའི་སྐྱེས་བུ་བཞིན་འགག་པའོ་ཞེས་པ་ནི་འགག་པ་ཟབ་པའོ། །དེ་ཉིད་ལ་གནས་པར་འགྱུར་ཞེས་པ་ནི་ནམ་མཁའ་ཇི་སྲིད་བར་རོ། །གནས་ན་ཐེར་ཟུག་མ་ཡིན་པ་ནི་དུས་གསུམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དམ་པར་ངོ་བོ་ནི་དེ་བཞིན་ཉིད་བཞིན་ནོ། །མ་ལགས་ཞེས་པ་ནི་ཀུན་རྫོབ་པའི་སྐད་ཅིག་མའི་གཟུགས་ལ་སོགས་པའི་ཕུང་པོའི་ངོ་བོ་ཉིད་ནི་རྒྱུན་རབ་ཏུ་བྱུང་བས་བརྟགས་པའི་ཕྱིར་རོ་ཞེས་པ་ལ་དགོངས་པའོ། །དེ་བཞིན་ཉིད་ཟབ་པོ་ཞེས་པ་ནི་གཟུགས་ལ་སོགས་པའི་དངོས་པོ་ཀུན་ཏུ་རྟོག་པ་དེ་ལས་ཐ་མི་དད་པས་ཀྱང་གཏིང་དཔག་པར་དཀའོ་ཞེས་པ་ནི་དེ་བཞིན་ཉིད་ཟབ་པའོ། །དེ་བཞིན་ཉིད་ལ་སེམས་ཞེས་པ་ནི་དེས་རིག་པའི་ཕྱིར་དེའི་རྟེན་པ་མ་ལགས་པ་ནི་ཤེས་པས་ཐ་དད་པའི་རིག་བྱ་ལ་མི་སྦྱོར་བས་སོ། །སེམས་ལ་དེ་བཞིན་ཉིད་ཅེས་པ་ནི་དབྱེ་བ་མེད་དོ་ཞེས་པ་ལ་དགོངས་པའོ། །མ་ལགས་ཞེས་པ་ནི་


DTG090_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་དེ་བཞིན་ཉིད་དག་དོན་དམ་པར་ངོ་བོ་ཉིད་མེད་པ་དག་ཏུ་ཐ་དད་པ་མེད་ལ། ཀུན་རྫོབ་ཏུ་ནི་མ་ཡིན་ཏེ། རྟེན་ཅིང་འབྲེལ་བ་ལས་འབྱུང་བའི་སེམས་ཉིད་ལ་དེ་བཞིན་ཉིད་ཅེས་བརྗོད་དོ། །དེ་བཞིན་ཉིད་ལས་གཞན་དུ་ཞེས་པ་ནི་མཚན་ཉིད་ཐ་དད་པས་སོ། །མ་ལགས་པ་ནི་མཚན་ཉིད་ཐ་དད་པ་ནི་ལྡོག་པའི་དབྱེ་བ་ཙམ་གྱི་ཕྱིར་རོ། །དེ་ཉིད་ལ་དེ་བཞིན་ཉིད་དུ་ཐ་མི་དད་པ་དང་ཐ་དད་པ་མེད་པར་སེམས་ཀྱིས་ཤེས་པར་བྱའི་ཞེས་པ་ནི་ཤེས་བྱ་ཟབ་པའོ། །ཡང་དག་པར་ཞེས་པ་ལ་སོགས་པ་སྟེ། མ་ལགས་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་དེ་བཞིན་ཉིད་ནི་དེ་བཞིན་ཉིད་དུ་དེ་ཁོ་ན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་མཐོང་བ་མེད་པ་ཉིད་མཐོང་བ་ནི་ཤེས་པ་ཐབ་པའོ། །ཟབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལའོ། །ཡང་དག་པར་སྤྱོད་པ་ནི་དམིགས་པའི་རྒྱུ་མཚན་ལའོ། །མི་འཇུག་པ་ནི་འབྱུང་བར་མི་འགྱུར་བའོ། །ཡང་དག་པར་སྤྱོད་པ་མེད་པར་འགྱུར་པ་ནི་སྣང་བར་མི་འགྱུར་པའོ། །དེའི་ཕྱིར་ཆོས་དེས་ཐམས་ཅད་དུ་སྤྱོད་པ་ནི་སྤྱོད་པ་ཟབ་པའོ། །མཚན་མ་ཞེས་པ་ནི་གཉིས་ཀྱི་མཚན་མ་ལ་འམ་གཉིས་མེད་པའི་མཚན་མ་ལའོ། །མཚན་མ་ནི་གཉིས་དང་གཉིས་མེད་པའི་མཚན་མའི་འབྱུང་བར་འགྱུར་བ་མ་ཞིག་པའོ། །མ་ལགས་ཞེས་པ་ནི་འདི་ཉིད་སྤངས་ཞེས་པའི་དོན་ཏོ་ཞེས་པ་ནི་གཉིས་སུ་མེད་པ་ཟབ་པའོ། །ཇི་ལྟར་ཞེས་པ་ནི་ཅུང་ཞིག་གོ །མཚན་མ་སྤངས་ཞེས་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་རྫོགས་པར་ཞེས་པ་ལ་དགོངས་པའོ། །འདི་ཉིད་དུ་ཞེས་པ་ནི་སྐྱེ་བ་འདི་ཉིད་ལའོ། །མཚན་ཉིད་གང་ཞེས་པ་ནི་གང་ཞིག་ཆོས་ཀྱི་མཚན་མ་དང༌། གང་ཡང་ཆོས་ཉིད་ཀྱི་མཚན་མ་དེ་ཐམས་ཅད་ཤེས་པའོ། །མཚན་མ་མེད་པ་ལ་ཡང་ཞེས་པ་ནི་ཆོས་ཀྱི་དབྱིངས་ལའོ། །ཡོངས་སུ་འདྲིས་པ་ནི་གོམས་པ་ཙམ་བྱེད་པའོ་ཞེས་པ་ནི་ཐབས་ལ་མཁས་པའི་ཟབ་པའོ། །དེ་ལ་ཟབ་པ་བརྒྱད་པ་ནི་བྱང་ཆུབ་ལ་རིང་ལ་ལྷག་མ་རྣམས་ནི་ཉེ་བ་སྟེ། དེ་ལྟར་བསྟན་བཅོས་ལས། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་ལ། །ཞེས་ཏེ་མི་སློབ་པའི་དགེ་འདུན་གྱིས་མཚན་ཉིད་ཡོངས་སུ་གསལ་བར་བྱེད་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་


DTG090_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་མཉམ་པ་ཉིད་ཅེས་འཕགས་པ་རྣམ་པར་གྲོལ་སྡེས་བཤད་དེ། དེ་ལ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། བསྒོམ་པའི་ལམ་གྱི་ཡང་དག་པའི་ཡེ་ཤེས་རྣམ་པར་རྟོག་པ་མེད་པ་ནི་ཉོན་མོངས་པ་དང་འདྲ་བའི་ཕྱིར་ན་ཉོན་མོངས་པ་ལ་ལངས་པའི་ཚེ་ནི་ཡེ་ཤེས་ལ་རྨི་ལམ་ལྟ་བུའི་ཕྱིར་ན་རྨི་ལམ་སྟེ། འདི་ཉིད་ཉིན་མོའི་ཤིན་ཏུ་གོམས་པས་ནི་རྨི་ལམ་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་ཏེ། རྣམ་པར་རྟོག་པ་ལ་བྱེ་བྲག་སྟེ་རྣམ་པར་རྟོག་པ་མེད་པ་ལ་ནི་བྱེ་བྲག་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་གོས་པ་ལ་ཞེས་པ་ནི་བསྒོམ་པའི་