Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དགུ་བཅུ་པ།


  collapse section
   
   
   
   
   
ལྔ་པ། རྩེ་མོའི་མངོན་པར་རྟོགས་པའི་སྐབས།
   
   
   


 
previousལྔ་པ། རྩེ་མོའི་མངོན་པར་རྟོགས་པའི་སྐབས།next

ལྔ་པ། རྩེ་མོའི་མངོན་པར་རྟོགས་པའི་སྐབས།


DTG090_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་གོང་དུ་རྩེ་མོའི་མངོན་པར་རྟོགས་པ། ཁྱད་པར་གྱི་ལམ་ལ་བརྗོད་པར་བྱ་སྟེ། དེ་ལྟར་ཡང་ས་བཅུ་པོའི་གནས་སྐབས་ཀྱི་ཁྱད་པར་ལ་བཅོ་ལྔ་པ་ལ་སོགས་པ་ནས་ཀྱི་སེམས་བསྐྱེད་པ་དྲུག་ནི་ཁྱད་པར་གྱི་ལམ་གྱིས་ཏེ། དེ་ལ་དང་པོའི་ལྔ་ལ་རེ་རེ་བཞིན་ལ་སྦྱོར་བ་དང་དངོས་གཞི་དང་རྗེས་སོ། །དེའི་དངོས་གཞི་ལ་ཡང་ཆུང་ངུ་དང༌། འབྲིང་དང་ཆེན་པོའི་ཆེན་པོ་དབྱེ་བ་སྟེ། ཡང་ཆུང་ངུ་ལ་སོགས་པ་རྣམས་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བ་རྣམ་པ་གསུམ་གྱིས་རྣམ་པ་བཅུ་བཞི་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གནས་བདུན་དུ་སོ་སོར་དགུ་དགུ་ལ་བརྒྱད་པར་བདུན་ཞེས་པ་ནི་རྣམ་པ་བདུན་ཅུར་འགྱུར་རོ། །དེ་ལ་དང་པོའི་སེམས་བསྐྱེད་པ་དག་དང་སེམས་བསྐྱེད་པའི་བྱེ་བྲག་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་སྟེ། ལྷུན་གྱིས་གྲུབ་པར་གྱུར་པའི་ལམ་ཉིད་ཡིན་ན་ཡང་དུས་དེ་སྲིད་དུ་སེམས་ཅན་གྱི་དོན་རྒྱུན་ཆད་པ་མེད་པར་སྒྲུབ་པར་འདོད་པ་དང༌། ཅིག་ཅར་སྐྱེ་བ་དགག་པ་རྗོད་པར་བྱེད་པས། ཐར་པའི་ཆ་དང་མཐུན་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མེད་པ་མེད་ཅེས་པ་དེ་ཤུགས་ཀྱིས་རྟོགས་པར་བྱེད་པས་ཐར་པའི་ཆ་དང་མཐུན་པའི་བདག་ཉིད་ཅན་ལ་གསུམ་དང༌། རྟགས་དང་རྣམ་པར་


DTG090_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་དང་བསྟེན་པའི་ཏིང་ངེ་འཛིན་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་བཤད་པའི་རིགས་པས་ངེས་པར་བྱས་ལ། རེ་རེ་བཞིན་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་དེ་ལྟར་བཅུ་གཉིས་སོ། །མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་སུ་གཉིས་དང༌། དངོས་གཞིའི་གནས་སྐབས་སུ་གཉིས་སོ། །བསྒོམ་པའི་ལམ་གྱི་ཡང་སྦྱོར་བའི་གནས་སྐབས་སུ་གཉིས་དང་དངོས་གཞིའི་གནས་སྐབས་སུ་དགུ་ཞེས་པས་བྱེ་བྲག་སུམ་ཅུའོ། །འདིར་མཐོང་བའི་ལམ་གྱི་སྦྱོར་བའི་བྱེ་བྲག་དག་ལས་གཟུང་པའི་རྣམ་པར་རྟོག་པ་གཉིས་སྤོང་བར་བྱེད་ལ། དངོས་གཞིའི་གནས་སྐབས་ཀྱི་བྱེ་བྲག་དག་ལ་ནི་འཛིན་པའི་རྣམ་པར་རྟོག་པ་དག་གོ །བསྒོམ་པའི་ལམ་གྱི་ཡང་སྦྱོར་བའི་བྱེ་བྲག་དག་ལ་ནི་གཟུང་བའི་རྣམ་པར་རྟོག་པ་དག་ལ་གཉིས་སྤོང་བར་བྱེད་ལ་དངོས་གཞིའི་བྱེ་བྲག་དག་ལ་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པོ་སྤོང་བར་འགྱུར་ཏེ། སོ་སོར་གཉེན་པོའི་བྱེ་བྲག་རེ་རེས་རྣམ་པར་རྟོག་པའི་བྱེ་བྲག་གཉིས་སྤོང་སྟེ། དེ་ཡང་སེམས་བསྐྱེད་པ་དགུ་ནི་དགུ་རེ་རེ་ལ་མི་མཐུན་ཕྱོགས་གཉིས་གཉིས་ཏེ་བཅོ་བརྒྱད་གཞོམ་ལ་ཆ་ཤས་ཀྱིས་དབྱེ་བ་སྟེ་ཞེས་པ་ནི་རྣམ་པ་ལ་དེ་ནི་བསྒོམ་པའི་ལམ་གྱི་དངོས་གཞིའོ་ཞེས་པ་ནི་གཉེན་པོ་རྣམ་པ་བརྒྱད་རྣམས་ཏེ་གཉེན་པོ་རྣམ་པ་བརྒྱད་ཅེས་བྱ་ཞེས་བཤད་པས་སོ། །འདི་རྣམས་སུ་རྣམ་པར་རྟོག་པ་རྣམས་ཀྱིས་བསྒོམ་པ་ཉིད་པས་རྣམ་པར་རྟོག་པ་བརྗོད་དོ། །རྒྱུ་ལས་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་ཏེ། དངོས་པོ་ཉིད་ཀྱི་དྲི་མ་ཕྲ་མོ་དྲུངས་བྱུང་བ་ལ་ཤིན་ཏུ་འབད་པར་བྱའོ་ཞེས་པ་ནི་སློབ་པ་རྣམས་ལ་དགོངས་པས། མངོན་དུ་རྒྱུའི་རྣམ་པར་རྟོག་པ་རྣམས་ནི་མི་གཡོ་བ་ལ་སོགས་པ་རྣམས་ལ་སྲིད་པ་མ་ཡིན་ཞེས་རིག་པར་བྱའོ། །འོ་ན་འདི་ཉིད་དུ་རྣམ་པར་རྟོག་པ་བརྒྱད་པོ་རྣམས་སྤོང་བ་ནི་གཟུགས་ཁམས་ཀྱི་བཤད་པ་དང༌། འཕགས་པ་རྣམ་པར་གྲོལ་པའི་སྡེས་ནི་ཁམས་གསུམ་གྱིས་བསྡུས་པ་རྣམས་སྤོང་ཞེས་པ་དང༌། ཇི་ལྟར་མི་འགལ་ཞེ་ན་ཁམས་གསུམ་གྱིས་བསྡུས་པ་ནི་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ཀྱིས་ཀུན་ཏུ་སྦྱོར་བ་ཅན་གྱི་གང་ཞིག་གི་རྣམ་པར་རྟོག་པ་ཡོད་པ་རྣམས་ཏེ། འདི་གཟུགས་ཀྱི་


DTG090_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སུ་ནི་ཇི་ལྟར་རིགས་པར་སྤོང་བར་འགྱུར་ཞེས་པ་ནི་དོན་གྱིས་འགལ་བ་མེད་དོ། །ཇི་ལྟར་ཡང་རྣམ་པར་རྟོག་པ་བཞི་པོའི་དབྱེ་བ་རྣམས་ཀྱི་ཁམས་གསུམ་གྱིས་བསྡུས་པ་རྣམས་ནི་རབ་ཏུ་དགའ་བའི་ས་ལ་སྔར་བཤད་པ་བཞིན་དུ་མ་རིག་པའི་ནང་འདུས་པ་རྣམས་ནི་མ་རིག་པ་སྤངས་པས་སྤོང་བ་ཉིད་ལས་རབ་ཏུ་ཕྱེ་ནས་མ་རིག་པ་སྤོང་བར་ནི་མི་འདོད་པ་ཉིད་དོ། །བསྒོམ་པའི་ལམ་གྱི་འདོད་པའི་ཁམས་ཀྱི་དགུ་པོ་རྣམས་ནི་དྲི་མ་མེད་པ་ལ་སོགས་པའི་གཉེན་པོའི་བྱེ་བྲག་རྣམས་ཀྱིས་སྤོང་ལ། གཟུགས་ཀྱི་ཁམས་རྣམས་ཀྱི་ཡང་མ་རིག་པའི་བག་ཆགས་ཀྱི་བྱེ་བྲག་བཅོ་ལྔ་གདུལ་བྱའི་ངོར་བྱས་པའི་དེ་བཞིན་ཉིད་ལ་སོགས་པའི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་དབྱེ་བ་རྣམ་པ་བདུན་ཅུ་རྩ་གཉིས་ནི་གཉེན་པོའི་བྱེ་བྲག་བཅོ་ལྔ་རྣམས་ཀྱིས་སྤོང་ཞིང་དེ་ལས་གཞན་པའི་མ་རིག་པའི་བག་ཆགས་ཀྱིས་བྱེ་བྲག་མ་བཤད་པའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་བག་ཆགས་ཀྱི་བྱེ་བྲག་རྣམས་ནི་གཞན་པའི་གཉེན་པོའི་བྱེ་བྲག་རྣམས་ཀྱིས་སྤོང་བས་བསམ་གཏན་བཞི་པ་དང་གཟུགས་མེད་པའི་ཁམས་ཞེས་པ་རྣམ་པར་གཞག་པ་ནི་འཕགས་པའི་དགོངས་པ་དང་འགལ་བ་མེད་དེ། དེ་ཡང་རྩེ་མོའི་མངོན་པར་རྟོགས་པ་ནི་བསྟན་བཅོས་ཀྱིས་མདོར་བསྟན་ལ། དེ་ཡི་རྟགས་དང་རྣམ་འཕེལ་དང༌། །བསྟན་དང་སེམས་ཀུན་གནས་པ་དང༌། །མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས་ཞེས་ཏེ། དེ་རྒྱས་པར་བཤད་པ་ནི་བསྟན་བཅོས་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུའི་མཐོང་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་ཏེ་རྩེ་མོ་ཐོབ་པ་ནི་ཀུན་མཁྱེན་པ་གསུམ་གྱི་སྦྱོར་བ་རབ་ཀྱི་མཐར་ཕྱིན་པ་སྟེ། དེ་ལ་གསུངས་པ་ནི། ཡང་གལ་ཏེ་ཞེས་པ་ལ་སོགས་པས་རྟགས་དང་པོའོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་གཉིས་པའོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་གསུམ་པའོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་བཞི་པའོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་


DTG090_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པའོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་དྲུག་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། མཐོང་ཞེས་པ་ནི་བདག་ཉིད་ཀྱིས་སོ། །གལ་ཏེ་ཞི་བར་འགྱུར་ཞེས་པ་ནི་བདུན་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཟིན་པ་ནི་བྱིན་གྱིས་བརླབས་པའོ། །བབས་པ་ནི་ཞུགས་པའོ། །བྱིན་གྱི་རླབས་ནི་བདེན་པའི་བྱིན་གྱི་རླབས་སོ། །གལ་ཏེ་བདེན་པའི་བྱིན་གྱི་རླབས་ཀྱིས་སོང་བར་གྱུར་ན་ཞེས་པ་ནི་བརྒྱད་པའོ། །ཐབས་ལ་མཁས་པ་ལ་སོགས་པ་རྣམས་ཀྱིས་སྤྱད་པ་ནི་ཡོངས་སུ་ཤེས་པ་སྟེ། དེའི་དོན་གྱི་ལེའུ་སྟེ་ཉི་ཤུ་པའོ།། །།ཐེག་པ་ལ་གསར་དུ་ཞུགས་པ་ལོག་པའི་ང་རྒྱལ་སྐྱེད་པར་བྱེད་པའི་ཕྱིར་བདུད་ཉེ་བར་འོང་བར་འགྱུར་བ་འདིར་བདུད་ཀྱི་ལས་ཀྱི་གནས་སྐབས་ནི། ཡང་དེ་ལ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ནི་བདེན་པ་ནི་བྱིན་གྱིས་བརླབས་པའོ། །སྤྲོ་བ་ནི་རང་གི་ལས་ཀྱི་གོ་སྐབས་ཐོབ་པ་སྟེ་བྱེད་པའི་དོན་དུ་སྤྲོ་བའོ། །སྟོབས་ནི་སྤྲོ་བའི་ནུས་པའོ། །གཟི་བརྗིད་ནི་མཐུའི་ནུས་པའོ། །མདངས་ནི་གསལ་པར་གྱུར་པས་གཟི་བརྗིད་དུ་གྱུར་པའོ། །བརྩོན་པ་ཞེས་པ་ནི་བདག་ཉིད་ལ་ང་རྒྱལ་བའོ། །བརྙས་པ་ནི་མ་གུས་པའོ། །རྔན་ཆེན་བྱེད་པ་ནི་ནང་དུ་བཞད་གད་བྱེད་པའོ། །སྟིང་བར་བྱེད་པ་ནི་ཡིད་ཀྱིས་སོ། །འཕྱ་བ་ནི་སྐྱོན་སྒྲོགས་པའོ། །སྨོད་པ་ནི་སྐྱོན་སྟོན་པར་བྱེད་པའོ། །སྐྱེད་པ་ནི་སྐྱེད་པར་བྱེད་པའོ། །འཕེལ་བ་ནི་སྔོན་དུ་འགྲོ་བར་བྱེད་པའོ། །རྟོན་པ་ནི་བརྟན་པར་བྱེད་པའོ། །རྒྱས་པར་ནི་ཡོངས་སུ་གང་བར་བྱེད་པའོ། །འབྱུང་བ་ནི་དམིགས་མཐོན་པོར་བལྟ་བའོ། །གཞན་རྣམས་ལས་ལྷག་པའི་སེམས་ཁེངས་པ་ནི་ང་རྒྱལ་གྱི་ཐུན་མོང་སྟེ། སྔོན་དུ་བཤད་ཟིན་ལ་འདིར་ནི་དམན་པ་ལས་མཐོ་བ་ནི་ང་རྒྱལ་ལོ། །མཉམ་པ་ཉིད་ནི་ཆེ་བའི་ང་རྒྱལ་ལོ། །ཁྱད་པར་དུ་འཕགས་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །མ་ཐོབ་པར་ཕྱིར་མི་ལྡོག་པ་ཉིད་བདག་གིས་ཐོབ་པོ་སྙམ་པ་ནི་མངོན་པའི་ང་རྒྱལ་ལོ། །ཕྱིར་མི་ལྡོག་པའི་ཡང་དག་པའི་ཡོན་ཏན་མ་ཡིན་པ་རྣམས་དང་ལྡན་པ་ལ་ཡོན་ཏན་དང་ལྡན་སྙམ་པ་ནི་ལོག་པའི་ང་རྒྱལ་ལོ། །བདུད་ཀྱི་འཆིང་བ་ནི་ང་རྒྱལ་ལོ། །མིང་སྟོན་པ་ནི་མིང་བརྗོད་པའོ། །རྟུལ་བ་ནི་དབང་པོ་


DTG090_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རྟུལ་བའོ། །དགོན་པ་ཉིད་ལ་སོགས་པ་ནི་སྦྱངས་པའི་ཡོན་ཏན་ནོ། །གྲོང་ལས་ཕྱི་རོལ་དུ་རྒྱང་གྲགས་ནི་མཆོག་ཏུ་དགོན་པ་སྟེ། དེ་ཉིད་དུ་གནས་པ་ནི་དགོན་པ་ལའོ། །བསོད་སྙོམས་པ་ནི་དེ་ཉིད་ལ་ལོངས་སྤྱོད་པས་བསོད་སྙོམས་པའོ། །ཕྱག་དར་ཁྲོད་པ་ཉིད་ལ་དགོན་པས་ཕྱག་དར་ཁྲོད་པའོ། །གཅིག་པར་དུ་མ་དུ་མ་ལུས་པར་ཟན་ལ་སོགས་པ་བླངས་ནས་ལོངས་སྤྱོད་པས་ན་ཕྱིས་མི་ལེན་པའོ། །སྟན་གཅིག་ལ་ཟ་བ་ནི་སྟན་གཅིག་པའོ། །ལན་གཅིག་བཏིང་བ་ལ་རྟག་ཏུ་ཉལ་བ་ནི་གཞི་ཇི་བཞིན་པའོ། །ཆོས་གོས་གསུམ་ལས་ལྷག་པ་ཐམས་ཅད་གཏོང་བས་ཆོས་གོས་གསུམ་པའོ། །དུར་ཁྲོད་ལ་ཉེ་བར་གནས་པས་དུར་ཁྲོད་པའོ། །ཤིང་རྩ་ཉིད་དུ་གནས་པས་ཤིང་དྲུང་པའོ། །ཅོག་པུས་མཚན་མོ་འདས་པར་བྱེད་པས་ཅོག་པུའོ། །སྟེང་དུ་མ་བཀབ་པས་ནི་བླ་གབ་མེད་པ་སྟེ། དེ་ཉིད་དུ་གནས་པས་བླ་གབ་མེད་པའོ། །བལ་གྱི་དང་གསོ་མ་ལ་སོགས་པ་ཉིད་གོན་པས་ཕྱིང་པ་པའོ། །ཉུང་དུ་ཚོལ་བས་འདོད་པ་ཉུང་བའོ། །དེ་ཙམ་ཉིད་ཀྱིས་ཆོག་ཤེས་པའོ། །གཅིག་པུ་ཉིད་ཀྱི་ཕྱིར་རབ་ཏུ་དབེན་པའོ། །མཐོང་བའི་ཆོས་ནི་སྐྱེ་བ་ཉིད་ལ་མྱོང་བ་ནི་མཐོང་པའི་ཆོས་ལའོ། །བྱིན་གྱིས་བརླབས་པ་ནི་མི་འགྱུར་བའོ། །སྦྱངས་པའི་ཡོན་ཏན་གྱི་སྡོམ་པའི་བསྔགས་པ་སྟེ། ཡིད་ཀྱིས་གཞན་ལ་ང་རྒྱལ་བར་བྱེད་ཅེས་པ་ནི་དོན་ཏོ། །མིང་ཞེས་པ་ནི་ཕྱིར་མི་ལྡོག་པའི་སྒྲ་དང་དེའི་ཡོན་ཏན་གྱི་སྒྲའོ། །ཁེངས་པ་ནི་བླ་མ་རྣམས་ལ་མི་གུས་པའོ། །རྗེས་སུ་འབྲང་ཞེས་པ་ནི་རྗེས་སུ་ཤེས་པ་སྟེ། འདིའི་རྒྱས་པར་བཤད་པ་ནི་ཕྱི་མའི་གཉིས་ཀྱིས་ཏེ། རྗེས་སུ་བརྟགས་པ་ནི་བདག་གི་མིང་ཇི་ཞེས་བྱ་བར་འགྱུར་ཞེས་པས་སོ། །རྗེས་སུ་དཔྱད་པ་ནི་བདག་གི་མིང་འདི་ཞེས་བྱ་བར་འགྱུར་ཞེས་པས་སོ། །ལུང་སྟོན་པར་འགྱུར་བ་ཞེས་པ་ནི་བདུད་ཀྱིས་སོ། །རྗེས་སུ་འབྲང་བ་ནི་ཀུན་ཏུ་འདོད་པའིའོ། །བསྟན་པ་ནི་སྨྲས་པའོ། །གང་ཅི་མྱོང་བ་ནི་མིང་ལ། ལུང་བསྟན་པ་ཞེས་པ་ལ་སོགས་པ་སྟེ། རིང་བར་ཀུན་ཏུ་འབྱུང་ཞེས་པ་ནི་དེ་རྣམས་ཀྱིས་དེ་རྣམས་བདེ་འགྲོར་སྐྱེ་བའོ། །ཕྲ་མོ་ཕྲ་བ་ནི་མཚོན་པར་དཀའ་བའོ། །དབེན་པའི་གནས་ནི་དབེན་པར་གནས་པའོ། །དབེན་པ་ནི་སྟོང་པའོ། །དབེན་པ་


DTG090_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་ནི་གྲོང་གི་ནང་ངམ་དེ་དང་ཉེ་བའི་ས་ཕྱོགས་སོ། །ཡིད་ལ་བྱེད་པས་དབེན་ཞེས་པ་ནི་ཡིད་ལ་བྱེད་པ་རྣམས་ཀྱིས་དབེན་པའོ། །ཆུང་ངུས་ནི་མངོན་པར་ཞེན་པས་གནས་པའོ། །འབྲིང་ནི་གནས་པའོ། །ཆགས་པ་ནི་ཆེན་པོ་སྟེ་དམིགས་པའོ། །དེས་དེ་ཙམ་ཞེས་པ་ནི་བདག་བསྟོད་པའི་དམིགས་པ་དང་ལྡན་པའོ། །འདྲེས་པ་ནི་རབ་ཏུ་བྱུང་བ་དང་ཁྱིམ་པའོ། །མ་འདྲེས་པ་ནི་རབ་ཏུ་བྱུང་བ་ཁོ་ནའོ། །བྱང་ཆུབ་སེམས་དཔའ་གདོལ་པ་ནི་དེ་དང་འགྲོགས་པར་མི་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སུན་འབྱིན་པ་ནི་རང་གི་སྐྱོན་གྱི་སྡེ་རྣམས་སུན་འབྱུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་གཟུགས་བརྙན་ནི་ལུས་འདྲ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་བཅོས་བུ་ནི་མི་མཐུན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཀ་ན་ད་བ་ནི་ངང་པ་ལྟ་བུ་རྣམས་ལས་དེ་རྣམས་ནག་པོའི་ཕྱིར་རོ། །རྐུན་པོ་ནི་ཆོས་མ་ཡིན་མ་ཡིན་པ་སྦེད་པའི་ཕྱིར་རྐུན་པོ་སྟེ་དེ་རྣམས་ཀྱི་འདོད་པ་མ་ཡིན་པའི་ཕྱིར་རོ། །ཆོམ་རྐུན་ནི་ལོག་པའི་སྦྱིན་གནས་ཀྱི་ཕྱིར་རོ། །མཐུ་ནི་སྟོབས་སོ། །སུན་འབྱིན་པ་ནི་འཇིགས་པས་སོ། །དེ་ལ་ཡང་ཞེས་པ་ནི་དེ་འདྲ་བ་ལ་ཡང་ངོ༌། །ཇི་ལྟར་ནི་སེམས་ཅན་ཐམས་ཅད་ལའོ། །འདི་ཡང་ཞེས་པ་ནི་གང་གི་ཡང་ཞེས་པ་ལ་སོགས་པ་ཅན་ནོ། །མངོན་པར་ཤེས་པ་ནི་སོ་སོར་རྟོགས་ནས་ཕ་རོལ་གནོན་པ་ནི་སྐྱེས་བུའི་བྱེད་པའོ། །བདུད་ཀྱི་ལས་ཀྱི་སྤྱོད་པ་པོའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཞེས་པ་ནི་རྟོགས་པར་བྱ་བའི་གཙོ་བོའི་ཕྱིར་ཏེ་ཇི་ལྟར་དེ་གཅིག་པུ་དེ་ལྟར་ལྷན་ཅིག་པ་དྲུག་པོ་སྟེ། འདིར་གསུངས་པ་སྟེ། ཐམས་ཅད་ཅེས་པ་ལ་སོགས་པ་དང༌། གང་དུ་དྲུག་པོ་ཉིད་ཅེས་པ་ལ་སོགས་པ་སྟེ། དེ་དེ་ཉིད་མཐར་ཐུག་པར་གྱུར་པ་ནི་སྟོན་པ་སྟེ། གང་ཞིག་གི་འབྲས་བུ་ལ་དེའི་སྔོན་གྱི་མཐར་ཉིད་ནི་ལམ་མོ། །སྣང་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ་རབ་ཏུ་དགའ་བ་ལའོ། །སྒྲོན་མ་ནི་རབ་ཏུ་འབད་པའི་བགྲོད་པའི་ལམ་གྱི་དྲི་མ་མེད་པ་ལ་སོགས་པའི་ས་དྲུག་པ་རྣམས་ལའོ། །འོད་ནི་ཉིན་མོའི་སྣང་བ་སྟེ། དེ་ཡང་འབད་པ་མེད་པས་བགྲོད་པའི་ལམ་སྟེ། མི་གཡོ་བ་ལ་སོགས་པ་རྣམས་ལའོ། །


