Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གོ་གཅིག་པ།


  collapse section
   
   
   
   
   
   
   
   
   
   
   
བཅུ་གཅིག་པ། ངེས་འབྱུང་གི་ལེའུ།
   
   
   
   
   
   
   
   
   
   
   
   


 
previousབཅུ་གཅིག་པ། ངེས་འབྱུང་གི་ལེའུ།next

བཅུ་གཅིག་པ། ངེས་འབྱུང་གི་ལེའུ།


DTG091_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཐེག་པ་ཆེན་པོ་གང་ལགས་ཞེས་བཅོམ་ལྡན་འདས་ལ། རབ་འབྱོར་གྱིས་ཞུས་པའི་ལན། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་རྣམ་པ་ཉི་ཤུ་རྩ་གཅིག་བསྟན་ནས། དེའི་འོག་ཏུ་ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལགས་ཞེས་ཞུས་པའི་དོན་བསྟན་པའི་ཕྱིར། རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་ཡང་


DTG091_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་ཞུགས་པ་ཡིན་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ས་ནས་སར་འཕར་ཏེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་ས་གོང་ནས་གོང་དུ་འཕར་བ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །འདི་ལྟ་སྟེ་ཆོས་ཐམས་ཅད་འཕོ་བ་མེད་པས་ཆོས་གང་ཡང་འོང་བ་མེད་ཅིང་འགྲོ་བ་མེད་དེ། འཕོ་བའམ་ཉེ་བར་འཕོ་བ་མེད་དོ་ཞེས་བྱ་བ་ནི་དེ་ལྟར་ས་ནས་སར་འཕར་བ་ཡང་ཀུན་རྫོབ་ཏུ་བསྟན་པར་ཟད་ཀྱི། དོན་དམ་པར་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རོ་གཅིག་པས་བྱང་ཆུབ་སེམས་དཔའ་ས་དང་འཕར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ཡང་མི་དམིགས་པའི་ཕྱིར་ས་ནས་སར་འཕར་ཞིང་འགྲོ་བ་དང་འཕོ་བ་མེད་དོ་ཞེས་བསྟན་པ་སྟེ། འོང་བ་དང་འགྲོ་བ་དང་འཕོ་བ་དང༌། ཉེ་བར་འཕོ་བ་ཞེས་བྱ་བ་ནི་འཕར་ཞིང་འགྲོ་བའི་རྣམ་གྲངས་སོ། །འོན་ཀྱང་ཆོས་ཐམས་ཅད་ཀྱིས་གང་ཡིན་པ་དེ་ལ་རློམ་སེམས་སུ་བྱེད་པའམ་སེམས་པ་མེད་དེ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རོ་གཅིག་སྟེ། འཕོ་བ་མེད་པས་འཕར་ཞིང་འཕོ་བར་བྱ་བའི་གནས་ཀྱིས་རློམ་སེམས་སུ་འགྱུར་བའམ་མཚན་མར་འཛིན་པ་མེད་དོ་ཞེས་བསྟན་པའོ། །ས་ཡོངས་སུ་སྦྱོང་བ་ཡང་མི་བྱེད་པ་མ་ཡིན་ལ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་བྱང་ཆུབ་སེམས་དཔའི་ས་བཅུའི་ཡོན་ཏན་རྣམས་ཐོབ་པར་མི་བྱེད་པའམ། མི་མཐུན་པའི་ཕྱོགས་ཀྱི་སྐྱོན་རྣམས་མི་སེལ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་དེ་ལྟར་ཐབས་མཁས་པས་ཀུན་རྫོབ་ཏུ་ས་ཡོངས་སུ་སྦྱོང་ཡང་དོན་དམ་པར་ས་དེ་ལ་དངོས་པོར་མི་ལྟའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་ཡོངས་སུ་སྦྱང་བ་གང་ཞེ་ན། རབ་འབྱོར་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡོངས་སུ་སྦྱང་བ་བཅུ་པོ་


DTG091_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་སེམས་ཡོངས་སུ་སྦྱང་བ་བཅུ་དང་ལྡན་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པར་བསྟན་པ་སྟེ། བཅུ་གང་ཞེ་ན་དེ་མི་དམིགས་པའི་ཚུལ་གྱིས་ལྷག་པའི་བསམ་པ་ལ་སོགས་པ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཐོག་མར་བསམ་པ་ཡོངས་སུ་དག་པར་བྱ་སྟེ། བསམ་པ་ཡོངས་སུ་དག་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་གྱུར་བའི་དགེ་བའི་རྩ་བ་མང་པོ་བསགས་ཤིང་སེམས་ཡོད་ས་སུ་སྦྱོང་བ་ནི་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བ་ཞེས་བྱའོ། །སོགས་པའི་ཚིག་གིས་བྱང་ཆུབ་སེམས་དཔའི་ས་བཅུའི་ཡོན་ཏན་ཐོབ་པར་བྱ་བ་དང༌། སྐྱོན་རྣམས་སྤོང་པའི་ཕྱིར་སེམས་སྦྱོང་བའོ། །མཚན་མི་དམིགས་པའི་ཕྱིར་ཕན་པའི་དངོས་པོ་ཡོངས་སུ་སྦྱོང་ཞིང་སེམས་ཅན་མི་དམིགས་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཐམས་ཅད་ལ་ཉེ་རིད་དང༌། བྱམས་སྡང་མེད་པར་སེམས་མཉམ་པར་བྱས་ནས། བསྡུ་བ་རྣམ་བཞིའི་དངོས་པོས་ཕན་འདོགས་ཤིང་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། ཚད་མེད་པ་བཞི་སྒྲུབ་ཅིང་ཕན་གདགས་པའི་མཚན་མ་དང༌། སེམས་ཅན་དུ་དམིགས་པ་ཡང་མེད་པར་སེམས་ཅན་ཡོངས་སུ་སྦྱོང་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བ་ཞེས་བྱའོ། །སྦྱིན་པ་དང་གཏོང་བ་དང་ལེན་པ་མི་དམིགས་པའི་ཕྱིར་གཏོང་བ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཐབས་ལ་མཁས་པས་སྦྱིན་པ་ཡོངས་སུ་བཏང་ཡང་དོན་དམ་པར་སྦྱིན་པའི་དངོས་པོ་དང༌། གཏོང་བ་པོ་དང༌། ལེན་པ་པོ་གསུམ་ལ་དངོས་པོར་མི་ལྟ་ཞིང་མཆན་མར་མི་འཛིན་པ་ནི་སྦྱིན་པ་ཡོངས་སུ་སྦྱང་བའོ། །དེས་རློམ་སེམས་སུ་མི་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བ་དང་


