Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དགུ་བཅུ་པ།


  collapse section
   
   
   
   
   
   
   
བརྒྱད་པ། ཆོས་ཀྱི་སྐུའི་མངོན་པར་རྟོགས་པ།
   


 
previousབརྒྱད་པ། ཆོས་ཀྱི་སྐུའི་མངོན་པར་རྟོགས་པ།next

བརྒྱད་པ། ཆོས་ཀྱི་སྐུའི་མངོན་པར་རྟོགས་པ།


DTG090_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པ་བརྒྱད་པ་ནི་ཆོས་ཀྱི་སྐུ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ཆུང་ངུའི་ཆུང་ངུའི་མི་མཐུན་པའི་ཕྱོགས་ཀྱི་བྱེ་བྲག་ལ། གཉེན་པོའི་བྱེ་བྲག་ཆེན་པོའི་ཆེན་པོ་དངོས་གཞི་དང་རྗེས་ཀྱི་ངོ་བོའི་སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པ་དང༌། ཉི་ཤུ་རྩ་གཉིས་པའི་ངོ་བོའི་ཀུན་དུ་འོད་ཅེས་བསྒྲགས་པའི་སངས་རྒྱས་ཀྱི་ས་དེར་གནས་པའི་དངོས་པོའི་སྐུ་གསུམ་དང་མཛད་པ་དང་བཅས་པ་ནི་སྔོན་དུ་མདོར་བསྟན་ལས། ངོ་བོ་ཉིད་ཡོངས་རྫོགས་བཅས་དང༌། །སྤྲུལ་པ་ཞེས་དང་རྣམ་གསུམ་དང༌། །ཆོས་སྐུ་མཛད་དང་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པ། ཆོས་ཀྱི་ལམ་སྟེ་མངོན་པར་རྟོགས་པ་བདུན་གྱི་ངོ་བོའི་ཆོས་ཀྱིས་ཐོབ་པར་བྱ་བའི་སྐུ་ནི་ཆོས་ཀྱི་སྐུ་ལ། སྐུ་ནི་ལུས་ཏེ་སངས་རྒྱས་རྣམས་ཀྱི་སྐུ་ནི་རྣམ་པ་གསུམ་སྟེ། བཅོམ་ལྡན་འདས་མ་ཡུམ་ཆེན་མོར་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་ཟག་པ་མེད་པའི་ཆོས་རྣམས་ཀྱི་གང་ཞིག་རང་


DTG090_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དེ་ནི་དེ་བཞིན་གཤེགས་པ་ཡིན་པར་ཤེས་པར་བྱ་ལ། དེ་དག་ཉིད་ཀྱི་ཆོས་རྣམས་རྟོགས་པའི་ཕྱིར་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་དེ་བཞིན་གཤེགས་པའི་སྐུས་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་མཆོག་གི་ཆོས་བླ་ན་མེད་པའི་དགའ་བ་དང་མགུ་བ་དང་སེམས་པ་དང་བདེ་བ་ལ་ཉེ་བར་ལོངས་སྤྱོད་པ་སྟོན་པར་བྱེད་ལ། དེ་དག་ཉིད་ཀྱི་ཆོས་རྣམས་ཐམས་ཅད་རྟོགས་པས་དེ་བཞིན་གཤེགས་པ་ནས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་དུས་ཐམས་ཅད་དུ་རྣམ་པ་སྣ་ཚོགས་པའི་སྤྲུལ་པའི་སྤྲིན་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ་ཞེས་གསུངས་པ་དང༌། མདོ་སྡེ་རྒྱན་ལས་ཀྱང༌། སངས་རྒྱས་རྣམས་སྐུ་མདོར་བསྡུས་ནས། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །རྟེན་དང་རང་གཞན་དོན་དུ་འདིར། །སྐུ་གསུམ་རྣམས་ནི་བསྟན་པ་ཡིན། །ཞེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་སྐུ་གསུམ་དུ་བསྟན་ཏེ། གང་ཞིག་གཅིག་མིན་དུ་མ་ཡིན་ཞེས་པ་ལ་སོགས་པ་དང༌། འཕགས་པ་རྣམས་པར་གྲོལ་བའི་སྡེས་ཀྱང་ཆོས་ཀྱི་སྐུ་ནི་གསུམ་སྟེ། ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའོ་ཞེས་བཤད་དོ། །གང་ཞིག་སྒྲིབ་པའི་བག་ཆགས་མ་ལུས་པ་དང་བཅས་པའི་རྟེན་གྱི་ཕུང་པོ་ལྔ་གཞན་དུ་མི་འཇུག་པའི་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་ཀུན་རྫོབ་ཀྱི་ངོ་བོའི་སྤྲོས་པ་མེད་པ་རྟོགས་པའི་བདག་ཉིད་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་དེ་རྣམས་ནི་ངོ་བོ་ཉིད་ཀྱི་སྐུས་ཡང་དག་པར་བསྡུས་པ་སྟེ། ཆོས་དང་ཆོས་ཉིད་དག་ལ་དབྱེ་བ་མེད་པའི་ཕྱིར་དང༌། ཀུན་རྫོབ་ཏུ་ཆོས་རྣམས་ནི་ཆོས་ཉིད་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །མཚན་ཉིད་ཀྱི་དབྱེ་བ་ནི་དེ་རྣམས་ཀྱི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲང་བ་སྟེ། ཀུན་རྫོབ་ལ། གཞན་དག་གིས་ཆོས་ཀྱི་ཚོགས་འདི་རྣམས་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་བཤད་པ་ནི་དེའི་ལུང་ནི་མ་ཡིན་ཏེ། སྔགས་ཀྱི་ཚུལ་དུ་ཡང་རྟོགས་པའི་བདག་ཉིད་ཀྱི་ཆོས་ཀྱི་ཚོགས་ནི་ཆོས་ཀྱི་སྐུའི་ཡུལ་གྱི་གཙོ་བོ་ཉིད་པས་ཆོས་ཀྱི་སྐུར་ཉེ་བར་བཏགས་ཀྱི་གང་དུ་ཡང་ལོངས་སྤྱོད་རྫོགས་པའི་སྐུར་འདོད་པ་ནི་མེད་དོ། །དེ་ཉིད་ཀྱི་ཆོས་ཀྱི་ཚོགས་ལ་སྐུ་བཞི་པ་ཉིད་དུ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་སེང་གེ་བཟང་པོས་རང་བཟོས་རྣམ་པར་གཞག་པ་བྱས་


DTG090_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྤང་བར་བྱ་བ་ཉིད་དོ། །དེ་ལ་ངོ་བོ་ཉིད་ནི་རང་བཞིན་གྱི་ངོ་བོ་ཉིད་ཁོ་ན་ཉིད་ཀྱིས་ཏེ། གདུལ་བར་བྱ་བ་ལ་སོགས་པ་རྣམས་ལ་ཁྱབ་པའོ། །ངོ་བོ་ཉིད་དམ་སྲིད་པ་རྣམ་པར་དག་པ་གཞན་དུ་རབ་ཀྱི་མཐར་སོན་པའི་ངོ་བོ་ཉིད་ཀྱི་སྐུ་ནི་སྤྲོས་པ་མཐའ་དག་རྣམ་པར་ལོག་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་མྱ་ངན་ལས་འདའ་བ་སྟེ། འདིར་རྣམ་པར་རྟོག་པ་ཐམས་ཅད་དེ་ལྟར་ཟད་ཅིང་སྒྲིབ་པའི་འཆིང་བ་རབ་ཏུ་སྤངས་ནས་རྣམ་པར་གྲོལ་བའི་སྐུ་དང་ཆོས་ཉིད་ཀྱི་སྐུ་ནི་ཆོས་ཀྱི་སྐུར་ཡང་བརྗོད་དེ། མཐའ་ཡས་པའི་ཆོས་ཀྱི་གནས་ཡིན་པའི་ཕྱིར་རོ། །དེ་ལ་ནི་ལམ་གྱིས་ཐོབ་པར་བྱ་བ་དང་བྱེད་པ་པོ་མེད་དེ། བཅོས་མ་མ་ཡིན་པའི་ཕྱིར་རོ། །འདི་ནི་བསྟན་བཅོས་སུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་མེད་ཆོས་རྣམས་རྣམ་ཀུན་དུ། །རྣམ་པར་དག་འགྱུར་གང་དག་ཡིན། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་ཏེ། རང་བཞིན་ནི་མ་སྐྱེས་པའི་ཆོས་ཉིད་ཆོས་ཀྱི་དབྱིངས་ལ། དེ་ཉིད་ནི་འདིར་འབྲས་བུའི་གནས་སྐབས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དེ་ཉིད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱིས་ཏེ། ཤིན་ཏུ་རྣམ་པར་དག་ཅེས་པ་དང༌། ཆོས་རྣམས་ཀྱི་ཆོས་ཉིད་ཅེས་པ་དག་དོན་ལ་ཐ་དད་མེད་པར་འདིར་གསུངས་པ་ནི་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ནི་ཉི་མ་ལྟ་བུ་ལ་དེའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པའི་ཡེ་ཤེས་ཀྱི་ངོ་བོས་ཕྱོགས་བཅུར་ཁྱབ་པའི་ནི་འོད་ཀྱི་ཚོགས་བཞིན་ཏེ། དེས་གང་ཞིག་གི་མུ་མེད་པའི་ཤེས་བྱ་སྣང་བར་བྱེད་ལ། དེའི་འོད་ཀྱི་དཀྱིལ་འཁོར་གྱིས་མུ་མེད་པའི་ཤེས་བྱ་ཀུན་དུ་སྣང་བར་བྱེད་པ་བཞིན་ནོ་ཞེས་པ་ནི་ངོ་བོ་ཉིད་ཀྱི་སྐུའོ། །ཀུན་དུ་ལོངས་སྤྱད་པས་ལོངས་སྤྱོད་དེ་ཉམས་སུ་མྱོང་བའོ། །ལོངས་སྤྱོད་པ་ལས་རབ་དུ་བྱུང་བས་སོ་ཞེས་པ་དང༌། ལོངས་སྤྱོད་པ་པོ་དང་ལོངས་སྤྱད་པར་བྱ་བས་ཀྱང་སྐུ་ལ་ལོངས་སྤྱོད་པའི་ཕྱིར་ཡང་སྐུ་དེ་ལོངས་སྤྱོད་རྫོགས་པའི་སྐུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་བསྟན་པ་རྗེས་སུ་མྱོང་བའི་ཕྱིར་ན། ལོངས་སྤྱོད་པར་བྱའོ། ཞེས་པས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེའི་དབང་དུ་བྱས་ནས་གསུངས་པ་ནི། སྒྲ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། སྟོན་པས་བསྟན་པ་ལ་ཉན་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ཞིག་ཐེག་པ་ཆེན་པོ་མཆོག་གི་ཆོས་རྟོགས་པ་དེ་ལ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལོངས་སྤྱོད་པར་བརྗོད་དོ། །གང་


DTG090_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་སྐྱེ་བ་རྣམས་ལ་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཡིད་བདེ་བའི་མཚན་ཉིད་རྣམས་ཀྱི་དགའ་བ་དང་མགུ་བ་དང་རབ་ཏུ་སེམ་པ་རྣམས་ཀྱི་བདེ་བའི་ཉམས་སུ་མྱོང་བ་དེ་ཡང་ལོངས་སྤྱོད་པ་སྟེ། དེའི་མུ་མེད་པ་ཉིད་ནི་སྒྲ་ཐམས་ཅད་མུ་མེད་པ་ཉིད་པས་དེའི་རྒྱུར་གྱུར་པས་སོ། །གང་དུ་དེ་དག་ལ་སྟོན་པ་བྱང་ཆུབ་སེམས་དཔའི་རྟོགས་པ་དག་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་མུ་མེད་པ་ཉིད་དུ་མཁྱེན་པ་དང་བསྐྱེད་པ་བསྟན་པའི་སྒྲ་དང་བསྐྱེད་བྱ་དང་སྐྱེད་བྱེད་ཀྱང་སྟེ། དེ་ཇི་ལྟར་ན་ཐམས་ཅད་ཅེས་ནི་བྱ་སྣ་ཚོགས་པ་ལ་རྗེས་སུ་མཐུན་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་ཀྱི་གསལ་བར་བྱེད་པའི་ཕྱིར་རོ། །མུ་མེད་པ་ནི་ཐ་མ་མེད་པའི་སྐུས་སྟོན་པར་བྱེད་པས་མུ་མེད་པའི་ཕྱིར་ལ་དེ་བཞིན་གཤེགས་པའི་ཡང་དག་པར་རྟོགས་པ་ཡང་མུ་མེད་པ་ཉིད་དེ། གང་དུ་ཞེ་ན། གསུངས་པ་ནི། སངས་རྒྱས་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། ཇི་སྐད་དུ་བཤད་པའི་སྟོན་པ་ཉིད་ནི་འདིར་ཐེག་པ་ཆེན་པོའི་ཆོས་ཡང་དག་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་མུ་མེད་པ་ཉིད་ནི་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་ཀྱི་ཡང་དག་པར་སྒྲུབ་པ་མུ་མེད་པའི་ཕྱིར་རོ། །ཆོས་དེ་རྣམས་ནི་བཅོམ་ལྡན་འདས་མ་ཡུམ་ཆེན་མོར་གསུངས་ལ། འདིར་བསྟན་བཅོས་སུ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །ཉོན་མོངས་མེད་དང་སྨོན་མེད་མཁྱེན། །མངོན་ཤེས་སོ་སོར་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །སྲུང་བ་མེད་པ་རྣམ་གསུམ་དང༌། །དྲན་པ་ཉེར་གཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང༌། ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་ནི། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པ་སྟེ། མཐར་གྱིས་ནི་མཐར་གྱིས་ཏེ་གཞན་དང་འབྲེལ་བའོ། །སྲུང་བ་མེད་པ་ནི་སྲུང་བར་བྱེད་པ་མེད་པའོ། །ཆོས་ཀྱི་སྐུ་ཞེས་པ་ནི་འདིར་ཟག་པ་མེད་པའི་ཆོས་ཀྱི་ཚོགས་ལ། བཞི་ཞེས་པ་ནི་གནས་ཡོངས་སུ་


DTG090_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་དང༌། དམིགས་པ་ཡོངས་སུ་དག་པ་དང༌། སེམས་ཡོངས་སུ་དག་པ་དང༌། ཡེ་ཤེས་ཡོངས་སུ་དག་པའོ། །དེ་དག་ལ་ཉོན་མོངས་པའི་ཕྱོགས་རྣམས་ཐམས་ཅད་ཀྱི་བག་ཆགས་རྣམས་ཀྱི་གནས་ངན་ལེན་རྣམས་ལ་མི་གནས་པ་མཐར་ཐུག་པས། རང་གི་བདག་ཉིད་ཀྱི་ལུས་ཇི་ལྟར་འདོད་པར་ལེན་ཅིང་གནས་པ་དང་འཆི་འཕོ་བ་ལ་དབང་སྒྱུར་བ་ནི་ཐམས་ཅད་དུ་གནས་པར་ཡོངས་སུ་དག་པའོ། །དམིགས་པ་རྣམ་པ་ཐམས་ཅད་དུ་སྤྲུལ་པས་ཡོངས་སུ་བསྒྱུར་བའི་ཀུན་དུ་བརྟགས་པ་རྣམས་ལ་དབང་སྒྱུར་བ་ནི་རྣམ་པ་ཐམས་ཅད་དུ་དམིགས་པས་ཡོངས་སུ་དག་པའོ། །སྔ་མ་བཞིན་དུ་སེམས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང་སེམས་ལ་རྣམ་པ་ཐམས་ཅད་ཀྱི་དགེ་བའི་རྩ་བའི་ཉེ་བར་བསགས་པ་ནི་རྣམ་པ་ཐམས་ཅད་དུ་སེམས་ཡོངས་སུ་དག་པའོ། །སྔ་མ་བཞིན་དུ་མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས་ཤེས་བྱ་དང་ཤེས་པ་ལ་དབང་སྒྱུར་བ་ཉིད་ནི་རྣམ་པ་ཐམས་ཅད་དུ་ཡེ་ཤེས་ཡོངས་སུ་དག་པའོ། །བཅུ་ཞེས་པའི་ཚེ་ལ་དབང་བ་ནི་ཇི་ལྟར་འདོད་པར་ཚེ་གནས་པ་དང་གཏོང་བས་སོ། །སེམས་ལ་དབང་བ་ནི་ཇི་ལྟར་འདོད་པར་བསམ་གཏན་ལ་སོགས་པ་ལ་སྙོམས་པར་འཇུག་པ་དང་ལྡན་པས་སོ། །ཡོ་བྱད་ལ་དབང་བ་ནི་ཇི་ལྟར་འདོད་པའི་ཉེ་བར་མཁོ་བའི་རྗེས་སུ་གནས་པ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དུ་མའི་བཀོད་པའི་རྒྱན་གྱིས་སོ་སོར་བརྒྱན་པར་བྱིན་གྱིས་བརླབས་པ་ལ་སོགས་པ་ཀུན་དུ་སྟོན་པས་སོ། །ལས་ལ་དབང་བ་ནི་ཇི་ལྟར་འདོད་པར་ལུས་དང་ངག་གིས་ལས་འགྲུབ་པའོ། །སྐྱེ་བ་ལ་དབང་བ་ནི་ཐམས་ཅད་དུ་སྐྱེ་བའི་སྐྱེ་མཆེད་རྣམས་ཇི་ལྟར་འདོད་པར་སྐྱེ་བའོ། །རྫུ་འཕྲུལ་ལ་དབང་བ་ནི་ཇི་ལྟར་འདོད་པ་རྣམས་མངོན་པར་ཤེས་པའོ། །སྨོན་ལམ་ལ་དབང་བ་ནི་སྨོན་ལམ་ཐམས་ཅད་ཡང་དག་པར་འཕེལ་བའོ། །མོས་པ་ལ་དབང་བ་ནི་གང་དུ་ཇི་ལྟར་མོས་པར་འགྱུར་བ་དེ་དེ་ཉིད་དུ་འགྱུར་བ་སྟེ། ཇི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་ཡོངས་སུ་གང་བར་རྟོགས་པ་ལ་སོགས་པའོ། །ཡེ་ཤེས་ལ་དབང་བ་ནི་གང་ཞིག་ཤེས་པར་འདོད་པ་དེ་ཤེས་པའོ། །ཆོས་ལ་དབང་བ་ནི་མདོ་སྡེ་ལ་སོགས་པ་ཆོས་ཀྱི་རྣམ་པར་གཞག་པ་རྣམས་ལ་མཁས་པའོ། །བཅུ་པོ་དེ་རྣམས་ཀྱང་མི་གཡོ་བ་ལ་སོགས་པ་སྐྱེ་བར་འགྱུར་རོ། །སྲུང་བ་མེད་པ་


DTG090_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནི། དེ་བཞིན་གཤེགས་པའི་སྐུའི་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་ལ་མ་དག་པའི་ཀུན་དུ་སྤྱོད་པ་རྩ་བར་བྱ་སྟེ། གཞན་གྱིས་གཤེ་བར་འགྱུར་དུ་འོང་སྙམ་པ་མེད་པའོ་ཞེས་པ་ནི་དང་པོའོ། །དེ་བཞིན་དུ་གསུང་གི་ལས་ནི་གཉིས་པའོ། །དེ་བཞིན་དུ་ཐུགས་ཀྱི་ཕྲིན་ལས་ནི་གསུམ་པའོ། །དྲན་པ་ཉེ་བར་གཞག་པ་རྣམ་པ་གསུམ་ནི་དེ་བཞིན་གཤེགས་པ་ཆོས་སྟོན་པ་ལ་གུས་པ་ཉན་པ་རྣམས་ལ་རྗེས་སུ་ཆགས་པ་མེད་ཅིང་མི་ཉན་པ་རྣམས་ལ་ཡང་ཁོང་ཁྲོ་བ་མེད་པ། གཉི་ག་དག་ལ་ཡང་མེད་པ་དེ་ཐམས་ཅད་དུ་བཏང་སྙོམས་སུ་གནས་པ་སྟེ། དྲན་པ་དང་ལྡན་ལ་ཤེས་བཞིན་དང་ལྡན་པའོ་ཞེས་པའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི་སངས་རྒྱས་རྣམས་ཀྱི་སེམས་ཅན་གྱི་དོན་གྱི་བྱ་བ་དུས་ལས་མི་འདའ་བའོ། །ཉོན་མོངས་པ་སྤངས་ཀྱང་གང་དུ་ཉོན་མོངས་པའི་བག་ཆགས་མ་སྤངས་པ་དང་བཅས་པ་ཉོན་མོངས་པ་མ་སྤངས་པ་བཞིན་དུ་འདོད་དེ། ཇི་ལྟར་སྤྲེའུར་སྔོན་གྱུར་པའི་དགྲ་བཅོམ་པས་མཆོངས་པས་ཡུར་བ་ལ་རྒལ་བ་དང་སྔོན་དུ་བྲམ་ཟེར་གྱུར་པའི་འཕགས་པ་པུ་ལིན་ད་བད་པས་གང་གཱའི་ལྷ་མོ་ལ་དམངས་རིགས་མོར་བརྗོད་པ་དེ་ལྟ་བུ་དང་ནི་དེ་བཞིན་གཤེགས་པ་ལ་བྲལ་བ་ཉིད་ལ། ཐུགས་རྗེ་ཆེན་པོའི་བསམ་པ་གང་གིས་བཅོམ་ལྡན་འདས་དུས་ཐམས་ཅད་དུས་དྲུག་ཏུ་བྱས་པའི་འཇིག་རྟེན་ལ་རྣམ་པར་གཟིགས་ཏེ་སུ་ཞིག་ཉམས་པར་འགྱུར་ཞིང་སུ་ཞིག་འཕེལ་བར་འགྱུར་ཞེས་པ་ལ་སོགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཁྱད་པར་དང༌། མཚན་ཉིད་ཀྱི་དབྱེ་བའི་མཐར་ཐུག་པའི་ཡེ་ཤེས་ལ། ཉོན་མོངས་པ་ནི་འཐབ་པ་དང་རྩོད་པ་ལ་སོགས་པ་འདིར་ཉོན་མོངས་པའི་རྒྱུ་དེ་ཉོན་མོངས་པའི་ཉོན་མོངས་པ་ལ། བདག་ཏུ་དམིགས་པ་ལས་འདི་རྣམས་སྐྱེ་བར་འགྱུར་རོ་ཞེས་པས་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་ནས་དེ་ལས་ལངས་ནས་གྲོང་ལ་སོགས་པར་ཞུགས་པ་ན་དེ་དམིགས་པར་བྱེད་པ་ལ། དེ་ལ་དེ་རྣམས་ཀྱི་ཉོན་མོངས་པ་སྐྱེ་བར་མི་འགྱུར་བ་སྟེ། ཉོན་མོངས་པ་མེད་པ་དེ་ནི་བྱམས་པ་གཙོ་བོའོ། །བསྟན་བཅོས་ལས། ཉན་ཐོས་ཉོན་མོངས་མེད་པའི་ལྷ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །རྒྱལ་བས་གྲོང་སོགས་དེ་རྣམས་ཀྱི། །ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད། །ཅེས་ཏེ་ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་ཉན་ཐོས་དེས་སེམས་ཅན་རྣམས་ཀྱི་ཉོན་མོངས་


DTG090_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུན་མཐོང་བ་ཡོངས་སུ་སྤངས་ཀྱི། ཀུན་ནས་ཉོན་མོངས་པ་མེད་པ་མངོན་སུམ་དུ་བྱས་པ་ནི་མ་ཡིན་ལ། བདེ་བར་གཤེགས་པས་ནི་རང་གི་ཡང་མཐོང་ལ་གཞན་གྱི་ཉོན་མོངས་པ་རབ་ཏུ་འབྱུང་བར་རྒྱུན་གཅོད་དེ་མ་མཐོང་བའི་ཡང་ངོ་ཞེས་པའི་དོན་ཏོ། །འདི་ཤེས་པར་བྱའོ་ཞེས་སྨོན་ནས་བསམ་གཏན་ལ་སྙོམས་པར་འཇུག་པས་འཇིག་རྟེན་གྱི་སྔོན་བྱུང་བ་ལ་སོགས་པ་ལ་ཡེ་ཤེས་སྐྱེ་བར་འགྱུར་བ་ནི་དེ་ལྟར་ཉན་ཐོས་རྣམས་ཀྱི་སྨོན་ནས་མཁྱེན་པའོ། །དེ་བཞིན་གཤེགས་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། །འདྲི་བ་ཀུན་ལན་འདེབས་པར་བཞེད། །ཅེས་ཏེ། ལྷུན་གྱིས་གྲུབ་པ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཆགས་པ་སྤངས་པ་ནི་ལྟོས་པ་མེད་པའི་ཕྱིར་རོ། །ཐོགས་པ་མེད་པ་ནི་ཐམས་ཅད་དུ་བར་ཆད་མེད་པའི་ཕྱིར་རོ། །རྟག་ཏུ་གནས་པ་ནི་རྟག་པར་ཐུགས་མཉམ་པར་གཞག་པ་ལ་གནས་པའི་ཕྱིར་རོ། །འདྲི་བ་ཀུན་ལེན་འདེབས་པ་ནི་འདྲི་བ་ཀུན་གྱི་ལེན་འདེབས་པའི་ཕྱིར་རོ། །འདིར་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཀྱི་ཕུང་པོ་འདི་རྣམས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་རོ་གཅིག་པ་ཉིད་ཀྱིས་ངོ་བོ་ཉིད་ཀྱི་སྐུ་ཉིད་བདག་པོར་གྱུར་ནས། སེམས་ཅན་གྱི་དོན་གྱི་དབང་གིས་ཁྱབ་པ་ཉིད་རྟག་པ་ཉིད་དེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་དོན་གང་ཚེ་ལ། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ༌། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། སྐལ་བ་མེད་པས་བཟང་མི་མྱོང༌། །དེ་ལྟར་མཛད་པ་རྒྱ་ཆེར་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟག་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་ཏེ། དེ་ལྟར་ངོ་བོ་ཉིད་ཀྱི་སྐུའོ། །དེ་སྣང་བ་ནི་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་སྟེ་སྣང་བའི་ཕྱིར་རོ། །ཅིའི་ཕྱིར་ན་དུས་རྟག་ཏུ་ཕན་པ་མ་ཡིན་ཞེ་ན། དེ་གསུངས་པ་ནི། ཆར་ཕབ་ཅེས་པ་སྟེ། ས་བོན་དུ་མི་རུང་བར་གྱུར་པའི་སཱ་ལུ་ལ་སོགས་པ་ལྟ་བུ་ལ། སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རྣམས་ཀྱི་སྐལ་


DTG090_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་དེ་རང་གི་ལས་ཀྱི་གནོད་པ་བྱས་ནས་སྐྱེ་བའི་རྒྱུ་དང་བྲལ་བའི་ཕྱིར་རོ། །བཟང་པོ་དེ་ནི་ཕན་པ་ལ། མཛད་པ་རྒྱ་ཆེ་བ་ནི། སྐལ་བ་དང་ལྡན་པ་ཐམས་ཅད་ལ་ཕན་པར་བྱེད་པ་སྟེ། དེ་ཉིད་མཛད་པའི་ལོངས་སྤྱོད་རྫོགས་པའི་སྐུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་འོག་མིན་ལ་སོགས་པ་རྣམ་པ་སྣ་ཚོགས་ཤིང་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་རིན་པོ་ཆེའི་རང་བཞིན་གྱི་གཞལ་ཡས་ཁང་དུ་འཁོར་ལ་སོགས་པ་སྐྱེ་བར་འགྱུར་ཏེ། ནམ་མཁའ་ཇི་སྲིད་གནས་པར་ཀུན་ཏུ་གནས་ཏེ། དེའི་སངས་རྒྱས་ཀྱི་ཞིང་ཇི་སྲིད་ལྟ་བུ། སངས་རྒྱས་ཀྱི་ཞིང་གང་དེ་ལ་གཙོ་བོ་ཉིད་དུ་ཇི་ལྟར་འཐད་ན། འཇིག་རྟེན་རྣམ་པ་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ནོ། །སེམས་ཅན་ཡོངས་སུ་དག་པའི་དབང་དུ་བྱས་ནས་གསུངས་པ་ནི། སེམས་ཅན་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། དེ་ལ་སྣོད་དུ་སེམས་ཅན་གང་ཅུང་ཞིག་སྐྱེ་བར་གྱུར་པ་དེ་ཐམས་ཅད་འཕགས་པའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟེ། དེའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་གྱི་ཕུང་པོ་དེའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་མུ་མེད་པ་ཉིད་ཀྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་འདིར་བཅོམ་ལྡན་འདས་ཀྱིས་གང་སེམས་ཅན་དེ་རྣམས་རྟོགས་པའི་ཕྱིར་ནམ་མཁའ་ཇི་སྲིད་དུ་ཡོངས་སུ་སྨིན་པར་བྱེད་པ་སྟེ། སའི་ཁམས་ཞེས་པ་ལ་སོགས་པ་ནས། ཇི་སྲིད་དུ་རྣམ་པར་ཤེས་པའི་ཁམས་ཀྱི་བར་རོ། །དེ་ལྟར་ཡང་དེ་ལ་སྣོད་ཀྱི་འཇིག་རྟེན་ནི་ས་གཞི་ལག་མཐིལ་ལྟར་མཉམ་བ་ལ། ཁང་བཟངས་དང༌། ལྡུམ་ར་དང༌། ལྡིང་ཁང་དང༌། དཔག་བསམ་གྱི་ལྗོན་པ་ལ་སོགས་པས་ཡོངས་སུ་བསྐོར་བའི་སེམས་ཅན་རྣམས་ཀྱི་གནས་མཆོག་ཏུ་འབར་བའི་གསེར་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱིས་འཇིག་རྟེན་གྱི་ཁམས་གཞན་དུ་མས་གསལ་བར་བྱེད་པའི་འོད་ཟེར་ཆེན་པོ་རབ་ཏུ་བྱུང་ནས་སྟེང་དུ་ནམ་མཁའི་མཐིལ་དང་རྗེས་སུ་མཐུན་པའི་སྣང་བར་བྱེད་པ་དང༌། འཕགས་པའི་དགེ་སློང་དག་ཁམས་དྲུག་གི་སེམས་ཅན་གྱི་ཁམས་དྲུག་ཅར་ལ་ནི་འདིར་སྐྱེས་བུའོ་ཞེས་གསུངས་པའི་ཕྱིར་ཏེ། འདིར་དེ་རྣམས་ཀྱི་ཡང་ལུས་མདངས་དང་ལྡན་ཞིང་འོད་ཀྱི་དཀྱིལ་འཁོར་ཅན་དེས་དང་རྗེས་སུ་མཐུན་པ་ཁ་དོག་དང་དབྱིབས་ཏེ། དེ་ལ་ཀུན་ཏུ་འབད་པ་མེད་པར་ལོངས་སྤྱོད་ཅིང་ཡོངས་སུ་ལོངས་སྤྱོད་


DTG090_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཅན་རྣམས་ཀྱི་ལྷའི་འཇིག་རྟེན་ལས་ཀྱང་ཁྱད་པར་དུ་འཕགས་ཤིང༌། གང་དག་འདི་རྣམས་ལ་ཉེ་བར་ལོངས་སྤྱོད་པས་ངེས་པར་དགེ་བ་དང་བདེ་བ་དང་ངེས་པར་ཁ་ན་མ་ཐོ་བ་མེད་པ་དང་ངེས་པར་དབང་སྒྱུར་བ་སྟེ། འདི་འདྲ་བར་ཁམས་དྲུག་ཡོངས་སུ་དག་པ་མུ་མེད་ཅིང་མཐར་ཐུག་པ་མེད་པའི་ཕྱིར་དང༌། ཤིན་ཏུ་རོལ་པའི་ཕྱིར་རོ། །འདིར་དེ་མུ་མེད་པས་དེའི་རྒྱུར་གྱུར་པའི་ཕྱིར། བཅོམ་ལྡན་འདས་ཀྱི་ཤེས་རབ་ལ་མུ་མེད་པ་ཉིད་དུ་རྗེས་སུ་རིག་པར་བྱའོ། །དེ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སུ་སོང་ནས། སེམས་ཅན་རྣམས་ཀྱི་མི་དགེ་བ་བསགས་པ་གཞོམ་པར་བྱ་བ་དང༌། དེའི་གཉེན་པོ་དགེ་བ་བསགས་པར་ཤེས་པ་དེ་རྣམས་ལ་ཚད་མེད་པས་དེའི་ཡོངས་སུ་གཅོད་པ་པོའི་དེ་རྣམས་ཀྱི་ཤེས་རབ་ལས་ཚད་མེད་པ་གསུངས་པ་ནི། དགེ་བ་ཞེས་པ་ལ་སོགས་པ་སྟེ། ཇི་སྲིད་དུ་དེས་དེ་རྣམས་ལ་ཆོས་སྟོན་པར་བྱེད་པ་དེ་རྣམས་ཐམས་ཅད་ཀྱིས་དགེ་བའི་ཆོས་ཀུན་དུ་བསགས་པ་དེ་རྣམས་ཚད་མེད་པས་སོ། །དེའི་རྣམ་པར་གཞག་པ་པོ་དེ་རྣམས་ཀྱི་ཤེས་རབ་ལ་ཚད་མེད་དོ་ཞེས་བྱ་བ་གསུངས་པ་ནི། ཆོས་ཐམས་ཅད་ཅེས་པ་ལ་སོགས་པ་དང༌། ཆོས་ཐམས་ཅད་ཏིང་ངེ་འཛིན་ཅེས་པ་ལ་སོགས་པ་ནི་ཆོས་རྣམས་འཛིན་པ་དང་ཏིང་ངེ་འཛིན་ལ་སེམས་གནས་པ་ཉིད་དེ་མུ་མེད་པ་ཉིད་སོ་སོར་ཐོབ་པ་སྟེ། ཐོབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་སྐྱེས་པ་པོའི་ཕྱིར་བཅོམ་ལྡན་འདས་ཀྱི་ཤེས་རབ་ལ་མུ་མེད་པ་ཉིད་དོ། །སངས་རྒྱས་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་དེའི་ཆོས་ཐམས་ཅད་ནི་མཚན་དང་དཔེ་བྱད་རྣམས་ཏེ་དེ་རྣམས་ཀྱི་མུ་མེད་པ་ཉིད་དེ་ཡོངས་སུ་མི་ཆོད་པར་མཉམ་པ་སྟེ། དེ་བཞིན་གཤེགས་པ་ལས་གཞན་ལ་དེ་འདྲ་བ་རྣམས་མེད་པའི་ཕྱིར་རོ། །དེས་བཅོམ་ལྡན་འདས་ཀྱི་ཤེས་རབ་དེ་དང་འདྲ་བ་མུ་མེད་པ་ཉིད་ཀྱི་གང་གང་གིས་དེའི་རྒྱུ་ཤེས་པ་ཉིད་ལ་རྗེས་སུ་གནས་པས་སོ། །འདི་ལྟར་བསྟན་བཅོས་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་པས། །ཐུབ་པའི་ཡོངས་སྤྱོད་རྫོགས་སྐུར་བཞེད། །ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ཕག་ནི་ཞབས་བཅས་


DTG090_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ཡི་བདུན་དག་མཐོ་བ་དང༌། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང༌། །ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ནྱ་ཡ་འདྲ་ཕྱག་རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །ཕྱགས་པ་གསེར་མདོག་པགས་པ་སྲབ་པ་དང༌། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པར་རོ་མཆོག་སྣང༌། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་ཡར་འཕགས་ལྗགས་རིངས་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཐགས་བཟང་ཚད་མཉམ་དང༌། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང༌། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་ཏེ། འདི་གོམ་པ་སྙོམས་པ་དང༌། ཕྱག་དང་ཞབས་དག་མཉམ་ཞིང་འཁོར་ལོས་མཚན་པའོ། །ཤིན་ཏུ་རབ་ཏུ་གནས་པའི་ཕྱིར་རུས་སྦལ་ལྟ་བུའི་ཞབས་སོ། །ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་དག་ལ་དྲ་བས་སྦྲེལ་བའོ། །ཕྱག་དང་ཞབས་དག་གི་རྒྱབ་དང་ཕྲག་པ་དག་དང་མགུལ་པ་ལ་སྐུ་ཤ་ཉེ་བར་བསགས་པའི་ཕྱིར་ཏེ་སྐུའི་བདུན་མཐོ་པའོ། །ཆེ་བ་ནི་ཆེ་བའི་ཕྱིར་རོ། །ཞབས་ཀྱི་ལོང་བུ་མི་མངོན་པ་དང༌། དེ་ཡང་སྤུ་གྱེན་དུ་ཕྱོགས་པ་དང་ཤིན་ཏུ་སྦས་པའི་ཞབས་ཀྱི་ལོང་བུ་མི་མངོན་པ་ལ་སོགས་པ་ནི་མདོ་ལའོ། །འདིར་བརླའི་རྩ་བ་མན་ཆོད་ནི་ཐམས་ཅད་ཞབས་སུ་དེ་ལྟར་གཏང་བར་བྱའོ། །ཕྱག་རིང་བ་ཉིད་ནི་ཡོངས་སུ་བརྐྱང་བ་ནི་བརླབས་རིང་བ་ཉིད་པུས་མོའི་ལྷ་ང་ཁེབས་པའི་ཕྱིར་རོ། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ། སྦུབས་ཀྱིས་གཡོགས་ཤིང་རབ་ཏུ་བཀབ་པས་འདིའི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག་གོ །མཛོད་སྤུ་ནི་ཐིག་ལེའི་གནས་སུ་དཀར་པོའི་གཡས་སུ་འཁྱིལ་བ་རྩེ་མོ་གྱེན་དུ་བསྟན་པའོ། །འདིའི་རོ་སྟོད་ནི་སེང་གེ་ལྟ་པུའོ། །ཟླུམ་པ་ནི་མགྲིན་པ་ཤིན་ཏུ་ཡོངས་སུ་ཟླུམ་པ་སྟེ། ལེགས་པར་འབྱོར་བའི་མགྲིན་པའི་ཕྱིར་རོ། །འདིའི་ཐལ་གོང་དག་ནི་ནང་གི་བར་གང་བ་དང་བཅས་པ་སྟེ། དེར་ཉེ་བར་བསགས་པའོ་ཞེས་པ་ནི་ཐལ་གོང་རྒྱས་པའོ། །ནྱ་གྲོ་དྷ་ནི་འདོམ་གང་བ་སྟེ། ལྟེ་བའི་གོང་དང་འོག་གི་རྐང་པའི་མཐིལ་


DTG090_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཇི་སྲིད་དུ་མགོ་བོའི་བར་དང་ལག་པ་གཉིས་ཀྱི་བར་འདོམ་གང་མཉམ་པའི་སྐུའོ། །གཙུག་ཏོར་ནི་དབུ་ལ་དཀྲིས་པའི་རྣམ་པ་ཅན་ནོ། །འགྲམ་པ་སེང་གེ་ནི་ཟླ་བའི་དཀྱིལ་འཁོར་ཚེས་བཅུ་གཉིས་པ་དང་འདྲ་བའི་ཕྱིར་རོ། །འདིའི་བཅུའི་ཚད་རྣམས་ཀུན་དུ་བསྒྱུར་བས་སོ་ཞེས་པ་ནི་བཞི་བཅུ་པ་རྣམས་སོ། །བ་མཆོག་ནི་ཁྱུ་མཆོག་སྟེ་བ་ལང་གི་མཆོག་གོ །འདི་ལ་མཚན་ནི་གང་གང་གིས། །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པར། །མཚན་ནི་འདི་རྣམས་ཡང་དག་འགྲུབ། །ཅེས་པ་བསྟན་བཅོས་ལས་ཏེ། སྒྲུབ་བྱེད་རྒྱུའི་མཚན་ཉིད་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཡང་བསྟན་བཅོས་ལས། བླ་མ་སྐྱེལ་ལ་སོགས་པ་དང༌། །ཡང་དག་བླང་བ་བསྟེན་པ་དང༌། །བསྡུ་བ་བསྟེན་དང་གྱ་ནོམ་པས། །དངོས་པོ་སྦྱིན་དང་གསད་བྱ་བ། །ཐར་པར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཅེས་ཏེ། བླ་མ་རྣམས་ལ་བསུ་བ་དང་བསྐྱལ་བ་དང་ཆོས་མཉན་ནས་འཁོར་ལོ་ལ་སོགས་པ་སྦྱིན་པ་ནི་དང་པོའི་མཚན་ཉིད་དོ། །བླངས་པ་ཡང་དག་བསྟེན་པ་ནི་གཉིས་པའོ། །བསྡུ་བའི་དངོས་པོ་བསྟེན་པ་ནི་གསུམ་པའོ། །གྱ་ནོམ་པ་ནི་བཟའ་བ་དང་བཏུང་བ་ལ་སོགས་པ་སྦྱིན་པའི་ཕྱིར་རོ། །བཅིངས་པ་དགྲོལ་བའི་ཕྱིར་དང༌། སྲོག་རྗེས་སུ་གཟུང་པའི་ཕྱིར་དང༌། སྲོག་གཅོད་པ་ལས་ལྡོག་པ་བསྟེན་པ་སྟེ་གསུམ་པའོ། །ཆོས་ཡང་དག་པར་བླངས་པ་དག་སྤེལ་བ་སྟེ། དགུ་ནི་བཅུའིའོ། །བསྙེན་བཀུར་དང་རིག་པ་བཟོ་བ་ལ་སོགས་པ་སྦྱིན་པ་དང་ཡོད་ཅིང་བདོག་པ་ལ་སློང་བའི་སྐྱེ་བོ་མི་སྤོང་བ་དང༌། སྐྱེ་བོ་ཐམས་ཅད་ལ་ཚངས་པར་སྤྱོད་པ་ལན་དུ་བཅུག་པ་དང༌། གསང་བར་བྱ་བའི་ཚིག་བསྲུང་པ་དང༌། གྱ་ནོམ་པའི་སྟན་གྱི་གདིང་གཡོགས་ལ་སོགས་པ་སྦྱིན་པ་དང༌། ཁང་བཟངས་དང༌། གོས་ལ་སོགས་པ་སྦྱིན་པ་དང༌། འདུ་འཛི་ལ་སོགས་པ་སྤངས་པ་དང༌། སྐྱེ་བོ་ཐམས་ཅད་བླ་མ་ཇི་ལྟ་བའི་གནས་ལ་འཇོག་པ་དང༌། རྣམ་པ་ཐམས་ཅད་དུ་ངག་རྩུབ་པོའི་ཚིག་གིས་མི་སྨོད་པ་དང༌། སྙན་པར་སྨྲ་བ་ཉིད་དང༌། ལེགས་པར་སྨྲ་བ་ཉིད་ཀྱིས་རྗེས་སུ་མཐུན་པ་དང༌། སྨན་སྦྱིན་པ་དང་ནད་པའི་ཉེ་གནས་དང༌། ཀུན་དགའ་ར་བའི་གནས་ལ་སོགས་པ་བྱེད་དུ་འཇུག་པ་དང༌། གནས་གཞི་ལ་སོགས་པ་རྣམས་


DTG090_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྷག་པར་རབ་ཏུ་སྦྱིན་པ་དང༌། འཇམ་པོ་ལ་སོགས་པར་སྨྲ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་དམ་པའི་ཆོས་རྣམ་པར་ཤེས་པར་བྱེད་པ་དང༌། ངག་འཁྱལ་པ་སྤངས་པས་སྐྱེ་བོ་ཐམས་ཅད་རིན་པོ་ཆེ་ལ་སོགས་པ་དང༌། འཚོ་བ་རྣམ་པར་དག་པ་ཉིད་དང་བདེན་པར་སྨྲ་བ་ཉིད་དང༌། ཕྲ་མའི་ཚིག་ལ་སོགས་པ་མེད་པ་དང༌། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བལྟ་བ་དང༌། ཁོང་ཁྲོ་བ་ལ་སོགས་པས་དབེན་པར་སྟོན་པ་དང༌། བྱིན་པ་ཨེ་ནྱ་ཡ་འདྲ་བ་ལ་སོགས་པ་རྣམས་ཀྱི་རྒྱུ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་ཉི་ཤུ་རྩ་གཉིས་སོ། །མཚན་རྣམས་ལས་གཞན་པའི་མཇེས་པར་བྱེད་པའི་དཔེ་བྱད་རྣམས་ཀྱི་དབང་དུ་བྱས་ནས་བསྟན་བཅོས་ལས། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སེན་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང༌། སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པ་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །དཔེ་བྱད་ཡོངས་སུ་རྫོགས་པ་ཉིད། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །གོམ་སྙོམས་སྤྱན་ནི་དག་པ་དང༌། ཤིན་ཏུ་གཞོན་མདོག་ཅན་ཉིད་དང༌། །སྐུ་ཞུམ་མེད་དང་རྒྱས་པ་དང༌། །ཡན་ལག་ཤིན་ཏུ་རྣམ་དབྱེས་དང༌། །གཟིགས་པ་མུ་མེད་དག་པ་དང༌། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང༌། །ཕྱམ་མེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་སུ་འཁྱིལ་པ་དང༌། །ཀུན་ནས་བལྟ་ན་སྡུག་པ་དང༌། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིས་མདངས་ཡོད་ཟབ་རིངས་དང༌། །ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སྲབ་པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང༌། །གསུང་མཉེན་མཉམ་དང་མཆེ་བ་ནི། །ཟླུམ་དང་དཀར་དང་རྣོ་བ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །མཆོག་ཏུ་དག་པ་ཉིད་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང༌། །སྨིག་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་གཡས་ཕྱོགས་དང༌། །ཕྱག་རིང་རྒྱས་དང་སྙན་མཉམ་དང༌། །ཉམས་པ་རྣམ་


DTG090_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤངས་པ་དང༌། །དཔྲལ་བ་ལེགས་པར་དབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་གནག་དང༌། །སྟུག་འཇམ་མ་འཛིངས་ངོ་བོ་དང༌། །མི་བཤོར་སྐྱེས་བུའི་ཡིད་འཕྲོག་དང༌། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་ཏེ། གཟུགས་རྣམས་ཀྱི་གཟུགས་བརྙན་འདི་འཆར་བ་དེ་ལྟར་འདིའི་སྐུ་ལ་འདིར་གཟུགས་བརྙན་ཤར་བའོ། །སྤུ་མཉམ་པ་དང་དེ་ལ་སེན་མོ་ཟངས་ཀྱི་མདོག་ཉིད་དང༌། སྣུམ་པ་ཉིད་དང༌། སེན་མོ་མཐོ་བ་ཉིད་དང༌། སེན་མོ་ཟླུམ་པ་ཉིད་དང༌། སོར་མོ་བྱིན་གྱིས་ཕྲ་བ་ཉིད་དང༌། རྩ་མི་མངོན་པ་ཉིད་དང༌། རྩའི་མདུད་པ་མེད་པ་ཉིད་དང༌། ལོང་བུ་མི་མཐོང་བ་ཉིད་དང༌། ཞབས་མཉམ་པ་ཉིད་དང༌། སེང་གེའི་འགྲོས་ཀྱིས་གཤེགས་པ་ཉིད་དང༌། གླང་པོ་ཆེའི་འགྲོས་ཀྱིས་གཤེགས་པ་ཉིད་དང༌། ངང་པའི་སྟབས་ཀྱིས་གཤེགས་པ་ཉིད་དང༌། ཁྱུ་མཆོག་གི་སྟབས་ཀྱིས་གཤེགས་པ་ཉིད་དང༌། གཡས་ཕྱོགས་སུ་བསྐོར་ཞིང་གཤེགས་པ་ཉིད་དང༌། མཛེས་པར་གཤེགས་པ་ཉིད་དང༌། ཡོན་པོ་མ་ཡིན་པའི་སྐུ་ཉིད་དང༌། འཁྲིལ་བག་ཆགས་པའི་སྐུ་ཉིད་དང༌། བྱི་དོར་བྱས་པ་ལྟ་བུའི་སྐུ་ཉིད་དང༌། རིམ་པར་འཚམ་པའི་སྐུ་ཉིད་དང༌། གཙང་བའི་སྐུ་ཉིད་དང༌། འཇམ་པའི་སྐུ་ཉིད་དང༌། དག་པའི་སྐུ་ཉིད་དང༌། དཔེ་བྱད་ཡོངས་སུ་རྫོགས་པ་ཉིད་དང༌། ཡངས་ཤིང་མཛེས་པའི་སྐུ་ཉིད་དང༌། གོམ་པ་སྙོམས་པ་ཉིད་དང༌། སྤྱན་རྣམ་པར་དག་པ་ཉིད་དང༌། ཤིན་ཏུ་གཞོན་མདོག་ཅན་གྱི་སྐུ་ཉིད་དང༌། མ་ཞུམ་པའི་སྐུ་ཉིད་དང༌། །རྒྱས་པའི་སྐུ་ཉིད་དང༌། ཤིན་ཏུ་རྣམ་པར་ཕྱེ་བའི་སྐུ་ཉིད་དང༌། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་མཛེས་པ་ཉིད་དང༌། གཟིགས་པ་རབ་རིབ་མེད་པ་ཉིད་དང༌། དཀུ་ཟླུམ་པ་ཉིད་དང༌། དཀུ་སྐབས་ཕྱིན་པ་ཉིད་དང༌། དཀུ་མ་རྙོངས་པ་ཉིད་དང༌། སྐུ་མཉམ་པ་ཉིད་དང༌། ལྟེ་བ་ཟབ་པ་ཉིད་དང༌། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་ཉིད་དང༌། ཀུན་ནས་བལྟ་ན་སྡུག་པ་ཉིད་དང༌། ཀུན་དུ་སྤྱོད་པ་གཙང་བ་ཉིད་དང༌། སྐུ་ལ་སྨེ་བའི་གནག་བག་མེད་པ་ཉིད་དང༌། ཕྱག་ཤིང་བ་ལ་ལྟར་འཇམ་པ་ཉིད་དང༌། ཕྱག་གི་རི་མོ་སྣུམ་པ་ཉིད་དང༌། ཕྱག་གི་རི་མོ་རིང་བ་ཉིད་དང༌། ཞལ་ཧ་ཅང་མི་རིང་བ་ཉིད་དང༌། མཆུ་བིམ་པ་


DTG090_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དམར་བ་ཉིད་དང༌། ལྗགས་མཉེན་པ་ཉིད་དང༌། ལྗགས་སྲབ་པ་ཉིད་དང༌། ལྗགས་དམར་བ་ཉིད་དང༌། ཤངས་མཐོ་བ་ཉིད་དང༌། ཤངས་གཙང་བ་ཉིད་དང༌། སྤྱན་ཡངས་པ་ཉིད་དང༌། རྫི་མ་སྟུག་པ་ཉིད་དང༌། དཀར་བ་དང་གནག་པའི་པདྨའི་འདབ་མ་ལྟ་བུའི་སྤྱན་ཉིད་དང༌། སྨིན་འཁུགས་རིང་བ་ཉིད་དང༌། སྨིན་མ་སྣུམ་པ་ཉིད་དང༌། སྨིན་མ་འཇམ་པ་ཉིད་དང༌། ཕྱག་རིང་ཞིང་རྒྱས་པ་ཉིད་དང༌། སྙན་མཉམ་པ་ཉིད་དང༌། དཔྲལ་བ་ལེགས་པར་མཛེས་པ་ཉིད་དང༌། དཔྲལ་བའི་དབྱེས་ཆེ་བ་ཉིད་དང༌། དབུ་ཡོངས་སུ་རྒྱས་པ་ཉིད་དང༌། དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང༌། དབུ་སྐྲ་སྟུག་པ་ཉིད་དང༌། དབུ་སྐྲ་འཇམ་པ་ཉིད་དང༌། དབུ་སྐྲ་མ་འཛིངས་པ་ཉིད་དང༌། དབུ་སྐྲ་མི་བཤོར་བ་ཉིད་དང༌། དཔལ་གྱི་བེའུ་དང༌། བཀྲ་ཤིས་དང༌། གཡུང་དྲུང་འཁྱིལ་པ་རྣམས་ཕྱག་དང་ཞབས་ཀྱི་མཐིལ་རྣམས་ལའོ་ཞེས་པའི་དཔེ་བྱད་བརྒྱད་ཅུ་རྣམས་དང༌། མཚན་རྣམས་ནི་གདུལ་བར་བྱ་བའི་དད་པ་མངོན་པར་འཕེལ་བའི་ཕྱིར་རྣམ་པར་གཞག་པ་ཉིད་དེ། འདི་དག་ལ་ནི་འདི་འདྲ་བ་ཞེས་བྱ་བར་མི་ནུས་པ་ཉིད་དོ། །ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་ལ་ནི་རྣམ་པ་སྣ་ཚོགས་ཤིང་བསམ་གྱིས་མི་ཁྱབ་པའི་ཁ་དོག་དང་དབྱིབས་ལ་སོགས་པ་རྣམས་སུ་བླ་ན་མེད་པའི་ཚུལ་དུ་མང་དུ་བསྟན་པའི་ཕྱིར་དང་མདོ་སྡེ་ཡང་སྟེ། རྣམ་པར་རྟོག་པ་མེད་པའི་ཡིད་བཞིན་གྱི་ནོར་བུའི་དེ་བཞིན་གཤེགས་པའི་བདག་པོ་དང༌། རང་གི་མོས་པའི་དབང་གིས་དེ་བཞིན་གཤེགས་པ་གསེར་གྱི་ཁ་དོག་ལ་སོགས་པའི་སྐུ་མཐོང་བར་འགྱུར་རོ་ཞེས་པས་སོ། །མཚན་དང་པོ་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་དང་འཁོར་ལོས་སྒྱུར་བ་རྣམས་ལ་ཡང་ཡོད་མོད་ཀྱི། ཅུང་ཞིག་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་ན་གནས་པ་དང༌། གསལ་བ་དང་རྫོགས་པ་རྣམས་ཀྱིས་བླ་ན་མེད་པའོ། །སྤྲུལ་པ་ནི་སྤྲུལ་པ་སྟེ་དེས་ན་སྤྲུལ་པའི་སྐུ་དེ་ནི་མྱ་ངན་ལས་འདའ་ཞིང་ཐམས་ཅད་ནས་ཐམས་ཅད་དུ་ནམ་མཁའ་ཇི་སྲིད་བར་དུས་ཇི་ལྟ་བ་དང་བསམ་པ་ཇི་ལྟ་བར་མཐའ་དག་གི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཡང་དག་པར་སྒྲུབ་པའི་སྤྲུལ་པའི་ལས་རྣམས་ལ་ཤཱ་ཀྱ་ཐུབ་པ་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུར་སྤྲུལ་བྱེད་དོ་ཞེས་པ་ནི་སྤྲུལ་པ་ཡང་ཡིན་ལ་སྐུ་ཡང་ཡིན་པས་སྤྲུལ་པའི་སྐུ་སྟེ། དེའི་དབང་དུ་བྱས་ནས་བསྟན་


DTG090_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །དེ་བཞིན་ལས་ཀྱང་རྒྱུན་མི་འཆད། །འདི་ནི་འཁོར་བ་ཡིན་པར་འདོད། །ཅེས་ཏེ། དེ་ལྟར་སེམས་ཅན་མཉམ་པོ་ལ་མི་མཉམ་པར་སོ་སོར་སྣང་བ་ནི་སེམས་ཅན་རྣམས་ཀྱི་བདག་པོའི་དབང་གིས་ཏེ། འདི་ལ་གསུངས་པ་ནི། ཆོས་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། ཇི་སྲིད་དུ་ཆུ་དང༌། ཐང་དང་བར་སྣང་ལ་རྒྱུ་བའི་བརྟན་པ་དང་གཡོ་བ་རྣམས་ཀྱི་ལུས་ངག་གིས་ཀུན་དུ་བསྡུས་པས་ནི་ཆོས་རྣམས་ལ་སེམས་ཅན་རྣམས་གདུལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སྤྲུལ་པ་ཉིད་ནི་ཆོས་ཐམས་ཅད་དེ། དེ་རྣམས་མུ་མེད་པ་ཉིད་པས་བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མུ་མེད་པ་སྟེ་དེས་སྤྲུལ་པ་ཉིད་དོ། །སྟོང་པ་ཉིད་ཅེས་པ་ལ་སོགས་པ་ནི་ཇི་ལྟར་སྤྲུལ་པའི་སྐུ་རྣམས་མཐའ་ཡས་པ་དེ་ལྟར་དེ་རྣམས་ཀྱི་སྟོང་པ་ཉིད་ཀྱང་མཐའ་ཡས་པ་ཉིད་དོ། །གང་གི་སྟོང་པ་ཉིད་ན་རང་གི་ངོ་བོ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་རྒྱུད་པའི་བློ་རྣམས་ཀྱིས་ཏེ། སྒྱུ་མའི་སྐྱེས་བུ་བཞིན་ཏེ། མུ་མེད་པ་ནི་སྔ་མ་བཞིན་ནོ། །ཇི་ལྟར་དེ་རྣམས་ཀྱི་ལུས་དང་ངག་སྤྲུལ་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་ཡང་ཇི་ལྟར་སྤྲུལ་པར་མ་གྱུར་ན། དེའི་ཉེ་བར་ལེན་པའི་རྒྱུ་མེད་པའི་ཕྱིར་ཏེ། སྔ་ན་མེད་པའི་སེམས་ཅན་རྣམས་འབྱུང་བ་མེད་པའི་ཕྱིར་རོ། །འོ་ན་སངས་རྒྱས་རྣམས་ནི་སྐུ་དང་གསུང་དང་ཐུགས་སྤྲུལ་པའི་སྦྱོར་བའི་ཐབས་ཀྱི་ལས་ཅན་ཞེས་གསུངས་པ་ནི་བདེན་པར་འདོད་དེ། འོན་ཀྱང་བདེན་པའི་ཉེ་བར་ལེན་པའི་རྒྱུ་ཅན་ཏེ། ལྷའི་བྱིན་གྱིས་བརླབས་ནས་རྨི་ལམ་མཐོང་བ་བཞིན་ཏེ། ངག་གི་དོན་ཤེས་པར་བྱེད་པ་བཞིན་ཏེ། འདི་ལ་གསུངས་པ་ནི། སེམས་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས་པའི་འཇིག་རྟེན་གྱི་ཁམས་ཀྱི་མཐའ་ཡས་པའི་སེམས་ཅན་གྱི་སྤྱོད་པ་རྣམས་ལ་རྣམ་པར་གཟིགས་ནས་སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་ཆོས་སྟོན་པར་བྱེད་དེ། འདི་ལ་གསུངས་པ་ནི། སེམས་ཀྱི་སྤྱོད་པ་ཞེས་པ་ལ་སོགས་པའོ། །སེམས་ཅན་དེ་རྣམས་ཀྱིས་ཇི་ལྟར་ཉེ་བར་བསྟན་པའི་ཆོས་ལ་ཀུན་དུ་


DTG090_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པར་བྱེད་པའི་གཉེན་པོ་དང་ལྡན་པའི་དགེ་བའི་ཆོས་སྐྱེ་བར་གྱུར་ནས་མི་མཐུན་པའི་ཕྱོགས་ཀྱི་མི་དགེ་བའི་ཆོས་རྣམས་རབ་ཏུ་སྤོང་བར་བྱེད་དེ། འདི་ལ་གསུངས་པ་ནི། དགེ་བ་ཞེས་པ་ལ་སོགས་པའོ། །སྤྲུལ་པ་ཉིད་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱི་སྐུ་སྟེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པའི་སྒྱུ་མའི་རྣམ་པ་ནི་དེའི་སྐུར་འགྱུར་བ་མེད་དོ། །རང་གི་ལུས་ཉིད་དུ་བྱིན་གྱིས་བརླབས་ཤིང་སྤྲུལ་ནས་རང་གི་ལུས་བཞིན་དུ་འགྲོ་བ་དང༌། ཐ་སྙད་ལ་སོགས་པ་དང་དཀའ་སྤྱད་རྣམས་སུ་རྣམ་པར་སྤྲོས་པ་དེའི་བཅོམ་ལྡན་འདས་ཀྱི་སྐུའོ་ཞེས་པ་ནི་སྤྲུལ་པའི་སྐུའོ། །དེ་ལ་སྐུ་གསུམ་པོ་འདི་རྣམས་ཀྱང་ནི་རྟག་པ་སྟེ། ངོ་བོ་ཉིད་ནི་རང་བཞིན་གྱིས་རྟག་པས་རྟག་པ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་དེ་རྟེན་པས་རྟག་པས་རྟག་པ་སྟེ། ཐོག་མ་འདོད་ཀྱང་ཐ་མ་མེད་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཀྱི་ཚོགས་ཀྱང་ངོ༌། །སྤྲུལ་པའི་སྐུ་ནི་རྒྱུན་རྟག་པ་སྟེ་རྟག་ཏུ་འབྱུང་ཞིང་ནུབ་པ་དང༌། ནུབ་ནས་ཡང་ནས་ཡང་དུ་ཡུལ་ཐ་དད་པར་རྟག་ཏུ་འཇུག་པས་ན་དེ་ལྟར་མཛད་པ་ཡང་རྟག་པ་ཉིད་དོ། །དེ་ལ་དྷྲྀང་ནི་ཀུན་ཏུ་གནས་པ་སྟེ། ཞེས་པ་ཉིད་ལ་གང་དུ་ཡང་འཇིག་པར་འགྱུར་བ་མེད་དོ་ཞེས་པ་ནི་ཆོས་སོ། །ཆོས་ཀྱང་འདི་ལ་སྐུ་ཡང་འདི་ལྟ་སྟེ། ལུས་ཡིན་པའི་ཕྱིར་རོ་ཞེས་པའོ། །ཆོས་ཀྱི་སྐུ་ནི་བཅོམ་ལྡན་འདས་རྣམས་ཀྱིས་འདུས་མ་བྱས་པའི་དོན་དམ་པ་སྟེ། དེ་ལ་བརྟེན་པའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དང༌། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དང་གསུམ་ནི་དེ་ལྟར་ཀུན་རྫོབ་ཀྱི་ངོ་བོ་སྟེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདུས་བྱས་པའི་དོན་དམ་པར་ནི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཅན་ཆོས་ཀྱི་སྐུའི་ངོ་བོ་སྟེ་གོ་རིམས་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་ལས་ཅིག་ཤོས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་སོགས་པ་རྣམས་ལ་ཡང་སོ་སོར་སྣང་བར་བྱེད་དེ། ཇི་ལྟར་ཆོས་ཀྱི་སྐུ་ལ་བརྟེན་པ་ཉིད་ན་ནི་ཆོས་ཀྱི་སྐུ་ཉིད་མངོན་པར་བྱང་ཆུབ་པར་གྱུར་ནས་ལོངས་སྤྱོད་རྫོགས་པའི་སྐུའི་རྩེ་མོ་ལ་འདི་ལས་སྤྲུལ་པའི་སྐུ་ཡང་དེ་དང་དེར་འབྱུང་སྟེ། ཅུང་ཞིག་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པ་དེའི་འོད་ཟེར་དག་ལས་ཀྱང་སྤྲུལ་པའི་སྐུར་འགྱུར་བའོ། །འདིར་སེམས་བསྐྱེད་པའི་