ལམ་ལ་གོམས་པས་སོ་ཞེས་པ་ནི་འཁོར་བ་དང༌། མྱ་ངན་ལས་འདས་པ་མཉམ་པ་ཉིད་དོ། །ཤཱ་རིའི་བུ་ཞེས་པ་ལ་སོགས་པ་སྟེ། འདིར་རྨི་ལམ་དང་སད་པ་ནི་གྲགས་པ་ཁོ་ན་གསུངས་པར་བྱའོ། །ཆོས་རྣམས་རྨི་ལམ་ལྟ་བུ་ཉིད་ནི་དཔེར་ན་རྨི་ལམ་དུ་སྦྱིན་པ་དང་རྣམ་པར་འཚེ་བ་ལ་སོགས་པ་རྣམས་ལ་བསོད་ནམས་དང་སྡིག་པ་མི་འབྱུང་བ་དེ་བཞིན་དུ་སད་པ་ན་ཡང་མི་འགྱུར་རོ་ཞེས་པ་ནི་རྒལ་བ་ལ་གལ་ཏེ་གཉིད་ལོག་པའི་ལས་དམིགས་པ་དང་བཅས་པའི་ཕྱིར་ལེགས་པར་སད་དོ་ཞེས་པ་ལ་སོགས་པ་སད་པའི་རྣམ་པར་རྟོག་པས་བྱས་ན་ནི་སད་པ་ལ་ཡང་འབྲས་བུ་དང་བཅས་པར་འགྱུར་ལ་ངས་ལེགས་པར་སད་དོ་ཞེས་པ་ལ་སོགས་པའི་སད་པའི་རྣམ་པར་རྟོག་པ་ཉིད་ཀྱིས་དམིགས་པའི་ཕྱིར་ཤིན་ཏུ་ཡང་བྲས་བུ་དང་བཅས་པའོ་ཞེས་པའི་ལན་ནོ། །སད་པའི་གནས་སྐབས་སུ་ཡང་དངོས་པོ་རྨི་ལམ་ལྟ་བུ་ལ་དེ་དང་རྗེས་སུ་མཐུན་པའི་དོན་དུ་དངོས་པོ་ལ་སོགས་པར་མངོན་པར་ཞེན་པ་རྣམས་ཀྱི་དགེ་བ་ལ་སོགས་པ་རྣམ་པར་གཞག་པ་སྟེ་ཅུང་ཞིག་གཉིད་ལོག་པ་ནི་འཁྲུལ་པའི་རྒྱུ་ཉིད་ཀྱིས་མི་གསལ་ཞེས་འཁྲུལ་པས་འབྲས་བུ་ཆུང་བར་བསྒྲུབས་ལ། རྨི་ལམ་དུ་ཡང་ལས་དང་འབྲས་བུའི་དངོས་པོར་བདེན་པ་ནི་དགེ་སློང་ལ་སོགས་པ་མེད་པའི་སྐྱོན་དུ་འགྱུར་ཏེ། བསླབ་པ་བྱིན་པ་ཅན་བཞིན་དུ་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་ནི་བཅོམ་ལྡན་འདས་ཀྱིས་བཅས་པའི་དབང་གིས་རྣམ་པར་གཞག་པར་བྱས་པའི་ཕྱིར་རོ། །ཟད་པའི་འདུ་ཤེས་ཞེས་པ་ནི་ཟད་པ་ནི་མྱ་ངན་ལས་འདས་པ་ལ། དེའི་འདུ་ཤེས་པ་ནི་འཛིན་པའོ། །ཡང་དག་པའི་


DTG090_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་བརྟགས་པ་ནི་བརྟགས་པའོ། །ཕྱིན་ཅི་ལོག་ཏུ་བརྟགས་པས་ནི་རྣམ་པར་རྟོག་པའོ་དེ་བཞིན་དུ་ཞེས་པ་སྟེ་ནམ་མཁའ་བཞིན་དུའམ། དེ་བཞིན་གཤེགས་པ་བཞིན་དུའོ། །སེམས་དང་སེམས་པ་དང་བློ་དང་རྣམ་པར་རྟོག་པ་ཞེས་པ་རྣམས་ནི་དོན་གཅིག་གོ །དབེན་པ་ཞེས་པ་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སོ། །ཕྱིན་ཅི་ལོག་ནི་བློས་ཡོད་པ་མ་ཡིན་པ་ཉིད་ལ་མཚན་མར་བྱས་ཤིང་དམིགས་པར་བྱས་ནས་སོ། །ལུས་ཀྱིས་མངོན་སུམ་དུ་བྱེད་ཅེས་པ་ནི་ལུས་ཀྱི་གནས་དེས་གཞན་དུ་མི་འཇུག་ནས་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཅན་ནི་ལུས་ཀྱིས་མངོན་སུམ་མོ། །དོན་འདི་ཞེས་པ་ནི་རྒོལ་བ་འདི་རྣམས་ཀྱིའོ། །ལན་འདོན་པ་ནི་ལན་བཏབ་པའོ། །ཆོས་གང་ཞེས་པ་ནི་བྱམས་པའི་འདྲི་བར་བྱ་བ་ལ་ལན་ལྡོན་པར་བྱ་བའོ། །ཆོས་གང་གིས་ནི་ཚིག་གིས་སོ། །ཆོས་གང་ནི་ཤཱ་རིའི་བུའིའོ། །འཇིགས་པ་སྐྱེ་བར་འགྱུར་བ་ནི་སྡང་བའོ། །ཀུན་ཏུ་བྱུང་ནས་སྐྲག་པ་ནི་ཀུན་ཏུ་སྐྲག་པའོ། །དེའི་རྒྱུན་ནི་ཀུན་ཏུ་སྐྲག་པ་དང་ལྡན་པའོ། །སྟོབས་བསྐྱེད་པ་ནི་བསྒོམ་པ་ལ་ཞེས་པས་བག་ཆགས་རྒྱས་པ་སྟེ། འདིར་བསྟན་བཅོས་ལས། ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ལ་བརྒལ་བ་དང་ལན་རྣམས་ཏེ། དེ་ལྟར་བསྟན་བཅོས་ལས། སེམས་ཅན་འཇིག་རྟེན་ཇི་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབ་པ་ཡི། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་ཏེ་བསྟན་པ་གཅིག་ལ་སངས་རྒྱས་གཅིག་འབྱུང་བར་འགྱུར་ཏེ། དེའི་སངས་རྒྱས་ཀྱི་ཞིང་སྟེ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དག་པའོ། །དེའི་ཡོངས་སུ་དག་པ་ནི་གང་ཞེས་ན། མ་དག་པ་ནི་གཅན་གཟན་གྱི་དགོན་པ་ལ་སོགས་པ་ཉིད་དང༌། མཐོ་དམན་ལ་སོགས་པའི་མཚན་ཉིད་ཀྱི་ལ། དེ་རྣམས་ལ་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྒྲུབ་པའི་ཕྱིར་རོ། །བདག་གི་སངས་རྒྱས་ཀྱི་ཞིང་དུ་རྣམ་པར་ཐམས་ཅད་དུ་དེ་ལྟར་མ་གྱུར་ཅེས་པ་ནི། བགྲོད་དཀའ་བའི་སའི་དགོན་པ་དང༌། གཅན་གཟན་རྣམས་ཀྱི་དགོན་པ་དང༌། ཆུས་སྤངས་པས་ཆུའི་དགོན་པ་དང༌། གལ་ཏེ་འདོད་པའི་སྒྲ་ནི་གང་གི་དོན་དུའོ། །འཇིག་རྟེན་ཞེས་པ་