DTG090_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི་གཟུང་ཞིང་གསོས་པས་སོ། །ཕ་ནི་ས་བོན་བཞག་པས་སོ། །ཤེས་པ་ནི་གང་ཞིག་མཐོང་བའི་ལའོ། །རྟོགས་པ་ནི་བསྒོམ་པའི་ལམ་གྱི་ལའོ། །ངེས་པར་འབྱུང་བ་ནི་རྫོགས་པའོ། །ནང་དུ་འདུས་པ་ནི་ཇི་ལྟར་རིགས་པར་རོ་ཞེས་པ་ནི་ལུང་བསྟན་པ་དང་བཤེས་གཉེན་བསྟེན་པའི་སྟེ་རྟགས་དགུ་པའོ། །འདི་ལ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་འདི་ཉིད་རབ་ཏུ་འདྲེན་པས་དེའི་ཕྱིར་ན་གཞན་གྱི་དྲིང་མི་འཇོག་པ་ཉིད་ཅེས་པ་ལ་སོགས་པས་ནི་གཞན་གྱི་དྲིང་མི་འཇོག་པ་སྟེ་བཅུ་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་ཆགས་པ་མེད་པའི་མཚན་ཉིད་ནི་དམིགས་པ་མེད་པའི་མཚན་ཉིད་དོ། །དེ་ཉིད་ཀྱིས་ན་གཟུགས་ལ་སོགས་པ་ཡང་དབེན་པའི་ཕྱིར་དང༌། སྟོང་པའི་ཕྱིར་རོ། །འཛིན་པ་ནི་མཚན་མར་མངོན་པར་ཞེན་པའོ་ཞེས་དངོས་པོ་ཉིད་ཀྱི་འཛིན་པ་སྟེ། བཅོམ་ལྡན་འདས་མའི་ཆོས་དེ་ཉིད་ནི་ཆགས་པ་མེད་པའི་མཚན་ཉིད་ལ། དེ་ལྟར་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོད་ཅེས་པ་ནི་བཅུ་གཅིག་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། མི་བརྫི་བ་ནི་འཕྲོགས་པར་མི་ནུས་པའོ་ཞེས་པ་ནི་མི་བརྫི་བ་ཉིད་ཐོབ་པ་སྟེ་བཅུ་གཉིས་པའོ། །དེའི་རྗེས་སུ་བསྟན་བཅོས་ལས། འཛམ་བུའི་གླིང་གི་སྐྱེ་བོ་རྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །དཔེར་མཛད་ནས་ནི་རྣམ་མང་དུ། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་བཤད་དོ། །འཛམ་བུའི་གླིང་གི་སྐྱེ་བོ་རྣམས་ཇི་སྙེད་པ་གང་ཡང་སངས་རྒྱས་མཆོད་པའི་དགེ་བ་གང་ཞིག་ཐོག་མ་གང་དུ་དཔེར་བྱེད་པ་ཡང་ཞེས་པ་ཡང་ཞོག་པའོ། །མང་ཞེས་པ་ནི་དཔེ་མེད་པར་གསུངས་པའོ། །དེ་ལ་གལ་ཏེ་ཞེས་པ་ལ་སོགས་པ་སྟེ། ཇི་སྲིད་ཚོལ་བ་ནི་ཇི་སྙེད་དུ་གནས་པའིའོ། །ཡིད་ལ་བྱེད་པས་ཞེས་པ་ནི་རྣམ་པར་འཕེལ་བས་བསྡུས་པ་རྣམས་ཀྱིས་སོ། །ཞོག་པ་ནི་སྤོངས་ཞེས་པའོ། །གནོད་པ་མེད་པར་གྱུར་པ་ནི་གནོད་པ་མེད་པའི་གནས་སུ་གྱུར་བ་སྐྱེད། འདོད་ཆགས་དང་བྲལ་བ་མ་ཐོབ་པ་བཞིན་འབྲས་བུ་མེད་པར་བྱེད་པའོ། །སྦྱིན་པ་པོ་ནི་ཡང་དག་པར་ལེན་དུ་འཇུག་པའོ། །སྦྱིན་དག་ནི་སྦྱིན་པ་པོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་ནི་ཉིན་མཚན་གྱི་ཚུལ་


DTG090_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཏེ་རྣམ་པར་འཕེལ་བ་དང་པོའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་སྐད་ཅིག་ཙམ་ཡང་གནས་པར་བྱེད་ཅེས་པ་ནི་གཉིས་པའོ། །རབ་འབྱོར་ཞེས་པ་ལ་སོགས་པ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ལུང་བསྟན་པ་ཐོབ་པ་ནི་གསུམ་པའོ། །རབ་འབྱོར་ཞེས་པ་ལ་སོགས་པ་སྟེ། ལུང་བསྟན་པ་དང་མངོན་པར་བྱང་ཆུབ་པ་ནི་རློམ་པ་མེད་པའི་ཕྱིར་ཞེས་པ་ནི་བཞི་པའོ། །དགེ་བའི་བཤེས་གཉེན་ལ་སོགས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ཡང་དེའི་ཚེ་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་ལ་ཐབས་ལ་མི་མཁས་པ་རྣམས་ཏེ། བྱང་ཆུབ་སེམས་དཔས་ཟིལ་གྱིས་མནན་ཅིང་དེ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པར་འགྱུར་བ་ནི་ལྔ་པའོ། །ཚུལ་ཁྲིམས་མཉམ་པ་ལ་སོགས་པ་ནི་མཐར་གྱིས་གནས་པའི་མངོན་པར་རྟོགས་པར་བཤད་པར་བྱའོ། །དེ་ལྟར་སློབ་པར་བྱེད་པ་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་སྐྱོང་བ་ཉེ་བར་འོང་བ་ལ་སོགས་པ་རྣམས་ཀྱི་ཕན་ཡོན་རྣམས་ཀྱི་ནི་དྲུག་པའོ། །བརྒྱ་བྱིན་གྱིས་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། ཞུམ་པ་ནི་རྗེས་སུ་འབྲེལ་པའོ། །ཡིད་ནམ་མ་ཡིན་ཞེས་པ་ལ་སོགས་པ་རྣམས་ཀྱི་ཕན་ཡོན་རྣམས་ཀྱི་ནི་དྲུག་པའོ་སྟེ། ཇི་ལྟར་མདོ་སྡེ་གཞན་དུ་དེ་བཞིན་གཤེགས་པས་གསུངས་པའི་རིགས་པར་བྱེད་པ་ཉིད་འདི་ལ་མེད་ཅེས་པའི་དོན་ཏོ། །གཏིང་དཔོག་པར་རབ་ཏུ་གནས་པའིའོ། །རོ་མྱང་བ་ནི་འདོད་པའིའོ། །མིང་དང་རུས་ནི་འཛིན་པར་རོ། །སྤྲོ་བ་ཉེ་བར་བསགས་པ་སྟེ། ལུས་དང་སེམས་ཞེས་པ་ནི་བདུན་པའོ། །ཇི་ལྟར་ཡང་ཞེས་པ་ལ་སོགས་པས་ནི་བརྒྱད་པའོ། །གང་འདིས་ཕྱིར་མི་ལྡོག་པར་མངོན་པར་རློམ་པས་བྱང་ཆུབ་སེམས་དཔའ་མང་པོ་དོན་མེད་པར་བྱེད་པའི་རྒྱུ་དེ་ཉེ་བར་མཚོན་པའི་ལེའུ་ནི་མངོན་པའི་ང་རྒྱལ་གྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་བའོ།། །།དེ་ནས་ཞེས་པ་ལ་སོགས་པ་སྟེ། སློབ་པར་བྱེད་པ་ནི་གོང་མ་ལའོ། །གང་འདི་སྐད་ཅེས་པ་ལ་སོགས་པ་ནི་འཐད་པའོ། །ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅེས་པ་ནི་ལམ་གྱི་ངོ་བོ་ཉིད་ལའོ། །སངས་


DTG090_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ས་ལ་སློབ་པ་ནི་འབྲས་བུ་ལའོ། །བདུད་རྩིའི་ཁམས་ནི་ཐར་པའོ། །མགོན་དུ་གྱུར་པ་འདོད་པ་ནི་མགོན་ཉིད་འདོད་པའོ། །མངོན་པར་འཕགས་པ་ནི་ཤིན་ཏུ་ཕུལ་དུ་བྱུང་བའོ། །བྱ་བ་ནི་བྱ་གསོད་པས་སོ། །གདོལ་པ་ནི་འཛིམ་པ་མེད་པར་གསོད་པས་སོ། །ཉ་པ་ནི་ཉ་གསོད་པའོ། །ཤན་པ་ནི་མ་ཧེ་གསོད་པར་བྱེད་པས་ཤན་པའོ། །ལོང་བ་ནི་མིག་མེད་པའོ། །འོན་པ་ནི་རྣ་བ་མེད་པའོ། །ཞར་བ་ནི་མིག་གཅིག་པའོ། །རྡུམ་པོ་ནི་དཔུང་པ་འཁྱོག་པའོ། །སྒུར་པོ་ནི་རྒྱབ་སྒུར་བའོ། །ལག་རྡུམ་ནི་ལག་པ་དང་བྲལ་བའོ། །ཞ་བོ་ནི་རྗེ་ངར་ཆག་པའོ། །གྲུམ་པོ་ནི་འགྲོ་མི་ཤེས་པའོ། །ལྐུགས་པ་ནི་བརྗོད་པ་མེད་པའོ། །དིག་པ་ནི་ཚིག་མི་བརྟན་པའོ། །སྨྲ་བ་མི་གསལ་བ་ནི་ལྕེ་མི་བདེ་བའོ། །ཀུ་ཅོ་ཅན་ནི་སྒྲ་ཆེན་པོ་འབྱིན་པའོ། །ཡན་ལག་ཉམས་པ་ནི་ཡན་ལག་དམན་པའོ། །ཡན་ལག་མ་ཚང་བ་ནི་ཡན་ལག་མ་ཆོག་པའོ། །ཡན་ལག་མི་སྡུག་པ་ནི་མི་དང་མི་མཐུན་པའི་ཡན་ལག་གོ །ངེས་པར་འགྲོ་བར་འགྱུར་བ་ནི་ངེས་པར་རྫོགས་པར་འགྱུར་བའོ། །དེ་དག་ཅེས་པ་ནི་སྟོབས་ལ་སོགས་པ་ཡོངས་སུ་དག་པའོ། །ཤེས་པར་བྱ་བའོ། །མཐོང་བར་བྱ་བའོ་ཞེས་པ་ནི་རྣམ་པར་འཕེལ་བ་དགུ་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ས་ལེ་སྦྲམ་ནི་ཤིན་ཏུ་ཕུལ་དུ་ཕྱིན་པའི་གསེར་རོ། །བ་ཚ་བ་ཅན་ནི་བ་ཚ་ཅན་དང་བཅས་པའི་སའོ། །གྲམ་པ་ནི་ཆུ་མེད་པའོ། །རྩྭ་ནི་ནེའུ་རྩྭ་ལ་སོགས་པའོ། །སྡོང་དུམ་ནི་ཤིང་སྐམས་པའི་ཕུར་པའོ། །ཚེར་མ་འཛིན་པ་ནི་ཚེར་མ་ཅན་དེ་མྱོས་བྱེད་ལ་སོགས་པའོ། །སྣ་ཚོགས་པ་ནི་གང་དག་དེ་རྣམས་སོ་ཞེས་པ་ནི་བཅུ་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་ཐོབ་པར་གྱུར་ནས་གནས་ཞེས་པ་ལ་སོགས་པ་དང་དེ་བཞིན་དུ་ཞེས་པས་ནི་བཅུ་གཅིག་པའོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་བཅུ་གཉིས་པའོ། །གཞན་ཡང་ཞེས་པ་ནི་བཅུ་གསུམ་པའོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དགེ་བ་རབ་ཏུ་སྐྱེ་བ་དང་འགལ་བས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ནི་ཐ་བའོ། །ཐེ་ཚོམ་ནི་བདེན་པ་དང་དཀོན་མཆོག་རྣམས་ལ་ཡིད་གཉིས་སོ། །ཕྲ་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་ཁོང་ནས་


DTG090_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པའོ་ཞེས་པ་ནི་བཅུ་བཞི་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། མི་ཤེས་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ལའོ། །བསོད་ནམས་ཀྱི་མཆོག་ནི་བསོད་ནམས་ཀྱི་མཆོག་གོ །སངས་རྒྱས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཆོས་མ་ལུས་པའོ། །ཁྱུ་མཆོག་ནི་དེའི་ངོ་བོ་ཉིད་ལ་དབང་སྒྱུར་བའོ། །རྣམ་པར་རོལ་པ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སོ། །སེང་གེའི་སྒྲ་སྒྲོགས་པ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སོ། །སངས་རྒྱས་རྣམས་ཀྱི་ཕུན་སུམ་ཚོགས་པ་ནི་འཕགས་པའི་དགེ་འདུན་གཉི་གའི་དབང་ཕྱུག་གོ །རྣམ་པར་སྤྱོད་པ་ནི་ཡོངས་སུ་ཤེས་ནས་སོ། །གནས་པར་མི་བྱེད་པ་ནི་དེ་རྣམས་ལ་མི་གནས་པའོ་ཞེས་པ་ནི་བཅོ་ལྔ་པའོ། །གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ་བཅུ་དྲུག་པའོ། །བསླབ་པའི་བརྗོད་པ་པོའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།བསྟན་པ་རྒྱས་པར་བཤད་པ་འདི་བསྟན་བཅོས་ལས། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པས། །སེམས་ཅན་དོན་ཡོངས་མི་གཏོང་བ། །ངེས་པ་ཞེས་པ་ནི་མངོན་པར་བརྗོད། །ཅེས་པ་སྟེ། རྣམ་པར་རྟོག་པ་མེད་པ་རྟོགས་པའི་གནས་སྐབས་ཀྱི་ཀུན་མཁྱེན་པ་གསུམ་གྱི་ཆོས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་ཡོངས་སུ་རྫོགས་པ་ནི་བསྟན་པ་ལ། མཐོང་བ་དང་བསྒོམ་པ་དང་ཁྱད་པར་དང་མི་སློབ་པའི་ལམ་གྱི་རྟོགས་པའི་གོ་རིམས་བཞིན་གྱིས། སྒྲོལ་བ་དང་སྨིན་པ་དང་དབུགས་འབྱུང་བ་དང་ཡོངས་སུ་མྱ་ངན་ལས་འདས་པ་ནི་སེམས་ཅན་གྱི་དོན་ཏེ། འདི་ལ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ་སེམས་འཇུག་པ་ནི་རབ་ཏུ་དང་བའོ། །སེམས་བསྐྱེད་པ་ནི་ཀྱེ་མ་བདག་གིས་འདི་རྣམས་རྟོགས་པར་བགྱི་ཞེས་པའོ། །བསམ་པར་བྱེད་པ་ནི་སེམས་པར་བྱེད་པའོ། །མཉམ་པར་གཞག་པ་ནི་སྐྱོན་མེད་པ་ལའོ། །ཕ་རོལ་གྱི་འགྲམ་ནི་མྱ་ངན་ལས་འདས་པར་རོ། །འདོད་པ་ནི་དགའ་བར་བྱེད་པའི་ཕྱིར་རོ། །ཡོངས་སུ་གཟུང་བ་ནི་ཡོངས་སུ་མི་གཏོང་བའི་སྦྱོར་བས་སོ། །སངས་རྒྱས་ཞེས་པ་འདིའི་རྒྱས་པར་བཤད་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་སྟེ། རྐུན་མཁྱེན་པ་གསུམ་པོ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་དངོས་པོ་རྣམས་ཀྱིས་གང་དུ་ཐམས་ཅད་མཁྱེན་པར་འགྱུར་


DTG090_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ལ་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཡང་དག་པར་མཁྱེན་པ་ནི་འདིར་ཐམས་ཅད་མཁྱེན་པ་ཉིད་ལ་ཆོས་འདི་རང་ཉིད་ལས་བྱུང་བས་ཞེས་པ་ནི་རང་བྱུང་ཆོས་ཐམས་ཅད་ལ་དབང་སྒྱུར་བའོ་ཞེས་པའི་དོན་ཏོ། །དེའི་ཆོས་རྣམས་རང་བྱུང་ཉིད་ཀྱིས་གང་ཀུན་ཏུ་བསྡུས་པས་འདི་ལ་འཕྲོག་པ་མེད་པ་ནི་དེ་ལྟར་མི་འཕྲོགས་པ་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་ལས་ངེས་པར་གྲོལ་བའོ་ཞེས་པའི་དོན་ཏོ། །དེའི་ཆོས་རྣམས་ཀྱང་མི་འཕྲོགས་པ་ཉིད་ཀྱིས་ཀུན་ཏུ་བསྡུས་པས་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་པ་ནི་ཡོངས་སུ་རྫོགས་པའི་བཤད་པའོ། །སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་གསུངས་པ་ནི། བདག་གིས་ཞེས་པ་ལ་སོགས་པ་སྟེ། འདི་རྣམས་ཀྱིས་ཞེས་པ་ནི་ལུང་གི་ཚིག་ཡིན་པས་སོ། །ཇི་ལྟར་ཞེས་པ་ནི་ཇི་ལྟར་བདག་གིས་ཞེས་པ་ལ་དེ་ནི་བསྟན་པ་དང༌། སེམས་ཀྱིས་གནས་པའི་ཏིང་ངེ་འཛིན་ཏེ། བསྟན་བཅོས་སུ་ཡང༌། གླིང་བཞི་པ་ནི་སྟོང་དག་དང༌། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་ཏེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དང༌། སྟོང་དང་སྟོང་གཉིས་པ་དང༌། སྟོང་གསུམ་པ་དེ་རྣམས་ཀྱི་དཔེས་བསོད་ནམས་མང་པོ་ཉིད་དུ་གསུངས་ཀྱི་མངོན་སུམ་དུ་བྱས་པ་ནི་མ་ཡིན་ནོ། །དེ་ལ་གསུངས་པ་ནི། གང་དེ་རྣམས་ཞེས་པ་ལ་སོགས་པ་སྟེ། དེའི་ཞེས་པ་ནི་ཚུལ་མི་མཐུན་པ་ཉིད་ཀྱིས་སོ། །ཆོས་ཉིད་ནི་ཆོས་ཀྱི་ཚོགས་སམ། ངོ་བོ་ཉིད་དོ། །སྲང་གྲངས་ནི་སྲང་གི་ཚད་ཀྱིས་སོ། །ཚད་ནི་སྲང་འདི་ཙམ་ཞེས་པའོ། །འདིར་འཛམ་བུའི་གླིང་ལ་སོགས་པའི་ཚད་ནི་བསོད་ནམས་ཡོངས་སུ་བསྔོ་བའི་དཔེ་ལ། བསྟན་བཅོས་སུ་ནི་ཉེ་བར་བརྟགས་ནས་བྱས་པ་སྟེ། འོ་ན་རྗེས་སུ་ཡི་རང་བ་ཙམ་ལ་འདི་ཙམ་ཡིན་གྱི་བསོད་ནམས་ཡོངས་སུ་བསྔོ་བའི་ཏིང་ངེ་འཛིན་ལ་མ་ཡིན་ཞེ་ན། རྗེས་སུ་ཡི་རང་བའི་བསོད་ནམས་ཀྱང་གཞལ་དུ་མེད་པ་དང་མང་པོ་ཉིད་ཀྱིས་སོ་ཞེས་པ་ལ་དགོངས་པས་སྐྱོན་མེད་དོ། །བདུད་ཀྱིས་བྱིན་གྱིས་བརླབས་པ་ཞེས་པ་ནི་བདུད་ཀྱིས་སྤྲོ་བ་མེད་པར་བྱས་པའོ། །མི་ཉན་པ་ནི་སྒྲ་ལའོ། །མི་ཤེས་པ་ནི་དོན་ཏོ། །མ་མཐོང་བ་ནི་གུས་པས་སོ། །མི་སེམས་པ་ནི་མངོན་དུ་གྱུར་པ་མི་


DTG090_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའོ། །བདུད་བཞིན་དུ་སེམས་ཅན་གྱི་དོན་ལས་རྣམ་པར་ཉམས་པར་བྱེད་པས་ན་བདུད་ཀྱི་ཕྱོགས་སོ། །མངོན་པར་སྒྲུབ་པ་ནི་རྫོགས་པར་བྱེད་པའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་པ་ལ་སོགས་པས་ནི་བརྒྱ་བྱིན་གྱིས་བསྔགས་པའོ། །གང་དག་གིས་ཞེས་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་རྣམས་ཀྱིས་སོ། །གང་དག་གིས་ཞེས་པ་ལ་སོགས་པ་ནི་སེམས་དང་པོ་བསྐྱེད་པ་ལ་སོགས་པ་རྣམས་ཀྱིས་ཀྱང་སྟེ། ཡུམ་ཆེན་མོར་བཤད་པ་རྗེས་སུ་ཡི་རང་བ་འབའ་ཞིག་གིས་མ་ཡིན་ཏེ། རང་གི་རྒྱུད་ལ་བསྐྱེད་པ་དང་གཞན་གྱིས་མངོན་པར་བསྒྲུབས་པའི་དགེ་བའི་རྩ་བ་དེ་ལ་ཡང་གཞན་དུ་རྗེས་སུ་ཡི་རང་བར་བྱས་ནས་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་གསུངས་སོ། །དེ་ཉིད་ཀྱི་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་ལ་དམིགས་པའི་ཏིང་ངེ་འཛིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་རྣམ་པར་སེམས་གནས་པའི་ངོ་བོ་ཉིད་དོ། །སུ་ཞིག་གནས་པར་འགྱུར་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་པས་སོ་ཞེས་པ་ནི་སེམས་ཀུན་ཏུ་གནས་པའོ། །མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པའི་གཉེན་པོ་དང་བཅས་པའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། འཇུག་པ་དང་ནི་ལྡོག་པ་ཡི། །དེ་དག་སོ་སོར་དགུ་དག་ཉིད། །གཟུང་བའི་རྣམ་རྟོག་དག་ཤེས་བྱ། །ཇི་བཞིན་ཡུལ་གྱི་བདག་ཉིད་ཅན། །སེམས་ཅན་རྫས་དང་བཏགས་ཡོད་པའི། །རྣམ་རྟོག་དེ་ནི་འཛིན་པར་འདོད། །སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སོ་སོ་དེ་དག་དགུ་བདག་ཉིད། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གིས་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པ་མཚན་ཉིད་དོ། །ཞེས་ཏེ་འཇུག་པའི་ཕྱོགས་དང་ལྡོག་པའི་ཕྱོགས་ལ་དབྱེ་བ་དགུ་སྟེ། གཟུང་བ་ནི་གཟུང་བྱར་རྣམ་པར་བརྟགས་པའི་ཕྱིར་ལ། དེ་དག་བདག་ཉིད་ཇི་བཞིན་ཡུལ། །ཞེས་པ་ནི་རྣམ་པར་རྟོག་པ་དག་སྟེ། ཕྱིན་ཅི་ལོག་ཏུ་རྣམ་པར་བརྟག་པར་བྱ་ཞེས་པས་རྣམ་པར་རྟོག་པ་སྟེ། སོ་སོའི་སྐྱེ་བོ་རྣམས་ལ་ནི་རྫས་སུ་ཡོད་པ་ལ། འཕགས་པ་རྣམས་ལ་ནི་བཏགས་པར་ཡོད་པའོ། །སེམས་ཅན་གྱི་འཛིན་པའི་རྣམ་པར་རྟོག་པ་རྣམས་ནི་འཛིན་པ་སྟེ། ཡོད་པ་མ་ཡིན་པ་


DTG090_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་འཛིན་ཅིང་རྣམ་པར་བཏགས་པས་སོ། །འཛིན་པའི་ངོ་བོས་ཞེས་པ་ནི་འཛིན་པའི་སེམས་ཅན་གྱི་ངོ་བོས་སོ། །འཛིན་པའི་རྣམ་པར་རྟོག་པ་དེ་དག་དང་རྣམ་པ་བཞི་ལ་འདི་ལ་ཡང་རྣམ་པར་རྟོག་པའི་ཡུལ་གྱིས་དབྱེ་བས་རེ་རེ་ལ་རྣམ་པ་དགུ་དགུའོ། །དེ་ལ་དང་པོའི་དབང་དུ་བྱས་པ་ནི་བསྟན་བཅོས་ལས། ངོ་བོ་ཉིད་དང་རིགས་དང་ནི། །ལམ་ནི་ཡང་དག་འགྲུབ་པ་དང༌། །ཤེས་པའི་དམིགས་པ་མ་འཁྲུལ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དང༌། །རང་གི་རྟོགས་དང་བྱེད་པ་དང༌། །བྱེད་པོ་དེས་བྱེད་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་ཏེ་བྱེད་པ་པོ་དེའི་བྱེད་པ་དང་བྱ་བའི་འབྲས་བུའི་ངོ་བོ་ཉིད་ལ་སོགས་པའི་དགུ་པོ་ནི་འཇུག་པའི་ཕྱོགས་ཏེ། བྱང་ཆུབ་སེམས་དཔའི་བླང་བྱ་ཡིན་པའི་ཕྱིར་དེ་ལ་བརྟེན་པ་སྟེ་དེའི་དབང་དུ་བྱས་ནས་གསུངས་པ་ནི། རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། སྒྱུ་མ་མཁྱེན་གྱིས་སྤྲུལ་པའི་གླང་པོ་ལ་སོགས་པ་ནི་སྒྱུ་མ་ལ། དེ་བཞིན་དུ་གཞན་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་འབྱུང་བའི་ཀུན་རྫོབ་ཀྱི་ངོ་བོར་རབ་ཏུ་བསྒྲགས་པ་ཡང་དེ་ཁོ་ན་ཉིད་དུ་ནི་ཡོད་པ་མ་ཡིན་པས་ན་དེ་ཡང་སྒྱུ་མ་ལྟ་བུའོ། །ཇི་ལྟར་སེམས་སྒྱུ་མ་ལྟ་བུ་སྟེ། །དེའི་ཕྱིར་སེམས་ནི་དེ་ཁོ་ན་ཉིད་དུ་ནི་གང་དུ་ཡང་འཛིན་པ་པོ་མ་ཡིན་ཞིང༌། དེའི་གཟུང་བྱའི་དངོས་པོ་ཡང་ཅུང་ཟད་ཡོད་པ་མ་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་བཞིན་དུ་གཟུང་བ་དང་འཛིན་པར་ཐ་སྙད་བྱེད་དེ། དོན་དམ་པར་ནི་གཉི་ག་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ན་སྒྱུ་མ་ལྟ་བུའོ། །དེ་མེད་པས་ཇི་ལྟར་མངོན་པར་བྱང་ཆུབ་པར་འགྱུར་ཞེས་པ་ནི་འདྲི་བ་ལ། མ་ལགས་ཞེས་པ་ནི་མེད་པའི་ཕྱིར་ཞེས་པ་ལ་དགོངས་པའོ། །གཞན་དུ་ཞེས་པ་ནི་གཞན་དེའི་ཆོས་ཀྱི་བདག་ཉིད་ཀྱིས་སོ། །མ་ལགས་ཞེས་པ་ནི་ཤིན་ཏུ་མེད་པས་དེའི་ཕྱིར་མཆིས་པ་དང་མ་མཆིས་པ་མ་ཡིན་ནོ་ཞེས་པ་ལ་དགོངས་པའོ། །མེད་ཅེས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱི་མེད་པ་ལ་ཡོད་པ་དང་ནི་འགག་པ་དག་ནི་འབྲེལ་བ་མེད་པས་སོ་ཞེས་པ་ལ་དགོངས་པའོ། །དེའི་ཕྱིར་ཞེས་པ་ནི་ངོ་བོ་ཉིད་ཀྱིས་སྟོང་པ་ལ་འཛིན་པ་པོའི་སྦྱོར་བ་མེད་པའི་ཕྱིར་རོ། །ཤིན་ཏུ་འཛིན་པ་མེད་པ་ཉིད་དེ་ལ་གསུངས་པ་ནི་ཇི་ལྟར་འདིར་ངོ་བོ་ཉིད་