DTG090_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་དང་རྗེས་ནི་ཡེ་ཤེས་ལྔའི་བདག་ཉིད་དེ། དེ་ལྟར་ཡང་སངས་རྒྱས་ཀྱི་སའི་མདོར་སངས་རྒྱས་ཀྱི་ས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱིས་བསྡུས་པའི་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་ཀུན་དུ་རྟོག་པ་དང༌། བྱ་བ་ནན་ཏན་ནོ་ཞེས་གསུངས་པ་ནི། དེ་ལ་བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་ལས་གྲོལ་བའི་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པས་ཆོས་ཀྱི་དབྱིངས་ཀུན་དུ་རྟོགས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་གང་དུ་ནམ་མཁའ་ཇི་སྲིད་པའི་རྡུལ་ཕྲ་རབ་ཀྱི་མུ་མེད་པའི་ཁམས་གསུམ་པའི་སེམས་ཅན་དང༌། ཅིག་ཤོས་ཀྱི་དངོས་པོ་ཐམས་ཅད་ཇི་ལྟར་རིང་བ་དང་ཉེ་བའི་ཡུལ་དང་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་ཀྱི་སོ་སོར་གནས་པ་མེ་ལོང་བཞིན་དུ་གཟུགས་བརྙན་གསལ་བར་སོ་སོར་སྣང་བའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང་གིས་དེ་ལྟར་མཐོང་བའི་འགྲོ་བ་དེ་རྣམས་ཆོས་ལ་བདག་མེད་པར་མཉམ་པར་ངེས་ཤིང་སེམས་ཅན་ཐམས་ཅད་རྟོག་པར་བདག་དང་མཉམ་པ་ཉིད་ཀྱི་སེམས་དེ་རྣམས་ཀྱིས་ཐོབ་པའོ། །སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ནི་གང་གིས་དེ་ལྟར་མཉམ་པར་བཞག་པ་ཉིད་ཀྱིས་བཅོམ་ལྡན་འདས་ལ་རྣམ་པར་རྟོག་པ་མེད་པ་ཉིད་ཀྱང་རང་གི་སྔོན་གྱི་སྨོན་ལམ་དང༌། སེམས་ཅན་གྱི་བསོད་ནམས་ཀྱི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སོ་སོར་བརྟགས་པའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་དེ་ལྟར་སོ་སོར་བརྟགས་པ་ཉིད་ཀྱིས་འགྲོ་བ་ལ་ཇི་ལྟར་རིགས་པར་མཛད་པས་གནས་པའོ། །ཡེ་ཤེས་ལྔ་པོ་འདི་རྣམས་དང༌། །གཞན་ཡང་མངོན་པར་ཤེས་པ་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པའི་གྲངས་ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀུན་རྫོབ་པ་ལ་རྣམ་པར་རྟོག་པ་མེད་པ་དེ་རྣམས་ནི་གང་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བདེ་བའོ་ཞེས་བཅོམ་ལྡན་འདས་མ་ལས་གསུངས་པ་ན་བདེ་བ་ཆེན་པོའི་རང་བཞིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་དང་ལྷན་ཅིག་སྤྱོད་དེ། གཟུགས་དང་རོ་གཅིག་བཞིན་དུ་ཚོགས་པ་གཅིག་ལ་བརྟེན་པའི་འབྲེལ་པ་དང་གཞན་པའི་ཆ་མེད་པས་གནས་པ་ཅིག་ཅར་བའི་རྒྱུད་ལ་ཕན་ཚུན་དབྱེ་བས་རྣམ་པར་གཞག་པ་ནི་གང་དུ་ཡང་དབྱེ་བ་མེད་དེ། ལྡོག་པའི་དབྱེ་བ་རྣམས་ཀྱི་ཕྱེ་བས་རྣམ་པར་གཞག་པ་ལ་དགོངས་པ་སྟེ། དོན་དམ་པ་ནི་དབྱེ་བ་དང་


DTG090_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་མེད་པ་ལ་སོགས་པའི་སྤྲོས་པ་མཐའ་དག་གིས་སྟོང་པ་ཉིད་དོ། །དབུ་མ་པ་གཞན་གྱིས་འདོད་པས་དེ་ཉིད་དེ་ལྟར་ཡོད་པ་མ་ཡིན་པ་ཉིད་དེ། དེ་བཞིན་གཤེགས་པའི་ཡེ་ཤེས་ན་ནི། དེ་ལྟར་རྣམ་པར་དག་པའི་ཀུན་རྫོབ་ཆད་པའི་ལྟ་བས་སྨོད་པར་བྱེད་པ་ཉིད་དེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་ངོ་བོའི་སོ་སོར་རང་གིས་རིག་པ་ནི་ཆད་པ་མེད་པ་ཉིད་དེ། སྒྲིབ་པ་དང་བཅས་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་རྟེན་གཞན་དུ་མི་འཇུག་པའི་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་གིས་སྒྲིབ་པ་མེད་པའི་ཕུང་པོ་ལྔ་པོ་རྣམས་ཀུན་རྫོབ་ཏུ་གཞན་དུ་ཡོད་པ་ཉིད་དེ། འདིར་རབ་ཏུ་དགའ་བ་ལ་སོགས་པའི་ས་ནས་བརྩམས་ནས། མི་མཐུན་པའི་ཕྱོགས་མ་རིག་པ་ལ་སོགས་པའི་མུན་པ་འགྲིབ་པ་ཉིད་ཀྱིས་མུ་མེད་པའི་མངོན་པར་ཤེས་པ་ལ་སོགས་པ་ཡེ་ཤེས་ཀྱི་སྣང་བ་བསགས་པ་ཉིད་ཀྱི་རིམ་གྱིས་མུན་པ་མེད་ནས་ས་བཅུ་པ་ལ་མུ་མེད་པ་ཉིད་ཀྱི་བདག་ཉིད་ཅན་དུ་བྱེད་པས་བཅུ་གཅིག་པ་ལ་མེད་ཅེས་ཅིའི་ཕྱིར་འདིར་རིགས་ཏེ། དེ་ལ་ནི་མ་རིག་པ་ལ་སོགས་པ་མ་ལུས་པའི་མུན་པའི་འཁྲུལ་པ་སྤངས་ནས་དང༌། མ་འདྲེས་པའི་བླ་ན་མེད་པའི་བསམ་གྱིས་མི་ཁྱབ་པའི་མངོན་པར་ཤེས་པ་ལ་སོགས་པའི་ཡེ་ཤེས་ཀྱི་སྣང་བ་མུ་མེད་པའི་ཁམས་གསུམ་པ་རྣམས་ན་མཚམས་མེད་པ་འཕྲོ་བ་ཉིད་དུ་རིགས་ཀྱི་ཆད་པར་ནི་མ་ཡིན་ཏེ། ཤིན་ཏུ་རྣམ་པར་དག་པ་རྟོགས་པའི་རྒྱུད་ལ་ཀུན་རྫོབ་ཀྱི་ངོ་བོ་ཉིད་མེད་ན་མུ་མེད་པའི་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་རིག་པ་དང༌། མངོན་པར་ཤེས་པ་དང༌། སྟོབས་དང་མ་འདྲེས་པ་ལ་སོགས་པའི་ཆོས་ཀྱི་ཕུང་པོ་ཡང་ཡེ་ཤེས་ལྔ་རྣམས་གང་གིས་མཁྱེན་ཅིང་གང་གིས་ཆོས་བསྟན་པ་རྣམས་ཀྱི་གཞན་དུ་དོན་བྱེད་པ་སྙིང་རྗེ་ཆེན་པོས་སྨོན་ལམ་བཏབ་པ་རབ་ཏུ་སད་པའི་དབང་གིས་གང་དུ་གཟུགས་ཀྱི་སྐུ་སྣང་བར་འགྱུར་བའོ་ཞེ་ན། གང་ཡང་བཅོམ་ལྡན་འདས་མ་འདིའི་ཡོངས་སུ་བསྔོ་བའི་ལེ་འུར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ཞེས་པ་དེས་གནོད་པར་འགྱུར་ཏེ། དེའི་ཕྱིར་ཡང་མྱོང་བའི་བདག་ཅན་ནི་བཅོམ་ལྡན་འདས་སོ། །དེའི་ཕྱིར། འཚེ་བ་མེད་པའི་ཡང་དག་དོན། །རྟོགས་པ་ཤིན་ཏུ་རྒྱས་རྣམས་ཀྱི། །ཆད་པ་མེད་དེ་བདེ་གཟུང་དང༌། །སྙིང་བརྩེ་བའི་བདག་ཉིད་ཀྱིས། །ཇི་ལྟར་གསུངས་པའི་རིགས་པས་ནི། །ཐམས་ཅད་ཀུན་དུ་འབྱུང་བར་འགྱུར། །ཇི་ལྟར་ན་དེས་ཡོངས་སུ་གཅོད་པར་


DTG090_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་དངོས་པོ་རྣམས་ལ་ནི་མཐའ་མེད་དེ། དཔེར་ན་བདེན་པའི་རྨི་ལམ་གྱི་ཤེས་པས་མི་སླུ་བ་སྟེ། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ལ་མཁས་པ་ལ་གོམས་པའི་མཐུས་མ་རིག་པ་ལ་སོགས་པའི་སྒྲིབ་པ་སྤངས་པས་ཕྱོགས་བཅུར་ནམ་མཁའ་ཇི་སྲིད་པར་བྱུང་ཟིན་པ་དང་འབྱུང་བ་དང་འབྱུང་བར་འགྱུར་བའི་ཀུན་རྫོབ་ཀྱི་ངོ་བོའི་སྣོད་ཀྱི་འཇིག་རྟེན་དང༌། སེམས་ཅན་གྱི་འཇིག་རྟེན་དང༌། གྲངས་མེད་པ་ཉིད་ཀྱི་མཐའ་ཡས་པ་ལ་དེ་ལྟར་དེའི་མངོན་སུམ་ནི་གང་ཡང་སླུ་བ་མེད་པས་མངོན་སུམ་གྱི་ཚད་མས་རྣམ་པར་གཞལ་བར་བྱ་སྟེ། ངོ་བོ་ཉིད་ཀྱི་དངོས་པོར་ནི་དེས་ཅུང་ཞིག་ཀྱང་ཉེ་བར་དམིགས་པ་མེད་དོ། །དེ་ཡང་ཆོས་ཡང་དག་པར་སྡུད་པར། མཐོང་བ་མེད་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་མཐོང་བ་དམ་པའོ་ཞེས་གསུངས་ཏེ། ཇི་ལྟར་ན་ཆོས་ཐམས་ཅད་ལ་བདག་མེད་པ་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་སྟེ། དེ་ནི་དངོས་པོ་མེད་པའོ་ཞེ་ན། དེ་ལྟ་མ་ཡིན་ཏེ། གཟུགས་བརྙན་ལྟ་བུའི་ཕུང་པོ་ལྔ་པོ་རྣམས་ཀྱིས་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། དེ་ཉིད་ལ་མཐོང་བ་མེད་པར་བརྗོད་ཀྱི། མེད་པ་དགག་པའི་ཚུལ་གྱིས་ནི་མ་ཡིན་ཏེ། དེ་ལྟར་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔས་སྒྱུ་མ་དང་རྨི་ལམ་བཞིན་དུ་ཆོས་ཐམས་ཅད་ཉེ་བར་བསྟན་པར་བྱ་སྟེ། མཐོང་བ་དང་མཐོང་བ་མེད་པའི་མཚན་ཉིད་ཀྱི་ཕྱིར་རོ་ཞེས་ཏེ་དེ་ལ་མཐོང་བའི་མཚན་ཉིད་ནི་ཀུན་རྫོབ་ལ་མཐོང་བ་མེད་པའི་མཚན་ཉིད་ནི་དོན་དམ་པ་ཉིད་དོ་ཞེས་པ་ནི་མདོའི་དོན་ཏོ། །གང་ཡང་ཆོས་རྣམས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པ་དང་རོ་གཅིག་པ་ཉིད་དུ་མངོན་སུམ་པས་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་ཀུན་རྫོབ་ཏུ་མངོན་སུམ་ལ་སོགས་པར་རྣམ་པར་གཞག་སྟེ། དེའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་མངོན་སུམ་ཉིད་ལ་མ་ལུས་པའི་དངོས་པོར་སྐྱེས་པའི་རྣམ་པ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་གསལ་བར་རིག་སྟེ། རྣལ་འབྱོར་པའི་ཏིང་ངེ་འཛིན་ནི་བསམ་གྱིས་མི་ཁྱབ་པ་ལ་སྦྱོར་བའི་ཕྱིར་རོ། །ཡང་གསུངས་ཏེ། མཁྱེན་པའི་སྐད་ཅིག་གཅིག་ལ་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་པའི། །ཡོན་ཏན་རིན་ཆེན་བསམ་མི་ཁྱབ། །ཆུ་བོའི་འཁོར་བ་ཇི་སྲིད་འཇུག །ཅེས་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡེ་ཤེས་སུ་རྣམ་པར་གཞག་སྟེ། མ་ལུས་


DTG090_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིན་ཅི་ལོག་སྤངས་ཀྱང་ཐུགས་རྗེ་ཆེན་པོའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཇི་སྲིད་དུ་སེམས་ཅན་གྱི་ལས་དང་ཉོན་མོངས་པ་དང་ནམ་མཁའ་ཇི་སྲིད་པར་གནས་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔར་གྱུར་པ་ན་སྨོན་ལམ་བསྐྱེད་པར་བྱས་ཏེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྟར་བདག་གིས་རྣམ་པར་རྟོག་པ་མེད་པའི་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཇི་ལྟར་རྗེས་སུ་མཐུན་པའི་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་པའི་མཆོག་ཏུ་ཡོངས་སུ་མཐར་ཐུག་པའི་སངས་རྒྱས་ཀྱི་མཛད་པ་ཡང་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་གནས་ནས་ཕན་པར་བྱེད་ཅེས་པ་སྟེ། འདིར་དེ་ལྟར་སྒྱུ་མ་ལ་སོགས་པ་རྣམས་སྔགས་དང་སྨན་ལ་སོགས་པའི་རང་གི་རྒྱུ་ཚོགས་པའི་གཞན་དབང་གིས་འཇུག་སྟེ། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ལ་སོགས་པ་ཡང་སྒྱུ་མ་སྟེ་མ་བརྟགས་ན་ཉམས་དགའ་བ་རྣམས་ཀྱི་རབ་ཏུ་འཇུག་པ་ཉིད་དེ། རྐྱེན་སྣ་ཚོགས་པའི་དབང་གིས་སྒྱུ་མ་རྣམས་ཀྱང་སྣ་ཚོགས་པར་སྟོན་པའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཀྱིས་ནི། སྒྱུ་མའི་མཁན་པོ་བཞིན་དུ་དེས་སྒྱུ་མ་ཇི་ལྟར་ཡང་དག་པར་ཡོངས་སུ་ཤེས་ནས་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པར་མི་བྱེད་དེ། གང་ཞིག་དེའི་སྐྱེ་བ་ལ་སོགས་པའི་སྒྱུ་མ་རྣམས་ལ་བྱིས་པས་རྟོགས་ལྡན་གྱི་སྐྱེ་བོ་བཞིན་དུ་ཇི་ལྟར་མཐོང་བ་ལ་བདེན་པ་མངོན་པར་ཞེན་པས་དེ་ནི་བྱིས་པ་ཞེས་བརྗོད་ལ། དེ་ལ་རྣལ་འབྱོར་བའི་ཡེ་ཤེས་ལ་སོགས་པ་སྒྱུ་མ་ནི་ཇི་ལྟར་རང་དང་རྗེས་སུ་མཐུན་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་སྟེ། བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་སྙིང་རྗེ་དང་ཤེས་རབ་བོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་བགྲོད་པའི་ལམ་གསུངས་པའོ། །འོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མཐོང་བ་ཅན་གྱི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཕྱི་རོལ་གྱི་དོན་དང་རྣམ་པར་ཤེས་པ་དག་ཁ་ཅིག་ཏུ་ཇི་སྐད་དུ་བཤད་པའི་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུ་དེའི་ཁ་ཅིག་ཏུ་ཡོད་ཅེས་པ་དང་ཁ་ཅིག་ཏུ་དགག་པར་བྱེད་ན་ཀུན་རྫོབ་ཏུ་ཡོད་པར་བྱེད་དེ་ཀུན་རྫོབ་ཅེས་ནི་མི་བརྗོད་པ་ནི་བདེན་པར་མངོན་པར་ཞེན་པ་ཅན་གྱི་གདུལ་བར་བྱ་བ་འཇུག་པའི་དོན་དུའོ། །དོན་དམ་པར་དགག་པ་བྱེད་དེ། བདེན་པ་ཉིད་དུ་སྒྲོ་བཏགས་པའི་རྗེས་


DTG090_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བརྗོད་པ་ཇི་ལྟར་ན་རྗེས་སུ་བརྗོད་པ་དེ་སྟོང་པ་ཉིད་མཐོང་བ་ལ་ནི་སྒྲོ་བཏགས་ཀྱི་སྣང་བ་མེད་པའི་ཕྱིར་རོ། །འཇིག་རྟེན་གྱི་བློ་ཉིད་ཀྱི་རྗེས་སུ་བརྗོད་པ་སྟེ། འཇིག་རྟེན་གྱི་བློ་དེ་ལྟ་བུ་བློ་ནི་ཐོག་མ་མེད་པའི་མ་རིག་པའི་དབང་གིས་ཏེ། དེས་འདོད་ཆགས་དང་བཅས་པ་ལ་སོགས་པའི་སེམས་བཞིན་དུ་ཤེས་པ་ཉིད་ཀྱིས་རྗེས་སུ་བརྗོད་ནས་བཅོམ་ལྡན་འདས་ཀྱིས་དགག་པ་མཛད་དོ། །རྣམ་པར་རྟོག་པ་མེད་ཀྱང་འཁོར་ལོ་འཁོར་བ་བཞིན་དུ་སྔོན་གྱི་འཕེན་པའི་ཤུགས་ཀྱིས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་སྟོན་པར་བྱེད་པའི་སྟོན་པ་པོ་ཉིད་དུ་དམིགས་པའི་ཕྱིར་རོ། །སྐྱེས་བུ་ནོར་བུ་རིན་ཆེན་བཞིན། །ཀུན་དུ་དམིགས་པ་ཙམ་གྱིས་ཏེ། །ཇི་ལྟར་འདོད་པའི་རྩིག་སོགས་ལས། །སྟོན་པའི་སྒྲ་ནི་འབྱུང་འགྱུར་ཏེ། །དེ་ལ་རྟོག་པ་མེད་ཀྱང་ནི། །སྔོན་གྱི་འཕེན་པས་འཇུག་པར་འགྱུར། །ཀུན་དུ་སེམས་ཅན་ཀུན་དོན་ལ། །ཕྱོགས་རྣམས་ཀུན་དུ་ཐ་དད་དོ། །ཞེས་ཏེ་ཞར་ལ་འོངས་པ་སྤྲོས་པས་དགོས་པ་མེད་དོ། །ཇི་སྐད་དུ་བཤད་པའི་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུ་དེའི་མཛད་པ་མདོར་བསྡུས་ནས་གསུངས་པ་ནི། སེང་གེའི་སྒྲ་ཞེས་པ་ལ་སོགས་པ་སྟེ། རི་དགས་རྣམས་ཀྱི་མཆོག་ནི་སེང་གེ་ལ་དེ་དང་ཆོས་མཐུན་པས་ལྷ་དང་མི་ལ་སོགས་པ་རྣམས་ཐམས་ཅད་ཀྱི་སྐྱེས་བུའི་མཆོག་ནི་དེ་བཞིན་གཤེགས་པ་སྟེ། དེས་ན་སེང་གེ་ཞེས་བརྗོད་དོ། །དེའི་ཆོས་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། ཕ་རོལ་གྱི་རྒོལ་བའི་རི་དགས་རྣམས་འཇིགས་པར་བྱེད་པས་སེང་གེའི་སྒྲ་ཞེས་བརྗོད་དེ། སེང་གེའི་རྒྱལ་མཚན་བཞིན་ལ། དེའི་སྒྲ་ནི་སྟོན་པ་པོ་སྟེ། བཅོམ་ལྡན་འདས་ཀྱི་སྟེ། དེས་ཤེས་རབ་ཀྱིས་དགོངས་པར་བྱས་ནས་ཕ་རོལ་ཏུ་འགྲོ་བས་ན། ཕ་རོལ་ཏུ་ཕྱིན་པར་རིག་པར་བྱའོ། །དེ་ཡང་སེང་གེའི་སྒྲས་ནི་མཛད་པ་ཉི་ཤུ་རྩ་བདུན་བསྟན་པ་ལ། དེ་ནི་རྒྱས་པར་ཡུམ་ཆེན་མོར་བལྟ་བར་བྱ་སྟེ། དེའི་དབང་དུ་བྱས་ཏེ། བསྟན་བཅོས་ལས། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམས་བཞི་ལ་འགོད་པ་དང༌། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །སེམས་ཅན་རྣམས་དོན་ཇི་བཞིན་དུ། །དོན་དང་ཕ་རོལ་ཕྱིན་དྲུག་དང༌། །སངས་རྒྱས་ལམ་དང་རང་བཞིན་གྱི། །སྟོང་པ་ཉིད་དང་གཉིས་ཟད་དང༌། །བརྡ་དང་དམིགས་པ་


DTG090_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང༌། །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང༌། །བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང༌། །ཡོངས་སུ་དག་པར་བྱ་བ་དང༌། །ཚད་མེད་པ་དང་སེམས་ཅན་དོན། །སངས་རྒྱས་རྟེན་སོགས་ཡོན་ཏན་དང༌། །བྱང་ཆུབ་ཡན་ལག་ལམ་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང༌། །ཕྱིན་ཅི་ལོག་ནི་སྤངས་པ་དང༌། །དེ་གཞི་མེད་པའི་ཚུལ་དང་ཡང༌། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །མྱ་ངན་འདས་ལ་དགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་རྣམས་གཟུང་བའི་དོན་དུ་སྤྲུལ་པ་སྟེ། གང་དམྱལ་བ་རྣམས་ཀྱི་དམྱལ་བའི་མེ་ཞི་བ་དང༌། དུད་འགྲོ་རྣམས་ལ་རང་གི་ཤ་ལ་སོགས་པའི་སྦྱིན་པ་དང༌། ཡི་དགས་ལ་བཟའ་བ་དང་བཏུང་བ་ལ་སོགས་པ་སྦྱིན་པ་ཉིད་ཀྱིས་ཆོས་སྟོན་པ་ལ་སེམས་མངོན་པར་དད་པར་བྱེད་པས་དེ་རྣམས་ལྷ་དང་མི་རྣམས་སུ་སྐྱེ་བར་བྱེད་པ་ནས་ལྷ་ནས་ཡང་ཐེག་པ་དམན་པ་ལ་མོས་པའི་ཆོས་བསྟན་པས་མངོན་པར་དད་པར་བྱེད་པས་མི་རྣམས་སུ་སྐྱེ་བར་བྱེད་པ་ནས་ཇི་སྲིད་དུ་ཉན་ཐོས་ཀྱི་བྱང་ཆུབ་ཀྱི་བར་ལ་འགོད་པར་བྱེད་དོ་ཞེས་པ་ནི་འགྲོ་བ་རྣམས་ཞི་བའི་ཕྲིན་ལས་སོ། །གང་ཡང་མི་རྣམས་ལ་ནང་དང་ཕྱི་རོལ་གྱི་ཟང་ཟིང་གི་སྦྱིན་པ་རྣམས་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་རྣམས་ཀྱི་དོན་སྤྱོད་པ་དང༌། དོན་མཐུན་པ་རྣམས་ཀྱིས་སློབ་པར་བྱེད་དོ་ཞེས་པ་ནི་བསྡུ་བའི་དངོས་པོ་བཞི་ལ་འགོད་པའི་ཕྲིན་ལས་སོ། །ཀུན་ནས་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་ལ། རྣམ་པར་བྱང་བ་ནི་དེ་དག་འགགས་པའི་རང་བཞིན། དེ་ཡང་གང་ཟག་དང་ཆོས་ལ་བདག་མེད་པའི་ཤེས་པས་སོ་ཞེས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཤེས་པ་ལ་འགོད་པའི་ཕྲིན་ལས་སོ། །དཔེར་ན་སྒྱུ་མ་མཁན་གྱིས་རྣམ་པ་སྣ་ཚོགས་པའི་དངོས་པོ་སྤྲུལ་ཏེ། དེ་ཡང་འཇིག་རྟེན་པས་དེ་ཐམས་ཅད་རྫས་མེད་པའོ་ཞེས་མི་ཤེས་ཏེ། གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་རང་གི་ངོ་བོ་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་དུ་ཕུང་པོ་ལ་སོགས་པ་མཐོང་ལ། དོན་དམ་པར་ནི་སེམས་ཅན་ཡོད་པ་མ་ཡིན་ཏེ། བཏགས་པའི་ཆོས་རྣམས་ནི་ངོ་བོ་ཉིད་མེད་པས་སོ་ཞེས་པ་ནི་


DTG090_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་དོན་ལ་ཇི་ལྟ་བ་བཞིན་དུ་བདག་ཉིད་འགོད་པའི་ཕྲིན་ལས་སོ། །དེ་སྦྱིན་པ་སྦྱིན་པར་བྱེད་ཅིང་གཞན་རྣམས་ཀྱང་སྦྱིན་པ་ལ་འགོད་པར་བྱེད་པ་ནི། དེ་བཞིན་དུ་ཚུལ་ཁྲིམས་སྲུང་བར་བྱེད་ཅེས་པ་ལ་སོགས་པའི་ཚིག་གིས་ནི་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པའི་ཕྲིན་ལས་སོ། །དེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བླངས་སོ་ཞེས་པ་ལ་སོགས་པ་ནི་སངས་རྒྱས་ཀྱི་ལམ་ལ་འགོད་པའི་ཕྲིན་ལས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ཏེ། དེ་རྣམས་ཀྱི་འཁོར་གསུམ་དང་འབྲས་བུ་ནི་རང་བཞིན་གྱིས་སྟོང་པ་ཉིད་དུ་བསྟན་ཅིང༌། དེ་དེ་རྣམས་ཀྱི་ཇི་སྲིད་དུ་བླ་ན་མེད་པའི་བྱང་ཆུབ་རྟོགས་པར་འགྱུར་གྱི་བར་སྒོམ་པར་བྱེད་དོ་ཞེས་པ་ནི། སྟོང་པ་ཉིད་ལ་མངོན་པར་འགོད་པའི་ཕྲིན་ལས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་རང་བཞིན་གྱི་སྟོང་པ་ཉིད་ཀྱི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཅེས་པ་ནི་གཉིས་སུ་མེད་པའི་ཆོས་ལ་འགོད་པའི་ཕྲིན་ལས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་གང་ཡང་དོན་དམ་པར་མ་དམིགས་ལ། ཀུན་རྫོབ་ཏུ་ནི་ཆོས་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་པ་སྟེ། ཕུང་པོ་ཁམས་ལ་སོགས་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའོ་ཞེས་པ་ནི་བརྡ་ཅན་གྱི་ཡེ་ཤེས་ལ་འགོད་པའི་ཕྲིན་ལས་སོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ལ་དེ་རྣམས་ཀྱི་འཁོར་གསུམ་དང་འབྲས་བུ་ཉེ་བར་མི་དམིགས་དང་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་པར་ནུས་སོ་ཞེས་པ་ནི་དམིགས་པ་མེད་པ་ལ་འགོད་པའི་ཕྲིན་ལས་སོ། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་ཅན་རྣམས་དོན་དམ་པར་དམིགས་སུ་མེད་པ་དེ་ལྟར་ན་ཡང་ཀུན་རྫོབ་ཏུ་སེམས་ཅན་ལ་ལྟ་སྟེ། སེམས་ཅན་རྣམས་ནི་དངོས་པོར་མངོན་པར་ཞེན་ནས་ཀུན་ནས་ཉོན་མོངས་པར་འགྱུར་བ་སྟེ། དེ་དེ་རྣམས་ཀྱིས་ཏེ་སྤོང་བའི་ཕྱིར་ཐེག་པ་གསུམ་པོ་རྣམས་ཀྱིས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་པ་ནི་སེམས་ཅན་ཡོངས་སུ་སྨིན་པའི་ཕྲིན་ལས་སོ། །དེ་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་སོགས་པ་ལ་སྤྱོད་པའི་དཀར་པོའི་ཆོས་རྣམས་ལ་སེམས་ཅན་རྣམས་ཀྱིས་


DTG090_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སློབ་པར་བྱེད་དོ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པའི་ཕྲིན་ལས་སོ། །དེ་དེ་ལྟར་སྟོང་པ་ཉིད་ལ་ཡོངས་སུ་བརྟགས་ཏེ་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་ལ་སྟོང་པ་ཉིད་དུ་མངོན་པར་ཞེན་པར་མི་བྱེད་ཅིང་སྦྱིན་པ་ལ་སོགས་པ་ལ་སྤྱོད་པར་བྱེད་ལ་དེ་རྣམས་དང་དེའི་འབྲས་བུ་རྣམས་ལ་བཟློག་པར་བྱའོ་ཞེས་པ་ནི་མངོན་པར་ཞེན་པ་ཐམས་ཅད་སྤོང་བ་ལ་འགོད་པའི་ཕྲིན་ལས་སོ། །བྱང་ཆུབ་ཉིད་ནི་ལམ་ལ་ལམ་ཉིད་ནི་བྱང་ཆུབ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་འགྱུར་ཏེ་དེ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པས་གང་དུ་བྱང་ཆུབ་རྟོགས་པར་འགྱུར་ཏེ་དེ་ཉིད་གཤེགས་པས་སོ་ཞེས་པ་ནི་བྱང་ཆུབ་ཐོབ་པ་ལ་འགོད་པའི་ཕྲིན་ལས་སོ། །དེ་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་འདུ་ཤེས་ཀྱི་གནས་ངན་ལེན་བཟློག་ཅིང་རང་དང་གཞན་རྣམས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བ་རྣམས་ཐམས་ཅད་ལ་འགོད་དེ། དེའི་དགེ་བས་རང་དང་གཞན་རྣམས་རྫོགས་པར་བྱང་ཆུབ་པའི་རང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཕྱིར་ཡོངས་སུ་བསྔོ་བ་དང་སྨོན་ལམ་འདེབས་པར་བྱེད་དོ་ཞེས་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་འགོད་པའི་ཕྲིན་ལས་སོ། །དེ་ལྟར་སེམས་དང་པོ་བསྐྱེད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ལ་ངེས་པ་ཇི་ལྟར་ན་ངན་འགྲོར་སྐྱེ་བར་འགྱུར་ཞེ་ན། གང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམས་ལ་སྤྱོད་པ་དེ་ལ་ནི་མི་ཁོམ་པ་བརྒྱད་མི་སྲིད་དོ། །དེ་ལྟ་ན་ནི་ཇི་ལྟར་དུད་འགྲོའི་སྐྱེས་གནས་སུ་སྐྱེ་ན། དེས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དགེ་བའི་ཆོས་ཐམས་ཅད་དང་ལྡན་པས་སེམས་ཅན་གྱི་དོན་དུ་སྐྱེ་བ་ལ་དབང་བས་བསམས་བཞིན་དུ་ལེན་གྱི་དུད་འགྲོའི་སྡུག་བསྔལ་གྱི་ཚོར་བ་རྣམས་མྱོང་བ་ནི་མ་ཡིན་ནོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་མཆོག་ལ་དབང་བ་ཉིད་དུ་ཐོབ་པས་འཇིག་རྟེན་གྱི་ཁམས་རྣམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་དཀྱིལ་འཁོར་དུ་རབ་ཏུ་ཞུགས་ནས། ཅིག་ཅར་དུ་མཐའ་ཡས་པའི་བདག་གི་ལུས་གཞན་གྱི་དོན་དུ་སྤྲུལ་བར་བྱེད་དོ་ཞེས་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པར་འགོད་པའི་ཕྲིན་ལས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་ཕྱོགས་བཅུའི་འཇིག་