DTG091_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར། དགེ་བ་ལ་ཡང་དག་པར་བསྐུལ་བ་དང༌། དགེ་བ་ལ་འཇོག་པ་དང༌། བཞག་ནས་ཀྱང་དགེ་བ་ལས་ཉམས་པར་མི་བྱེད་པའི་དགེ་བའི་བཤེས་གཉེན་དེ་ལྟ་བུ་ལ་བསྙེན་བཀུར་བྱ་བ་དང༌། རིམ་གྲོར་བྱ་བ་དང༌། བཀུར་སྟིར་བྱས་ཤིང་བླ་མར་བྱ་སྟེ། བསྟེན་ཀྱང་དེས་རློམ་སེམས་སུ་མི་བྱེད་ཅིང་མི་བསྙེམས་པ་ནི། དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བའོ། །ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཆོས་བཙལ་བ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་དགེ་བའི་གཤེས་གཉེན་དེ་ལས་ཐེག་པ་ཆེན་པོའི་ཆོས་མཉན་པ་དང༌། བསམ་པ་དང༌། བསྒོམ་པའི་ལུད་ནོད་ཅིང་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སར་མི་ལྟུང་བར་བྱེད་ལ། དོན་དམ་པར་ཆོས་དེ་དག་མི་དམིགས་པ་ནི། ཆོས་བཙལ་བ་ཡོངས་སུ་སྦྱང་བའོ། །ཁྱིམ་མི་དམིགས་པའི་ཕྱིར་ཡང་དང་ཡང་འབྱུང་བ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་ཁྱིམ་གྱི་འདུ་འཛི་སྤངས་ཏེ། ཚེ་རབས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་ཞིང་དེ་ལ་བར་ཆད་མེད་པར་ཡང་བྱེད་ལ། དོན་དམ་པར་འདུ་འཛིའི་གནས་སྤང་བར་བྱ་བའི་ཁྱིམ་ཉིད་ཀྱང་མི་དམིགས་པ་ནི། ཡང་དང་ཡང་འབྱུང་བ་ཡོངས་སུ་སྦྱང་བའོ། །མཚན་དང་དཔེ་བྱད་བཟང་པོའི་མཚན་མ་མི་དམིགས་པའི་ཕྱིར་སངས་རྒྱས་ཀྱི་སྐུ་ལ་མོས་པ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་མཐོང་ནས་ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་སངས་རྒྱས་ཡིད་ལ་བྱ་བ་དང་མི་འབྲལ་བར་བྱེད་ཀྱང༌། དོན་དམ་པར་མཚན་དང་དཔེ་བྱད་ཀྱི་མཚན་མ་མི་དམིགས་པ་ནི་སངས་རྒྱས་ཀྱི་སྐུ་ལ་མོས་པ་ཡོངས་སུ་སྦྱང་བའོ། །ཆོས་ཀྱི་རྣམ་པ་མི་དམིགས་པའི་ཕྱིར་ཆོས་རྣམ་པར་འབྱེད་པ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་རྣམས་ཀུན་རྫོབ་ཏུ་རྣམ་པར་ཕྱེ་ཞིང་སྟོན་ལ། དོན་དམ་པར་ཆོས་དེ་དག་


DTG091_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་དམིགས་པ་ནི་ཆོས་རྣམ་པར་དབྱེ་བ་ཡོངས་སུ་སྦྱང་བའོ། །ཆོས་ཀྱི་ཡང་དག་པ་ཉིད་མི་དམིགས་པའི་ཕྱིར་ང་རྒྱལ་དང་ཁེངས་པ་བསལ་བ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་ང་རྒྱལ་དང་ཁེངས་པ་སྐྱེ་བའི་རྒྱུ་དབང་ཕྱུག་དང༌། མང་དུ་ཐོས་པ་ལ་སོགས་པའི་ཆོས་རྣམས་ཡང་དག་པར་ཡོད་པ་མ་ཡིན་པར་ཤེས་ནས་ང་རྒྱལ་དང་ཁེངས་པ་སྤངས་པས་ནམ་ཡང་རིགས་དམའ་བར་མི་སྐྱེ་བར་བྱེད་པ་ནི། ང་རྒྱལ་དང་ཁེངས་པ་བསལ་བ་ཡོངས་སུ་སྦྱང་བའོ། །ཚིག་མི་དམིགས་པའི་ཕྱིར་བདེན་བའི་ཚིག་ཡོངས་སུ་སྦྱང་བ་སྟེ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་དེ། བརྫུན་དུ་མི་སྨྲ་ཞིང་སེམས་ཅན་མི་སླུ་བ་དང༌། དོན་དམ་པར་ཚིག་མི་དམིགས་པ་ནི་བདེན་པའི་ཚིག་ཡོངས་སུ་སྦྱང་བའོ། །རབ་འབྱོར་ཡོངས་སུ་སྦྱང་བ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་བྱ་བ་དག་གོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པས་ཡོངས་སུ་སྦྱང་བ་བཅུ་པོ་དེ་དག་ཡོངས་སུ་སྦྱོང་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་ཆོས་བརྒྱད་པོ་འདི་དག་ཡང་དང་ཡང་དུ་ཡིད་ལ་བྱ་སྟེ། དེ་ལ་ནན་ཏན་དུ་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་བརྒྱད་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་ནན་ཏན་དུ་བྱ་བ་བསྟན་པ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་གཉིས་པ་ལ་གནས་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡངས་སུ་རྫོགས་པར་བྱ་བའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་པར་བྱ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དེ་ཡང་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སེམས་ཡིད་ལ་མི་བྱེད་པ་དང༌། བླ་ན་མེད་པའི་བྱང་ཆུབ་ལ་བར་ཆད་དུ་འགྱུར་བ་འཆལ་བའི་ཚུལ་ཁྲིམས་ཀྱི་ཆོས་རྣམས་ཡིད་ལ་མི་བྱེད་པའོ། །བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱམས་


DTG091_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤེལ་པའི་ཕྱིར་ཕན་པ་ཅུང་ཟད་ཅིག་བྱས་ཀྱང་འཁོར་པའི་མཐའ་ལ་ཐུག་གི་བར་དུ་དྲན་ཞིང་བྱས་པ་ཆུད་མི་གསོན་ན་ཕན་པ་ཆེན་པོ་བྱས་པ་ལྟ་ཅི་སྨོས་ཏེ། དྲིན་དུ་གཟེ་ཞིང་ཕན་པའི་ལན་ལྡོན་པའོ། །བཟོད་པའི་མཐུ་ལ་གནས་པ་དང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཉེས་པ་ལ་མི་ལྟ་བ་དང༌། སེམས་ཅན་རྣམས་ལ་གནོད་སེམས་མེད་ཅིང་འཚེ་བ་མེད་པའོ། །རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བར་བྱ་བ་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཐེག་པ་གསུམ་ལ་བཙུད་དེ་ཡོངས་སུ་སྨིན་པར་བྱས་ན། བདག་གིས་སེམས་ཅན་རབ་ཏུ་དགའ་ཞིང་སྤྲོ་བ་ཚིམ་པར་འགྱུར་བའོ། །སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་སྒྲུབ་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཤིང་ཡོངས་སུ་སྐྱོབ་བ་མི་གཏོང་བའོ། །སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བདག་བདེ་བ་ཕུན་སུམ་ཚོགས་པ་ལ་གནས་ཀྱང་སེམས་ཅན་སྡུག་བསྔལ་བ་མཐོང་ན་སྙིང་རྗེ་ཆེན་པོས་གདུང་སྟེ། སེམས་ཅན་སྡུག་བསྔལ་བ་འདི་དག་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར། བདག་བསྐལ་པ་དུ་མར་སེམས་ཅན་དམྱལ་བའི་སྡུག་བསྔལ་ཡང་བཟོད་པར་བྱ་སྟེ། སེམས་ཅན་དེ་དག་སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ནས། སེམས་ཅན་གྱི་དོན་ལ་སྤྲོ་ཞིང་སྐྱོ་བ་མེད་པའོ། །བླ་མ་བསྙེན་བཀུར་ཞིང་དད་པས་གུས་པར་བྱ་བ་དང་ཞེས་བྱ་བ་ནི་དམ་པའི་ཆོས་སྟོན་པའི་མཁན་པོ་དང༌། སློབ་དཔོན་ལ་དད་པ་དང་གུས་པ་བསྐྱེད་དེ་བསྙེན་བཀུར་བྱེད་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བ་སྟེ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་བརྩོན་ཞིང་དོན་སྒྲུབ་པའོ། །རབ་འབྱོར་ཆོས་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་དེ་དག་ལ་ནན་ཏན་དུ་བྱ་བ་དག་གོ་ཞེས་བྱ་བ་ནི་ཆོས་བརྒྱད་པོ་དེ་དག་ཡང་དང་ཡང་དུ་ཡིད་ལ་བྱེད་ཅིང་དེ་དག་ལ་ནན་ཏན་