DTG090_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྟོང་པའི་ཕྱིར་འཛིན་པ་པོ་མེད་པའོ། །དེ་བས་ན་ཀུན་ཏུ་སྤྱོད་པ་ཅན་ཡང་འཛིན་པ་པོ་མ་ཡིན་ཏེ། དེ་རྣམས་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དམིགས་པར་འགྱུར་བའི་ཆོས་ཐམས་ཅད་ལ་ཡང་གཟུང་བ་ཡོད་པ་མ་ཡིན་ཏེ། དེ་རྣམས་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར་ལ་འདི་ཉིད་ནི་དམིགས་པས་གཟུང་བའི་མཚན་ཉིད་ཀྱི་ཕྱིར་རོ། །བསྒོམ་པར་བགྱི་བ་མ་ལགས་པ་ནི་བོང་བུའི་རྭ་བཞིན་པས་ཡང་དང་ཡང་དུ་བློ་མི་གཞུག་པའོ། །ཆོས་ནི་ཀུན་ཏུ་རྟོགས་པར་བྱ་བ་ལ་སོགས་པའོ། །ཀུན་ཏུ་བགྲོད་པ་པོ་ནི་བསྐྱེད་པའོ། །དབེན་པ་ནི་ཅུང་ཟད་བྱེད་པ་མེད་པའི་ཕྱིར་རོ། །ཇི་ལྟར་ཞེས་པ་ནི་དབེན་པ་ལ་ཐོབ་པར་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་པ་ལ་དགོངས་པའོ། །ཇི་ལྟར་ནི་མིན་པ་ཉིད་དེ། ཤིན་ཏུ་དབེན་པ་ལ་སྒྲུབ་པའི་སྦྱོར་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་པ་ནི་འབྲས་བུ་ནི་རྒྱུ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །ཡོད་པ་ཤེས་པ་ནི་དེའི་རྣམ་པར་རྟོག་པར་འགྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །དེ་ལྟར་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུ་བའོ། །མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མེད་ཅེས་པ་ནི་མངོན་པར་བྱང་ཆུབ་པ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །མངོན་པར་རྫོགས་པར་སངས་རྒྱས་ཞེས་པ་ནི་དངོས་པོར་སྒྲོ་བཏགས་པ་རྣམ་པ་གསུམ་འདི་ལ་མེད་ལ། དེའི་སྟོང་པ་ཉིད་ཀྱི་ཡང་དག་པའི་ཀུན་རྫོབ་ཚུལ་གྱིས་ཡོད་ཅེས་པ་ལ་དགོངས་པའོ། །འདི་དག་ནི་ཀུན་རྫོབ་ལ་སྟོང་པ་ཉིད་ནི་དོན་དམ་པའོ། །ཟབ་མོ་ལ་ཞེས་པ་ནི་གང་འདིའི་དོན་གཞན་གྱིས་དཔྱོད་པར་མི་ནུས་པས་སོ། །དཀའ་བ་བྱེད་པ་ནི་གང་ཞིག་མངོན་སུམ་དུ་བྱེད་པར་ཞུགས་ཀྱང་སེམས་ཅན་ལ་ལྟོས་ནས་མངོན་སུམ་དུ་མི་བྱེད་པས་སོ། །གསུངས་པའི་དོན་ཞེས་བྱ་བ་ནི་དགོངས་པ་ཅན་ནོ། །དཀའ་བ་ནི་གཞན་རྣམས་ལ་ཡིན་གྱི་བྱང་ཆུབ་སེམས་དཔའ་ནི་བླ་བ་སྟེ། ཐབས་ལ་མཁས་པའི་ཕྱིར་དེའི་ཡང་ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ་འདི་དེ་ཉིད་གསུངས་པ་ནི་དེ་ལྟར་ན་ཞེས་པ་ལ་སོགས་པ་སྟེ། གང་ཞིག་ནི་བྱང་ཆུབ་སེམས་དཔའ་ལ། གང་ནི་ཟབ་མོའི་དོན་ཏོ། །གང་འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲགས་པས་སོ། །མི་ཞུམ་པ་ནི་གཞོལ་བར་མི་འགྱུར་བའོ། །འདིའི་ཆེད་དུ་བྱ་བ་དྲུག་སྟེ། མི་འགོང་


DTG090_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་འདི་ལ་མོས་པ་འབྲིང་དུ་མི་འགྱུར་བའོ། །ཀུན་ཏུ་མི་ཞུམ་པ་ནི་འདི་ལ་མོས་པ་ཆུང་ངུར་མི་འགྱུར་བའོ། །ཡིད་ཕྱིར་ཕྱོགས་པར་མི་འགྱུར་བ་ནི་མོས་པ་མེད་པར་མི་འགྱུར་བའོ། །མི་དངང་བ་ནི་འདི་རྣམས་གཏོང་བར་འདོད་པ་མ་ཡིན་པའོ། །ཀུན་ཏུ་མི་སྐྲག་པ་ནི་གཏོང་བར་མི་བྱེད་པའོ། །ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་བ་ནི་རྒྱུན་དུ་གཏོང་པ་མ་ཡིན་པའོ། །དེ་ཉིད་ལ་གང་འདིར་མངོན་དུ་གྱུར་བ་ཤིན་ཏུ་དགའ་བར་འགྱུར་བས། དེས་འདི་ལ་སྤྱོད་པར་འགྱུར་ཞེས་པ་རྟོགས་ཏེ། འདིར་ངོ་བོ་ཉིད་ལ་སོགས་པའི་དོན་དགུ་རྣམས་ནི་འཇུག་པའི་ཕྱོགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླང་བར་བྱ་བའི་ཕྱིར་ལ། རྣམ་པར་རྟོག་པའི་ཚོགས་དེ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཤེས་པའོ། །དེ་ལ་རང་བཞིན་ནི་རང་གིས་བསམ་པ་སྟེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གཤེགས་པར་འགྱུར་པ་ནི་དེའི་ལམ་གྱིས་ཞེས་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱིས་ཞེས་པའི་དོན་ཏོ། །དེའི་རྣམ་པར་རྟོག་པ་ནི་བདག་གིས་དང་བྱང་ཆུབ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པས་གང་ཞིག་སྟོང་པ་ཉིད་ཤེས་པ་དང༌། མཉམ་པར་མ་བཞག་པའི་དེའི་ཤེས་པའོ། །མཉམ་པར་བཞག་པའི་ཤེས་པས་ནི་གསུམ་དུ་རློམ་པ་སྟེ། བདག་གིས་སྤྱོད་པས་བདག་བྱང་ཆུབ་ཆེན་པོ་ལ་ཉེ་བའམ། བདག་གིས་དམན་པའི་བྱང་ཆུབ་དག་ནི་བསྲིངས་སོ་ཞེས་པ་དག་ནི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ལ་འདིའི་གཉེན་པོ་ནི་བཅོམ་ལྡན་འདས་ཇི་ལྟར་ན་སེམས་སྒྱུ་མ་ལྟ་བུས་ཞེས་པ་ནས་བརྩམས་ཏེ། འདི་ལྟ་སྟེ་དཔེར་ན་ཞེས་པའི་བར་གྱིས་སྔོན་གྱི་རྣམས་སོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཉེ་ཞེས་པ་དང་རིང་ཞེས་པ་དང་གང་དུ་བདག་སངས་རྒྱས་ཀྱི་རིགས་ཞེས་པ་ནི་རྣམ་པར་རྟོག་པའི་ཀུན་ཏུ་རྨོངས་པ་སྟེ། འདིའི་གཉེན་པོ་ནི་ནམ་མཁའ་དང་མཉམ་པའི་ཕྱིར་དེའི་རིགས་ཀྱང་དོན་བཞིན་དུ་རྣམ་པར་རྟོག་པ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་པའོ་ཞེས་པ་ནི་རིགས་ཀྱི་རྣམ་པར་རྟོག་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། བདག་ལ་ལམ་ཞེས་པ་ནི་ལམ་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པའོ། །ཀུན་ཏུ་རྨོངས་པ་ལ་འདིའི་གཉེན་པོ་ནི་འདུས་པ་སྒྱུ་མའི་སྐྱེས་བུ་ལྟ་བུའི་ཕྱིར་ཏེ། དེ་བཞིན་དུ་རྣམ་པར་རྟོག་པ་མེད་པའི་ཤེས་རབ་


DTG090_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། སྣང་བརྙན་ནི་གཟུགས་བརྙན་གྱིས་ཏེ། རྩོམ་པའི་གཟུགས་བརྙན་གྱི་ཁྱད་པར་གྱི་སྣང་བརྙན་ཤེས་པ་དེའི་ཡུལ་དུ་སྐྱེ་བར་འགྱུར་ཏེ། དེའི་རྩོམ་པ་ནི་གཟུགས་བརྙན་གྱི་བདག་ཉིད་མ་ཤེས་པ་གང་ཞིག་ལ་ནི་དམིགས་སུ་མེད་པ་ཉིད་པས་དེ་འདིར་ཤེས་པས་དམིགས་པ་ནི་འཁྲུལ་པ་སྟེ། དེ་ལ་ནི་མ་སྐྱེས་པ་ལ་དེ་ནི་ཉེ་བ་དང་རིང་བའོ་ཞེས་པ་ནི་ཉེ་བ་དང་རིང་བས་ཡང་དག་པར་འགྲུབ་པར་ཡོད་པ་ཀུན་ཏུ་རྨོངས་པ་སྟེ་དེའི་གཉེན་པོ་ནི་གཟུགས་བརྙན་ལྟར་རྣམ་པར་རྟོག་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། གཉེན་པོ་ནི་འཇོམས་པ་པོ་ལ་མི་མཐུན་པའི་ཕྱོགས་ནི་འཇོམས་པར་བྱ་བའོ་ཞེས་པ་ནི་མི་མཐུན་པའི་ཕྱོགས་ཀྱིས་རྣམ་པར་རྟོག་པའི་རྨོངས་པ་སྟེ། འདིའི་གཉེན་པོ་ནི་ཇི་ལྟར་དེ་བཞིན་གཤེགས་པ་ལ་སྡུག་པ་དང་མི་སྡུག་པ་དག་མེད་པ་དེ་བཞིན་དུ་རྣམ་པར་རྟོག་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་ངོ་བོ་ཞེས་པའོ། །ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཡང་དག་པ་མ་ཡིན་པ་ལ་བརྟགས་པས་རྟོགས་པ་ལ། དེའི་རྣམ་པར་རིག་གནས་བརྟགས་པས་རྣམ་པར་རྟོག་པ་སྟེ། དེ་དག་རབ་ཏུ་སྤངས་པའི་དེ་བཞིན་གཤེགས་པ་དེ་བཞིན་དུ་རྣམ་པར་རྟོག་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་དེ་ལ་རྣམ་པར་རྟོག་པས་རིག་ཅིང་རྣམ་པར་བརྟགས་པ་ནི་རང་གིས་རྟོགས་པའི་རྣམ་པར་རྟོག་པའི་རང་གིས་རྟོགས་པ་ལ་རྨོངས་པ་སྟེ། དེའི་གཉེན་པོ་ནི་རྟོགས་པ་དང་རྣམ་པར་རྟོག་པ་རབ་ཏུ་སྤངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཞེས་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། དེས་ཉེ་བ་དང་རིང་བར་འགྱུར་ཞེས་པ་ནི་བྱེད་པ་པོའི་རྣམ་པར་རྟོག་པའི་བྱེད་པ་པོ་ལ་རྨོངས་པ་སྟེ། དེའི་གཉེན་པོ་ནི་བྱེད་པ་པོ་དེ་བཞིན་གཤེགས་པའི་སྤྲུལ་པ་ལྟ་བུའི་ཕྱིར་ལ། དེ་ལྟར་བྱེད་པ་པོའི་རྣམ་པར་རྟོག་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། སྤྲུལ་པས་བྱ་བ་བྱེད་ཅིང་བྱ་བར་རྣམ་པར་རྟོག་པར་མི་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པ་ལ་རྣམ་པར་


DTG090_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པར་ནི་མི་བྱེད་དོ་ཞེས་པ་ནི་གཉེན་པོ་ལ་རྣམ་པར་རྟོག་པ་ནི་དེའི་བྱ་བའི་རྣམ་པར་རྟོག་པའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། ཤིང་གི་སྐྱེས་བུས་བྱ་བ་བྱེད་ཅིང་རྣམ་པར་རྟོག་པར་མི་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་བསྒོམས་ནས་ཐོབ་པར་འགྱུར་ལ། དེ་ལ་རྣམ་པར་རྟོག་པར་མི་བྱེད་པ་ནི་གཉེན་པོ་ལ་བྱང་ཆུབ་ཏུ་རྣམ་པར་རྟོག་པ་ནི་བྱ་བའི་འབྲས་བུའི་རྣམ་པར་རྟོག་པའོ། །སྒྱུ་མ་ལྟ་བུའི་སེམས་ཉེ་བར་མཚོན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོག་པ་མིན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང༌། །ལམ་གྱི་རྣམ་པ་མ་ཚང་དང༌། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །ཆེད་དུ་བྱ་བ་ལོག་པ་དང༌། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང༌། །རྗེས་ལ་འགྲོ་ཞེས་བྱ་བ་ཡི། །རྣམ་རྟོག་དགུ་ཡི་བདག་ཉིད་ནི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །ཉན་ཐོས་ལ་སོགས་ཡིད་ལས་བྱུང༌། །ཞེས་ཏེ་རྟོགས་པ་དམན་པ་ལ་སོགས་པའི་སྐྱོན་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་སྤང་བར་བྱ་བའི་དངོས་པོ་བས་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་དེ་ཉན་ཐོས་ལ་སོགས་པ་རྣམས་ཀྱི་ཡིད་ལས་བྱུང་བས་དེ་རྣམས་སྤང་བར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། འདིར་ནི་གཉེན་པོའི་ཕྱོགས་རྣམས་བརྗོད་པར་འགྱུར་ལ། དེ་ལས་བཟློག་པས་ནི་རྣམ་པར་རྟོག་པ་ཡང་རྟོག་པར་འགྱུར་རོ། །ཁྱད་པར་ཅན་གྱི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སྙིང་པོའོ། །དེའི་རྒྱུ་མཚན་དང་ལྡན་པས་གཟེངས་བསྟོད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་འདི་གཉི་ག་ལ་བདག་མེད་པའི་ཤེས་པས་དེ་རྣམས་ལ་སྤྱོད་པས་འཁོར་བ་ལ་ཡིད་བྱུང་བའི་མྱ་ངན་ལས་འདས་པར་དོན་དུ་གཉི་ག་མི་དམིགས་པའི་ཕྱིར་རོ། །དེ་ལ་འདིར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འགྱུར་ཞེས་པ་ནི་གཉེན་པོ་སྟེ། གཞན་དུ་ན་ཕ་རོལ་ཏུ་ཕྱིན་པ་ལྔས་ནི་འཁོར་བར་ལྟུང་བའམ། གང་ཟག་ལ་བདག་མེད་པར་ཤེས་པས་མྱ་ངན་ལས་འདས་པའོ། །དེའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན། བྱང་ཆུབ་སེམས་དཔར་བསྒྲགས་པ་ནི་མི་འཐོབ་བོ་ཞེས་པ་ནི་རྟོགས་པ་


DTG090_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པ་ཉིད་ཀྱི་རྣམ་པར་རྟོག་པའོ། །སྐྱབས་ནི་སྙིང་པོ་སྟེ་ལས་དང་ཆོས་དང་བགྲོད་བྱ་རྣམས་ལ་ཤིན་ཏུ་དགའ་བས་སོ་ཞེས་པ་ནི་དོན་ཏོ། །བཟློག་པས་ནི་སྙིང་པོ་མ་ཡིན་པ་མི་དགའ་བ་ཉིད་དོ། །འདིར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ལ་དགའ་བ་ཉིད་ཀྱི་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པས་ཡོངས་སུ་འཛིན་པར་ནུས་ཏེ། དཔེར་ན་ཤིན་ཏུ་སྤྱང་པོས་ལམ་དུ་ལག་པར་མཚོན་ཆ་དང་བཅས་པ་བཞིན་ནོ་ཞེས་པ་ནི་གཉེན་པོ་ལ། གཞན་དུ་ན་ཤིན་ཏུ་དགའ་བར་མི་འགྱུར་རོ་ཞེས་པ་ནི་ཡོངས་སུ་འཛིན་པ་མེད་པའི་རྣམ་པར་རྟོག་པའོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། ཕྱག་བྱ་བ་ནི་གང་ལ་ནི་སྒྲུབ་པ་མཐའ་དག་སྟེ་གཞན་ལ་རག་མ་ལས་པའི་ཕྱིར་དང༌། ཆེད་དུ་བྱ་བ་ལ་མི་ལྡོག་པས་མངོན་པར་སྒྲུབ་པ་ཉིད་ནི་སྒྲུབ་པ་སྟེ་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་སོ། །དེ་དག་ཅེས་པ་ནི་གཉིས་ཆར་གྱིས་བདག་མེད་པར་རིག་པ་ལའོ། །དེའི་ཕྱིར་ན་ཟབ་མོ་ཞེས་པ་དེ་ནི་གཉེན་པོ་ལ་དེ་ལ་འཇུག་པ་ཉིད་ཀྱི་ལམ་དང་བྲལ་བར་བྱེད་པར་འགྱུར་ན། དེའི་དེ་ལ་བདུད་ལ་སོགས་པ་རྣམས་ཀྱིས་ཤིན་ཏུ་འགྱེད་པར་མི་འགྱུར་ཏེ། གོ་ཆ་མ་བྱས་པའི་འཐབ་མོ་པ་ལ་ཕ་རོལ་འཐབ་མོ་རྣམས་ཀྱིས་བཞིན་ནོ་ཞེས་པ་ནི་ལམ་གྱི་རྣམ་པར་མ་ཚང་བའི་རྣམ་པར་རྟོག་པའོ། །དེ་ལྟར་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གཙོ་བོ་སྟེ། དེ་ཡང་གཙོ་བོ་དེས་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཏུ་མི་དམིགས་པའི་ཕྱིར་རོ། །ཇི་ལྟར་དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་འཁོར་བར་མི་ལྟུང་ལ། དེ་ལྟར་གང་ཟག་གི་བདག་མེད་པའི་དབང་གིས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་ནས། གལ་ཏེ་གཙོ་བོ་མ་ཡིན་ན་ནི་དམན་པའི་བྱང་ཆུབ་ཏུ་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པར་འགྱུར་བ་ཉིད་དོ་ཞེས་པ་ནི་གཞན་གྱི་རྐྱེན་གྱིས་འགྲོ་བའི་རྣམ་པར་རྟོག་པའོ། །འདིས་ཀྱང་ཞེས་པ་ལ་སོགས་པ་སྟེ་འཆད་པར་འགྱུར་བས་སོ། །ཇི་ལྟར་མངོན་སུམ་དུ་མི་བྱེད་ན། ཆེད་དུ་བྱ་བས་མི་འཇུག་པ་སྟེ། ཆེད་དུ་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ། །ཇི་ལྟར་དེ་ལྔས་མི་ལྡོག་ན་གང་དེ་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་ལས་ལྡོག་པ་མེད་དེ། དེའི་དོན་ཉིད་དུ་དེ་ལ་སྤྱོད་པའི་ཕྱིར་རོ། །ཅིག་


DTG090_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཤོས་དེ་རྣམས་ཀྱང་དེ་ལ་རྗེས་སུ་གནས་པས་དེ་རྣམས་ཀྱང་མི་ལྡོག་སྟེ། འདི་ལྟ་སྟེ། ཆུ་བྲན་ཐམས་ཅད་ནི་ཆུ་ཀླུང་ཆེན་པོར་རྗེས་སུ་ཞུགས་ནས་རྒྱ་མཚོ་ཆེན་པོ་ཉིད་དུ་འགྲོ་ཞིང་ལྡོག་པར་མི་འགྱུར་རོ་ཞེས་པ་ནི་ཆེད་དུ་བྱ་བ་ལོག་པའི་རྣམ་པར་རྟོག་པ་ལ། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། གོ་ཆ་བགོས་པ་ཞེས་པ་འདིས་ནི་བྱ་བར་དཀའ་བ་ཉིད་དུ་སྟོན་པ་སྟེ། མཐའ་ཡས་པ་རྣམས་ཀྱི་དོན་བྱེད་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ན་ཡང་འདི་ཉིད་ཁོ་ན་གོ་ཆར་བྱ་བ་སྟེ། འདི་ལྟ་བུའི་བསམ་པ་རྒྱ་ཆེན་པོ་ལས་གཞན་པས་རང་དང་གཞན་དག་གི་དོན་བྱེད་པར་མི་ནུས་པའི་ཕྱིར་རོ་ཞེས་པ་ནི་གཉེན་པོའོ། །སེམས་ཅན་ཐམས་ཅད་ཀྱི་དོན་གང་གིས་ཀྱང་མི་བྱེད་པས་བདག་ཉིད་ཀྱིས་གདུལ་བར་བྱ་བ་རྣམས་ཀྱི་དོན་དུ་གོ་ཆ་བྱའོ་ཞེས་པ་ནི་ཉི་ཚེ་བའི་རྣམ་པར་རྟོག་པའོ། །སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོག་པའི་གཉེན་པོར་ནི་མཉམ་པ་ཉིད་དེ། དེ་རྣམས་འདོད་པའི་མཆོག་ཏུ་དགའ་བར་བྱེད་པ་སྟེ། དེ་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། གདུལ་བར་བྱ་བ་ཅན་གྱིས་སེམས་ཅན་རྣམས་ལ་འདུལ་བར་རིགས་ལ། དེ་ལྟར་ན་ཡང་གང་གིས་དཀའ་བ་བྱེད་པ་བརྗོད་པ་ནི། དེ་བཞིན་དུ་ཞེས་པ་ལ་སོགས་པ་སྟེ། དེ་ཅིའི་ཕྱིར་ཞེས་པ་ནི་ཇི་ལྟར་ཆོས་མཐུན་པས་སོ། །ནམ་མཁས་ནམ་མཁའ་ལྟ་བུའི་སེམས་ཅན་རྣམས་དང་ཇི་ལྟར་རྩོད་ན། གསུངས་པ་ནི། འདི་ཡང་ཞེས་པ་ལ་སོགས་པ་སྟེ། སེམས་ཅན་གང་གིས་གདུལ་བར་འདོད་པ་དེ་ཡང་སེམས་ཅན་མེད་པའི་ཕྱིར་ཡོངས་སུ་བྲལ་བར་འགྱུར་ཞེས་པའོ། །འཐབ་པ་སྟེ་རྩོད་པའོ། །ཇི་ལྟར་ཡང་གདུལ་བར་བྱ་བ་མེད་པ་དེ་ལྟར་གདུལ་བ་ཡང་དེའི་ཤིན་ཏུ་དཀའ་བར་བྱེད་པ་ཉིད་དེ། དེ་ལྟར་སེམས་ཅན་ཐམས་ཅད་བདག་དང་མཉམ་པ་ཉིད་དུ་བལྟ་བར་བྱའོ། །གང་བདག་དང་གཞན་གྱི་དོན་བྱེད་པར་ནུས་པར་འགྱུར་བ་ནི་ཞུམ་པར་མི་འགྱུར་ཞིང་སྒྱིད་ལུག་པར་མི་འགྱུར་ལ། ཤིན་ཏུ་དགའ་བར་འགྱུར་ནས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི་གང་གིས་གང་དུ་ཡང་མ་ཡིན་ཏེ། ཆོས་ལ་བདག་མེད་པ་མཐོང་བའི་ཕྱིར་རོ། །འདིར་ལན་ནི། སེམས་ཅན་ཞེས་པ་སྟེ། ཆོས་ཐམས་ཅད་ནི་དབེན་པ་དང་མཉམ་པ་ཉིད་ཅེས་པའི་རྒྱ་ཆེན་པོ་ནི་གཉེན་པོའོ། །སེམས་ཅན་སྣ་ཚོགས་དང་ཚོས་སྣ་ཚོགས་པ་དེ་ལ་