DTG090_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཁམས་གྲངས་མེད་པ་རྣམས་ནི་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་གོས་པ་མེད་དེ་སྟོང་པ་ཉིད་ལ་གནས་ནས་དཀར་པོའི་ཆོས་རྣམས་ཐམས་ཅད་ལ་གནས་པར་འགྱུར་ཏེ། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ལས་གཞན་ན་མེད་པས་སོ་ཞེས་པ་ནི་གཞལ་དུ་མེད་པའི་སེམས་ཅན་གྱི་དོན་ལ་དགོད་པའི་ཕྲིན་ལས་སོ། །དེས་འདི་ལྟར་བསྟན་པར་བྱ་སྟེ། གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གཱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་གང་དེ་རྣམས་ཐམས་ཅད་ཀྱང་རང་གི་ངོ་བོས་སྟོང་པ་སྟེ། གལ་ཏེ་དེ་སྟོང་པ་ཉིད་དུ་མ་གྱུར་ན་དེ་ཕྱོགས་གཅིག་པར་འགྱུར་བས་དེའི་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ངོ་ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། མངོན་པར་ཤེས་པ་དྲུག་མངོན་པར་བསྒྲུབས་ནས་དེ་ལྟར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་སེམས་ཅན་རྣམས་ཀྱི་དོན་སྐད་ཅིག་མ་གཅིག་ལ་འགྲོ་བ་དྲུག་གི་སེམས་ཅན་གྱི་གཟུགས་རྣམ་པ་སྣ་ཚོགས་པའི་ཁ་དོག་ཏུ་སྤྲུལ་པ་རྣམས་ཀྱིས་ཡང་དག་པར་སྒྲུབ་པར་བྱེད་དོ། །ལྷ་ལ་སོགས་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་ཇི་སྲིད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ལ་སྤྲུལ་པའི་དབྱངས་ཀྱིས་རྟོགས་པར་བྱེད་དེ། དབྱངས་དེས་ཀྱང་རྣམ་པ་དུ་མའི་ཆོས་རྣམས་སྟོན་པར་བྱེད་ལ། གཞན་སྤྲུལ་པ་རྣམས་ལ་བྱེད་དུ་འཇུག་པའམ། ནམ་མཁའ་ལ་ཡང་ཆོས་སྟོན་པའི་སྒྲ་འབྱུང་བར་བྱེད་པས་ཡུལ་དང་བཟའ་བ་དང་བཏུང་བ་དང་བཞོན་པ་དང་གོས་དང་རིན་པོ་ཆེ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སེམས་ཅན་གྱི་དོན་དུ་སྤྲུལ་པ་དེ་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྗེས་སུ་ཉེ་བར་སོང་བ་དེ་རྣམས་ལ་བསྙེན་བཀུར་བྱེད་ཅིང་དེ་རྣམས་ལ་ཆོས་མཉན་ནས་དགེ་བའི་རྩ་བ་གཞན་སྐྱེད་པར་བྱེད་དེ། མངོན་པར་ཞེན་པ་ནི་མི་བྱེད་དེ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་མངོན་པར་ཞེན་པ་ཡོད་པ་མ་ཡིན་ནོ། །དེའི་ལྷའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་སེམས་ཅན་རྣམས་མཐོང་ནས་རྫུ་འཕྲུལ་གྱིས་མངོན་པར་ཤེས་པས་དེར་སོང་ནས་ཁྱབ་བདག་ཐོབ་པར་བྱས་ནས་དེ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །ལྷའི་རྣ་བས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཆོས་ཉན་ཅིང་འཛིན་པར་བྱས་ནས་དེ་རྣམས་ལ་སྟོན་པར་བྱེད་དོ། །སེམས་ཀྱི་རྣམ་གྲངས་


DTG090_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཤིང་སེམས་ཅན་རྣམས་ཀྱི་སྤྱོད་པ་ཤེས་ནས་ཇི་ལྟར་སེམས་པ་དེ་ལ་དེ་བསྟན་པ་རྣམས་ཀྱི་ཆོས་སྟོན་པར་བྱེད་དེ། དེས་རྣམ་པ་དུ་མའི་བདག་ཉིད་ཀྱིས་སྔོན་གྱི་གནས་དང་གཞན་དག་གིས་རྗེས་སུ་དྲན་པ་ནས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་དང་ཆོས་ཀྱི་རྗེས་སུ་དྲན་ནས་དེའི་གདུལ་བྱའི་སེམས་ཅན་རྣམས་ལ་སྟོན་པར་བྱེད་དོ། །དེའི་ཟག་པ་ཤེས་པའི་བདག་ཉིད་དང་གཞན་གྱི་ཉོན་མོངས་པ་ཟད་ནས་ཇི་སྲིད་དུ་ཆོས་རྣམས་ཐམས་ཅད་ནི་ཆོས་རྣམས་ཐམས་ཅད་ཀྱིས་སྟོང་ངོ་ཞེས་པའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ནས་སེམས་ཅན་རྣམས་ལ་རྗེས་སུ་མཐུན་པའི་ཆོས་སྟོན་པར་བྱེད་དོ། །གང་ཡང་དེའི་ཚིག་ལ་གནས་པར་མི་འདོད་པ་དེ་རྣམས་ཀྱི་མགོ་བོ་འགས་པ་ལ་སོགས་པས་བསྡིགས་ནས་བསྐུལ་བ་རྣམས་ཀྱི་བདག་ཉིད་ཀྱི་གསུང་འཛིན་དུ་གཞུག་པར་བྱེད་དོ། །དེའི་མངོན་པར་ཤེས་པ་དེ་རྣམས་ཀྱིས་གང་དུ་འདོད་པར་སེམས་ཅན་གྱི་དོན་བདག་གིས་ལུས་འཛིན་པར་བྱེད་དོ། །དེ་ལ་བདེ་བ་དང་སྡུག་བསྔལ་གྱི་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་རྣམས་ཀྱིས་གོས་པ་མེད་དེ། འདིའི་མངོན་པར་ཤེས་པ་ཐམས་ཅད་ཀྱང་སྐྱེ་བོ་སོ་སོ་ལ་ཀུན་ཏུ་འབྱུང་བར་འགྱུར་ལ། དུད་འགྲོའི་སྐྱེ་གནས་ལ་སོགས་པའི་འཆི་བ་ཡང་ཡོད་པ་མ་ཡིན་ནོ་ཞེས་པ་ནི་ཕྱོགས་བཅུའི་སངས་རྒྱས་བསྙེན་པ་ལ་སོགས་པའི་ཕྲིན་ལས་སོ། །བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཏེ། གལ་ཏེ་དེ་རྣམས་ལ་སྤྱོད་ན་འཁོར་གསུམ་དུ་དམིགས་པ་མེད་པས་རང་དང་གཞན་ལ་ཡང་དག་པར་རྟོག་པར་བྱེད་པའི་ཕྱིར་དེར་ཡོངས་སུ་སྔོ་བར་བྱེད་དེ། གལ་ཏེ་འདི་རྣམས་བྱང་ཆུབ་སེམས་དཔའི་ཆོས་ཡིན་ན། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་གང་ཡིན་ཞེ་ན། དེའི་ཕྱིར་གང་འདི་རྣམས་ཉིད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བར་ཐམས་ཅད་རབ་ཏུ་སྤངས་པར་གྱུར་ནས། ཆོས་ཐམས་ཅད་ལ་མངོན་པར་བྱང་ཆུབ་པ་ན། དེ་ལྟར་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་པ་ནི་བྱང་ཆུབ་ཀྱི་ཡན་ལག་ལ་འགོད་པའི་ཕྲིན་ལས་སོ། །གལ་ཏེ་ཡང་ཆོས་རྣམས་ཐམས་ཅད་དོན་དམ་པར་རང་གི་མཚན་ཉིད་ཀྱིས་སྟོང་པ་སྟེ་དེ་ལྟར་ན་ཡང་ཀུན་རྫོབ་ཏུ་ལས་ཡོད་ཅིང་ལས་ཀྱི་འབྲས་བུ་ཡོད་དེ། སེམས་ཅན་རྣམས་ཀྱི་


DTG090_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ཤེས་པར་མ་གྱུར་ལ། མ་ཤེས་པས་གང་ཟག་དང་ཆོས་རྣམས་སུ་རྟོགས་པར་བྱས་ནས་ལས་མངོན་པར་འདུ་བྱེད་དེ། དེའི་ངན་དུ་སྤྱོད་པ་དེས་ངན་འགྲོ་གསུམ་དུ་ལྟུང་བར་བྱེད་ཅིང་ལེགས་པར་སྤྱད་པས་ནི་ལྷ་དང་མི་རྣམས་སུ་སྐྱེ་བར་འགྱུར་ལ། ཁ་ཅིག་གིས་ནི་གང་ཟག་གི་བདག་མེད་པ་ཡོངས་སུ་ཤེས་ནས་བདེ་འགྲོ་དང༌། ངན་འགྲོ་སྤངས་ནས་མྱ་ངན་ལས་འདའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། གཉི་གའི་བདག་མེད་པ་ཤེས་ཤིང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ཚོགས་རྣམས་ཡོངས་སུ་རྫོགས་པར་བྱས་ནས། རིམ་གྱིས་ས་བཅུ་རྟོགས་ནས་སྐད་ཅིག་མ་གཅིག་ལ་ཡང་དག་པར་ལྡན་པའི་ཤེས་རབ་ཀྱིས་ཆོས་རྣམས་ཐམས་ཅད་མངོན་པར་བྱང་ཆུབ་ནས་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་པ་ནི་ལས་དང་འབྲས་བུའི་འབྲེལ་པ་ཆུད་མི་ཟ་བ་ལ་འགོད་པའི་ཕྲིན་ལས་སོ། །བྱང་ཆུབ་སེམས་དཔའ་བདེན་པའི་ཤེས་པ་རྣམས་ཀྱིས་མྱ་ངན་ལས་འདས་པ་མ་ཡིན་ཏེ། ཇི་ལྟར་ན་བདེན་པ་བཞི་ཡང་ངོ་བོ་ཉིད་མེད་པས་དེས་ཆོས་ཅུང་ཟད་ཀྱང་བདེན་པའམ་མི་བདེན་པར་མི་དམིགས་ཏེ། དེས་ཆོས་རྣམས་ཐམས་ཅད་སྟོང་པའོ་ཞེས་མཐོང་བས་སྡུག་བསྔལ་ཡོངས་སུ་ཤེས་པ་དང༌། ཀུན་འབྱུང་བ་སྤངས་པ་དང༌། འགོག་པ་མངོན་དུ་བྱེད་པ་དང་ལམ་སྒོམ་པར་བྱེད་ན་བདེན་པར་དམིགས་པའི་སེམས་བསྐྱེད་པ་མེད་པའི་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བའི་ཐབས་ལ་མཁས་པས་ཆོས་སྟོན་པར་བྱེད་དོ་ཞེས་པ་ནི་བདེན་པ་བཞི་ལ་འགོད་པའི་ཕྲིན་ལས་སོ། །བྱམས་པས་གསོལ་པ། གལ་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ཕུང་པོ་རྣམས་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་བསླབ་པར་བྱ་ལ། གལ་ཏེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཉིད་བརྗོད་དུ་མེད་པའི་དབྱིངས་ཞེས་པ་རྣམ་པར་ཉམས་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་བརྗོད་དུ་མེད་པའི་དབྱིངས་ཤེས་རབ་ཀྱི་རྒྱུ་བས་ཉེ་བར་དམིགས་པར་གྱུར་ནས། དེ་འདུས་བྱས་ཀྱི་མཚན་མའི་དངོས་པོའམ། གསོལ་པ་དེ་ནི་མ་ལགས་སོ་ཞེས་པ་དང༌། བྱམས་པ་མཚན་ཉིད་ནི་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་


DTG090_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་དང༌། རྣམ་པར་བརྟགས་པའི་ངོ་བོ་ཉིད་དང༌། ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་ངོ་བོ་ཉིད་དོ་ཞེས་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་ཀུན་དུ་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་ལ་སྒྱུ་མའི་སྐྱེས་བུ་ལ་སོགས་པ་ཉིད་ཡིན་པའི་ཕུང་པོ་ལྔ་རྣམས་ལ་གང་དུ་དོན་དམ་པར་ཡོད་པ་ཉིད་དམ། མེད་པ་ཉིད་དང་གཉི་ག་མ་ཡིན་པ་དང༌། གཞན་ཡང་རྟག་པ་ལ་སོགས་པ་ཉིད་དུ་སྒྲོ་འདོགས་པ་དེ་ཐམས་ཅད་ནི་བརྟགས་པའི་ངོ་བོ་ཉིད་དེ་བརྟགས་པའི་རང་བཞིན་ནོ། །ཕུང་པོ་ལྔ་ལ་སོགས་པ་དེ་རྣམས་ཀྱང་སྒྱུ་མའི་སྐྱེས་བུ་ལ་སོགས་པ་བཞིན་དུ་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་ལ་རག་ལས་པ་ལ་སྐྱེས་པ་ནི་གཞན་དབང་སྟེ། དེ་རྣམས་ཀུན་རྫོབ་ཀྱི་ངོ་བོར་གནས་ཤིང༌། བརྟགས་པའི་ངོ་བོ་ཉིད་དང་བྲལ་བ་ནི་རྣམ་པར་བརྟགས་པའི་ངོ་བོ་ཉིད་དང༌། གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེ་རྣམས་ཉིད་ཀྱི་ཕུང་པོ་ལྔ་ལ་སོགས་པ་རྣམས་ལ་སྒྱུ་མའི་སྐྱེས་བུ་ལ་སོགས་པ་བཞིན་པ་གང་ཞིག་ནི་རང་བཞིན་ཉིད་ཀྱིས་དོན་དམ་པ་ལ་གནས་པ་སྟེ། རྟག་པར་ངོ་བོ་ཉིད་མེད་པ་ཉིད་ནི་སྟོང་པ་ཉིད་དང་བདག་མེད་པ་ཉིད་དང་ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་ངོ་བོ་ཉིད་ཀྱི་དོན་དམ་པ་སྟེ། དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད། རྟག་པའི་ཕྱིར་ལ། དེ་ལྟར་ཡང་འཕགས་པ་ལང་ཀར་གཤེགས་པ་ལས། བརྟགས་པའི་ངོ་བོ་མེད་པ་དང༌། །གཞན་གྱི་དབང་ནི་ཡོད་པ་ཉིད། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་བརླག་པར་འགྱུར། །ཞེས་ཏེ། འདིར་གང་ཞིག་ཇི་སྐད་དུ་བཤད་པའི་ཀུན་ཏུ་བརྟགས་པས་དངོས་པོ་ལ་ངོ་བོ་ཉིད་དུ་སྒྲོ་འདོགས་པར་བྱེད་དེ་དེའི་སྒྲོ་འདོགས་པ་དགག་པའི་ཚུལ་དུ་གསུངས་པ་ནི། བརྟགས་པའི་ངོ་བོ་ཉིད་མེད་དོ་ཞེས་པའོ། །གང་ཡང་ཀུན་རྫོབ་ཅེས་པའི་ཇི་སྐད་དུ་བཤད་པའི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་མེད་པ་མ་ཡིན་ཏེ། དེའི་དོན་དུ་གསུངས་པ་ནི། གཞན་གྱི་དབང་ནི་ཡོད་པ་ཉིད་ཅེས་པའོ། །གང་ཡང་ཇི་སྐད་བཤད་པའི་འདི་ལྟར་མཐའ་གཉིས་སུ་བརྟགས་པས་ཞེས་པས་དབུ་མ་སྒྲུབ་པ་ལ་འཇུག་པར་བྱེད་དེ། གཡང་སའི་གནས་ན་གནས་པའི་ཕྱིར། །བརླག་པར་འགྱུར་བ་གསུངས་པ་ནི། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་བརླག་པར་འགྱུར། །ཞེས་པ་སྟེ།


DTG090_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གང་ཞིག་དེ་དང་དེར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་བསྟན་པ་དང༌། དངོས་པོ་རྣམས་ཀྱི་སྐྱེ་བ་ལ་སོགས་པ་བསྟན་པ་དེ་ཐམས་ཅད་ནི་ཀུན་རྫོབ་པ་ཉིད་ཀྱི་ངོ་བོར་སྐྱེ་བོའི་དབང་དུ་བྱས་ནས་སྐྲག་པའི་གནས་ཡོངས་སུ་སྤང་བའི་དོན་དུ་སྟེ། བྱིས་པ་རྣམས་གཞུག་པ་ལ་དགོངས་ནས་གསུངས་པ་ཉིད་དུ་རིག་པར་བྱའོ། །དོན་དམ་པར་ནི་མ་ཡིན་ཏེ། མདོ་སྡེ་རྣམས་ལ་དེ་བཀག་སྟེ་ཇི་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། བློ་ཡིས་རྣམ་པར་ཕྱེ་བྱས་ནས། །གཞན་དབང་མེད་ཅིང་ཀུན་བརྟགས་མེད། །གྲུབ་པའི་ངོ་བོ་ཡོད་མིན་ན། །ཇི་ལྟར་བློ་ནི་རྣམ་བརྟགས་མིན། །ངོ་བོ་ཉིད་དང་རྣམ་ཤེས་དང༌། །དངོས་པོ་དང་ནི་གནས་མེད་དེ། །རྟོག་གེ་ངན་པའི་དབང་གྱུར་པའི། །བྱིས་པ་རྣམས་ཀྱིས་འདི་རྣམས་བརྟག །ཅེས་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། སྟོང་ཉིད་བདག་ཉིད་གཅིག་དངོས་ལ། །སེམས་ཀྱིས་འདི་རྣམས་བརྟགས་པ་སྟེ། །བརྟགས་པ་དང་ནི་གཞན་དབང་དང༌། །དེ་བཞིན་ཡོངས་སུ་གྲུབ་ཉིད་དེ། །མ་སྐྱེས་པས་ན་ཆོས་རྣམས་ནི། །སྟོང་པ་ཉིད་ཅེས་རབ་ཏུ་བསྒྲགས། །ཕུང་པོ་ལྔ་ནི་མདོར་བསྡུས་ན། །ཆོས་རྣམས་ཐམས་ཅད་ཅེས་སུ་བརྗོད། །ཅེས་གསུངས་པའོ། །དེ་ལྟར་ན་དོན་དམ་པར་རོ་གཅིག་པའི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་དང་གཟུང་བ་དང་འཛིན་པ་དང་རྟག་པ་དང་ཆད་པ་ལ་སོགས་པ་གཉིས་ཀྱི་སྒྲོ་བཏགས་པ་དང་བྲལ་བའི་དག་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ནི་ཇི་སྲིད་ནམ་མཁའི་བར་དུ་གནས་ཏེ། དེ་ལྟར་མཐའ་གཉིས་སྤངས་ནས་དབུ་མའི་ལམ་ལ་གནས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་དབང་ཐོབ་པ་གང་ཞིག་ཐབས་ལ་མཁས་པས་འཁོར་བ་ཀུན་ཏུ་མཐོང་ནས། དེ་འཁོར་བ་འདི་ཡོངས་སུ་མི་གཏོང་ལ། གང་སྟོང་པ་ཉིད་དུ་ཡང་ཉེ་བར་མི་དམིགས་པ་ལ་རབ་ཏུ་གནས་པ་ཉིད་དེ་དེ་ནི་འདིའི་མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བའོ། །གསོལ་པ་རྣམ་པར་རྟོག་པ་མེད་པའི་ཕྱིར་མ་ལུས་པའི་མཚན་ཉིད་ཇི་ལྟར་འདོད། གང་གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་གང་ཡང་དེ་རྣམས་ཀྱི་སྟོང་པ་ཉིད་དང་གང་ཡང་དེ་རྣམས་ཀྱི་དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་གཉིས་དང༌། གང་ཡང་སྤྲོས་པ་མེད་པ་སྟེ། འདི་རྣམས་སུ་རྣམ་པར་རྟོག་པ་མེད་པའི་མ་ལུས་པའི་མཚན་ཉིད་དོ།།


DTG090_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གྱིས་གསོལ་པ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་ཇི་ལྟར་ལས་དང་འབྲས་བུ་རྣམ་པར་གཞག་ཅེས་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཆོས་རྣམས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མ་ཤེས་ནས། སེམས་ཅན་རྣམས་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བའི་རྣམ་པར་རྟོག་པ་རྣམས་ཀྱིས་ལས་བྱས་པས་ཇི་ལྟར་ལས་ཀྱི་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་ལ་རྟག་པ་དང་བདེ་བ་དང་བདག་དང་གཞན་གྱི་ཕྱིན་ཅི་མ་ལོག་བཞི་ནི་གང་ཟག་ལ་བདག་མེད་པའི་མི་མཐུན་པའི་ཕྱོགས་ལ། དངོས་པོ་ལ་མངོན་པར་ཞེན་པ་ནི་ཆོས་ལ་བདག་མེད་པའི་མི་མཐུན་པའི་ཕྱོགས་སོ་ཞེས་པ་ནི་ཕྱིན་ཅི་ལོག་སྤང་བ་ལ་འགོད་པའི་ཕྲིན་ལས་སོ། །ཕྱིན་ཅི་ལོག་གི་སེམས་ཅན་རྣམས་ལས་མངོན་པར་འདུ་བྱེད་ལ་དེས་ཀུན་ནས་ཉོན་མོངས་པར་འགྱུར་བ་ནི་ཐ་སྙད་དུ་ལས་དང་དོན་དམ་པར་མ་ཡིན་ནོ། །དངོས་པོ་སྐྲའི་རྩེ་མོ་བྱེ་བར་གཤེགས་པའི་ཆ་ཤས་ཙམ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ་གང་ལ་གནས་པ་ཉིད་ཀྱིས་ལས་བྱེད་པ་དེ་ནི་ཇི་ལྟར་རྨི་ལམ་དང་སྒྱུ་མ་ལ་སོགས་པ་བཞིན་ཞེས་པ་ནི་ཕྱིན་ཅི་ལོག་དང་དངོས་པོ་མེད་པ་ཉིད་དུ་ཤེས་པ་ལ་འགོད་པའི་ཕྲིན་ལས་སོ། །གང་ཆོས་རྣམས་ཀྱི་མཉམ་པ་ཉིད་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་ལ་དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཐ་སྙད་དུ་བྱེད་ཀྱི་དོན་དམ་པར་ནི་མ་ཡིན་ཏེ། བརྗོད་དུ་མེད་པའི་ཕྱིར་རོ་ཞེས་པ་ནི་རྣམ་པར་བྱང་བ་ལ་འགོད་པའི་ཕྲིན་ལས་སོ། །གལ་ཏེ་ཡང་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྟེ་དངོས་པོ་མེད་པ་དེ་ལྟར་ན་ཡང་དེ་མ་ཤེས་ནས་སེམས་ཅན་རྣམས་དངོས་པོ་ལ་མངོན་པར་ཞེན་པས་ལས་བྱས་ནས་བདེ་འགྲོ་དང་ངན་འགྲོར་འགྲོ་བར་འགྱུར་ཏེ། དེ་རྣམས་ཀྱི་ཕྱིན་ཅི་ལོག་སྤོང་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཚོགས་ལ་སྤྱོད་པ་དེ་སྲིད་དུ་མངོན་པར་བྱང་ཆུབ་པའི་བར་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་པ་ནི་རྣམ་པར་བྱང་བའི་ཚོགས་ལ་འགོད་པའི་ཕྲིན་ལས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག་ཉིད་ནི་མངོན་པར་རྟོགས་པ་སྟེ། གང་དུ་གཉིས་དང་གཉིས་མེད་པའི་སྤྲོས་པ་མེད་པའི་ཆོས་མཉམ་པ་ཉིད་དེ། དེ་ཉིད་ཆོས་ཐམས་ཅད་ལ་དེ་ཉིད་སོ་སོའི་སྐྱེ་བོ་དང་འཕགས་པའི་གང་ཟག་རྣམས་ལ། དེ་ཉིད་སངས་རྒྱས་དཀོན་མཆོག་དང་


DTG090_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་སྟེ། མཉམ་པ་ཉིད་ཀྱི་ཕྱིར་ཆོས་ཉིད་ལ། ཆོས་ཉིད་ལ་ནི་ཐ་དད་པ་ཉིད་ཡོད་པ་མ་ཡིན་ཏེ། དེ་ནི་འདུས་བྱས་མ་ཡིན་ལ་འདུས་མ་བྱས་པ་ཡང་མ་ཡིན་ཏེ། གང་འདུས་བྱས་ཀྱི་ཁམས་དང་འདུས་མ་བྱས་གཉི་གར་ལྡན་པ་ཡང་མ་ཡིན་ལ། མི་ལྡན་པ་མ་ཡིན་པའི་མཚན་ཉིད་དོ་ཞེས་པ་ནི་འདུས་བྱས་དང་འདུས་མ་བྱས་པ་ཐ་མི་དད་དོ། །མི་ཤེས་པ་ལ་འགོད་པའི་འཕྲིན་ལས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་མཛད་པ་སྟེ། གང་ཡང་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དེས་དངོས་པོ་དང་དངོས་པོ་མེད་པ་ལ་མཆོག་ཏུ་བརྟགས་ནས་ཟད་པ་ནི་མྱ་ངན་ལས་འདས་པའོ་ཞེས་པ་ནི་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྲིན་ལས་སོ། །མཛད་པ་ཁྱབ་པ་ཉིད་དུ་བསྟན་པར་འདོད་ནས་གསུངས་པ་ནི། ཆོས་ཐམས་ཅད་ལ་འཁྲུག་པ་མེད་པ་ཉིད་པས་ཞེས་པ་སྟེ། མཛད་པའི་ཀུན་ཏུ་སྤྱོད་པས་སོ། །ཆོས་ཐམས་ཅད་ནི་ཕྲིན་ལས་ཀྱི་མཛད་པ་ཉི་ཤུ་རྩ་བདུན་ཏེ་དེ་འཁྲུག་པ་མེད་པ་ཉིད་ནི་གནོད་བྱེད་མེད་པ་ཉིད་དེ་དེས་ཤེས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ན་གནས་པའི་སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱིས་ཇི་ལྟར་སྣོད་ལ་རྒྱུན་ཆད་པ་མེད་པས་ནམ་མཁའ་ཇི་སྲིད་བར་དུ་རབ་ཏུ་འཇུག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཁྲུག་པ་མེད་པ་ཉིད་དེ་དེ་འདྲ་བ་ཅན་དུ་རྟོགས་པར་བྱའོ་ཞེས་པས་གསུངས་པ་ནི་ཆོས་ཀྱི་སྐུའི་མཛད་པའོ། །རྒྱ་མཚོ་མུ་མེད་པ་ཉིད་ཕས་ཀྱི་ངག་ལ་སོགས་པ་རྣམས་ནི་འཁྲུག་པ་མེད་པའི་ངག་གི་མཐར་ཐུག་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་ནི་ཁྱད་པར་གསུངས་པའོ། །དེ་རྣམས་དོན་དམ་པའི་ངོ་བོ་ཉིད་དུ་མཐར་གྱིས་བསྟན་པར་འདོད་ནས་གསུངས་པ་ནི། དེ་ཅིའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། འདིར་རྒྱ་མཚོ་ནི་མུ་མེད་པ་ཉིད་ལ་དེ་ལྟར་ཕུང་པོ་ལྔ་རྣམས་རྒྱ་མཚོ་དང་འདྲ་བ་སྟེ། དེ་བཞིན་དུ་ཕུང་པོའི་ནང་དུ་སོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གང་གི་ཕྱིར་གཟུགས་ལ་སོགས་པ་ཇི་སྲིད་དེ་རྣམས་ཐམས་ཅད་སྟོང་པ་ཉིད་དེ། དེ་ནས་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ཏེ་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། མཚན་ཉིད་མེད་པའོ་ཞེས་པ་ལ་སོགས་


DTG090_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་བཞིན་དུ་ནམ་མཁའ་དང་འདྲ་བ་ལ་སོགས་པ་ལ་ཡང་ཤེས་པར་བྱ་སྟེ། ཇི་སྲིད་དུ་མི་དམིགས་པའི་བར་དུའོ་ཞེས་པའོ། །འཁྲུག་པ་མེད་པ་ནི་མི་ཤེས་པའོ། །དེ་ལྟར་ཞེས་པ་ནི་ཇི་ལྟར་འདོད་པས་མངོན་པར་རྟོགས་པ་བརྒྱད་འཁོར་དང་བཅས་པ་རྣམས་རྒྱས་པར་བསྟན་པ་དེ་ལྟར་འདིར་རྗེས་སུ་ཚོར་བར་བྱ་བའོ། །རྗེས་སུ་རིག་པར་བྱེད་པ་ནི་ཡི་གེའི་ཚོགས་ཀྱིས་མཉན་པར་བྱེད་པའོ། །རྣམ་པར་དཔྱོད་པར་བྱེད་པ་ནི་དོན་གྱི་ཁོག་གིས་ཤེས་པར་བྱེད་པའོ། །འཇུག་པ་ནི་དང་བར་བྱེད་པའོ། །རྟོགས་པར་བྱེད་པ་ནི་རབ་ཏུ་ཤེས་པར་བྱེད་པའོ། །སེམས་པ་ནི་རིག་པ་རྣམས་ཀྱིས་རྣམ་པར་བརྟགས་པར་བྱེད་པའོ། །འཇལ་བ་ནི་དེ་ལྟ་བུ་ཉིད་དེས་གནོད་པ་མེད་ཅེས་པ་སྟེ། གང་དུ་གནས་པ་ལ་བྱིས་པ་ནུས་པ་ཟད་ནས་དུབ་ནས་མྱོས་པ་དང་བརྒྱལ་བ་འམ་འཆི་བར་འགྱུར་བས། དེ་ལ་གནས་ནས་གཞན་དུ་སེམས་པས་དེ་རྣམས་ལ་འཇལ་བར་བྱེད་པའོ། །ཇི་ལྟར་འདི་རྣམས་ནི་བཅོམ་ལྡན་འདས་མཆོག་ཏུ་རྣལ་འབྱོར་གྱི་དབང་ཕྱུག་གིས་གཟིགས་པ་དེ་ལྟར་བསྟན་པ་སྟེ། བདག་ཅག་གིས་འདི་ལས་གཞན་དུ་མི་བསམ་སྟེ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་པའོ། །ཉེ་བར་རྟོག་པ་ནི་འདི་རྣམས་ལ་དེ་ལྟར་ཐམས་ཅད་གཅོད་པའི་ཕྱིར་འདི་ལྟ་བུ་ཉིད་ཀྱིས་ཀུན་དུ་རྟོག་པར་བྱེད་པའོ་ཞེས་པ་སྟེ། དེ་ལྟར་ཤིན་ཏུ་ཐེ་ཚོམ་ཆོད་ནས་སྒོམ་པར་བྱེད་པའི་སྒོམ་པ་ནི་རྣམ་པ་བཞི་སྟེ། ཞི་གནས་དང༌། ལྷག་མཐོང་དང༌། ཞི་གནས་ལྷག་མཐོང་ལ་མངོན་པར་དགའ་བས་སོ། །ཇི་ལྟ་བར་ཡིད་ལ་བྱེད་ཅེ་ན། གསུངས་པ་ནི་རྒྱུ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། བདག་ཅེས་པ་དང༌། བདག་གི་ཞེས་པ་དང༌། གཟུགས་ཞེས་པ་ནས་ཇི་སྲིད་དུ་རྣམ་པར་ཤེས་པའི་བར་ཞེས་པ་ཉིད་ལ་སོགས་པ་ཐམས་ཅད་ཀྱི་སྤྲོས་པ་ལ་མངོན་པར་ཞེན་པས་ཡིད་ལ་བྱེད་པ་ཐམས་ཅད་ནི་རབ་ཏུ་སྨྲ་བ་རྣམས་དང་བདུད་རྣམས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱོད་པའོ། །ཡོན་ཏན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའིའོ། །དེ་ལྟར་མངོན་པར་རྟོགས་པ་བརྒྱད་ཀྱིས་རྒྱས་པར་བསྟན་ནས། དེ་ལྟར་མདོར་བསྟན་པ་ནི་བསྟན་བཅོས་ལས། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་རབ་དེ་ཡི་གོ་རིམས་དང༌། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་