DTG091_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གསུམ་པ་ལ་གནས་པས། ཆོས་ལྔ་ལ་གནས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གནས་པར་བྱ་བའི་ཆོས་ལྔ་བསྟན་པ་སྟེ། མང་དུ་ཐོས་པས་མི་ངོམས་ཤིང་དེ་ལ་ཡང་ཡི་གེ་ལ་མངོན་པར་མ་ཞེན་པ་དང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ས་གསུམ་པ་རང་བཞིན་གྱིས་མང་དུ་ཐོས་པ་ཚོལ་ཏེ། དམ་པའི་ཆོས་ཚིགས་སུ་བཅད་པ་གཅིག་མཉན་པའི་ཕྱིར་ཡང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེ་མ་མུར་གྱིས་གང་བ་ཡང༌། བརྒལ་ཞིང་འགྲོ་བ་ལྟ་བུར་ཀུན་རྫོབ་ཏུ་མང་དུ་ཐོས་པས་ཆོག་མི་ཤེས་པར་བྱེད་ཀྱང༌། དོན་དམ་པར་ཚིག་དང་ཡི་གེ་ལ་མཚན་མར་མི་འཛིན་ཅིང་ཆགས་པར་ཡང་མི་བྱེད་པའོ། །ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་བྱེད་ཅིང༌། དེས་ཀྱང་རློམ་སེམས་སུ་མི་འགྱུར་བ་དང་ཞེས་བྱ་བ་ནི། དེ་ལྟར་མང་དུ་ཐོས་པ་བསྩགས་ནས་གཞན་ལ་ཆོས་སྟོན་པའི་ཚེ། ཆོས་བསྟན་པ་དེའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བར་ཡང་མི་སེམས་ན་འཇིག་རྟེན་གྱི་རྙེད་པ་དང་བཀུར་སྟི་ཐོབ་པར་བྱ་བར་སེམས་པ་ལྟ་ཅི་སྨོས་ཏེ། དེ་ལྟར་ཆོས་ཀྱི་སྦྱིན་པ་བྱས་པའི་འབྲས་བུ་ལ་རེ་བ་མེད་ཅིང༌། ཆོས་ཀྱི་སྦྱིན་པ་དེས་ཀྱང་རློམ་སེམས་སུ་མི་བྱེད་པ་ནི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་བྱེད་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་བསྔོ་ཡང་དེས་རློམ་སེམས་མི་འགྱུར་བ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་པའི་དགེ་བའི་རྩ་བ་རྣམས་བསྐྱེད་པའི་ཚེ། དགེ་བའི་རྩ་བ་འདིས་ནམ་བདག་སངས་རྒྱས་སུ་གྱུར་པའི་ཚེ་བདག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་ཞིང་དེས་ཀྱང་རློམ་སེམས་སུ་མི་བྱེད་ཅིང་མཚན་མར་མི་འཛིན་པའོ། །དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་ཅིང་དེས་ཀྱང་རློམ་སེམས་སུ་མི་འགྱུར་བ་དང་ཞེས་བྱ་བ་ནི་དགེ་བའི་རྩ་བ་གང་གིས་སེམས་


DTG091_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡོངས་སུ་སྨིན་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བའི་དགེ་བའི་རྩ་བ་དེ་ལྟ་བུ་བསྐྱེད་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་འཁོར་བ་ལ་གནས་ཤིང༌། འཁོར་བ་ཡུན་རིང་པོས་མི་སྐྱོ་བར་དགེ་བའི་རྩ་བ་བསྐྱེད་ཀྱང་དེས་རློམ་སེམས་སུ་མི་འགྱུར་བའོ། །ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་ཀྱང་དེས་རློམ་སེམས་སུ་མི་འགྱུར་པ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་བྱ་བ་མི་རིགས་པ་རྣམས་བྱས་ན་ངོ་ཚ་ཞིང་ཁྲེལ་གྱིས་དོགས་པར་འགྱུར་བ་སྟེ། བྱང་ཆུབ་སེམས་དཔས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེའི་འོག་ཏུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་བསྐྱེད་ན་བྱང་ཆུབ་སེམས་དཔའ་ལ་ཁྲེལ་བ་དང་ངོ་ཚ་བར་འགྱུར་ཏེ། དེ་བས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མི་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པའོ། །རབ་འབྱོར་ཆོས་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གསུམ་པ་ལ་གནས་པར་བྱ་བ་དག་གོ་ཞེས་བྱ་བ་ནི་ཆོས་ལྔ་པོ་དེ་དག་ལ་གནས་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་བླངས་ཤིང་གནས་པར་བྱའོ། །དེ་ལ་ཡོངས་སུ་གཏང་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ས་བཞི་པ་ལ་གནས་པས་སྤྱད་པར་བྱ་བ་བསྟན་པ་སྟེ། དགོན་པ་ལ་གནས་པ་དང་ཞེས་བྱ་བ་ནི་ནགས་ཚོགས་དགོན་པ་ན་གནས་པ་འབའ་ཞིག་ལ་མི་བྱའི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དམན་པ་དང་མ་འདྲེས་པར་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པར་རྟོགས་ཤིང་ཆོས་གང་ལ་ཡང་དངོས་པོར་མི་འཛིན་པ་ཉིད་སེམས་དབེན་པ་ལ་གནས་པས་དགོན་པ་ལ་གནས་པ་ཡིན་ནོ། །འདོད་པ་ཆུང་བ་རྣམས་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་ཆགས་པ་དང་


DTG091_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་མི་སྐྱེད་ན། འཇིག་རྟེན་གྱི་ལུས་དང་ལོངས་སྤྱོད་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལུས་དང་ལོངས་སྤྱོད་ལ་མ་ཆགས་ཤིང་འདོད་པ་མི་སྐྱེ་བ་ནི་འདོད་པ་ཆུང་བའོ། །ཆོག་ཤེས་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙས་ཀྱང་དེ་ལ་དངོས་པོར་མི་འཛིན་ཅིང་དེས་རློམ་སེམས་སུ་མི་འགྱུར་ན། འཇིག་རྟེན་གྱི་ལུས་དང་ལོངས་སྤྱོད་པ་ཆགས་ཤིང་དེ་བས་ལྷག་པ་གཞན་ཚོལ་བ་ལྟ་ཅི་སྨོས་ཏེ། དེ་ལྟར་སྔ་མ་རྙེད་པ་ཙམ་གྱིས་ཆོག་གིས་གཞན་ལྷག་པ་མི་ཚོལ་བ་ལ་ཆོག་ཤེས་པ་ཞེས་བྱའོ། །སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་མི་གཏོང་བ་དང་ཞེས་བྱ་བ་ནི་ཆོས་ཟབ་མོ་རྟོགས་ནས་ཆོས་རྣམས་ལ་མཚན་མར་འཛིན་ཅིང་རྣམ་པར་རྟོག་པ་མི་འབྱུང་བར་སྡོམ་པ་མི་གཏོང་བ་སྟེ། དེ་ལྟར་རྣམ་པར་རྟོག་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་ལ་སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་ཡོངས་སུ་མི་གཏོང་བ་ཞེས་བྱའི་ཕྱག་དར་ཁྲོད་པ་ལ་སོགས་པ་འབའ་ཞིག་ལ་ནི་མི་བྱའོ། །བསླབ་པ་ཡོངས་སུ་མི་གཏང་བ་དང་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔས་བསླབ་པ་དོན་དུ་སྒྲུབ་པ་ནི་རྣམ་པར་མི་རྟོག་པར་བསླབ་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་བསླབ་པ་རྣམ་པར་རྟོག་པ་དང་བཅས་པ་རྣམས་ཡིད་ལ་མི་བྱེད་པའོ། །འདོད་པའི་ཡོན་ཏན་ལ་སྨད་པ་དང་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་རྣམས་ལ་སྐྱོན་དུ་མཐོང་ཞིང་ཆགས་ཕའི་སེམས་མི་བསྐྱེད་པའོ། །མྱ་ངན་ལས་འདའ་བ་དང་ལྡན་པའི་སེམས་བསྐྱེད་པ་དང་ཞེས་བྱ་བ་ནི་འཁོར་བའི་རྒྱུར་འགྱུར་བའི་ཆོས་རྣམས་ལ་མངོན་པར་འདུ་མི་བྱེད་ཅིང་རྣམ་པར་མི་རྟོག་པའོ། །རྫས་ཐམས་ཅད་ཡོངས་སུ་གཏང་བ་དང་ཞེས་བྱ་བ་ནི་ཕྱི་ནང་དངོས་པོ་ཐམས་ཅད་ལ་མཚན་མར་མི་འཛིན་ཅིང་དངོས་པོར་མི་ལྟ་བ་ཉིད་དུ་ཡོངས་སུ་གཏོང་བའོ། །སེམས་ཞུམ་པ་མེད་པ་དང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་ལ་སེམས་མི་འབྲང་ཞིང་མ་ཆགས་པ་ལ་སེམས་ཞུམ་པ་མེད་པ་ཞེས་བྱའོ། །དངོས་པོ་ཐམས་ཅད་ལ་ལྟོས་པ་


