Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གོ་གཅིག་པ།


  collapse section
   
   
   
   
   
   
   
   
བརྒྱད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལེའུ།next

བརྒྱད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལེའུ།


DTG091_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འོག་ཏུ་བཤད་པ་འདི་གཏན་ལ་དབབ་པ་དེ་བསྟན་པར་བྱ་སྟེ། བཤད་པ་འདི་ཞེས་བྱ་བ་ཡང་དང་པོར། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚིག་དང་དོན་ཞིབ་ཏུ་གཏན་ལ་ཕབ་སྟེ་བསྟན་པའོ། །གཏན་ལ་དབབ་པ་དེ་ཡང་རྣམ་པ་གཉིས་ཏེ། ཚིག་གི་དོན་གཏན་ལ་དབབ་པ་དང༌། མཚན་ཉིད་གཏན་ལ་དབབ་པའོ། །དེ་ལ་ཚིག་གི་དོན་གཏན་ལ་དབབ་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་འདིའི་དོན་གང་ལགས་ཞེས་བྱ་བ་


DTG091_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་གསུངས་པ་སྟེ། དེ་ལ་རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་གི་དོན་འདི་གང་ལགས་ཞེས་རབ་འབྱོར་གྱིས་ཞུས་པའི་ལན་དུ། བྱང་ཆུབ་སེམས་དཔའ་ཉིད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དེའི་ཚིག་གི་དོན་ཀྱང་དོན་རྣམ་པར་ཡོད་པ་མ་ཡིན་ནོ་ཞེས་མདོར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱང་མ་སྐྱེས་ལ། སེམས་ཅན་ཀྱང་མ་སྐྱེས་པའི་ཕྱིར་ཏེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆུད་པར་བྱ་བའི་བྱང་ཆུབ་ཀྱང་མ་སྐྱེས་ལ། ཆུད་པར་བྱེད་པའི་སེམས་ཅན་ཀྱང་མ་སྐྱེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ལ་ཡང་ཚིག་མེད། སེམས་ཅན་ལ་ཡང་ཚིག་མེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པའོ་ཞེས་བྱ་བ་ནི། ཚིག་གི་དོན་མེད་པའི་གཏན་ཚིགས་བསྟན་པ་སྟེ། རྒྱ་གར་གྱི་སྐད་དུ། པ་ད་ཞེས་བྱ་བ་ཚིག་ལ་ཡང་བྱ། གཞི་ལ་ཡང་བྱ། གནས་ལ་ཡང་བྱ་སྟེ། བྱང་ཆུབ་དང་སེམས་དཔའ་གཉི་ག་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དེ་སྟོན་པའི་ཚིག་གམ། དེའི་གནས་སམ་གཞི་ཡང་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་བྱའི་རྗེས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའི་དཔེ་རྣམ་པ་བཅུ་གཅིག་བསྟན་པ་སྟེ། ནམ་མཁའ་ལ་བྱའི་རྗེས་མེད་པ་ནི་དཔེ་དང་པོ་སྟེ། ཇི་ལྟར་ནམ་མཁའ་ལ་བྱའི་རྗེས་སྣང་བའི་གཞི་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པས་ཚིག་གིས་བརྗོད་པར་བྱ་བའི་དོན་གྱི་གཞིའམ་གནས་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨི་ལམ་ལ་གནས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་རྨི་ལམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌།


DTG091_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་དང་བརྒྱད་ཀྱིས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའི་དཔེ་གཉིས་པ་བསྟན་ཏེ། ཇི་ལྟར་རྨི་ལམ་ལ་སོགས་པ་དེ་དག་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡང་དག་པའི་མཐའ་ལ་གནས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང་བརྒྱད་ཀྱིས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའི་དཔེ་གསུམ་པ་བསྟན་ཏེ། ཇི་ལྟར་ཡང་དག་པའི་མཐའ་ལ་སོགས་པ་འདུས་མ་བྱས་པའི་དངོས་པོ་འདི་དག་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཀྱང་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་གཟུགས་ལ་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པའི་ཚིག་གི་དོན་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི། སྒྱུ་མའི་སྐྱེས་བུའི་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རེག་པ་དྲུག་དང༌། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང༌། མ་རིག་པ་ལ་སོགས་པ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལ་གནས་མེད་པ་དང༌། སྒྱུ་མའི་སྐྱེས་བུ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང༌། སྟོང་པ་ཉིད་བཅོ་བརྒྱད་ལ་སྤྱོད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང། འཕགས་པའི་བདེན་པ་བཞི་ལ་སྤྱོད་པ་དང༌། བསམ་གཏན་བཞི་ལ་སྤྱོད་པ་དང༌། ཚད་མེད་པ་བཞི་ལ་སྤྱོད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་པ་དང༌། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་


DTG091_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱོད་པ་དང༌། རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པ་དང༌། མངོན་པར་ཤེས་པ་དྲུག་ལ་སྤྱོད་པ་དང༌། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དང༌། མི་འཇིགས་པ་བཞི་ལ་སྤྱོད་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་པ་དང༌། བྱམས་པ་ཆེན་པོ་ལ་སྤྱོད་པ་དང༌། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་ལ་ཚིག་གི་དོན་མེད་པའི་དཔེས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་བསྟན་པ་སྟེ། དེ་ནི་སྒྱུ་མའི་སྐྱེས་བུའི་དཔེ་སྟེ་བཞི་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ལ་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་གཟུགས་ལ་སོགས་པ་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དང༌། རེག་པ་དྲུག་དང༌། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང༌། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་བཅོ་བརྒྱད་དང༌། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་བཞི་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སྙིང་རྗེ་


DTG091_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ལ་གནས་མེད་པའི་དཔེས། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་བསྟན་པ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཕུང་པོ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་རྣམས་ལ་ཡོད་པ་མ་ཡིན་ཏེ། དེ་དག་གི་གནས་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཀྱང་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་དཔེ་སྟེ་ལྔ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདུས་མ་བྱས་ཀྱི་དབྱིངས་ལ་འདུས་བྱས་ཀྱི་ཁམས་ཀྱི་གནས་མེད་དོ་ཞེས་བྱ་བ་ནི། ཇི་ལྟར་མྱ་ངན་ལས་འདས་པ་ལ་འཁོར་བའི་གནས་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གནས་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་འདུས་མ་བྱས་ལ་འདུས་བྱས་མེད་པའི་དཔེ་སྟེ་དྲུག་པའོ། །འདུས་བྱས་ཀྱི་ཁམས་ལ་འདུས་མ་བྱས་ཀྱི་དབྱིངས་ཀྱི་གནས་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་འཁོར་བ་ལ་མྱ་ངན་ལས་འདས་པའི་གནས་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་བྱང་ཆུབ་ཀྱི་གནས་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་འདུས་བྱས་ལ་འདུས་མ་བྱས་མེད་པའི་དཔེ་སྟེ་བདུན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པ་ལ་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི། ཇི་ལྟར་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། འབྱུང་བ་མེད་པ་དང༌། མི་དམིགས་པ་རྣམས་ལ་གནས་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་ཚིག་གི་དོན་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་སྐྱེ་བ་མེད་པ་ལ་སོགས་པའི་དཔེ་སྟེ་བརྒྱད་པའོ། །གསོལ་པ། བཅོམ་ལྡན་འདས་གང་གི་སྐྱེ་བ་མ་མཆིས་པ་ལ་གནས་མ་མཆིས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་པ་ལ་གནས་མེད་དོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌།


DTG091_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བཅོ་བརྒྱད་དང༌། རེག་པ་དྲུག་དང༌། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང༌། སའི་ཁམས་ལ་སོགས་པ་ཁམས་དྲུག་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྟོང་པ་ཉིད་བཅོ་བརྒྱད་དང༌། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་བཞི་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་སོ་སོར་ཕྱེ་སྟེ་སྨོས་ནས། དེ་རྣམས་རེ་རེ་ལ་ཡང་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། མི་དམིགས་པ་རྣམས་ལ་གནས་མེད་པའི་དཔེས། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་བསྟན་པ་སྟེ། དེ་ནི་ཆོས་རྣམས་སོ་སོར་ཕྱེ་སྟེ་བསྟན་པའི་སྐྱེ་བ་མེད་པ་ལ་སོགས་པ་ལ་གནས་མེད་པའི་དཔེ་སྟེ་དགུ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མ་གཟིགས་པའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པ་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དང༌། རེག་པ་དྲུག་དང༌། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང༌། སའི་ཁམས་ལ་སོགས་པ་


DTG091_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དྲུག་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྟོང་པ་ཉིད་བཅོ་བརྒྱད་དང༌། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་བཞི་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་མིང་གིས་སྨོས་པ་རྣམས་དོན་དམ་པར་དངོས་པོ་མེད་ཅིང་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་པའི་དཔེ་དང༌། ཉི་མ་འཆར་བའི་ཚེ་མུན་པའི་གནས་མེད་པ་དང༌། བསྐལ་པའི་མེ་འབར་བའི་ཚེ་རྩི་ཤིང་ལ་སོགས་པ་སྐྱེ་བའི་གནས་མེད་པ་དང༌། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་རྣམས་ལ་མི་མཐུན་པའི་ཕྱོགས་རྣམས་མེད་པའི་དཔེས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་བསྟན་པ་སྟེ། དེ་ནི་རྣམ་པར་དག་པའི་དཔེ་སྟེ་བཅུ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མ་དང་ཟླ་བའི་འོད་ལ་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི་ཉི་མ་དང༌། ཟླ་བ་དང༌། གཟའ་དང༌། སྐར་མ་དང༌། ནོར་བུ་རིན་པོ་ཆེ་དང༌། གློག་རྣམས་ཀྱི་འོད་ལ་གནས་མེད་པ་དང༌། འདོད་པའི་ཁམས་ཀྱི་ལྷའི་རིས་རྣམས་དང༌། གཟུགས་ཀྱི་ཁམས་ཀྱི་ལྷའི་རིས་རྣམས་ཀྱི་འོད་ལ་


DTG091_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མེད་པའི་དཔེ་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་བཞིན་གཤེགས་པའི་འོད་ལ་གནས་མེད་པའི་དཔེས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་བསྟན་པ་སྟེ། དེ་ནི་འོད་ལ་གནས་པའི་དཔེ་སྟེ་བཅུ་གཅིག་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནས། ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང༌། ཚིག་གི་དོན་ཞེས་བྱ་བའི་ཆོས་དེ་དག་དོན་དམ་པར་རང་བཞིན་གྱིས་སྟོང་པས་ཀུན་ནས་ཉོན་མོངས་པའི་མཚན་ཉིད་མ་ཡིན་པའི་ཕྱིར་ལྡན་པ་ཡང་མ་ཡིན་ནོ། །རྣམ་པར་བྱང་བའི་མཚན་ཉིད་མ་ཡིན་པའི་ཕྱིར་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་མེད་པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པས་གཟུང་བའི་ཡུལ་མ་ཡིན་ནོ་ཞེས་བསྟན་པའོ། །བསྟན་དུ་མེད་པ་ཞེས་བྱ་བ་ནི་ཚིག་གིས་བསྟན་ཅིང་བརྗོད་པའི་ཡུལ་མ་ཡིན་པས་འཛིན་པའི་རང་བཞིན་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་ཡུལ་དང་དབང་པོ་ལྟར་ཐོགས་པ་དང་བཅས་པའི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པའོ། །འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཤ་སྟག་སྟེ་ཞེས་བྱ་བ་ནི་མཚན་ཉིད་ཐམས་ཅད་དང་བྲལ་བའི་རང་བཞིན་སྟོང་པ་ཉིད་དུ་རོ་གཅིག་པའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མེད་པ་ཡང་དག་པ་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟ་བུའི་ཚུལ་གྱིས་དོན་དམ་པར་ཆོས་ཐམས་ཅད་ཡོད་པ་མ་ཡིན་པར་མཉན་པ་དང༌། བསམ་པའི་ཤེས་རབ་ཀྱིས་བསླབ་པར་བྱའོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་


DTG091_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་དོན་དམ་པར་ཡོད་པ་མ་ཡིན་པར་བསྒོམ་པའི་ཤེས་རབ་ཀྱིས་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་མ་མཆིས་པ་ཡང་དག་པ་ཉིད་ལ་ཇི་ལྟར་བསླབ་པར་བགྱི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཆོས་ཐམས་ཅད་ཀྱི་མེད་པ་ཡང་དག་པ་ཉིད་ལ་བསླབ་པར་བྱའོ། །ཆོས་ཐམས་ཅད་རིག་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ། འཁོར་གྱི་ནང་ན་ཁ་ཅིག་ཆོས་ཐམས་ཅད་ཅེས་བྱ་བ་གང་དང་གང་ལ་བྱ་སྙམ་ཐེ་ཚོམ་ཟ་བ་དང༌། ཆོས་དེ་དག་མེད་པར་ཇི་ལྟར་བསླབ་པར་བྱ་སྙམ་ཐེ་ཚོམ་ཟ་བ་དང༌། ཆོས་དེ་དག་ཇི་ལྟར་རིག་པར་བྱ་སྙམ་དུ་ཐེ་ཚོམ་ཟ་བའི་ཐེ་ཚོམ་དེ་བསལ་བའི་ཕྱིར་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཆོས་ཐམས་ཅད་ནི་གང་ལགས། ཆོས་ཐམས་ཅད་མ་མཆིས་པ་ལ་ནི་ཇི་ལྟར་བསླབ་པར་བགྱི། ཆོས་ཐམས་ཅད་ནི་ཇི་ལྟར་རིག་པར་བགྱི་ཞེས་ཞུས་པ་དང༌། །བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ལ་སོགས་པ་སོ་སོར་ཕྱེ་སྟེ་འདི་དག་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་བ་སྟེ་ཞེས་བྱ་བའི་བར་དུ་ནི། ཆོས་ཐམས་ཅད་ཅེས་བྱ་བའི་མིང་མདོར་བསྡུས་ཏེ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་དགེ་བ་ཞེས་བྱ་བ་ནི་ཞེས་བྱ་བ་ནས། དེ་དག་ནི་འཇིག་རྟེན་པའི་ཆོས་དགེ་བའོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་པའི་དགེ་བ་དང༌། འཇིག་རྟེན་ལས་འདས་པའི་དགེ་བ་རྣམ་པ་གཉིས་ཡོད་པ་ལས། འཇིག་རྟེན་པའི་དགེ་བའི་ཆོས་རྣམས་ལོགས་ཤིག་ཏུ་ཕྱེ་སྟེ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་མི་དགེ་བ་གང་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་འཇིག་རྟེན་པའི་ཆོས་མི་དགེ་བའོ་ཞེས་བྱ་བའི་བར་དུ་ནི་མི་དགེ་བའི་ཆོས་རྣམས་ལོགས་ཤིག་ཏུ་ཕྱེ་སྟེ་བསྟན་


DTG091_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གསོལ་པ། བཅོམ་ལྡན་འདས་ལུང་དུ་མ་བསྟན་པའི་ཆོས་གང་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་ལུང་དུ་མ་བསྟན་པའི་ཆོས་སོ་ཞེས་བྱ་བའི་བར་དུ་ནི་ལུང་དུ་མ་བསྟན་པའི་ཆོས་རྣམས་ལོགས་ཤིག་ཏུ་ཕྱེ་སྟེ་བསྟན་པ་སྟེ། དེ་ལ་ལུས་ཀྱི་ལས་ནི་ལུང་དུ་མ་བསྟན་པའོ། །ངག་གི་ལས་ནི་ལུང་དུ་མ་བསྟན་པའོ། །ཡིད་ཀྱི་ལས་ནི་ལུང་དུ་མ་བསྟན་པའོ། །ལུས་དང་ངག་དང་ཡིད་ཀྱི་ལས་ལ་དགེ་བ་དང་མི་དགེ་བ་ཡང་ཡོད་པས་ཐམས་ཅད་ལ་ལུང་དུ་མ་བསྟན་པ་ཞེས་མི་བྱའི། ལུས་དང་ངག་དང་ཡིད་ཀྱིས་བྱས་པའི་ལས་དགེ་བ་ཉིད་དང༌། མི་དགེ་བ་ཉིད་དུ་ལུང་བསྟན་དུ་མི་མངོན་པ་རྣམས་ལ་ལུང་དུ་མ་བསྟན་པ་ཞེས་བྱའོ། །འབྱུང་བ་ཆེན་པོ་བཞི་ལ་སོགས་པ་གཞན་རྣམས་ནི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བྱ་སྟེ། དེ་བས་ན་རྣམ་པར་སྨིན་པ་ཐམས་ཅད་ནི་ལུང་དུ་མ་བསྟན་པའོ་ཞེས་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་གང་ལགས་ཞེས་བྱ་བ་ནས། འཇིག་རྟེན་ལས་འདས་པའི་ཆོས་མ་གཏོགས་པར་དེ་མ་ཡིན་པའི་འཇིག་རྟེན་པའི་ཆོས་གང་ཇི་སྙེད་ཡོད་པ་དེ་དག་ནི་འཇིག་རྟེན་པའི་ཆོས་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་པའི་ཆོས་རྣམས་བསྟན་པ་སྟེ། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་དང༌། འཇིག་རྟེན་ལས་འདས་པ་ཡང་ཡོད་མོད་ཀྱི། སྐབས་འདིར་འཇིག་རྟེན་པའི་གང་ཟག་འཕགས་པ་མ་ཡིན་པ་རྣམས་ཀྱི་རྒྱུད་དུ་གཏོགས་པ་ལ་བྱའོ། །དེ་བས་ན་འཇིག་རྟེན་ལས་འདས་པའི་ཆོས་མ་གཏོགས་པ་ཞེས་བྱ་བ་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། ཆོས་དེ་དག་ནམ་འཕགས་པ་རྣམས་ཀྱིས་བསྒོམ་པའི་ཚེ། འཁོར་བའི་རྒྱུར་མི་འགྱུར་བའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཟག་པ་དང་བཅས་པའི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་ཟག་པ་དང་


DTG091_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་རྣམས་ནམ་འཇིག་རྟེན་པའི་གང་ཟག་རྣམས་བསྒོམ་པའི་ཚེ་འཁོར་བ་མ་སྤངས་པས་སྲིད་པ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་ཟག་པར་འགྱུར་བའི་ཕྱིར་ཟག་པ་དང༌། བཅས་པའི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཟག་པ་མ་མཆིས་པའི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་ཟག་པ་མེད་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཟག་པ་མེད་པའི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་མིང་གིས་སྨོས་པའི་ཆོས་དེ་རྣམས་མོས་པས་སྤྱོད་པའི་ས་ལ་གནས་པས་བསྒོམས་ན་ཡང་འཁོར་བ་སྤོང་ཞིང་མྱ་ངན་ལས་འདའ་བའི་རྒྱུར་འགྱུར་བ་དང༌། འཕགས་པས་བསྒོམས་ན་ཡང་མྱ་ངན་ལས་འདའ་བ་འཐོབ་སྟེ། འཁོར་བར་རྒྱུ་ཞིང་ཟག་པར་མི་འགྱུར་པའི་ཕྱིར་ཟག་པ་མེད་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུས་བྱས་ཀྱི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་འདུས་བྱས་ཀྱི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འཕགས་པའི་ཆོས་མིང་གིས་སྨོས་པ་འདི་རྣམས་ལམ་བསྒོམ་པའི་ཚེ་བསྒོམ་པའི་ཤེས་རབ་ཀྱིས་གོམས་པར་བྱེད་པ་ན་སེམས་དང་སེམས་ལས་བྱུང་བ་རྣམས་འདུས་ཤིང་ཚོགས་པས་མངོན་སུམ་དུ་བྱས་ཤིང་ཐོབ་པར་བྱ་བའི་ཕྱིར་འདུས་བྱས་ཀྱི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུས་མ་བྱས་ཀྱི་ཆོས་གང་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བའི་བར་དུ་ནི་འདུས་མ་བྱས་ཀྱི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། སྐྱེ་བ་མེད་པ་དང༌། འཇིག་པ་མེད་པ་ལ་སོགས་པའི་ཆོས་འདི་རྣམས་ཡེ་ནས་དེ་བཞིན་ཏེ། དེ་ལྟར་སུས་ཀྱང་མ་བྱས་པའི་ཕྱིར་འདུས་མ་བྱས་པ་ཞེས་བྱའོ། །གསོལ་བ། བཅོམ་ལྡན་འདས་ཐུན་མོང་གི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་ཐུན་མོང་གི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཐུན་མོང་གི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། བསམ་གཏན་དང༌། ཚད་


DTG091_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལ་སོགས་པའི་ཆོས་འདི་རྣམས་འཇིག་རྟེན་པ་བྱིས་པ་སོ་སོའི་སྐྱེ་བོས་ཀྱང་བསྒོམ་དུ་རུང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བསྒོམ་པའི་ཕྱིར་ཐུན་མོང་གི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐུན་མོང་མ་ལགས་པའི་ཆོས་གང་ལགས་ཞེས་བྱ་བ་ནས་དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི། ཐུན་མོང་མ་ཡིན་པའི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་མིང་གིས་སྨོས་པའི་ཆོས་འདི་རྣམས་འཇིག་རྟེན་པ་རྣམས་མི་སྒོམ་གྱི་མོས་པས་སྤྱོད་པའི་ས་ལ་གནས་པ་དང༌། འཕགས་པ་རྣམས་བསྒོམ་པའི་ཕྱིར་ཐུན་མོང་མ་ཡིན་པའོ་ཞེས་བསྟན་པ་སྟེ། དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་འདི་རྣམས་ཀྱི་སོ་སོའི་མཚན་ཉིད་ནི་འོག་ནས་ཐེག་པ་ཆེན་པོ་བསྟན་པའི་ལེའུ་ལས་གཞུང་ཉིད་ལས་ཞིབ་ཏུ་འཆད་པས་འདིར་མ་བཤད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་རྟོག་པ་མེད་པས་ཆགས་པར་མི་བྱའོ་ཞེས་བྱ་བ་ནི། དེ་ལྟར་ཆོས་རྣམས་རིས་རིས་སུ་ཕྱེ་སྟེ་བསྟན་པ་དེ་དག་ཐམས་ཅད་ཀྱང་རང་གི་མཚན་ཉིད་ཀྱིས་སྟོང་པས་དངོས་པོ་ཡོད་པར་རྟོག་ཅིང་ཆགས་པར་མི་བྱའོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་གཉིས་སུ་མེད་པའི་ཚུལ་གྱིས་རྟོག་པ་མེད་ཅིང༌། རྣམ་པར་རྟོག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས་སྟོང་པ་ཉིད་དུ་རོ་གཅིག་སྟེ། རྟོག་པ་དང་རྣམ་པར་རྟོག་པའི་ཡུལ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་མེད་པ་མཇུག་བསྡུས་ཏེ་བསྟན་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་བསྟན་ནས། དེ་ནི་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བསྟན་པའི་ཕྱིར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ཞེས་བྱ་བ་ལ་སོགས་པ་