DTG090_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དེ་རྣམ་པ་དྲུག །ཅེས་ཏེ། ཡང་ན་མདོའི་དོན་རྣམ་པ་དྲུག་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དང༌། གསུམ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ་ནི་འདི་ལ་སྦྱོར་བའི་སྦྱོར་བའོ། །རྩེ་མོའི་མངོན་པར་རྟོགས་པ་ནི་སྦྱོར་བ་འདིའི་རབ་ཀྱིའོ། །མཐར་གྱིས་པའི་མངོན་པར་རྟོགས་པ་ནི་སྦྱོར་བ་འདིའི་གོ་རིམས་སོ། །སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ནི་སྦྱོར་བ་འདིའི་མཐར་ཐུག་པའོ། །ཆོས་ཀྱི་སྐུ་ནི་འདིའི་རྣམ་པར་སྨིན་པའོ། །ཡང་བསྟན་བཅོས་ལས། རྣམ་པ་གསུམ་ནི་ཡུལ་གྱི་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང༌། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །གཞན་དུ་དོན་བསྡུས་རྣམ་པ་གསུམ། །ཞེས་ཏེ། ཡང་ན་མདོའི་དོན་ནི་གསུམ་སྟེ། རྒྱུ་དང༌། སྦྱོར་བ་དང་འབྲས་བུའོ། །དེ་ལ་སྦྱོར་བའི་རྒྱུའི་ཡུལ་ནི་ཀུན་མཁྱེན་པ་རྣམ་པ་གསུམ་ལ། དེའི་སྦྱོར་བ་ནི་རྣམ་པ་བཞི་སྟེ། སྦྱོར་བ་སྤྱིའི་ཕྱིར་རོ། །རྒྱུའི་འབྲས་བུ་ནི་ཆོས་ཀྱི་སྐུ་དང་ཕྲིན་ལས་སོ། །འདི་ལས་གཞན་པའི་རྟག་པར་རབ་ཏུ་ངུ་བ་ལ་སོགས་པའི་ལེའུ་གསུམ་ནི། གོ་སླ་བའི་ཕྱིར་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུ་བྱས་པས་མ་བཤད་དོ། །རྗེས་སུ་རིག་པའི་བརྗོད་པའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལས་རྗེས་སུ་རིག་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ཇི་ལྟར་བཅོམ་ལྡན་འདས་མ་ཉིད་བཙལ་བར་བྱ་བ་དེ་ལྟ་བུའི་རྣམ་པར་བཤད་པ་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། རྟག་པར་རབ་ཏུ་དུ་བ་ནི་དེ་ལ་ཚོགས་ཀྱི་ས་ལ་གནས་པ་ཆོས་ཀྱི་རྒྱུན་གྱིས་སངས་རྒྱས་རྣམས་ལ་གདམས་ངག་ཐོབ་པ་སྟེ། དེ་ལྟར་ནི་ས་བཅུ་པའི་དབང་ཕྱུག་གོ །ལུས་ངལ་བ་ལ་སོགས་པ་ཡིད་ལ་བྱེད་པ་རྣམས་དགག་པ་ནི་ཤིན་ཏུ་བརྩོན་འགྲུས་ཆེ་བའི་དོན་ཏོ། །གང་ལ་ཡང་སྨོན་པར་མི་བྱེད་ཅེས་པ་ལ་སོགས་པ་ནི་རྣམ་པར་གཡེང་བ་དགག་པ་སྟེ། སྨོན་པར་མི་བྱེད་པ་ནི་ཞེན་པར་མི་བྱེད་པའོ། །གཡོན་ཕྱོགས་ནས་དང་དེ་བཞིན་དུ་ཞེས་པ་ལ་སོགས་པས་ནི་དེ་ཁོ་ན་ཉིད་ནི་མ་ཡིན་པ་ཡིད་ལ་


DTG090_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དགག་པའོ། །བདག་ལས་མ་གཡོས་ཤིང་འཇིག་ཚོགས་ལས་མ་གཡོས་ཞེས་པ་ནི་འཇིག་པར་འགྱུར་བས་འཇིག་པ་ལ། བསགས་པས་ཚོགས་པ་སྟེ། མི་རྟག་པའི་གཟུགས་ལ་སོགས་པ་ནི་འཇིག་ཚོགས་ཏེ། འཇིག་ཚོགས་ནི་གང་ཟག་ཏུ་བརྟགས་པ་ལ་སྟེ། འདིར་གང་ཟག་རྫས་སུ་ཡོད་པའི་ཚུལ་གྱིས་མ་གཡོས་པ་དང་བཏགས་པར་ཡོད་པས་ཀྱང་མ་ཡིན་པ་སྟེ། གཉི་ག་ཡང་དམིགས་སུ་མེད་པའི་ཕྱིར་རོ། །གཟུགས་ལས་ཀྱང་མ་གཡོས་པ་ཞེས་པ་ལ་སོགས་པ་སྟེ། ཆོས་རྣམས་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །འདིར་འདི་རྣམས་ཀྱིས་འདི་རྣམས་སུ་སྒྲོ་བཏགས་ནས་གཡོ་བའོ། །རྣམ་པར་བྱང་བ་ནི་ཕྱིར་མི་ལྡོག་པའོ། །སྣང་བ་ནི་ཐར་པའི་ལམ་སྟོན་པ་རྣམས་ཀྱིས་སོ། །མོས་པའི་སེམས་འདི་ཉིད་ཀྱིས་དེ་ལྟར་ཞེས་པ་ནི་ཀུན་དུ་རྟོག་པའོ། །མཚན་མ་ཡོངས་སུ་སྤངས་པ་ཞེས་པ་ནི་བསྟན་པ་ལ། བཤད་པ་ནི་དངོས་པོ་ཞེས་པ་སྟེ། དངོས་པོ་ནི་ཆོས་སུ་ལྟ་བ་དང༌། སེམས་ཅན་དུ་ལྟ་བ་དང༌། བདག་ཏུ་ལྟ་བ་ལ་ངོ་བོ་ཉིད་མེད་པ་ནི་སྐྱེ་བ་མེད་ཅིང་འགག་པ་མེད་པའོ། །གང་ལ་ཡང་སྐྱེ་བ་མེད་པ་དང་འགག་པ་མེད་པ་དེ་ལ་དངོས་པོ་མེད་པ་སྟེ། དེའི་ཕྱིར་དངོས་པོ་མེད་པའོ་ཞེས་སྟོན་པར་བྱེད་པ་ནི་དགེ་བའི་བཤེས་གཉེན་ལ་དེ་ལས་བཟློག་པ་སྟོན་པ་ནི་སྡིག་པའི་གྲོགས་པོའོ། །བསྒྲུབ་པར་བྱས་ནས་ཏེ་རྗེས་སུ་གནས་ནའོ། །བྱས་པ་ཤེས་པ་ནི་ཐོས་པ་ཤེས་པས་སོ། །བྱས་པ་ཚོར་བ་ནི་ཐོས་པའི་འབྲས་བུ་ཤེས་པས་སོ། །ཡོངས་སུ་རྟོགས་ལ་ཞེས་པ་ནི་བསམ་པའོ། །འཇིག་རྟེན་གྱི་ཟང་ཟིང་ནི་གོས་སར་པ་ལ་སོགས་པའོ། །བསྟེན་པར་ཞེས་པ་ལ་སོགས་པའི་ཚིག་གསུམ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ལོངས་སྤྱོད་པར་རོ་ཞེས་པའི་དོན་ཏོ། །ཟིལ་གྱིས་མནན་པ་སྐྱོན་ཅན་དུ་བྱེད་པའོ། །སེམས་ཅན་འདུལ་བའི་ཕྱིར་ནི་སེམས་ཅན་རྣམས་ཀྱི་སེམས་བསྲུང་བའི་དོན་ཏོ། །ཡོངས་སུ་བཟུང་བ་ཉེ་བར་གཟུང་བའི་ཕྱིར་ཞེས་པ་ནི་ཡོངས་སུ་གཟུང་བའི་དོན་དུའོ། །ཆགས་པ་ནི་སྲེད་པའོ། །དམིགས་པ་ནི་ཉེ་བར་དམིགས་པའོ། །ཀུན་རྫོབ་ལ་གནས་པའི་ཐབས་ཉེ་བར་བསྟན་ནས་དོན་དམ་པ་ལ་གནས་ནས་གསུངས་པ་ནི། དེའི་སྐད་ཅིག་ཅེས་པ་སྟེ། དགེ་སློང་ནི་འཕགས་པ་ཆོས་འཕགས་ཏེ། བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་


DTG090_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་ལ་རྒྱུན་མ་ཆད་པར་རོལ་པ་སྟེ། གཟུགས་དང་སྒྲ་དང་དྲི་དང༌། རོ་དང་རེག་བྱ་རྣམས་སོ། །དེ་ཉིད་མ་ཐོབ་ན་འདོད་པར་བྱེད་ཅིང་དགའ་བར་བྱེད་པས་ན་འདོད་པ་ལ། ཐོབ་ནས་ཡོན་ཏན་དུ་བྱེད་ཅིང་ཡང་ནས་ཡང་དུ་ལོངས་སྤྱོད་པས་ན་ཡོན་ཏན་ཏེ། འདོད་པའི་ཡོན་ཏན་དང་ཡང་དག་པའི་ཚུལ་ནི་དོན་དམ་པའི་རབ་ཏུ་འབྱེད་པའོ། །ཆོས་ཐམས་ཅད་ནི་ཕུང་པོ་ལྔ་རྣམས་ལ། སེམས་ཅན་མེད་པ་ལ་སོགས་པས་ནི་གང་ཟག་ལ་བདག་མེད་པ་དང༌། སྒྱུ་མ་ལྟ་བུ་ལ་སོགས་པས་ནི་ཆོས་ལ་བདག་མེད་པ་གསུངས་པའོ། །ཡིད་མི་སྐྱོ་བ་ནི་ལོ་བདུན་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་ཀྱིས་སོ། །སྒྲ་དེ་ལས་ཞེས་པ་ནི་སོ་སོར་སྒྲོགས་པའི་ཚིག་ལ་སྟེ། སྐྱོ་བ་མེད་པ་ནི་དུབ་པ་མེད་པའོ། །རྗེས་སུ་བསྟན་པ་ནི་གདམས་པའོ། །ཚོགས་ཀྱིས་པ་ལ་མངོན་པར་ཤེས་པ་དམ་པ་མེད་ཀྱང་འཕགས་པ་ཆོས་འཕགས་ཀྱི་བྱིན་གྱི་རླབས་ཀྱིས་སོ། །མཐོང་བའི་ནུས་པ་དང་བྲལ་ནས་སྨྲས་པ་ནི་ཡོངས་སུ་མ་མཐོང་ཞེས་པའོ། །ངུ་བ་ནི་འཆི་མ་འཛག་པའོ། །ཆོ་ངེ་ནི་དབྱངས་ཀྱིས་སོ། །མྱ་ངན་ནི་གདུང་བར་བྱེད་པས་སོ། །སྨྲེ་སྔགས་ནི་བརྗོད་པས་སོ། །རྗེས་སུ་འབྲེལ་པ་ནི་ཀུན་དུ་ལྡན་པའོ། །རྗེས་སུ་འབྲེལ་པར་འགྱུར་པའི་ཚིག་ཡོད་ཀྱང་དེ་ཉིད་དོ། །བསྐོར་བ་ནི་ཡོངས་སུ་བསྐོར་བའོ། །འོབས་ནི་འོབས་སུ་བསྐོར་བའོ། །འབྱོར་པ་ནི་ནོར་ཕུན་སུམ་ཚོགས་པའོ། །རྒྱས་པ་ནི་ཁང་པ་ལ་སྐྱེད་མོས་ཚལ་ལ་སོགས་པས་མཛེས་པའོ། །བདེ་བ་ནི་རྣམ་པར་འཚེ་བ་མེད་པའི་ཕྱིར་རོ། །ལོ་ལེགས་པ་ནི་བཟའ་བ་དང་བཏུང་བ་རྙེད་པར་སླ་བའི་ཕྱིར་རོ། །ཡངས་པ་ནི་རྒྱ་ཆེ་བའོ། །མང་པོ་ནི་རྣམ་པ་སྣ་ཚོགས་པའི་སྐྱེ་བའོ། །འཁོར་གང་དག་དེ་ལ་དེ་ལྟར་དེ་དང་འདྲ་བའི་མི་རྣམས་ཀྱང་གང་གིས་དེ་བཞིན་ནོ། །བར་ནི་ནང་ལ་ཚོང་ཁང་ནི་ཉོ་ཚོང་བྱེད་པའི་གནས་ཏེ་དེར་ཁྱམས་ལྔ་བརྒྱ་རྣམས་སུ་མ་ལུས་པ་བཀྲམ་པའོ། །ཁྱམས་རྣམས་ཀྱི་ར་བའི་བར་དུ་གཉི་ག་གནས་བྱུང་བའི་ཕྱིར་རོ། །རི་མོ་སྣ་ཚོགས་སུ་བྲིས་པ་ནི་དེ་ལ་སྣ་ཚོགས་པས་རྨད་དུ་གྱུར་པའི་ཕྱིར་རོ། །ལྟ་བུ་ནི་གྲོང་དང་རྗེས་སུ་མཐུན་པའི་ཕྱིར་རོ། །འཛེར་དོགས་མེད་པ་ནི་ཀུན་དུ་གནོད་པ་མེད་པ་སྟེ། སྐྱེ་བོའི་ཁྱོགས་ཁྲིའི་གཞོན་པ་རྣམས་ཀྱི་རྐང་གིས་འགྲོ་བ་རྣམས་ཀྱིས་འོང་བའི་


DTG090_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང༌། ཀུན་དུ་འགྲོ་བའི་གནས་རྣམས་ཀྱི་སྲང་བར་ཡངས་པ་དེར་དེ་རྣམས་ཀྱིས་གནས་པར་བྱེད་པས་ལེགས་པར་བྱེད་པའོ། །ཁྱོགས་ཁྲི་ནི་བཟུང་ནས་བགྲོད་པའོ། །བཞོན་པ་ནི་ཤིང་རྟའོ། །མཐོན་དམན་མེད་པའི་ཕྱིར་ཕན་ཚུན་འདྲ་བའི་ཕྱིར་ན་མཚུངས་པ་རྣམས་ཀྱིས་སོ། །ཟླུམ་པོའི་མདའ་ཡབ་སྟེ། ར་བ་ལས་ཅུང་ཞིག་མཐོ་བར་སོན་པའོ། །ཟླུམ་པོ་ལས་ཤིང་བཟུང་བ་ལས་ཐམས་ཅད་འདིར་ཡོད་པས་ཐམས་ཅད་དང་ལྡན་པའོ། །དྲིལ་བུ་གཡེར་ཁའི་དྲ་བ་ནི་རིན་པོ་ཆེའི་ཕྲེང་བས་སྦྲེལ་བས་མངའ་ཡབ་ཀྱི་ཤིང་ལ་སྦྲེལ་བའི་རིན་པོ་ཆེའི་ཆུན་འཕྱངས་དུ་མས་འཕྱང་ངོ༌། །སྙན་པ་ནི་སྒྲ་ཐོས་ནས་བདེ་བའི་ཕྱིར་རོ། །ཡིད་དུ་འོང་བ་ནི་སེམས་བདེ་བའི་ཕྱིར་རོ། །འཇམ་པ་ནི་ཡིད་འཕྲོག་པའི་ཕྱིར་རོ། །ཡན་ལག་ལྔ་ནི་པི་ཝང་དང་གླིང་བུ་ལ་སོགས་པའོ། །རོལ་མོ་མཁན་ནི་དྲི་ཟའི་གར་གླུ་མཁན་གྱིས་སོ། །རྩེ་དགའ་བ་ནི་ཐོས་པས་སོ། །དགའ་མགུ་ནི་ཡིད་ཀྱིས་སོ། །ཡོངས་སུ་སྤྱོད་པ་ནི་ལུས་དང་ངག་ཡོངས་སུ་དགའ་བས་སོ། །རྗེས་སུ་མཐུན་པ་ཞེས་པ་ནི་ཀླུང་ལ་སོགས་པ་དང་རྗེས་སུ་མཐུན་པས་ཆུ་འབབ་པ་དང་ལྡན་པའོ། །མངོན་པར་སྐྱེས་པ་ནི་མངོན་པར་སྐྱེས་པ་རྣམས་ཀྱིས་སོ། །གྱ་ནོམ་པ་ནི་གྱ་ནོམ་པ་རྣམས་ཀྱིས་སོ། །ཆུ་ཞིང་ནི་ཟླུམ་པ་ཉིད་ཀྱིའོ། །སྔོན་པོ་ཞེས་པ་ལ་སོགས་པ་ནི་མདོར་བསྟན་པ་སྟེ། །སྔོན་པོ་དང་ལྷན་ཅིག་སྐྱེས་པའི་ཕྱིར་ཁ་དོག་སྔོན་པོའོ། །ཀུན་དུ་སྦྱོར་བ་ལས་བྱུང་བའི་ཕྱིར་སྔོན་པོ་ལྟ་བུར་སྟོན་པའོ། །གཉི་གའི་འོད་ཀྱིས་སྤྲུལ་པས་མིག་ལམ་དུ་གསལ་བའི་ཕྱིར་འོད་སྔོན་པོ་འབྱུང་བའོ། །དེ་བཞིན་དུ་སེར་པོ་ལ་ཞེས་པ་ལ་སོགས་པ་ལ་ཡང་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཚུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དེ་ལ་རི་མོར་བྱེད་པ་ནི་དེ་ལ་མཆོག་ཏུ་དང་བའོ། །རྗེས་སུ་འགྲོ་བ་ནི་ལེགས་སུ་འགྲོ་བས་སོ། །ཐོས་པ་ནི་གང་རྣམས་ཀྱིས་སོ། །དབུས་ཀྱི་བཞི་མདོ་ནི་མངོན་པར་མཚོན་པར་བྱ་བའི་གནས་ཀྱིའོ། །ཁོར་ཡུག་ནི་སོ་སོར་ལོགས་ཀྱིའོ། །ཁང་པའི་ལོངས་སྤྱོད་ནི་ཁང་པའི་ཡོངས་སུ་བསྐོར་བའོ། །ཉེ་བར་སྤྱོད་པ་ནི་མེ་ཏོག་དང་འབྲས་བུ་ལ་སོགས་པའོ། །ཡོངས་སུ་ལོངས་སྤྱོད་པ་ནི་མ་ལུས་པའི་ནགས་དང་གནས་ལ་སོགས་པའོ། །བར་ནི་མཚམས་སོ། །དེ་བར་ནི་སྐབས་སོ། །དབང་དུ་གྱུར་པ་ནི་ཡང་དག་


DTG090_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུ་བ་སྟེ་འདོད་པའི་ཡོན་ཏན་ལྔ་པོ་དེ་རྣམས་ཀྱིས་དབང་པོ་ཐམས་ཅད་རྗེས་སུ་བཟུང་བའོ། །ལྡན་པ་ནི་དེ་དང་སྦྱོར་བས་ལྡན་པ་ཅན་ནོ། །རྩེ་བ་ནི་ངག་གིས་སོ། །དགའ་བ་ནི་ཡིད་ཀྱིས་སོ། །དགའ་དགུར་སྤྱོད་པ་ནི་ལུས་ཀྱིས་སོ། །དེ་སྲིད་དུ་ནི་དཔག་ཏུ་མེད་པའི་དུས་ནས་སོ། །བསྟན་པས་མཚམས་ནི་ཟླ་བའི་བྱེ་བྲག་ཁྱད་པར་དུ་གྱུར་པའི་རིགས་སོ། །སྟེང་སྙིང་པོ་ཅན་ནི་རྒྱ་ནག་པོའི་དར་ཏེ་གདན་དེའི་སྟེང་དུ་འདི་བཏིང་བའོ། །ཤིང་བལ་གྱིས་བཀང་བའི་སྔས་ཞེས་པ་ཡང་གཞན་དག་གིའོ། །ཀ་ཤི་ཀའི་གོས་ནི་བཱ་རཱ་ཎ་སཱིའི་གོས་བཟང་པོ་བཏིང་བའོ། །དགའ་པ་ནི་སེམས་རྩེ་གཅིག་ཏུ་གནས་པར་གྱུར་བའོ། །མུ་ཏིག་ཅེས་པ་ནི་དྲ་བ་དང་དྲ་བ་ཕྱེད་པ་རྣམས་འཕྱང་བའི་ཕྱིར་རོ། །མངོན་པར་གཏོར་བ་ནི་བཀྲམ་པའོ། །རབ་ཏུ་གཏོར་བ་ནི་ལོགས་གསུམ་དུའོ། །ཀུན་དུ་རབ་ཏུ་གཏོར་བ་ནི་ལོགས་བཞི་ཀར་རོ། །ཆོས་ཀྱི་བསམ་པ་རྣམ་པར་དག་པ་ནི་ཆོས་ལ་དད་པ་དང་འདུན་པ་དག་རྣམ་པར་དག་པའོ། །ཆོས་ལ་གུས་པ་ནི་དགེ་བའི་བཤེས་གཉེན་གྱི་ཕྱིར་རོ། །བསྟེན་པ་ནི་སྐལ་པ་དང་ལྡན་པའོ། །ལོག་པར་མི་ལྟུང་བ་ནི་ངན་འགྲོར་མི་འགྲོ་བའོ། །རྒྱུན་མ་ཆད་པ་ནི་རྒྱུན་མ་ཆད་པར་རོ། །དགའ་བ་ནི་ཚིམ་པ་ལ་མགུ་བ་ནི་དགའ་བ་ཆེན་པོ་སྔོན་དུ་འགྲོ་བའོ། དེ་གཅིག་པ་ཉིད་ཀྱི་ཕྱིར་ཡིད་རང་བའོ། །དགའ་བར་མཐར་ཐུག་པ་ནི་རབ་ཏུ་དགའ་བའོ། །དགའ་བ་དང་ལྷན་ཅིག་པར་གྱུར་པ་ནི་དང་བའོ། །དགའ་བ་དང་ཡིད་བདེ་པ་ནི་འདི་ལས་དེ་སྐྱེས་པའོ། །དེའི་ཞེས་པ་ནི་དེ་ལས་སོ། །རྒྱུ་ལ་མི་གནས་པ་སྟེ་མ་སྐྱེས་པའོ། །ཆོས་ཐམས་ཅད་ཅེས་པ་ནི་འདུ་ཤེས་ཤིན་ཏུ་མཉམ་པར་གཞག་པས་སོ། །དེའི་མཐུའི་ཏིང་ངེ་འཛིན་ནི་དེ་ལྟར་མངོན་སུམ་དུ་བྱེད་པའི་ཐབས་ཆེན་པོའི་ཕྱིར་རོ། །འདི་ལྟ་སྟེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་རྣམ་པར་ལྟ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དེ་ལ་བལྟ་བ་མེད་པའི་སྦྱོར་བས་རྣམ་པར་བལྟ་བའོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མི་དམིགས་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོན་དམ་པར་དམིགས་སུ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པ་ལས་ངེས་པར་འབྱུང་བ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོན་དམ་པར་ཡོད་པ་ལ་སོགས་པའི་སྒྲོ་


DTG090_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་དེའི་ཤེས་པས་མངོན་པར་ཤེས་པས་མངོན་པར་ཞེན་པ་དེ་ལ་ལོག་པའོ། །གཞུང་ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་མི་ཤེས་པ་ལས་ངེས་པར་འབྱུང་ངོ་ཞེས་ཀྱང་ཟེར་རོ། །ཆོས་ཐམས་ཅད་ཐ་དད་པ་མེད་པ་ཉིད་ནི་ཆོས་ཐམས་ཅད་མེད་པ་ཉིད་དོ། །གང་ཞིག་མཉམ་པར་བསྒྲུབ་པར་བྱ་བ་ལའོ། །ཆོས་ཐམས་ཅད་ལ་འགྱུར་བ་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཐ་དད་པར་འགྱུར་བའི་ཕྲི་བ་དང་བསྣན་པ་ལ་སོགས་པ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀུན་དུ་སྣང་བར་བྱེད་པ་ནི་ཆོས་ཐམས་ཅད་ཀྱི་ཡང་དག་པའི་ཀུན་རྫོབ་རྣམས་དེ་བཞིན་ཉིད་དང་རོ་གཅིག་པ་ཉིད་དུ་མཐོང་བའི་ཕྱིར་རོ། །ཆོས་ཐམས་ཅད་མུན་པ་དང་བྲལ་བ་ནི་ཆོས་རྣམས་ཐམས་ཅད་མ་རིག་པ་ལ་སོགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་མི་ཤེས་པ་སེལ་བ་ནི་ཆོས་རྣམས་ཐམས་ཅད་མ་རིག་པ་འགགས་པ་ལ་སོགས་པ་རྣམ་པར་རྟོག་པ་འཇིག་པའི་ཕྱིར་རོ། །ཆོས་ཐམས་ཅད་མི་ཤེས་པ་སེལ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང་རོ་གཅིག་པ་ཅན་དུ་བྱེད་པའི་ཕྱིར་རོ། །ཆོས་ཐམས་ཅད་དམིགས་པ་མེད་པ་ནི་ཆོས་རྣམས་ཐམས་ཅད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་དུ་དམིགས་སུ་མེད་པའི་ཕྱིར་རོ། །མེ་ཏོག་བཀྲམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ལ་སྦྱོར་བའི་ཕྱིར་རོ། །ཆོས་ཐམས་ཅད་བདག་གི་དངོས་པོ་སྒྲུབ་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་དངོས་པོ་ཉིད་ཀྱིས་མངོན་པར་ཤེས་པ་ལ་སྒོས་པའི་དོན་སྒྲུབ་པའི་ཕྱིར་རོ། །སྒྱུ་མ་རྣམ་པར་སྤངས་པའི་ཐུགས་རྗེས་ཇི་ལྟ་བ་བཞིན་ལ་དགོངས་ནས་ཐ་སྙད་དུ་བྱེད་པའི་ཕྱིར་རོ། །མེ་ལོང་གི་དཀྱིལ་འཁོར་གྱི་སྣང་བ་བསྒྲུབ་པ་ནི་མེ་ལོང་གི་དཀྱིལ་འཁོར་ལ་སྣང་བ་བཞིན་གྱིས་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་མངོན་པར་སྒྲུབ་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ་སྒྲུབ་པ་ནི་སེམས་ཅན་རྣམས་ལ་ཕན་པ་ཉེ་བར་སྒྲུབ་པའི་བསམ་པས་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྒྲུབ་པའི་ཕྱིར་རོ། །རྡུལ་དང་བྲལ་བ་ནི་འདོད་ཆགས་ལ་སོགས་པའི་རྡུལ་ཡང་དག་པར་སྤངས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་མངོན་པར་དགའ་བ་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ངེས་པར་ཐར་ནས་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ཐོབ་པར་བྱེད་པའི་ཆོས་སྟོན་པའི་ཕྱིར་རོ། །གཞུང་ཁ་ཅིག་ལས་ནི་སེམས་ཅན་ཐམ་


DTG090_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མངོན་པར་སྒྲོལ་ཞེས་ཟེར་བ་ནི་གོ་སླའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ་ལ་མཁས་པའི་རྗེས་སུ་སོང་བ་ནི་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པའི་ཁ་ན་མ་ཐོ་བ་མེད་པའི་ལུས་ལ་སོགས་པའི་ལས་ཀྱི་ཐབས་ལ་མཁས་པའི་རྗེས་སུ་སོང་བའོ། །སྒྲ་དང་ཚིག་འབྲུ་སྣ་ཚོགས་མངོན་པར་སྒྲུབ་པ་ནི་སྒྲ་སྣ་ཚོགས་པ་དང༌། ཚིག་དང་འབྲུ་རྣམས་ཀྱིས་སྟོང་པ་ཉིད་དུ་སྟོན་པའི་ཕྱིར་རོ། །ཁེངས་པ་མེད་པ་ནི། གཟུགས་ལ་སོགས་པའི་སྟོང་པ་ཉིད་ལས་སྒྲུབ་པ་ལ་ཀུན་དུ་རྨོངས་པ་མེད་པའི་ཕྱིར་དང༌། དེ་སྟོན་པའི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རང་བཞིན་དུ་ཐ་སྙད་མེད་དེ། མིག་དང་གཟུགས་ལ་སོགས་པའི་ཤེས་པའི་རང་བཞིན་དང་གང་ཟག་ལ་སོགས་པའི་འདོད་པའི་ཐ་སྙད་དུ་བྱར་མེད་པའི་ཕྱིར་རོ། །སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བདག་ལ་སོགས་པའི་མཚན་ཉིད་རྣམས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བའོ། །རྡུལ་དང་བྲལ་བ་ནི་སྟོང་པ་ཉིད་ལ་ཡང་འཛིན་པ་ལ་སོགས་པའི་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །མིང་དང་ངེས་པའི་ཚིག་དང་ཡིག་འབྲུ་ནི་མིང་ནི་བརྡ་ལ་བསམ་པས་རྗེས་སུ་རྟོགས་པའི་སྦྱིན་པ་ལ་སོགས་པ་ནི་ཚིག་རྣམས་སམ་དུས་ལ་སོགས་པའི་ཡིག་འབྲུས་རྣམ་པར་གཞག་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་ལྷག་མཐོང་ནི་འདུས་བྱས་པའི་མཚན་ཉིད་དང་བྲལ་བར་མཐོང་བའི་ཕྱིར་རོ། །ཆོས་ཐམས་ཅད་ཡུལ་དང་བྲལ་བ་ནི་ཆོས་རྣམས་ཐམས་ཅད་ཀྱི་ཡུལ་ལ་གཟུང་བ་དང་འཛིན་པ་གཉིས་སུ་ཡོད་པ་ཉིད་ལ་སོགས་པའི་ཕྱིར་ཅི་ལོག་ཏུ་མི་མཐོང་སྟེ། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་མཐའ་ནི་འདུས་མ་བྱས་པ་རྣམས་སུ་ཡང་མཚན་མར་མི་འཛིན་པའི་ཕྱིར་རོ། །ནམ་མཁའ་དང་མཚུངས་པ་ནི་ཆོས་རྣམས་ཐམས་ཅད་ལ་སྟོང་པ་ཉིད་དང་རོ་གཅིག་པའི་ནམ་མཁའ་དང་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་དམིགས་པ་ལ་རྩེ་གཅིག་པ་ཉིད་ཀྱིས་ཏེ། སྒྲིབ་པ་ཐམས་ཅད་ཀྱི་དབེན་པ་པོ་ཉིད་ཀྱིས་ནི་རྡོ་རྗེ་དང་འདྲ་བའོ། །གཟུགས་ཀྱི་རྡུལ་སེལ་བ་ནི་གཟུགས་ཀྱི་རྡུལ་བསལ་བའི་མཚན་དང་དཔེ་བྱེད་ཀྱིས་འབར་བའི་གཟུགས་