DTG091_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་སྟེ་ཞེས་བྱ་བ་ནི་ཕྱི་ནང་གི་དངོས་པོ་ཐམས་ཅད་དངོས་པོར་མི་ལྟ་ཞིང་ཡིད་ལ་མི་བྱེད་པའོ། །རབ་འབྱོར་ཆོས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས་ཡོངས་སུ་གཏོང་བར་མི་བྱ་ཞིང༌། ཡང་དག་པར་བླངས་ཏེ་གནས་པར་བྱ་བ་དག་གོ་ཞེས་བྱ་བ་ནི་ས་བཞི་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་བཅུ་པོ་དེ་དག་ལ་གནས་ཤིང་ཡོངས་སུ་མ་བཏང་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་ལྔ་པ་ལ་གནས་པས་ཆོས་དྲུག་པོ་འདི་དག་ཡོངས་སུ་སྤང་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་སོགས་པས། བྱང་ཆུབ་སེམས་དཔའི་སྐྱོན་དུ་འགྱུར་བའི་ཆོས་རྣམས་ཡོངས་སུ་སྤང་བར་བྱ་བ་བསྟན་པ་སྟེ། ཁྱིམ་པ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བ་དང་ཞེས་བྱ་བ་ནི་སྐབས་འདིར་ཁྱིམ་པ་དང་ལྷན་ཅིག་ཏུ་འགྲོགས་པ་སྤང་བར་བྱ་བ་འབའ་ཞིགས་ལ་ནི་མི་བྱའོ། ཁྱིམ་གྱི་གནས་འདུ་འཛི་ཅན་སྤངས་ཏེ། རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་བྲེགས་ཤིང་གོས་ངུར་སྨྲིག་བགོས་ཏེ། སེམས་ཅན་གྱི་དོན་སྤྱད་པར་བྱ་བའི་ཁྱིམ་གྱི་གནས་བསྟེན་པར་མི་བྱའོ་ཞེས་བསྟན་པའོ། །དགེ་སློང་མ་དང་བསྟེན་པ་དང་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་ལ་ཆགས་པ་དང༌། གོས་ལ་སོགས་པ་ཟང་ཟིང་ལ་ཆགས་པའི་སེམས་ཀྱིས་དགེ་སློང་མ་དང་སེ་གོལ་གཏོགས་པ་ཙམ་ཡང་ལྷན་ཅིག་ཏུ་གནས་པར་མི་བྱ་བ་བསྟན་པའོ། །རིགས་ལ་སེར་སྣ་མེད་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བདག་ཉིད་རྒྱལ་རིགས་དང༌། བྲམ་ཟེ་དང༌། ཁྱིམ་བདག་གི་རིགས་གང་གི་ཁྱིམ་དུ་ཆུད་ཅིང་རྙེད་པ་དང༌། བཀུར་སྟི་བྱས་པའི་ཁྱིམ་དེར་གཞན་དག་ཆུད་ཅིང་རྙེད་པ་དང༌། བཀུར་སྟི་བྱས་ན་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། སེམས་ཅན་འདི་དག་བདག་གིས་བདེ་བའི་ཡོ་བྱད་ཐམས་ཅད་སྦྱར་བའི་རིགས་པ་ལས། སེམས་ཅན་དེ་དག་བདག་ཅག་རང་རང་གི་བསོད་ནམས་ཀྱིས་བདེ་བར་འགྱུར་ན་དེ་ལ་བདག་གིས་སེར་སྣ་དང་ཕྲག་དོག་མི་བྱའོ་སྙམ་དུ་སེམས་ཤིང་ཕྲག་


DTG091_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དོག་མི་བསྐྱེད་པའོ། །འདུ་འཛིའི་གནས་དང་ཞེས་བྱ་བ་ནི་སྐབས་འདིར་མི་མང་པོའི་འདུ་འཛི་སྤང་པ་འབའ་ཞིག་ལ་མི་བྱའི། གང་ན་ཉན་ཐོས་དང་རང་སངས་རྒྱས་ཡོད་པའམ། ཉན་ཐོས་སམ་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་ཟེར་བ་ཡོད་པའམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་སེམས་བསྐྱེད་པར་འགྱུར་བའི་གནས་དེ་ལྟ་བུར་བྱང་ཆུབ་སེམས་དཔའ་གནས་པར་བྱ་བ་ལ་འདུ་འཛིའི་གནས་ཡོངས་སུ་སྤང་བ་ཞེས་བྱའོ། །གནོད་སེམས་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ལ་གནོད་པ་དང་འཚེ་བར་འགྱུར་བའི་སེམས་སམ། ཐབ་མོ་དང་རྩོད་པར་འགྱུར་བའི་སེམས་མི་བསྐྱེད་པ་ལ་གནོད་སེམས་ཡོངས་སུ་སྤང་བ་ཞེས་བྱའོ། །བདག་པ་སྟོད་ཅིང་གཞན་སྨོད་པ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་བདག་དང་གཞན་དུ་བྱེ་བྲག་ཏུ་མི་འབྱེད་ཅིང་ཐ་དད་དུ་མི་ལྟ་བའོ། །ཆོས་དྲུག་པོ་དེ་དག་ནི་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བ་ནི་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་དྲུག་པོ་དེ་དག་ཡོངས་སུ་སྤངས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །ཡང་ཆོས་བཅོ་བརྒྱད་ཡོངས་སུ་སྤང་བར་བྱ་སྟེ་ཞེས་བྱ་བ་ནི་ས་ལྔ་པ་ལ་གནས་པས་སྤང་བར་བྱ་བའི་ཆོས་དྲུག་པོ་དེ་དག་ཏུ་མ་ཟད་ཀྱི། གཞན་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང༌། ལྷག་པའི་ང་རྒྱལ་ལ་སོགས་པ་ཆོས་བཅོ་བརྒྱད་ཀྱང་ཡོངས་སུ་སྤོང་བར་བྱའོ་ཞེས་བསྟན་པའོ། །འདི་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བ་ནི་ལུས་ཀྱིས་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པ་དང༌། ངག་གིས་བརྫུན་དུ་སྨྲ་བ་དང༌། ཕྲ་མ་ཟེར་བ་དང༌། ངག་རྩུབ་མོ་དང༌། ཚིག་ཁྱལ་པ་ཟེར་བ་དང༌། ཡིད་ཀྱིས་ལོག་པར་ལྟ་བ་དང༌། གནོད་སེམས་དང༌། ཆགས་སེམས་བསྐྱེད་པ་སྟེ། ཆོས་བཅུ་པོ་འདི་དག་སྤྱད་ན་བདེ་འགྲོ་ཐོབ་པར་བྱ་བ་ལ་ཡང་བར་དུ་གཅོད་པར་འགྱུར་ན། འཕགས་པའི་ལམ་དང༌། བླ་ན་མེད་པ་ཡང་དག་པར་