DTG090_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་རོ་གཅིག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནི་སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོག་པའོ། །དེ་ལྟར་ལྷའི་བུ་དག་ལ་སོགས་པ་སྟེ། ཞུམ་པར་མི་འགྱུར་བ་ནི་གནས་པ་དང་འཇུག་པ་དག་ལ་མི་རྨོངས་པར་འགྱུར་བ་ལ། གང་གིས་བགྲོད་པར་བྱ་བ་དང་གང་དུ་གནས་པར་བྱ་བ་ཞེས་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཡང་དག་པར་རིག་པར་བྱ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ལ་དེས་ཀུན་ཏུ་མི་རྨོངས་པས་གང་གི་བྱང་ཆུབ་པས་དེས་བགྲོད་པ་བྱེད་ན་བྱང་ཆུབ་ལ་གནས་པར་བྱེད་པ་སྟེ། དེ་ཡང་དེའི་འགྲོ་བ་དང་གནས་པ་ཉིད་ཀྱི་རྒྱུ་དང་འབྲས་བུའི་གནས་སྐབས་ནི་རང་ལ་དབང་ཡོད་པ་ཉིད་ལ། དེས་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ཀྱིས་ཀྱང་དེ་ཉིད་དུ་འགྲོ་བར་འགྱུར་ཞིང་དེ་ཉིད་དུ་གནས་པར་འགྱུར་ཞེས་པས་ནི་གཉེན་པོའོ། །མི་མཁས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་དང་དྲུག་པ་སྤྲོས་པ་མེད་པ་ལ་དེའི་གནས་པ་དང་འཇུག་པ་དག་ཏུ་མ་ངེས་པ་ནི་གནས་པ་དང་འཇུག་པ་ལ་མྲོངས་པའི་རྟོག་པ་ལ། གང་ལ་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྔོན་དུ་སྤྱོད་ཅེས་པ་ནི་གཉེན་པོའོ། །ཡུལ་རྒྱ་ཆེན་པོའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ལ་སྔོན་དུ་འཇུག་པ་ལ་ཡུལ་ཞིབ་མོའི་ཕྱིར་རྗེས་ལ་དྲུག་པའོ་ཞེས་པ་ནི་རྗེས་ལ་འགྲོ་བའི་རྣམ་པར་རྟོག་པའོ། །དེའི་རྗེས་ལ་བསྟན་བཅོས་ལས། འཛིན་དང་སོ་སོར་སྡུད་པ་དང༌། ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་ཆར་ཉེ་བར་འབྲེལ་བ་དང༌། །གནས་དང་མངོན་པར་ཞེན་པ་དང༌། །ཆོས་ཀྱི་དངོས་པོར་བརྟགས་པ་དང༌། །ཆགས་པ་དང་ནི་གཉེན་པོ་དང༌། །ཇི་ལྟར་འདོད་བཞིན་འགྲོ་ཉམས་པ། །འཛིན་པ་པོ་དང་ཤེས་པར་བྱ། །ཞེས་ཏེ་རྫས་སུ་ཡོད་པའི་བདག་ཏུ་འཛིན་པ་པོ་གཞན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་ཀྱང་ཅུང་ཟད་འཛིན་པར་བྱེད་ཅིང་ཅུང་ཟད་མོས་པར་བྱེད་དོ་ཞེས་པ་ནི་འཛིན་པ་དང་སོ་སོར་ཐར་པའི་རྣམ་པར་རྟོག་པ་ལ། དེ་ཡང་འཛིན་པར་མི་བྱེད་པ་དང༌། ཐར་པར་མི་བྱེད་ཅེས་པ་ནི་གཉེན་པོའོ། །འཛིན་པར་འགྱུར་བ་ཉིད་དུ་ཆོས་དེ་རྣམས་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ལ་ཆོས་དེ་རྣམས་དང་བཅས་པ་ཡིད་ལ་མི་བྱེད་ཅེས་པ་ནི་གཉེན་པོའོ། །ཡིད་ལ་བྱེད་པ་ཉིད་ཀྱི་ཆོས་རྣམས་ནི་ཁམས་


DTG090_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་འབྲེལ་པས་སོ་ཞེས་པ་ནི་ཁམས་གསུམ་དང་འབྲེལ་བའི་རྣམ་པར་རྟོག་པ་ལ། འདིར་ཁམས་གསུམ་དང་འབྲེལ་པར་མི་བྱེད་དོ་ཞེས་པ་ནི་གཉེན་པོའོ། །ཁམས་གསུམ་ལ་གནས་པ་ཇི་ལྟར་འབྲེལ་པར་མི་བྱེད་ཅེས་པ་ནི་གནས་ཀྱི་རྣམ་པར་རྟོག་པ་ལ་འདིར་གང་དུ་ཡང་གནས་པ་མེད་དོ་ཞེས་པ་ནི་གཉེན་པོའོ། །བདེན་པར་མངོན་པར་ཞེན་པ་ལ་ཇི་ལྟར་གནས་པ་མ་ཡིན་ཞེས་པ་ནི་མངོན་པར་ཞེན་པའོ། །རྣམ་པར་རྟོག་པ་ལ་འདི་ལ་ཅུང་ཟད་ཀྱང་མངོན་པར་ཞེན་པར་མི་བྱེད་དོ་ཞེས་པ་ནི་གཉེན་པོའོ། །བྱང་ཆུབ་སེམས་དཔའ་བརྟགས་པའི་དངོས་པོ་རྣམས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བྱེད་པ་ཡོད་དོ་ཞེས་པ་ནི་བརྟགས་པའི་དངོས་པོའི་རྣམ་པར་རྟོག་པ་ལ་དེ་ཡང་འདིར་ཡོད་པ་མ་ཡིན་ནོ་ཞེས་པ་ནི་གཉེན་པོའོ། །ཆགས་པ་ཉིད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཏེ། གཞན་དུ་ན་ཕྱིར་ཕྱོགས་སོ་ཞེས་པ་ནི་ཆགས་པའི་རྣམ་པར་རྟོག་པ་ལ། །ཆོས་ཐམས་ཅད་ནི་ཆགས་པ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་སྟེ། ཆགས་པ་མེད་པ་ལ་ནི་ཅུང་ཟད་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་མེད་དེ། དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་པ་ནི་གཉེན་པོའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་པ་ལ་སོགས་པ་ནི་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་ལ་དེ་ཡང་བྱང་ཆུབ་སེམས་དཔའ་ལ་ཡོད་པ་མ་ཡིན་ནོ་ཞེས་པ་ནི་གཉེན་པོའོ། །ཆོས་རྣམས་ཐམས་ཅད་རྣམ་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་དམིགས་སུ་མེད་པར་ཇི་ལྟར་འདོད་པར་འགྲོ་བ་དེ་ལས་ཉམས་པ་དེ་ནི་བྱང་ཆུབ་སེམས་དཔའ་ལ་ཡོད་དོ་ཞེས་པ་ནི་ཇི་ལྟར་འདོད་པར་འགྲོ་བ་ལས་རྣམ་པར་ཉམས་པའི་རྟོགས་པ་ལ་དེ་ཡང་དེ་ལ་མེད་དོ་ཞེས་པ་ནི་གཉེན་པོའོ། །དབྱེ་བ་དགུ་པོ་འདི་རྣམས་ནི་ཡུམ་ཆེན་མོར་གསུངས་ལ་འདིར་ནི་ཐུན་མོང་དུ་རྫས་སུ་ཡོད་པའི་འཛིན་པ་པོའི་རྣམ་པར་རྟོག་པ་སྟེ། དེའི་གཉེན་པོ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། མཁྱེན་བཞིན་ཞེས་པ་ནི་བཅོམ་ལྡན་འདས་ལ་མི་མཁྱེན་པའི་ཆོས་ཅུང་ཟད་མེད་པས་སོ། །བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་དུ་རབ་ཏུ་གྲགས་པའི་རྫས་སུ་ཡོད་པའི་གང་ཟག་གི་རྫས་སུ་ཡོད་པ་འཛིན་པའི་རྣམ་པར་རྟོག་པ་


DTG090_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དེའི་གཉེན་པོ་ནི་དམིགས་སུ་མེད་པ་སྟེ། དེ་གསུངས་པ་ནི་དབེན་པའི་ཕྱིར་རོ་ཞེས་པ་སྟེ། མེད་པའི་ཕྱིར་ལ། དེ་ནི་རང་ཡང་མེད་ན་གང་དུ་ཞུམ་པར་འགྱུར་ཞེས་པ་སྟེ། དེ་ལྟར་བསྟན་བཅོས་ལས། ཆེད་བཞིན་ངེས་པར་མི་འབྱུང་དང༌། །ལམ་དང་ལམ་མིན་ངེས་འཛིན་དང༌། །འགོག་དང་བཅས་པའི་སྐྱེ་བ་དང༌། །དངོས་པོ་ལྡན་དང་མི་ལྡན་དང༌། །གནས་དང་རིགས་ནི་འཇིག་པ་དང༌། །དོན་དུ་གཉེར་དང་རྒྱུ་མེད་དག །ཕྱིར་རྒོལ་བ་ནི་དམིགས་པ་དང༌། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་ཏེ་སོ་སོའི་སྐྱེ་བོ་དང་པོ་པ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་འཕགས་པ་རྣམས་ལ་རྣམ་པར་རྟོག་པ་འདི་དགུ་སྟེ། དེ་རྣམས་ཀྱིས་རབ་ཏུ་སྤང་བར་བྱ་བ་མ་ཡིན་པའི་ཕྱིར་ལ། དེ་རྣམས་ཀྱིས་གཉེན་པོ་དྲུག་པ་ནི་མདོ་ཇི་ལྟ་བ་བཞིན་དུ་སྟེ། དཔེར་ན་ཤིང་ལྟ་རྣམས་ཀྱིས་ཡང་དག་པའི་ལམ་དུ་ཁྱེར་ནས་ཇི་ལྟར་ནས་ཇི་ལྟར་ཆེད་དུ་བྱ་བ་ཁྱེར་བ་དེ་བཞིན་དུ་དྲུག་པས་ལྔ་རྣམས་སོ་ཞེས་པ་ནི་གཉེན་པོ་ལ་དྲུག་པ་མེད་ན་ཇི་ལྟར་ཆེད་དུ་བྱ་བ་ཁྱེར་བ་པོ་མེད་པས་སོ་ཞེས་པ་ནི་ངེས་པར་འབྱུང་བའི་རྣམ་པར་རྟོག་པའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ། དམན་པའི་བྱང་ཆུབ་ཀྱི་ལམ་ནི་དེ་རྣམས་ཀྱི་ལམ་མ་ཡིན་ཏེ། དེ་དག་མིན་པར་ངེས་པར་འཛིན་པ་ནི་དྲུག་པོ་ཞེས་པ་དེ་ཉིད་ནི་གཉེན་པོ་ལ། དེ་མེད་པ་ལ་ལམ་དང་ལམ་མ་ཡིན་པར་ངེས་པར་འཛིན་པ་མེད་པ་ནི་རྣམ་པར་རྟོག་པའོ། །ཆོས་ཉིད་ཚད་མར་བྱས་ན་འདི་རྣམས་གང་ལ་ཡང་སྐྱེ་བ་དང་འགག་པ་མ་ཡིན་ནོ་ཞེས་པ་ནི་གཉེན་པོ་ལ་སྐྱེ་བ་པོ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་འགག་པ་པོ་ནི་དེའི་སྒྲིབ་པ་རྣམས་སོ་ཞེས་པ་ནི་སྐྱེ་བ་དང་འགག་པའི་རྣམ་པར་རྟོག་པའོ། །ཆོས་རྣམས་ཐམས་ཅད་ལྡན་པ་ཡང་མ་ཡིན་ལ་བྲལ་བ་ཡང་མ་ཡིན་ནོ་ཞེས་པ་ནི་གཉེན་པོ་ལ་ལྡན་པ་དང་མི་ལྡན་པ་ཞེས་པའི་ལྡན་པ་དང་མི་ལྡན་པའི་རྣམ་པར་རྟོག་པའོ། །གཟུགས་ལ་སོགས་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་མི་བྱ་ཞེས་པ་ལ་རྣལ་འབྱོར་དུ་བྱེད་པས་ཆོས་རྣམས་གང་ལ་ཡང་མི་གནས་པའི་ཕྱིར་རོ་ཞེས་པ་ནི་གཉེན་པོའོ་ལ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་བྱའོ་སྙམ་པ་ནི་གནས་ཀྱི་རྣམ་པར་རྟོག་


DTG090_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བྱང་ཆུབ་ཆེན་པོ་འདོད་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསླབ་པར་བྱའོ་ཞེས་པ་ནི་གཉེན་པོ་ལ། དེ་ལ་བསླབས་པས་ཀྱང་དེར་མི་འགྱུར་ཞེས་པའི་དོན་དུ་གཉེར་བ་མེད་པ་ནི་རྣམ་པར་རྟོག་པའོ། །དྲུག་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་སྟེ་རྒྱ་མཚོ་ལ་རིན་པོ་ཆེ་ཐམས་ཅད་བཞིན་ལ། དེ་ཡོངས་སུ་བསྒོམས་པས་དཀར་པོའི་ཆོས་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་འབྱུང་བར་འགྱུར་རོ་ཞེས་པ་ནི་གཉེན་པོ་ལ། དྲུག་པ་མེད་ན་རྒྱུར་མི་འགྱུར་རོ་ཞེས་པའི་རྒྱུ་མེད་པ་ནི་རྣམ་པར་རྟོག་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར་བ་ནི་གཟུགས་ལ་སོགས་པ་རྣམ་པ་མེད་ལ། འོན་ཀྱང་གང་དུ་གཟུགས་ལ་སོགས་པ་མེད་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དེ་ལྟར་དགོངས་པར་འགྱུར་རོ་ཞེས་པ་ནི་གཉེན་པོ་ལ། དྲུག་པ་མེད་ན་རྒྱུར་མི་འགྱུར། །གཟུགས་ལ་སོགས་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དགོངས་པར་འགྱུར་ཞེས་པའི་ཕྱིར་རྒོལ་བ་ནི་དམིགས་པ་ནི་རྣམ་པར་རྟོག་པ་སྟེ། དབྱེ་བ་འདི་རྣམས་ནི་ཡུམ་ཆེན་མོར་གསུངས་པ་འདིར་ནི་སྤྱིའི་བརྟགས་པར་ཡང་དག་པར་འཛིན་པ་ཅན་གྱི་རྣམ་པར་རྟོག་པ་དེའི་གཉེན་པོར་གསུངས་པ་ནི། ཡང་མི་བགྱིད་ཅེས་པ་ལ་སོགས་པ་སྟེ། ཆོས་གང་ལ་ཡང་ཞེས་པ་ནི་བདག་དང་བརྟགས་པའི་ཡང་ལ་ཡུལ་གྱི་ཕུང་པོ་ལ་སོགས་པའོ། །ཞུམ་པར་འགྱུར་བ་མ་མཆིས་ཞེས་པ་ནི་དེ་རྣམས་རང་ཉིད་ཀྱིས་མེད་པའི་ཕྱིར་རོ། །གང་གིས་ནི་སེམས་ཀྱིས་ལ། གང་ནི་བྱང་ཆུབ་སེམས་དཔའོ། །འདི་ཉིད་ནི་གཉེན་པོ་གསུངས་པའོ། །མ་མཆིས་ཞེས་པ་ནི་རྗེས་སུ་ཡོད་པའི་སེམས་ཅན་གྱི་ངར་འཛིན་པའི་ཡུལ་ཕུང་པོ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའོ་ཞེས་པ་ནི་བརྟགས་པར་ཡོད་པའི་འཛིན་པའི་རྣམ་པར་རྟོག་པ་བཞིའོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཇི་ལྟར་ཤེས་པར་བྱ་བ་དེ་གསུངས་པ་ནི། འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། བརྗོད་པ་ནི་གཞུང་ངོ༌། །བཤད་པ་ནི་དོན་ཏོ། །བསྟན་པ་ནི་ཁྱད་པར་མ་ཡིན་པར་བརྗོད་པའོ། །ཉེ་བར་བསྟན་པ་ནི་སྙིང་པོར་གསུངས་པའོ། །ཞུམ་པར་མི་འགྱུར་བ་ནི་དམན་པར་མི་འགྱུར་བའོ། །བག་མི་ཆེ་བ་ནི་དུབ་པས་སོ། །བག་ཚ་བ་དང་མི་ལྡན་པས་ནི་རྒྱུད་ལ་དུབ་པས་སོ། །ཀུན་ཏུ་མི་


DTG090_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཞུམ་པ་ནི་སེམས་སྨད་ནས་སོ། །ཡང་དག་པར་མི་ཞུམ་པ་ནི་རྒྱུད་དེ་དམན་པས་ཕྱིར་ཕྱོགས་པར་མི་བྱེད་པ་ནི་ཁ་ཕྱིར་བལྟས་པར་རོ། །བཅོམ་ཞིང་ཕྱིར་ཕྱོགས་པར་མི་བྱེད་པ་ནི་ཡང་ཕྱིར་ཕྱོགས་པར་མི་བྱེད་པའོ། །མི་དངང་བ་ནི་སྐྲག་པ་ལ་ཉེ་བར་ཕྱོགས་པའི་ཕྱིར་རོ། །ཀུན་ཏུ་མི་སྐྲག་པ་ནི་ཡང་དག་པར་མི་སྐྲག་པས་སོ། །ཀུན་ཏུ་སྐྲག་པ་དང་མི་ལྡན་པ་ནི་དེ་དེ་ཉིད་ཀྱིས་སོ། །གལ་ཏེ་ཞེས་པ་ལ་སོགས་པ་ནི་ཤིན་ཏུ་ཡང་ཕན་ཡོན་ཆེན་པོར་གསུངས་པ་སྟེ། རྗེས་སུ་འཛིན་ཞེས་པ་ནི་ཁྱད་པར་སྐྱེད་པའོ། །དགོངས་པ་ནི་དྲན་པས་སོ། །མིང་ནི་འདུ་ཤེས་པའོ། །རུས་ནི་དྲང་སྲོང་ལ་སོགས་པའོ། །སྟོབས་ནི་ལུས་ཀྱི་སྟོབས་དང་རྫུ་འཁྲུལ་གྱི་སྟོབས་སོ། །བསྔགས་པ་ནི་ཡོངས་སུ་ཁྱད་པར་དུ་འཕགས་པའི་ཡོན་ཏན་ནོ། །གཟུགས་ནི་ཁ་དོག་དང་དབྱིབས་སོ། །ཆེད་དུ་བརྗོད་པ་ནི་ཡོན་ཏན་ལ་དགའ་བ་འབྱུང་བས་སོ། །ཆེད་དུ་བརྗོད་པ་ནི་ཆེད་དུ་བརྗོད་པའོ། །ཆགས་པ་ཐམས་ཅད་ཅེས་པ་ནི་ཐམས་ཅད་ལ་ཡང་དག་པ་མ་ཡིན་པའི་ཉེ་བར་དམིགས་པ་རྣམས་སོ། །རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཁྱད་པར་མེད་པའི་གནས་སྐབས་འདོད་ནས། རབ་འབྱོར་གྱིས་གསོལ་པ་ནི་གང་དུ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་ཉིད་ནི་རྣམ་པར་གྲོལ་བའོ་ཞེས་པ་ནི་དེ་བཞིན་ཉིད་ནི་སྟོང་པ་ཉིད་པས་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་གང་དང་ཡང་བྲལ་བ་དེ་ཉེ་བར་དམིགས་པར་མི་འགྱུར་ལ། འོན་གྱི་རིགས་པ་ནི་དེའི་བདག་ཉིད་ཀྱིས་ཏེ། ཆོས་ཐམས་ཅད་སྒྱུ་མའི་གླང་པོ་ལ་སོགས་པ་རྣམས་བཞིན་ཀུན་རྫོབ་ཀྱི་ངོ་བོ་ཉིད་མེད་པ་ཉིད་དང་རོ་གཅིག་པའི་ཕྱིར་ལ། ཀུན་ཏུ་སྒྲོ་བཏགས་པའི་ཆོས་ནི་རྣམ་པ་ཐམས་ཅད་དུ་ཡང་དམིགས་པར་མི་འགྱུར་བའོ། །དེ་ལ་གང་གིས་འདི་ཤེས་པ་ལ་སོགས་པ་ནི་དེ་བཞིན་ཉིད་ནི་རེ་ཞིག་དམིགས་སུ་མེད་དོ་ཞེས་པ་སྟེ། དེ་ལ་ངོ་བོ་ཉིད་ཅུང་ཟད་གཟུང་དུ་མེད་པའི་ཕྱིར་རོ། །གང་ཞིག་ཅེས་པ་ནི་བྱང་ཆུབ་སེམས་དཔའ་ལ། མེད་པ་ནི་རྣམ་པར་འཇོམས་པའོ། །བརྩམས་པ་ནི་དབང་དུ་བྱས་པའོ། །ཆོས་གསུངས་པ་ནི་རིགས་པར་སྨྲ་བའོ། །ཆོས་ཀྱི་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའིའོ། །ཆོས་ཀྱི་རྗེས་སུ་ནི་རྗེས་སུ་མཐུན་པའི་ལམ་མོ། །ཆོས་ཐམས་


DTG090_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དབེན་པ་ནི་དབེན་པ་སྟེ་སྟོང་པ་ཉིད་ལ་དེ་གནས་པ་ནི་ཏིང་ངེ་འཛིན་ཏོ། །ཆོས་ཐམས་ཅད་ནི་དམིགས་པ་མེད་པ་སྟེ་དེ་ལ་གནས་པའི་སྙིང་པོ་ལ་སོགས་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།མཐོང་བའི་ལམ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ངེས་པར་བྱང་ཆུབ་པར་ཐོབ་པ་པོར་རིགས་པས་དེས་དེ་ལ་དེ་ལྟར་གྱུར་པའི་རྒྱུ་གསུམ་གྱིས་དབང་དུ་བྱས་ནས་བསྟན་བཅོས་ལས། བྱང་ཆུབ་གཞན་ལ་ཀུན་སྟོན་དང༌། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་ཏེ་དེས་བྱང་ཆུབ་ནི་ཇི་སྐད་བཤད་པ་ན་གནས་པས་ཐོབ་པ་སྟེ། དེའི་རྗེས་ལ་མེད་ན་མི་འབྱུང་བའི་ཤེས་པར་བྱེད་པའི་གཏན་ཚིགས་རྣམ་པ་གསུམ་སྟེ། གཞན་ལ་ཡང་དག་པར་སྟོན་པ་དང༌། བྱང་ཆུབ་ཏུ་ལུང་བསྟན་པ་དང༌། འབྱུང་བ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུར་ཡོངས་སུ་གཏད་པས་བསོད་ནམས་མང་པོའི་ཞེས་པ་སྟེ། འདིར་མོད་ལས་དེ་ནས་ཞེས་པ་ལ་སོགས་པ་སྟེ། མེ་ཏོག་བཀྲམ་པ་ཞེས་བྱ་བར་ལུང་བསྟན་པས་གཞན་དུ་འདིར་ཁྱད་པར་དུ་འཕགས་པའི་འཇིག་རྟེན་གྱི་ཁམས་ཞེས་པ་མཚོན་ཏེ། འཇིག་རྟེན་གྱི་ཁམས་རྒྱས་པར་བཤད་ནས། ཚེ་དང་དམ་པའི་ཆོས་དག་ནི་ངེས་པའི་ཕྱིར་རོ། །གནས་པར་བྱེད་པ་ཞེས་པ་ནི་རང་བཞིན་དེས་གནས་པས་བྱང་ཆུབ་ཐོབ་པ་ནི་རྒྱུ་དང་པོའོ། །གང་ལ་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ཀྱི་ཡོན་ཏན་གསུམ་པོའོ། །གང་ཡང་འདི་རྣམས་ལ་ཞེས་པ་ལ་སོགས་པས་ནི། གང་འདི་ཐོས་པ་ཉིད་ན་སོ་སོར་སྤོང་བར་མི་བྱེད་པ་དེ་རྣམས་ཀྱི་ཡོན་ཏན་གསུངས་པ་ནི། སྨོད་པར་མི་བྱེད་པ་ནི་ཡིད་ཀྱིས་སྨོད་པར་རོ། །འགལ་བར་མི་བྱེད་པ་ནི་ཡིད་ཀྱིས་གཏོང་བར་རོ། །འཁྲུག་པར་ནི་དེ་ཉིད་ལ་འཁྲུགས་པར་རོ། །འཇིགས་པར་མི་བྱེད་པ་ནི་ལྦས་ནས་གཞག་པའོ། །སྤོང་བར་མི་བྱེད་པ་ནི་སྙིང་པོ་མེད་པ་ཉིད་དུ་བསྒྲགས་པས་སོ། །འགོག་པར་མི་བྱེད་པ་ནི་ཡང་དག་པ་མ་ཡིན་པའི་གནོད་པའི་ཚིག་བརྗོད་པས་སོ། དེ་ལ་དམིགས་པ་ནི་བདུན་པའོ། །ཡོངས་སུ་གཏད་པ་ནི་གཉེར་གཏད་པའོ། །རྗེས་སུ་གཏད་པ་ནི་དེ་ཉིད་རྗེས་སུ་འབྲང་བ་ཅན་གྱིས་ཏེ། རྗེས་སུ་ཡོངས་སུ་བཏང་པའོ། །ཡི་གེ་ཀུན་ཏུ་འདུས་པ་ནི་ཡི་གེའི་ཚོགས་སོ། །གལ་ཏེ་ཞེས་པ་ལ་སོགས་པ་ནི་གླིང་བསླང་བའོ། །དེ་བས་ན་ཞེས་པ་ལ་སོགས་པས་ནི་གཏད་