DTG090_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་སྟེ། གང་ཡང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་མཚན་ཉིད་དོ། །ཕུན་སུམ་ཚོགས་པས་མཛེས་པར་བྱས་པ་ནི་ཕུན་སུམ་ཚོགས་པའི་མི་མཐུན་ཕྱོགས་ཀྱིས་གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དེ་ལ་མེད་པས་ཕུན་སུམ་ཚོགས་པས་མཛེས་པ་སྟེ། གཉི་ག་བདག་མེད་པའི་དྲི་མ་མེད་པས་མཛེས་པའོ། །རྒྱལ་བ་ཐོབ་པ་ནི་མཚན་མ་མེད་པ་ཉིད་ཀྱིས་ཡང་དག་པའི་ཆོས་རྣམས་ཐམས་ཅད་སྟོང་པས་སེམས་ཅན་གྱི་དོན་དང་རྗེས་སུ་མཐུན་པའི་རྒྱལ་བ་ཐོབ་པའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་མིག་རྣམ་པ་ཐམས་ཅད་ཀྱི་ཆོས་སྒྲུབ་པའི་མིག་ལ་བར་ཆད་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་སུ་ངེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ལ་ཐེ་ཚོམ་གྱི་ཕྱིན་ཅི་ལོག་དང་བྲལ་བའི་ཕྱིར་ངེས་པ་བརྟན་པོས་ཀུན་དུ་གནས་པའོ། །ཆོས་ཀྱི་དབྱིངས་སུ་ངེས་པར་འབྱུང་བ་ནི་ཐུགས་རྗེ་ཆེན་པོས་བསྒོམ་པ་རྣམས་ཀྱི་ཆོས་རྣམས་ཐམས་ཅད་ཆོས་ཀྱི་དབྱིངས་མཚན་མ་མེད་པ་ཉིད་ཀྱིས་ངེས་པའི་ཕྱིར་རོ། །དབུགས་འབྱིན་པ་སྦྱིན་པ་ནི་མྱ་ངན་ལས་འདས་པའི་མཚན་མའི་གཉེན་པོ་ཉིད་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་དབུགས་འབྱིན་པ་སྦྱིན་པའི་ཕྱིར་རོ། །སེང་གེ་མངོན་པར་སྒྲོགས་པ་ནི་རང་དང་གཞན་གྱི་བྱ་བའི་ཡང་དག་པའི་དོན་ལ་ལུས་ལ་སོགས་པ་རྩེ་གཅིག་པས་སྦྱོར་བས་བསྟན་པ་ལ་སོགས་པའི་གནས་སྐབས་རྣམས་སུ་སྐྲག་པ་དང་བྲལ་བ་ཉིད་ཀྱིས་སེང་གེ་བཞིན་དུ་མངོན་པར་སྒྲོགས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་ནི་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་པས་བདུད་ལ་སོགས་པའི་སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། །རྡུལ་དང་བྲལ་བ་ནི་བྱང་ཆུབ་ཀྱི་སེམས་ལ་ང་རྒྱལ་ལ་སོགས་པའི་རྡུལ་དང་བྲལ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་མིང་ལ་སོགས་པ་ལ་མངོན་པར་ཞེན་པའི་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །པདྨ་བཀོད་པ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་རྣམས་ཐམས་ཅད་ལ་བསམ་པ་དང་བྲལ་བ་ཉིད་ཀྱིས་ཡོངས་སུ་ལོངས་སྤྱོད་ཀྱང་ཉོན་མོངས་པར་མི་འགྱུར་བའི་ཕྱིར་པདྨ་ལ་ཆུས་བཞིན་ནོ། །ནེམ་ནུར་གཅོད་པ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྒྲུབ་པ་ལ་ཐམས་ཅད་དུ་འགྲོ་བའི་ནེམ་ནུར་བཟློག་པའི་


DTG090_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །སྙིང་པོ་ཐམས་ཅད་ཀྱི་རྗེས་སུ་སོན་པ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རྣམ་པར་དག་པའི་སྙིང་པོའི་རྗེས་སུ་སོན་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་མངོན་པར་འཕགས་པ་ཆོས་ཐམས་ཅད་ལ་ཡོད་པ་ཉིད་ལ་སོགས་པ་བརྟགས་པ་རྣམས་པར་དག་པའི་བྱམས་པ་ལ་སོགས་པའི་ཚད་མེད་པ་རྣམས་ཀྱིས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །མངོན་པར་ཤེས་པ་དང༌། སྟོབས་དང༌། མི་འཇིགས་པ་ལ་སོགས་པ་ཐོབ་པ་ནི་ཆོས་རྣམས་ཐམས་ཅད་ཡོངས་སུ་འཛིན་པ་མེད་པའི་ཏིང་ངེ་འཛིན་གྱི་མཐུས་སོ། །ཆོས་ཐམས་ཅད་ངེས་པར་འབིགས་པ་ནི་ཆོས་ཀྱི་དབྱིངས་སོ་སོར་འབིགས་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་འབྱོར་པའི་རྒྱ་མཚོ་ནི་བླ་ན་མེད་པའི་གཞི་སྟེ་མཐོང་བ་ལས་རྣམ་པར་ལོག་པ་ཀུན་དུ་འཛིན་པ་ནི་ཉིད་ཀྱིས་དེ་རྒྱ་མཚོར་གྱུར་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ཆོས་ཐམས་ཅད་ཀྱི་ཕུང་པོ་ལ་སོགས་པ་རྣམས་ཀྱིས་འབྱོར་པ་སྟེ། སྲིད་པ་དང་ཞི་བར་མི་གནས་པའི་མྱ་ངན་ལས་འདས་པ་དེས་རྒྱས་བཏབ་པས་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་དང་དགའ་བ་འབྱིན་པར་བྱེད་པའོ། །འབྱོར་བ་ནི་བདེན་པ་མ་ཡིན་པ་སྒྲོ་བཏགས་པ་དང་བྲལ་བའི་སྟོང་པ་ཉིད་དེ་ཉིད་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོའི་ཆོས་རྣམས་ཀྱི་ཕྱག་རྒྱའོ། །ཆོས་ཐམས་ཅད་ལ་ཁྱད་པར་མེད་པར་སྟོན་པ་ནི་ཆོས་རྣམས་ཐམས་ཅད་ལ་གང་ཟག་གི་བདག་མེད་པར་མཉམ་པར་རྟོགས་པའི་ཕྱིར་རོ། །ལྟ་བར་འགྱུར་བའི་ཐིབས་པོ་ཐམས་ཅད་རྣམ་པར་སྤངས་པ་ནི། རྟག་པ་དང་ཆད་པ་ལ་སོགས་པའི་ལྟ་བ་དང་བྲལ་བའི་ཕྱིར་རོ། །མུན་པ་དང་བྲལ་བ་ནི་བརྟགས་པ་ཐམས་ཅད་ཀྱི་མུན་པ་དང་འདྲེས་པ་བཅོམ་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་མཚན་མ་དང་བྲལ་བ་ནི་ཆོས་རྣམས་ཐམས་ཅད་ལ་མཚན་མར་སྒྲོ་བཏགས་པ་དང་བྲལ་བའི་ཕྱིར་རོ། །ཆགས་པ་ཐམས་ཅད་ལས་གྲོལ་བ་ནི་ཕྱི་དང་ནང་གི་ཆོས་རྣམས་ཐམས་ཅད་ལ་ཆགས་པ་མེད་པའི་སྦྱིན་པ་ལ་སོགས་པ་ལ་རབ་ཏུ་འཇུག་པའོ། །ལེ་ལོ་ཐམས་ཅད་དང་བྲལ་བ་ནི་གནས་སྐབས་ཐམས་ཅད་དུ་གཞན་གྱི་དོན་བྱ་བ་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །ཆོས་ཟབ་མོ་འོད་བྱེད་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་གདུལ་བར་བྱ་བ་རྣམས་ལ་འོད་བྱེད་པའི་ཕྱིར་རོ། །རི་རབ་འདྲ་བ་ནི་སྤྲོས་པ་མེད་པའི་ཤེས་རབ་ཀྱིས་མ་གཡོས་པའི་ཕྱིར་རོ། །མི་


DTG090_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོགས་པའི་ཀུན་དུ་བཟང་པོའི་དངོས་པོ་རྣམས་ལས་རྣམ་པར་མི་ལྡོག་པའོ། །བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་པ་ནི་སྟོང་པ་ཉིད་དང་རོ་གཅིག་པའི་ཕྱིར་འདོད་པ་ཀུན་ལ་ལོངས་སྤྱོད་ཀྱང་ཞེན་པ་དང་བྲལ་བས་བདུད་ཐམས་ཅད་རྣམ་པར་བཅོམ་པའི་ཕྱིར་རོ། །འཇིག་རྟེན་གསུམ་ལ་མངོན་པར་མ་ཞེན་པ་ནི་སྤྲོས་པ་མེད་པའི་ཤེས་རབ་མངོན་དུ་བྱས་པས་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །འོད་ཟེར་སྒྲུབ་པ་ནི་མ་ལུས་པའི་བརྟགས་པའི་རྟོག་པས་མ་གོས་པ་ཉིད་ཀྱིས་ཐམས་ཅད་དུ་བསལ་བའི་ཤེས་རབ་ཀྱི་འོད་ཟེར་བསྒྲུབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་མཐོང་བ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་མཐོང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་ནི་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱིས་མ་ལུས་པའི་རང་དང་གཞན་དག་ལ་ཡོངས་སུ་གསལ་བར་བྱེད་པས་ཀུན་དུ་རྨོངས་པ་ཐམས་ཅད་དང་བྲལ་ནས་དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བའི་གནས་སུ་གྱུར་པའི་ཕྱིར་རོ། །ཏིང་ངེ་འཛིན་འདི་རྣམས་ལ་དྲུག་ཅུ་རྩ་གཉིས་ཉེ་བར་མཚོན་པ་སྟེ། གྲངས་མེད་པའི་ཏིང་ངེ་འཛིན་རྣམས་ཏེ། ཏིང་ངེ་འཛིན་དེ་རྣམས་ཡང་མོས་པས་སྤྱོད་པའི་ས་ཀུན་དུ་སྤྱོད་པ་ན་འཕགས་པ་ཆོས་འཕགས་ཀྱི་བྱིན་གྱི་རླབས་དང་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ལས་སྐྱེས་པས་རྨི་ལམ་གྱི་གནས་སྐབས་བཞིན་དུ་དུས་དེ་ཇི་སྲིད་དུ་མཐོང་བའོ། །གང་ཡང་དཀོན་མཆོག་སྤྲིན་ལས་མོས་པས་སྤྱོད་པའི་ས་ལས་གྲངས་མེད་པའི་ཏིང་ངེ་འཛིན་རྣམས་རྟོགས་པར་བཤད་པ་དེ་ཡང་དུས་དེ་སྲིད་དུ་ཁོ་ནར་རོ། །ཐམས་ཅད་དུ་ཡང་ཏིང་ངེ་འཛིན་རྣམས་རྒྱུན་དུ་མཐོང་བ་ནི་ཁ་ཅིག་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ལ་སྟེ། རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཀྱི་ས་ལ་སྟེ། ཐབས་ལ་མཁས་པ་ནི་རབ་ཏུ་དགའ་བའི་ས་ལ་ཡང་གྲངས་མེད་པའི་ཏིང་ངེ་འཛིན་རྣམས་དུས་དེ་སྲིད་དུ་མཐོང་བའོ། །གང་འདིར་འདི་དག་གིས་བསྟན་པར་རབ་ཏུ་མཐོང་བ་དེ་ཉིད་ན་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་པའི་ཐལ་འགྱུར་དེ་ནི་ཡིད་འཕྲོག་པ་མ་ཡིན་ཏེ། གལ་ཏེ་ཐབས་ལ་མཁས་པས་ཐམས་ཅད་དུ་མཐོང་བར་གྱུར་ཀྱང་དེ་རྣམས་ཀྱི་དེ་ལྟ་ན་ཡང་བསྒོམ་པའི་ལམ་གྱི་རབ་ཏུ་སྤང་བར་བྱ་བའི་དྲི་མ་རྣམས་ཀྱིས་གསལ་


DTG090_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་པའི་ཕྱིར་དང་ཤིན་ཏུ་རིང་དུ་འཕྲོ་བའི་རབ་ཀྱི་མཐར་མ་ཕྱིན་པའི་ཕྱིར་ན་དེ་ཉིད་དུ་སངས་རྒྱས་སུ་འགྱུར་བ་ནི་མ་ཡིན་ནོ། །དེ་དེ་རྣམས་ལ་ཞེས་པ་ནི་དེ་མོས་པས་སྤྱོད་པའི་ས་ལ་གནས་པར་བྱེད་པ་ནི་འདི་རྣམས་ཀྱི་ཏིང་ངེ་འཛིན་རིམ་གྱིས་སྐྱེ་བ་རྣམས་ལ་གནས་ཤིང༌། ཏིང་ངེ་འཛིན་གཞན་གྱི་ཡོན་ཏན་སྔོན་གྱི་ཏིང་ངེ་འཛིན་ཡོངས་སུ་མ་བཏང་བ་ལས་སྐྱེས་ལ། ཕྱོགས་བཅུའི་འདིར་ཞེས་པ་ནི་ཕྱོགས་བཅུའི་འཇིག་རྟེན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཞེས་པའི་དོན་ཏོ། །སངས་རྒྱས་ཞེས་པ་ནི་ས་བཅུ་པ་ལས་རབ་ཏུ་དགའ་བ་ལ་སོགས་པའི་ས་ལ་སངས་རྒྱས་བརྒྱ་ལ་སོགས་པ་མཐོང་ཞེས་གསུངས་པ་ངེས་པར་འབྱུང་བ་ཉིད་ཀྱིས་སོ། །འདིར་ནི་གདམས་པ་པོ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་འཕགས་པ་ཆོས་འཕགས་ཀྱི་མཐུས་མོས་པར་སྤྱོད་པའི་ས་པས་གྲངས་མེད་པའི་དེ་བཞིན་གཤེགས་པ་མཐོང་བར་གྱུར་ཏོ། །འགྲོ་བ་ཞེས་པ་ནི་འགྲོ་བ་ནི་ཁོང་ཁྲོ་བ་མེད་པ་དེས་ཐོབ་པའོ། །བསླབས་པ་ནི་བསླབ་པ་རྣམས་ཐོབ་པའོ། །དེའི་བྱས་པ་ནི་གང་ཉིད་སྔོན་དེས་བྱས་པའོ། །གསུང་བར་བྱ་བ་ནི་སེམས་ཀྱིས་དྲན་པར་བྱའོ། །ན་བཟའ་ནི་གོས་སོ། །དེའི་གདུང་བ་ནི་མགོ་རྡེབས་པའོ་ཞེས་པའི་དོན་ཏོ། །མི་དགའ་བ་ནི་མྱ་ངན་གྱིས་སོ། །ཡོངས་སུ་གདུང་བ་ནི་ཡིད་མི་དགའ་བའོ། །མི་གཡོ་བ་ནས་བརྩམས་ནས་ཟག་པ་ཟད་པའི་མངོན་པར་ཤེས་པ་སྲིད་ཀྱང་རྣམ་པ་ཐམས་ཅད་དུ་མ་ལུས་པ་ནི་སངས་རྒྱས་ཀྱི་ས་ལའོ་ཞེས་པ་ནི་ས་བཅུའི་དབང་ཕྱུག་ཆོས་འཕགས་ལ་མངོན་པར་ཤེས་པ་ལྔར་བཤད་པའོ། །དགའ་བ་ནི་འདོད་པའོ། །མགུ་བ་ནི་དགའ་བའོ། །ཡོན་ཏན་བཞིན་དུ་ལེགས་པར་སེམས་པའོ། །རྙོག་པ་མེད་པ་ནི་དད་པའོ། །དེའི་ཡོན་ཏན་རྣམས་ལ་ངོ་མཚར་བ་ནི་རི་མོར་བྱེད་པའོ། །མངོན་པར་དགའ་བ་ནི་གུས་པ་ཉིད་དོ། །དེས་ཞེས་པ་ནི་བདག་གི་ལུས་དུས་ཡུན་ཐུང་ངུར་བཙོངས་པའི་རིན་གྱིས་སོ། །མངོན་པར་ཤེས་པ་ཡོད་པར་སྲིད་ཀྱང་དེའི་རིན་གྱིས་ཆོས་ཉན་པ་དོན་དུ་གཉེར་བ་ཉིད་ནི་མངོན་པར་ཤེས་པ་ལ་ལོངས་སྤྱོད་པའི་དྲན་པ་དང་བྲལ་བའི་ཕྱིར་དང༌། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་རྣམས་ཀྱང་ཆོས་ཚོལ་བ་ལ་སོ་སོར་སྤྲོ་བ་དང་ལྡན་པས་སོ། །དགའ་བའི་སེམས་ཞེས་པ་ནི་དགའ་བ་དེས་སེམས་སྦྱངས་པའོ། །དེ་ལས་ཉིས་འགྱུར་དུ་དགའ་བར་


DTG090_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར་རབ་ཏུ་དགའ་བའི་སེམས་སོ། །སྦྱིན་པར་བྱ་བ་ཞེས་པ་ནི་ཆོས་ལ་མཆོད་པ་དོན་ང་གཉེར་བས་བར་ཆད་དུ་ཡང་མ་བརྩིས་པའོ། །རྒྱུ་རྣམས་ཀྱིས་ནི་གནོད་པའོ། །ཡོན་ཏན་གྱི་རིགས་ནི་མི་རྣམས་དང་ཐུན་མོང་གི་ཡོན་ཏན་ལ་ཁྱད་པར་ནི་མི་ལས་ཤིན་ཏུ་འདས་པའི་ཡོན་ཏན་ནོ། །བཟོད་པ་ནི་རང་གི་བྱ་བ་འདོད་པའི་ཕྱིར་ཡང་ངོ༌། །ཡུལ་ཅན་ནི་དེ་ལ་མ་ཞེན་བའོ། །སྤྲོས་པ་ནི་སྤོང་བ་ཅན་དུའོ། །སྐད་ཅིག་དང་ཐང་ཅིག་ལ་ཉེ་བར་ལེན་པ་ནི་ཉིན་པ་པོ་རྣམས་ཀྱི་དད་པའི་བྱེ་བྲག་གོ །བླ་མ་ཞེས་པ་ནི་བླ་མའི་རྒྱུ་མཚན་ནོ། །རོལ་མོ་ནི་རང་བཞིན་གྱི་རོལ་མོའི་བྱེ་བྲག་གོ །རབ་ཏུ་མང་བ་ནི་བྱེ་བྲག་མང་པོའི་ཕྱིར་རོ། །རྙེད་པར་དཀའ་བ་ནི་དོན་དམ་པ་སྟེ་རྒྱ་ཆེན་པོའི་དོན་ཏོ། །ཆིངས་མ་བདུན་གྱི་མདུད་པ་བདུན་ལ་རང་གི་མིང་གི་རྒྱ་རྣམས་ཀྱིས་རྒྱས་བཏབ་པའོ། །ཐོགས་པས་ནི་སྙིམ་པས་སོ། །གསལ་ཞེས་པ་ནི་ཁྱད་པར་ལྷན་ཅིག་མཐོང་བའི་ཕྱིར་ཏེ། བྱེད་པ་ནི་ལྷན་ཅིག་ཏུ་མཐའ་ཞེས་པའི་དོན་ཏོ། །རྟག་པར་རབ་ཏུ་ངུ་བ་ཉེ་བར་མཚོན་པའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལས་ལེའུ་སུམ་ཅུ་པའོ།། །།དེ་སྐད་ཅེས་སྨྲས་པ་དང་ཞེས་པ་ལ་སོགས་པ་སྟེ། སྟོང་པ་ཉིད་ཀྱི་རྣམ་གྲངས་རྣམས་ནི་རྒྱུ་མཚན་གྱི་དབྱེ་བ་ཐ་དད་དེ། ནམ་མཁའི་ཁམས་ནི་ནམ་མཁའ་དང་དེ་བཞིན་ཉིད་ཆོས་མཐུན་པ་ཉིད་ཀྱིས་སོ། །འོ་ན་མཚན་ལ་སོགས་པས་རྣམ་པར་མཛེས་པའི་སྐུ་དེ་བཞིན་གཤེགས་པ་མ་ཡིན་ནམ་ཞེ་ན། གསུངས་པ་མ་ཡིན་ཞེས་ཏེ། དེ་བཞིན་ཉིད་ལ་ཤིན་ཏུ་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་ནི་དེའི་ངོ་བོ་ཉིད་ཀྱི་སྐུའོ། །དེ་བཞིན་གཤེགས་པ་དང་དབྱེར་མེད་པར་གསུངས་ནས། ཤིན་ཏུ་དབྱེར་མེད་པར་བསྟན་པར་འདོད་ནས་གསུངས་པ་ནི། གང་ཡང་ཞེས་པ་ལ་སོགས་པ་སྟེ། འདི་རྣམས་ཀྱི་དེ་བཞིན་ཉིད་ལ་སོགས་པ་རྣམས་དང་ཆོས་ཐམས་ཅད་དེ་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཀྱི་གཅིག་ཅེས་པ་ནི་མདོར་བསྟན་པའོ། །ཡང་གཅིག་ཅེས་པ་ནི་རྒྱས་པར་བཤད་པའོ། །འདིར་ཉི་མ་གུང་གི་དུས་ནི་དེའི་ཚེ་འོང་བའོ། །མངོན་པར་ཆགས་པ་ཞེས་པ་ནི་བྱེད་པ་པོ་སྟོང་པ་སྟེ་ཞེས་པ་


DTG090_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དོན་གྱིས་རྟོགས་པའི་ཁྱད་པར་གྱི་ཕྱིར་རོ། །ཆོས་ཀྱི་སྐུ་ཞེས་པ་ནི་ངོ་བོ་ཉིད་མེད་པའི་སྐུ་སྟེ་ཀུན་རྫོབ་ཏུ་ནི་གཟུགས་སྐུ་ལས་འགྲོ་བ་དང་འོང་བའི་ཐ་སྙད་མེད་པའོ། །གླང་པོའི་ཚོགས་ཞེས་པ་ལ་སོགས་པའི་ཚིགས་ནི་འདུས་པའོ། །ཡོངས་སུ་རྫོགས་པ་ནི་ཡང་དག་པའི་དོན་ཏོ། །བརྫུན་དུ་སྨྲ་བ་དང་ཆོས་མཐུན་པ་ནི་སླུ་བ་པོ་ཉིད་པས་སོ། །འདི་གསུངས་པ་ནི་ཡང་དག་པ་མ་ཡིན་པ་ཞེས་པ་སྟེ། དོན་ཡོད་པ་ནི་སྦྱིན་པར་བྱེད་པའི་འབྲས་བུ་ཆེ་བའི་ཕྱིར་ཏེ། ལུས་ཡོངས་སུ་གྲུབ་པ་ནི་སྲིད་པའི་མཆོག་འཛིན་པ་ཉིད་དོ། །གང་དུ་ཡང་འགྲོ་བ་མེད་པ་ནི་མྱ་ངན་ལས་འདས་པའི་དུས་སུ་སྟེ། མྱ་ངན་ལས་འདས་པ་ན། འགོ་བ་ནི་གང་དུ་ཡང་ཡོད་པ་མ་ཡིན་པས་སོ། །སྔོན་གྱི་སྤྱོད་པ་ནི་སྔོན་གྱི་ལམ་གྱི་གནས་སྐབས་ཀྱི་སྦྱིན་པ་ལ་སོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དགེ་བའི་རྩ་བའི་སྦྱོར་བའོ། །རྒྱུ་ནི་ཉེ་བ་ལེན་པའི་རྒྱུ་སྟེ་སྙིང་རྗེ་ཆེན་པོའི་སྨོན་ལམ་གྱི་ཚོགས་ཀྱི་ཤུགས་ཀྱི་བདག་ཉིད་དོ། །རྐྱེན་ནི་ལྷན་ཅིག་བྱེད་པའི་རྒྱུ་སྟེ། དེ་ནི་འདིར་གདུལ་བར་བྱ་བའི་སེམས་ཅན་གྱི་དགེ་བའི་རྩ་བ་དུ་མ་སྟེ། དེ་གཉི་གའི་རྒྱུ་དང་རྐྱེན་གྱི་ཚོགས་ལ་ནི་དགུ་སྟེ། དེའི་རྒྱས་པར་བཤད་པ་ནི་སྔོན་གྱི་ཕྲིན་ལས་རྣམ་པར་སྨིན་པས་ཞེས་པ་སྟེ། སྔོན་གྱི་དགེ་བ་ལ་རྗེས་སུ་གནས་པ་ཁྱད་པར་དུ་གྱུར་པ་རབ་ཀྱི་མཐར་སོན་པས་ཡོངས་སུ་སྒྱུར་བའི་ཕྱིར་རོ། །ཁ་ཅིག་དག་ནི་སྒྲ་ནི་ཉེ་བར་ལེན་པ་ནི་སྒྲའི་རྡུལ་ཕྲ་རབ་བོ་ཞེས་སོ། །རླུང་གི་རྡུལ་ཕྲ་རབ་ཅེས་པ་ནི་གཞན་དག་གིའོ། །པི་ཝང་ནི་རྒྱུད་དགུས་དཀྲིས་པ་ཅན་ནོ། །ཉེ་བའི་སྦྲ་ནི་གཙོ་བོ་མ་ཡིན་པའི་རྒྱུད་ལའོ། །རྒྱུ་མེད་པ་མ་ཡིན་པ་ནི་སྒྲའིའོ། །དཀྲོགས་པ་ནི་ཀུན་དུ་བསྐྱོད་པའོ། །སྦ་བཀོང་བར་གྱུར་བ་ནི་གྲིབ་མ་ཡང་མེད་པའོ། །སླར་ཡང་ཐེ་ཚོམ་མི་འཇུག་གོ་ཞེས་པ་ནི་ཐེ་ཚོམ་སྤངས་པས་ཉེ་བར་མཚོན་པ་ཉིད་ཀྱི་མཐོང་བའི་ལམ་གྱིས་རབ་ཏུ་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་བདག་ཉིད་ཀྱིས་མཐོང་བའི་ལམ་རྟོགས་པར་གསལ་བར་བྱའོ། །མངོན་པར་བཀབ་ཅེས་པ་ནི་དེའི་མདུན་དུ་ལུས་ཐམས་ཅད་ས་ལ་ཕབ་པའོ། །ཞུགས་པ་ནི་བསྐྱོད་པའོ། །གང་བདག་ནི་གང་དུ་བདག་རྗེས་སུ་བསླབས་པ་ནི་རྗེས་སུ་བྱེད་པའོ། །ལྷའི་ནི་ནམ་མཁའ་ལས་བྱུང་བའོ། །སེམས་གཞན་དུ་གྱུར་པ་ནི་སའི་ཆག་ཆག་གིས་ཁ་ཕྱིར་


DTG090_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་པའོ། །འདི་སྙམ་དུ་ནི་སོ་སོར་བརྟག་པའོ། །གླགས་པ་ནི་གོ་སྐབས་སོ། །ལྷག་པར་གནས་པ་ནི་མི་བྱེད་པའོ། །ཡོངས་སུ་ཚོལ་བ་ནི་རྩོལ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དེ། ཇི་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་ནི་དེ་ཡང་ཆོས་ཀྱི་དབྱིངས་ལ་དམིགས་པ་དེ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་པས་སོ། །གང་དུ་ཆོས་རྣམས་ཐམས་ཅད་ནི་རང་གི་མཚན་ཉིད་རྣམས་ཀྱིས་དབེན་པས་འདིར་དེ་ཡང་རང་གི་མཚན་ཉིད་རྣམས་ཀྱིས་དབེན་པས་སོ། །གང་ཆོས་རྣམས་ཐམས་ཅད་དབེན་པ་ལས་མི་གཡོ་བས་ཏེ་དེའི་ཡང་དབེན་པ་ལས་མི་གཡོ་བའོ། །ཆོས་རྣམས་ཐམས་ཅད་ཅུང་ཟད་རློམ་སེམས་མེད་པ་ནི་ངོ་བོ་ཉིད་མེད་པའི་ཕྱིར་ལ་དེའི་ཡང་རློམ་སེམས་མེད་པའོ། །དབེན་པ་དང་ནི་མི་གཡོ་བ་དེ་ལ་གང་གིས་ཀྱང་ཁེངས་པར་བྱེད་པ་མེད་དེ། ཇི་ལྟ་ཞེ་ན། རང་བཞིན་གྱིས་དབེན་པ་ནི་བསྟན་པ་སྟེ་དེས་དེ་ཡང་བསྟན་པ་ཉིད་དེ། དེ་དེ་བཞིན་ཉིད་དང་རོ་གཅིག་པའི་ཆོས་རྣམས་ཐམས་ཅད་ནི་རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་ཏེ། དེ་བཞིན་ཉིད་དུ་དེ་ཡང་ངོ༌། །མུ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དག་ལ་ཆོས་རྣམས་ཐམས་ཅད་ལ་དེ་མེད་པ་སྟེ། འདས་པ་དང་མ་འོངས་པ་དག་མེད་པའི་ཕྱིར་ཏེ་དེའི་ཕྱིར་མུ་མེད་པ་ཉིད་དོ། །དེ་བཞིན་ཉིད་དུ་དེ་ཡང་ངོ༌། །དོན་དམ་པར་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པས་དེའི་ཕྱིར་སྐྱེ་བར་འགྱུར་བ་མེད་པའི་སྒྱུ་མའི་སྐྱེས་བུ་བཞིན་ཏེ། དེའི་ཕྱིར་སྐྱེ་བ་མེད་པ་སྟེ། དེ་བཞིན་དུ་དེ་ཡང་ངོ༌། །འགག་པ་མེད་པ་ནི་དེ་མེད་པའི་ཕྱིར་ལ་དེ་བཞིན་དུ་དེ་ཡང་ངོ༌། །ནམ་མཁའ་མུ་མེད་པ་ནི་ཕྱོགས་བཅུ་དུས་གསུམ་རྣམས་སུའོ། །དེ་ལྟར་དེས་ཕྱོགས་བཅུ་དུས་གསུམ་པའི་ཆོས་རྣམས་སྟོང་པ་ཉིད་དུ་གསལ་བར་བྱེད་པའི་ཕྱིར་རོ། །ཕྱོགས་བཅུའི་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་ནི་མུ་མེད་པའི་རྒྱ་མཚོ་རྣམས་ཀྱིས་གང་ཞིང་དེ་བཞིན་ཉིད་དང་གང་ཡང་ཆོས་རྣམས་ཐམས་ཅད་ཀྱི་དང༌། གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། །ཇི་ལྟར་ནམ་མཁའ་ཅུང་ཟད་རྣམ་པར་མི་རྟོག་སྟེ་ཅི་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ངོ་བོ་ཉིད་མེད་པའི་ཕྱིར་དང་རྣམ་པར་རྟོག་པའི་ཕ་རོལ་ཏུ་སོན་པའི་ཕྱུར་རོ། །ནམ་མཁའ་བཞིན་དུ་གཟུགས་ཀྱི་ཕུང་པོ་མུ་མེད་པ་ཉིད་དེ། གང་ལ་