DTG091_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་འཐོབ་པར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་ནས། མི་དགེ་བཅུའི་ལས་ཀྱི་བག་ཆགས་ཡན་ཆད་ཀྱང་ཡོངས་སུ་སྤོང་བའོ། །ལྷག་པའི་ང་རྒྱལ་དང་ཞེས་བྱ་བ་ནི་རིགས་བཙུན་པ་དང༌། མང་དུ་ཐོས་པ་ལ་སོགས་པ་ཡོན་ཏན་གང་གིས་ང་རྒྱལ་སྐྱེ་བར་འགྱུར་བའི་ཆོས་དེ་ལྟ་བུ་དོན་དམ་པར་གང་ཡང་དངོས་པོ་ཡོད་པར་མི་ལྟ་བས་དེའི་ཕྱིར་བདག་ཡོན་ཏན་འདི་ལྟ་བུས་གཞན་ལས་ལྷག་གོ་སྙམ་པའི་ང་རྒྱལ་སྐྱེ་བ་མེད་པ་ལ། ལྷག་པའི་ང་རྒྱལ་ཡོངས་སུ་སྤང་བ་ཞེས་བྱའོ། །ཁེངས་པ་དང་ཞེས་བྱ་བ་ནི་སེམས་ཅན་གཞན་ལ་བརྙས་པའི་སེམས་ཀྱིས་ཁེངས་པ་སྐྱེས་ཏེ། དེ་ལྟར་བརྙས་པར་བྱ་བའི་དངོས་པོ་དེ་ལྟ་བུ་དོན་དམ་པར་མི་དམིགས་པའི་ཕྱིར། ཁེངས་པ་ཡོངས་སུ་སྤོང་བའོ། །ཕྱིན་ཅི་ལོག་རྣམས་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པའི་རང་བཞིན་ཡིན་པ་ལས་དངོས་པོ་ཡོད་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའི་ཕྱིན་ཅི་ལོག་ཡིན་ཏེ། ཆོས་ཐམས་ཅད་ལ་དངོས་པོ་ཡོད་པར་མི་ལྟ་བ་ནི་ཕྱིན་ཅི་ལོག་ཡོངས་སུ་སྤོང་བའོ། །ཐེ་ཚོམ་དང་ཞེས་བྱ་བ་ནི་དེ་བཞིན་ཉིད་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡིད་གཉིས་མི་ཟ་བའོ། །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཉམས་རངས་སུ་མི་འདོར་བ་ཞེས་བྱ་བ་ནི་དངོས་པོ་གང་ལ་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་པར་འགྱུར་བའི་དངོས་པོ་དང༌། འདོད་ཆགས་དང༌། ཞེ་སྡང་དང། ཏིག་མུག་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བས་དེ་དག་ཉམས་རངས་སུ་མི་གཏོང་བའོ། །ཆོས་བཅོ་བརྒྱད་པོ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་གནས་པས་སྐྱོན་དུ་འགྱུར་བའི་ཆོས་བཅོ་བརྒྱད་པོ་འདི་རྣམས་ཡོངས་སུ་སྤངས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲུག་པ་ལ་གནས་པས་ཆོས་དྲུག་


DTG091_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སྟོགས་པ་ནི། ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་དང༌། ཆོས་དྲུག་ཡོངས་སུ་སྤང་བར་བྱ་བ་བསྟན་པ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ན། ཤེས་པར་བྱ་བ་ཐམས་ཅད་ཀྱི་མཐར་ཐུག་པར་འགྱུར་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་སྟེ་ཞེས་བྱ་བ་ནི་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། བྱང་ཆུབ་སེམས་དཔའི་སྐྱོན་དུ་འགྱུར་བའི་ཆོས་དྲུག་ཀྱང་ཡོངས་སུ་སྤང་བར་བྱའོ་ཞེས་བསྟན་པ་སྟེ། དེ་དག་ཀྱང་རང་ལོག་ཏུ་ཟད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་མི་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པས་བྱ་བ་མ་ཡིན་པ་དང༌། ཡོངས་སུ་རྫོགས་པར་བྱ་བའི་ཆོས་རྣམས་བསྟན་པ་སྟེ། དེ་ལ་བདག་ཏུ་འཛིན་པ་དང༌། སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པ་བཞི་མི་བྱའོ་ཞེས་སྨོས་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་ལྟ་བ་རྣམས་ནི་ས་དང་པོ་ལ་སྤངས་ཟིན་པས་སྐབས་འདིར་དེ་དག་སྤོང་བ་ལ་ནི་མི་བྱའི། ས་བདུན་པའི་བྱང་ཆུབ་སེམས་དཔའ་མཚན་མ་མེད་པ་ལ་གནས་པ་ཡིན་པའི་ཕྱིར། འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ཡང་བདག་ཏུ་ལྟ་བ་ལ་སོགས་པའི་མཚན་མར་བཟུང་བར་མི་བྱ་བ་བསྟན་པའོ། །ཆད་པར་འཛིན་པ་དང༌། རྟག་པར་འཛིན་པར་མི་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་དང༌། འགག་པ་མེད་པར་རྟོགས་པའི་ཕྱིར་རོ། །མཚན་མའི་འདུ་ཤེས་སུ་མི་བྱའོ་ཞེས་བྱ་བ་ནི་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཚན་མ་མེད་པ་ལ་གནས་པ་ཡིན་པས་མཚན་མའི་འདུ་ཤེས་བྱུང་ན་བྱང་ཆུབ་སེམས་དཔའི་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །རྒྱུར་ལྟ་བ་དང་ཞེས་བྱ་བ་ནི་རྒྱུ་ལས་འབྲས་བུ་འབྱུང་བར་ལྟ་བའི་མཚན་མ་དང་ཡང་བྲལ་པའི་ཕྱིར་རོ། །མིང་དང༌། གཟུགས་