DTG090_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་པའོ། །ཆུད་གཟན་པར་བྱས་པ་ནི་སྟོར་བར་བྱས་པའོ། །མྱུར་དུ་དྲན་པ་མེད་པ་ནི་བཏང་བའོ། །དྲན་པར་མ་ནུས་པ་ནི་ཕྱིར་བརྗེད་པའོ། །ཉེས་པ་ནི་ཉེས་པར་བྱེད་པར་རོ། །བསྙེན་བཀུར་བྱས་པ་དང་ཀུན་ཏུ་དགའ་བར་བྱས་པ་ནི་མགུ་བའོ། །ཡུན་ནི་ས་བོན་བསྐྱེད་པའི་ཕྱིར་རོ། །སྐྱེད་པར་བྱེད་པ་ནི་ས་བོན་རྒྱས་པར་བྱེད་པས་སོ། །འབྱིན་པ་ནི་སྐྱེད་པར་བྱེད་པའི་ཕྱིར་རོ། །གཟུང་བར་བྱ་ཞེས་པ་ལ་སོགས་པ་ནི་གླེང་བསླང་བ་ལ། དེ་ལྟ་བས་ན་ཞེས་པ་ལ་སོགས་པ་ནི་གཏད་པ་གསུམ་པའོ། །ཤིན་ཏུ་རིགས་པ་ནི་ལེགས་པར་བཏོན་པའོ། །ཆོས་ཀྱི་སྐུ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཆོས་ཀྱི་སྐུ་སྟེ་འདི་དག་ལ་བསྙེན་བཀུར་ལ་སོགས་པ་སྟེ། སྦྱིན་པར་བྱ་བ་ནི་མེ་ཏོག་ལ་སོགས་པའོ། །བསྟན་པར་བྱ་བ་ནི་བསྟན་པ་ལ་སོགས་པ་ལའོ། །དགེ་བར་བྱ་བ་ནི་བསོད་ནམས་འདོད་པས་སོ། །རེག་པར་གནས་པ་ནི་དེ་ཉིད་མངོན་སུམ་དུ་གྱུར་པས་སོ། །ཡོན་ཏན་དང་ལྡན་པ་ཞེས་པ་ནི་དགེ་བ་ལ་སོགས་པ་རྣམས་ཀྱིའོ། །བསྐལ་པའམ། དེ་བས་ལྷག་པ་ནི་གལ་ཏེ་མང་པར་འདོད་པར་གྱུར་པའོ། །གང་ཡང་ཞེས་པ་ལ་སོགས་པས་ནི་གླེང་བསླང་བ་ལ། དེ་བས་ན་ཞེས་པ་ལ་སོགས་པས་ནི་གཏད་པ་བཞི་པ་སྟེ། ལན་བཞིར་ཞེས་པས་ནི་བརྗོད་པར་བྱ་བ་གཉིས་པ་ཅན་དུ་བརྗོད་ལ་གསུངས་པ་རྣམས་ནི་གསུངས་པ་ཐུན་མོང་དུ་གཅིག་ཏུ་བྱས་པའོ། །ཡོངས་སུ་སྨིན་པར་བྱ་བ་དང༌། ཡོངས་སུ་གཏད་པར་བྱ་བ་དང་ཀུན་ཏུ་གཏད་པ་དག་ནི་དོན་གཅིག་གོ །དེ་ལྟར་རྣམ་པ་བཞིར་ཡོངས་སུ་གཏད་པར་ནི་རྒྱུ་གཉིས་པ་ལ། ཀུན་དགའ་པོ་འདི་དག་ཅེས་པ་ལ་སོགས་པ་ནི་གླེང་བསླང་བ་ལ། དུས་ཀྱི་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ །སྐད་ཅིག་མ་དེ་དྲུག་ཅུ་ལ་ཐང་ཅིག་གོ །ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་དང་ཆུ་ཚོད་དང་དབྱུ་གུས་དེ་ལྟར་བསོད་ནམས་མང་པོ་སྐྱེད་པ་ནི་རྒྱུ་གསུམ་པའོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། རྒྱ་མཚོ་ལྟ་བུ་ནི་རྒྱ་ཆེན་པོར་འགྲོ་བའི་ཕྱིར་རོ། །ཟབ་མོ་ཉིད་ནི་བསམ་གཏན་གྱི་ཕུན་སུམ་ཚོགས་པའོ། །མི་བསྐྱོད་པ་ཉིད་ནི་ཤེས་རབ་ཕུན་སུམ་ཚོགས་པའོ། །ཆགས་པ་མེད་པ་ཞེས་པ་ནི་དམིགས་པ་མེད་པ་ཉིད་དམ། ཐོགས་པ་མེད་པའི་ཡེ་ཤེས་ཉིད་དོ། །ཚད་མེད་པ་ནི་རྒྱ་ཆེན་པོའོ། །ཉེས་པ་ཟད་པ་ནི་དུས་ཀྱི་ཉེས་པ་ཟད་པའོ། །མཐའ་ནི་གྲངས་ངེས་པའོ། །ཚད་ཆད་པ་ནི་ཚད་ཀྱིས་ཡོངས་


DTG090_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པའོ། །གཞལ་དུ་མེད་པའི་ཕྱིར་ནི་དམིགས་སུ་མེད་པས་སོ། །ཟད་པ་ནི་ཕྲི་པའོ། །ཡོངས་སུ་ཟད་པ་ནི་དངོས་པོའོ། །ནམ་མཁའ་ཟད་པ་མེད་པའི་ཕྱིར་རོ་ཞེས་པ་ནི་དམིགས་པ་མེད་པ་ནམ་མཁའ་བཞིན་དུ་ཟད་པ་མེད་པའི་ཕྱིར་རོ། །གང་དུ་ཐམས་ཅད་ཅེས་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དེས་ན་དེ་རྣམས་དམིགས་པ་མེད་པའི་མཚན་ཉིད་ཅན་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ནམ་མཁའ་བཞིན་དུ་ཟད་པ་མེད་དོ་ཞེས་པའོ། །མངོན་པར་བསྒྲུབ་པར་བྱ་བ་ནི་མངོན་སུམ་དུ་བྱ་བའོ། །གཟུགས་ལ་སོགས་པ་རྣམས་ཟད་པ་མེད་པ་ཉིད་ཀྱིས་ཞེས་པ་ནི་མ་སྐྱེས་པས་སོ། །དེ་ལྟར་ཞེས་པ་ལ་སོགས་པ་སྟེ། མཐའ་གཉིས་ནི་སྐྱེ་བ་དང་འཇིག་པའོ། །བར་དུ་སྐྱེས་ནས་གནས་པའོ། །མ་འདྲེས་པ་ནི་གཞན་དག་དང་ཐུན་མོང་མ་ཡིན་པའོ། །ཆོས་ཅུང་ཟད་ཀྱང་མེད་ཅེས་པ་ནི་ཕུང་པོ་རྣམས་ཀྱིས་ཀུན་ཏུ་བསྡུས་པ་རྣམས་སོ། །ཇི་ལྟར་ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་སོ། །རྟག་པ་ནི་ཐོག་མ་དང་ཐ་མ་མེད་པའོ། །བརྟན་པ་ནི་གནས་པ་སྟེ། མ་སྐྱེས་ཤིང་རྟག་ཏུ་མི་འཇིག་པའི་ཕྱིར་རོ། །རྟག་པ་ནི་ཐ་མ་མེད་ཅིང་སྐྱེས་ནས་ཡོད་པའོ། །ཡོངས་སུ་འགྱུར་བ་མེད་པ་ནི་ཆོས་ཅན་སྣང་པ་དང་མི་སྣང་བའི་ངོ་བོས་རྣམ་པར་ལྡོག་པ་མེད་པའི་ཕྱིར་རོ། །བྱེད་པ་པོ་དང་ཚོར་བ་པོ་ཉིད་ཅེས་པ་ནི་འཛིན་པ་པོའི་འཛིན་པ་མེད་པའི་ཕྱིར་རོ། །འདི་རྣམས་ཀྱིས་ནི་བྱང་ཆུབ་བརྗོད་དོ། །འདིར་བསྟན་བཅོས་ལས། །དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་ད་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་ཏེ་དྲི་མ་ནི་ཉོན་མོངས་པ་རྣམ་པར་རྟོག་པ་ལ། ཟད་པ་ནི་ཤིན་ཏུ་མེད་པ་སྟེ། ཡེ་ཤེས་ནི་ཟད་པ་ཤེས་པའོ། །མི་སྐྱེ་བའི་ཡེ་ཤེས་ནི་གཏན་དུ་བ་ཉིད་ཀྱིས་མི་སྐྱེ་བའི་ཡེ་ཤེས་ལ། བྱང་ཆུབ་ཀྱི་མཚན་ཉིད་ནི་གཞན་མི་སྲིད་པས་འདི་ཉིད་མཚན་ཉིད་དུ་གསུངས་ལ། མཐོང་བའི་ལམ་གྱིས་ཟད་ཀྱིས་ཟད་པའི་རྣམ་པར་རྟོག་པ་རྣམས་ལ་ཟད་པ་དང་མི་སྐྱེ་བ་རྣམ་པར་མཐོང་བའི་དོན་ཏོ། །དེ་ལྟར་ཡང་བསྟན་བཅོས་ལས། འགག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་ཐོབ། །ཅེས་ཏེ་རྣམ་པར་རྟོག་པ་རྣམས་ཀྱིས་རང་བཞིན་གྱི་དེ་བཞིན་ཉིད་ལ་གང་ལ་ཡང་ཟད་པའམ་སྐྱེ་


DTG090_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བ་མེད་ལ། རིགས་ཉིད་ནི་རིགས་ཏེ་བྱེ་བྲག་གོ །དེ་ལ་ནི་རྣམ་པར་རྟོག་པ་སྐྱེ་བ་ཅུང་ཟད་མེད་ཅེས་པ་ལ་སོགས་པ་སྟེ། དེ་ལྟར་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ཉིད་དོ། །དེ་ལ་བདེན་པར་ཡོད་པ་ཉིད་འདིར་མེད་པས་ཅི་ཞིག་ཟད་ལ། ཀུན་རྫོབ་ཏུ་ནི་སྒྲིབ་པ་དང་བཅས་པའི་རྒྱུ་ཟད་ཅིང་ཡང་སྐྱེ་བ་མེད་པར་ཉེ་བར་བསྟན་པའོ། །གང་ཞིག་གིས་གཟུང་བ་དང་འཛིན་པའི་རྣམ་པ་མེད་པའི་གཉིས་སུ་མེད་པའོ། །རང་རིག་དོན་དམ་པ་པ་ལ་ཡོད་ཅེས་པ་མངོན་པར་ཞེན་པར་བྱེད་པ་དང༌། གང་ཡང་ཕུང་པོ་ལྔ་རྣམས་དོན་དམ་པར་ཡོད་ཅེས་པ་དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། ཆོས་རྣམས་ཡོད་ཅེས་བྱ་བ་དང༌། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་འདོད་པ་ཡི། །སྟོན་པས་གཞན་དུ་བརྗོད་པ་གང༌། །འདི་ལ་ཁོ་བོས་མཚར་དུ་བརྩིས། །འདི་ལ་བསལ་བ་གང་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་བ་རྣམ་པར་གྲོལ། །ཞེས་ཏེ་ཞེས་བྱ་བ་དང་སྒྲ་ཡིས་རྣམ་པར་སྤྱོད་པའོ། །དངོས་པོ་ལ་མངོན་པར་ཞེན་པ་མ་སྤངས་པས་ཀྱང་ཤེས་བྱའི་སྒྲིབ་པ་སྤོང་ཞེས་པ་ནི་ངོ་མཚར་བ་སྟེ། མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་སྦྱོར་བ་མེད་པའི་ཕྱིར་རོ། །འདི་ལ་གཞག་པ་ཅུང་ཟད་མེད་པ་ནི་ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་མེད་པའི་ཕྱིར་རོ། །བསལ་བར་བྱ་བ་ཅུང་ཟད་མེད་པ་ནི་དེ་རྣམས་ངོ་བོ་ཉིད་དེ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །དེ་རྣམས་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཇི་ལྟར་བའི་ཡང་དག་པ་ལ། ཡང་དག་པ་ཉིད་ཀྱིས་བལྟ་བར་བྱ་སྟེ། གང་དུ་ཡང་དག་པ་མཐོང་ན་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་བའོ། །དེའི་ཕྱིར་ན་ཡང་དག་པ་མ་ཡིན་པའི་ཆོས་རྣམས་མཐོང་བ་ནི་མི་མཐུན་པའི་ཕྱོགས་སོ། །དེ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་མཐོང་བ་ནི་གཉེན་པོའོ། །དེ་ལྟར་ན་སྒྱུ་མའི་གླང་པོས་གཞན་སྒྱུ་མའི་གླང་པོ་ལས་རྒྱལ་བ་བཞིན་ཕྱིན་ཅི་ལོག་བཟློག་ནས་དེ་ཁོ་ན་མཐོང་བ་ཅན་ནོ། །དེ་ལྟ་བས་ན་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་དང་དེ་ཐོབ་པའི་རྒྱུ་ཡང་ཞར་ལ་བཤད་ལ། རང་བཞིན་ནི་མཐོང་བའི་ལམ་གྱི་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་རྣམས་སྤོང་ལ། དེའི་ཕྱིར་ནི་མཐོང་བའི་དུས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་


DTG090_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ལམ་གྱི་བདག་ཉིད་ཅན་ལ་སྤྱོད་པར་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཞེས་པ་ལ་སོགས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པས་ཡོངས་སུ་རྫོགས་པར་འགྱུར་ཞེས་པ་དང་འབྲེལ་ཏོ། །ཐམས་ཅད་ཅེས་པ་ནི་རེ་རེ་ལ་ཚོགས་པ་རྣམས་ཏེ། བདེན་པ་རེ་རེས་ཀྱང་དྲུག་པོ་ཡང་དག་པར་བསྡུས་པས་སོ་ཞེས་པ་ལ་དགོངས་པའོ། །འདིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཉིད་ནི་དྲུག་ཅར་མཐོང་བའི་ལམ་སྟེ། འདིའི་མཚན་ཉིད་ཙམ་བཅོམ་ལྡན་འདས་མ་འདིར་བཤད་ལ། ཡུམ་ཆེན་མོ་ནི་རྒྱ་ཆེན་པོས་ཐམས་ཅད་བསྡུས་པ་སྟེ། འདིར་བསྟན་བཅོས་ལས། སྦྱིན་པ་ལ་སོགས་རེ་རེས་ཀྱང༌། །གང་ཞིག་དེ་རྣམས་གཅིག་བསྡུས་པ། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་ཏེ། གཅིག་ཉིད་ནི་གཅིག་སྟེ། དོན་དེའི་སྦྱིན་པ་ལ་སོགས་པ་དྲུག་པོའི་དངོས་པོ་གཅིག་ཅིག་ལ་སྦྱིན་པ་ལ་སོགས་པ་དྲུག་པོ་རྣམས་ཀྱིས་ཏེ། རང་ཉིད་ལས་གཞན་པ་ལྔ་པོ་རྣམས་ཀྱིས་ཕན་ཚུན་གཅིག་ཅིག་གིས་བསྡུས་ནས་ཉེ་བར་གནས་པ་ནི་འདིར་རྩེ་མོའི་མངོན་པར་རྟོགས་པའི་མཐོང་བའི་ལམ་གྱི་ལམ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་ནི་སྐད་ཅིག་མ་གཅིག་སྟེ། བཅུ་དྲུག་རྣམས་མ་ཡིན་པ་སྟེ། གང་ཞིག་ཡུམ་བར་མ་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནས་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་གནས་པ་ཞེས་པ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་བསྡུས་པ་པོ་ཞེས་སྨྲ་བའི་སེང་གེ་བཟང་པོ་ལ་གནོད་པ་ཆེན་པོ་སྟེ། འདིར་ནི་ཆོས་ཤེས་པའི་བཟོད་པའི་གནས་སྐབས་ཀྱི་འདོད་པའི་ཁམས་ཀྱི་ཉོན་མོངས་པའི་བྱེ་བྲག་གང་ཞིག་རྣམས་ནི་མ་ཡིན་ཏེ། དེའི་བག་ཆགས་རྣམས་ཀྱང་སྔ་ནས་སྤངས་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པའི་གནས་སྐབས་འདིར་ནི་ཐུགས་རྗེ་ཆེན་པོ་ལ་སོགས་པའི་མངོན་སུམ་དུ་གྱུར་ནས་སེམས་ཅན་གྱི་དོན་ཡང་དག་པར་སྒྲུབ་པར་བྱེད་པའི་མཐོང་བའི་ལམ་གྱི་རྟོགས་པར་འགྱུར་བ་ནི་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ། བསྒོམ་པའི་ལམ་དུ་ཐོད་རྒལ་གྱི་ཏིང་ངེ་འཛིན་ཏེ་དེ་དག་བརྗོད་པར་འདོད་ནས་གསུངས་པ་ནི། ཐམས་ཅད་ཀྱང་ཞེས་པ་ལ་སོགས་པ་སྟེ། ཐབས་ལ་མཁས་པ་ཞེས་པ་ནི་ཐབས་ལ་མཁས་པ་སྟེ། དེ་ལ་བརྟེན་པའི་ཕྱིར་ཐབས་ཏེ་སེང་


DTG090_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་རྣམ་པར་བསྒྱིངས་པ་དང་ཐོད་རྒལ་གྱི་ཏིང་ངེ་འཛིན་ནོ། །མཁས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པ་ལས་རྣམ་པར་བལྟ་བ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ནས་ཇི་སྲིད་དུ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་བར་འགྱུར་ཞེས་པ་ནི་ལུགས་ལས་འབྱུང་བ་ལ། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ནས་ཇི་སྲིད་དུ་སྐྱེ་བ་ལ་སོགས་པ་འགག་པར་འགྱུར་བ་ནི་ལུགས་ལས་བཟློག་པའོ། །དེ་ལ་བསམ་གཏན་དང་པོ་ནས་ཇི་སྲིད་དུ་འགོག་པའི་སྙོམས་པར་འཇུག་པའི་བར་གྱི་དགུ་ལ་ལུགས་ལས་འབྱུང་བས་སྙོམས་པར་འཇུག་པར་འགྱུར་ལ། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནས་ཇི་སྲིད་དུ་བསམ་གཏན་དང་པོ་དང་དགུ་ལ་ལུགས་ལས་བཟློག་པས་སྙོམས་པར་འཇུག་པ་ཞེས་པ་ནི་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ། ཐོད་རྒལ་གྱི་ཏིང་ངེ་འཛིན་ནི་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ནས་གཉིས་པ་དང་གསུམ་པ་དང་བཞི་པ་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། འགོག་པའི་སྙོམས་པར་འཇུག་པའོ། །དེ་ལས་ལངས་ནས་བསམ་གཏན་དང་པོ་ལ། དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་དང༌། བསམ་གཏན་གཉིས་པ་དང༌། འགོག་པ་ལ་དང༌། བསམ་གཏན་གསུམ་པ་དང༌། འགོག་པ་ལ་དང༌། བསམ་གཏན་བཞི་པ་དང༌། འགོག་པ་ལ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་འགོག་པ་ལ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འགོག་པ་ལ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འགོག་པ་ལ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། འགོག་པ་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལའོ། །དེ་ལས་འགོག་པ་ལས་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་ལས་ལངས་ནས་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལའོ། །དེ་ལས་མཉམ་པར་མ་བཞག་པ་ལའོ། །དེ་ནས་ཅུང་ཟད་མེད་


DTG090_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་མཆེད་ལའོ། །དེ་ལས་མཉམ་པར་མ་བཞག་པ་ལའོ། །དེ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ལས་མཉམ་པར་མ་བཞག་པ་ལའོ། །དེ་ལས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ལས་མཉམ་པར་མ་བཞག་པ་ལའོ། །དེ་ལས་བསམ་གཏན་བཞི་པ་ལའོ། །དེ་ལས་མཉམ་པར་མ་བཞག་པ་ལའོ། །དེ་ལས་བསམ་གཏན་གསུམ་ལའོ། །དེ་ལས་མཉམ་པར་མ་བཞག་པ་ལའོ། །དེ་ལས་བསམ་གཏན་གཉིས་པ་ལའོ། །དེ་ལས་མཉམ་པར་མ་བཞག་པ་ལའོ། །དེ་ལས་བསམ་གཏན་དང་པོ་ལའོ། །དེ་ལས་མཉམ་པར་མ་བཞག་པ་ལའོ། །དེ་ལ་དང་པོ་ནས་འགྲོ་བ་ནས་གནས་རྒྱུ་ལ་གཉིས་པ་ལ་བཅུ་བདུན་འོང་བ་ལ་བཅོ་བརྒྱད་དེ། འཕགས་པའི་དགོངས་པ་འདི་ལས་གཞན་དུ་སེང་གེ་བཟང་པོས་རྣམ་པར་གཞག་པ་ནི་རིགས་པ་མ་ཡིན་ཏེ། དེ་ལ་བསྟན་བཅོས་ལས། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་ནས། །ཐོད་རྒལ་དུ་ནི་སྙོམས་འཇུག་པས། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་མཉམ་འགྲོ་།ཞེས་ཏེ། དང་པོ་ནས་འགོག་པའི་སྙོམས་པར་འཇུག་པ་དགུ་ལ་རིམ་གྱིས་སོང་ནས། ཡང་གཅིག་ལ་སོགས་པར་རིམ་པ་ལས་བཟློག་ནས་འགོག་པ་དང་བཅས་པར་བྱས་ཤིང༌། ཅིག་ཤོས་བརྒྱད་པོ་ལ་བགྲོད་པ་སྟེ། རྣམ་པ་གཉིས་ཀྱིས་འགྲོ་བའོ། །དེ་རྗེས་ལ་འདོད་པ་ནི་ཀུན་ཏུ་སྤྱོད་པའི་མཉམ་པར་མ་བཞག་པའི་མཚམས་སུ་བགྲོད་བྱར་བྱས་ནས་འོང་བར་བྱེད་པ་ནི་མི་འདྲ་བར་འགྲོ་ཞེས་པ་སྟེ། མཉམ་པར་མ་བཞག་པ་ལས་མཉམ་པར་བཞག་ལ། མཉམ་པར་བཞག་པ་ལས་ཡང་མཉམ་པར་མ་བཞག་པས་སོ་ཞེས་པའི་དོན་ཏོ། །ཐོད་རྒལ་གྱི་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་གྱི་ཇི་ལྟར་ན་མཉམ་པར་མ་བཞག་པའི་སེམས་སྙོམས་པར་འཇུག་པ་ན་སྙོམས་པར་འཇུག་པ་ལས་འཕོས་པས་ཉེ་བར་བརྟག་པའི་ཞེས་