DTG091_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། སེམས་དཔའ་ཆེན་པོའི་ཚིག་གི་དོན་བཤད་པ་འདི་ཡང་རྣམ་པ་བཞི་སྟེ། བཅོམ་ལྡན་འདས་ཀྱིས་བཤད་པ་དང༌། འཕགས་པ་ཤཱ་རིའི་བུས་བཤད་པ་དང༌། རབ་འབྱོར་གྱིས་བཤད་པ་དང༌། གང་བོས་བཤད་པ་དང་བཞི་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས་སེམས་དཔའ་ཆེན་པོའི་ཚིག་གི་དོན་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པར་འགྱུར་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནས། རབ་འབྱོར་ཆོས་དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་སྟེ། དེ་ལ་རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པར་ཕུལ་བྱེད་པར་འགྱུར་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཉན་ཐོས་ཀྱི་རིས་སུ་ངེས་པ་དང༌། རང་སངས་རྒྱས་ཀྱི་རིས་སུ་ངེས་པ་དང༌། བྱང་ཆུབ་སེམས་དཔའི་རིས་སུ་ངེས་པ་མང་པོ་རྣམས་ཀྱི་ཕུལ་བྱེད་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་ནི་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ཕུལ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། སེམས་ཅན་གྱི་ཕུང་པོ་ཆེན་པོ་གང་དང་གང་ཡིན་པ་བསྟན་པ་སྟེ། དེ་ལ་རིགས་ཀྱིས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་ལ་གང་ཟག་དང་ཆོས་ལ་བདག་མེད་པའི་བཟོད་པ་ཐོབ་པས་བྱང་ཆུབ་གསུམ་འཐོབ་པའི་རིགས་དང་ལྡན་པས་ན་རིགས་ཀྱི་ས་ཞེས་བྱའོ། །བརྒྱད་པ་ཞེས་བྱ་བ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་གྲལ་དང་པོ་ནས་ཡས་བགྲངས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་འཇུག་པ་གྲངས་བརྒྱད་པ་འབབ་པས་ན་བརྒྱད་པ་ཞེས་བྱ་སྟེ། དེ་ལྟར་བརྒྱད་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་རྣམས་ནི་ཉན་ཐོས་ཀྱི་རིགས་སུ་ངེས་པའི་སེམས་ཅན་


DTG091_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚོགས་སོ། །རང་སངས་རྒྱས་ཀྱི་ས་དང་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་རིགས་སུ་ངེས་པའི་སེམས་ཅན་གྱི་ཚོགས་སོ། །སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བར་དག་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་སུ་ངེས་པའི་སེམས་ཅན་གྱི་ཚོགས་ཆེན་པོ་ཡིན་ནོ་ཞེས་བསྟན་པའོ། །དེ་བས་ན་རབ་འབྱོར་དེ་ནི་སེམས་ཅན་གྱི་ཕུང་པོ་ངེས་པ་ཞེས་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་རིགས་སོ་སོར་ངེས་པའི་སེམས་ཅན་གྱི་ཚོགས་ཆེན་པོ་རྣམས་ལ་སེམས་ཅན་གྱི་ཕུང་པོ་ངེས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ཕུལ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི། སེམས་ཅན་གྱི་ཚོགས་ཆེན་པོ་གོང་དུ་སྨོས་པ་དེ་ལྟ་བུ་དག་གི་ཕུལ་བྱེད་པར་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ས་དགུ་པ་དང༌། ས་བཅུ་པ་ལ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་མིང་དུ་ཆུད་པར་རིག་པར་བྱའོ། །སེམས་ཅན་གྱི་ཚོགས་ཆེན་པོ་དེ་དག་གི་ཕུལ་དུ་གྱུར་བ་དེ་ཡང་བསམ་པ་རྒྱ་ཆེ་བ་དང༌། སྒྲུབ་པ་རྒྱ་ཆེ་བ་གཉིས་ཀྱིས་འགྱུར་ཏེ། དེ་ལ་བསམ་པ་རྒྱ་ཆེ་བ་ནི། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དེ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱའོ་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང་བདེ་བའི་སེམས་ཏེ། དེ་ལ་གནས་ཤིང་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། བསམ་པ་རྒྱ་ཆེ་བ་དེ་ཡང༌། རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ཡོན་ཏན་ལྔ་དང་ལྡན་པ་སྟེ་ལྔ་གང་ཞེ་ན། ངེས་པར་འཇོམས་པའི་ཡོན་ཏན་དང༌། རིན་ཆེ་བའི་ཡོན་ཏན་དང༌། སྐྱོན་མེད་པའི་ཡོན་ཏན་དང༌། མི་ཕྱེད་པའི་ཡོན་ཏན་དང༌། དོན་སྒྲུབ་ནུས་པའི་ཡོན་ཏན་དང་ལྔའོ། །དེ་ལ་ངེས་པར་འཇོམས་པའི་ཡོན་ཏན་ནི་ཤེས་རབ་ཀྱི་དབང་གིས་ཡོན་ཏན་བརྒྱད་དང་ལྡན་པའི་ཕྱིར་ངེས་པར་འཇོམས་པ་ཞེས་བྱ་སྟེ། དེ་ལ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་


DTG091_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་དེ། འཁོར་བ་དཔག་ཏུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་གོ་ཆ་བགོ་བར་བྱའོ། །བདག་གིས་བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ་ཞེས་བྱ་བ་ནི་སེར་སྣ་ངེས་པར་གཞོམ་པའི་ཕྱིར། འཁོར་བ་མཐའ་ཡས་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་དུ་བརྩོན་འགྲུས་ཀྱི་གོ་ཆ་བགོས་ཏེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་སེར་སྣ་ངེས་པར་འཇོམས་པའི་ཡོན་ཏན་ཏེ་དང་པོའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། ཁྲོ་བ་ངེས་པར་འཇོམས་པའི་ཡོན་ཏན་བསྟན་པ་སྟེ་གཉིས་པའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །དེ་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་བཟླས་པ་མེད་དོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱི་སྒོ་ནས་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་སེམས་ཅན་དུ་འདུ་ཤེས་སྐྱེ་བ་མེད་པས་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་བཟླས་སོ་སྙམ་དུ་མི་སེམས་པའི་ཕྱིར་སེམས་ཅན་དུ་ལྟ་བ་ལ་སོགས་པ་ལྟ་བའི་ཉེས་པ་ཐམས་ཅད་ངེས་པར་འཇོམས་པའི་ཡོན་ཏན་བསྟན་པ་སྟེ། ངེས་པར་འཇོམས་པའི་ཡོན་ཏན་གསུམ་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་བདག་གིས་ཤེས་བར་བྱའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་དངོས་པོར་རྟོག་པ་ངེས་པར་འཇོམས་པའི་ཡོན་ཏན་བསྟན་པ་སྟེ་བཞི་པའོ། །བདག་གིས་མ་འདྲེས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང་མ་འདྲེས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པས་ཐེག་པ་དམན་པའི་སེམས་ངེས་པར་འཇོམས་པའི་ཡོན་ཏན་བསྟན་པ་སྟེ་ལྔ་པའོ། །བདག་གིས་ཆོས་རྟོགས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཕུན་སུམ་ཚོགས་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པ་ནི་སྟོང་པ་ཉིད་ཀྱིས་ཐམས་ཅད་དུ་


DTG091_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཞེས་བྱ་སྟེ། དེ་ལྟ་བུའི་ཆོས་རྟོགས་པ་དང་ལྡན་པ་ངན་འགྲོར་མི་ལྟུང་བས་ངན་འགྲོ་ཐམས་ཅད་ངེས་པར་འཇོམས་པའི་ཡོན་ཏན་བསྟན་པ་སྟེ་དྲུག་པའོ། །བདག་གིས་ཆོས་ཀྱི་ཚུལ་གཅིག་ཏུ་བསྒྲུབ་པ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྟོང་པའི་རང་བཞིན་དུ་རོ་གཅིག་པར་རྟོགས་པ་ལ་ཚུལ་གཅིག་ཏུ་བསྒྲུབ་པ་ཁོང་དུ་ཆུད་པ་ཞེས་བྱ་སྟེ། དེ་ལྟར་རྟོགས་པས་འཁོར་བའི་རྣམ་པར་རྟོག་པ་ཐམས་ཅད་ངེས་པར་འཇོམས་པ་བསྟན་པ་སྟེ་བདུན་པའོ། །བདག་གིས་ཆོས་དཔག་ཏུ་མེད་པ་ཐམས་ཅད་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་དཀར་པོའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གཅིག་པར་བསྒྲུབ་པར་རྟོགས་པ་དང༌། དེ་དག་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་རྟོགས་པས་རྣམ་པར་བྱང་བའི་རྣམ་པར་རྟོག་པ་ཐམས་ཅད་ངེས་པར་འཇོམས་པ་བསྟན་པ་སྟེ། དེ་ནི་ངེས་པར་འཇོམས་པའི་ཡོན་ཏན་བརྒྱད་པའོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་སྟེ་དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ་ཞེས་བྱ་བ་ནི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་སེར་སྣ་ལ་སོགས་པ་ངེས་པར་འཇོམས་པའི་ཡོན་ཏན་བརྒྱད་དང་ལྡན་པ་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟ་བུའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཚོགས་ཆེན་པོའི་ཕུལ་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་སེམས་དཔའ་ཆེན་པོའི་ཚིག་གི་དོན་བསྟན་པའོ། །དེ་ལྟར་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་དེ་ངེས་པར་འཇོམས་པའི་ཡོན་ཏན་བརྒྱད་དང་ལྡན་པ་བསྟན་ནས། དེའི་འོག་ཏུ་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་དེ་སྙིང་རྗེ་དང་ལྡན་པས་རིན་ཆེ་བ་བསྟན་པའི་ཕྱིར། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སེམས་བསྐྱེད་དེ། སེམས་ཅན་དམྱལ་བ་པ་དང༌། བྱོལ་སོང་གི་སྐྱེ་གནས་པ་དང༌། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཇི་སྙེད་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་


DTG091_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དམྱལ་བ་པ་དང༌། བྱོལ་སོང་གི་སྐྱེ་གནས་པ་དང༌། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཇི་སྙེད་ཅིག་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་གྱུར་པའི་སྡུག་བསྔལ་གྱི་ཚོར་བ་དེ་དག་ཐམས་ཅད་སེམས་ཅན་དེ་དག་གི་དོན་དུ་བདག་གིས་ཉམས་སུ་མྱོང་བར་བྱའོ་སྙམ་དུ་སེམས་བསྐྱེད་དོ་ཞེས་བྱ་བ་ནི་སྙིང་རྗེའི་དབང་གིས་ངན་སོང་རྒྱུད་གསུམ་ན་གནས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བདག་གིས་ཉམས་སུ་མྱོང་བར་བྱ་སྟེ། སེམས་ཅན་དེ་དག་ངན་སོང་གི་སྡུག་བསྔལ་དེ་དག་ལས་ཐར་པར་བྱའོ་སྙམ་དུ་སྤྱིར་བསྐྱེད་པ་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོང་དུ་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ནས། དེ་ནས་གཟོད་བདག་གི་དོན་དུ་དགེ་བའི་རྩ་བ་བསྐྱེད་དེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བྱང་ཆུབ་ཀྱི་ཚོགས་མང་པོ་བསགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ་ཞེས་བྱ་བའི་བར་དུ་ནི། དེ་བས་ཀྱང་སྙིང་རྗེ་ཤས་ཆེ་ཞིང་ཐབས་མཁས་པས་ངན་སོང་གི་སེམས་ཅན་རེ་རེའི་དོན་དུ་ཡང་ཡུན་རིང་པོར་སྡུག་བསྔལ་མྱོང་བར་བྱེད་ཅིང༌། སེམས་ཅན་དེ་དག་ཀྱང་སྡུག་བསྔལ་དེ་དག་ལས་ཐར་བར་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མྱ་ངན་ལས་མ་འདས་ཀྱི་བར་དུ་མི་གཏོང་ཞིང་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་གདོད་བདག་གི་དོན་བྱེད་པའི་སྒོ་ནས་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་དེ་སྙིང་རྗེ་དང་ལྡན་པའི་རིན་ཆེ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་རྒྱུན་མི་འཆད་པར་རླབས་པོ་ཆེའི་སེམས་གང་གིས་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་འགྱུར་བ་དེ་ལྟ་བུའི་སེམས་རླབས་པོ་ཆེ་བསྐྱེད་པར་བྱའོ་ཞེས་བྱ་བ་ནས། སེམས་རླབ་པོ་ཆེ་དེས་རློམ་སེམས་སུ་མི་བྱའོ་ཞེས་བྱ་བའི་བར་དུ་ནི། སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་དེ་སྐྱོན་མེད་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་སྟེ་སེམས་དང་པོ་བསྐྱེད་ཕྱིན་ཆད་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། སེམས་ཅན་ལ་འཚེ་བའི་སེམས་མི་སྐྱེད་ཅིང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དམན་པ་མི་སྐྱེད་པར་


DTG091_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་རླབ་པོ་ཆེ་བསྐྱེད་པས་སེམས་ཅན་ཐམས་ཅད་ཀྱི་ཕུལ་བྱེད་ཀྱང་སེམས་རླབས་པོ་ཆེ་དེས་རློམ་སེམས་སུ་མི་འགྱུར་བ་དེ་ནི་སྐྱོན་མེད་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་སྒུལ་བའི་སེམས་དང་ལྡན་པར་བྱ་སྟེ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་སྒུལ་བའོ་ཞེས་བྱ་བའི་བར་དུ་ནི། སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་དེ་ཅིས་ཀྱང་མི་ཕྱེད་པའི་ཡོན་ཏན་བསྟན་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དང་མ་བྲལ་བས་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་ཀྱིས་བར་དུ་མི་ཕྱེད་ཅིང་མི་སྒུལ་བའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་བསྐྱེད་པར་བྱའོ་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང༌། བདེ་བའི་སེམས་ཏེ་དེ་ལ་གནས་ཤིང་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ་ཞེས་བྱ་བའི་བར་དུ་ནི། སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པའི་ཡོན་ཏན་བསྟན་པ་སྟེ། བསམ་པ་རྒྱ་ཆེ་བ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་རྣམ་པ་སྣ་ཚོགས་སྒྲུབ་ཅིང་སེམས་ཅན་ཡོངས་སུ་སྐྱོབ་པས་མི་སྐྱོ་སྟེ། སེམས་ཅན་ཡོངས་སུ་མི་གཏོང་བའི་བསམ་པ་རྒྱ་ཆེ་བས་སེམས་ཅན་གྱི་ཚོགས་ཆེན་པོའི་ཕུལ་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་སེམས་དཔའ་ཆེན་པོའི་ཚིག་གི་དོན་བསྟན་ཏོ། །དེ་ལྟར་བསམ་པ་རྒྱ་ཆེ་བ་བསྟན་ནས། སྒྲུབ་པ་རྒྱ་ཆེ་བ་བསྟན་པའི་ཕྱིར། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་སེམས་དཔའ་ཆེན་པོས་རྟག་ཏུ་རྒྱུན་མི་འཆད་པར་ཆོས་འདོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་རྒྱ་ཆེ་བ་དེ་ཡང་ཆོས་ལ་དགའ་བར་གནས་པ་དང༌། སྟོང་པ་ཉིད་ལ་གནས་པ་དང༌། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དཀར་པོའི་ཆོས་ལ་གནས་པ་དང༌། ཏིང་ངེ་


DTG091_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ་གནས་པ་དང་རྣམ་པ་བཞིས་བསྟན་ཏོ། །དེ་ལ་ཆོས་ལ་དགའ་བར་གནས་པ་ནི་རྟག་ཏུ་རྒྱུན་མི་འཆད་པར་ཆོས་འདོད་པར་བྱའོ་ཞེས་བྱ་བ་ནས། འདི་ནི་ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི། ཆོས་ལ་དགའ་བར་གནས་པའི་སྒྲུབ་པ་བསྟན་པ་སྟེ། དེ་ལ་ཆོས་འདོད་པ་དང༌། ཆོས་ལ་དགའ་བ་ནི་ཉན་པའི་ཚེ་ཆོས་ལ་དགའ་བར་གནས་པའོ། །ཆོས་ལ་མོས་པ་ནི་སེམས་པའི་ཚེ་ཆོས་ལ་དགའ་བར་གནས་པའོ། །ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པ་ནི་བསྒོམ་པའི་ཚེ་ཆོས་ལ་དགའ་བར་གནས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནང་སྟོང་པ་ཉིད་ལ་གནས་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་འགྱུར་བར་བྱའོ་ཞེས་བྱ་བའི་བར་དུ་ནི་སྟོང་པ་ཉིད་ལ་གནས་པའི་སྒྲུབ་པ་བསྟན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ངེས་པའི་ཕུལ་དུ་མི་དམིགས་པའི་ཚུལ་གྱིས་འགྱུར་བར་བྱའོ་ཞེས་བྱ་བའི་བར་དུ་ནི། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དཀར་པོའི་ཆོས་རྣམས་ལ་གནས་པ་བསྟན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་ཞེས་བྱ་བ་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་མི་དམིགས་པའི་ཚུལ་གྱིས་འགྱུར་བར་བྱའོ་ཞེས་བྱ་བའི་བར་དུ་ནི་ཏིང་ངེ་འཛིན་ལ་གནས་པའི་སྒྲུབ་པ་བསྟན་ཏེ། ཏིང་ངེ་འཛིན་འདི་རྣམས་ཀྱི་མཚན་ཉིད་ནི་འོག་ནས་ཏིང་ངེ་འཛིན་གྱི་ཐེག་པ་ཆེན་པོའི་སྐབས་ནས་ཞིབ་ཏུ་འཆད་དོ། །རབ་འབྱོར་ཆོས་དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་


DTG091_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕུལ་བྱད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བཅོམ་ལྡན་འདས་ཀྱིས་བཤད་པར་མཇུག་བསྡུས་ཏེ་བསྟན་པའོ། །དེའི་འོག་ཏུ་འཕགས་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བཤད་པ་བསྟན་པའི་ཕྱིར། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་འདི་ལ་བདག་ཀྱང་སྤོབས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་འཕགས་པ་ཤཱ་རིའི་བུས་བཤད་པའི་དོན་ནི་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པའི་དོ་ན་ཆེན་པོ་རྟོགས་ནས་བདག་ཏུ་ལྟ་བ་ལ་སོགས་པ་སྤང་བ་དང༌། ཕུང་པོ་ལ་སོགས་པ་ཆོས་སུ་ལྟ་བ་སྤང་བའི་ཕྱིར་སེམས་ཅན་མང་པོ་ལ་གང་ཟག་དང༌། ཆོས་ལ་བདག་མེད་པའི་དོན་ཆེན་པོ་སྟོན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བཤད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་གང་ཟག་ལ་བདག་མེད་པར་རྟོགས་ནས་སེམས་ཅན་རྣམས་གང་ཟག་ལ་བདག་ཏུ་ལྟ་བ་སྤང་བའི་ཕྱིར། གང་ཟག་ལ་བདག་མེད་པའི་དོན་ཆེན་པོ་སྟོན་པ་ནི། བཅོམ་ལྡན་འདས་བདག་ཏུ་ལྟ་བ་རབ་ཏུ་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་ཞེས་བྱ་བ་ནས་མེད་པར་ལྟ་བ་རབ་ཏུ་སྤང་བ་དང་ཞེས་བྱ་བའི་བར་གྱིས་བསྟན་ཏེ། མུ་སྟེགས་ཅན་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ་མཐོང་ནས་ལུས་དང་སེམས་ཀྱི་བྱ་བ་བྱེད་པའི་བྱེ་བྲག་ལས། བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ལ་སོགས་པ་བདག་གི་རྣམ་པ་དུ་མར་བརྟགས་པ་རྣམས་ལ་ཕྱིར་གང་ཟག་ལ་བདག་ཏུ་ལྟ་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཟག་ལ་བདག་ཏུ་ལྟ་བ་མེད་པར་རྟོགས་ནས་སེམས་ཅན་རྣམས་ལ་གང་ཟག་བདག་མེད་པའི་ཆོས་དོན་ཆེན་པོ་སྟོན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ་ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ། །ཕུང་པོར་ལྟ་བ་རབ་ཏུ་སྤང་བ་དང༌། ཁམས་སུ་ལྟ་བ་རབ་ཏུ་སྤང་བ་དང་ཞེས་བྱ་བ་