DTG090_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྣོད་ཀྱི་འཇིག་རྟེན་ནོ། །དྲི་ཞིམ་པ་དང་རོ་ཞིམ་དང༌། །བསིལ་དང་ཡང་དང་དངས་པ་དང༌། །གཙང་དང་མགྲིན་པ་བདེ་བ་དང༌། །ལྟོ་བར་ནད་མི་བྱེད་ཅེས་པའི། །ཆུ་ནི་ཡན་ལག་བརྒྱད་སྲིད་པའོ། །བདེ་བ་དང་ཕྲད་པ་ནི་བདེ་བ་དང་སྦྱོར་བས་སོ། །བདེ་བ་དང་ལྡན་པས་ནི་ཀུན་ཏུ་ཕན་པས་འདི་རྣམས་ལ་ཞེས་པ་ནི་བདེ་བ་དང་ལྡན་པའོ། །ཐམས་ཅད་དུ་ནི་ཀུན་ལའོ། །ནད་ཀྱི་དགོན་པ་ལ་ནི་ནད་ཀྱིས་ཉེ་བར་འཚེ་བའོ། །འདི་ལྟར་ཞེས་པ་ནི་སེམས་ཀྱི་སྐད་ཅིག་གཞལ་ན་སྔོན་ནི་འབྱུང་བར་མི་འགྱུར་བས་མཐའ་མེད་པ་སྟེ། དེ་ཁོ་ན་ཉིད་དུ་ངོ་བོ་ཉིད་མེད་པ་ཆ་ཤས་མེད་པའི་སྐད་ཅིག་མའི་མཐའ་ནི་ཡོད་པ་མ་ཡིན་པའོ། །མང་ཞེས་པ་ནི་གང་དག་གིས་དོན་མེད་པར་འགྱུར་བ་རྣམས་སོ། །སྔོན་གྱི་མཐའ་མེད་པས་གང་དུ་མངོན་པར་བྱང་ཆུབ་པར་འགྱུར་བའོ་ཞེས་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། ཆགས་པ་མེད་པར་ཞེན་པ་ནི་མ་རིག་པར་རོ། །བར་སྣང་གི་ནམ་མཁའ་ལ་ཞེས་པ་ནི་འདི་ཉིད་ནམ་མཁའ་འབའ་ཙྷིག་ལའོ། །ཡོངས་སུ་གྲུབ་པ་ནི་ཡོངས་སུ་གྲུབ་པ་བཞིན་དུ་དབང་དུ་གྱུར་པའོ། །ངེས་པ་ནི་ཚད་ཆད་པས་སོ། །མ་ལེགས་པ་ནི་སྡུག་བསྔལ་ལོ། །སྲིང་མོ་གང་གཱའི་ལྷ་མོའི་ཀུན་ཏུ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།ཐབས་ལ་མཁས་པ་བརྒྱད་པར་བཤད་པའི་བསྟན་བཅོས་ལས། དེ་ཡི་ཡུལ་དང་སྦྱོར་བ་དང༌། །དགྲ་རྣམས་ལས་ནི་འདས་པ་དང༌། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོངས་མ་ཡིན་མཚན་ཉིད་དང༌། །མ་ཆགས་པ་དང་མི་དམིགས་དང༌། །མཚན་མ་སྨོན་དང་ཟད་པ་དང༌། །དེ་ཡི་རྟགས་དང་ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་ཏེ་ཐབས་ལ་མཁས་པ་འདིའི་ཡུལ་དང༌། དེའི་སྦྱོར་བ་ལ་དང་པོ་གོམས་པ་ལ་དགྲ་རྣམས་ལས་ཤིན་ཏུ་འདས་པ་ལ་སོགས་པའི་དབྱེ་བ་བཅུ་སྟེ། གང་དག་གི་མཚན་མ་དང་སྨོན་ལམ་ཟད་པར་བྱས་པ་ལ་དེ་བཞིན་དུ་བཤད་དེ། མཚན་མ་ཟད་པ་དང་སྨོན་ལམ་ཟད་པ་དེ་ལ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། སྟོང་པ་ཉིད་ལ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལའོ། །རྒྱུད་ལ་ནི་རྒྱུན་དུའོ། །དེ་ལ་ནི་སྟོང་པ་ཉིད་ལའོ། །ཆོས་ཉིད་