DTG090_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པས་འགལ་བ་མེད་དོ། །གང་ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་དང་གཟུགས་མེད་པ་ལ་སྙོམས་པར་འཇུག་པར་འགྱུར་བ་ནི་དེ་ལ་མངོན་པར་དགའ་བའི་གནས་མ་ཡིན་པས་དེའི་ཀུན་ནས་ཉོན་མོངས་པར་འགྱུར་བ་མེད་པའི་ཕྱིར་ལ། ཅུང་ཞིག་བསམ་གཏན་གྱི་བདེ་བས་ང་རྒྱལ་བའི་སེམས་ཅན་གྱི་དབང་དུ་བྱེད་ལ། གཟུགས་མེད་པར་ནི་ཐར་པར་མངོན་པར་རློམ་པ་ཅན་གྱིའོ་ཞེས་པ་ནི་རྩེ་མོའི་མངོན་པར་རྟོགས་པའི་བསྒོམ་པའི་ལམ་མོ། །དེ་ཡོངས་སུ་རྫོགས་པར་འགྱུར་བ་ནི་གལ་ཏེ་བསྒོམ་པས་སྤང་བར་བྱ་བའི་རྣམ་པར་རྟོག་པ་དགུ་ཚན་བཞི་ཟད་པར་འགྱུར་བ་སྟེ། དེ་རྣམས་ཀྱི་གཉེན་པོ་ཡུམ་ཆེན་མོ་ལས་གསུངས་པ་ནི། འདིར་ཤུགས་ཀྱིས་རྟོགས་པར་འགྱུར་ལ། དེར་གསུངས་པ་མདོར་བསྡུས་ནས་བཤད་པར་བྱ་སྟེ། དེ་ལ་ཐོག་མའི་རྣམ་པར་རྟོག་པ་དགུ་པོའི་དབང་དུ་བྱས་ནས་བསྟན་བཅོས་ལས། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས། །བསྟང་བས་ཡོངས་སུ་མ་བཟུང་བ། །དུས་གསུམ་ཡོན་ཏན་མེད་པ་དང༌། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱོར་བའི་ཁྱད་པར་ཅན་གྱི་ཡུལ་དུ་རྣམ་པར་རྟོག་པ་ནི་ཀུན་ཏུ་རྨོངས་པའོ། །རྒྱས་ཞེས་གསུངས་པ་ནི་ཐོག་མའི་ཤེས་བྱ་ལ་འཇུག་པའི་ངོར་ཡིན་པས་གཞན་དུ་གསུངས་པ་ནི་རྒྱ་ཆེན་པོ་ནི་རྒྱ་ཆེ་ལ་རྨོངས་པའི་རྣམ་པར་རྟོག་པ་སྟེ། དེའི་གཉེན་པོར་ནི་བྱང་ཆུབ་སེམས་དཔའ་མང་པོ་ལ་བསླབ་པར་མི་བྱ་བ་སྟེ། སྦྱིན་པ་ལ་སོགས་པ་ནས་ཇི་སྲིད་དུ་སྟོབས་ལ་སོགས་པ་རྣམས་ལའོ་ཞེས་པའོ། །མདོར་བསྡུས་པ་ལ་རྨོངས་པ་ནི་མདོར་བསྡུས་པའི་རྣམ་པར་རྟོག་པ་སྟེ། དེའི་གཉེན་པོར་ནི་གང་ལ་ཡང་བསླབ་པར་བྱ་བ་མེད་ཅེས་པ་སྟེ། མང་པོ་རྣམས་ཀྱང་དེ་རྣམ་རྟོག །སྟོང་པ་ཉིད་དང་རོ་གཅིག་པའི་ཕྱིར་ངོ་བོ་ཉིད་གཅིག་པ་ཉིད་དོ། །རྫོགས་སངས་རྒྱས་རྣམས་ཀྱིས་བསྟན་པ་ནི་གང་ཡོངས་སུ་མ་བཟུང་བ་ལ་དེ་མེད་པ་ནི་རྣམ་པར་རྟོག་པ་སྟེ། དེའི་གཉེན་པོ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འགྱུར་ལ། དེས་འདི་ལྟར་ཤེས་པར་བྱ་སྟེ། ཕྱོགས་


DTG090_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྟང་བས་བདག་ཡོངས་སུ་མ་བཟུང་བ་སྟེ། རང་གི་ཡུམ་ལ་དེ་རྣམས་ཀྱིས་བཀའ་དྲིན་གཟོ་བར་བྱེད་དོ་ཞེས་པའོ། །ཡོན་ཏན་ནི་བསྔགས་པ་ལ། དེ་མེད་པ་ནི་སྦྱོར་བ་དང་མཐོང་བ་དང་བསྒོམ་པའི་དུས་སུ་གྱུར་པའི་ཕྱིར་ཏེ། དུས་གསུམ་པ་ཅན་གྱི་དེའི་རྣམ་པར་རྟོག་པ་གསུམ་སྟེ། དེ་རྣམས་ཀྱི་གཉེན་པོ་ནི་རྗེས་སུ་བསྔགས་པ་མེད་པ་རྗེས་སུ་གསུངས་པའོ་ཞེས་པའོ། །དེའི་རྗེས་སུ་བསྔགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དང༌། སྦྱོར་བ་དང་མངོན་པར་སྒྲུབ་པ་དང༌། སྒོམ་པར་བྱེད་ཅེས་པས་གོ་རིམས་བཞིན་དུ་ལེགས་པའི་ལམ་སྟེ། མྱ་ངན་ལས་འདས་པའི་ལམ་ལ་སྦྱོར་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་རྣམ་པ་གསུམ་གྱི་རྣམ་པར་རྟོག་པ་ལ། དེ་རྣམས་ཀྱི་གཉེན་པོ་ནི་གོ་རིམས་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པ་ཞི་བ་དང༌། དབང་དུ་གྱུར་པ་དང་སྟོང་ཞིང་སྙིང་པོ་མེད་པས་དེ་རྣམས་ལ་སྤྱད་པར་བྱ་བ་དང༌། ནམ་མཁའ་སྟོང་པ་ཉིད་དུ་མངོན་པར་བསྒྲུབ་པས་མངོན་པར་བསྒྲུབ་པར་བྱ་བ་དང༌། ནམ་མཁའ་སྟོང་པ་ཉིད་དུ་བསྒོམ་པས་བསྒོམ་པར་བྱའོ་ཞེས་པའོ། །གཉིས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་སྐྱེད་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། །ཐེག་པ་དམན་པ་ཡིད་བྱེད་དང༌། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་བསྒོམ་པ་མེད་པ་དང༌། །དེ་དག་ལས་ནི་བཟློག་ཉིད་དང༌། །ཇི་བཞིན་དོན་མིན་རྣམ་རྟོག་པ། །བསྒོམ་པའི་ལམ་ལས་ཤེས་པར་བྱ། །ཞེས་ཏེ་ཇི་ཙམ་དུ་སྤྱོད་པས་འདིར་ཡུན་རིང་དུ་སྤྱོད་པར་འགྱུར་བ་ཡིན་ཞེས་པའི་འདྲི་བ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་རྣམ་པར་རྟོག་པ་ལ། ལམ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་བ་ཉིད་ཅེས་པའོ། །ཇི་སྲིད་དུ་བྱང་ཆུབ་སྙིང་པོའི་བར་དུ་ཡིད་ལ་བྱེད་ཅེས་པ་ནི་འདིའི་མི་མཐུན་པའི་ཕྱོགས་ཏེ། ཇི་ལྟར་འདིར་སྤྱོད་པར་བྱ། མངོན་པར་བསྒྲུབ་པར་བྱ། བསྒོམ་པར་བྱ་ཞེས་པ་ནི་བྱང་ཆུབ་སྙིང་པོའི་བར་དུ་ཡིད་ལ་བྱེད་པ་སྟེ་རྣམ་པར་རྟོག་པའོ། །ཐེག་པ་དམན་པ་ཡིད་ལ་བྱེད་པ་རྣམས་ཀྱི་གོ་སྐབས་མི་འབྱེད་དོ་ཞེས་པ་ནི་གཉེན་པོ་ལ་ཐེག་པ་དམན་པ་དག་ཡིད་ལ་བྱེད་པ་ནི་རྣམ་པར་རྟོག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་


DTG090_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱེད་པ་རབ་ཏུ་རྣམ་པར་མི་འཇོག་པ་ཉིད་ཀྱིས་འདིར་སྤྱོད་པ་དེ་ལྟར་སྤྱད་པར་བྱ་སྟེ། ཇི་ལྟར་སེམས་དང་སེམས་ལས་བྱུང་བ་མི་འཇུག་པར་བྱའོ་ཞེས་པ་ནི་གཉེན་པོའོ། །དེ་ལྟར་ན་ནི་རྣམ་པར་མི་འཇུག་པ་ཉིད་དོ་ཞེས་པ་ནི་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པའོ། །ཇི་ལྟར་བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འགྱུར་ཞེས་པ་ནི་བསྒོམ་པའི་རྣམ་པར་རྟོག་པའོ། །མིན་ཞེས་པ་ནི་གཉེན་པོ་དེ་ཅི་དམིགས་པ་མེད་པས་ན་ནི་དེ་ལྟར་ན་ནི་དངོས་པོ་མེད་པ་དེ་ཐོབ་པར་འགྱུར་བས་ཞེས་པ་ནི་བསྒོམ་པ་མེད་པའི་རྣམ་པར་རྟོག་པའོ། །དེ་ལྟར་དམིགས་པ་མེད་པ་དང་དམིགས་པ་མེད་པ་མ་ཡིན་པ་དག་གིས་བསྒོམས་པས་ཀྱང་མ་ཡིན་ལ་མ་བསྒོམས་པས་ཀྱང་ཐོབ་པར་འགྱུར་བ་མིན་ཞེས་པ་ནི་བསྒོམས་པས་མ་ཡིན་པ་ལ་སྒོམ་པ་མེད་པས་ཀྱང་མ་ཡིན་པའི་རྣམ་པར་རྟོག་པ་ལ། དེ་དག་གིས་མ་ཡིན་ཞེས་པ་ནི་གཉེན་པོའོ། །དེ་ཇི་ལྟར་ན་དེས་རྗེས་སུ་ཐོབ་པར་འགྱུར་ན། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་ཀྱིས་སོ་ཞེས་པ་ནི། གཉེན་པོ་ལ་གང་གིས་གཞན་དུ་ཐོབ་པར་རློམ་ཞིང་དེ་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་ནི་ཇི་བཞིན་དོན་མིན་པའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་དགུ་ཚན་གསུམ་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །ཆོས་བཏགས་པ་དང་སྟོང་མིན་ཉིད། །ཆགས་དང་རབ་འབྱེད་བདག་ཉིད་དང༌། །དངོས་པོར་བྱེད་དང་ཐེག་པར་ནི། །གསུམ་དུ་དེ་ལྟར་བསྒྲགས་པ་དང༌། །ཡོན་ནི་དག་པ་མ་ཡིན་དང༌། །སྤྱོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་ཏེ་སེམས་ཅན་ཉེ་བར་མི་དམིགས་པས་གདགས་པར་མི་བྱའོ་ཞེས་པ་ནི་འདིའི་མི་མཐུན་པའི་ཕྱོགས་ནི་རྗེས་སུ་ཡོད་པའི་སེམས་ཅན་དུ་གདགས་པར་བྱའོ་ཞེས་པ་སྟེ་སེམས་ཅན་དུ་བཏགས་པའི་རྣམ་པར་རྟོག་པའོ། །གཟུགས་ལ་སོགས་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསླབ་པར་བྱའོ་ཞེས་པ་ནི་ཆོས་སུ་བཏགས་པའི་རྣམ་པར་རྟོག་པ་ལ། རང་གི་མཚན་ཉིད་ཀྱིས་སྟོང་པས་ཆོས་ཐམས་ཅད་ལ་ཉེ་བར་དམིགས་པ་བཀག་ནས་མངོན་པར་འདུ་མི་བྱེད་པས་བསླབ་པར་བྱའོ་ཞེས་པ་ནི་གཉེན་པོའོ། །རང་གི་མཚན་ཉིད་ཀྱིས་སྟོང་པས་ཆོས་ཐམས་ཅད་


DTG090_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པའོ་ཞེས་པ་ནི། འདི་མི་མཐུན་པའི་ཕྱོགས་ལ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་མ་ཡིན་ཞེས་པ་ནི་སྟོང་པ་ཉིད་མ་ཡིན་པའི་རྣམ་པར་རྟོག་པའོ། །ཆོས་རྣམས་དང་ཆོས་རྣམས་ལ་དམིགས་པ་དག་ལ་འདིར་སྤྱོད་པ་དེ་ཡང་མི་དམིགས་པའི་དམིགས་པ་མེད་པའོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། འདིའི་མི་མཐུན་པའི་ཕྱོགས་ནི་ཆོས་རྣམས་ཉེ་བར་དམིགས་པས་ཆོས་རྣམས་ཉེ་བར་མི་དམིགས་པའོ་ཞེས་པ་ནི། ཆགས་པའི་བདག་ཉིད་ཅན་གྱི་ཆགས་པའི་རྣམ་པར་རྟོག་པའོ། །ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པར་བྱ་སྟེ། དེ་ཡང་ངོ་བོ་ཉིད་དམིགས་པ་མེད་པའི་སྦྱོར་བས་ཏེ། འདིའི་མི་མཐུན་པའི་ཕྱོགས་ནི་ངོ་བོ་ཉིད་ཉེ་བར་དམིགས་པས་འདིའི་གཟུགས་སོ་ཞེས་པ་ནས། ཇི་སྲིད་དུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པའི་བར་རོ་ཞེས་པ་ནི་རབ་ཏུ་འབྱེད་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །དངོས་པོ་མེད་པ་བྱས་ལ་དེ་ལ་འདིར་སྤྱད་པར་བྱ་སྟེ། གང་དུ་ཆོས་ཐམས་ཅད་ནི་མ་བྱས་པ་རྣམ་པར་མ་བྱས་པ་མངོན་པར་འདུ་མ་བྱས་པ་ནི་གཉེན་པོ་ལ། འདིའི་མི་མཐུན་པའི་ཕྱོགས་ནི་གཟུགས་ལ་སོགས་པའི་དངོས་པོར་བྱས་ནས། བཅོམ་ལྡན་འདས་མ་ལ་སྤྱོད་ཅེས་པ་ནི་དངོས་པོའི་ཆེད་དུ་བྱེད་པའི་རྣམ་པར་རྟོག་པའོ། །གལ་ཏེ་ཡང་ཆོས་ཐམས་ཅད་མ་བྱས་པ་དེ་ལྟར་ན་ཡང༌། ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པས་མངོན་པར་བྱང་ཆུབ་ནས་ཐེག་པ་གསུམ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ལ། འཇིག་རྟེན་གྱི་ཐ་སྙད་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། དོན་དམ་པར་ནི་དེ་ལྟར་དེ་བཞིན་གཤེགས་པ་ཡང་ཡོད་པ་མ་ཡིན་ལ་ཞེས་པ་ནི་གཉེན་པོའི་ལམ་མི་མཐུན་པའི་ཕྱོགས་ནི་ཐེག་པ་གསུམ་ནི་དོན་དམ་པར་རྣམ་པར་གཞག་པའོ་ཞེས་པ་ནི། ཐེག་པ་གསུམ་གྱི་རྣམ་པར་རྟོག་པའོ། །དེ་བཞིན་གཤེགས་པ་རབ་ཏུ་གནས་པ་ཉིད་ལ་ཡོན་ནི་མྱ་ངན་ལས་འདས་ཀྱང་མི་ཟད་པ་སྟེ། དེ་ལྟར་སྤྲུལ་པ་ལ་ཡང་སྟེ། གང་ཞིག་ཆོས་ཉིད་དེ་བཞིན་གཤེགས་པའི་དེ་ཉིད་སྤྲུལ་པའི་ཡང་སྟེ། འདིའི་མི་མཐུན་པའི་ཕྱོགས་ནི་གལ་ཏེ་དེ་བཞིན་གཤེགས་པ་སྤྲུལ་པ་ལྟ་བུ་ནི་ཇི་ལྟར་དེའི་ཡོན་དག་པར་འགྱུར་ཞེས་པ་ནི་ཡོན་ཡོངས་སུ་དག་པ་


DTG090_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་ཕྱིར་རྣམ་པར་རྟོག་པའོ། །སྤྱོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཉིད་ལ་འཇུག་པ་ལ། དེའི་རྣམ་པར་འཁྲུག་པ་ནི་ཆོས་ཉིད་ལས་འབྱེད་པ་སྟེ། འདིའི་གཉེན་པོ་ནི་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་ཆོས་བསྟན་པ་དེ་རྣམས་ཀྱི་ངོ་བོ་ཉིད་རྣམས་རྣམ་པར་འཁྲུག་པར་ནི་མི་བྱེད་དོ་ཞེས་པ་ནི་སྤྱོད་པ་རྣམ་པར་འཁྲུག་པའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་དགུ་ཚན་བཞི་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། སེམས་ཅན་བཏགས་དང་དེ་རྒྱུ་བའི། །ཡུལ་ཅན་བསྒོམ་པའི་ལམ་འབྲེལ་པ། །དེ་ལ་གནོད་པ་བྱེད་པ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཐམས་ཅད་མཁྱེན་ཉིད་གསུམ་དག་གིས། །བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ། །ཞི་ལམ་དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། །མི་མཉམ་སྡུག་བསྔལ་ལ་སོགས་དང༌། །གཉིས་སུ་མེད་ལ་ཀུན་རྨོངས་པ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་ཏེ་སེམས་ཅན་དུ་བཏགས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པར་བཏགས་པ་དང༌། དེའི་རྒྱུའི་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པའི་བསྒོམ་པའི་ལམ་གྱི་ཡུལ་དག་ལ་མི་མཐུན་པའི་ཕྱོགས་རྣམ་པ་གསུམ་གྱི་སྒྲིབ་པ་ནི་གསུམ་དུ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པའོ། །རྣམ་པ་ཐམས་ཅད་ཀྱིས་ཆོས་རྣམས་རྗེས་སུ་རྟོགས་པ་འདིས་ན་དེ་བཞིན་གཤེགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པའོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་རྣམས་བྱང་ཆུབ་སེམས་དཔས་རྫོགས་པར་བྱ་ཞིང་དེ་རྣམས་ཀྱི་ལམ་གྱི་བྱ་བ་ཡང་བྱ་ལ། ཡང་དག་པའི་མཐའ་ནི་མངོན་སུམ་དུ་མི་བྱེད་པ་དེས་ན་ལམ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ཤེས་པའོ་ཞེས་བརྗོད་པ་ནི་ལམ་ཤེས་པ་ལ་ཀུན་ཏུ་རྨོངས་པའོ། །གང་ཞིག་ཕྱི་དང་ནང་གི་ཆོས་འདི་རྣམས་ཐམས་ཅད་ནི་དེས་ཀྱང་ཤེས་ལ་ལམ་ཐམས་ཅད་དང་རྣམ་པ་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། དེས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བརྗོད་དོ་ཞེས་པ་ནི་ཐམས་ཅད་ཤེས་པ་ལ་ཀུན་ཏུ་རྨོངས་པའོ། །གང་ལ་གནས་ནས་ཞི་པ་མངོན་སུམ་དུ་བྱེད་པ་དེ་ནི་ཞི་བའི་ལམ་མོ་ཞེས་བྱ་བ་ནི་ཞི་བ་ལ་ཀུན་དུ་


DTG090_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་ལ། གང་ལ་ཡང་མི་གནས་པ་ཉིད་ཀྱི་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་ཞེས་པ་ནི་གཉེན་པོའོ། །འདི་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བཞིན་དུ་ཞི་བ་ལ་གང་དུ་ཡང་མི་གནས་པ་ཉིད་ཅེས་བརྗོད་དོ་ཞེས་པ་ནི་ལམ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པའོ། །འདི་ནི་དེ་བཞིན་ཉིད་དང་ལྡན་པ་དང་མི་ལྡན་པ་མ་ཡིན་ཏེ། དེ་ལྟར་ཡང་འདི་ནི་ངོ་བོ་ཉིད་མེད་པ་བསྟན་དུ་མེད་ལ་ཐོགས་པ་མེད་པའི་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། མཚན་ཉིད་མེད་པའི་ཕྱིར་ལ་ཞེས་པ་འདིའི་མི་མཐུན་པའི་ཕྱོགས་ནི་དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་པར་ལྡན་པ་དང་མི་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནི་དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་པར་ལྡན་པ་དང་མི་ལྡན་པའི་རྣམ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་གཞན་དང་མཉམ་པ་ཉིད་ནི་འདིའི་གཉེན་པོ་ལ། བདུད་དང་མུ་སྟེགས་དང་ཐེག་པ་གཞན་གང་གིས་ཀྱང་སྒྲིབ་པར་མི་ནུས་ཏེ། དེའི་ཕྱིར་ཐུན་མོང་མ་ཡིན་ནོ་ཞེས་པ་ནི་མི་མཉམ་པ་ཉིད་ལ་ཀུན་ཏུ་རྨོངས་པའི་རྟོག་པའོ། །སྤྱོད་པ་འདིས་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་ལ་སོགས་པའི་དོན་དུ་སྤྱད་པར་བྱའོ་ཞེས་པ་ནི་འདི་མི་མཐུན་པའི་ཕྱོགས་ཏེ་སྤྱད་པར་མི་བྱའོ་ཞེས་པ་ནི་སྡུག་བསྔལ་ལ་སོགས་པ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པའོ། །འདོད་ཆགས་ལ་སོགས་པའི་དོན་དང་ལྡན་པ་མ་ཡིན་ཏེ། དེ་དག་གི་རང་བཞིན་ནི་དེ་བཞིན་ཉིད་དེ་འདོད་ཆགས་ལ་སོགས་པ་རྣམས་ལ་དེ་བཞིན་ཉིད་ཀྱིས་གང་དུ་ཡང་ཕན་པའམ་གནོད་པ་བྱེད་པ་མ་ཡིན་ནོ་ཞེས་པ་ནི་དེ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པའོ། །ཇི་ལྟར་གཉིས་སུ་མེད་པ་དང་གཉིས་སུ་མེད་པ་མ་ཡིན་པའི་ཆོས་ཉེ་བར་དམིགས་ཏེ། དེ་ལྟར་ན་གཉིས་སུ་མེད་པ་དང་གཉིས་སུ་མེད་པའི་ཆོས་ཀྱི་རྗེས་སུ་ཐོབ་པར་འགྱུར་རོ་ཞེས་པ་ནི་འདིའི་གཉེན་པོ་ལ་གཉིས་དང་གཉིས་མ་ཡིན་པ་གཉིས། དེ་མེད་པ་ནི་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པའོ། །འོ་ན་རྣམ་པ་འདི་ལྟ་བུའི་རྣམ་པར་རྟོག་པ་རྣམས་སྔ་ནས་སྤངས་པས་ཇི་ལྟར་ན་འདིར་རྟོགས་པ་རབ་ཀྱི་མཐར་ཕྱིན་པའི་གནས་སྐབས་སུ་སྤོང་བར་བསྟན་པར་འགྱུར་ཞེ་ན། སྐྱོན་མེད་དེ་དེ་དག་གི་ཕྱིར་ཕྲ་བ་གཏིང་རིང་པོར་ཞུགས་པའི་མངོན་པར་ཤེས་པ་ཆེན་པོའི་གེགས་བྱེད་པ་པོའི་ཀུན་ཏུ་རྨོངས་པའི་ས་བོན་ནི་བཅུ་པ་ལ་རབ་ཏུ་


DTG090_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བར་འགྱུར་ཞེས་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོ་ལས་གསུངས་པས་སོ། །ཡང་དགོངས་པ་ངེས་པར་འགྲེལ་པ་ལས་དྲུག་པ་དང་བདུན་པ་ནས་བཟུང་སྟེ། ཉོན་མོངས་པ་མངོན་དུ་རྒྱུ་སྟོབས་ཆུང་ནས་བག་ལ་ཉལ་ལ་ས་བརྒྱད་པ་ལ་ནི་བག་ལ་ཉལ་ལས་ཉོན་མོངས་པའི་མངོན་དུ་རྒྱུ་ནི་ཤེས་བྱའི་སྒྲིབ་པ་ལ་ཀུན་ཏུ་གནས་པ་ཙམ་ཉིད་ནས་ཉེ་བར་བཟུང་སྟེ་ཞེས་པ་དང༌། གཞུང་འགྲེལ་ལས་ཀྱང་ས་བརྒྱད་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ལ་ནི་ཉོན་མོངས་པའི་མངོན་དུ་རྒྱུ་ནི་ཤིན་ཏུ་ཕྲ་བ་ཡང་མེད་དོ་ཞེས་པ་སྟེ། དེ་ལྟ་བས་ན་ཐོག་མ་མེད་པ་ཅན་གྱི་དངོས་པོ་མེད་པ་མངོན་པར་ཞེན་པའི་ངོ་བོའི་མ་རིག་པ་ནི་དེ་དང་འགལ་བའི་ངོ་བོ་ཉིད་པའི་ཤེས་པས་སྤོང་ཞིང་དེའི་ཀུན་ནས་ལྡང་བའི་གཟུང་བའི་རྣམ་པར་རྟོག་པ་ལ་སོགས་པ་ཡང་སྤོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ན་མ་རིག་པ་དང་དངོས་སུ་འགལ་བའི་བྱང་ཆུབ་ཀྱི་སེམས་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངེས་པར་བསྒོམ་པར་བྱ་བ་བསྟན་ཏོ། །ཁ་ཅིག་གིས་ཡང་དེ་ལྟར་བཤད་པའི་རྣམ་པར་གཞག་པ་ལས་གཞན་དུ་སོ་སོར་སྒྲུབ་པར་བྱེད། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་མཚན་ཉིད་ཀྱི་སྦྱོར་བའི་འདུན་པ་ནས་ཀྱི་སེམས་བསྐྱེད་པ་བཅུ་དགུ་པོ་རྣམས་ལ། སེམས་བསྐྱེད་པ་རེ་རེ་ཞིང་སྦྱོར་བ་རབ་ཀྱི་མཐར་ཕྱིན་པའི་གནས་སྐབས་ནི་རྩེ་མོའི་མངོན་པར་རྟོགས་པ་ལས། སྦྱོར་བའི་གོ་རིམས་ཀྱིས་གནས་སྐབས་ཉིད་ནི་མཐར་གྱིས་པའི་མངོན་པར་རྟོགས་པའོ། །ཉི་ཤུ་པ་ནི་སྦྱོར་བ་རབ་ཀྱི་མཐར་ཕྱིན་པ་དང་གོ་རིམས་རྣམས་ཀྱི་མཐར་ཐུག་པའི་གནས་སྐབས་ཏེ། སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའོ། །རྩེ་མོའི་མངོན་པར་རྟོགས་པའི་ཁྱད་པར་གྱིས་ལམ་གྱི་རྟགས་དང༌། རྣམ་པར་འཕེལ་བ་དང༌། བརྟན་པ་དང༌། སེམས་ཀུན་ཏུ་གནས་པ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་དྲོད་དང༌། རྩེ་མོ་དང༌། བཟོད་པ་དང་ཆོས་ཀྱི་མཆོག་གི་ངོ་བོ་རྣམས་དང༌། རབ་ཏུ་དགའ་བའི་སའི་མཐོང་བའི་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་མཚན་ཉིད་ཀྱི་སྐད་ཅིག་མ་གཅིག་ལ་རྣམ་པར་རྟོག་པ་བཞིའི་མངོན་པར་རྒྱུ་རབ་ཏུ་སྤོང་བའི་ངོ་བོར་ལྡོག་པས་རབ་ཏུ་ཕྱེ་བའི་རྣམ་པ་བཞི་སྟེ་སྐད་ཅིག་མ་གཅིག་པ་འདི་ཉིད་ཀྱིས་འདོད་པའི་ཁམས་ཀྱི་དེ་ལྟར་སྡུག་བསྔལ་གྱི་མཐོང་བས་སྤང་བར་བྱ་བའི་རྣམ་པར་