DTG091_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་བ་རབ་ཏུ་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་བགྱིད་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་བགྱིད་དེ། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ་ཞེས་བྱ་བའི་བར་དུ་ནི། ཆོས་ལ་བདག་མེད་པའི་དོན་ཆེན་པོ་སྟོན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་བ་ཡིན་ཞེས་བྱ་བ་ནས། ཡོངས་སུ་མྱ་ངན་ལས་འདས་པར་ལྟ་བར་འགྱུར་བ་ཡིན་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ལ་ལྟ་བ་སྤང་བའི་ཕྱིར་ཆོས་སྟོན་པ་ནི་སེམས་ཅན་ཕལ་ལ་མི་སྟོན་གྱི། རིགས་ཀྱི་ས་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པ་མན་ཆད་ལ་སེམས་ཅན་གྱི་ཚོགས་ཆེན་པོ་ངེས་པ་ཞེས་བྱ་སྟེ། དེ་དག་ལ་ཆོས་སྟོན་ཅིང་དེ་དག་གི་ཕུལ་བྱེད་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་ན། སེམས་ཅན་གྱི་ཚོགས་ཆེན་པོ་དེ་དག་ལས་རིགས་ཀྱི་ས་ལ་གནས་པ་ལ་སོགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཆོས་ལ་བདག་མེད་པ་མ་རྟོགས་པས་ཕུང་པོ་ལ་སོགས་པ་ལ་ཆོས་སུ་ལྟ་བ་འབྱུང་བ་ཡང་སྲིད་ན། ས་དང་པོ་ལ་གནས་པ་ཡན་ཆད་ཀྱིས་ཆོས་ལ་བདག་མེད་པ་རྟོགས་པས་ཕུང་པོ་ལ་སོགས་པ་ཆོས་སུ་ལྟ་བ་ཅིའི་ཕྱིར་འབྱུང་བ་ཞེས་དྲིས་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཐབས་མི་མཁས་པས་གཟུགས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ་ཞེས་བྱ་བ་ནས། ཡོངས་སུ་མྱ་ངན་ལས་འདའ་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ་ཞེས་བྱ་བའི་བར་དུ་ནི། རབ་འབྱོར་གྱིས་དྲིས་པའི་ལན་བཏབ་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཐབས་ལ་མི་མཁས་པས་གཟུགས་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་དངོས་པོར་དམིགས་པས་ལྟ་བ་སྐྱེད་དོ་ཞེས་བསྟན་


DTG091_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཚེ་དང་ལྡན་པ་རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་བ་ཡིན་ཞེས་བྱ་བ་ནས་ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་བར་འགྱུར་བ་ཡིན་ཏེ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཐབས་མི་མཁས་པས་གཟུགས་ལ་སོགས་པ་ལ་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་པར་གྱུར་པ་དེའི་ཕྱིར་གཟུགས་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་དངོས་པོར་ལྟ་བར་འགྱུར་བ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་ལྟ་བའི་རྣམ་པ་དེ་དག་སྤང་བའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཏོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚིག་གི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟག་དང༌། ཆོས་ལ་བདག་མེད་པ་རྟོགས་པ་དག་ནི་གང་ཟག་དང་ཆོས་སུ་དམིགས་པའི་ཚུལ་གྱིས་ལྟ་བ་རྣམས་སྤང་བའི་ཕྱིར་གང་ཟག་དང་ཆོས་ལ་བདག་མེད་པའི་དོན་ཆེན་པོ་སྟོན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་སྤོབས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་ལ་འཕགས་པ་རབ་འབྱོར་གྱིས་བཤད་པ་བསྟན་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས་དེ་ལྟ་བུ་ལ་ཡང་ཆགས་པ་མ་མཆིས་པས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ་ཞེས་བྱ་བ་ནི། བླ་ན་མེད་པའི་བྱང་ཆུབ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པའི་བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་ལ་ཡང་ཆགས་པ་མེད་དེ། དེ་ལྟར་ཆགས་པ་མེད་པའི་སེམས་ཆེ་བའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །མི་མཉམ་པ་དང་མཉམ་པའི་སེམས་ཞེས་བྱ་བ་ལ་མི་


DTG091_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ནི་བླ་ན་མེད་པའི་བྱང་ཆུབ་ལ་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་གང་དང་མི་མཉམ་པ་དང་མཉམ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ལ་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པའི་བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནས། སེམས་དཔའ་ཆེན་པོའི་གྲངས་སུ་མཆིའོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་ཀྱི་སེམས་དེ་ལ་ཆགས་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དེ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཟག་པ་མ་མཆིས་ཤིང་ཁོང་དུ་ཆུད་པ་མ་མཆིས་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་ཟག་པ་མེད་ཅིང་ཁམས་གསུམ་གང་དུ་ཡང་མ་གཏོགས་ཏེ། དེ་ལྟར་དངོས་པོ་མེད་པའི་ཕྱིར་དེ་ལ་མ་ཆགས་སོ་ཞེས་བསྟན་པ་སྟེ། དེ་ལྟར་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པ་དེ་ལྟ་བུ་ལ་ཡང་མ་ཆགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕལ་པ་མ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གྲངས་སུ་ཆུད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པ་དེ་ཉིད་འཁོར་རྣམས་ལ་གསལ་བར་བསྟན་པའི་ཕྱིར་འཕགས་པ་ཤཱ་རིའི་བུས་དྲིས་པ་དང༌། རབ་འབྱོར་གྱིས་ལན་བཏབ་པ་བསྟན་པ་སྟེ། སེམས་དང་པོ་བསྐྱེད་ཕྱིན་ཆད་ཆོས་གང་ཡང་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའི་ས་དང་པོ་ལ་རྣམ་པར་མི་རྟོག་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་ན་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་སྐྱེ་བ་དང༌། འགག་པ་དང༌། འཕེལ་བ་དང༌། འགྲིབ་པ་ལ་སོགས་པ་གང་ཡང་མེད་པར་རྟོགས་པ་དེ་ཉིད་མི་མཉམ་པ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་


DTG091_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་ཐུན་མོང་མ་ཡིན་པའོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མེད་པ་ཁོང་དུ་ཆུད་པ་མེད་པ་དེ་ལྟ་བུའི་སེམས་ལ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེ་བས་ན་གཟུགས་ཀྱང་ཆགས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པ་དེ་ལྟ་བུ་ལ་ཆགས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཟུགས་དང་ཚོར་བ་ལ་སོགས་པ་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་བར་དུ་འཇིག་རྟེན་པའི་ཆོས་རྣམས་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱང་དེ་བཞིན་དུ་ཆགས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ་གཟུགས་ཀྱང་ཆགས་པ་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆགས་པ་མེད་དོ་ཞེས་བྱ་བའི་བར་དུ་ནི། འཕགས་པ་ཤཱ་རིའི་བུས་ཆོས་ཐམས་ཅད་ཆགས་པ་མེད་པར་བཤད་པ་ཉིད་འཕགས་པ་རབ་འབྱོར་གྱིས་བདེན་ནོ་དེ་བཞིན་ནོ་ཞེས་སྨྲས་པ་སྟེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་ཆགས་པ་མེད་པའི་རང་བཞིན་ཏེ། དེ་ལྟར་ཆོས་ཐམས་ཅད་ཆགས་པ་མེད་པའི་རང་བཞིན་དུ་རྟོགས་ཤིང་ཅི་ལ་ཡང་ཆགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་དང་སྦྱར་རོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཀྱིས་འདི་སྐད་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ཡང་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་སྨྲས་པ་འདི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེར་ཡང་མ་ཟད་དེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་འབའ་ཞིག་ཟག་པ་མེད་ཅིང་ཁོང་


DTG091_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆུད་པ་མེད་པར་མ་ཟད་ཀྱི་བྱིས་པ་སོ་སོའི་སྐྱེ་བོའི་སེམས་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱང་དོན་དམ་པར་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བསྟན་པ་སྟེ། ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པའི་དོན་ནི་གོང་དུ་བཤད་ཟིན་ཏོ། །རབ་འབྱོར་གྱིས་སྨྲས་པ། དེ་བཞིན་ཏེ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བའི་བར་དུ་ནི། འཕགས་པ་ཤཱ་རིའི་བུས་ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ་ཞེས་དོན་མཐུན་པར་སྨྲས་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་ཡིན་ན། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བའི་བར་དུ་ནི་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོའི་སེམས་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར། ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བའི་བར་དུ་ནི་ཤཱ་རིའི་བུས་ཇི་སྐད་སྨྲས་པ་དེ་བཞིན་ཏེ་དོན་དམ་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པ་དེ་བཞིན་ནོ་


DTG091_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རབ་འབྱོར་གྱིས་ཤཱ་རིའི་བུ་དང་མཐུན་པར་སྨྲས་པ་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་སེམས་མེད་པའི་ཕྱིར་སེམས་དེ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེར་ཡང་མ་ཟད་དེ་ཞེས་བྱ་བ་ནི་སེམས་མེད་པ་དེ་སེམས་ཀྱི་རང་བཞིན་མེད་པའི་ཕྱིར་ཅི་ལ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ་དེ་འབའ་ཞིག་ཏུ་མ་ཟད་ཀྱི། གཟུགས་མེད་པ་ལ་སོགས་པ་ཡང་གཟུགས་ལ་སོགས་པ་ལ་ཆགས་པ་མེད་དོ་ཞེས་བསྟན་པ་སྟེ། དེ་ལ་སེམས་མེད་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་ཉིད་ཀྱི་སེམས་ལ་ཀུན་བརྟགས་པའི་སེམས་མེད་པའི་ཕྱིར་སེམས་མེད་པ་ཞེས་བྱའོ། །གཟུགས་མེད་པ་ཡང་གཟུགས་ལ་ཆགས་པ་མེད་དོ་ཞེས་བྱ་བ་ལ་གཟུགས་མེད་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་ཉིད་ཀྱི་གཟུགས་ཀུན་བརྟགས་པའི་གཟུགས་ཡོད་པ་མ་ཡིན་པའི་ཕྱིར་གཟུགས་མེད་པ་ཞེས་བྱ་སྟེ། ཡོངས་སུ་གྲུབ་པའི་རང་བཞིན་གཟུགས་མེད་པ་དེ་ཀུན་བརྟགས་པའི་གཟུགས་ལ་ཆགས་པ་མེད་དོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ནས་རྒ་ཤིའི་བར་དུ་འཇིག་རྟེན་པའི་ཆོས་རྣམས་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཡང་སྦྱར་བར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། གཟུགས་མེད་པ་ཡང་གཟུགས་ལ་ཆགས་པ་མེད་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཆགས་པ་མེད་དོ་ཞེས་བྱ་བའི་བར་དུ་ནི། འཕགས་པ་ཤཱ་རིའི་བུས་བཤད་པའི་དོན་ཉིད་རབ་འབྱོར་གྱིས་བཟླས་ཏེ་སྨྲས་ནས་དེ་དེ་བཞིན་ནོ་ཞེས་དོན་མཐུན་པར་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཞེས་བྱ་བ་ནས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཆགས་པ་མེད་པར་གནས་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ།


DTG091_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང༌། མཉམ་པ་ཐུན་མོང་མ་ཡིན་པ་ལ་སོགས་པ་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་སེམས་དཔའ་ཆེན་པོའི་ཚིག་གི་དོན་བསྟན་པའོ། །དེ་ལྟར་འཕགས་པ་རབ་འབྱོར་གྱིས་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བསྟན་ནས། དེའི་འོག་ཏུ་འཕགས་པ་གང་པོས་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བཤད་པ་སྐབས་དབྱེ་བའི་ཕྱིར། དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་སྤོབས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་བཤད་དེ། གོ་ཆ་ཆེན་པོ་བགོས་པ་དང༌། ཐེག་པ་ཆེན་པོ་ལ་ཞུགས་པ་དང༌། ཐེག་པ་ཆེན་པོ་ལ་གནས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་དེ་ནི་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་ལགས་ཏེ་ཞེས་བྱ་བ་ནི་གོ་ཆ་ཆེན་པོ་བགོས་པ་བསྟན་ཏེ། སེམས་ཅན་མང་པོའི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་རྩོམ་པའི་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོ་བའི་ཕྱིར་བསམ་པ་རྒྱ་ཆེ་བ་བསྟན་ཏོ། །བཅོམ་ལྡན་འདས་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་ལགས་ལ་ཞེས་བྱ་བས་ནི་སྒྲུབ་པ་རྒྱ་ཆེ་བ་བསྟན་ཏེ། ཐེག་པ་ཆེན་པོ་ལ་ཞུགས་ནས་བདག་དང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པའི་ཕྱིར་རོ། །དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་སེམས་ཅན་ལགས་པས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བྱ་སྟེ། དེ་ལ་གནས་པ་ནི་འབྲས་བུ་རྒྱ་ཆེ་བ་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་བྱམས་གང་གི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་


DTG091_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོ་ཆ་ཆེན་པོ་བགོས་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་དྲིས་པའོ། །གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཉུང་ཟད་ཉི་ཚེ་ཞིག་གི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་བ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། སྦྱིན་པ་ཡོངས་སུ་གཏོང་ངོ་ཞེས་བྱ་བ་ལ་སོགས་པས་གོ་ཆ་ཆེན་པོ་བགོས་པའི་དོན་འཕགས་པ་གང་པོས་བཤད་པ་སྟེ། གོ་ཆ་ཆེན་པོ་བགོས་པ་ཡང་རྣམ་པ་གཉིས་ཏེ། བསམ་པ་རྒྱ་ཆེ་བ་དང༌། སྒྲུབ་པ་རྒྱ་ཆེ་བའོ། །བསམ་པ་རྒྱ་ཆེ་བ་ཡང་རྣམ་པ་གསུམ་སྟེ། ཡུལ་ཡོངས་སུ་ཆད་པ་མེད་པ་དང༌། སེམས་ཅན་ཡོངས་སུ་ཆད་པ་མེད་པ་དང༌། སྦྱོར་བ་ཡོངས་སུ་ཆད་པ་མེད་དོ། །དེ་ལ་ཡུལ་ཡོངས་སུ་ཆད་པ་མེད་པ་ནི་གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཉུང་ཟད་ཉི་ཚེ་ཞིག་གི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་བ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་ངོ་ཞེས་བྱ་བ་ནས། སེམས་ཅན་ཉུང་ཟད་ཉི་ཚེ་ཞིག་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་སྒོམ་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་སྒོམ་མོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། ས་ཕྱོགས་འདི་ཙམ་ཚུན་ཆད་ཀྱི་སེམས་ཅན་རྣམས་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་མ་ཡིན་གྱི། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་འདི་སྙེད་ཅིག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་ཆེན་པོ་གྱོན་ཏོ་ཞེས་བྱ་བའི་


DTG091_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ནི་སེམས་ཅན་ཡོངས་སུ་ཆད་པ་མེད་པའི་སྒོ་ནས་གོ་ཆ་ཆེན་པོ་བགོས་པ་བསྟན་པ་སྟེ། སེམས་ཅན་གྱི་གྲངས་འདི་སྙེད་ཅིག་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་མི་སེམས་ཀྱིས། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་རྣམས་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་ཏེ། དེ་ལྟར་བསམ་པ་རྒྱ་ཆེ་ཞིང་གོ་ཆ་ཆེན་པོ་བགོས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །དེ་འདི་སྙམ་དུ་སེམས་ཏེ་བདག་གིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱའོ་ཞེས་བྱ་བ་ནས་བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་པར་སྦྱར་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྦྱར་བར་བྱའོ་ཞེས་བྱ་བར་སེམས་བསྐྱེད་དེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་ནི་སྦྱོར་བ་ཡོངས་སུ་ཆད་པ་མེད་པའི་བསམ་པ་བརྒྱ་ཆེ་བ་བསྟན་པ་སྟེ། བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་གནས་ཤིང༌། སེམས་ཅན་ཐམས་ཅད་ཀྱང་ཆོས་དེ་རྣམས་ལ་སྦྱོར་བར་བྱེད་པའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པའི་གོ་ཆ་ཆེན་པོ་བགོས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྦྱིན་པ་གང་ཡོངས་སུ་གཏོང་བ་དེ་དག་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཡོངས་སུ་གཏོང་སྟེ་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་


DTG091_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང༌། མིང་ཡོངས་སུ་སྒྲོག་པར་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ་ཞེས་བྱ་བའི་བར་དུ་ནི་སྒྲུབ་པ་རྒྱ་ཆེ་བ་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་གཅིག་གི་ནང་དུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་འདུས་པ་སྒྲུབ་པའི་ཕྱིར་སྒྲུབ་པ་རྒྱ་ཆེ་བའི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །དེ་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྦྱིན་པ་ཡོངས་སུ་གཏོང་པ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་མཚན་མར་མི་དམིགས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གོ་ཆ་ཆེན་པོ་བགོས་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱེད་པའི་གོ་ཆ་བགོས་པ་བསྟན་པའོ། །དེ་ལ་ཡང་སྦྱིན་པ་ཡང་རྣམ་པ་གསུམ་སྟེ། ཆོས་སྦྱིན་པ་དང༌། མི་འཇིགས་པ་སྦྱིན་པ་དང༌། ཟང་ཟིང་སྦྱིན་པའོ། །དེ་ལ་ཆོས་སྦྱིན་པ་ནི་དམ་པའི་ཆོས་ཀྱི་ཚིག་དང་དོན་རྣམས་སྟོན་པ་དང༌། གླེགས་བམ་དུ་བྲིས་ཏེ་སྦྱིན་པ་ལ་སོགས་པའོ། །མི་འཇིགས་པའི་སྦྱིན་པ་ནི་སྲོག་གི་བར་ཆད་དུ་འགྱུར་བ་ལ་སོགས་པའི་འཇིགས་པ་ལས་སྐྱབས་སུ་བྱེད་པའོ། །ཟང་ཟིང་གི་སྦྱིན་པ་ནི་ནོར་དང་འབྲུ་ལ་སོགས་པ་བདོག་པའི་དངོས་པོ་རྣམས་འཁོར་གསུམ་ཡོངས་སུ་དག་པར་གཏོང་བའོ། །དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་སྦྱིན་པའི་འབྲས་བུ་དེ་ཡང་བདག་འབའ་


DTG091_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་ཕྱིར་ཡོངས་སུ་མི་བསྔོའི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་སྦྱིན་པ་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་ཡོངས་སུ་གཏོང་བ་ན་སྦྱིན་པའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་ཡི་དམ་བཅས་པ་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་དོན་དུ་མི་བསྔོ་ཞིང༌། ཡི་དམ་མ་ཉམས་པ་ཉིད་སྦྱིན་པ་ཡོངས་སུ་གཏོང་པའི་ཚེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་ཡོངས་སུ་གཏོང་པའི་ཚེ་སྦྱིན་པར་བྱེད་པ་དང༌། སྦྱིན་པར་བྱ་བ་དང༌། ལེན་པ་རྣམས་དམིགས་སུ་མེད་པའི་ཆོས་ཟབ་མོས་མི་སྐྲག་པ་ཉིད་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་ཡོངས་སུ་གཏོང་པའི་ཚེ་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་བྱེད་པ་ལ་སྙོམ་ལས་མེད་པ་དང༌། སྦྱིན་པའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཡུན་རིང་དུ་འབད་ཀྱང་མི་སྐྱོ་ཞིང་བརྩོན་འགྲུས་ཉམས་པར་མི་བྱེད་པ་ཉིད་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་སེམས་སྐྱེ་བ་རྣམས་ཀྱིས་སེམས་མ་ཡེངས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་རྩེ་གཅིག་ཏུ་དམིགས་པ་ཉིད་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་ཡོངས་སུ་གཏོང་པའི་ཚེ་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པས་དོན་དམ་པར་སྦྱིན་བར་བྱ་བ་དང༌། གཏོང་པ་དང་ལེན་པ་རྣམས་མི་དམིགས་པ་ཉིད་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཕ་


DTG091_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་དེ་དག་ལ་མཚན་མར་མི་བྱེད་ཅིང་མི་དམིགས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གོ་ཆ་ཆེན་པོ་བགོས་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་འཁོར་གསུམ་ཡོངས་སུ་དག་པས་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་བ་བསྟན་པ་སྟེ། དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཡང་དེ་དག་ལ་མཚན་མར་མི་འཛིན་པ་དང༌། ཀུན་རྫོབ་ཏུ་འཛིན་པའི་འབྲས་བུ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཡང༌། དོན་དམ་པར་དེ་དག་གི་མཚན་མར་མི་དམིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ཞེས་བྱ་སྟེ། དེ་ལྟར་གྲུབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་གྲུབ་པ་རྒྱ་ཆེ་བའི་གོ་ཆ་ཆེན་པོ་བགོས་པར་ཤེས་པར་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཆེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། དེ་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སྦྱིན་པ་གང་ཡོངས་སུ་གཏོང་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་


DTG091_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་སྲོག་མི་གཅོད་པ་དང༌། མ་བྱིན་པར་མི་ལེན་པ་ལ་སོགས་པའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་དམ་པའི་ཆོས་ཉན་པ་དང༌། སེམས་པ་དང་བསྒོམ་པ་ལ་སོགས་པའོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་སྦྱིན་པ་ལ་སོགས་པ་བསྡུ་བ་རྣམ་པ་བཞིས་སེམས་ཅན་གྱི་དོན་བྱེད་པ་སྟེ། ཚུལ་ཁྲིམས་དེ་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྦྱིན་པ་ཡོངས་སུ་གཏོང་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་བ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་ནི་སྔར་བཤད་པ་བཞིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་མོས་པ་མ་སྐྱེས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཡི་དམ་བླངས་པ་མ་ཉམས་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚུལ་ཁྲིམས་སྲུང་བ་དང༌། ཚུལ་ཁྲིམས་དང་བསྲུང་བར་བྱ་བའི་དངོས་པོ་རྣམས་མི་དམིགས་པའི་ཆོས་དེ་དག་ལ་བཟོད་ཅིང་མོས་པ་དང༌། བརྟེན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་བརྩོན་འགྲུས་ཉམས་པར་མི་བྱེད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཀྱི་གོ་མི་འབྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་རྩེ་གཅིག་ཏུ་དམིགས་པ་ལས་གཞན་དུ་མི་གཡེང་བ་དང༌། ཆོས་ཐམས་ཅད་སྒྱུ་མར་བྱས་