DTG090_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་གཟུགས་མེད་པ་དེ་ལ་མུ་མེད་པའམ་སྣང་བ་མེད་པ་སྟེ། དེ་བཞིན་དུ་དེའི་དེ་བཞིན་ཉིད་སྣང་བར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མུ་མེད་པ་ཉིད་དོ། །ཇི་ལྟར་རྒྱ་མཚོ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དུ་རྣམ་པར་ཤེས་པ་དེ་ལྟར་སེམས་ཅན་མཐའ་ཡས་པ་རྣམས་ཀྱི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། རྣམ་པར་ཤེས་པ་དང༌། སའི་ཁམས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པའི་ཁམས་མུ་མེད་པ་ཡང་བཤད་པར་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་མུ་མེད་པ་ཉིད་དང་རྣམ་པར་ཤེས་པའི་ཁམས་མུ་མེད་པ་དག་གི་ཁྱད་པར་གང་ཞེ་ན། ཕུང་པོ་དང་ཁམས་ཀྱི་སྒྲ་དག་གིས་སྦྱོར་བ་བྱས་པའོ། །སེམས་འཛིན་པས་ཆོས་ཏེ་ཏིང་ངེ་འཛིན་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་ལ་ནི་གང་ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་དེ། དེ་བཞིན་དུ་དེ་ལ་ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་པས་སོ། །ཆོས་ཐམས་ཅད་ཀུན་ཏུ་ཐ་མི་དད་པ་དབྱེ་བས་ཐ་མི་དད་པ་ནི་འབྱེད་པ་པོ་རྣམས་ཀྱི་རང་གི་མཚན་ཉིད་རྣམས་མེད་པའི་ཕྱིར་ཏེ། དེ་བཞིན་དུ་དེ་ལ་ཡང་ཐ་དད་པ་མེད་པའོ། །ཆོས་ཐམས་ཅད་ཅུང་ཟད་ཀྱང་དམིགས་སུ་མེད་དེ། གཟུགས་ཀྱི་ཕུང་པོ་བེམས་པོའི་ཕྱིར་དང༌། ལྷག་མ་རྣམས་ཀྱང་བདག་ཉིད་དང་གཞན་དུ་འཛིན་པ་ཉིད་དུ་སྦྱོར་བ་མེད་པའི་ཕྱིར་དང༌། དམིགས་པ་ཡང་མེད་པ་སྟེ། འཛིན་པ་པོ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་པ་མེད་པ་སྟེ། དམིགས་པར་མི་གྱུར་བའི་ཕྱིར་དང༌། དེ་ལས་ངོ་བོ་ཉིད་མེད་པའི་ཕྱིར་དེ་རྣམས་ཀྱིས་དེ་ལ་ཡང་ཉེ་བར་དམིགས་པ་མེད་པ་ཉིད་དེ། ཀུན་རྫོབ་ཏུ་མ་བརྟགས་ན་ཉམས་དགའ་བའི་གཟུང་བ་དང་འཛིན་པ་ནི་ཐ་དད་དུའོ། །རྣམས་པར་མི་འཇིགས་པ་ནི་གཞན་ལ་ཚིག་རྣམས་ཀྱི་སྟོན་པས་ཏེ། དེ་ནི་དེ་རྣམས་ཀྱིས་དེའི་ཕྱིར་མི་འཇིགས་པ་སྟེ། དེ་རྣམས་མཉམ་པ་ཉིད་པས་སོ། །དེ་བཞིན་དུ་གང་ཞིག་གི་དམིགས་པ་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའོ། །འདོད་པ་ནི་བྱ་བ་སྟེ་ཆོས་ཐམས་ཅད་ལ་ཇི་ལྟར་གང་ཡང་གང་དུ་ཡང་སྐྱེ་བར་མི་འགྱུར་ལ། ཀུན་རྫོབ་ཏུ་འདིའི་རྐྱེན་ཉིད་ཙམ་གྱིས་འདི་ལས་འདི་འབྱུང་བའི་མེད་ན་འདི་མི་འབྱུང་བ་ནི་རེ་ཞིག་པའི་རྒྱུ་དང་འབྲས་བུའི་དངོས་པོ་ལ། དོན་དམ་པ་ལ་ནི་འདི་མི་འདོད་དེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


DTG090_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ངོ༌། །ཆོས་ཐམས་ཅད་སྤྲོས་པ་མེད་པའི་ཕྱིར་དང་བསམ་གྱིས་མི་ཁྱབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གྱིས་མི་ཁྱབ་པའོ། །རིག་པར་བྱ་ཞེས་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པའི་ཚིག་རྣམས་དང་འབྲེལ་ཏེ། མཐར་གསལ་བར་བྱེད་པའི་ཕྱིར་རོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། གང་ཞིག་རིམ་པའི་གང་ཞིག་རྣམ་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེས་དེ་ལྟར་ཏིང་ངེ་འཛིན་སུམ་ཅུ་སྐྱེས་པ་སྟེ། དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པའི་རྣམ་པའི་ཕྱིར་ཏིང་ངེ་འཛིན་ཡང་དེ་ལྟར་བཤད་དོ། །ཇི་ལྟར་འདི་རྣམས་ཀྱི་རྣམ་པ་ནི་བྱེ་བྲག་འདི་རྣམས་ཀྱི་དངོས་པོ་ཤེས་པའི་ཕྱིར་ན་ཇི་སྐད་དུ་བཤད་པའི་གཞི་ཤེས་པའི་ཞེས་པ་ལ་སོགས་པ་དེ་ཇི་ལྟར་ན་དམིགས་པ་ནི་དེ་ཉིད་ཀྱི་གཞི་དང་ལྡན་པས་སོ། །ཡང་ན་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པ་ཉིད་ལ་དམིགས་པ་ལ་དམིགས་པའི་ཕྱིར་ཏེ་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བརྗོད་དོ། །དངོས་པོ་ལ་གནས་ནས་རྣམ་པ་ཇི་ལྟ་བའི་མཚན་མ་མེད་པ་ལ་སོགས་པ་བརྒྱ་སྟོང་འབུམ་ཕྲག་གིས་ས་དང་པོ་རྟོགས་ལ། ཏིང་ངེ་འཛིན་བརྒྱ་སྟོང་ཐོབ་ཅེས་པའི་ས་བཅུའི་ཚིག་ནི་འདི་རྣམས་ཀྱིས་ཉེ་བར་མཚོན་པ་སྟེ། ཅུང་ཞིག་ངེས་པར་བརྒྱ་ཐོབ་པ་ཉིད་ལ་མ་ངེས་པ་ནི་བརྒྱད་ལས་མང་བར་གཞན་ཡང་རྨི་ལམ་གྱི་གནས་སྐབས་བཞིན་དུ་དུས་རེ་བཞིན་དུ་ཏིང་ངེ་འཛིན་སོ་སོར་ནང་ངོ་ཞེས་པ་ནི་གཞན་དག་གིའོ། །ཆོས་འཕགས་ཀྱིས་མཚོན་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།དེ་ཐོབ་མ་ཐག་ཏུ་ཞེས་པ་ལ་སོགས་པ་སྟེ། ཚུལ་ནི་མངོན་པར་རྟོགས་པ་བརྒྱད་དོ། །མིང་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའོ། །རྣམ་གྲངས་འདིས་ཀྱང་ཞེས་པ་ནི་རྟག་པར་རབ་ཏུ་ངུ་བའི་བྱུང་ཚུལ་འདིས་ཀྱང་ངོ༌། །དེ་ལྟ་བས་ན་ཞེས་པ་ལ་སོགས་པ་དང༌། རྗེས་སུ་བསྟན་པའི་སྒྲའི་བར་གྱིས་ནི་ཡོངས་སུ་གཏད་པ་དང་པོའོ། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཞེས་པ་ནི་དེས་བར་དུ་གཅོད་པ་བཟློག་པའི་ཕྱིར་དང༌། རྗེས་སུ་བསྟན་པ་ནི་ཡོངས་སུ་གཏད་པ་སྟེ། ཇི་ལྟར་འདི་ཉན་པ་ལ་སོགས་པ་རྒྱུན་མི་འཆད་པར་འགྱུར་བ་དེ་ལྟར་ཁྱོད་ཀྱིས་ཞེས་པའི་དོན་ཏོ། །འདི་ལ་གསུངས་པ་ནི་འདི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཅིའི་ཕྱིར་ཞེས་པ་ལ་སོགས་པ་ནི་ཡོངས་སུ་གཏད་པ་གཉིས་པའོ། །


DTG090_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་བསླང་བའོ། །འདི་ལས་ནི་ཀུན་དུ་བསྟོད་པའོ། །སྐུ་འདི་ལས་ནི་གླེང་བསླང་བ་གཅིག་ལ་ཡོངས་སུ་གཏད་པ་གཉིས་པའོ། །གང་དུ་གསུངས་པའི་ལན་གཉིས་ལན་གསུམ་དུ་ཡང་ཞེས་པ་ནི་ཡོངས་སུ་གཏད་དོ་ནི་གཏོད་པ་བྱེད་པའོ། །རྗེས་སུ་གཏད་དོ་ནི་རྗེས་སུ་མཐུན་པས་གཏད་པའོ། །སྐྱེས་བུ་ཐ་མ་ཞེས་པ་ནི་མ་གུས་པའོ། །ཅིའི་ཕྱིར་འདི་བདག་གི་དངོས་པོ་བཞིན་དུ་གུས་པར་བྱ་ཞེས་གསུངས་པ་ནི། ཇི་སྲིད་དུ་ཞེས་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་བཞུགས་ཞེས་པ་ནི་གང་དུ་བཅོམ་ལྡན་འདས་མ་འདི་ཉིད་དེ་བཞིན་གཤེགས་པའི་རྒྱུ་དང་འབྲས་བུའི་གནས་སྐབས་དག་གི་མུ་མེད་པའི་ཡོན་ཏན་རྣམས་དང་ངོ་བོ་ཉིད་ཀྱི་ཡང་རྒྱུ་ཡིན་པས་ན་འདིར་མཆོག་ཏུ་གུས་པར་བྱ་བར་རིགས་ཞེས་པ་ལ་དགོངས་པ་དེའི་ཡང་རྒྱུ་དང་འབྲས་བུའི་གནས་སྐབས་དག་གི་ཡོན་ཏན་གྱི་ཆེ་བ་མདོ་སྡེ་མཐའ་ཡས་ལ་མང་པོ་བསྟན་པ་དེའི་ཞད་ཙམ་བརྗོད་པ་ནི་བཅོམ་ལྡན་འདས་མ་ལ་ཤིན་ཏུ་ཡང་དག་པའི་ཁྱད་པར་བསྐྱེད་པའི་ཕྱིར་ཏེ། དེ་ལྟར་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཚོགས་ཀྱི་ས་ལ་དང་པོ་དང་བདུན་པའི་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀུན་དུ་སྐྱེད་པར་བྱེད་པ་ཐམས་ཅད་རྣམ་པར་རྟོག་པ་མེད་པས་ཡང་དག་པར་བསྐྱེད་ཅིང་མཉམ་པའི་སེམས་ཀྱིས་སེམས་ཅན་རྣམས་ཐམས་ཅད་ཀྱང་དེའི་ཡེ་ཤེས་ལ་རབ་ཏུ་སྦྱོར་བར་བྱེད། དེས་བྱང་ཆུབ་སེམས་དཔའ་དེ་ལ་ཡང་སྔོན་དུ་སངས་རྒྱས་མཐོང༌། ལྷ་སྟོབས་དང་ལྡན་པར་འགྱུར་བས་སྤྲོ་བ་སྐྱེད་པར་བྱེད་ཀྱི། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་བྱེད་པའི་དགྲ་བཅོམ་པ་རྣམས་ལ་ནི་མ་ཡིན་ཏེ། དེའི་སངས་རྒྱས་ཀྱི་གདུང་རྒྱུད་མི་གཅད་པར་གནས་པར་འགྱུར་རོ་ཞེས་གསུངས་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། རྣམ་པར་ཐར་པ་གཉིས་པའི་སེམས་བསྐྱེད་པ་དང་པོའི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པའི་ཕན་ཡོན་གསུངས་པ་ནི་སེམས་བསྐྱེད་པ་དང་བཅས་པས་སེམས་ཅན་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར་ཞིང་བླ་མར་གྱུར་པའི་བསོད་ནམས་ཀྱི་ཞིང་ཕ་དང་འདྲ་བ་སྟེ། བསོད་ནམས་རབ་ཏུ་བསྐྱེད་པ་རྣམས་ཀྱང་གེགས་མེད་པ་ཡོངས་སུ་འཛིན་ཅིང་གང་གིས་བསྲུངས་ཤིང་དེ་ལ་མ་ཞེན་པས་གཉིད་ལོག་པ་དང་བག་མེད་པ་ན་ཡང་སྡིག་སྦྲུལ་དང་གནོད་སྦྱིན་དང་མི་མ་ཡིན་པ་དེ་ན་གནས་པ་རྣམས་ཀྱིས་ཐོ་


DTG090_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འཚམས་པར་མི་ནུས་སོ། །ཡོངས་སུ་འཇུག་པའི་སྐྱེ་བོ་དེ་ལ་བསོད་ནམས་ཀྱིས་ནང་ཉུང་བར་འགྱུར་རོ། །སྐྱེ་བར་གནོད་པ་མེད་པར་འགྱུར་རོ། །འདིའི་དྲན་པ་བརྗེད་ངས་པར་མི་འགྱུར་རོ། །སེམས་ཉམས་པར་མི་འགྱུར་རོ། །གཞན་གྱི་ལག་ཏུ་འོངས་ཀྱང་མི་འགྲུབ་པའི་སེམས་ཅན་རྣམས་ཀྱི་ཡམས་དང་ཉེ་བར་འཚེ་བ་དང་ལོག་འདྲེན་མ་རུངས་པའི་སྔགས་ཀྱི་ཚིག་དང་རིག་པའི་ཚིག་རྣམས་དེའི་ལག་ཏུ་སོང་བས་འགྲུབ་པར་འགྱུར་ན། གྲུབ་པ་རྣམས་ལ་ལྟ་ཅི་སྨོས་ལ། གང་དུ་སངས་རྒྱས་ཀྱི་ཞིང་དུ་གནས་པ་དེར་འཇིགས་པ་དང་བག་ཚ་བ་དང་མུ་གེའི་སྐྱོན་དང་མི་མ་ཡིན་པས་བྱས་པའི་ཉེ་བར་འཚེ་བ་རྣམས་མི་འབྱུང་ཞིང་བྱུང་ན་ཡང་ཉེ་བར་ཞི་བར་འགྱུར་རོ། །གལ་ཏེ་བརྒྱ་ལམ་ན་དམྱལ་བ་དང་ངན་འགྲོའི་ས་རྣམས་སུ་སྐྱེ་བ་ན་ཡང་དེར་ཡང་དེ་ཙམ་གྱིས་ཤིན་ཏུ་མྱུར་བར་གྱུར་པས་གྲོལ་བར་འགྱུར་རོ། །དམྱལ་བ་རྣམས་སུ་སྡུག་བསྔལ་གྱི་ཚོར་བ་ཆུང་བར་གྱུར་པ་དང༌། ཤིན་ཏུ་མྱུར་བར་ཡིད་འབྱུང་བ་སྐྱེ་བར་འགྱུར་ཞིང་སེམས་ཅན་དེ་རྣམས་ལ་སྙིང་རྗེ་ཆེན་པོའི་སེམས་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །ཡུམ་ཆེན་མོར་ཡང་མོས་པས་སྤྱོད་པས་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཇི་སྙེད་ཀྱི་དམྱལ་བ་དང༌། དུད་འགྲོ་དང་ཡི་དགས་ལ་སོགས་པའི་སེམས་ཅན་རྣམས་རང་གི་ལུས་ཀྱི་འོད་ཀྱིས་ཀུན་དུ་སྣང་བར་བྱས་ནས་སྡུག་བསྔལ་ཐམས་ཅད་ཞི་བར་བྱས་ནས་ཀྱང་སངས་རྒྱས་དང་བཅས་པའི་ལྷ་དང་མི་རྣམས་སུ་སྐྱེ་བར་བྱེད་དེ། སངས་རྒྱས་ལ་སོགས་པ་ཡིད་ལ་བྱེད་པ་ཉན་དུ་བཅུག་ནས་དེ་ཡིད་ལ་བྱས་པས་དེ་རྣམས་ངན་འགྲོ་རྣམས་ལས་བྱུང་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མཉེས་པར་བྱེད་པ་དང་རྗེས་སུ་མཐུན་པར་སྦྱོར་བ་ཡོངས་སུ་བཟུང་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམས་ཀྱང་རྒྱུན་མི་འཆད་པར་ལྷག་པར་འཕེལ་བར་འགྱུར་ཞིང་རབ་ཏུ་དགའ་བའི་ས་བྱང་ཆུབ་སེམས་དཔའ་གནོན་པར་གྱུར་ནས་བྱིས་པའི་སྐྱེ་བོ་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་འདས་པར་འགྱུར་ཞིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་སྐྱེ་བར་འགྱུར་ནས། དེ་བཞིན་གཤེགས་པའི་རིགས་མི་གཅོད་ཀྱི་མཐོང་བའི་ལམ་ལའོ་ཞེས་གསུངས་སོ། །ས་བཅུ་པ་ལས་ཀྱང༌། སྐད་ཅིག་མ་གཅིག་གིས་ཏིང་ངེ་འཛིན་


DTG090_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཐོབ་ཅིང་སྙོམས་པར་འཇུག་པ་དང༌། སངས་རྒྱས་བརྒྱ་མཐོང་བ་དང༌། དེ་རྣམས་ཀྱི་བྱིན་གྱི་རླབས་ཡང་དག་པར་ཤེས་ལ་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བ་དང་ཀུན་དུ་སྣང་བར་བྱེད་པ་དང་སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་ཞིང་སེམས་ཅན་བརྒྱ་སྨིན་པར་བྱེད་པ་དང༌། བསྐལ་པ་བརྒྱར་གནས་ཤིང་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་རབ་ཏུ་འཇུག་ཅིང་ཆོས་ཞལ་བརྒྱས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དང༌། ལུས་བརྒྱར་སྟོན་པར་བྱེད་དོ། །ལུས་རེ་རེ་ལ་བྱང་ཆུབ་སེམས་དཔའ་བརྒྱའི་འཁོར་ཀུན་ཏུ་སྟོན་པར་བྱེད་ཅེས་གསུངས་ཏེ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དག་ལ་འཇུག་པར་འགྱུར་བ་ནི་སེམས་ཅན་རྣམས་སྡིག་པ་ལས་བཟློག་པའི་བདག་པོར་བྱས་ནས་ལས་ཀྱི་འགྲོ་བ་ཉེ་བར་སྟོན་པའོ། །རབ་ཏུ་རྣམ་པར་འབྱེད་པ་ནི་རང་གི་བློ་ཡོངས་སུ་སྨིན་པའི་དོན་དུ་ཆོས་ཀྱི་རྣམ་གྲངས་རྣམས་ཀྱི་དོན་སེམས་པར་བྱེད་ཅེས་པའོ། །ཐམས་ཅད་དུ་བརྒྱ་བཟུང་བ་ནི་ངེས་པར་འགྱུར་བ་ཉིད་ཀྱིས་སོ། །ཐབས་ལ་མཁས་པས་ནི་གྲངས་མེད་དེ། གྲངས་མེད་པའི་སངས་རྒྱས་མཐོང་བ་ནི་ཚོགས་ཀྱིས་ནས་ཀྱང་ངོ༌། །འདི་རྣམས་ཀྱི་ཡང་གྲངས་ངེས་པ་དང་མ་ངེས་པ་དག་ནི་སྔོན་གྱི་སའི་ཡོན་ཏན་རྣམས་བཞིན་འདིས་ཕྱི་མ་རྣམས་ལ་རྗེས་སུ་ཞུགས་ནས་རབ་ཏུ་གྱུར་པ་ཡང་ཐོག་མའི་དབྱེ་བས་ཤེས་པར་བྱའོ། །དེ་ཉིད་ཀྱི་དཔག་ཏུ་མེད་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཉིད་ཡང་འཛམ་བུའི་གླིང་གི་དབང་ཕྱུག་ཏུ་འགྱུར་རོ། །དབང་ཕྱུག་ཆེན་པོའི་བདག་པོ་ཐོབ་པ་དང་ཆོས་རྗེས་སུ་བསྲུང་བའི་ཕྱིར་ཕུང་པོ་ཡོངས་སུ་གཏོང་ཡང་ཟད་པར་མི་འགྱུར་ཏེ། དེས་འཁོར་ལོས་སྒྱུར་པའི་རྒྱལ་པོའི་མ་ཆགས་པ་དང་དགའ་བས་འདོད་པ་ལ་ལོངས་སྤྱོད་པ་ཡང་རྣམ་པ་མང་པོ་སྟོན་པར་བྱེད་ཅིང་དེ་ལ་ཡང་ཆགས་པ་མེད་དོ། །འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཉེ་བར་འཚོ་བ་ཀུན་དུ་འཛིན་ཅིང་དེ་ལ་ཆགས་པར་འགྱུར་བ་ནི་མ་ཡིན་ཏེ། སྒྱུ་མ་ལྟ་བུར་ཆོས་ཐམས་ཅད་བསྒོམས་པས་ཡང་སེམས་ཅན་གདུལ་བར་བྱ་བ་ཉེ་བར་བཟུང་བའི་ཕྱིར་ཉོན་མོངས་པ་ལ་དབང་དུ་གྱུར་པ་ཐོབ་ནས། བསམ་པའི་ཁྱད་པར་སྒྱུ་མའི་སྐྱེས་བུ་ལྟ་བུས་འདོད་པ་ལས་རྒྱལ་བའི་སྲས་རྣམས་ཡོངས་སུ་ལོངས་སྤྱོད་ཀྱི་སྡུག་པས་ནི་མ་ཡིན་ནོ། །ཡང་ན་མི་འདོད་པས་ནི་འདིར་ཁྱིམ་


DTG090_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆུང་མ་ལ་སོགས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་སྤངས་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བར་འགྱུར་ལ། ཇི་ལྟར་ཡང་འདི་ཉིད་རབ་ཏུ་བྱུང་ནས་དེ་ལྟར་གོང་མའི་ཡང་རང་གིས་རྣམས་ལ་སྟེ། དེ་བཞིན་དུ་ས་འདིའི་ཡོན་ཏན་རྣམས་དང༌། ས་སྔ་མའི་ཡོན་ཏན་གྱིས་སྤྲིན་ལ་སོགས་པའི་མངོན་པར་ཤེས་པ་འདིར་གསལ་བར་བྱས་ནས་རིང་དུ་ཡང་འགྲོ་བར་བྱེད་པའོ། །དེའི་ཡང་གོང་ནས་གོང་གི་སའི་ཡོན་ཏན་ནི་མུ་མེད་པ་རྣམས་ཏེ། དེ་ལྟར་ན་ཡང་དེའི་ཡོན་ཏན་གྱི་ཞད་ཙམ་བརྗོད་པར་བྱ་སྟེ། ཇི་སྐད་དུ་འཕགས་པ་ས་བཅུ་པ་ལས། དྲི་མ་མེད་པའི་ས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་ཉིད་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། ཏིང་ངེ་འཛིན་ལ་སོགས་པ་ནི་འདིའི་སྔར་བཤད་པའི་བརྒྱའི་གནས་སུ་སྟོང་ཕྲག་བཤད་པའི་ཡོན་ཏན་རྣམས་སོ། །འོད་བྱེད་པ་ལ་ལེགས་པར་སོ་སོར་བརྟགས་པའི་ཡེ་ཤེས་ཀྱིས་ཡང་ནས་ཡང་དུ་དམ་པའི་ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་གནས་ཤིང་ཉིན་མཚན་དུ་ཆོས་ཉན་པ་དོན་དུ་གཉེར་ཞིང་ཆོས་སྨྲ་བ་པོ་ལ་དགའ་བར་བྱེད་པའི་འདུ་ཤེས་ཅན་དུ་འགྱུར་ཞིང་དེས་ཕྱི་དང་ནང་གི་དངོས་པོ་དང་སྦྱིན་པར་མི་བྱེད་པ་ཅུང་ཟད་ཀྱང་མེད་ལ། བླ་མའི་སྤྱོད་པས་ཉེ་བར་གནས་པ་གང་སྦྱིན་པར་བྱེད་ཅིང༌། དེས་གང་ཡང་ལུས་ལ་གནོད་པ་ན་ཡང་སྦྱིན་པར་མི་བྱེད་པ་མེད་ལ། རྟག་ཏུ་སྦྱིན་པའི་རྒྱུས་ཆོས་ལ་གུས་པ་རབ་ཏུ་སོན་པས་དེས་ནོར་དང་རྒྱལ་སྲིད་དང༌། མཐོ་རིས་སུ་སྐྱེ་བ་དང་འཇིག་རྟེན་པའི་རྣམ་པར་དག་པ་དང༌། བདག་གི་དངོས་པོས་ཀྱང་ཆོས་ལ་བླ་མར་བྱེད་དོ། །དེ་ཡང་ཆོས་ཀྱིས་དགའ་བར་བྱེད་པར་འགྱུར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ཚངས་པ་དང་བརྒྱ་བྱིན་གྱིས་ནི་མ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཇོག་པའི་ཆོས་ཀྱི་ཚིག་གཅིག་ལ་ཡང་དེའི་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཚངས་པའི་འཇིག་རྟེན་གྱི་བར་དུ་རེ་ཞིག་མེས་ཡོངས་སུ་གང་བ་ལ་བདག་ཉིད་མཆོང་བ་ལ་ཡང་སྤྲོ་བར་བྱེད་ལ། དེ་ཉིད་ཡང་སུམ་ཅུ་རྩ་གསུམ་པའི་དབང་པོར་གྱུར་ནས་དགེ་བས་སེམས་ཅན་འདོད་པའི་འདམ་ལས་འབྱིན་བར་འདོད་པ་སྟེ་འདིའི་ཡོན་ཏན་ནོ། །ཏིང་ངེ་འཛིན་ལ་སོགས་


DTG090_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོན་ཏན་ནི་བརྒྱའི་གནས་སུ་སྟོང་ཕྲག་བཤད་པའི་ཡོན་ཏན་རྣམས་སོ། །འོད་འཕྲོ་བ་ལ་ཡང་དེ་ཉིད་རབ་མཚེ་མའི་ལྷའི་རྒྱལ་པོར་གྱུར་ནས་ཁྱབ་བདག་བྱས་ནས་སེམས་ཅན་རྣམས་ཀྱི་འཇིག་ཚོགས་ལ་ལྟ་བ་ཡང་དག་པར་བཅོམ་པ་ལ་མཁས་པས་སེམས་ཅན་རྣམས་ཡང་དག་པའི་ལྟ་བ་ལ་རབ་ཏུ་འགོད་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་སོགས་པ་འདིའི་ཡོན་ཏན་ནི་བརྒྱར་བཤད་དོ། །སྦྱང་དཀའ་བ་ལ་ནི་བརྒྱའི་གནས་སུ་བྱེ་བ་ཕྲག་སྟོང་གིས་བཤད་པའི་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་རྣམས་ཏེ་ཡང་དགའ་ལྡན་གྱི་ལྷའི་རྒྱལ་པོར་གྱུར་ནས་མངའ་བདག་བྱས་ནས་སེམས་ཅན་ཐམས་ཅད་མུ་སྟེགས་ཀྱི་སྐྱེ་མཆེད་ཐམས་ཅད་བཟློག་པ་ལ་མཁས་པས་སེམས་ཅན་རྣམས་བདེན་པ་རྣམས་ལ་རབ་ཏུ་དགོད་པར་འདོད་པས་སོ། །མངོན་པར་གྱུར་པ་ལ་ནི་བརྒྱའི་གནས་སུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བཤད་པའི་ཡོན་ཏན་རྣམས་ཏེ་ཡང་དེ་ཉིད་ལས་འཕྲུལ་དགའི་ལྷའི་རྒྱལ་པོ་བྱས་ནས་སེམས་ཅན་རྣམས་ཀྱི་མངོན་པར་ང་རྒྱལ་བ་སོ་སོར་སྦྱང་བ་ལ་མཁས་པས་སེམས་ཅན་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་གཞུག་པར་འདོད་པས་སོ། །རིང་དུ་སོང་བ་ལ་སེམས་ཅན་ལ་ཕན་པའི་དོན་དུ་བསམ་གཏན་དང་རྣམ་པར་ཐར་པའི་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་མངོན་པར་ཤེས་པ་དྲུག་གིས་ཀྱང་སྟེ། དེ་ལྟར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་དོན་སྐད་ཅིག་མ་གཅིག་ལ་འགྲོ་བ་དྲུག་གི་སེམས་ཅན་གྱི་གཟུགས་རྣམ་པ་སྣ་ཚོགས་སྤྲུལ་པ་རྣམས་ཀྱིས་ཡང་དག་པར་སྒྲུབ་པར་བྱེད་དེ། ལྷ་ལ་སོགས་པ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་ཇི་སྲིད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་སུ་སྤྲུལ་པས་གོ་བར་བྱེད་ལ། དེའི་ཡང་དབྱངས་རྣམས་ཀྱིས་རྣམ་པ་དུ་མའི་ཆོས་སྟོན་པར་མཛད་པའམ། གཞན་དག་སྤྲུལ་པ་མཛད་པའམ། ནམ་མཁའ་ལས་ཀྱང་ཆོས་སྟོན་པའི་སྒྲ་འབྱུང་ལ་ཡུལ་རྣམས་དང་སྟོན་མོ་དང་བཟའ་བ་དང་བཏུང་བ་དང་གོས་དང་རིན་པོ་ཆེ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སེམས་ཅན་གྱི་དོན་དུ་སྤྲུལ་པ་དང༌། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་དག་ཀྱང་སྟོན་པར་མཛད་དེ་དེའི་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་ནི་བརྒྱའི་གནས་སུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཕྲག་གིས་སྟོན་


DTG090_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཡང་དེས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་དབང་པོ་མངའ་བདག་ཏུ་མཛད་ནས་སེམས་ཅན་རྣམས་མངོན་པར་རྟོགས་པ་ཤེས་པ་རྣམས་ཀྱིས་ཉེ་བར་སྡུད་པའོ། །མི་གཡོ་བ་ལ་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བ་ལ་འཇུག་ཅིང་ཐམས་ཅད་དུ་སེམས་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་འདུ་ཤེས་དང་བྲལ་བའི་ཆོས་སྐྱེ་བ་མེད་པ་ཅན་གྱི་བཟོད་པ་ཐོབ་པའོ་ཞེས་བརྗོད་ལ། དེ་ཐོབ་ནས་ཇི་ལྟར་གཞན་གྱི་ངན་འགྲོ་དང་བདེ་འགྲོར་རྣམ་པར་སྨིན་པའི་ལས་ཀྱི་སྒྲིབ་པ་དེ་རྣམས་ཡང་དག་པར་བཅད་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏེ། ལེགས་སོ་ལེགས་སོ་རིགས་ཀྱི་བུ་འདི་ཉིད་ནི་དེ་ལྟར་སངས་རྒྱས་ཀྱི་ཆོས་རྟོགས་པར་བྱ་བ་ལ་འདི་ཉིད་དོན་དམ་པའི་བཟོད་པའོ། །འོན་ཀྱང་བདག་ཅག་གི་སྟོབས་བཅུ་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པར་སངས་རྒྱས་པ་དེ་རེ་ཞིག་ཁྱོད་ལ་ཡང་དག་པར་ཡོད་པ་མ་ཡིན་པས་དེ་བཙལ་བ་ལ་མངོན་པར་དགའ་བར་གྱིས་ལ་བརྩོན་འགྲུས་རྩོམས་ཤིག་དང་འདི་ཉིད་ཀྱིས་བཟོད་པའི་སྒོ་ནས་མ་བཏང་ཞིག་དང༌། གང་ཁྱོད་དེ་ལྟར་ཞི་བ་ལ་གནས་པས་རྗེས་སུ་ཐོབ་ཅིང་ཞི་བ་འདིས་བྱིས་པ་སོ་སོའི་སྐྱེ་བོ་ལ་དགོངས་པ་མ་ཡིན་ཏེ། འོན་ཀྱང་རིགས་ཀྱི་བུ་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པ་དང་སེམས་ཅན་གྱི་དོན་ཡང་དག་པར་ཐོབ་པའི་ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་གང་འདིར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཆོས་ཐམས་ཅད་དམིགས་སུ་མེད་པ་སྟེ། གང་འདི་དག་གི་ཡང་ཡུད་ཙམ་ཅིག་གིས་ཡེ་ཤེས་ལྷུན་གྱིས་གྲུབ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གནོན་པར་བྱེད་དོ། །དེ་ནི་སྔོན་གྱི་འབད་པ་དང་བཅས་པའི་ལམ་གྱི་བསྐལ་བ་བརྒྱ་སྟོང་གིས་ཀྱང་རེ་ཞིག་གཞལ་དུ་མེད་པར་ཐོབ་པར་ནུས་པ་མ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྣམས་ཀྱི་སེམས་ཅན་རྣམས་ཀྱང་སོ་སོའི་རབ་ཏུ་དབྱེ་བ་ན། ཇི་སྲིད་དུ་རྡུལ་ཕྲ་རབ་ཀྱི་ཆ་དེ་སྲིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཇི་འདྲ་བའི་ཡང་སེམས་ཅན་རྣམས་ཀྱི་ལུས་སུ་རྣམ་པར་ཕྱེ་བའི་ཁ་དོག་དང་རྟགས་དང་ཆུ་དང་ཞེང་དང་མོས་པ་དང་བསམ་པ་དང་དེ་རྣམས་དང༌། སངས་རྒྱས་ཀྱི་ཞིང་རྣམས་དང༌། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་དེ་དང་དེར་དེ་ལྟར་རང་གི་ལུས་ཀུན་དུ་སྟོན་པར་བྱེད་དེ། དགེ་སྦྱོང་དང་བྲམ་ཟེ་དང་རྒྱལ་རིགས་དང་


DTG090_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བདག་དང་འདོད་པ་དྲུག་ན་སྤྱོད་པ་དང༌། ཚངས་པའི་གཟུགས་སུ་ཀུན་ཏུ་སྟོན་པར་བྱེད་ལ་རང་རང་གི་འཁོར་གྱི་དཀྱིལ་འཁོར་རྣམས་ཇི་སྲིད་དུ་འོག་མིན་གྱི་བར་གྱི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་འོག་མིན་གྱི་གཟུགས་ཀུན་དུ་སྟོན་ཅིང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་གཟུགས་ཀུན་དུ་སྟོན་པ་ནི་གཟུགས་དེ་དང་དེས་གདུལ་བར་བྱ་བའི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་རོ། །སེམས་དང་པོ་བསྐྱེད་པ་འདིས་གང་ཞིག་གི་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་དང༌། གཞན་ཡང་གྲངས་མེད་པའི་སྨོན་ལམ་མངོན་པར་གྲུབ་པ་ནི་དེ་ལས་གཞན་པའི་དེའི་ཡོངས་སུ་དག་པའི་ཐབས་སོ་ཞེས་པ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་འདིའི་བླ་ལྷག་པར་འགྱུར་བའོ། །ས་འདི་ལ་ནི་ཤིན་ཏུ་ཕྲ་བའི་ཉོན་མོངས་པ་རྒྱུ་བ་ཡང་ཡོད་པ་མ་ཡིན་པས་དེ་ལྟར་འདོད་པ་ལྔ་ཡོངས་སུ་ལོངས་སྤྱོད་པ་མི་སྲིད་པ་ཉིད་དེ། དེ་ལྟ་ན་ཡང་སེམས་ཅན་ཡོངས་སུ་སྨིན་པའི་རྒྱུར་འདོད་པའི་ཡོན་ཏན་ལྔ་ལ་བྱང་ཆུབ་སེམས་དཔའ་རྗེས་སུ་གནས་པའོ། །དེ་ལྟར་ཡང་བདག་ཅག་གི་སྟོན་པ་བྱང་ཆུབ་སེམས་དཔའི་དོན་མཐུན་པས་སེམས་ཅན་སྡུད་པའི་ཕྱིར་གྲགས་འཛིན་དང་སྐྱེ་དགུའི་བདག་མོ་ལ་སོགས་པའི་བུད་མེད་ཉི་ཁྲི་བཞི་སྟོང་རྣམས་ལ་རེ་རེ་ཞིང་བདག་གི་ལུས་མངོན་པར་སྤྲུལ་ནས་དེ་རྣམས་ཐམས་ཅད་ལ་རོལ་པར་མཛད་དེ། ས་བཅུ་པའི་དབང་ཕྱུག་འཕགས་པ་ཆོས་འཕགས་ཀྱང་བུད་མེད་དྲུག་ཁྲི་བརྒྱད་སྟོང་རྣམས་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ལ་རོལ་པ་དང་ལྡན་པ་སྟེ། ས་འདི་ལ་བྱང་ཆུབ་སེམས་དཔའ་ཡང་ཚངས་པ་ཆེན་པོ་ཉིད་དུ་གྱུར་ནས་སྟོང་དང་པོ་ལ་དབང་སྒྱུར་བའི་མངའ་བདག་ཐོབ་ནས་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་བསྡུ་བའི་ཕྱིར་ཏེ། ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་ནི་བརྒྱའི་གནས་སུ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱའི་རྡུལ་ཕྲ་རབ་ཀྱི་གྲངས་ཀྱིས་གསུངས་པས་སོ། །ལེགས་པའི་བློ་གྲོས་ལ་བྱང་ཆུབ་སེམས་དཔའ་འདོད་ན་ཡི་གེ་གཅིག་གི་སྐད་ཀྱིས་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བའི་སྐད་འབྱིན་པར་འགྱུར་རོ། །བ་སྤུའི་བུ་ག་རྣམས་ནས་འོད་ཀྱི་འོད་ཟེར་ནམ་མཁའ་ནས་བྱུང་བས་འཇིག་རྟེན་གྱི་ཁམས་བརྒྱའི་གཟུགས་ལ་སོགས་པ་རྣམས་གསལ་བར་བྱེད་དོ། །འདིར་འདི་ནི་མདོར་བསྡུས་པའི་


DTG090_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཕུན་སུམ་ཚོགས་པའོ། །འདི་ཡང་སྟོང་གཉིས་པའི་བདག་པོ་ཁྱབ་བདག་ཚངས་པ་ཆེན་པོར་གྱུར་ནས་སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་གདམས་ངག་རྣམས་ལ་སྟེ། བརྒྱའི་གནས་སུ་སྟོང་གསུམ་གྲངས་མེད་པའི་བརྒྱ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་ཀྱིས་སྟོན་པ་འདིའི་ཡོན་ཏན་རྣམས་ནི་ཏིང་ངེ་འཛིན་ལ་སོགས་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླ་ལྷག་པར་གྱུར་པ་སྟེ། དེ་ལ་བསམ་པའི་སྟོབས་ཀྱིས་ཉོན་མོངས་པ་མངོན་དུ་རྒྱུ་བ་མེད་པའི་ཕྱིར་རོ། །ལྷག་པའི་བསམ་པའི་སྟོབས་ཀྱིས་ནི་སའི་ཡེ་ཤེས་ཡོངས་སུ་སྦྱངས་བའི་ཕྱིར་རོ། །གཟུགས་ཀྱི་སྟོབས་ཀྱིས་ནི་ཆོས་བརྗོད་པ་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་རྟག་པ་གཡོ་བ་མེད་པའི་ཕྱིར་རོ། །ཡང་དག་པར་འཕེལ་བའི་སྟོབས་ཀྱིས་ནི་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སྤྱོད་པ་རྣམ་པར་ཕྱེ་བ་ལ་མཁས་པའི་ཕྱིར་རོ། །དབང་གི་སྟོབས་ཀྱིས་ནི་མངོན་པར་འདོད་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་ཐོབ་པའི་ཕྱིར་རོ། །སྤོབས་པའི་སྟོབས་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པའི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྤྱོད་པ་རྣམས་ཀྱི་སྦྱོར་བ་མི་གཏོང་བའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ནི་བདག་ཉིད་སངས་རྒྱས་ཀྱི་ཆོས་ཀྱིས་ཡོངས་སུ་སྨིན་པ་དང༌། སེམས་ཅན་ཡོངས་སུ་སྨིན་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་སྤྱོད་པ་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །བྱམས་པ་ཆེན་པོའི་སྟོབས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་སྦྱོར་བ་རྗེས་སུ་མི་གཏོང་བའི་ཕྱིར་རོ། །སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བའི་ཕྱིར་རོ། །ཆོས་ཉིད་ཀྱི་སྟོབས་ཀྱིས་ནི་སྒྱུ་མ་ལྟ་བུ་ལ་སོགས་པའི་ཆོས་ཉིད་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཕྱིར་རོ་ཞེས་པའི་སྟོབས་ནི་མདོ་སྡེར་བཤད་པའོ། །ཆོས་ཀྱི་སྤྲིན་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་གྱུར་ལ་དེའི་རྗེས་ལ་འདི་ལྟར་སྟོང་ཕྲག་


DTG090_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་བར་གྱི་ཚད་ཙམ་གྱི་རིན་པོ་ཆེའི་པདྨ་ཆེན་པོ་འབྱུང་བར་འགྱུར་ཞིང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རིན་པོ་ཆེའི་ཕྲས་སོ་སོར་སྤྲས་པས་ཇི་སྲིད་དུ་ཡོངས་སུ་གང་སྟེ་སྟོང་གསུམ་པ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་དང་མཉམ་པའི་རིན་པོ་ཆེ་པདྨ་ཆེན་པོས་ཡོངས་སུ་བསྐོར་བ་དེ་དང་རྗེས་སུ་མཐུན་པའི་བྱང་ཆུབ་སེམས་དཔའི་སྐུ་ཀུན་ཏུ་བཞུགས་ཏེ། དེ་དེའི་ཏིང་ངེ་འཛིན་སོ་སོར་ཐོབ་ནས་པདྨ་དེ་ལ་བཞུགས་པ་ཀུན་ཏུ་མཐོང་བར་གྱུར་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེ་ལ་ཡོངས་སུ་བསྐོར་ནས་ལྟ་བར་བྱེད་ཅིང་དེ་རྣམས་ཁོར་ཡུག་གི་པདྨ་རྣམས་ལ་འདུག་པར་འགྱུར་ཏེ། དེའི་ཚེ་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་ཏུ་གཡོ་བར་འགྱུར་ཞིང༌། ངན་འགྲོ་ཐམས་ཅད་རབ་ཏུ་སྦྱངས་ནས་ཐམས་ཅད་སྐལ་པ་དང་བཅས་པར་སྤྱོད་པ་ལ་བྱང་ཆུབ་སེམས་དཔའ་འདུས་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་དང་མིར་གྱུར་པ་ལ་ཡང་དག་པར་བརྗོད་པ་ཀུན་ཏུ་གསུངས་པས་སེམས་བདེ་བ་སྐྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་མཆོད་པ་དང༌། བསྙེན་བཀུར་ལ་རབ་ཏུ་ཞུགས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་ཤེས་པར་བྱེད་པར་འགྱུར་ཞིང༌། བྱང་ཆུབ་སེམས་དཔའ་དེའི་ཡང་ལུས་ཐམས་ཅད་ཀྱི་ཡན་ལག་ལས་འོད་ཟེར་རྣམ་པར་སྤྲོས་ནས། བགྲང་བ་ལས་ཤིན་ཏུ་འདས་པའི་ཕྱོགས་བཅུའི་ནམ་མཁའི་མཐའ་ཀླས་པའི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སྣང་བར་བྱས་ནས་སྟེང་གི་བར་སྣང་ལ་འོད་ཟེར་ཆེན་པོའི་ཚོགས་ཀྱི་དཀྱིལ་འཁོར་དུ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བ་ལ་རབ་ཏུ་འཇུག་པར་བྱེད་དོ། །ཇི་སྲིད་དུ་ཕྱོགས་བཅུ་མ་ལུས་པའི་ཆོས་ཀྱི་ཁམས་ཀྱི་ཁོངས་སུ་གཏོགས་པའི་མེ་ཏོག་ལ་སོགས་པ་དང༌། གདུགས་དང་ན་བཟའ་དང་རིན་པོ་ཆེའི་རྒྱན་ལ་སོགས་པའི་བརྟགས་པ་རྣམས་ཀྱིས་འཇིག་རྟེན་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་པར་འདས་པའི་སྣ་ཚོགས་པའི་བཀོད་པའི་རིན་པོ་ཆེ་ལ་སོགས་པའི་ཆར་གྱིས། རེ་རེ་བཞིན་གྱིས་དེ་བཞིན་གཤེགས་པའི་འཁོར་


DTG090_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཀྱིལ་འཁོར་ལ་སྤྲིན་བཞིན་དུ་རབ་ཏུ་འབབ་པར་བྱེད་དོ། །དེའི་རྗེས་ལ་དེ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་ཀྱི་འོག་ཏུ་ནུབ་པར་གྱུར་ནས། དེར་ཡང་ཕྱོགས་བཅུའི་མཐས་གཏུགས་པའི་རབ་འབྱམ་གྱི་འཇིག་རྟེན་གྱི་ཁམས་ཀྱེ་གྲངས་མེད་པའི་བྱང་ཆུབ་སེམས་དཔའ་ཇི་སྙེད་པས་ས་དགུ་པ་ལ་རབ་ཏུ་གནས་པ་རྣམས་འོངས་ནས་བྱང་ཆུབ་སེམས་དཔའ་དེ་ལ་ཡང་དག་པར་མཆོད་པར་བྱས་ནས་ལྟ་བར་བྱེད་ཅིང་ཏིང་ངེ་འཛིན་སྟོང་ཕྲག་བཅུ་ལ་སྙོམས་པར་འཇུག་པར་འགྱུར་ལ། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་ལ་གྲངས་མེད་པའི་འོད་ཟེར་གྱིས་ཡོངས་སུ་བསྐོར་བ་རྣམས་ཀྱིས་ཕྱོགས་བཅུ་མུ་མེད་པའི་འཇིག་རྟེན་གྱི་ཁམས་རབ་འབྱམ་རྣམས་ཀུན་དུ་སྣང་བར་བྱེད་པའི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཀུན་ཏུ་སྟོན་ཅིང་གྲངས་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་བསྐུལ་ཞིང་འོངས་ནས། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་མཆོག་དེ་ལ་སྣུན་པར་འགྱུར་ལ་དེའི་འཁོར་གྱི་འོད་ཟེར་ནི་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུ་ལ་ནུབ་པར་གྱུར་ཏོ། །དེ་ནི་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཆེན་པོས་མངོན་པར་དབང་བསྐུར་བ་ཞེས་བརྗོད་དོ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་རྣམ་པར་ཐར་པའི་སྒོ་ཐོབ་པར་གྱུར་ཏོ། །རང་གི་སྨོན་ལམ་གྱི་སྟོབས་བསྐྱེད་པས་དེའི་རྣམ་པ་སྣ་ཚོགས་པའི་སྐུས་སྐད་ཅིག་མ་གཅིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ཀྱི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སྤྲོས་པའི་དགེ་བའི་བདུད་རྩེའི་རྒྱུན་རྣམས་ཀྱི་ཆར་གྱིས་བསམ་པ་ཇི་ལྟར་བར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་དུས་ཅན་གྱི་མི་ཤེས་པ་ལས་ཀུན་དུ་བྱུང་བའི་ཉོན་མོངས་པའི་རྡུལ་ཀུན་འབར་བ་རྣམས་ཐམས་ཅད་ཞི་བར་བྱེད་པས་ས་འདི་ལ་ཆོས་ཀྱི་སྤྲིན་ཞེས་བརྗོད་ལ། དེ་སྲིད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་དང་དགའ་ལྡན་དུ་གནས་པ་ཉེ་བར་བཟུང་ནས་ཇི་སྲིད་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་ལ་ལྷག་པར་གནས་ཏེ། གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་ཇི་སྙེད་པ་དེ་སྙེད་ཀྱི་


DTG090_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དུ་མ་སྐད་ཅིག་མ་གཅིག་ལ་སྤྲུལ་པའི་ལུས་རེ་རེ་ལ་དེ་སྙེད་ཀྱི་ཕྱག་རྣམས་དང༌། དེ་སྙེད་ཀྱི་དབུ་དང་དབུ་རེ་རེ་ཞིང་དེ་སྙེད་ཀྱི་ལྗགས་སྟོན་པར་བྱེད་ལ། ཕྱག་རེ་རེས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མེ་ཏོག་རྣམས་ཐོགས་ཤིང་དེ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་གཏོར་བར་བྱེད་ཅིང༌། དེ་བཞིན་དུ་བདུག་པ་ལ་སོགས་པ་རྣམས་དང༌། ཇི་སྙེད་ཀྱི་ན་བཟའ་དང་གདུགས་དང་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱི་བཀོད་པས་སོ། །ལྗགས་དེ་རྣམས་ཀྱིས་སངས་རྒྱས་དེ་རྣམས་ཀྱི་བསྟོད་པ་གསུངས་ཤིང་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕྱོགས་བཅུར་སྤྲོས་ནས་སོང་བས་མངོན་པར་བྱང་ཆུབ་པའི་བཀོད་པ་ནས་ཇི་སྲིད་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་གྱི་བཀོད་པ་བྱིན་གྱིས་བརླབས་ནས་ཇི་སྙེད་ཀྱི་ཞལ་གྱིས་ཕྱོགས་རེ་རེ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་གཡོ་བར་བྱེད་པ་དང༌། རི་རབ་ཆེན་པོ་ལ་སོགས་པའི་རི་དུ་མ་སྐྲ་ཉག་མས་བཅིངས་ནས་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པར་འཕེན་པར་བྱེད་ཀྱང་སེམས་ཅན་དེ་རྣམས་ལ་སྐྲག་པར་བྱེད་པ་མེད་དོ། །དེ་ལྟར་དེ་ལ་སོགས་པའི་གྲངས་མེད་པའི་ཏིང་ངེ་འཛིན་འཕེལ་ཞིང་མངོན་པར་ཤེས་པས་རྣམ་པར་རོལ་པར་མངོན་པར་སྟོན་པར་བྱེད་དོ། །དེ་སྐྱེ་བ་གཅིག་གིས་ཐོགས་པའི་གནས་གཙང་མའི་ལྷའི་རྒྱལ་པོ་མངའ་བདག་ཏུ་ཡང་དེ་ཉིད་དུ་གྱུར་ནས་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པའི་གདམས་ངག་རྣམས་ལ་བཀོད་པར་འདོད་པ་དེ་ལྟར་བརྩོན་འགྲུས་རྩོམ་པར་བྱེད། གང་གི་ཕྱིར་སྐད་ཅིག་མ་གཅིག་ལ་ཕྱོགས་བཅུར་བགྲང་བ་ལས་འདས་པའི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ཏིང་ངེ་འཛིན་སོ་སོར་ཐོབ་ཅིང་དེ་སྙེད་ཀྱི་སངས་རྒྱས་མཐོང་བར་འགྱུར་ཞིང༌། དེ་རྣམས་ཀྱི་བྱིན་གྱི་རླབས་ཤེས་པར་འགྱུར་བ་དང༌། དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་གཡོ་བར་འགྱུར་ཞིང་ཀུན་ཏུ་སྣང་བར་བྱེད་པ་དང་དེ་སྙེད་ཀྱི་ཞིང་དུ་འགྲོ་ཞིང་དེ་སྙེད་ཀྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང༌། དེ་སྙེད་ཀྱི་བསྐལ་པར་གནས་ཤིང་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡང་འཇུག་པར་འགྱུར་ཞིང་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རབ་ཏུ་རྣམ་པར་འབྱེད་པར་འགྱུར་ཞིང་དེ་སྙེད་ཀྱི་སྐུ་རྣམས་སྟོན་པར་མཛད་ཅིང་སྐུ་རེ་རེ་ལ་ཡང་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་འཁོར་དུ་མ་རྣམས་དང༌། རང་གི་སྐུའི་བ་སྤུའི་བུ་ག་ནས་བགྲང་བ་ལས་འདས་པའི་


DTG090_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་ཏེ་རེ་རེ་ཞིང་གཞལ་དུ་མེད་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་དང་སྐད་ཅིག་རེ་རེ་ལ་གཞན་དང་གཞན་དུ་ཡང་སྟོན་པར་བྱེད་ལ། གདུལ་བར་བྱ་བ་ཉིད་བརྟགས་པ་ལ་ཀུན་ཏུ་སྤྱོད་པས་དེ་ལས་གཞན་པའི་ལྷ་དང་མི་ལ་སོགས་པའི་དབྱེ་བ་ཐ་དད་པའི་འགྲོ་བ་ལྔའི་འཁོར་བ་རྣམས་ལ་ཐ་དད་པའི་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་ལ་སོགས་པ་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པས་གདུལ་བར་བྱ་བའི་སེམས་ཅན་རྣམས་འདུལ་བ་ཉིད་ལ་ལྷུན་གྱིས་གྲུབ་པས་བརྒྱ་བྱིན་ལ་སོགས་པའི་གཟུགས་སུ་ཀུན་ཏུ་གནས་ནས་ཆོས་སྟོན་པར་བྱེད་དོ། །དེ་ལྟ་བུ་འདིའི་ཡོན་ཏན་མདོར་བསྡུས་ནས་བསྟན་པ་སྟེ། ཇི་སྐད་དུ་ཀྱེ་རྒྱལ་བའི་སྲས་རྣམས་དེ་ལྟ་བུ་ཉིད་ཀྱིས་དེ་བཞིན་དུ་རེ་ཞིག་ཆོས་ཀྱི་སྤྲིན་གྱིས་བསྐལ་པ་གྲངས་མེད་པར་བསྟན་པར་བྱས་ཀྱང་ཕྱོགས་གཅིག་ཙམ་བསྟན་པར་འགྱུར་ན། དེ་བཞིན་གཤེགས་པའི་ས་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ཡང་ཀྱེ་རྒྱལ་བའི་སྲས་དག་གལ་ཏེ་ཕྱོགས་བཅུའི་ཕྱོགས་རེ་རེའི་ཕྱོགས་ཀྱི་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་དེ་ལྟར་ས་ཐོབ་པའི་བྱང་ཆུབ་སེམས་དཔས་གང་བར་གྱུར་ཅིང་དེ་རྣམས་ཀྱིས་མུ་མེད་པའི་བསྐལ་པར་མངོན་པར་བསྒྲུབས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པས་མངོན་པར་བསྒྲུབས་པས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་གནས་པའི་དེ་བཞིན་གཤེགས་པའི་ཡུལ་གྱི་སྐད་ཅིག་མ་གཅིག་ལ་ཇི་སྲིད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་གྲངས་སུ་བགྲང་བར་ཡང་ནས་ཇི་སྲིད་དུ་དཔེ་དང་རྒྱུར་ཡང་མི་བཟོད་དོ་ཞེས་གསུངས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྣམས་ནི་ཀུན་དུ་འོད་ལ་རྣམ་པ་ཐམས་ཅད་རྣམས་ཡོངས་སུ་དག་པ་མཐར་ཕྱིན་པར་གང་དེ་རྣམས་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ཡུལ་རྣམས་དང་དེ་ལ་ཅིག་ཤོས་ཀྱི་ཡོན་ཏན་མཐའ་དག་དང་ལྡན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང་ཐ་མི་དད་པ་གནས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གནས་པའི་མགོན་མེད་པའི་འགྲོ་བ་རྣམས་ལ་རྣམ་པ་ཐམས་ཅད་ཀྱིས་སྣོད་ཇི་ལྟ་བ་ལ་རྒྱུན་མི་འཆད་པས་ནམ་མཁའ་ཇི་སྲིད་དུ་རབ་ཏུ་འཇུག་ཅིང་མགོན་དུ་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཉིད་ཀྱིས་


DTG090_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་བ་སྤུ་རེ་རེའི་བུ་ག་ནས་དཔེ་བྱད་དང་སྐྱེས་བུ་ཆེན་པོའི་མཚན་དང་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱིས་ཡོངས་སུ་བཅད་པའི་མཐུ་རྣམས་མངོན་པར་འཛིན་པ་ནི་རང་གི་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པས་བསྐལ་པ་གྲངས་མེད་པར་ཚེ་བྱིན་གྱིས་བརླབས་ནས་དེ་ལྟར་མྱུར་བ་མྱུར་བར་ཕྲིན་ལས་གཞལ་མེད་པར་འགྱུར་བས། གལ་ཏེ་མངོན་པར་བརྗོད་ཀྱང་དེ་ལྟ་ན་ཡང་ཡོན་ཏན་ཡོངས་སུ་རྫོགས་པར་མི་ནུས་ན། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དང་སྔ་ནས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལྟར། སངས་རྒྱས་ཀྱི་ཡོན་ཏན་མཐར་ཐུགས་པ་ཤེས་པའམ། མངོན་པར་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས་པ་གང་འདི་རྣམས་ཀྱི་མཚན་ཉིད་ནི་བདག་ཅག་མ་རིག་པའི་རབ་རིབ་ཀྱི་མུན་པར་གྱུར་པ་ཇི་ལྟ་བ་རྣམས་ཤིན་ཏུ་ལྐོག་ཏུ་འགྱུར་བས་དེ་བཞིན་གཤེགས་པའི་ཡོན་ཏན་མངོན་པར་བརྗོད་པའི་སྐབས་སུ་ཇི་ལྟར་འགྱུར། དེ་ལྟ་ན་ཡང་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་ལ་བརྟེན་ནས་ཐེ་ཚོམ་བཟློག་པས་བདག་ཅག་གིས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་མཐུའི་ཡོན་ཏན་ཕྱོགས་གཅིག་གི་ཞད་ཙམ་མངོན་པར་བརྗོད་ཀྱང༌། བྱིས་པ་རྣམས་ནི་རང་བཞིན་ཡོན་ཏན་གྱིས་དབུལ་ཞིང་མོས་པས་བཅོམ་པས་ཐོས་ཀྱང་དེ་ལྟ་བུའི་ཡོན་ཏན་ཀུན་ཏུ་འཕེལ་བ་ལ་བློས་མ་མོས་ལ་དེའི་ཆོས་ལ་མཁས་པ་རྣམས་ཀྱིས་ནི་ཡང་རྐང་དང་དཔྱི་ལ་ཞེས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེའི་ངོ་བོ་རྣམས་དང་དེའི་རྒྱུའི་ངོ་བོ་དང་དེ་གཉི་གའི་མངོན་པར་བརྗོད་པ་པོ་ལ་མངོན་པར་རབ་ཏུ་བརྟེན་པར་འགྱུར་རོ། །དེ་ལ་ཕན་པ་ནི་དེས་དད་པ་ཙམ་དང་ཡང་མངོན་པར་རབ་ཏུ་ལྡན་ན་མ་ངེས་པའི་རྣམ་པར་སྨིན་པ་རྣམས་ཀྱི་སྡིག་པ་རྣམས་ཀྱི་ཕུང་པོ་མྱོང་བར་མི་འགྱུར་ཞིང་ལྷ་རྣམས་དང་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་རྗེས་སུ་མྱོང་བར་གྱུར་ནས་དེའི་རྗེས་ལ་དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་རྩ་བ་ཅན་གྱི་ཕྱིར་མ་ལུས་པའི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་ཚོགས་རབ་ཏུ་འབྱུང་བའི་དེའི་གཉེན་པོར་གྱུར་པ་གཅིག་པ་ཉིད་ཀྱིས་


DTG090_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པའི་གྲོང་ཁྱེར་དུ་རབ་ཏུ་འཇུག་ཅིང་གནས་པར་བྱེད་པ་ཇི་སྐད་དུ་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་པ་འདི་ཉིད་དུ་དོན་དུ་གཉེར་བ་རྣམས་ཀྱི་རིང་དུ་སྤང་བར་བྱས་པ་ནི་མ་ལུས་པའི་ལམ་ངན་པ་ལ་དཀའ་བའི་རྣམ་པར་རྟོག་པ་ལ་དགའ་བའོ། །དེ་ལྟར་ལུང་དང་རིགས་པ་རྣམས་ཀྱི་སྒྲོན་མས་གསལ་བར་བྱས་པ་ནི་གང་ཞིག་བདག་ཉིད་ཆེན་པོ་རྣམས་ཀྱིས་གསལ་བར་བྱས་པའི་ཕྱིར་དང༌། མ་ལུས་པའི་སྐྱེ་བོ་རྣམས་ཀྱི་དེད་དཔོན་དཔའ་བོ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར། དེ་ཉིད་བདག་ཉིད་ཀྱིས་ངེས་པར་སྟོན་པར་འདོད་པ་རྣམས་ཀྱིས་བློ་དམ་པ་མཁས་པ་ལས་ངེས་པར་བྱས་པའི་བཅོམ་ལྡན་འདས་མའི་གནད་ཀྱི་ཟླ་བའི་འོད་ལ་ཐོས་པ་དང་བསམ་པ་དག་ལ་མཆོག་ཏུ་གུས་པའི་གནས་སུ་བྱས་ནས་གུས་པ་དང་བཅས་པ་ཡུན་རིང་པོར་མ་བྲལ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པས་ཚོགས་ལ་སོགས་པའི་ས་ནོན་ནས་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕ་རོལ་ཏུ་སོན་ནས་ཀུན་དུ་གནས་པར་འགྱུར་རོ། །བཅོམ་ལྡན་འདས་མའི་རྫོགས་པ་གསལ་བར་བྱ་བའི་ཕྱིར་སྡུད་པར་བྱེད་པ་པོས་སྨྲས་པ་ནི། དེ་སྐད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་སྐད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་གསུངས་པ་དང་ལྡན་པ་སྟེ། སྟོན་པ་པོས་བླ་ན་མེད་པའི་ཆོས་བསྟན་པས་དགའ་བར་གྱུར་ནས་ཉན་པ་པོས་ཀྱང་གསུངས་པ་ལ་མངོན་པར་བསྟོད་པའོ། །འཇིག་རྟེན་ནི་ཚོགས་ཏེ་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་ལྷ་ལ་སོགས་པ་དང་བཅས་པ་ནི་འཇིག་རྟེན་ཞེས་པའོ། །ཡོངས་སུ་གཏད་པའི་མངོན་པར་བརྗོད་པའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལས་ཡོངས་སུ་གཏད་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།རིན་ཆེན་ཕུང་པོར་སྐྱེ་བོ་ཕལ་ཆེན་རིན་ཆེན་རྙེད་པར་འགྱུར་མིན་ཞིང༌། །མ་རྟོགས་བརྒྱུས་ནས་ཇི་ལྟར་ཡང་ནི་རིན་ཆེན་བློ་ཡིས་མཁའ་ལ་སྒྲོགས། །ནང་གནས་ཡོན་ཏན་རིན་ཆེན་རང་བཞིན་འདི་ནི་བདག་གིས་ཀུན་འབྱིན་པའི། །ཕྲག་དོག་མེད་པ་དེ་ཡིས་རྟག་ཏུ་མཁས་རྣམས་བརྒྱན་པར་གྱིས། །སྟོང་ཉིད་ཐུབ་པས་རྒྱས་བཏབ་ཕུན་སུམ་ཚོགས་པ་ཡི། །མཚོན་བྱའི་གནས་ཀྱི་ལམ་ལྡན་མུན་པ་


DTG090_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ། །འཕགས་པའི་གསུང་གི་ཉི་མའི་འོད་ཟེར་དང༌། །ལྡན་ཀྱང་མི་འབྲལ་རྣམས་ཀྱིས་མཐོང་མ་ཡིན། །ཡུམ་གྱི་རབ་འདོད་ཆེ་མཆོག་གསལ་བར་བསྒྲགས་པ་ལས་ཐོབ་པའི། །བསོད་ནམས་རྣམས་ཀྱིས་དེ་ལམ་འབྲས་བུ་འགྲོ་བས་བགྲོད་འགྱུར་ཕྱིར། །བདག་གིས་དཔག་མེད་ཡུམ་གྱི་ཡོན་ཏན་རབ་ཏུ་གསལ་བྱས་པའི། །འཚོ་བའི་རྒྱགས་བྱིན་སྒྲིབ་མེད་ཕུན་སུམ་ཚོགས་གྱུར་ཅིག །བདེ་གཤེགས་གསུང་དང་བླ་མ་བསྙེན་བཀུར་ནས་ནི་ཡང་དག་པའི། །འགྲེལ་པ་བྱེད་པ་འཇིགས་མེད་ཀྱིས་ནི་སྙིང་རྗེས་བྱས་པ་འདི། །ཕྱོགས་རྣམས་མ་ལུས་མི་མཐུན་ཕྱོགས་ལས་རྒྱལ་ནས་ཇི་སྲིད་དུ། །འགྲོ་བ་ཐུབ་པའི་སྐུ་གསུང་ཐུགས་ཀྱིས་སྤྲོ་བའི་བར་དུ་གསལ་གྱུར་ཅིག །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱ་སྟོང་པའི་འགྲེལ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་རྫོགས་སོ། །། །རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་ཀྱི་ཞལ་སྔ་ནས་དང་མཁས་པ་བནྡེ་ཤེས་རབ་དཔལ་གྱིས་དཔལ་ན་ལེནྡྲར་བསྒྱུར་བའོ། །


previousབརྒྱད་པ། ཆོས་ཀྱི་སྐུའི་མངོན་པར་རྟོགས་པ།next