DTG091_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། ཁམས་གསུམ་ལ་མངོན་པར་ཆགས་པར་མི་བྱ་བ་ནི་དོན་དམ་པར་དེ་དག་དངོས་པོ་ཡོད་པར་མ་གྲུབ་པའི་ཕྱིར་རོ། །ཁམས་གསུམ་ལ་མངོན་པར་ཆགས་པ་དང༌། མངོན་པར་ཞེན་པ་དང༌། བརྟེན་པ་དང༌། གནས་པ་ནི་མངོན་པར་ཆགས་པའི་རྣམ་གྲངས་སུ་ཟད་དོ། །སངས་རྒྱས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པ་ལ་དངོས་པོར་ལྟ་བ་ལ་བརྟེན་པས། སངས་རྒྱས་མཐོང་བར་མི་འགྱུར་ཏེ་སངས་རྒྱས་ནི་ཆོས་ཉིད་དུ་བལྟའོ་ཞེས་འབྱུང་བའི་ཕྱིར་རོ། །ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱ་བ་ནི་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང་ཐོབ་པར་བྱ་བའི་ཆོས་སྟོབས་དང༌། མི་འཇིགས་བ་ལ་སོགས་པ་ལ་དངོས་པོར་ལྟ་བས་ཆོས་ཀྱི་ཆོས་ཉིད་མཐོང་བར་མི་འགྱུར་ཏེ། དེ་བས་ན་ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱའོ། །དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་ཞེས་བྱ་བ་ནི་འཕགས་པའི་དགེ་འདུན་དང༌། སོ་སོའི་སྐྱེ་བོའི་དགེ་འདུན་ལ་དངོས་པོར་ལྟ་བ་ལ་ཆགས་ན་མཚན་མར་འཛིན་པ་ལ་ཆགས་པས་ཡང་དག་པར་དགེ་འདུན་མཐོང་བར་མི་འགྱུར་གྱི། ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་བལྟས་ལ་དོན་དམ་པར་དེ་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་པར་བྱའོ་ཞེས་བསྟན་པའོ། །ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། ཉན་ཐོས་ཀྱི་སྡོམ་པ་རྣམས་ལ་དངོས་པོར་ལྟ་ཞིང་མཚན་མར་འཛིན་ན་ཚུལ་ཁྲིམས་རྣམ་པར་དག་པར་མི་འགྱུར་གྱི། ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་བལྟས་ལ། དོན་དམ་པར་དེ་ལ་ཡང་དངོས་པོར་མི་ལྟ་ཞིང་མཚན་མར་མི་འཛིན་ན་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་ཏེ། དེ་བས་ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱའོ། །ཆོས་ཐམས་ཅད་སྟོང་ངོ་ཞེས་ཞུམ་པར་འགྱུར་བ་དང་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་དེ་སྟོང་ཡང་ལས་ལེགས་ཉེས་ཀྱི་འབྲས་བུ་སྐྱིད་སྡུག་ཀྱང་མེད་དོ་སྙམ་ནས་སྟོང་པས་


DTG091_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་ཅིང་སེམས་ཞུམ་པར་མི་བྱ་སྟེ། ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་མེད་པ་མ་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་དང་འགལ་བ་སྟེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཤིག་གུད་ན་ཡོད་ན་ནི། །ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བ་དེ་སྟོང་པ་ཉིད་ཀྱི་རང་བཞིན་མེད་པ་མ་ཡིན་པས་འགལ་བར་ཡང་འགྱུར་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའི་ནང་དུ་སྟོང་པ་ཉིད་ཀྱང་མེད་པར་འདུས་པས། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ལ་འགལ་བ་མེད་དེ། དེ་བས་ན་སྟོང་པ་ཉིད་དང་འགལ་བར་མི་བྱེད་དོ། །རབ་འབྱོར་ཆོས་ཉི་ཤུ་པོ་དེ་དག་ནི་བྱ་བ་མ་ཡིན་པའོ་ཞེས་བྱ་བ་ནི། ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་ཉི་ཤུ་པོ་དེ་དག་མ་བྱས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །དེས་ཆོས་ཉི་ཤུ་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་ཉི་ཤུ་ཡོངས་སུ་རྫོགས་པར་བྱ་བ་བསྟན་པ་སྟེ། སྟོང་པ་ཉིད་རྫོགས་པར་བྱ་བ་དང་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་གི་མཚན་ཉིད་ཀྱང་ཡོད་པར་མི་ལྟའོ། །མཚན་མ་མེད་པས་མངོན་དུ་བྱ་བ་དང་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས་མཚན་མ་གང་ཡང་ཡིད་ལ་མི་བྱེད་པའོ། །སྨོན་པ་མེད་པ་ཞེས་བྱ་བ་དང་ཞེས་བྱ་བ་ནི་ཁམས་གསུམ་གྱི་ཆོས་ཐམས་ཅད་ལ་མ་ཆགས་ཤིང་མི་སྨོན་པའོ། །འཁོར་གསུམ་ཡོངས་སུ་དག་པ་དང་ཞེས་བྱ་བ་ནི། སྐབས་འདིར་ལུས་དང༌། ངག་དང་ཡིད་གསུམ་གྱི་སྒོ་ནས་ཉེས་པ་དང༌། སྐྱོན་མི་འབྱུང་བར་དགེ་བ་བཅུ་ཡོངས་སུ་རྫོགས་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །སེམས་ཅན་དེ་དག་ལ་བརྙས་པར་མི་བྱ་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་བྱམས་པ་ཆེན་པོ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་བརྙས་ཤིང་སྨད་པར་མི་བྱེད་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་བ་དང་ཞེས་བྱ་བ་ནི་འཁོར་བ་དང་མྱ་


DTG091_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པ་གཉིས་བྱེ་བྲག་ཏུ་མི་འབྱེད་ཅིང་བླང་དོར་མེད་པར་ལྟ་བའོ། །ཡང་དག་པའི་ཚུལ་རབ་ཏུ་རྟོགས་ཤིང་དེས་རློམ་སེམས་སུ་མི་བྱང་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་བའི་རང་བཞིན་དུ་ཚུལ་གཅིག་ཏུ་རྟོགས་ཤིང༌། དེ་ལྟར་རྟོགས་པར་བྱ་བ་དང༌། རྟོགས་པར་བྱེད་པ་གཉིས་དམིགས་སུ་མེད་པར་རྟོགས་པ་མེད་པར་ཤེས་པའོ། །མི་སྐྱེ་བ་ལ་བཟོད་པ་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པར་རྟོགས་པར་ནུས་ཤིང་སྐྱེ་བ་མེད་པ་དང༌། འགག་པ་མེད་པས་མི་སྐྲག་པའོ། །མི་སྐྱེ་བ་ཤེས་པ་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་སྐྱེ་བར་བཟོད་པའི་འོག་ཏུ་ཆོས་ཐམས་ཅད་མི་སྐྱེ་བར་ཤེས་བའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་འབྱུང་བའོ། །ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པ་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཚུལ་གཅིག་སྟེ། ཡོད་པ་དང༌། མེད་པ་དང༌། རྟག་པ་དང༌། མི་རྟག་པ་ལ་སོགས་པ་མཐའ་གཉིས་སུ་མི་སྟོན་པའོ། །རྟོག་པ་ཡང་དག་པར་བསལ་བ་དང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་ལ་མཚན་མར་འཛིན་ཅིང་རྣམ་པར་རྟོག་པ་མེད་པའོ། །ལྟ་བ་རྣམ་པར་ཟློག་པ་དང་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བ་དམན་པ་ལས་ལྡོག་པའོ། །ཉོན་མོངས་པ་རྣམ་པར་ཟློག་པ་དང་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ཆགས་ཀྱི་དབང་གིས་འཁོར་བར་སྐྱེ་བའི་ཉིང་མཚམས་སྦྱོར་བ་མེད་པའོ། །ཞི་གནས་དང་ལྷག་མཐོང་གི་ས་དང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལས་ཀྱང་མ་ཉམས་ལ། ལྷག་མཐོང་གིས་ཆོས་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་དུ་མཁྱེན་པའོ། །དུལ་བའི་སེམས་དང་ཞེས་བྱ་བ་ནི་ཁམས་གསུམ་གྱི་དངོས་པོ་ལ་སེམས་མ་ཡེངས་ཤིང་མ་ཆགས་པའོ། །ཞི་བའི་སེམས་དང་ཞེས་བྱ་བ་ནི་དབང་པོ་དྲུག་ཡུལ་དྲུག་ལ་མ་འཕྲོས་ཤིང་མ་ཡེངས་པའོ། །ཐོགས་


DTG091_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཐགས་ཐོགས་མེད་པར་མཁྱེན་པའོ། །བྱམས་པའི་སྐབས་ཤེས་པ་དང་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་བྱམས་པ་ལྟར་ཕྱོགས་གཅིག་ལ་བྱམས་ལ་ཕྱོགས་གཅིག་ལ་སྡང་པ་ནི་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་ཤིང་བཏང་སྙོམས་སུ་འཇུག་པའོ། །གང་དུ་འདོད་པའི་ཞིང་དུ་འགྲོ་བ་སྟེ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཡོད་བ་དེ་དག་གིས་ལུས་སྟོན་ཅིང་འགྲོ་བའོ། །རབ་འབྱོར་ཆོས་ཉི་ཤུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུན་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པས། ཆོས་དེ་དག་ཡོངས་སུ་རྫོགས་པར་བྱས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཡོངས་སུ་རྫོགས་པར་བྱ་བའི་ཆོས་རྣམས་བསྟན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་ཐང་ཅིག་ལ་དུས་གཅིག་ཏུ་ཤེས་པའོ། །མངོན་པར་ཤེས་པས་རྣམ་པར་རྩེ་བ་དང་ཞེས་བྱ་བ་ནི་མངོན་བར་ཤེས་པའི་དབང་གིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྫུ་འཕྲུལ་གྱིས་རྒྱུ་ཞིང་སངས་རྒྱས་རྣམས་ལྟ་བའི་ཕྱིར་འགྲོ་བའོ། །སངས་རྒྱས་ཀྱི་ཞིང་ལྟ་ཞིང་སངས་རྒྱས་ཀྱི་ཞིང་ཇི་ལྟར་མཐོང་བ་དེ་དག་ཡོངས་སུ་སྒྲུབ་པ་དང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་བདག་ཉིད་སངས་རྒྱས་ཀྱི་ཞིང་གཅིག་གཅིག་ན་འདུག་ཅིང༌། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་རྣམས་མཐོང་བར་བྱས་ནས་ཇི་ལྟར་མཐོང་བའི་སངས་རྒྱས་ཀྱི་


DTG091_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དེ་དག་སྒྲུབ་པའི་ཕྱིར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་སྲིད་ཀྱང་ཡོངས་སུ་བཏང་ནས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་གནས་པར་བྱེད་པའོ། །སངས་རྒྱས་ལ་བསྙེན་བཀུར་ཞིང་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་པ་སྟེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར། དམ་པའི་ཆོས་ཡོངས་སུ་སྨིན་པར་བྱེད་ཅིང༌། ཆོས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པའོ། །རབ་འབྱོར་བཞི་པོ་དེ་དག་ནི་ཡོངས་སུ་རྫོགས་པར་བྱ་བའི་ཆོས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པས་ཆོས་དེ་བཞི་ཡོངས་སུ་རྫོགས་པར་བྱས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པས། གཞན་ཡང་ཆོས་རྣམ་པ་བཞི་ཡོངས་སུ་རྫོགས་པར་བྱ་བ་བསྟན་པ་སྟེ། དབང་པོ་རབ་དང་ཐ་མ་ཤེས་པ་དང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པ་ལ་གནས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚེ། སེམས་ཅན་ཆོས་ཟབ་མོའི་སྣོད་དུ་གྱུར་ཏམ། མ་གྱུར་པའི་དབང་པོ་རབ་དང་ཐ་མ་རབ་ཏུ་རྟོག་པ་ལ་མཁས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་བའི་གཞིའམ་རྒྱུ་ཡིན་པའི་ཕྱིར་སེམས་ཅན་གྱི་སེམས་ཡོངས་སུ་དག་པར་བྱེད་པ་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ཞེས་བྱ་བའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་དང་ཡང་དུ་མཉམ་པར་གཞག་པར་བྱ་བ་དང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཐུགས་སུ་ཆུད་པས་ཕྱི་རོལ་གྱི་དངོས་པོ་མི་བརྩན་པར་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ཙམ་གྱིས། སེམས་ཀྱི་དབང་དུ་གྱུར་པས་བྱ་བ་ཐམས་ཅད་བྱེད་ནུས་པའོ། །སེམས་ཅན་རྣམས་


DTG091_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགེ་བའི་རྩ་བ་ཇི་ལྟ་ཇི་ལྟར་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་སྒྲུབ་པའི་ཕྱིར་ཆེད་དུ་བསམས་ཤིང་སྲིད་པ་ཉེ་བར་ལན་པ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལྷ་དང་མི་དང༌། ལྷ་མ་ཡིན་ལ་སོགས་པའི་ལུས་གང་གིས་སེམས་ཅན་རྣམས་ཀྱི་ལུས་སྒྲུབ་ནུས་ཤིང༌། སེམས་ཅན་གྱི་དགེ་བ་འཕེལ་བར་འགྱུར་བ་དེ་ལྟ་བུའི་ལུས་ཆེད་དུ་བསམས་ཤིང་བླངས་ཏེ་སེམས་ཅན་གྱི་དོན་མཛད་པའོ། །རབ་འབྱོར་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱ་བའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་འདི་དག་ཀྱང་ཡོངས་སུ་རྫོགས་པར་བྱས་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགུ་བ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱ་བ་བསྟན་པ་སྟེ། འདི་ལྟར་སྨོན་ལམ་མཐའ་ཡས་པ་ཡོངས་སུ་གཟུང་བ་སྟེ། ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བ་དང་ཞེས་བྱ་བ་ནི་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བས་བྱང་ཆུབ་སེམས་དཔའི་སྨོན་ལམ་རྒྱ་ཆེན་པོ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར། ཇི་ལྟར་སྨོན་བ་དེ་བཞིན་དུ་འགྲུབ་པའོ། །ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པ་ཞེས་བྱ་བ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས། ལྷ་དང༌། ཀླུ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་ཤིང་དེ་དག་གི་སྐད་དུ་ཆོས་སྟོན་པའོ། །ཡོངས་སུ་རྫོགས་པའི་སྤོབས་པ་ངེས་བར་བསྟན་པ་ཤེས་པ་དང་ཞེས་བྱ་བ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་ལྡན་པས། བདུད་