DTG091_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདུ་ཤེས་ཉེ་བར་གནས་པ་ལ་སོགས་པ་བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་པར་བཤད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་བཤད་པ་བཞིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཚེ་དང་ལྡན་བ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྒྲུབ་པའི་གོ་ཆ་བགོས་པ་བསྟན་པའོ། །དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པ་གསུམ་སྟེ། སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པ་དང༌། གཞན་གྱིས་གནོད་པར་བྱས་པ་ལ་བཟོད་པ་དང༌། ཆོས་ལ་ངེས་པར་རྟོགས་པའི་བཟོད་པའོ། །དེ་ལ་སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དཀའ་བ་སྤྱོད་པའི་ཚེ། ན་བ་དང༌། ཚ་བ་དང༌། གྲང་བ་དང༌། བཀྲེས་པ་དང༌། སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམས་ལ་ཇི་མི་སྙམ་པའོ། །གཞན་གྱིས་གནོད་པ་བྱས་པ་ལ་བཟོད་པ་ནི་གཞན་གྱིས་སྤྱོས་པ་ལ་སླར་མི་གཤེ་བ་དང༌། གཞན་གྱིས་མཚང་བྲུས་པ་ལ་སླར་མཚང་མི་འབྲུ་བ་དང༌། གཞན་གྱིས་བརྡེགས་པ་ལ་སླར་མི་བརྡེག་པ་ལ་སོགས་པའོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི། དམ་པའི་ཆོས་ཉན་པ་དང༌། སེམས་པ་དང་བསྒོམ་པའི་ཚེ་ཆོས་བདག་མེད་པའི་དོན་ཟབ་མོ་སྐྱེ་བ་དང༌། འགག་པ་མེད་པ་ལ་སོགས་པས་མི་འཇིགས་མི་སྐྲག་པའོ། །དེ་ལ་གཞན་གྱིས་གནོད་པ་བྱས་པ་ལ་བཟོད་ཅིང་སླར་གནོད་པ་མི་བྱེད་པ་ཉིད་སེམས་ཅན་རྣམས་ལ་མི་འཇིགས་པ་སྦྱིན་པ་ཡིན་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་བཟོད་


DTG091_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བར་ནི་མི་སེམས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བར་སེམས་པའི་ཡིད་དམ་མ་ཉམས་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ། བཟོད་པ་བྱེད་པ་དང༌། བཟོད་པའི་དངོས་པོ་དང༌། བཟོད་པར་བྱ་བའི་ཡུལ་རྣམས་དོན་དམ་པར་མི་དམིགས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བའི་དོན་ཟབ་མོས་མི་སྐྲག་པ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་བརྩོན་འགྲུས་ཉམས་པར་མི་བྱེད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པར་མ་ཡེངས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་ལ་སེམས་རྩེ་གཅིག་ཏུ་གྱུར་པ་དང༌། ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཤིང་བཟོད་པ་དེ་ལ་རློམ་སེམས་སུ་མི་བྱེད་པ་རྣམས་ནི་བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཚེ་དང་ལྡན་བ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཕར་བྱེད་པའི་གོ་ཆ་བགོས་པ་བསྟན་པའོ། །དེ་ལ་བརྩོན་འགྲུས་ཀྱང་རྣམ་པ་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང༌། དགེ་བ་ལ་སྦྱོར་བའི་བརྩོན་འགྲུས་དང༌། སེམས་ཅན་གྱི་དོན་སྤྱོད་པའི་བརྩོན་འགྲུས་སོ། །དེ་ལ་གོ་ཆའི་བརྩོན་འགྲུས་ནི་བདག་དང་གཞན་གྱི་དོན་ཕུན་


DTG091_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པར་བྱ་བའི་སེམས་དང་པོ་བསྐྱེད་ཅིང་ཆ་བའོ། །དགེ་བ་ལ་སྦྱོར་བའི་བརྩོན་འགྲུས་ནི་དམ་པའི་ཆོས་ཉན་པ་དང༌། སེམས་པ་དང༌། བསྒོམ་པ་དང༌། མཆོད་རྟེན་གྱི་ལས་བྱེད་པ་ལ་སོགས་པའོ། །སེམས་ཅན་གྱི་དོན་སྤྱོད་པའི་བརྩོན་འགྲུས་ནི་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ལ་ཕན་འདོགས་པ་སྟེ། དེ་ལྟར་བརྩོན་འགྲུས་རྩོམ་པའི་ཚེ་སྦྱིན་པ་ཡོངས་སུ་གཏོང་བས་སེམས་ཅན་གྱི་དོན་བྱེད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལྟར་བརྩོན་འགྲུས་རྩོམ་པའི་ཚེ་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མི་གཏོང་བ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཡིད་དམ་བཅས་པ་ལས་མ་ཉམས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ཏེ་སྔ་མ་བཞིན་ནོ། །དེ་ལྟར་བརྩོན་འགྲུས་རྩོམ་པའི་ཚེ་བརྩོན་འགྲུས་རྩོམ་པ་དང་བརྩོན་འགྲུས་སུ་བྱ་བའི་ཆོས་རྣམས་མི་དམིགས་པ་ལ་བཟོད་པ་དང༌། མོས་པ་དང༌། དེ་ལ་བརྟེན་ཅིང་མི་འཇིགས་མི་སྐྲག་པ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་བརྩོན་འགྲུས་རྩོམ་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་རྩོམ་པ་ཉམས་པར་ཡང་མི་བྱེད། ཧ་ཅང་བརྟུན་ངས་པར་ཡང་མི་བྱེད་པ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་བརྩོན་འགྲུས་རྩོམ་པ་ན་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་སེམས་མ་ཡེངས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་རྩེ་གཅིག་ཏུ་གྱུར་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་བརྩོན་འགྲུས་རྩོམ་པ་ན་ཤེས་རབ་ཀྱིས་ཆོས་ཐམས་ཅད་ལ་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་པ་དང༌། བརྩོན་འགྲུས་དེས་རློམ་སེམས་སུ་མི་བྱེད་པ་དང༌། བརྩོན་འགྲུས་དེ་ཡང་མི་དམིགས་པ་དང༌། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་


DTG091_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གོ་ཆ་བགོས་པ་བསྟན་པའོ། །དེ་ལ་བསམ་གཏན་ཡང་རྣམ་པ་གསུམ་སྟེ། རྣམ་པར་མི་རྟོག་ཅིང་སེམས་ཞི་བ་དང༌། རབ་ཏུ་ཞི་བས་ཉོན་མོངས་པའི་གཉེན་པོ་བསྒོམ་པའི་བསམ་གཏན་དང༌། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་དང༌། སེམས་ཅན་གྱི་དོན་མངོན་པར་སྒྲུབ་པའི་བསམ་གཏན་ནོ། །དེ་ལ་རྣམ་པར་མི་རྟོག་ཅིང་སེམས་ཞི་བ་དང༌། རབ་ཏུ་ཞི་བས་ཉོན་མོངས་པའི་གཉེན་པོ་བསྒོམ་པའི་བསམ་གཏན་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ལ་གཡེང་བའི་སེམས་རྣམས་ཞི་བར་བྱས་ནས་ཉོན་མོངས་པའི་གཉེན་པོ་མི་སྡུག་པ་དང༌། བྱམས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་བསྒོམ་པའོ། །ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ནི་ཏིང་ངེ་འཛིན་རྩེ་གཅིག་ཏུ་བཞག་པའི་བསམ་གཏན་བསྒོམ་པ་ལས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ཐོབ་པར་འགྱུར་བའོ། །སེམས་ཅན་གྱི་དོན་སྒྲུབ་པའི་བསམ་གཏན་ནི་བསྒོམ་པའི་མཐུས་ནམ་མཁའ་ལས་རིན་པོ་ཆེ་ལ་སོགས་པ་ནོར་སྣ་ཚོགས་ཆར་བཞིན་དུ་འབབ་པ་ལ་སོགས་པས་སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་བསྐང་བའོ། །དེ་ལྟར་བསམ་གཏན་བྱེད་


DTG091_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་སེམས་ཅན་གྱི་དོན་མངོན་པར་སྒྲུབ་པའི་བསམ་གཏན་སྦྱིན་པ་བྱས་པས། སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྒྲུབ་པ་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་བསྒོམ་པའི་ཚེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པར་མི་སེམས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཡིད་དམ་བཅས་པ་ལས་མ་ཉམས་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ཏེ་སྔ་མ་བཞིན་ནོ། །དེ་བཞིན་དུ་བསམ་གཏན་བྱེད་པའི་ཚེ་ཆོས་ཟབ་མོས་མི་སྐྲག་པ་དང༌། གཞན་གྱིས་གནོད་པ་བྱས་པ་ལ་ཇི་མི་སྙམ་པ་དང༌། སྡུག་བསྔལ་ཐམས་ཅད་ཉམས་སུ་ལེན་པ་ཉིད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་བཞིན་དུ་བསམ་གཏན་བསྒོམ་པའི་ཚེ། ལེ་ལོའི་དབང་དུ་མ་གྱུར་ཅིང་བརྩོན་འགྲུས་མ་ཉམས་པ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་བཞིན་དུ་བསམ་གཏན་གོང་དུ་སྨོས་པ་རྣམ་པ་གསུམ་ལས་གང་ཡང་རུང་བ་ཅིག་བསྒོམ་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བའི་སེམས་རྩེ་གཅིག་ཏུ་གཞག་པ་ལས་མ་ཉམས་ཤིང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པས་སེམས་གུད་དུ་མ་ཡེངས་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་བཞིན་དུ་བསམ་གཏན་བསྒོམ་པའི་ཚེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འདུ་ཤེས་ཉེ་བར་འཇོག་ཅིང༌། བསམ་གཏན་ཉིད་ཀྱང་མི་དམིགས་ལ། བསམ་གཏན་དེས་རློམ་སེམས་སུ་ཡང་མི་བྱེད་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཚེ་དང་ལྡན་པ་ཤར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤར་དྭ་ཏིའི་བུ་རྣམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་


DTG091_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དག་དང༌། སེམས་ཅན་དང༌། བྱང་ཆུབ་ལ་མཚན་མར་མི་བྱེད། མི་དམིགས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྒྲུབ་པའི་གོ་ཆ་བགོས་པའི་བསྟན་པའོ། །དེ་ལ་ཤེས་རབ་ཀྱང་རྣམ་པ་གསུམ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པ་དང༌། དོན་དམ་པའི་བདེན་པ་ལ་དམིགས་པ་དང༌། སེམས་ཅན་གྱི་དོན་ལ་དམིགས་པའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པ་ནི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་རྟོགས་པའོ། །དོན་དམ་པ་ལ་དམིགས་པའི་ཤེས་རབ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་བོ། །སེམས་ཅན་གྱི་དོན་ལ་དམིགས་པའི་ཤེས་རབ་ནི། སེམས་ཅན་རྣམས་ཐབས་གང་གིས་འདུལ་བའི་དམིགས་ཤེས་རབ་ཀྱིས་བརྟགས་ནས་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་བསྡུས་ཤིང་ཕན་འདོགས་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་ན། སྦྱིན་པས་སེམས་ཅན་ཡོངས་སུ་བསྡུས་ཏེ། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་གཏོང་བ་ཉིད་སེམས་ཅན་གྱི་དོན་ལ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བར་བསམ་པའི་ཡིད་དམ་མ་ཉམས་ཤིང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བར་མི་སེམས་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བའི་ཆོས་ཟབ་མོ་དམིགས་སུ་མེད་པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DTG091_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པ་གསུམ་པོ་སྒྲུབ་པའི་བརྩོན་འགྲུས་མ་ཉམས་པ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ཡིད་ལ་བྱེད་པས་སེམས་གུད་དུ་མ་ཡེངས་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་དང༌། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་སྒྲུབ་པའི་ཚེ་ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་པར་རྟོགས་པས་དེས་རློམ་སེམས་སུ་མི་བྱེད་པ་དང། ཀུན་རྫོབ་ཏུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་བསྒྲུབས་པའི་དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ལ་མཁས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་པར་བཤད་པ་ནི་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་ཤར་དྭ་ཏིའི་བུ་རྣམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་འདི་དག་དང་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་བར་དུ་ནི། ཕ་རོལ་ཏུ་ཕྱིན་པ་གཅིག་གི་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུ་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང་སེམས་ཅན་དང༌། བླ་ན་མེད་པའི་བྱང་ཆུབ་ཀྱང་དོན་དམ་པར་དམིགས་སུ་མེད་པས་དེ་དག་ལ་མཚན་མར་མི་འཛིན་ཅིང་མི་དམིགས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་འཁོར་གསུམ་ཡོངས་སུ་དག་པར་དོན་གཅིག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ་ཞེས་བཤད་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡང་མཉམ་པར་འཇོག་སྟེ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་


DTG091_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་ཤེས་རབ་ཀྱིས་ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་ལ། ཐབས་ཀྱིས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མཉམ་པར་འཇོག་ཀྱང༌། འཇིག་རྟེན་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ལྟར་བསམ་གཏན་ལ་སོགས་པའི་དབང་དུ་མི་འགྱུར་བ་བསྟན་པ་སྟེ། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རོ་ཡང་མྱོང་བར་མི་བྱེད་དོ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་སོགས་པ་བསམ་གཏན་བཞི་དང༌། བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་མཉམ་པར་གཞག་པའི་བདེ་བ་ལ་ཡང་ཆགས་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་ཀྱང་མི་འཕྲོགས་ཞེས་བྱ་བ་ནི་བསམ་གཏན་དང༌། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཏིང་ངེ་འཛིན་གྲུབ་ཀྱང༌། དེས་ཆོག་པར་མི་འཛིན་པར་གོང་ནས་གོང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་རྣམས་ལ་སྤྱོད་ཅིང་སྒྲུབ་པོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་ཀྱང་མི་སྐྱེའོ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་འཇིག་རྟེན་པའི་ལམ་གྱིས་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒྲུབས་ནས། དེ་དག་གྲུབ་པའི་འབྲས་བུ་གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སུ་སྐྱེ་བར་མི་བྱེད་ཀྱི། དེ་བས་ཀྱང་གོང་ནས་གོང་དུ་འཕར་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་


DTG091_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་མཁས་པ་དང་འགྲོགས་པའོ་ཞེས་བྱ་བ་ནི་དེ་ལྟར་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གྲུབ་ལ། ཤེས་རབ་ཀྱིས་དེ་དག་སྒྱུ་མ་ལ་སོགས་པ་བཞིན་དུ་རྟོགས་པས་དེ་དག་གི་དབང་དུ་མ་གྱུར་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་མཁས་པ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་དབེན་པ་མཐོང་བ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་མཐོང་བས་མཉམ་པར་འཇོག་སྟེ་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་རྒྱ་ཆེ་བའི་གོ་ཆ་ཆེན་པོ་བགོས་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མཉམ་པར་འཇོག་ཀྱང་ཤེས་རབ་ཀྱི་དབང་གིས་དེ་དག་སྒྱུ་མ་ལྟ་བུར་རྟོགས་པས་དོན་དམ་པར་དངོས་པོར་མི་འཛིན་པའི་ཕྱིར་དབེན་པ་མཐོང་བ་དང༌། དེ་ལྟར་དབེན་པར་མཐོང་བས་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པའི་ཕྱིར་འཇིག་རྟེན་པ་ལྟར་བསམ་གཏན་ལ་སོགས་པའི་དབང་གིས་ཁམས་གསུམ་དུ་ཡང་མི་སྐྱེ་བ་དང༌། ཉན་ཐོས་དང་རང་སངས་རྒྱས་ལྟར་མྱ་ངན་ལས་འདས་པ་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་པ་དང༌། དེ་ལྟར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པས་སྒྲུབ་པ་རྒྱ་ཆེ་བའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏེ། དེ་བས་ན་སྒྲུབ་པ་རྒྱ་ཆེ་བའི་གོ་ཆ་ཆེན་པོས་བགོས་པ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གོ་ཆ་བགོས་པ་ལ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཆེད་དུ་བརྗོད་ཅིང་མིང་ཡོངས་སུ་སྒྲོག་པ་མཛད་


DTG091_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་མིང་ཡོངས་སུ་སྒྲོག་པ་མཛད་དེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ་བརྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་སྒྲུབ་པ་རྒྱ་ཆེན་པོ་ལ་སྤྱོད་ཅིང༌། གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་བསྔགས་པའི་ཕན་ཡོན་བསྟན་པའོ། །དེ་ལྟར་གོ་ཆ་ཆེན་པོ་བགོས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བཤད་ནས་དེའི་འོག་ཏུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བཤད་པའི་སྐབས་དབྱེ་བའི་ཕྱིར། སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཞེས་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ཡིན་ཞེས་བྱ་བ་ལ་སོགས་པ་བཤད་དོ། །དེ་ལ་ཐེག་པ་ཆེན་པོ་དང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡང་རྣམ་པ་དགུས་བསྟན་ཏེ། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྒྲུབ་པའི་ཞར་ལ་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་


DTG091_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ཐེག་པ་ཆེན་པོའི་ཚུལ་དུ་བསྒོམ་པ་ནི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ལ། དེ་ལྟར་སྤྱོད་པ་ཉིད་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བསྟན་པ་སྟེ་དང་པོའོ། །དེ་ལ་སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ཡིན་ཞེས་བྱ་བ་ནི་གོང་དུ་འཕགས་པ་གང་པོས་བཅོམ་ལྡན་འདས་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་ལགས་ལ་ཞེས་མདོར་སྨྲས་པའི་དོན་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་འཕགས་པ་ཤཱ་རིའི་བུས་དྲིས་པའོ། །གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ་སྤྱོད་པའི་ཞར་ལ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམས་པས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པ་བསྟན་ཏོ། །དེ་ལ་འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པ་དགའ་བ་དང༌། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་རང་བཞིན་དང༌། ཡོན་ཏན་བཤད་པ་སྟེ། དེ་ལ་འདོད་པས་དབེན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང༌། འདོད་པའི་ཁམས་ཀྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང༌། རེག་བྱ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ཆགས་པ་དང་བྲལ་བའི་ཕྱིར་རོ། །སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་


DTG091_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་རྒྱུ་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ། ཆད་པས་གཅོད་པ་དང་མཚོན་གྱིས་འདེབས་པ་དང༌། འཐབ་པ་དང་རྩོད་པ་དང༌། གཡོ་བའི་ཚིག་དང་གནོད་པར་བྱེད་པ་དང༌། བརྫུན་དུ་སྨྲ་བ་ལ་སོགས་པ་ལས་དབེན་པའོ། །རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམས་ལ་སུན་འབྱིན་པའི་རྣམ་པར་རྟོག་པ་སྦོམ་པོ་དང་རྣམ་པར་དཔྱོད་པ་ཕྲ་མོ་གཉིས་མ་སྤངས་པའི་ཕྱིར་རོ། །དབེན་པ་ལས་སྐྱེས་བ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་དང་སྒྲིབ་པ་རྣམས་ལས་དབེན་པ་ལས་སྐྱེས་པའི་ཕྱིར་རོ། །དགའ་བ་དང་བདེ་བ་ཅན་ཞེས་བྱ་བ་ནི་ལུས་དང་སེམས་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་པར་གྱུར་པའི་ཕྱིར་རོ། །བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བསམ་གཏན་དེ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྣམ་པར་རྟོག་པ་མེད་པ་རྣམ་པར་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པ། དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་གཉིས་པའི་རང་བཞིན་དང་ཡོན་ཏན་བསྟན་པ་སྟེ། བསམ་གཏན་དང་པོའི་རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་གཉིས་སྐྱོན་དུ་མཐོང་ནས། རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་གཉིས་སྤང་བའི་ཕྱིར། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་བ་ཞེས་བྱའོ། །ནང་ཡོངས་སུ་དང་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་ཏོག་པ་དང༌། རྣམ་པར་དཔྱོད་པ་སྤངས་ཤིང་སེམས་ཅིལ་ཡང་མི་ཡེངས་པར་ཏིང་ངེ་འཛིན་རྩེ་གཅིག་ཏུ་གྱུར་པས་སེམས་གསལ་བ་ལ་བྱའོ། །རྣམ་པར་རྟོག་པ་དང་དཔྱོད་པ་མེད་པ་ནི་གོང་དུ་བཤད་པ་བཞིན་ནོ། །ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་ནི་དེ་ལྟར་རྟོག་པ་དང་དཔྱོད་པ་མེད་ཅིང་སེམས་རྩེ་གཅིག་ཏུ་གྱུར་པ་ཉིད་ལ་བྱའོ། །དགའ་བ་དང་བདེ་བ་ཅན་ཞེས་བྱ་བ་ནི་