DTG090_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་རྣམས་ཀྱི་རབ་ཏུ་སྤོང་བར་འགྱུར་ལ། ཁམས་གོང་མ་གཉིས་ནི་ཅི་རིགས་པར་སྐད་ཅིག་མ་གཞན་རྣམས་ཀྱིས་ཏེ་ཞེས་པ་མངོན་པར་རྟོགས་པ་གཞན་དུ་བཤད་དེ། །དེ་ལྟ་ན་ནི་སྐད་ཅིག་མ་དང་པོར་ཡང་བཤད་ལ། ཅིའི་ཕྱི་ཡང་འདིར་བཤད་ཅེ་ན་དང་པོ་ལ་དེ་ཁོ་ན་ཉིད་མཐོང་ཡང་སྦྱིན་པ་ལ་སོགས་པ་རྣམས་ཕན་ཚུན་མེད་ཅིང་ཤིན་ཏུ་བསྡུ་བ་བསྒྲུབ་པར་འདོད་པས་ན་འདིའི་དོན་མེད་པ་མ་ཡིན་ནོ། །འོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ་རྣམ་པར་རྟོག་པ་བཞི་པོ་ཇི་ལྟར་བསྟན་པ་དེ་ལྟར་མཐོང་བའི་ལམ་གྱི་སྐད་ཅིག་མ་གཅིག་གི་སྤང་བྱར་རྣམ་པར་རྟོག་པ་རྣམས་ཅིའི་ཕྱིར་མ་བསྟན་ཞེ་ན། དེ་དང་དེར་འདུལ་བར་བྱ་བ་རྟོགས་པར་འདོད་པ་མེད་པས་ཞེས་པ་སྟེ་རྒྱ་ཆེར་སྤོང་བའི་དགོས་པ་མེད་དེ། བསྒོམ་པའི་ལམ་དུ་ནི་རྟོགས་པའི་བྱེ་བྲག་བརྒྱད་ཅུ་རྩ་གཅིག་སྟེ། དེ་ལ་དྲི་མ་མེད་པ་ལ་སོགས་པའི་བྱེ་བྲག་དྲུག་གིས་རྣམ་པར་རྟོག་པ་བཞིའི་མངོན་དུ་གྱུར་པས་སྤོང་བར་འགྱུར་ཞེས་པ་སྟེ། དེ་རྣམས་ཀྱང་ལྡོག་པའི་དབྱེ་བས་རྣམ་པ་བཞི་ལ།མི་གྱོ་བ་ལ་སོགས་པའི་བྱེ་བྲག་རྣམས་ཀྱིས་ནི་རྣམ་པར་རྟོག་པ་བརྒྱད་རྣམས་དང་གཞན་ཡང་བག་ཆགས་ཀྱིས་དེ་ལྟར་ལྷག་མ་རྣམས་སྤོངས་པར་འགྱུར་ཞིང༌། བྱེ་བྲག་བརྒྱད་ཅུ་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། རྡོ་རྗེ་ལྟ་བུ་དང་བར་ཆད་མེད་པའི་ལམ་མོ། །བྱེ་བྲག་གི་བརྒྱད་ཅུ་རྩ་གཅིག་པ་ནི་བསྒོམས་པས་བགྲོད་པར་བྱ་བའི་ལམ་སྟེ། དེ་ལྟར་བསྒོམ་པའི་ལམ་དང་རྣམ་པར་གྲོལ་པའི་ལམ་དང༌། རྣམ་པར་སྨིན་པ་དང་ཆོས་ཀྱི་སྐུར་རྣམ་པར་གཞག་གོ །མངོན་པར་རྟོགས་པ་གཞན་གྱི་བཤད་པའི་རྣམ་པར་གཞག་པ་ནི་འདིར་ཇི་ལྟར་རིག་པར་ཤེས་པར་བྱའོ། །འདིར་བཤད་པའི་དང་པོའི་གནས་སྐབས་སུ་གནས་པ་རྣམས་ནི་འཕགས་པ་རྣམ་པར་གྲོལ་བའི་སྡེའི་དགོས་པ་མ་ཡིན་ཏེ། གང་ཡང་ཚུ་རོལ་པ་ཡིས་རྣམ་པར་གཞག་པ་སྟེ། དེ་ལྟར་ཡང་དེས་བཤད་དེ། བཞི་པའི་རྩེ་མོ་མངོན་པར་རྟོགས་པའི་རྣམ་པར་འཕེལ་བ་ནི་རྣམ་པར་རྟོག་པ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་དང་རྟོགས་པས་ན་ཇི་ལྟར་ན་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་ཞེ་ན། དེ་ལྟར་ཡང་དག་པར་རྟོགས་པའི་གནས་སྐབས་ཀྱི་བྱང་ཆུབ་སེམས་དཔའི་མྱ་ངན་ལས་འདའ་བར་ལྟུང་བ་བཟློག་པའི་དོན་དུ་ཐུགས་རྗེ་ཆེན་པོས་མངོན་དུ་


DTG090_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ལ་དགོངས་པས་སོ་ཞེས་པ་དང༌། ཇི་ལྟར་སྲིད་པའི་རྣམ་པར་རྟོག་པ་བཞི་དང༌། གཉེན་པོ་དག་ནི་མཐོང་བ་དང་བསྒོམ་པའི་ལམ་དག་གི་རྣམ་པ་བཞི་རྟོགས་པ་པོར་རྣམ་པར་བཤད་པས་ཀྱང་དེ་རྣམ་པ་བཞིར་བཤད་པའོ་ཞེས་པ་ནི་གཅིག་ཅིག་གི་ཞེས་པ་ལ་སོགས་པས་ན་སྒྲིབ་པ་དང་བྲལ་བ་སྟེ། འདིར་མཐོང་བའི་ལམ་གྱིས་བཟོད་པ་སྐྱེས་པས་འདོད་པ་དང་གཟུགས་དང་གཟུགས་མེད་པས་བསྡུས་པར་སྐྱེས་པའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་རྣམ་པར་རྟོག་པས་ཡང་དག་པར་བསྡུས་པ་རབ་ཏུ་སྤོང་བར་འགྱུར་རོ་ཞེས་པ་ནི་འདོད་པ་ལ་སོགས་པས་བསྡུས་པའི་བརྒྱ་རྩ་བརྒྱད་པོ་གང་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ཅན་དེའི་འདིར་ཇི་ལྟར་རིགས་པར་སྤོང་བར་འགྱུར་ཞེས་པ་ལ་དགོངས་པ་སྟེ། རྣམ་པར་བཤད་པ་འདིའི་རྒྱས་པར་ནི་རྩེ་མོའི་མངོན་པར་རྟོགས་པ་ལ་སོགས་པ་ལ། གཞན་གྱིས་རྣམ་པར་བཤད་པ་ལ་ཆོས་ཤེས་པའི་བཟོད་པས་ནི་འདོད་པར་གཏོགས་པའི་སྤོང་བ་ལ། རྗེས་སུ་ཤེས་པའི་བཟོད་པས་ནི་ཁམས་གོང་མའི་འོ་ཞེས་པས་ཇི་ལྟར་ན་གཅིག་གིས་བརྒྱ་རྩ་བརྒྱད་སྤོང་སྟེ་ཞོག་ཅིག །སྐབས་སུ་བབ་པ་བརྗོད་པ་ནི་རྩེ་མོའི་མངོན་པར་རྟོགས་ཞེས་པ་འདིའི་རྣམ་པར་འཕེལ་བའི་གནས་སྐབས་སུ་ནི་རྒྱུན་གྱིས་རྣམ་པར་རྟོག་པ་མེད་པའོ་ཞེས་མངོན་པར་འདོད་པ་སྟེ་གཞན་དུ་ནི་ཅི་ཞིག་འདིས་ས་ཐམས་ཅད་དུ་ཡང་རྣམ་པར་རྟོག་པ་མེད་པའོ། །དེ་ལྟར་གྱུར་པས་རྣམ་པར་རྟོག་པའི་རྟོགས་པ་ནི་འཇིག་རྟེན་པའི་བཟོད་པའི་གནས་སྐབས་སུ་ནི་རྣམ་པ་ཐམས་ཅད་དུ་མི་སྲིད་དོ། །དེའི་ཕྱིར་མྱ་ངན་ལས་འདས་པ་ལྟུང་བ་ནི་དོགས་པ་ཡང་མེད་ལ། ཀུན་མཁྱེན་པ་གསུམ་གྱི་ཆོས་རྣམས་ཀྱི་བླ་ན་མེད་པ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །ཇི་ལྟར་ཡང་སྐད་ཅིག་མ་གཅིག་གི་མཐོང་བའི་ལམ་ལ་རྟོགས་པ་པོ་རྣམ་པ་བཞི་རྣམས་གང་གིས་དེའི་གཉེན་པོ་རྣམ་པ་བཞི་པར་འགྱུར་ཏེ། ཆོས་ཤེས་པའི་བཟོད་པས་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ལ་ཡང་མེད་ལ། དེ་ཡོངས་སུ་སྒྲུབ་པའི་མངོན་པར་རྟོགས་པས་གཞན་དུ་བྱས་ནས་རྣམ་པར་གཞག་པ་འགལ་བར་འགྱུར་ཏེ། གང་དུ་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ཉིད་ནི་འདིར་མཐོང་བའི་ལམ་སྟེ། ཆོས་ཤེས་པའི་བཟོད་པའི་སྐད་ཅིག་རྣམས་ཀྱིས་


DTG090_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་སྤོང་བ་ལ་ལྟོས་པར་ཁམས་གསུམ་པའི་རྣམ་པར་རྟོག་པ་སྤོང་བའི་ཚིག་ནི་རིགས་སོ་ཞེས་གསུངས་ལ། དེའི་སུན་འབྱིན་པ་ནི་སྔ་ནས་ཀྱང་བརྗོད་ཟིན་ཏོ། །འདིར་ཁ་ཅིག་གི་འདོད་པས་བསྒོམ་པའི་ལམ་ལ་རྟོགས་པའི་བྱེ་བྲག་དགུ་ཉིད་དེ་དེ་ལ་ཆུང་ངུའི་ཆུང་ངུའི་བྱེ་བྲག་རྟོགས་པར་འདོད་པའི་ཁམས་ལ་སོགས་པའི་ས་དགུ་པོ་རྣམས་ཀྱི་ཉོན་མོངས་པའི་བྱེ་བྲག་ཆེན་པོ་དགུ་ལན་ཅིག་གིས་སྤོང་བར་འགྱུར་ཏེ། ཇི་སྲིད་དུ་རྟོགས་པ་ཆེན་པོའི་ཆེན་པོས་ཉོན་མོངས་པའི་བྱེ་བྲག་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ་སྤོང་བར་འགྱུར་ཏེ། དེ་ལྟར་རྟོགས་པའི་བྱེ་བྲག་དགུ་པོ་རྣམས་ཀྱི་ས་དགུའི་ཉོན་མོངས་པའི་བྱེ་བྲག་བརྒྱད་ཅུ་རྩ་གཅིག་སྤོང་བར་འགྱུར་རོ་ཞེས་པ་དེ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་ན་ཁམས་གསུམ་དུ་གྱུར་པའི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་བྱེ་བྲག་མ་ལུས་པས་སྤངས་པའི་རྟོགས་པའི་བྱེ་བྲག་དགུ་པོ་དེ་ལྟར་ཆོས་ཀྱི་སྐུར་འགྱུར་བས་བྱང་ཆུབ་སེམས་དཔའི་ས་བཅུར་མི་འགྱུར་ཏེ། སེམས་བསྐྱེད་པ་བཅོ་ལྔ་ལ་སོགས་པ་རྣམས་ལས་མེད་པར་འགྱུར་རོ། །བསྒོམ་པའི་ལམ་གྱི་རྟོགས་པའི་བྱེ་བྲག་དགུ་པ་ལ། བྱང་ཆུབ་སེམས་དཔའ་ཕྱིར་མི་འོང་བར་བསྒྲུབས་པས་གནོད་པར་འགྱུར་ཞིང༌། དགྲ་བཅོམ་པའི་འབྲས་བུ་ལ་གནས་པའི་རྣམ་པར་གཞག་པ་མེད་པར་འགྱུར་ལ། དེ་ལས་གཞན་པའི་གང་ཟག་ལ་སོགས་པའི་རྣམ་པར་གཞག་པ་འཇིག་པར་འགྱུར་རོ་ཞེས་པས་ན། སྔོན་བཤད་པས་རྣམ་པར་གཞག་པས་རྣམ་པར་གཞག་སྟེ་རྣམ་པ་དེ་ལྟ་བུའི་བརྗོད་པ་ལ་དགའ་བ་ལ་དོགས་པ་མེད་དོ། །དེ་ལྟར་གཟུགས་ལ་སོགས་པའི་རྣམ་པར་རྟོག་པའི་བདག་ཉིད་ཅན་རྣམས་ཀྱི་ས་ལ། ཡམས་ནད་འདི་དག་ཟད་ནས་ནི། །ཡུན་རིངས་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་བསྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྦ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་སྟེན་པར་བྱེད། །ཅེས་པ་བསྟན་བཅོས་ལས། རང་བཞིན་གྱིས་གྲུབ་པའི་ཡོན་ཏན་འབའ་ཞིག་བགྲོད་པའི་སྐྱོན་མེད་པའི་ཕུང་པོ་སྟེ། ཡུན་རིང་པོར་སྐྱོན་ཟད་པར་རབ་ཏུ་རྟེན་པ་བཞིན་དུ་བསྟེན་ནས་སྐྱོན་ཐམས་ཅད་སྤངས་པ་ནི་


DTG090_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་པའོ། །ཆུ་བོ་ནི་ཚོགས་སོ། །དེའི་ཞེས་པ་ལ་སོགས་པ་ནི་ཕན་ཡོན་ནོ། །འདིར་ཞེས་པ་ནི་བསྒོམ་པའི་ལམ་གྱི་བྱེ་བྲག་གི་ཐ་མ་སྟེ། བྱེ་བྲག་དེ་གོང་མ་ནི་རྡོ་རྗེ་ལྟ་བུ་དང༌། བར་ཆད་མེད་པའི་ལམ་སྟེ། ཇི་སྲིད་དུ་བར་ཆད་མེད་པའི་ཏིང་ངེ་འཛིན་ནས་སངས་རྒྱས་ཉིད་ཀྱི་རྟོགས་པའི་བར་དུ་རྣམ་པར་གཞག་པ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུ་རྟོགས་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའ་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ཀྱང༌། །སངས་རྒྱས་ཉིད་ཐོབ་པར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་ཏེ་བར་ཆད་མེད་པ་ནི་གང་དུ་སངས་རྒྱས་ཉིད་ཐོབ་པ་ལ་བར་ཆད་མེད་དེ། བར་མ་ཆོད་པའི་དགུའོ། །བསོད་ནམས་མང་པོ་ཉིད་ནི་ཡུམ་ཆེན་མོར་གསུངས་ལ་འདིར་ནི་དམིགས་པ་ཅན་གྱི་བྱང་ཆུབ་སེམས་དཔའ་གང་ཞིག་བསོད་ནམས་བྱིན་པ་བས། ཏིང་ངེ་འཛིན་གྱི་སེ་གོལ་དང་ཡུད་ཙམ་དུ་ཡང་སྙོམས་པར་འཇུག་པར་བྱེད་པ་བསོད་ནམས་མང་པོ་ཉིད་ཀྱིས་ཏེ། ཚིག་ལེའུར་བྱས་པར་ནི་ཀྱང་གིས་བརྗོད་དོ། །དོན་ཀུན་ཏུ་བསྡུས་པའི་ཕྱིར་འདི་ཉིད་གསུངས་ལ། དེ་ཞེས་པ་ནི་སངས་རྒྱས་ཉིད་དེ་རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་དོ། །འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་བསྟན་བཅོས་ལས་ཏེ། འདི་རྣམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམས་སོ། །དམིགས་པ་དངོས་མེད་ནི་ཆོས་རྣམས་ཐམས་ཅད་ལ་ངོ་བོ་ཉིད་མེད་པའི་སྟོང་པ་ཉིད་དོ། །དྲན་པ་ནི་བདག་པོའི་རྐྱེན་ལ། རྣམ་པ་ཞི་པ་ཉིད་ནི་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་རང་བཞིན་ནོ། །འདི་ལ་ནི་ཐམས་ཅད་མཁྱེན་པ་ཉིད་ལའོ། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ་བ་ནི་རབ་ཏུ་འཕྲོག་པར་བྱེད་པའི་ཕྱིར་ཆོད་པ་སྟེ། འདི་ལ་གསུངས་པ་ནི། ཐབས་ལ་མཁས་པ་ཐམས་ཅད་ཡོངས་སུ་བཟུང་བར་འདོད་པས་ཞེས་པ་ལ་སོགས་པ་སྟེ། ཐབས་ལས་འབྱུང་བས་ཐབས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ། དེའི་མཁས་པ་ནི་ལོག་པར་བསྒྲུབས་པ་རྣམས་སེལ་བས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་བར་ཆད་མེད་པའི་ཏིང་ངེ་


DTG090_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་མཚན་ཉིད་ལའོ། །སྤྱོད་པར་བྱ་བ་ནི་སྦྱོར་བ་དང་མངོན་པར་སྒྲུབ་པས་སོ། །མངོན་པར་བསྒྲུབས་ནས་བསྒོམ་པར་བྱའོ། །བསྒོམས་པ་རྣམས་ལ་དེའི་རྗེས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་ལོག་པར་བསྒྲུབས་པ་རྣམས་ཐམས་ཅད་ཟད་པས་སོ་ཞེས་པ་ལ་དགོངས་པའོ། །མངོན་པར་སྒྲུབ་པར་བྱེད་པ་ནི་མངོན་པར་འདུ་བྱེད་པའོ། །མངོན་པར་བསྒྲུབ་པར་བྱ་བ་ནི་ཀློང་དུ་འགྱུར་བར་བྱ་བའོ། །གང་གིས་ཞེས་པ་སྟེ་གང་གིས་ནི་མཚམས་སོ། །སྐལ་པ་མེད་པ་ཞེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པས་དགོངས་པའི་ཕན་ཡོན་གསུངས་ཀྱི། བར་ཆད་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ནི་མ་ཡིན་ཏེ། དེ་ལ་ནི་ངན་འགྲོ་འམ་བདེ་འགྲོ་མེད་དེ་བར་ཆད་མེད་པར་བྱང་ཆུབ་ཐོབ་སྟེ་ལྷག་མ་ནི་གོ་སླའོ། །ལོག་པར་བསྒྲུབས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང༌། །རྣམ་ཀུན་མཁྱེན་པའི་ཚུལ་དང་ནི། །དམ་པའི་དོན་དང་ཀུན་རྫོབ་དང༌། །སྦྱོར་དང་དཀོན་མཆོག་གསུམ་པོ་དང༌། །ཐབས་བཅས་ཐུབ་པའི་རྟོགས་པ་དང༌། །ཕྱིན་ཅི་ལོག་ནི་ལམ་བཅས་དང༌། །གཉེན་པོ་མི་མཐུན་ཕྱོགས་དག་དང༌། །མཚན་ཉིད་དང་ནི་བསྒོམ་པ་ལ། །འདོད་པ་རྣམས་ཀྱིས་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་སྨྲ་རྣམས་ཀྱིས། །ཞེས་ཏེ་ཇི་ལྟར་བཅུ་དྲུག་ན་གང་དུ་བཅུ་དྲུག་པོ་དེ་རྣམས་ནི་རང་གི་དོན་དུ་སྟེ། དམིགས་པ་འཐད་པ་ལ་སོགས་པ་རྣམས་སོ། །ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཞེ་ན། དམིགས་པ་ལ་སོགས་པ་འདི་རྣམས་ཀྱིས་ཡུལ་ཏེ། །ཡུལ་གྱི་འབྲེལ་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡུལ་ཉིད་དུ་ཉེ་བར་བརྟགས་པ་ནི་ལོག་པར་སྒྲུབ་པ་སྟེ། ཕལ་ཆེ་བ་ནི་གཉེན་པོ་གསུངས་པས་ཤེས་པར་བྱ་སྟེ། ཡུམ་ཆེན་མོ་ལས་དེ་ལ་དང་པོའི་འདུས་བྱས་དང་འདུས་མ་བྱས་པ་ཡང་རང་བཞིན་གྱིས་སྟོང་ཞེས་པས་ཅུང་ཟད་མེད་པ་ལ་ཇི་ལྟར་དམིགས་པ་གང་གིས་བརྗོད་པར་འགྱུར་ཏེ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མེད་པ་ལ་དམིགས་པའོ་ཞེས་པས་ནི་ལོག་པར་སྒྲུབ་པ་ལ་ཀུན་རྫོབ་ཏུ་ཆོས་རྣམས་ཐམས་ཅད་དམིགས་ཞེས་པ་ནི་ལན་ཏེ་ཞེས་པ་ནི་དམིགས་པ་འཐད་པའོ། །གལ་ཏེ་ཆོས་རྣམས་ཐམས་ཅད་


DTG090_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པ་ནི་ཇི་ལྟར་ན་ལས་དང་པོ་པས་སྦྱིན་པ་ལ་སོགས་པ་ལ་སྤྱོད་པར་འགྱུར་ཞེ་ན། ལན་ནི་སྦྱིན་པ་དང་སྦྱིན་བདག་དང་སྦྱིན་པ་པོ་རྣམས་ཀྱི་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ངེས་པར་གཟུང་བའི་ཐབས་ལ་མཁས་པས་ཀུན་རྫོབ་ཏུ་སྤྱོད་ཅིང་ཡོངས་སུ་འདྲིས་པར་བྱེད་དོ་ཞེས་པ་ནི་དེའི་ངོ་བོ་ཉིད་ངེས་པར་གཟུང་བའོ། །བདེན་པ་མཐོང་བས་དེ་ལྟར་དངོས་པོ་དང་དངོས་པོ་མེད་པར་དམིགས་སུ་མེད་པ་ལ་ཇི་ལྟར་དངོས་པོ་མེད་པར་ཀུན་དུ་ཤེས་ཞེས་པ་ནི་ལོག་པར་སྒྲུབ་པ་ལ། ལན་ནི་ཀུན་རྫོབ་ཏུ་སྦྱིན་པ་ལ་སོགས་པ་རྣམ་པར་དཔྱོད་ཅིང་སྦྱིན་པ་ལ་སོགས་པ་སོ་སོར་མེད་པའོ་ཞེས་ཤེས་ན་དོན་དམ་པ་ནི་མ་ཡིན་ཏེ། འདིར་སྦྱིན་པ་ལ་སོགས་པའི་ལམ་གྱི་བྱེ་བྲག་རྣམས་ཐམས་ཅད་དང་རྣམ་པ་ཐམས་ཅད་དེ་རྣམ་པ་ཤེས་པ་ཉིད་ཀྱིས་ཡེ་ཤེས་ལ་དངོས་པོ་དང་དངོས་པོ་མེད་པར་དམིགས་སུ་མེད་དོ་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བདག་ཉིད་ཀུན་རྫོབ་ཀྱང་གཞན་ལ་དོན་དམ་པ་ཡང་གཞན་ནམ་ཞེས་པ་ནི་འདྲི་བ་ལ། ལན་ནི་ཀུན་རྫོབ་ཉིད་དོན་དམ་པ་སྟེ། དེ་དག་གི་དེ་བཞིན་ཉིད་ནི་གཅིག་ཉིད་དོ། །གང་དུ་འཕགས་པ་ཀླུ་སྒྲུབ་ཀྱིས། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་པ་ཉིད་ནི་ཀུན་རྫོབ་སྟེ། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་དག་བཞིན་ནོ། །ཞེས་གསུངས་ཏེ། འོན་ཀྱང་ཕུང་པོ་སྤྲུལ་པ་རྣམས་ལ་དོན་དམ་པའི་དངོས་པོའི་འདུ་ཤེས་རྣམས་ཡོད་པ་མ་ཡིན་ནོ་ཞེས་པ་ནི་ཀུན་རྫོབ་ཏུ་བསྟན་ཏེ། ཀུན་རྫོབ་ཏུ་ཡང་དངོས་པོ་མེད་པའི་འདུ་ཤེས་རྣམས་ཀྱི་དངོས་པོའི་ཞེས་པའོ། །དོན་དམ་པར་ནི་དངོས་པོ་མ་ཡིན་པ་ལ་དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་པ་ནི་བདེན་པ་གཉིས་ལའོ། །སྦྱོར་བ་དང་སྤྱོད་པས་འདིའི་ཚུལ་ལ་ཉེ་བར་དམིགས་པ་ཉིད་ཀྱིས་ཏེ། གཞན་དུ་ན་གང་གིས་གང་ལ་སྦྱིན་ཞེས་པ་ནི་ཇི་ལྟར་སྤྱོད་པ་ལ་ལན་ནི། སྤྲུལ་པ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་རྣམས་ཀྱང་ཐམས་ཅད་དུ་འཁོར་གསུམ་ཉེ་བར་མི་དམིགས་པས་སོ་ཞེས་པ་ནི་སྦྱོར་བ་ལའོ། །གལ་ཏེ་རྟོགས་པར་བྱེད་ཅེས་པས་སངས་རྒྱས་ན་ཐམས་ཅད་མཁྱེན་པ་དེ་ལ་མི་འགྲུབ་སྟེ་གཟུང་བ་དང་འཛིན་པ་དག་གིས་སོ། །དེ་ནས་རྟོགས་བྱ་མེད་ན་དེ་ལྟན་ནི་ཅི་ཞིག་རྟོགས་པར་བྱེད་པས་སངས་རྒྱས་ཞེས་ཏེ། འདིའི་ལན་ནི་རྟོགས་