DTG090_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་ཀྱི་རང་བཞིན་ལ། ཆོས་ཉིད་ཀྱིས་ནི་ཆོས་ཀྱི་སྙིང་པོས་སོ། །སྟོང་པ་ཉིད་ཁོ་ན་སྒྲིབ་པ་མེད་པ་ཉིད་པས་དྲི་མ་མེད་པས་ཡང་དག་པའི་མཐའོ་ཞེས་པ་ནི་ཐབས་ལ་མཁས་པའི་ཡུལ་ལོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ལ་སོགས་པ་སྟེ། མཉམ་པར་མ་བཞག་པ་ཉིད་ཅེས་པ་ནི་མངོན་སུམ་དུ་བྱ་བར་དེས་དམིགས་པ་མེད་པ་ལ་དབང་བ་ཉིད་དོ། །དམིགས་པ་ལས་ནི་དེ་ཉིད་ལའོ། །བར་སྐབས་དེར་ཞེས་པ་ནི་ཇི་སྲིད་དུ་འདིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་མ་སྨིན་པའི་བར་དུའོ། །བསྟེན་པ་ནི་ཉེ་བར་སྒྲུབ་པ་ཉིད་ཀྱིས་སོ་ཞེས་པ་ནི་ཐབས་ལ་མཁས་པའི་སྦྱོར་བའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། དཔའ་བ་ནི་འཇིགས་པ་མེད་པའོ། །བརྩོན་འགྲུས་འགྲུས་ནི་སྤྲོ་བའོ། །བརྟན་པ་ནི་རབ་ཏུ་གནས་པའོ། །སྤོབས་པ་ནི་མངོན་པར་སེམས་པའོ། །སྒྲུབ་པ་ནི་རྗེས་སུ་གནས་པའོ། །གང་གི་དུས་ལ་སོགས་པ་གང་དང་ལྡན་པ་དེ་ཤེས་པས་དུས་ལ་སོགས་པ་ཤེས་པའོ། །རྟོགས་པ་ནི་ལུས་དང་ངག་དང་སེམས་སྦྱངས་པ་ཉིད་ཅན་ནོ། །དེས་སོང་བ་ནི་ཐོབ་པའོ། །མཚོན་ཆ་ནི་སྒྲིབ་ཡོལ་དང་གོ་ཆ་ལ་སོགས་པའོ། །དྲན་པ་ནི་མི་བརྗེད་པའོ། །བློ་གྲོས་ནི་མངོན་པར་འཇལ་བའོ། །རྟོགས་པ་ནི་ཤེས་པའོ། །མོས་པ་ནི་འཛིན་པ་ལ། ཆོས་ལུགས་ནི་ཆོས་ལུགས་ཤེས་པའོ། །འཇིགས་པ་མེད་པ་ནི་མཁས་པའོ། །དེ་ལྟར་དགྲ་བོ་ཉིད་ནི་ཕྱིར་རྒོལ་བ་བར་ཆད་བྱེད་པ་དེ་རྣམས་ལས་འདས་པ་ནི་ཚད་མེད་བཞི་རྣམས་ཀྱིས་ཞེས་པ་ནི་ཐབས་ལ་མཁས་པ་དང་པོའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། རྒྱུ་བ་ནི་འགྲོ་བའོ། །གནས་པ་ནི་འདུག་པའོ། །དེ་ལ་ཡང་མི་རྟེན་མི་གནས་པ་ནི་དེར་ཡང་མི་གནས་པའོ། །དེར་ཡང་མི་གནས་པ་ནི་གནས་དེར་མི་གནས་པ་སྟེ། སྟོང་པ་ཉིད་ལ་སོགས་པར་མི་ལྟུང་ཞིང་མི་གནས་ཞེས་པའི་དོན་ཏོ་ཞེས་པ་ནི་མི་གནས་པའི་ཐབས་སོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། མདའ་སྟེང་དུ་འཕངས་པ་ཉིད་ལ་མདའ་གཞན་དག་གིས་ཕུལ་བས་ཡུན་རིང་དུ་མི་ལྟུང་སྟེ། དེ་ལྟར་སངས་རྒྱས་ཀྱི་ཆོས་ཡོངས་སུ་མ་སྨིན་བར་དུ་མངོན་སུམ་དུ་མི་བྱེད་ལ། སེམས་ལ་སེམས་གཞན་གྱི་ཤུགས་དེ་ལས་མི་འདའ་བས་འཕེལ་བ་ནི་ཇི་ལྟར་ཤུགས་ཀྱི་ཐབས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ལ་


DTG090_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྟེ། སྤྱོད་པ་ནི་ཞི་གནས་ཀྱིས་སོ། །གནས་པ་ནི་ལྷག་མཐོང་གིས་སོ། །ཏིང་ངེ་འཛིན་ལ་མཉམ་པར་གཞོག་པ་ནི་གཉི་གས་སོ། །བདག་གིས་ཞེས་པ་ནི་ང་ཡིས་སོ། །མངོན་པར་སྒྲུབ་པ་ནི་ངེས་པར་རྫོགས་པར་བྱེད་པའོ། །ཏིང་ངེ་འཛིན་འདི་ཉིད་རྣམ་པར་ཐར་པའི་སྒོ་སྟེ། གྲོལ་བའི་སྒོ་ཡིན་པའི་ཕྱིར་རོ། །སེམས་བསྐྱེད་པ་ནི་སེམས་མངོན་པར་སྒྲུབ་པའོ། །དེས་འདི་ལྟར་ནི་དཀའ་བ་སྤྱོད་པ་པོའོ། །འདི་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཐབས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཡོད་པ་ནི་ཆོས་ཐམས་ཅད་དོན་དམ་པར་ཡོད་པ་ཉིད་དུའོ། །དེའི་འདུ་ཤེས་ནི་སྒྲོ་བཏགས་པས་ཏེ། ཡོད་པ་སྒྲོ་བཏགས་ནས་ཞེས་པའོ། །དེ་སྤོང་བ་ནི་སེམས་ཅན་རྣམས་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཆོས་བསྟན་པར་བྱའོ་ཞེས་པ་ལ་སོགས་པའི་སྒྲོ་བཏགས་པའོ། །དེ་ཉིད་ནི་དམིགས་པ་སྟོང་པ་ཉིད་ལ་སོགས་པར་ཀུན་ཏུ་སེམས་པའི་སྙོམས་པར་འཇུག་པ་ལ་ཞེན་པ་མེད་པའིའོ། །དེ་དང་སྦྱོར་བ་ནི་མ་ཆགས་པའི་ཐབས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཆོས་ཀྱི་འདུ་ཤེས་ནི་ཕུང་པོ་དང་ཁམས་ལ་སོགས་པའི་སྒྲོ་བཏགས་པའོ། །དེ་ཉིད་ནི་དམིགས་པ་ལ་སྟོང་པ་ཉིད་ལ་སོགས་པའི་སྙོམས་པར་འཇུག་པ་ལ་ནི་དམིགས་པ་མེད་པ་སྟེ། དེ་དང་སྦྱོར་བ་ནི་མི་དམིགས་པའི་ཐབས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ་བུད་མེད་དང་སྐྱེས་པ་དང་གཟུགས་དང་སྒྲ་ཞེས་པ་ནི་དེ་ལྟར་མཚན་མའི་འདུ་ཤེས་ལ་མཚན་མ་མེད་པའི་སྙོམས་པར་འཇུག་པ་ནི་མཚན་མ་མེད་པ་སྟེ། དེ་དང་སྦྱོར་བ་ནི་མཚན་མ་མེད་པའི་ཐབས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ལྷ་དང་བརྒྱ་བྱིན་དང་འཁོར་ལོས་སྒྱུར་བར་བྱའོ་ཞེས་པ་ལ་སོགས་པ་སྲིད་པའི་ལོངས་སྤྱོད་ལ་དགའ་བ་ནི་སྨོན་པ་ལ། དེའི་རྩ་བ་ཅན་གྱི་ཕྱིན་ཅི་ལོག་རྣམས་ལ་སྨོན་པ་མེད་པའི་སྙོམས་པར་འཇུག་པ་ནི་སྨོན་པ་མེད་པ་སྟེ། དེ་དང་སྦྱོར་བ་ནི་སྨོན་པ་མེད་པའི་ཐབས་སོ། །གང་དེ་ལྟར་ཞེས་པ་ལ་སོགས་པ་སྟེ་མི་དམིགས་པ་ལ་སོགས་པའི་ཐབས་ཀྱིས་རྣམ་པར་ཐར་བའི་སྒོ་གསུམ་གྱི་ཡུལ་བརྗོད་ནས་རིགས་པས་འདི་རྣམས་མངོན་པར་འདུ་བྱེད་པ་མེད་པ་ལ་སོགས་པས་ལྷག་པར་ཡུལ་དུ་བྱེད་ན་དོན་


DTG090_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་བྱེད་པས་དེ་བརྗོད་པར་རིགས་ཞེས་པའོ། །མངོན་པར་འདུ་བྱེད་པ་མེད་པར་ལྷུང་ཞེས་པ་ནི་དམན་པའི་བྱང་ཆུབ་དག་ཏུའོ། །ཁམས་གསུམ་པའི་འཁོར་བར་རོ། །འདི་སྐད་ཅེས་ཞེས་པ་ལ་སོགས་པ་སྟེ། འདྲི་བར་བྱས་ཞེས་པ་ནི་མཁས་པ་ལའོ། །གལ་ཏེ་དྲིས་པ་ན་སྟོང་པ་ཉིད་ལ་སོགས་པ་ཅན་ཁོ་ན་བསྒོམ་པའོ། །དེ་ཡང་ཡོངས་སུ་དྲིས་བ་ལས་མངོན་སུམ་དུ་མི་བྱེད་པ་སྟེ། དེ་ལ་ཐབས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་སེམས་ལ་སོགས་པའོ་ཞེས་པ་ནི་འདི་རྣམས་དེའི་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་དོ། །དེའི་ཕྱིར་དེའི་རྟགས་འདིས་ཞེས་པ་ནི་དེའི་རྟགས་ཀྱི་ཐབས་སོ། །རབ་འབྱོར་ཞེས་པ་ལ་སོགས་པ་སྟེ། གང་དེ་ལྟར་ལན་ལྡོན་པ་ཉུང་བ་ནི་འདིར་ཆེས་ཉུང་བའོ་ཞེས་པ་ནི་ཚད་མེད་པའི་ཐབས་སོ། །ལེའུ་དགུ་པ་དེ་ཉིད་ཀྱི་ཕྱེད་ནས་བརྩམས་ཏེ་ཉི་ཤུ་པའི་ཕྱེད་ཀྱི་བར་གྱི་ལེའུ་བཅུ་གཅིག་པོ་ནི་རྣམ་པ་ཀུན་ཏུ་མངོན་པར་རྫོགས་པར་རྟོགས་པའོ།། །།


previousབཞི་པ། རྣམ་ཀུན་མངོན་རྫོགས་རྟོགས་པའི་སྐབས།next