DTG091_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་བཞིན་ནོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་པས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་གསུམ་པའི་རང་བཞིན་དང་ཡོན་ཏན་བསྟན་པ་སྟེ། དེ་དགའ་བ་ལས་འདོད་ཆགས་བྲལ་བས་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་གཉིས་པ་ལ་ལུས་དར་སེམས་རབ་ཏུ་སྦྱངས་ཤིང་ལས་སུ་རུང་བའི་དགའ་བས་སེམས་གཡེང་བ་འབྱུང་གི་བསམ་གཏན་གསུམ་པ་འདི་ལ་དེ་ལྟ་བུའི་དགའ་བ་ལ་ཆགས་པའི་སེམས་གཡེང་བ་ཕྲ་མོ་ཡང་སྤངས་པའི་ཕྱིར་རོ། །དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ་ཞེས་བྱ་བ་ནི་དྲན་པ་དང་ཤེས་བཞིན་གཉིས་ཀྱིས་དགའ་བ་ལ་ཆགས་པའི་སེམས་གཡེང་བ་འབྱུང་བའི་གོ་སྐབས་མེད་པར་བྱས་ནས། དགའ་བའི་གཡེང་བ་འབྱུང་བར་དོགས་པ་མེད་དེ། སེམས་ལྷུན་གྱིས་གྲུབ་པར་གྱུར་པ་ལ་བཏང་སྙོམས་སུ་གནས་པ་ཞེས་བྱའོ། །བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱ་བ་ནི་དེ་ལྟར་ལུས་དང་སེམས་ལས་སུ་རུང་ཞིང་ཤིན་ཏུ་སྦྱངས་པས་ལུས་བག་ཡངས་སུ་འགྱུར་བའི་བདེ་བ་ཉམས་སུ་མྱོང་བ་ལ་བྱའོ། །འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བསམ་གཏན་པ་དེ་ལ་དྲན་པ་དང་ལྡན་ཞིང་བདེ་ལ་སྤྱོད་པ་བཏང་སྙོམས་སུ་གནས་པའོ་ཞེས་ཡོན་ཏན་བསྔགས་ཤིང་བརྗོད་པའི་ཕྱིར་རོ། །དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དགའ་བ་ལ་ཆགས་པ་དང་བྲལ་བའི་མཚན་ཉིད་སྔར་བཤད་པ་དེ་ལྟ་བུ་དང་ལྔན་པའི་བསམ་གཏན་ཡོངས་སུ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང༌། ཡིད་བདེ་


DTG091_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད་སྡུག་བསྔལ་ཡང་མེད་པ་དང་བཏང་སྙོམས་དང་དྲན་པས་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་བཞི་པའི་རང་བཞིན་དང༌། ཡོན་ཏན་བསྟན་པ་སྟེ། དེ་ལ་བདེ་བ་ཡང་སྤངས་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་ལ་བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱ་བ་དེ་ལ་ཆགས་པ་དང་བྲལ་བའི་ཕྱིར་རོ། །སྡུག་བསྔལ་ཡང་སྤངས་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་ནང་ཡོངས་སུ་དང་ཞིང༌། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་ཏེ། སྡུག་བསྔལ་སྤངས་ཟིན་པས་བསམ་གཏན་བཞི་པ་འདི་ལ་མེད་པའི་ཕྱིར་རོ། །ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་ལ་དགའ་བ་ལ་ཆགས་པ་དང་བྲལ་ཞེས་འབྱུང་བས། ཡིད་བདེ་བ་ཞེས་བྱ་བ་ནི་དགའ་བ་ལ་བྱ་སྟེ། ཡིད་བདེ་བ་དེ་བསམ་གཏན་གསུམ་པ་ལ་སྤངས་ཟིན་པས་བསམ་གཏན་བཞི་པ་འདི་ལ་མེད་པ་དང༌། བསམ་གཏན་གཉིས་པ་ལ་ནང་ཡོངས་སུ་དང་ཞིང་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་ཏེ། ཡིད་མི་བདེ་བ་མེད་པར་གྱུར་ཟིན་པས་བསམ་གཏན་བཞི་པ་འདི་ལ་སྤང་མི་དགོས་པའི་ཕྱིར་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་ཞེས་བྱ་བ་བཤད་དོ། །བདེ་བ་ཡང་མེད་སྡུག་བསྔལ་ཡང་མེད་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པས་ཞེས་བྱ་བ་ནི་དེ་ལྟར་སྔ་ནས་བདེ་བ་དང་སྡུག་བསྔལ་སྤངས་ཏེ། བསམ་གཏན་གྱི་སྐྱོན་རྣམས་ཀྱིས་གོས་པར་དོགས་ཤིང་བག་ཚ་བ་མེད་དེ། སེམས་ལྷུན་གྱིས་གྲུབ་པས་བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ་ཞེས་བྱ་བ་ནས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ་མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྒྲུབ་པའི་ཞར་ལ་བྱམས་པ་ལ་སོགས་


DTG091_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚད་མེད་པ་བཞི་ཡོངས་སུ་རྫོགས་པར་བསྒོམ་པའི་ཕྱིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བསྟན་པ་སྟེ། དེ་ལ་ཚད་མེད་པ་ཞེས་བྱ་བ་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པའི་རྒྱུར་གྱུར་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཚད་མེད་པ་རྣམས་འཐོབ་པའི་རྒྱུར་གྱུར་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །དེ་ལ་བྱམས་པ་ལ་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའི་བྱམས་པའོ། །དེ་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་ནི། མོས་པ་ས་སྤྱོད་པའི་ས་ལ་སེམས་ཅན་རྣམས་ལ་དམིགས་ཤིང་བྱམས་པ་བསྒོམ་པའོ། །ཆོས་ལ་དམིགས་པ་བྱམས་པ་ནི་ས་དང་པོ་ནས་ས་བདུན་པའི་བར་དུ་དེ་བཞིན་ཉིད་ལ་དམིགས་ཤིང་འཁོར་གསུམ་ཡོངས་སུ་དག་པར་བྱམས་པ་བསྒོམ་པའོ། །དམིགས་པ་མེད་པའི་བྱམས་པ་ནི་ས་བརྒྱད་ཡན་ཆད་མཚན་མ་མེད་ཅིང་རྩོལ་བ་མེད་དེ། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པས་དེ་བཞིན་ཉིད་ཙམ་ལ་ཡང་མི་དམིགས་པར་འཁོར་གསུམ་ཡོངས་སུ་དག་པར་བྱམས་པ་བསྒོམ་པའོ། །དེ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་བྱམས་པའི་ཡོན་ཏན་བསྟན་པ་སྟེ། དེ་ལ་རྒྱ་ཆེན་པོ་ཞེས་བྱ་བ་ནི་བསམ་གཏན་རྒྱ་ཆེ་བའི་ཕྱིར་རོ། །ཤིན་ཏུ་ཡངས་པ་ཞེས་བྱ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་བྱམས་པ་ཇེ་ཡངས་ཇེ་ཡངས་སུ་སྤེལ་ཞིང་བསྒོམ་པའི་ཕྱིར་རོ། །མི་གཉིས་པ་ཞེས་བྱ་བ་ནི་བྱམས་པའི་རང་བཞིན་རྣམ་པར་མི་རྟོག་པའི་བདག་ཉིད་རོ་གཅིག་པའི་ཕྱིར་རོ། །ཚད་མེད་པ་ཞེས་བྱ་བ་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ། །གཅུགས་མེད་པ་ཞེས་བྱ་བ་ནི་ནང་གི་སེམས་ཀྱི་གནོད་པར་བྱ་བའི་བསམ་པ་མེད་པའི་ཕྱིར་རོ། །ལྟོང་པ་མེད་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ནོར་རྫས་ལ་སོགས་པ་ལ་ཆགས་ཤིང་ལྟོང་པ་ལས་གནོད་པར་


DTG091_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་མེད་པའི་ཕྱིར་རོ། །ཡོངས་སུ་རྫོགས་པ་ཤིན་ཏུ་བསྒོམ་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་སེམས་ཅན་ལ་སོགས་པ་ལ་དམིགས་པ་དང༌། དོན་དམ་པར་འཁོར་གསུམ་ཡོངས་སུ་དག་པར་བསྒོམ་པ་གོམས་པར་བྱས་པའི་ཕྱིར་རོ། །འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ་ཞེས་བྱ་བ་ནི་སེམས་ཅན་ལ་དམིགས་པའི་བྱམས་པ་བསྒོམ་པ་ན། དང་པོ་སེམས་མ་གོམས་པའི་ཚེ་བདག་གང་ལ་བྱམས་པའི་མི་དེ་ལ་སྔོན་པས་ཀྱང་ལྷག་པར་བྱམས་པ་བསྒོམས་ལ། དེའི་འོག་ཏུ་དེ་བས་འབྲིང་དུ་བྱམས་པ་ལ་རབ་ཏུ་བྱམས་པར་བསྒོམ། དེའི་འོག་ཏུ་ཅུང་ཟད་བྱམས་པ་ལ་འབྲིང་དུ་བྱམས་པར་བསྒོམ། དེའི་འོག་ཏུ་ཅུང་ཟད་ཀྱང་མི་བྱམས་པ་ལ་ཅུང་ཟད་བྱམས་པར་བསྒོམ་སྟེ། དེ་བཞིན་དུ་ཁྱིམ་གང་གི་མི་དང༌། གྲོང་ཁྱེར་གཅིག་གི་མི་དང༌། ཡུལ་གཅིག་གི་མི་དང༌། ཁམས་གཅིག་གི་མི་དང༌། རྒྱལ་ཁམས་གཅིག་གི་མི་དང༌། གླིང་གཅིག་གི་མི་དང༌། གླིང་བཞི་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནས་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་རྒྱ་ཇེ་ཆེ་ཇེ་ཆེར་སྤེལ་ཞིང་བསྒོམ་མོ་ཞེས་བསྟན་པའོ། །དེ་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ་ཞེས་བྱ་བ་ལ་སོགས་པ་ནི་སྙིང་རྗེ་ཚད་མེད་པ་བསྒོམ་པ་བསྟན་པའོ། །སྙིང་རྗེ་ལ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པ་དང་གསུམ་སྟེ། སའི་རིམ་པས་རྣམ་པ་གསུམ་དུ་དབྱེ་བ་དང༌། རྒྱ་ཆེན་པོ་དང༌། ཤིན་ཏུ་ཡངས་པ་ལ་སོགས་པའི་ཡོན་ཏན་དང༌། སེམས་ཅན་ལ་དམིགས་པ་གོམས་པའི་རྒྱ་ཇེ་ཆེ་ཇེ་ཆེར་སྤེལ་བ་ནི་གོང་མ་བཞིན་ནོ། །དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་དགའ་བ་ཚད་མེད་པ་བསྒོམ་པ་བསྟན་པའོ། །དགའ་བ་ལ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་བདེ་ཞིང་འབྱོར་


DTG091_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་དམིགས་ནས་དགའ་བ་དང༌། བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་དགའ་བ་དང༌། དམ་པའི་ཆོས་རྟོགས་ཤིང་ཉམས་འོག་ཏུ་ཆུད་པའི་དགའ་བའོ། །དེ་མི་དམིགས་པའི་ཚུལ་གྱིས་བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་བཏང་སྙོམས་ཚད་མེད་པ་བསྒོམ་པ་བསྟན་པའོ། །བཏང་སྙོམས་ལ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་གྱི་དོན་བྱེད་པ་ན། སྐལ་བ་དང་མི་ལྡན་པའི་སེམས་ཅན་རྣམས་ལ་རེ་ཞིག་བཏང་སྙོམས་སུ་འཇོག་པ་དང༌། རྙེད་པ་དང་མ་རྙེད་པ་དང༌། བསྟོད་པ་དང་སྨད་པ་དང༌། གྲགས་པ་དང་མ་གྲགས་པ་དང༌། བདེ་བ་དང་སྡུག་བསྔལ་ཏེ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པའི་བཏང་སྙོམས་དང༌། རྣམ་པར་མི་རྟོག་པའི་བཏང་སྙོམས་ཏེ། རྒྱ་ཆེན་པོ་ལ་སོགས་པའི་ཡོན་ཏན་རྣམས་དང༌། ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར་བསྒོམ་པ་ནི་དགའ་བ་དང་བཏང་སྙོམས་གཉི་ག་ཡང་གོང་དུ་བཤད་པ་བཞིན་ནོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཞར་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམ་པ་བསྟན་པ་སྟེ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་གཟུགས་ཀྱི་རང་བཞིན་ལ་དམིགས་པའི་འདུ་ཤེས་ཀྱིས་སྐྱོ་ཞིང་མ་ཆགས་པས་ནམ་མཁའ་ལྟ་བུར་མོས་པ་བསྐྱེད་དེ་གཟུགས་ཀྱི་འདུ་ཤེས་དང་བྲལ་བ་ལ་བྱའོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི་དེ་ལྟར་གཟུགས་ཀྱི་འདུ་ཤེས་དང་བྲལ་ཅིང་ནམ་མཁའ་ལྟ་བུའི་བསྒོམ་པ་གོམས་པས། རི་དང་རྩིག་པ་ལ་སོགས་པ་ཐོགས་པ་དང་སྒྲིབ་པ་རྣམས་མེད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ཞེས་བྱ་བ་ནི་དེ་ལྟར་གཟུགས་ཀྱི་འདུ་ཤེས་དང་བྲལ་


DTG091_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཟའ་བ་དང་བཏུང་བ་དང༌། གཞོན་པ་དང་གོས་དང་རྒྱན་ལ་སོགས་པ་དངོས་པོ་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་བྱེད་པ་མི་འབྱུང་བའི་ཕྱིར་རོ། །ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་ལྟར་གཟུགས་ཀྱི་འདུ་ཤེས་ཐམས་ཅད་དང་བྲལ་བས་ནམ་མཁའ་ལྟ་བུར་མོས་པ་གོམས་པར་བྱ་སྟེ། ནམ་མཁའ་དེ་ཡང་མཐའ་ཡས་སོ་སྙམ་པའི་འདུ་ཤེས་བསྒོམ་པ་ལ་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་པར་བསྒོམ་པའི་འདུ་ཤེས་དེ་ཡང་དངོས་པོ་རགས་པ་ལ་དམིགས་པ་ཡིན་པར་སུན་ཕྱུང་ནས། འདི་དག་ཐམས་ཅད་རྣམ་པར་ཤེས་པ་ཙམ་དུ་ཟད་དེ། རྣམ་པར་ཤེས་པ་དེ་ཡང་མཐའ་ཡས་སོ་སྙམ་པའི་འདུ་ཤེས་ལ་གནས་ཤིང་བསྒོམ་མོ་ཞེས་བསྟན་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་པར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་ལྟར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་གོམས་པར་བྱས་པས་རྣམ་པར་ཤེས་པ་མ་གཏོགས་པའི་དངོས་པོ་གཞན་གཟུགས་ཅན་ནམ་གཟུགས་མེད་པ་གང་ཡང་མེད་པར་རྟོགས་ནས། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་པའི་འདུ་ཤེས་དེ་ཡང་སྤངས་ཏེ། ཅུང་ཟད་ཀྱང་མེད་དོ་སྙམ་པའི་འདུ་ཤེས་ཙམ་ལ་གནས་ཤིང་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་མི་དམིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་ཅུང་ཟད་མེད་དོ་སྙམ་དུ་སེམས་པའི་འདུ་ཤེས་དེ་ཡང་འདུ་ཤེས་རགས་པ་ཡིན་པར་སུན་ཕྱུང་


DTG091_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་ལྟ་བུའི་འདུ་ཤེས་རགས་པ་ལ་མི་དམིགས་པའི་ཕྱིར་འདུ་ཤེས་མེད་ཅེས་བྱའོ། །འགོག་པའི་སྙོམ་པར་འཇུག་པ་ལྟར་འདུ་ཤེས་རྣམ་པ་ཐམས་ཅད་དུ་བཀག་པ་ནི་མ་ཡིན་གྱི། མཚན་མ་མེད་པའི་འདུ་ཤེས་ཕྲ་མོ་འབྱུང་བའི་ཕྱིར་འདུ་ཤེས་མེད་མིན་ཞེས་བྱ་སྟེ། དེ་ལྟ་བུའི་སྙོམས་པར་འཇུག་པ་ལ་བསྒོམ་ཞིང་གནས་སོ་ཞེས་བྱ་བའི་དོན་ཏོ། །མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་དེ་ལྟ་བུའི་སྙོམས་པར་འཇུག་པ་ཡང་ཀུན་རྫོབ་ཏུ་སེམས་སྦྱང་བའི་ཕྱིར་སྒོམ་པ་ཙམ་དུ་ཟད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ལྟར་སྙོམས་པར་འཇུག་པ་དེ་དག་ལ་དངོས་པོར་དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བའི་ཚིག་འདི་སྙོམས་པར་འཇུག་པ་གོང་མ་དག་ལ་མ་སྨོས་ཀྱང་ཀུན་གྱི་མཇུག་ཏུ་སྨོས་པས་ཐམས་ཅད་ལ་སྦྱར་བར་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཟླ་ལ། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་མི་དམིགས་པའི་ཚུལ་གྱིས་བསྒོམ་པར་མཇུག་བསྡུས་ནས་བསྟན་པ་སྟེ། ནམ་མཁའི་རྣམ་པ་དང༌། ཚུལ་དང་མཚན་མས་མཉམ་པར་འཇོག་ཅིང་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་ཁ་དོག་དང་དབྱིབས་ལ་སོགས་པའི་རྣམ་པ་དང༌། ཚུལ་དང་མཚན་མ་མེད་པ་དེ་བཞིན་དུ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་ལ་ཡང་དོན་དམ་པར་རྣམ་པ་དང་ཚུལ་དང༌། མཚན་མར་མི་འཛིན་པ་མཉམ་པར་འཇོག་གོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ལྡང་བའི་ཚེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་ལངས་པའི་ཚེ་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ཏེ། བསམ་གཏན་དང༌། ཚད་མེད་པ་དང༌། སྙོམས་པར་འཇུག་པ་བསྒོམ་པའི་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེ་ཉིད་ཐབས་


DTG091_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་ཟུང་དུ་འབྲེལ་ཅིང༌། འཁོར་གསུམ་ཡོངས་སུ་དག་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བསྒྲུབ་པའི་ཞར་ལ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པ་བསྟན་པ་སྟེ། དེ་དག་གི་དོན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་བཤད་པ་བཞིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི། ཚད་མེད་པ་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམ་པའི་ཞར་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བསྒོམ་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པར་བསྟན་པ་སྟེ་གཉིས་པའོ། །དེ་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་


DTG091_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་བསྒོམ་ཞིང༌། དེ་དག་གི་རང་བཞིན་དང་ཡོན་ཏན་ལ་སོགས་པ་གཞན་ལ་ཡང་སྟོན་པ་ནི། ཆོས་ཀྱི་སྦྱིན་པ་ཡིན་པས་བསམ་གཏན་དང༌། ཏིང་ངེ་འཛིན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པའི་ཞར་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཏེ་ཞེས་བྱ་བ་ནི་དེ་ལྟར་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་པའི་ཚུལ་གྱིས་བསྒོམ་པ་དེ་ཉིད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་ཉོན་མོངས་པ་རབ་ཏུ་སྤོང་བའི་ཕྱིར་ཞེས་བྱ་བ་ནི་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གཞན་ལ་སྟོན་པའི་རྒྱུ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པའི་སེམས་དང་ལྡན་ཞིང་སྙིང་རྗེ་ཆེན་པོའི་དབང་དུ་གྱུར་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བའི་ཕྱིར། བསམ་གཏན་དང༌། ཏིང་ངེ་འཛིན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གཞན་ལ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་དག་གཞན་ལ་བརྗོད་ཅིང་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པ་དེ་དག་གི་མིང་ཙམ་ཞིག་གཞན་ལ་བརྗོད་པའོ། །འཆད་པ་དང་ཞེས་བྱ་བ་ནི་ངེས་པའི་ཚིག་རྣམས་འཆད་པའོ། །སྟོན་ཅིང་ཞེས་བྱ་བ་ནི་དོན་དང་ཚིག་གཉི་ག་སྟོན་པའོ། །འགྲེལ་པ་ལ་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པའི་ཚིག་དང་དོན་མདོར་བསྡུས་པ་རྣམས་ཞིབ་ཏུ་འགྲེལ་པའོ། །རྣམ་པར་འབྱེད་ཅིང་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པའི་ཡན་ལག་རྣམས་སོ་སོར་ཕྱེ་སྟེ་སྟོན་པའོ། །གསལ་བར་བྱེད་དེ་ཞེས་བྱ་བ་ནི་སློན་དཔོན་


DTG091_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འཆབ་པ་མེད་པའི་ཚུལ་གྱིས་བརྡ་ཕྲད་པར་བྱེད་པའོ། །དེ་དག་གི་རོ་དང་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པའི་རོ་ལ་ཆགས་པ་སྤང་བའི་ཕྱིར་ཐབས་སྟོན་པའོ། །དེ་དག་གི་སྐྱོན་དང་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པའི་རོ་ལ་ཆགས་ན་དེ་དག་གི་དབང་གིས་གཟུགས་དང༌། གཟུགས་མེད་པའི་ཁམས་སུ་སྐྱེ་བའི་ཉེས་པའི་དམིགས་སྟོན་པའོ། །འབྱུང་བ་ཡང་ཚུལ་བཞིན་དུ་སྟོན་པ་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པ་འདི་དག་དོན་དམ་པར་མི་དམིགས་པར་སྟོན་པ་ཉིད་དེ་དག་གི་རོ་ལ་ཆགས་པ་ལ་སོགས་པ་མཚན་མར་འཛིན་པ་ལས་ཐར་བར་འགྱུར་བའི་ཕྱིར་འབྱུང་བ་ཚུལ་བཞིན་དུ་སྟོན་པ་ཞེས་བྱའོ། །བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལས་སྐབས་འདིར་གོ་རིམས་བསྣོར་ཏེ། ཚད་མེད་པ་བཞི་དང་པོར་བཤད་པ་ནི་བྱམས་པ་དང་སྙིང་རྗེའི་དབང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇོག་པའི་ཕྱིར་རོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དེ་དག་གིས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་མཉམ་པར་གཞོག་ཅིང་རྣམ་པར་ལྡང་ཡང་འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཡང་རུང་སྟེ། སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཉམས་པའོ་ཞེས་བྱ་བ་ནི་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པའི་ཞར་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། བསམ་གཏན་ལ་སོགས་པ་བསྒོམ་པའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཡིད་དམ་བཅས་པ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པར་བྱེད་པའི་སེམས་མི་སྒྱེད་པ་ཉིད་བྱང་ཆུབ་སེམས་དཔའ་ཡིད་དམ་མ་ཉམས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །


DTG091_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པའི་ཞར་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། ཡིད་ལ་བྱ་བ་དེ་དག་ལ་བཟོད་པ་དང་མོས་པ་དང༌། རྟོགས་པ་དང་སེམས་ཤིང་ཁོང་དུ་ཆུད་པར་བྱེད་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཡིད་ལ་བྱ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ་སྙམ་དུ་སེམས་ཤིང་ཡིད་ལ་བྱེད་པ་དེ་དག་བཟོད་ཅིང་དང་དུ་ལེན་པའི་རྣམ་གྲངས་སོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་རྣམ་པར་སྤྱོད་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་བརྩོན་འགྲུས་ཉམས་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་རྣམས་བསྒོམ་པའི་ཞར་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམས་ལ་མཉམ་པར་གཞོག་ཅིང་རྣམ་པར་ལྡང་ཡང་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་མི་ལྟུང་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་


DTG091_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པ་རྣམས་བསྒོམ་པའི་ཞར་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྒྲུབ་པ་བསྟན་པ་སྟེ། དེ་ལྟར་བསམ་གཏན་ལ་སོགས་པ་བསྒོམ་པའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བས་སེམས་གཞན་དུ་མ་ཡེངས་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་བསྟན་པའོ། །འདིར་ཡང་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། ཆོས་གཉིས་པོ་འདི་རྣམས་བསྒོམ་པའི་ཞར་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྒྲུབ་པའི་སྐབས་ཡིན་པས་རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ཅེས་འབྱུང་བ་རྣམ་པར་ཐར་པར་བྱ་བའི་ཕྱིར་ཚད་མེད་པ་བཞིའི་ཏིང་ངེ་འཛིན་བསྒོམ་པ་ལ་བྱ་བ་ལས་ཚད་མེད་པ་བཞི་བསྒོམ་པ་ཡིན་པར་རིག་པར་བྱའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང་པོའི་ཡན་ལག་དང་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་བསམ་གཏན་ལ་སོགས་པ་ཆོས་བཅུ་གཉིས་པོ་དེ་དག་བསྒོམ་པའི་ཞར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། བསམ་གཏན་བཞི་ལ་སོགས་པ་ཆོས་བཅུ་གཉིས་པོ་དེ་དག་ལ་ཤེས་རབ་ཀྱི་ཀུན་རྫོབ་ཏུ་མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་པའི་རྣམ་པར་རྟོག་ཅིང་དོན་དམ་པར་དེ་དག་མི་དམིགས་པ་དང༌། དེ་དག་གིས་རློམ་སེམས་སུ་མི་འགྱུར་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་བསམ་གཏན་དང་པོའི་ཡན་ལག་ནི་རྟོག་པ་དང་བཅས་པ་དང༌། དཔྱོད་པ་དང་བཅས་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་དང་ལྔའོ། །བསམ་གཏན་གཉིས་པའི་


DTG091_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ནི་ནང་ཡོངས་སུ་དང་བ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་དང་བཞིའོ། །བསམ་གཏན་གསུམ་པའི་ཡན་ལག་ནི་བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་དང་ལྔའོ། །བསམ་གཏན་བཞི་པའི་ཡན་ལག་ནི་སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པ་དང༌། བཏང་སྙོམས་དང༌། དྲན་པ་དང༌། སེམས་རྩེ་གཅིག་པ་དང་བཞིའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་དྲན་པ་ཉེ་བར་གཞག་པ་བཞི་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་བྱང་བའི་ཆོས་མིང་གིས་སྨོས་པ་རྣམས་རྣམ་པ་ཐམས་ཅད་དུ་བསྒོམ་པ་ཐེག་པ་ཆེན་པོ་ཡིན་པ་དང༌། ཐེག་པ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པ་སྟེ་གསུམ་པའོ། །རྣམ་པ་ཐམས་ཅད་དུ་བསྒོམ་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་དོན་དམ་པར་དེ་དག་ལ་དངོས་པོར་མི་དམིགས་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱའོ་ཞེས་དེ་ལ་གཞོལ་བར་བྱེད་དོ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་ཚད་མེད་པ་བཞི་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྒྲུབ་པ་ཐེག་པ་


DTG091_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཡིན་པ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པར་བསྟན་པ་སྟེ་བཞི་པའོ། །དེ་ལ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི། ཚད་མེད་པ་རྣམས་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱའོ་ཞེས་དེ་ལ་གཞོལ་བར་བྱེད་དོ་ཞེས་བྱ་བ་ནི་བྱམས་པའི་དབང་གིས་དགྲ་ལ་སོགས་པའི་འཇིགས་པ་ལས་སྐྱོབ་ཅིང་མི་འཇིགས་པ་སྦྱིན་པའོ། །སེམས་ཅན་རྣམས་ལ་སྙིང་རྗེ་བ་དང༌། སྙིང་བརྩེ་བའི་ཉམས་སུ་བྱེད་དོ་ཞེས་བྱ་བ་ནི་སྙིང་རྗེའི་དབང་གིས་ན་བ་དང༌། ཚེ་འཕོ་བ་ལས་སྐྱོབ་ཅིང་མི་འཇིགས་པ་སྦྱིན་པའོ། །བདག་ཉིད་ཀྱིས་དགྲོལ་བར་བྱའོ་ཞེས་སེམས་ཅན་རྣམས་ལ་སེམས་སོ་ཞེས་བྱ་བ་ནི་དགའ་བའི་དབང་གིས་མུ་གེ་དང༌། འཚོ་བའི་ཡོ་བྱད་ལ་སོགས་པས་ཕོངས་པ་ལས་ཐར་བར་བྱེད་ཅིང་མི་འཇིགས་པ་སྦྱིན་པའོ། །སེམས་ཅན་རྣམས་ཀྱི་ཟག་པ་བཟོད་པ་བྱ་བ་ལ་རབ་ཏུ་གཞོལ་པར་བྱེད་དེ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཞེ་སྡང་ལ་སོགས་པའི་ཉོན་མོངས་པས་བདག་ལ་གནོད་པ་བྱེད་ཀྱང་བཏང་སྙོམས་ཀྱི་དབང་གིས་དང་དུ་བླངས་ནས། བཟོད་ཅིང་སླར་གནོད་པ་མི་བྱེད་པས་མི་འཇིགས་པ་སྦྱིན་པ་སྟེ། སྐབས་འདིར་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་སྤྱིར་སྨོས་སུ་ཟིན་ཀྱང་མི་འཇིགས་པ་སྦྱིན་པ་ལ་བྱའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌། ཚད་མེད་པ་རྣམས་ཀྱིས་རྣམ་པ་དང་ཞེས་བྱ་བ་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཉམས་པའོ་ཞེས་བྱ་བའི་བར་དུ་ནི་ཚད་མེད་པ་རྣམས་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཡིད་དམ་བཅས་པ་ལས་མ་ཉམས་ཤིང༌། ཉན་ཐོས་


DTG091_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་སངས་རྒྱས་ཀྱི་ས་ཐོབ་པར་མི་བྱེད་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཉམས་པ་ཡིན་ནོ། །ཚད་མེད་པ་བཞིའི་རྣམ་པ་དང༌། ཚུལ་དང་མཚན་མ་ནི་རྒྱ་ཆེ་བ་དང༌། ཤིན་ཏུ་ཡངས་པ་ལ་སོགས་པ་སྔར་བཤད་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་མ་འདྲེས་པར་རྣམ་པར་སྤྱོད་ཅིང་ས་གཉིས་པོ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་འདོད་པ་མི་སྐྱེད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མོས་ཤིང་དགའ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཚད་མེད་པ་བཞི་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། སྐྱེ་བ་མེད་པའི་ཆོས་ཟབ་མོས་མི་སྐྲག་ཅིང་མ་སྐྱེས་པའི་ཆོས་ལ་བཟོད་པ་ཐོབ་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་འདོད་པ་མི་སྐྱེ་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མོས་ཤིང་དགའ་བ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། མི་དགེ་བའི་ཆོས་རྣམས་རབ་ཏུ་སྤོང་བ་དང༌། དགེ་བའི་ཆོས་ཕུན་སུམ་ཚོགས་པར་བྱ་བའི་དོན་དུ་བརྩོན་འགྲུས་མི་གཏོང་བས་རྣམ་པར་སྤྱོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཚད་མེད་པ་བཞི་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ལས་བར་མ་དོར་སེམས་ཞུམ་པར་མི་བྱེད་པ་དང༌། མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་སྤང་བ་དང༌། གཉེན་པོའི་ཆོས་རྣམས་གོམས་པར་བྱ་བའི་བརྩོན་འགྲུས་མི་གཏོང་བ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང༌།


DTG091_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་ལ་ཡང་མཉམ་པར་གཞོག་ལ་ཞེས་བྱ་བ་ནས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཚད་མེད་པ་བཞི་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དབང་གིས་སྐྱེ་བར་མི་འགྱུར་བ་དང༌། བསམ་གཏན་ལ་སོགས་པའི་བདེ་བའི་རོ་ལ་མྱོང་ཞིང་ཆགས་པར་མི་བྱེད་པ་དང༌། བསམ་གཏན་ལ་སོགས་པའི་དབང་དུ་གྱུར་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་ལས་སེམས་གཞན་དུ་ཡེངས་པར་མ་གྱུར་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་ཚད་མེད་པ་བཞི་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། ཤེས་རབ་ཀྱི་དབང་གིས་བསམ་གཏན་ལ་སོགས་པ་དེ་དག་ཉན་ཐོས་ཀྱི་ཐེག་པའི་ཚུལ་དུ་མི་རྟག་པ་དང་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་རྣམ་པར་ཡང་རྟོག་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པར་ཡང་མི་བྱེད་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་ནང་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་


DTG091_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་སྟོང་པ་ཉིད་བཅོ་བརྒྱད་ཀུན་རྫོབ་ཏུ་ཤེས་པར་བྱས་ནས། དོན་དམ་པར་མི་དམིགས་པ་ཐེག་པ་ཆེན་པོ་ཡིན་པ་དང༌། དེ་ལྟར་སྤྱོད་པ་ཉིད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པར་བསྟན་པ་སྟེ་ལྔ་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་ཆོས་ཐམས་ཅད་ལ་སེམས་རྣམ་པར་མི་འཁྲུག་ཅིང་མཉམ་པར་གཞག་པར་ཤེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མཚན་མར་མི་འཛིན་པས་སེམས་མ་ཡེངས་ཤིང་མཉམ་པར་གཞག་པ་ཉིད་ཐེག་པ་ཆེན་པོ་ཡིན་ལ། དེ་ལྟར་སྤྱོད་པ་ཉིད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པ་ནི་དྲུག་པ་སྟེ། འདིར་ཆོས་ཐམས་ཅད་ཅེས་བྱ་བ་ནི་རྣམ་པར་བྱང་བའི་ཆོས་རྣམས་ལ་བྱ་སྟེ། སེམས་རྣམ་པར་མི་འཁྲུག་ཅིང་ཞེས་བྱ་བ་ནི་རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་མཚན་མར་མེ་འཛིན་ཅིང་སེམས་མི་གཡེང་བ་ལ་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་རྟག་ཅེས་བྱ་བར་ཤེས་པར་མི་འཇུག་ཅེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་མི་དམིགས་པའི་ཚུལ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི། རྟག་པ་དང་མི་རྟག་པ་ལ་སོགས་པའི་མཐའ་གཉིས་སུ་མི་འཛིན་པ་ཐེག་པ་ཆེན་པོ་ཡིན་པ་དང༌། དེ་ལྟར་སྤྱོད་པ་ཉིད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པར་བསྟན་པ་སྟེ་བདུན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདོད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད། གཟུགས་དང་གཟུགས་མེད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད་ལ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་མི་ཤེས་


DTG091_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་མེད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་དོན་དམ་པར་ཁམས་གསུམ་མཉམ་པ་ཉིད་དུ་རྟོགས་པ་དང༌། ཀུན་རྫོབ་ཏུ་ཁམས་གསུམ་གྱི་མཚན་ཉིད་མི་ཤེས་པ་ཡང་མ་ཡིན་པ་ཉིད་ཐེག་པ་ཆེན་པོ་ཡིན་ལ། དེ་ལྟར་སྤྱོད་པ་ཉིད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པ་སྟེ་བརྒྱད་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ཡང་དེ་མི་དམིགས་པའི་ཚུལ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་རྣམས་དང༌། འདུས་བྱས་དང༌། འདུས་མ་བྱས་པའི་ཆོས་རྣམས་ལ་ཤེས་པ་མི་འཇུག་ལ། ཀུན་རྫོབ་ཏུ་ཆོས་རྣམས་སོ་སོའི་རང་དང་སྤྱིའི་མཚན་ཉིད་མི་ཤེས་པ་ཡང་མ་ཡིན་པ། ཐེག་པ་ཆེན་པོ་ཡིན་པ་དང༌། དེ་ལྟར་སྤྱོད་པ་ཉིད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པར་བསྟན་པ་སྟེ་དགུ་པའོ། །དེ་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བའི་ཚིག་གི་དོན་འཕགས་པ་གང་པོས་བསྟན་པ་དང༌། ཇི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པ་དང༌། ཐེག་པ་ཆེན་པོ་གང་ཡིན་པ་འཕགས་པ་ཤ་ར་དྭ་ཏིའི་བུས་དྲིས་པ་ལ། འཕགས་པ་གང་པོས་ཐེག་པ་ཆེན་པོ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམ་པ་དགུས་ལན་བཏབ་པ་བསྟན་ནས། དེའི་འོག་ཏུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་དོན་ཞིབ་ཏུ་བསྟན་པའི་སྐབས་དབྱེ་བའི་ཕྱིར། སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་གནས་ཞེས་བྱ་ཞེས་བྱ་བ་དྲིས་སོ། །གང་བོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་


DTG091_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱང་ཞེས་བྱ་བ་ནས། དེ་ལྟར་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ལ་གནས་པ་རྣམ་པར་མི་རྟོག་པའི་སྤྱོད་པ་རྣམ་པ་དྲུག་བསྟན་ཏེ་དེ་ལྟར་རྣམ་པར་མི་རྟོག་པ་ལ་སྤྱོད་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་རྣམ་པར་མི་རྟོག་པའི་སྤྱོད་པ་རྣམ་པ་དྲུག་ནི་གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱང་ཞེས་བྱ་བ་ནས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཞེས་བྱའོ་ཞེས་བྱ་བའི་བར་དུ་རྣམ་པར་མི་རྟོག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་བསྟན་པ་སྟེ་དང་པོའོ། །དེ་ལ་སྦྱིན་པ་ཡང་མི་དམིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། ལེན་པ་ཡང་མི་དམིགས་ཞེས་བྱ་བ་ནི་སྦྱིན་པ་དང༌། བྱང་ཆུབ་སེམས་དཔའ་དང༌། ལེན་པ་གསུམ་མི་དམིགས་ཞེས་སྨོས་པས་ནི་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས་ཞེས་སྨོས་པས་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་ཡང་དོན་དམ་པར་མཚན་མར་མི་འཛིན་པ་བསྟན་པའོ། །ཡིད་ལ་བྱ་བ་དེ་དག་ཀྱང་མི་དམིགས་ཏེ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པར་བྱ་བའི་ཡིད་ལ་བྱ་བ་ཡང་དོན་དམ་པར་མི་དམིགས་པ་བསྟན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྷག་མ་ལྔ་རྣམས་ལ་ཡང་སྦྱར་བར་བྱའོ། །དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་རྣམས་མི་དམིགས་པ་སྨོས་པས་ནི་ཤེས་རབ་ཀྱིས་ཤེས་པར་


DTG091_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཡུལ་རྣམས་མི་དམིགས་པ་བསྟན་ཏོ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པར་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་བསྒོམ་མོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པར་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་མོ་ཞེས་བྱ་བའི་བར་དུ་ནི། སྟོང་པ་ཉིད་བཅོ་བརྒྱད་རྣམ་པར་མི་རྟོག་པ་བསྒོམ་པའི་སྤྱོད་པ་བསྟན་པ་སྟེ་གཉིས་པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་ཞེས་བྱ་བའི་དོན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང༌། རྣམ་པར་མི་རྟོག་པའི་ཡིད་ལ་བྱ་བ་དང་མ་འདྲེས་པ་ལ་བྱའོ། །བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་ཞེས་བྱ་བ་ནི་དེ་ལྟར་བསྒོམ་པ་ཉིད་དོན་དམ་པར་དངོས་པོ་མེད་པར་བསྒོམ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པར་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་མོ་ཞེས་བྱ་བ་ནས། དེ་མི་དམིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་མོ་ཞེས་བྱ་བའི་བར་དུ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དཀར་པོའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པར་བསྒོམ་པའི་སྤྱོད་པ་བསྟན་པ་སྟེ་གསུམ་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་ཐ་སྙད་ཙམ་དུ་ཟད་དོ་ཞེས་བྱ་བར་ཤེས་སོ་ཞེས་བྱ་བ་ནས་སངས་རྒྱས་དམིགས་སུ་མེད་པའི་ཕྱིར་སངས་རྒྱས་


DTG091_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ་ཞེས་བྱ་བར་ཡང་དག་པར་ཤེས་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་མིང་དང་ཐ་སྙད་ཙམ་དུ་བརྗོད་པར་ཟད་ཀྱི། དོན་དམ་པར་གང་ཡང་དམིགས་སུ་མེད་པར་ཤེས་པས་དེ་དག་ལ་རྣམ་པར་མི་རྟོག་པའི་སྤྱོད་པ་བསྟན་པ་སྟེ་བཞི་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་མངོན་པར་ཤེས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཤིང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ནས། དེ་ལྟ་བུའི་ལུས་ཕྱེད་དུ་བསམས་ཤིང་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་དུ་ནི་རྫུ་འཕྲུལ་ལ་དབང་ཐོབ་པ་དང༌། སྐྱེ་བ་ལ་དབང་ཐོབ་པས་སངས་རྒྱས་མཉེས་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རྣམ་པར་མི་རྟོག་པའི་སྤྱོད་པ་བསྟན་པ་སྟེ་ལྔ་པའོ། །དེ་གཉིས་སུ་མེད་པའི་ས་ལ་གནས་ཤིང་ཞེས་བྱ་བ་ནི་ས་བརྒྱད་པ་ལ་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཕྱིར་གཉིས་སུ་མེད་པའི་ས་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་མ་གྱུར་གྱི་བར་དུ་ཐེག་པ་དེ་དང་ནམ་དུ་ཡང་མི་འབྲལ་ཏེ་ཞེས་བྱ་བ་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་རོ་ཞེས་བྱ་བའི་བར་དུ་ནི་མངོན་པར་རྫོགས་པར་སངས་རྒྱས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམ་པར་མི་རྟོག་པའི་སྤྱོད་པ་བསྟན་པ་སྟེ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་མ་གྱུར་གྱི་བར་དུ་ཐེག་པ་དེ་དང་ནམ་དུ་ཡང་མི་འབྲལ་ཏེ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕྱིར་མི་ལྡོག་པ་ཡིན་པར་བསྟན་པ་སྟེ། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པར་གྱུར་པ་དེ་ལས་ཉམས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །


DTG091_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་ཞེས་བྱ་བ་ནས། དེ་ལྟར་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོན་ཏན་བསྔགས་པ་མཛད་པའི་ཕན་ཡོན་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་གོ་ཆ་ཆེན་པོ་བགོས་པའི་དོན་བཅོམ་ལྡན་འདས་ཀྱིས་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པ་སྟེ། གོ་ཆ་ཆེན་པོ་བགོས་པའི་དོན་བཅོམ་ལྡན་འདས་ཀྱིས་བཤད་པའི་འགྲེས་དགུ་དང༌། བཅོམ་ལྡན་འདས་ཀྱི་དགོངས་པ་དང་སྦྱར་ཏེ། རབ་འབྱོར་གྱིས་བཤད་པའི་འགྲེས་གཉིས་དང༌། འགྲེས་བཅུ་གཅིག་གིས་སྐབས་འདིར་གོ་ཆ་ཆེན་པོ་བགོས་པ་བསྟན་པ། བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་སོ། །གོ་ཆ་ཆེན་པོ་བགོས་སོ་ཞེས་བགྱི་ན་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བགྱི་བ་ལགས་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དཀར་པོའི་ཆོས་ཐམས་ཅད་ཀྱི་གོ་ཆ་བགོས་ཤིང༌། རྫུ་འཕྲུལ་ལྷུན་གྱིས་གྲུབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣང་བས་ཁྱབ་པར་བྱ་སྟེ། རྣམ་པ་དྲུག་ཏུ་གཡོས་པར་བྱས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ངན་འགྲོ་རྣམ་པ་གསུམ་རབ་ཏུ་ཞི་བར་བྱས་ལ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པར་བསྟན་


DTG091_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་འགྲེས་དང་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཻ་ཌཱུ་ཪྻའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་པ་བྱེད་དོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཆེན་པོ་བགོས་པ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པར་བསྟན་པ་སྟེ་འགྲེས་གཉིས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཀྱང་དགེ་བ་བཅུ་ལ་སོགས་པ་དཀར་པོའི་ཆོས་ཐམས་ཅད་ལ་བཀོད་པའི་གོ་ཆ་ཆེན་པོ་བགོས་པ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ་འགྲེས་གསུམ་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་ཐམས་ཅད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པའི་གོ་ཆ་ཆེན་པོ་བགོས་པ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ་འགྲེས་བཞི་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བདག་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སེམས་ཅན་རྣམས་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་


DTG091_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགོད་པའི་གོ་ཆ་ཆེན་པོ་བགོས་པ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ་འགྲེས་ལྔ་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བདག་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སེམས་ཅན་རྣམས་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པའི་གོ་ཆ་ཆེན་པོ་བགོས་པ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ་འགྲེས་དྲུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བདག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང༌། སེམས་ཅན་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པའི་གོ་ཆ་ཆེན་པོ་བགོས་པ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ་འགྲེས་བདུན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤིང་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པའི་གོ་ཆ་ཆེན་པོ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ་འགྲེས་བརྒྱད་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་སེམས་ཅན་ཚད་མེད་གྲངས་མེད་པ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་