DTG090_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དང་རྟོགས་བྱེད་རབ་ཏུ་རྟོགས་པའི་ཡང་དག་པའི་ཡེ་ཤེས་དེ་ལ་ཤིན་ཏུ་ཡོད་པ་མིན་ཞེས་པ་ནི་རྟོགས་པ་ལའོ། །ཡང་གསུངས་པ་ནི། ཡང་དག་པའི་དོན་ནི་སངས་རྒྱས་ཞེས་ཏེ། དེ་ལྟར་ཡང་ཀུན་རྫོབ་ཀྱི་ཕུང་པོ་ལྔའི་ངོ་བོ་ཉིད་དོན་དམ་པའི་ངོ་བོ་ཉིད་མེད་པའོ་ཞེས་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ནི་ཡང་དག་པའི་དོན་གྱི་ཡུལ་ཏེ། སྟོང་པ་ཉིད་དང་རོ་གཅིག་པ་ཉིད་གང་གིས་མངོན་སུམ་པ་དེ་ནི་དེ་ལྟར་བརྗོད་དུ་མེད་པ་སྟེ། གཞན་ཡང་དེ་བརྗོད་པ་ནི། ཆོས་རྣམས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་སངས་རྒྱས་པས་དེ་ལྟར་སངས་རྒྱས་ཞེས་པ་སྟེ། ཇི་ལྟ་བ་བཞིན་དུ་དེ་བཞིན་ཉིད་དང་རོ་གཅིག་པའི་རྣམ་པ་ཐམས་ཅད་དུ་མ་ལུས་པ་ཡང་དག་པར་སྒྲིབ་པ་དང་བཅས་པས་དབེན་པའི་ཡེ་ཤེས་ཉིད་ཀྱིས་སངས་རྒྱས་ཉིད་འདི་ལ་ཤིན་ཏུ་ཡོད་པས་སངས་རྒྱས་སོ། །རྟོགས་པར་བྱེད་ཅེས་པས་ཀྱང་སངས་རྒྱས་ཏེ། བྱེད་པ་པོ་དང་དེ་ལྟ་བ་ལའོ། །འདིར་ཆོས་རྣམས་ཐམས་ཅད་ལ་དོན་དམ་པར་ངོ་བོ་ཉིད་མེད་པས་གཟུང་བ་དང་འཛིན་པས་གཟུང་བ་རྣམ་པ་ཐམས་ཅད་དུ་མི་སྲིད་ལ་ཀུན་རྫོབ་ཏུ་ནི་མ་བརྟགས་པ་ན་ཉམས་དགའ་བའི་ཇི་ལྟ་བ་དེ་ལྟར་རོ་ཞེས་པ་ནི་སངས་རྒྱས་དཀོན་མཆོག་ལའོ། །ཆོས་ནི་ཆོས་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་ཕུང་པོ་ལྔ་པོ་རྣམས་ཀྱི་རང་བཞིན་དོན་དམ་པའི་ཕྱིར་སྒྲིབ་པ་གཉིས་ཀྱི་བག་ཆགས་དང་བཅས་པ་སྤངས་ནས་རྣམ་པར་དག་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡང་གནས་ཡིན་པའི་ཕྱིར་དཀོན་མཆོག་གོ་ཞེས་པ་ནི་ཆོས་དཀོན་མཆོག་སྟེ། གཙོ་བོ་རྟོགས་པར་འགྱུར་ཞེས་པས་བྱང་ཆུབ་ཅེས་བརྗོད་དེ། གང་དུ་ངོ་བོ་ཉིད་མེད་པར་རྟོགས་པར་འགྱུར་བ་ནི་དེའི་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ཀུན་རྫོབ་པའི་ཆོས་ཐམས་ཅད་ལས་ཁྱད་པར་འཕགས་པའི་ཕྱིར་ཆོས་དཀོན་མཆོག་ལ། གཙོ་བོའི་ཆོས་འདིའི་ཡུལ་ཉིད་པས་ཀྱང་ཉེ་བར་བརྟགས་པས་བླ་ན་མེད་པའི་བྱང་ཆུབ་བོ། །དེ་ལ་ཆོས་ཉིད་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས་གསུངས་པ་ནི་བྱང་ཆུབ་ནི་སྟོང་པ་ཉིད་དང་དེ་བཞིན་ཉིད་ཡང་དག་པའི་མཐའ་དང་ཆོས་ཉིད་དང་ཆོས་ཀྱི་དབྱིངས་སོ་ཞེས་པ་སྟེ། སྟོང་པ་ཉིད་ནི་ངོ་བོ་ཉིད་དང༌། དེ་བཞིན་ཉིད་ནི་འགྱུར་བ་མེད་པའི་ཕྱིར་རོ། །ཡང་དག་པའི་མཐའ་ནི་དེ་ཁོ་ན་ཉིད་ཀྱི་རྩེ་མོའི་


DTG090_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །ཆོས་ཉིད་ནི་ཆོས་ཀྱི་རང་བཞིན་གྱི་ཕྱིར་རོ། །ཆོས་ཀྱི་དབྱིངས་ནི་འཕགས་པའི་ཆོས་རྣམས་ཀྱི་རྒྱུའི་ཕྱིར་རོ། །ཡེ་ཤེས་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས་གསུངས་པ་ནི། བྱང་ཆུབ་ནི་དེ་བཞིན་ཉིད་དང་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་དང་གཞན་མ་ཡིན་པའི་དེ་བཞིན་ཉིད་དང་གཞན་དང་ལྡན་པ་མ་ཡིན་པའི་དངོས་པོ་ནི་བྱང་ཆུབ་བོ་ཞེས་པ་ལ། བྱང་ཆུབ་ནི་རྟོགས་པའི་དེ་བཞིན་ཉིད་དེ། དེ་ཉིད་དོན་དམ་པར་ངོ་བོ་ཉིད་མེད་དེ། ཀུན་རྫོབ་ཀྱི་ངོ་བོའི་དངོས་པོ་ལ་ནི་དངོས་པོའི་ངོ་བོ་ཡོད་པ་མ་ཡིན་པས་སོ། །ཕྱིན་ཅི་ལོག་ནི་ཡོད་པ་དང་མེད་པ་ཉིད་ལ་སོགས་པའི་ཕྱིན་ཅི་ལོག་དེ་བཞིན་ཉིད་དེ་འཁྲུལ་པ་མེད་པ་ཉིད་དོ། །གཞན་མ་ཡིན་པའི་དེ་བཞིན་ཉིད་ནི་ཀུན་རྫོབ་ཏུ་གཞན་དུ་མ་རིག་པས་དབེན་པའི་ངོ་བོ་སྒྲོ་བཏགས་པས་དེ་ལྟར་གཞན་དུ་མ་ཡིན་པ་སྟེ། ཀུན་རྫོབ་ཀྱི་ངོ་བོ་ཉིད་ཁོ་ན་དེའི་དེ་བཞིན་ཉིད་དང་དོན་དམ་པ་སྟེ། བདེན་པ་ཉིད་དང་མི་བདེན་པ་ཉིད་ལ་སོགས་པའི་སྤྲོས་པས་སྟོང་པ་ཉིད་དོ། །གཞན་དང་ལྡན་པའི་དངོས་པོ་མ་ཡིན་ཞེས་པ་ནི་བྱང་ཆུབ་ཀྱི་རང་བཞིན་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དེ། དེ་ལ་བདེན་པའི་དངོས་པོ་དང་བདེན་པའི་དངོས་པོར་ཤེས་པ་ཉིད་ཀྱི་མ་རིག་པའི་བག་ཆགས་ཀྱིས་བྱས་པ་ནི་གཞན་དང་ལྡན་པའི་དངོས་པོ་ལ། མ་རིག་པའི་བག་ཆགས་ཟད་པས་དེ་དང་བྲལ་བ་ནི་གཞན་དང་ལྡན་པ་མ་ཡིན་པའི་དངོས་པོ་སྟེ། འཁྲུལ་པ་ཐམས་ཅད་ཀྱིས་དབེན་པའི་ཀུན་རྫོབ་དང་དོན་དམ་པར་རོ་གཅིག་པའི་ཡེ་ཤེས་ནི་བྱང་ཆུབ་བོ་ཞེས་པའི་དོན་ཏོ། །ཡང་གསུངས་པ་ནི། སངས་རྒྱས་རྣམས་ཀྱིས་རྟོགས་པ་ལ་བྱང་ཆུབ་ཅེས་པ་སྟེ། ཡང་ཆོས་ཉིད་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས་གསུངས་པ་ནི། སངས་རྒྱས་རྣམས་ཀྱིས་མངོན་པར་རྟོགས་པར་བྱ་བས་དེའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ནི་རྟོགས་པར་འགྱུར་བའི་བྱང་ཆུབ་ཀྱི་ལས་ལ་སྟེ། རབ་ཀྱི་མཐར་སོན་པ་ནི་དེ་བཞིན་གཤེགས་པར་གཟུང་བར་བྱ་ལ། དེ་ཡང་ཕུང་པོ་ལྔ་པོ་རྣམས་ཀྱིས་སྟོང་པ་ཉིད་ཁོ་ནའོ། །འོ་ན་ཕུང་པོ་ལྔ་པོ་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། དེའི་སྟོང་པ་ཉིད་ཀྱང་གཟུང་དུ་མེད་ལ། བྱང་ཆུབ་ནི་དེའི་དེ་རྣམས་དང་རང་རང་གིས་ཀྱང་སྟོང་པ་ཉིད་པས་འཛིན་པ་མ་ཡིན་པ་ལ་གང་ཡང་གཟུང་བ་དང་འཛིན་པའི་དབྱེ་བ་མེད་ཅིང་དབྱེ་བ་མེད་པ་མ་ཡིན་ཏེ། ཐ་དད་པ་དང་ཐ་དད་པ་མེད་


DTG090_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ནི་དངོས་པོའི་ཆོས་ཀྱི་ཕྱིར་རོ། །དེའི་ཕྱིར་ན་རྣམ་པ་མེད་པ་མ་ཡིན་ལ། རྣམ་པ་དང་བཅས་པ་ཡང་མ་ཡིན་ཞེས་པ་ཇི་ལྟར་བརྗོད་པའི་མཚན་ཉིད་ནི་བྱང་ཆུབ་བོ་ཞེས་པ་ནི་ལེགས་པར་སྒྲུབ་པ་ལ། བདེན་པས་མ་རིག་པའི་བག་ཆགས་དང་བཅས་པ་སྤོང་གི །དོན་དམ་པ་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱི་གཟུང་བ་དང་འཛིན་པའི་ཐ་དད་དང་ཐ་དད་ལ་སོགས་པའི་སྤྲོས་པ་མཐའ་དག་པའི་ལོག་པའི་རྣམ་པར་རྟོག་པ་མེད་པ་ལ་ཡོངས་སུ་དག་པའི་ཀུན་རྫོབ་མ་བརྟགས་ན་ཉམས་དགའ་བའི་དེ་ཁོ་ན་ཉིད་རྟོགས་པ་ནི་བྱང་ཆུབ་སྟེ། ཀུན་རྫོབ་ཏུ་ཡང་གདུལ་བྱ་ཁ་ཅིག་ལ་ཡང་ལྡོག་པས་ཕྱེ་ནས་རྣམ་པར་གཞག་པའོ། །མ་རིག་པ་དང་བཅས་ནས་སྐྱེས་པའི་ཆོས་རྣམས་ཐམས་ཅད་ནི་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་གཟུང་བ་ལ་སོགས་པ་ལྡོག་པས་རང་རིག་པ་ལ་སོགས་པ་ལྡོག་པར་ཚད་མས་ངེས་པས་མ་བརྟགས་ཉམས་གཟུང་བ་ལ་སོགས་པ་དང་རང་རིག་པ་ལ་སོགས་པ་ནི་ཀུན་རྫོབ་ཏུ་རྣམ་པར་གཞག་པར་བྱའོ། །མ་རྟོགས་པ་ལ་ནི་དངོས་པོ་ལ་ཅུང་ཞིག་རྟོགས་པའི་ཚད་མ་དང་ལྡན་པ་ལ་ནི་གཞན་དུ་འདིར་ཅུང་ཞིག་ནི་ཀུན་རྫོབ་པ་ལ་ཅུང་ཞིག་ནི་དངོས་པོའོ་ཞེས་ཏེ། རྒྱ་ཆེར་སྤྲོས་པས་དགོས་པ་མེད་པའོ། །དེའི་ཕྱིར་སྟོང་པ་ཉིད་དང་རོ་གཅིག་པའི་སྟོང་པ་ཉིད་ཀྱིས་ཡུལ་ལ་རྣམ་པར་དག་པའི་བློས་སྟོང་པ་ཉིད་དུ་རྟོགས་པ་དེ་ཉིད་ཆོས་དཀོན་མཆོག་ཅེས་པ་ནི་ཆོས་དཀོན་མཆོག་གོ །འདིར་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་དགེ་འདུན་དཀོན་མཆོག་སྟེ། དེ་ཡང་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལས་ཐམས་ཅད་དེའི་ཁོངས་སུ་གཏོགས་པར་འགྱུར་རོ་ཞེས་པ་དེ་ནི་མི་འཐད་དེ། ཡང་དག་པར་བཅོམ་པའི་ཕྱིར་དང༌། མི་འབྲལ་བ་དང་མི་བྱེད་པ་དང་མི་འཕྲོགས་པའི་ཕྱིར་རོ་ཞེས་པའི་དོན་ཏེ། གང་གི་ཕྱིར་གང་གིས་རྟོགས་ཞེས་པ་ནི་ལོག་པར་སྒྲུབ་པ་ལ། ལན་ནི་ཡང་དག་རྫོགས་པའི་བྱང་ཆུབ་ནི་ལྷ་དང་བཅས་པ་བདུད་དང་བཅས་པའི་འཇིག་རྟེན་གྱིས་གཞོམ་དུ་མེད་ཅིང་དམན་པའི་བྱང་ཆུབ་ཀྱི་ཆོས་རྣམས་དང་མི་དགེ་བ་རྣམས་ཀྱིས་མི་འཕྲོགས་པ་སྟེ། ཇི་སྐད་དུ་བཤད་པའི་ངེས་པར་འབྱེད་པའི་ཡན་ལག་ནས་བཟུང་སྟེ་ཞེས་པ་ལ་སོགས་པ་ནི་དགེ་འདུན་དཀོན་མཆོག་ལའོ། །ཚིག་ལེའུར་བྱས་པ་ལས་ཐབས་ལ་མཁས་པ་


DTG090_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་བཤད་པ་ནི། ཡུལ་གྱིས་ཡུལ་ཅན་བསྟན་པ་སྟེ། གལ་ཏེ་ཡང་བདེན་པ་མཐོང་བ་དང་མ་མཐོང་བ་དག་གི་ཐབས་ལ་མཁས་པར་བཤད་ནས། དེ་ལྟར་ན་ཡང་དེ་སྲིད་དུ་དམན་པའི་བྱང་ཆུབ་དག་ལས་ལྡོག་པ་མེད་དེ། སྦྱིན་པ་ལ་སོགས་པ་རྣམས་ནི་དམིགས་པ་མེད་པས་མེད་དོ་ཞེས་པ་ནི་ལོག་པར་སྒྲུབ་པ་ལ་ལན་ནི་ཐམས་ཅད་མཁྱེན་པའི་སེམས་ཀྱིས་སྦྱིན་པ་ལ་སོགས་པ་རྣམས་ལ་སྤྱོད་པའི་ཀུན་རྫོབ་དང༌། དོན་དམ་པར་འཁོར་གསུམ་མི་དམིགས་ཤིང་སྦྱིན་པ་ལ་སོགས་པ་རྣམས་ཀྱི་རྣམ་པར་སྨིན་པར་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ་ཞེས་པ་ལ་སོགས་པ་ཅན་ནི་ཐབས་ལ་མཁས་པའོ་ཞེས་པ་ནི་ཐབས་ལ་མཁས་པ་ལའོ། །རྟོགས་པ་ལ་ནི་མངོན་པར་རྟོགས་པ་ལ། ཐུབ་པ་ཞེས་པ་ནི་ཐུབ་པ་ཉིད་ཀྱི་རྟོགས་པ་ལ་མངོན་དུ་ཕྱོགས་པའི་ཡང་དག་པར་རྟོགས་ནི་དངོས་པོ་དང་དངོས་པོ་མེད་པ་དང༌། གཉི་གའི་ངོ་བོར་རྟོགས་པ་བཀག་པས་དེ་ལ་མངོན་པར་རྟོགས་པ་མེད་དོ་ཞེས་པ་ནི་ལོག་པར་རྟོགས་པ་ལ། ལན་ནི་མངོན་པར་རྟོགས་པ་ཡོད་དེ། གང་དུ་སྤྲོས་པ་མེད་པའི་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པ་མ་ཡིན་ནོ་ཞེས་པ་ནི་མངོན་པར་རྟོགས་པའོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱིན་ཅི་ལོག་བཞིའི་སྤྲོས་པ་དང་བྲལ་བའི་ཕྱིར་དེ་ནི་ཉན་ཐོས་ཀྱི་ལམ་དུ་འགྱུར་གྱི་སངས་རྒྱས་ཀྱི་ལམ་ནི་མ་ཡིན་ནོ་ཞེས་པའི་ལན་ནི། ཇི་སྲིད་དུ་རྣམ་པར་རྟོག་པའི་སྤྲོས་པ་དང་བཅས་པ་དེ་ཐམས་ཅད་ནི་ཕྱིན་ཅི་ལོག་སྟེ། དེའི་གཉེན་པོ་ནི་སྤྲོས་པ་མེད་པ་ཆོས་ཀྱི་དབྱིངས་རྣམ་པར་རྟོག་པ་མེད་པའི་ཕྱིར་དེ་སྤྲོ་བར་མི་བྱེད་ཅིང་རྣམ་པར་རྟོག་པར་མི་བྱེད་ལ་དངོས་པོ་དང་དངོས་པོ་མེད་པའི་སྤྲོས་པ་མེད་དེ། གཉི་ག་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་པ་ནི་ཕྱིན་ཅི་ལོག་པའོ། །འདིར་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱིས་ལམ་རྣམས་ཐམས་ཅད་ཀྱི་འབྲས་བུ་དང་བཅས་པར་བྱེད་ཅིང༌། དེའི་ལམ་དེའི་ཡོངས་སུ་རྫོགས་པར་བྱེད་པས་དེའི་འབྲས་བུ་མངོན་སུམ་དུ་བྱེད་ནས་བརྒྱད་པ་དང་དགུ་རྒྱུན་དུ་ཞུགས་པ་ལ་སོགས་པར་ཐལ་བར་འགྱུར་ཞེས་པའི་ལན་ནི། སེམས་ཅན་གང་ཞིག་གང་གིས་འབྲས་བུ་ལ་


DTG090_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དགོད་པར་བྱ་བ་དེ་དེའི་ལ་རྣམ་པར་དགོད་དེ་སྲིད་དུ་སངས་རྒྱས་ཉིད་ཀྱི་བར་ལ་སྟེ། རང་བཞིན་ཉིད་ནི་ཐེག་པ་དམན་པའི་ས་ཐམས་ཅད་ཡེ་ཤེས་ཀྱིས་མཐོང་ནས་མི་གནས་ཤིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་གནས་པར་འགྱུར་རོ་ཞེས་པ་ནི་ལམ་ལའོ། །གལ་ཏེ་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པ་དེ་རྣམས་འདུལ་བའི་ཆོས་འདུལ་བ་དེ་གལ་ཏེ་ཡོད་ན། དེ་ལྟར་ན་སེམས་ཅན་ཉོན་མོངས་པ་མེད་དེ། དེས་དེ་རྣམས་ཀྱི་ལྡན་པ་འམ་མི་ལྡན་པར་ཁས་བླང་བར་མི་བྱའོ་ཞེས་པའི་ལན་ནི། དེ་ལྟར་འཕགས་པའི་གང་ཟག་རྣམས་ཐམས་ཅད་དེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པ་རྣམས་དང་ལྡན་པ་དང་མི་ལྡན་པ་ཡང་མིན་ལ་བྲལ་བ་ཡང་མ་ཡིན་པའི་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ་མཚན་ཉིད་མེད་པའོ་ཞེས་པ་ལ་འདི་ནི་དེ་བཞིན་དུ་ཆོས་འདུལ་བ་སྟེ། གང་ཆིག་ལྡན་པ་དང་བྲལ་བའི་རྟོག་པ་འདུལ་བས་སོ་ཞེས་པ་ལ་དགོངས་པའོ་ཞེས་པ་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་དག་ལ་སྟེ། ཆོས་ལ་དངོས་པོ་མེད་པ་ནི་ཆོས་ཀྱི་མཚན་ཉིད་དོ་ཞེས་པ་ནི་ལོག་པར་སྒྲུབ་པ་ལ། ལན་ནི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཐམས་ཅད་ཀྱི་མཚན་ཉིད་ཐ་དད་པར་བསྟན་པར་བསྟན་པ་ནི་སེམས་ཅན་རྣམས་གཞུག་པའི་ཕྱིར་ཀུན་རྫོབ་ཏུ་ལ། དོན་དམ་པར་ནི་ཆོས་རྣམས་ཐམས་ཅད་ཀྱི་མཚན་ཉིད་དམིགས་སུ་མེད་པའི་ཕྱིར་མཚན་ཉིད་ལ་བསླབ་པར་མི་བྱ་ཞིང་མཚན་ཉིད་མེད་པས་ཀྱང་མ་ཡིན་ལ། གང་དུ་དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་སྟེ། མཚན་ཉིད་ཀྱི་དབྱིངས་འདི་ནི་དེ་བཞིན་དུ་གནས་སོ་ཞེས་པ་ནི་མཚན་ཉིད་ལའོ། །གལ་ཏེ་རང་དང་སྤྱིའི་མཚན་ཉིད་མེད་པས་ཆོས་རྣམས་ཐམས་ཅད་མཚན་ཉིད་མེད་པས་ན་ཇི་ལྟར་དེ་ལྟར་དེ་རྣམས་སྒོམ་པར་བྱེད་པར་འགྱུར་ན་རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཆོས་རྣམས་ལ་དངོས་པོར་འདུ་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མེད་དེ་ཕྱིན་ཅི་ལོག་གི་ཕྱིར་ལ། དེ་བཞིན་དུ་དངོས་པོ་མེད་པའི་འདུ་ཤེས་ཀྱིས་ཀྱང་མ་ཡིན་ནོ། །ལན་ནི་ཆོས་ཀྱི་འདུ་ཤེས་ཀྱིས་བསྒོམ་པ་དང་བྲལ་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་སྟེ། བདེན་པ་མཐོང་བ་ནི་ཆོས་རྣམས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་བསྒོམ་པར་འགྱུར་བས། དངོས་པོའི་འདུ་ཤེས་ཀྱིས་མ་ཡིན་ཞིང༌། དངོས་


DTG090_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་པའི་འདུ་ཤེས་ཀྱིས་ཀྱང་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པའི་འདུ་ཤེས་ཐམས་ཅད་རབ་ཏུ་བཀག་པའི་ཕྱིར་ཏེ། འདུ་ཤེས་ནི་སྤྲོས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོས་པ་མེད་པའོ་ཞེས་པ་ནི་བསྒོམ་པ་ལ་སྟེ། ལེའུ་ཉི་ཤུ་པའི་ཕྱེད་ཕྱི་མ་ནས་བརྩམས་ནས་ཇི་སྲིད་དུ་ལེའུ་ཕྱེད་དང་དགུ་རྣམས་ནི་རྩེ་མོའི་མངོན་པར་རྟོགས་པ་སྟེ་ལྔ་པའོ། །མེ་ཏོག་བཀྲམ་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་ལེའུ་འདིར་ལུང་བསྟན་པ་སྟེ། འདིར་དེས་ཉེ་བར་མཚོན་པའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལས་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།


previousལྔ་པ། རྩེ་མོའི་མངོན་པར་རྟོགས་པའི་སྐབས།next