DTG091_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དཀར་པོའི་ཆོས་ཐམས་ཅད་ལ་འགོད་པ་བསམ་པ་རྒྱ་ཆེ་བའི་གོ་ཆ་ཆེན་པོ་བགོས་པ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ་འགྲེས་དགུ་པའོ། །དེ་ལ་སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་དེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་སེམས་བསྐྱེད་པ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་བསྐྱེད་པའི་གོ་སྐབས་མི་འབྱེད་པ་དང༌། སེམས་ཅན་ཚད་མེད་གྲངས་མེད་པ་རྣམས་དཀར་པོའི་ཆོས་རྣམས་ལ་དགོད་པར་སེམས་པའི་བསམ་པ་རྒྱ་ཆེན་པོ་ལས། སེམས་ཅན་ཉུང་ཟད་ཉི་ཚེ་ཞིག་དཀར་པོའི་ཆོས་རྣམས་ལ་འགོད་པའི་བསམ་པ་རྒྱ་ཆུང་ངུའི་གོ་སྐབས་མི་འབྱེད་པ་ལ་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་གོ་ཆ་ཆེན་པོ་བགོས་པའི་དོན་འགྲེས་དགུས་བསྟན་ནས། དེའི་འོག་ཏུ་བཅོམ་ལྡན་འདས་ཀྱིས་གོ་ཆ་ཆེན་པོ་བགོས་པ་གོང་དུ་བཤད་པ་རྣམས་སྒྱུ་མ་ལྟ་བུའི་དཔེས་བསྟན་པ་དང་སྦྱར་ན། གོ་ཆ་མེད་པ་དང་མ་བཅིངས་མ་གྲོལ་པའི་དོན་དུ་རབ་འབྱོར་གྱིས་རྟོགས་ནས་རབ་འབྱོར་ཉིད་ཀྱིས་རྟོགས་པའི་དོན་གོ་ཆ་མེད་པར་བསྟན་པའི་འགྲེས་དང༌། མ་བཅིངས་མ་གྲོལ་བར་བསྟན་པའི་འགྲེས་གཉིས་བསྟན་པའི་ཕྱིར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་གོ་ཆ་མ་མཆིས་པའི་གོ་ཆ་བ་གོས་པར་རིག་པར་བགྱིའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ནས་གོ་ཆ་ཆེན་པོ་ཡང་གོ་ཆ་ཆེན་པོས་སྟོང་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་རབ་འབྱོར་གྱིས་གོ་ཆ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དངོས་པོ་ཞིག་ཡོད་ན་ནི་དངོས་པོ་དེ་སྒྲུབ་པའི་ཕྱིར་གོ་ཆ་བགོས་པ་ཡང་ཡོད་ན་དོན་དམ་པར་གང་གི་ཕྱིར་གོ་ཆ་


DTG091_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བགོ་བ་དང༌། གད་གོ་ཆ་གྱོན་པ་དང༌། གོ་ཆ་ཉིད་ཀྱང་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་གོ་ཆ་མེད་དེ། དེ་ལྟར་གོ་ཆ་མེད་པར་རྟོགས་པ་ཉིད་ཆོས་ཀྱི་ཆོས་ཉིད་དང་མི་འགལ་བས་གོ་ཆ་བགོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་སྐད་དུ་སྨྲས་པ་བཞིན་ཏེ། དེ་དེ་བཞིན་ནོ། །དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་ཞེས་བྱ་བ་ལ་སོགས་པ་ནི་གོ་ཆ་མེད་པའི་དོན་རབ་འབྱོར་གྱིས་བཤད་པ་དང་མཐུན་པར་བཀའ་སྩལ་པ་སྟེ། འཇིག་རྟེན་ན་གོ་ཆ་བགོས་པ་ནི་དངོས་པོ་འགའ་ཞིག་བྱ་བའམ། གཞིག་བའམ་བཅོས་པའི་ཕྱིར་གོ་ཆ་བགོ་བར་བྱེད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དོན་དམ་པར་རང་བཞིན་གྱིས་སྟོང་པས་བྱར་ཡང་མེད། གཞིག་ཏུ་ཡང་མེད། བཅོས་སུ་ཡང་མེད་ལ་སེམས་ཅན་གང་གི་དོན་དུ་གོ་ཆ་བགོ་བར་བྱ་བའི་སེམས་ཅན་དེ་དག་ཀྱང་དོན་དམ་པར་རང་གི་མཚན་ཉིད་ཀྱིས་སྟོང་པས་བྱར་ཡང་མེད། གཞིག་ཏུ་ཡང་མེད་བཅོས་སུ་ཡང་མེད་དེ། དེ་ལྟར་རྟོགས་པ་ཉིད་དངོས་པོར་མི་འཛིན་པས་གོ་ཆ་ཆེན་པོ་བགོས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་མ་བྱས་ཞེས་བྱ་བས་ནི་དངོས་པོ་མེད་པས་བྱར་མེད་པ་བསྟན་པའོ། །རྣམ་པར་མ་བྱས་ཞེས་བྱ་བས་ནི་གཞིག་ཏུ་མེད་པ་བསྟན་པར་བལྟའོ། །མངོན་པར་མ་བྱས་ཞེས་བྱ་བས་ནི་བཅོས་སུ་མེད་པ་བསྟན་ཏོ། །རབ་འབྱོར་བྱེད་པ་དམིགས་སུ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་སོ་ཞེས་བྱ་བ་ལ་སོགས་པས་ནི་མ་བྱས་པ་དང༌། མ་བཤིག་པ་དང༌། མ་བཅོས་པའི་གཏན་ཚིགས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རང་འབྱོར་འདི་ལྟར་གཟུགས་མི་བྱེད་རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་བྱེད་པ་དམིགས་སུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། བྱེད་པ་པོ་ཞིག་ཡོད་ན་ཡང་གཟུགས་ལ་སོགས་པ་འཇིག་


DTG091_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་པའི་ཆོས་རྣམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་ཤིག་ཡིན་གྲང་ན། ཀུན་རྫོབ་ཏུ་དེ་དག་སོ་སོའི་མཚན་ཉིད་ལ་བརྟགས་ན་ཡང་བྱེད་པའི་མཚན་ཉིད་མི་འགྲུབ་ལ། དོན་དམ་པར་ཡང་དེ་དག་ཤིན་ཏུ་མི་དམིགས་པའི་ཕྱིར་བྱེད་པ་མི་དམིགས་སོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི་གོ་ཆ་མེད་པའི་གོ་ཆ་བགོས་ཞེས་བྱའོ་ཞེས་བྱ་བ་ནི་གོ་ཆ་མེད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བཅོམ་ལྡན་འདས་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་མ་བཅིངས་མ་གྲོལ་བའི་དོན་བསྟན་པ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་ཏེ་ཞེས་བྱ་བ་ནི་གོ་ཆ་ཆེན་པོ་བགོས་པའི་དཔེ་སྒྱུ་མ་ལྟ་བུ་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་དང་སྦྱར་ན། དོན་དམ་པར་གོ་ཆ་མེད་པ་ཡིན་ལ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་དང་དོན་དམ་པར་དངོས་པོ་མེད་པའི་ཕྱིར་སོ་སོའི་སྐྱེ་བོའི་ཚེ་ནི་ཉོན་མོངས་པ་རྣམས་ཀྱིས་བཅིངས་ལ། འཕགས་པར་གྱུར་པའི་ཚེ་ནི་ཉོན་མོངས་པ་རྣམས་ལས་གྲོལ་ལོ་ཞེས་བྱར་ཡང་མི་རུང་ངོ་ཞེས་བསྟན་པའི་ཕྱིར་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གཟུགས་མ་བཅིངས་མ་གྲོལ་བ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་མ་བཅིངས་མ་གྲོལ་བའོ་ཞེས་པ་རབ་འབྱོར་གྱིས་བསྟན་པའི་དོན་དང་ཚིག་སླར་བརྟག་པའི་ཕྱིར་དེ་ལྟ་ཡིན་ནམ་ཞེས་དྲིས་པའོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་དེ་དེ་བཞིན་ཏེ། ཚེ་དང་ལྡན་པ་གང་པོ་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་པོ་མ་བཅིངས་མ་གྲོལ་བ་ཡིན་ནོ་


DTG091_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རབ་འབྱོར་གྱིས་ལན་བཏབ་པའོ། །གང་པོས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་མ་བཅིངས་མ་གྲོལ་བའི་གཟུགས་གང་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་རྣམས་རྨི་ལམ་ལ་སོགས་པ་ལྟ་བུར་གྱུར་པ་རྣམས་མ་བཅིངས་མ་གྲོལ་བ་ཡིན་པར་བསྟན་པའི་སྐབས་དབྱེ་བའི་ཕྱིར་དྲིས་པའོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་གང་འདི་རྨི་ལམ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་རྣམས་རྨི་ལམ་དང༌། སྒྱུ་མ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། སྨིག་རྒྱུ་དང༌། སྤྲུལ་པ་ལྟ་བུ་ཡིན་ཏེ། དེ་ལྟ་བུའི་གཟུགས་ལ་སོགས་པ་ནི་ཡང་དག་པར་ཡོད་པ་མ་ཡིན་པས་བཅིངས་པ་དང་གྲོལ་བ་ཡང་མེད་དོ་ཞེས་བསྟན་པའོ། །ཆེ་དང་ལྡན་པ་གང་པོ་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི། དུས་གསུམ་གྱི་ཕུང་པོ་ལྔ་ཡང་མ་བཅིངས་མ་གྲོལ་བའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་གཟུགས་མེད་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་གྱི་ཕུང་པོ་ལྔ་གོང་དུ་སྨོས་པ་རྣམས་མ་བཅིངས་མ་གྲོལ་བའི་གཏན་ཚིགས་བསྟན་པ་སྟེ། དུས་གསུམ་གྱི་ཕུང་པོ་ལྔ་ཡང་དོན་དམ་པར་དངོས་པོ་མེད་པ་དང༌། དབེན་པ་དང༌། མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ་ཞེས་བསྟན་པའོ། །ཆེ་དང་ལྡན་པ་གང་པོ་དགེ་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་རིགས་སུ་གཏོགས་པའི་ཕུང་པོ་ལྔ་རྣམས་ཀྱང་མ་བཅིངས་མ་གྲོལ་བའོ་ཞེས་བསྟན་པ་སྟེ། དེ་ལ་དགེ་བ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང་མི་ལྡན་པའོ། །མི་དགེ་བ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང་ལྡན་པའོ། །ལུང་དུ་མ་བསྟན་པ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང་མི་ལྡན་པས་གཅིག་ཁོ་ནར་དགེ་བར་འགྱུར་བར་ལུང་བསྟན་དུ་ཡང་མི་མངོན་ལ། འདོད་ཆགས་དང༌། ཞེ་སྡང་དང༌།


DTG091_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་དང་མ་བྲལ་བས་གཅིག་ཁོ་ནར་མི་དགེ་བར་འགྱུར་བར་ལུང་བསྟན་དུ་ཡང་མི་མངོན་ཏེ། བཟོ་བྱེད་པ་དང༌། སྤྱོད་ལམ་བཞི་ལ་གནས་པའི་ཕུང་པོ་ལྔ་ལྟ་བུའོ། །ཚེ་དང་ལྡན་པ་གང་བོ་འཇིག་རྟེན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཁོངས་སུ་གཏོགས་པའི་ཕུང་པོ་ལྔ་ཡང་མ་བཅིངས་མ་གྲོལ་བའི་ཞེས་བསྟན་པ་སྟེ། དེ་ལ་འཇིག་རྟེན་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པ་གོམས་པར་བྱེད་པ་ལ་མ་གཏོགས་པ་ཁམས་གསུམ་དུ་སྐྱེ་ཞིང་འབོར་བའི་ཁོངས་སུ་གཏོགས་པ་རྣམས་སོ། །འཇིག་རྟེན་ལས་འདས་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པ་གོམས་པར་བྱེད་པ་ཁམས་གསུམ་དུ་སྐྱེ་ཞིང་འཁོར་བར་མི་འགྱུར་བ་རྣམས་སོ། །ཟག་པ་དང་བཅས་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་དང་བཅས་པའོ། །ཟག་པ་མེད་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་དང་མི་ལྡན་པའོ། །ཚེ་དང་ལྡན་པ་གང་པོ་དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་དགེ་བ་དང་མི་དགེ་བ་དང༌། ལུང་དུ་བསྟན་པ་དང༌། ལུང་དུ་མ་བསྟན་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཕུང་པོ་ལྔ་རྣམས་མ་བཅིངས་མ་གྲོལ་བའི་གཏན་ཚིགས་བསྟན་པ་སྟེ། མེད་པ་དང༌། དབེན་པ་དང༌། མ་སྐྱེས་པའི་དོན་ནི་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བ་སྟེ། མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིང་ས་མ་གྲོལ་བ་སྟེ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་མདོར་བསྡུས་ཏེ། མ་བཅིངས་མ་གྲོལ་བ་གཏན་ཚིགས་དང་བཅས་ཏེ་པ་སྟན་པའོ། །ཚེ་དང་ལྡན་པ་གང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་


DTG091_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཡང་དག་པའི་མཐའ་དང༌། འདུས་མ་བྱས་པ་ལ་ཐུག་གི་བར་དུ་དཀར་པོའི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བ་གཏན་ཚིགས་རྣམ་པ་གསུམ་དང་བཅས་ཏེ་བསྟན་པ་སྟེ། དཀར་པོའི་ཆོས་ཐམས་ཅད་ཚར་གཅིག་ཏུ་མི་སྨོས་པར་རིས་རིས་སུ་བཅད་ཅིང་མེད་པ་དང༌། དབེན་པ་དང༌། མ་སྐྱེས་པའི་གཏན་ཚིགས་རྣམ་པ་གསུམ་བསྟན་པ་ནི་འདུལ་བའི་སྐྱེ་བོ་ཁ་ཅིག་ལ་དེ་ལྟར་རིས་རིས་སུ་བཅད་དེ་བསྟན་ན་གོ་སླ་ཞིང་དད་པ་སྐྱེ་བར་འགྱུར་བ་ཡང་སྲིད་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་བཅིངས་མ་གྲོལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བར་རྟོགས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པའི་སྒོའམ་རྒྱུར་གྱུར་པའི་ཕྱིར་ཆོས་ཀྱི་སྒོ་ཞེས་བྱའོ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་པའོ་ཞེས་བྱ་བ་ནས། ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་པའོ། །འདུས་མ་བྱས་མ་བཅིངས་མ་གྲོལ་བ་སྟེ་ཞེས་བྱ་བའི་བར་དུ་ནི་དཀར་པོའི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བའི་ཆོས་ཀྱི་སྒོ་ཡིན་པར་ངེས་པར་གཏན་ལ་ཕབ་སྟེ་བསྟན་པའོ། །དེ་མ་བཅིངས་མ་གྲོལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཞེས་བྱ་བ་ནས། ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བའི་ཐེག་པ་ཆེན་པོའི་གོ་ཆ་བགོས་པར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་མ་བཅིངས་མ་གྲོལ་བའི་གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་པོ་སྤྱོད་ནུས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་ལ་སོགས་པའི་ཕན་ཡོན་བསྟན་པའོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མ་བཅིངས་མ་གྲོལ་བས་མེད་པ་དང༌། དབེན་པ་དང༌། སྐྱེ་བ་མེད་པ་ཉེ་བར་བཟུང་ཞིང༌། ཆོས་


DTG091_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་མ་བཅིངས་མ་གྲོལ་བའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། མདོར་ན་དོན་དམ་པར་བྱང་ཆུབ་སེམས་དཔའ་ཉིད་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཆོས་ཐམས་ཅད་ཀྱང་མེད་པ་དང༌། དབེན་པ་དང༌། མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བར་ཁོང་དུ་ཆུད་ཅིང་ཀུན་རྫོབ་ཏུ་ཡང་དེ་ལ་མ་ཆགས་མ་ཞེན་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པའི་ལས་རྣམས་མི་བྱེད་པ་ཡང་མ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་ལ་སོགས་པའི་ཕན་ཡོན་རྣམས་ཐོབ་པར་མི་འགྱུར་བ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་གོ་ཆ་ཆེན་པོ་བགོས་པའི་དོན་བསྟན་ཟིན་པ་དང༌། དེའི་འོག་ཏུ་ཡང་འཕགས་པ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བའི་ཚིག་སྔར་སྨོས་པ་ལས་གླེང་བསླངས་ནས། ཐེག་པ་ཆེན་པོའི་དོན་རྣམ་པ་ལྔ་ཞུ་བའི་ཕྱིར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཞུ་བ་རྣམ་པ་ལྔ་ནི་ཐེག་པ་ཆེན་པོ་གང་ཡིན་པ་དང༌། ཇི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་ཆུད་པ་དང༌། ཐེག་པ་དེ་གང་ནས་འབྱུང་པ་དང༌། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་དང༌། ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་ཞུ་བ་དང་ལྔའོ། །དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་ཞུ་བ་རྣམ་པ་ལྔ་ཞུས་པ་ལས། ཐེག་པ་ཆེན་པོ་གང་ལགས་ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ཞེས་བྱ་བ་རྣམ་པ་ཉི་ཤུ་རྩ་གཅིག་ཏུ་ཕྱེ་སྟེ་བཤད་པའོ། །དེ་ལ་ཐེག་པ་ཆེན་པོ་རྣམ་པ་ཉི་ཤུ་རྩ་གཅིག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཐེག་པ་ཆེན་པོ་ཡིན་པ་དང༌། སྟོང་པ་བཅོ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་དང༌། ཏིང་ངེ་འཛིན་རྣམས་ཐེག་པ་ཆེན་པོ་ཡིན་པ་དང༌། དྲན་པ་ཉེ་བར་གཞག་པ་རྣམས་ཐེག་པ་ཆེན་པོ་ཡིན་པ་དང༌། ཡང་དག་པར་སྡོད་བ་


DTG091_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐེག་པ་ཆེན་པོ་ཡིན་པ་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་ཐེག་པ་ཆེན་པོ་ཡིན་པ་དང༌། དབང་པོ་ལྔ་ཐེག་པ་ཆེན་པོ་ཡིན་པ་དང༌། སྟོབས་ལྔ་ཐེག་པ་ཆེན་པོ་ཡིན་པ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་ཐེག་པ་ཆེན་པོ་ཡིན་པ་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐེག་པ་ཆེན་པོ་ཡིན་པ་དང༌། རྣམ་པར་ཐར་པ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་དང༌། ཤེས་པ་བཅུ་ཐེག་པ་ཆེན་པོ་ཡིན་པ་དང༌། དབང་པོ་གསུམ་ཐེག་པ་ཆེན་པོ་ཡིན་པ་དང༌། རྣམ་པར་ཐར་པའི་སྒོ་གསུམ་ཐེག་པ་ཆེན་པོ་ཡིན་པ་དང༌། རྗེས་སུ་དྲན་པ་དྲུག་ཐེག་པ་ཆེན་པོ་ཡིན་པ་དང༌། སྙོམས་པར་འཇུག་པ་རྣམས་ཐེག་པ་ཆེན་པོ་ཡིན་པ་དང༌། སྟོབས་བཅུ་ཐེག་པ་ཆེན་པོ་ཡིན་པ་དང༌། མི་འཇིགས་པ་བཞི་ཐེག་པ་ཆེན་པོ་ཡིན་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་ཐེག་པ་ཆེན་པོ་ཡིན་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་དང༌། གཟུངས་ཀྱི་སྒོ་རྣམས་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་དང་ཉི་ཤུ་རྩ་གཅིག་གོ །དེ་ལ་རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཐེག་པ་ཆེན་པོ་ཡིན་པར་བསྟན་པའོ། །དེ་ལ་དོན་དུ་གཉེར་བ་ཞེས་བྱ་བ་ནི་ཕོངས་ཤིང་འདོད་པ་ལ་བྱའོ། །ཕྱི་ནང་གི་དངོས་པོ་ཞེས་བྱ་བ་ལ། ཕྱིའི་དངོས་པོ་ནི་གསེར་དངུལ་དང༌། དང་ཟབ་ལ་སོགས་པ་བདག་གི་ལུས་ལ་མ་གཏོགས་པའི་ནོར་རྫས་རྣམས་སོ། །ནང་གི་དངོས་པོ་ནི་ལུས་དང་མགོ་ལ་སོགས་པ་ཡན་ལག་དང་ཉིད་ལག་རྣམས་ཡོངས་སུ་གཏོང་བའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཡོངས་སུ་རྫོགས་པར་བྱེད་ཅིང་དེའི་བསོད་ནམས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དེ་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཉིད་གང་ཟག་དང་ཆོས་ལ་བདག་མེད་


DTG091_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་ཤིང་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་པས་ཐེག་པ་ཆེན་པོ་ཞེས་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་བསྟན། སེམས་ཅན་ཕ་རོལ་པོ་སྦྱིན་པ་ལ་ཡང་དག་པར་བསྐུལ་བ་དང༌། གཞོག་པ་དང༌། རབ་ཏུ་དགོད་པ་ལ་བསྟན་ལ། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ལ་སེམས་ཅན་ཕ་རོལ་པོ་རྣམས་ཀྱང་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་དག་པར་བསྐུལ་བ་དང༌། གཞོག་པ་དང། རབ་ཏུ་དགོད་པ་བསྟན་ལ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་མ་བསྟན་དུ་ཟིན་ཡང༌། སེམས་ཅན་ཕ་རོལ་པོ་རྣམས་ཡང་དག་པར་བསྐུལ་པ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་སྦྱར་ཞིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྦྱར་བ་དོན་གྱིས་རིག་པར་བྱའོ། །ཡང་དག་པར་བསྐུལ་བ་ནི་དང་པོ་སྤྱོད་དུ་འཇུག་པའོ། །གཞོག་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གནས་ཤིང་ཉམས་སུ་ལེན་དུ་འཇུག་པའོ། །ཕ་རོལ་ཏུ་དགོད་པ་ནི་དེ་བས་ཀྱང་བསྟན་པར་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལས་མི་ཉམས་ཤིང་འབྲས་བུ་ཐོབ་པར་བྱེད་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་སྟོང་པ་ཉིད་བཅོ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་བསྟན་པ་སྟེ། དེ་ལ་ནང་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ནང་སྟོང་པ་ཉིད་བསྟན་པ་སྟེ། མིག་དང་ཡིད་ཀྱི་བར་དུ་ནང་གི་དབང་པོ་དྲུག་རྣམས་བདག་གི་ལུས་དང་སེམས་ཀྱིས་ཟིན་པའི་ཕྱིར་ནང་གི་ཆོས་ཞེས་བྱའོ། །མི་རྟག་མི་འཇིགས་པའི་ཕྱིར་མིག་མིག་གིས་སྟོང་ཞེས་བྱ་བ་ནི་མིག་དངོས་པོ་ཞིག་ཡོད་ན་རྟག་པའི་


DTG091_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་རྣམས་མི་རྟག་པའི་རང་བཞིན་ཞིག་ཡིན་གྲང་ན། དོན་དམ་པར་མིག་དངོས་པོ་མེད་པས་རྟག་པའི་རང་བཞིན་མ་ཡིན་པའི་ཕྱིར་མི་རྟག་པའོ། །མི་རྟག་པའི་རང་བཞིན་མ་ཡིན་པའི་ཕྱིར་མི་འཇིག་པའོ། །དེ་ལྟར་དངོས་པོ་མེད་ཅིང་མི་རྟག་མི་འཇིག་པའི་ཕྱིར་མིག་དེ་མིག་གི་དངོས་པོས་སྟོང་པས་ན། མིག་མིག་གིས་སྟོང་ངོ་ཞེས་བྱ་བ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་ལ་མིག་གི་དངོས་པོ་མེད་པ་ཉིད་དེའི་རང་བཞིན་ཡིན་གྱི། རྒྱུ་གཞན་གྱིས་བཤིག་སྟེ་སྟོང་པར་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་འོག་མ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་སྟོང་པ་ཉིད་བསྟན་པ་སྟེ། གཟུགས་ལ་སོགས་པ་ཆོས་ཀྱི་བར་དུ་ཡུལ་དྲུག་པོ་དེ་རྣམས་ཕྱི་རོལ་དུ་དམིགས་པའི་ཡུལ་ཡིན་ལ། བདག་གི་ལུས་དང་སེམས་ཀྱིས་ཡོངས་སུ་མ་ཟིན་པའི་ཕྱིར་ཕྱི་རོལ་གྱི་ཆོས་རྣམས་ཞེས་བྱ་སྟེ། དེ་དག་སྟོང་པ་ཉིད་ཀྱི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་ཕྱི་ནང་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་ནང་སྟོང་པ་ཉིད་བསྟན་པ་སྟེ། ནང་གི་ཆོས་རྣམས་ཕྱིའི་ཆོས་ཀྱིས་སྟོང༌། ཕྱིའི་ཆོས་རྣམས་ནང་གི་ཆོས་ཀྱིས་སྟོང་སྟེ་ཞེས་བྱ་བ་ནི་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་རྣམས་ཀྱི་སོ་སོའི་རང་བཞིན་གྱིས་སྟོང་པ་སྔར་བཤད་ཟིན་པས་སྐབས་འདིར་ནང་གི་སྐྱེ་མཆེད་རྣམས་ལ་ཡང་ཕྱིའི་སྐྱེ་མཆེད་ཀྱི་རང་བཞིན་མེད་པ་དང༌། ཕྱིའི་སྐྱེ་མཆེད་རྣམས་ལ་ཡང་ནང་གི་སྐྱེ་མཆེད་རྣམས་ཀྱི་རང་བཞིན་མེད་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་དོ་ཞེས་བསྟན་ཏོ། །དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེན་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་བསྟན་པ་སྟེ། ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས་སྟོང་པ་ཉིད་དོ་ཞེས་བྱ་བ་ནི་ཆོས་རྣམས་སྟོང་ངོ་ཞེས་བྱ་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང༌། སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ། དེ་རང་བཞིན་གྱིས་སྟོང་པ་ལ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་


DTG091_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྟོང་པ་ཉིད་བསྟན་པ་སྟེ། སྣོད་ཀྱི་འཇིག་རྟེན་ཕྱོགས་བཅུ་ལ་སོགས་པ་ཐ་གྲུ་ཡངས་ཤིང་གཞི་ཆེ་བ་རྣམས་རང་བཞིན་མེད་པ་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པ་སྟོང་པ་ཉིད་བསྟན་པ་སྟེ། མྱ་ངན་ལས་འདས་པ་དེ་དོན་དུ་སྒྲུབ་པའི་ནང་ན་མཆོག་དམ་པ་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱའོ། །རྣམ་པ་གཉིས་སུ་ན་ཡེ་ཤེས་དམ་པའི་དམིགས་པའི་ཡུལ་ལམ་དོན་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་དེའི་རང་བཞིན་མེད་པ་ལ་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་འདུས་བྱས་སྟོང་པ་ཉིད་བསྟན་པ་སྟེ། ཁམས་གསུམ་དུ་སྐྱེ་ཞིང་གནས་པའི་ཆོས་རྣམས་ནི་ལས་དང་ཉོན་མོངས་པ་ལ་སོགས་པ་རྒྱུ་དང་རྐྱེན་རྣམས་འདུས་ཤིང་ཚོགས་པས་བྱས་ཤིང་བསྐྱེད་པ་ཡིན་པའི་ཕྱིར་འདུས་བྱས་ཞེས་བྱ་སྟེ། དེ་དག་གི་རང་བཞིན་མེད་པ་ནི་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་འདུས་མ་བྱས་སྟོང་པ་ཉིད་བསྟན་པའོ། །གང་ལ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་འདི་ནི་འདུས་མ་བྱས་ཞེས་བྱ་སྟེ་ཞེས་བྱ་བ་ནི་འདུས་མ་བྱས་པའི་རང་བཞིན་བསྟན་པ་སྟེ། ལས་དང་ཉོན་མོངས་པ་ལ་སོགས་པ་རྒྱུ་དང་རྐྱེན་རྣམས་ཚོགས་ཤིང་འདུས་པས་མ་བྱས་མ་བསྐྱེད་པའི་ཕྱིར། སྐྱེ་བ་དང་འགག་པ་དང་གནས་པ་ལས་གཞན་དུ་འགྱུར་བ་མེད་པའི་ཆོས་དེ་རྣམས་ནི་འདུས་མ་བྱས་པ་ཞེས་བྱ་སྟེ། དེ་དག་ཀྱང་ནམ་མཁའ་དང༌། དེ་བཞིན་ཉིད་དང༌། སོ་སོར་བརྟགས་པས་འགོག་པ་དང༌། སོ་སོར་བརྟག་པ་མ་ཡིན་པས་འགོག་པ་སྟེ། ཆོས་དེ་དག་རང་བཞིན་མེད་པ་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་བསྟན་པ་སྟེ། རྟག་པའི་མཐའ་དང༌། ཆད་པའི་མཐའ་ལ་སོགས་པའི་མཐའ་གཉིས་མི་དམིགས་པ་ཉིད་


DTG091_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལས་འདས་པ་ཞེས་བྱ་སྟེ། དེའི་རང་བཞིན་མེད་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བསྟན་པ་སྟེ། གང་ལ་ཐོག་མ་མི་དམིགས་ཤིང༌། ཐ་མ་མི་དམིགས་པ་དེ་ལ་འགྲོ་བ་མི་དམིགས་འོང་བ་མི་དམིགས་ཏེ་ཞེས་བྱ་བ་ནི། འཁོར་བ་ལ་ཐོག་མ་ཡང་མི་དམིགས་ཐ་མ་ཡང་མི་དམིགས་ཏེ། ཐོག་མ་དང་ཐ་མ་གཉིས་མེད་པས་དབུས་ཀྱང་མི་དམིགས་སོ། །དེ་ལྟར་མཐའ་གཉིས་དང་དབུས་ཀྱང་མེད་པའི་ཕྱིར་འགྲོ་བ་དང་འོང་བ་མི་དམིགས་ཏེ། དེ་ལྟར་འཁོར་བའི་རང་བཞིན་མེད་པ་ཉིད་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི། དོར་བ་མེད་པ་སྟོང་པ་ཉིད་བསྟན་པའོ། །གང་ལ་གང་ཡང་དོར་བ་མེད་པ་སྟེ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ལ་བྱ་སྟེ། དོར་བ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་ལ་བྱའོ། །ཕུང་པོ་ལྔ་པོ་དེ་དག་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལ་འདས་པའི་ཚེ་མེད་པར་གྱུར་པའི་ཕྱིར་དོར་བ་མེད་པ་ཞེས་བྱ་སྟེ། དོར་བ་མེད་པའི་རང་བཞིན་མྱ་ངན་ལས་འདས་པ་དེ་དེའི་རང་བཞིན་གྱིས་སྟོང་པ་ལ་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་སྐབས་སུ་མྱ་ངན་ལས་འདས་པ་ཡིན་པར་བཤད་པ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་ལས་དགོངས་ཏེ་གསུངས་སོ། །འདིར་ནི་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ལ་དགོངས་ཏེ་གསུངས་པས་ཟློས་པར་མི་འགྱུར་རོ། །དེ་ལ་རང་བཞིན་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་སྟོང་པ་ཉིད་བསྟན་པ་སྟེ། འདུས་བྱས་སམ་འདུས་མ་བྱས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་སྟོང་པ་ཉིད་ཡིན་པས་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་


DTG091_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཡོད་པའམ་མེད་པར་མ་བྱས་པས་རང་བཞིན་གྱིས་སྟོང་པའི་ཕྱིར་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་བསྟན་པ་སྟེ། དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དང༌། འདུས་ཏེ་རེག་པ་དྲུག་དང༌། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང༌། གཟུགས་ཡོད་པ་དང༌། གཟུགས་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་པའི་ཆོས་རྣམས་ཏེ། ཆོས་དེ་དག་གི་རང་བཞིན་ཡོད་པ་མ་ཡིན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་བསྟན་པ་སྟེ། འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་དོན་དམ་པར་ཡོད་པ་མ་ཡིན་པས་དེ་དག་གི་རང་གི་མཚན་ཉིད་ཀྱང་མེད་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །མཚན་ཉིད་གཞན་ནི་རང་ལོག་ཏུ་ཟད་པས་བཤད་མི་དགོས་སོ། །བཤད་དགོས་པ་ཉི་ཚེ་ཞིག་བཤད་པར་བྱ་སྟེ། ཁམས་ནི་གདུག་པའི་མཚན་ཉིད་ཅེས་བྱ་བ་ནི་ཁམས་བཅོ་བརྒྱད་འཁོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གདུང་བ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་ལ་ཉེས་པ་མི་འབྱུང་བས་ཕྱིས་མི་འགྱོད་ཅིང་སེམས་ལ་གདུང་བ་མེད་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་བརྩོན་འགྲུས་དང་ལྡན་པ་ལ་བདུད་ལ་སོགས་པ་བར་དུ་གཅོད་པ་རྣམས་ཀྱིས་མི་བརྫི་ཞིང་མི་ཐུབ་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་འདུས་པའི་མཚན་ཉིད་ཅེས་བྱ་བ་ནི་བསམ་གཏན་དང་ལྡན་པ་སེམས་རྩེ་གཅིག་ཏུ་འདུས་ཤིང་བསམ་གཏན་གྱི་འབྲས་བུ་རྫུ་འཕྲུལ་ལ་སོགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་དགེ་བའི་རྩ་བ་འདུས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱིས་ཆོས་


DTG091_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་བཞིན་མེད་པར་རྟོགས་ནས། ཅི་ལ་ཡང་མ་ཆགས་པར་འགྱུར་བའི་ཕྱིར་རོ། །བསམ་གཏན་དང༌། ཚད་མེད་པ་བཞི་དང༌། གཟུགས་པའི་སྙོམས་པར་འཇུག་པ་རྣམས་ནི། འཁྲུག་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི། བསམ་གཏན་ལ་སོགས་པ་འདི་རྣམས་སེམས་གཡེང་ཞིང་འཁྲུག་པ་མེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་འབྱུང་བའི་མཚན་ཉིད་ཅེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་འཁོར་བ་ནས་འབྱུང་ཞིང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དབེན་པའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པར་རྟོགས་ཤིང་དངོས་པོ་གང་དང་ཡང་མ་འདྲེས་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་ཞི་བའི་མཚན་ཉིད་ཅེས་བྱ་བ་ནི་མཚན་མ་སྣ་ཚོགས་སུ་མི་འཛིན་པ་ཉིད་ཞི་བ་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད་ཅེས་བྱ་བ་ནི་ཁམས་གསུམ་གྱི་བདེ་བ་ལ་མ་ཆགས་ཤིང་མི་སྨོན་པས། དེ་ཐོབ་པར་བྱ་བའི་སྡུག་བསྔལ་མེད་པའི་ཕྱིར་རོ། །རྣམ་པར་གྲོལ་བ་རྣམ་པར་འགྲེལ་བའི་མཚན་ཉིད་ཅེས་བྱ་བ་ནི་རྣམ་པར་ཐར་པ་བརྒྱད་ལ་རྣམ་པར་གྲོལ་བ་ཞེས་བྱ་སྟེ། དེ་དག་ཁམས་གསུམ་གྱི་ལུས་ལ་སོགས་པ་ལ་མ་ཆགས་པ་ལས་གྲོལ་ཞིང་ཐར་བར་བྱེད་པའི་ཕྱིར་རོ། །སྟོབས་རྣམས་ནི་ཤིན་ཏུ་རྟོགས་པའི་མཚན་ཉིད་ཅེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་ཤེས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ནི་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་ཤིན་ཏུ་རྟོགས་པའི་མཚན་ཉིད་ཅེས་བྱའོ། །མི་འཇིགས་པ་རྣམས་ནི་ཤིན་ཏུ་བསྟན་པའི་མཚན་ཉིད་ཅེས་བྱ་བ་ནི་མི་འཇིགས་པ་བཞི་དང་ལྡན་ན་བདུད་ལ་སོགས་པ་ཕས་ཀྱི་རྒོལ་བ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་བསྒྱུར་དུ་མི་ཚུགས་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་མི་ཆོད་པའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་བཞི་དང་ལྡན་ན་


DTG091_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པའི་ཕྱིར་རོ། །དགའ་བ་ཆེན་པོ་ནི་རབ་ཏུ་དགའ་བའི་མཚན་ཉིད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱིས་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ་ན་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་ཐོབ་པ་དང་འདྲ་བར་རབ་ཏུ་དགའ་བར་འགྱུར་བའམ། བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པའི་ཚེ་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རབ་ཏུ་རྟོགས་པའི་ཚེ་དགའ་བའི་ཤུགས་ཆེན་པོ་འབྱུང་བ་ལ་བྱའོ། །བཏང་སྙོམས་ཆེན་པོ་ནི་འདྲེ་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་དགྲ་དང་ཟིན་གཉིས་ལ་བྱམས་སྡང་མེད་པར་སེམས་སྙོམས་པས་བྱམས་པ་དང་སྡང་བའི་སེམས་ལ་སྙོམས་པ་དང་མ་འདྲེས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་མི་འཕྲོགས་པའི་མཚན་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ལ་སོགས་པ་བདུད་དང་མུ་སྟེགས་ཅན་ལ་སོགས་པས་འགྲིབ་པའམ་ཉམས་པར་བྱ་མི་ནུས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་དེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དེ་ཤེས་པར་བྱ་བའི་ཡུལ་ཐམས་ཅད་ལ་སྐྱུ་རུ་རའི་འབྲས་བུ་ལག་མཐིལ་དུ་བཞག་པ་བཞིན་དུ་སྒྲིབ་པ་དང་ཐོགས་པ་མེད་པར་མངོན་སུམ་དུ་གསལ་བར་ཐུགས་སུ་ཆུད་པའི་ཕྱིར་རོ། །མི་རྟག་མི་འཇིག་པའི་ཕྱིར། འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང༌། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པའི་རང་རང་གི་མཚན་ཉིད་དེ་དག་གི་ཆོས་དེ་དག་ཐམས་ཅད་ཀྱིས་སྟོང་སྟེ་ཞེས་བྱ་བ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དོན་མདོར་བསྡུས་ནས་བསྟན་པ་སྟེ། མདོར་ན་འདུས་མ་བྱས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་དེ་དག་གི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་སྟོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མི་དམིགས་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་མི་དམིགས་པ་སྟོང་པ་ཉིད་བསྟན་པ་སྟེ། འདས་པ་ནི་དངོས་པོ་མེད་པར་གྱུར་ཟིན་པ་དང༌། མ་འོངས་པ་ནི་ད་དུད་དངོས་པོར་མ་རེད་


DTG091_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ད་ལྟར་བྱུང་བ་ནི་སྐད་ཅིག་གི་ཚུལ་གྱིས་གནས་པ་མ་གྲུབ་པའི་ཕྱིར་མི་དམིགས་པ་ཞེས་བྱ་སྟེ། མི་དམིགས་པ་ཞེས་བྱ་བ་དེ་ཉིད་ཀྱང་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྟན་པ་སྟེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་འདུས་པའི་ངོ་བོ་ཉིད་མེད་དེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་ན་རྒྱུ་དང་རྐྱེན་རྣམས་འདུས་ཤིང་ཚོགས་པའི་མཐུ་ལས་སྐྱེའི་གཞན་ལ་མི་ལྟོས་པའི་རང་སྐྱེ་བ་ནི་མེད་དེ། གང་རྒྱུ་དང་རྐྱེན་གཞན་གྱི་དབང་གིས་སྐྱེས་པ་དེ་ནི་ཡང་དག་པར་སྐྱེས་པ་མ་ཡིན་ཏེ། འདུས་པ་ལས་སྐྱེས་པ་ནི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདུས་པ་འདུས་པས་སྟོང་ངོ་ཞེས་བྱ་བ་གསུངས་ཏེ། རྒྱུ་རྐྱེན་འདུས་པ་ལས་བྱུང་བ་རྣམས་ནི་ཡང་དག་པར་སྐྱེས་པ་མ་ཡིན་པས་འདུས་པའི་རང་བཞིན་གྱིས་སྟོང་ངོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པ་གཞན་དུ་བཤད་པ་སྟེ། དངོས་པོ་མེད་པ་ཞེས་སྨོས་པ་དང༌། དངོས་པོ་ཡོད་པ་ཡང་ཟླས་འགྲུབ། དངོས་པོ་ཡོད་མེད་གཉིས་སྨོས་པ་དང༌། བདག་གི་དངོས་པོ་དང་གཞན་གྱི་དངོས་པོ་གཉིས་ཀྱང་ཞར་ལ་བརྟག་དགོས་ཏེ། དེ་བས་ན་དངོས་པོ་ནི་དངོས་པོས་སྟོང་ངོ༌། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ༌། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ༌། །གཞན་གྱིས་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་ཞེས་བྱ་བ་རྣམ་པ་བཞིར་ཕྱེ་སྟེ་གསུངས་སོ། །དེ་ལ་དངོས་པོ་དངོས་པོ་ཞེས་བྱ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་རྣམ་པ་བཞིར་ཕྱེ་སྟེ། བསྟན་པ་སྟོང་པ་ཉིད་ཡིན་པར་བཤད་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་གཉིས་སྟོང་པར་བཤད་པ་ནི་རང་ལོག་ཏུ་ཟད་དོ། །ཇི་ལྟར་ན་རང་བཞིན་རང་བཞིན་གྱིས་སྟོང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་རང་གི་དངོས་པོ་སྟོང་པ་ཉིད་ཡིན་པར་བསྟན་པ་སྟེ།


DTG091_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་དངོས་པོ་དེ་ཡང་རང་བཞིན་མེད་པའི་ཕྱིར་བྱར་རུང་བ་མ་ཡིན་པས། ཤེས་པས་མ་བྱས་མཐོང་བས་མ་བྱས་ཞེས་གསུངས་ཏེ། ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། །མཐོང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་བྱུང་བ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་བྱ་སྟེ། ཤེས་པ་དང་མཐོང་བ་དེས་ཀྱང་མ་བྱས་པའི་ཕྱིར་སྟོང་ངོ་ཞེས་བྱ་བའི་ཕྱིར་རོ། །དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་བསྟན་པ་སྟེ། ཆོས་ཀྱི་གནས་ཉིད་དང༌། ཆོས་ཉིད་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་འདི་རྣམས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་དེ་བཞིན་དུ་གནས་པ་སྟེ། དེ་དག་ལ་ཕུང་པོ་ལ་སོགས་པ་ཆོས་གཞན་རྣམས་ཀྱི་དངོས་པོ་མེད་པ་དེ་ཉིད་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་རྣམས་ཐེག་པ་ཆེན་པོ་ཡིན་པ་བསྟན་པ་སྟེ། དེ་ལ་ཏིང་ངེ་འཛིན་རྣམས་ཀྱི་སྤྱིའི་དོན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་སེམས་རྩེ་གཅིག་པའི་མཚན་ཉིད་དུ་མཉམ་པར་གཞག་པ་ལས་སྔོན་གྱི་སྤྱོད་པ་དང་སྨོན་ལམ་གྱི་མཐུས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སོགས་པ་མཐུ་རྣམ་པ་སྣ་ཚོགས་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བ་ཐ་དད་པ་ལས་མིང་རྣམ་པ་སྣ་ཚོགས་སུ་བཏགས་ཏེ་བསྟན་ཏོ། །དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་དུ་ནི་ཏིང་ངེ་འཛིན་རྣམས་ཀྱི་མིང་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བརྒྱད་པའོ།། །།


previousབརྒྱད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལེའུ།next