DTG091_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དང་མུ་སྟེགས་ཅན་ལ་སོགས་པ་ཕས་རྒོལ་བ་རྣམས་ཐུལ་བ་དང༌། རྒྱལ་རིགས་ཆེ་ཞིང་བཙུན་པ་ལ་སོགས་པའི་འཁོར་དུ་ཆོས་སྟོན་པ་ལ་སྦ་མི་འགོང་ཞིང་ཟིལ་གྱིས་མི་ནོན་པའི་སྤོབས་བ་དང་ལྡན་པའོ། །མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་འཁོར་བར་སྐྱེ་ན་ཡང༌། ཉོན་མོངས་པའི་དབང་གིས་མའི་མངལ་དུ་མི་སྐྱེ་བར་ཚེ་རབས་ཐམས་ཅད་དུ་རྫུས་ཏེ་སྐྱེ་བའོ། །རིགས་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་དམ་པའི་ཆོས་སྤྱོད་ནུས་པའི་སྣོད་དུ་གྱུར་པའི་རིགས་བཟང་པོར་སྐྱེ་བའོ། །རྒྱུད་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་རྒྱལ་རིགས་ཆེ་ཞིང་མཐོ་བ་དང་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་རྒྱུད་དུ་སྐྱེ་བའོ། །རུས་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་རུས་དང་རིགས་གང་གི་ནང་དུ་སྔོན་བྱང་ཆུབ་སེམས་དཔའ་བྱུང་བར་གྱུར་པའི་རིགས་དེར་སྐྱེས་པའོ། །འཁོར་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་ལ་བཀོད་པས་བྱང་ཆུབ་སེམས་དཔའི་འཁོར་དང་ལྡན་པར་གྱུར་པའོ། །ཚེ་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་ས་དགུ་པའི་བྱང་ཆུབ་སེམས་དཔའ་ནི་སྐྱེས་མ་ཐག་ཏུ་སྔོན་གྱི་བསོད་ནམས་ཀྱི་མཐུས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་འོད་ཀྱི་སྣང་བས་ཁྱབ་ཅིང༌། འཇིག་རྟེན་གྱི་ཁམས་དེ་དག་རྣམ་པ་དྲུག་ཏུ་གཡོ་པར་འགྱུར་བའོ། །མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་རབ་ཏུ་འབྱུང་བའི་ཚེ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་རབ་ཏུ་འབྱུང་སྟེ། རབ་ཏུ་བྱུང་བའི་སེམས་ཅན་དེ་དག་ཀྱང་ཐེག་པ་གསུམ་ལ་ངེས་པར་གནས་པར་འགྱུར་བའོ། །བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་འཚང་རྒྱ་བའི་བྱང་ཆུབ་ཀྱི་ཤིང་གི་རྩ་བ་ནི་གསེར་གྱི་རྒྱུ་ལས་བྱས་པ། ལྷུན་ནི་བཻ་ཌཱུཪྻའི་རང་བཞིན་དུ་འདུག་པ། ཡལ་ག་ནི་རིན་པོ་ཆེ་སྣ་བདུན་ལས་གྲུབ་


DTG091_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པ། མེ་ཏོག་དང་ལོ་མ་ནི་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་ཡིན་ལ། ཤིང་དེའི་དྲི་ཞིམ་པོ་དང་འོད་བཟང་པོས་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཁྱབ་པར་འགྱུར་བའོ། །ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་ཕུན་སུམ་ཚོགས་པ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཡོན་ཏན་ཐམས་ཅད་དང་ལྡན་པའོ། །རབ་འབྱོར་ཆོས་བཅུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགུ་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱ་བའོ་ཞེས་བྱ་བ་ནི་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་བཅུ་གཉིས་པོ་དེ་དག་ཡོངས་སུ་རྫོགས་པར་བྱས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་བྱ་བ་ལས་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་ཤིང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་ལ། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་བག་ཆགས་ཡན་ཆད་སྤངས་པས་སངས་རྒྱས་དང་འདྲ་བའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་གསུངས་སོ། །དེ་སྐད་ཅེས་བཀའ་སྩལ་བ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་ས་བཅུ་པོ་རེ་རེ་ལ་ཡོངས་སུ་སྦྱོང་ཞིང་རྫོགས་པར་བྱ་བ་དང༌། སྤང་བར་བྱ་བའི་ཆོས་རྣམས་མདོར་སྨོས་པ་དེ་དག་རེ་རེ་ནས་ཞིབ་ཏུ་དགྲོལ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་བ་ལ་སོགས་པ་ཡོངས་སུ་སྦྱོང་བ་


DTG091_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལགས་ཞེས་བྱ་བ་ནི་དང་པོར་ལྷག་པའི་བསམ་པ་ལ་སོགས་པ་ཡོངས་སུ་སྦྱོང་བ་མདོར་བཤད་པ་དེ་ཉིད་ཞིབ་ཏུ་བཤད་པའི་ཕྱིར། ལྷག་པའི་བསམ་པ་ལ་སོགས་པ་དེ་དག་ཇི་ལྟར་ཡོངས་སུ་སྦྱང་བར་བགྱི་ཞེས་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དགེ་བའི་རྩ་བ་མང་པོ་ཡང་དག་པར་སྡུད་པ་འདི་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ལ་སོགས་པ་ཡོངས་སུ་སྦྱོང་པའོ་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པའི་ཡོངས་སུ་སྦྱང་བ་བཅུ་པོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་རབ་ཏུ་དགའ་བ་ལ་གནས་པས་ཡོངས་སུ་སྦྱང་བར་བྱ་བའི་ཆོས་བཅུ་གང་དུ་མདོར་སྨོས་པའི་འགྲེལ་པ་སྟེ། དེ་དག་གི་དོན་ནི་སྔར་བཤད་པ་བཞིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཞེ་ན་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བའོ་ཞེས་བྱའི་བར་དུ་ནི། ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་བརྒྱད་ཡིད་ལ་བྱ་བ་གོང་དུ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་མ་ངོམས་པ་གང་ཞེ་ན་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པའོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱ་བ་གོང་དུ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པ་ན་གནས་པ་ཡོངས་སུ་མི་གཏོང་བ་གང་ཞེ་ན་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་


DTG091_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པའོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས་བཞི་པ་ལ་གནས་པས་ཆོས་བཅུ་ཡོངས་སུ་བླངས་ཤིང་གནས་པར་བྱ་བ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་པ་དང་བརྟེན་པ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཉམས་རངས་སུ་མི་འདོར་བའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་གནས་པས་ཆོས་དྲུག་དང་བཅོ་བརྒྱད་ཡོངས་སུ་སྤང་བར་བྱ་བ་གོང་དུ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་ས་དྲུག་ལ་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་གང་ཞེ་ན་ཞེས་བྱ་བ་ནས། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས་ཐོག་མ་སེམས་བསྐྱེད་ནས་ཁ་ཟ་ཡག་གི་སེམས་སུ་མི་བྱའི། སྦྱིན་པ་ཡོངས་སུ་གཏང་བར་བྱའོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་གནས་པས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་དང༌། ཆོས་དྲུག་ཡོངས་སུ་སྤང་བར་བྱ་བ་མདོར་སྨོས་པའི་འགྲེལ་པ་སྟེ། གཞན་གྱི་གོང་དུ་བཤད་བ་བཞིན་ནོ། །ཤེས་པར་བྱ་བ་ལྔའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་པ་ལས་ཤེས་པར་བྱ་བ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པར་གྱུར་ཏེ། ཤེས་པར་བྱ་བའི་ནང་ན་ཡང་འདས་པ་དང་མ་འོངས་པའི་དུས་ཡུན་རིང་པོ་ནས་སེམས་ཅན་དང་སེམས་ཅན་མ་ཡིན་པའི་དངོས་པོ་རྣམས་སྔར་ཅིར་གྱུར་པ་དང༌། ཕྱིས་ཅིང་འགྱུར་བ་དང༌། ད་ལྟར་གྱི་དངོས་པོ་བརྟག་ཅིང་བལྟ་དཀའ་བ་རྣམས་དང༌། དོན་དམ་པའི་དབྱིངས་ཚིག་གིས་བརྗོད་པའི་ཡུལ་མ་ཡིན་པ་དང༌། འདུས་མ་བྱས་པའི་དབྱིངས་དང༌། ཤེས་པར་བྱ་བའི་དངོས་པོ་འདི་ལྔ་ཟབ་ཅིང་བརྟག་དཀའ་སྟེ། གཞན་


DTG091_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཐར་ཕྱིན་པར་མི་ནུས་པའི་ཕྱིར་རྒྱ་མཚོ་དང་འདྲ་བས་ཤེས་པར་བྱ་བ་ལྔའི་རྒྱ་མཚོ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པར་བྱ་བ་ལྔའི་རྒྱ་མཚོའི་མཐར་ཕྱིན་པར་བཤད་པ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་གནས་པའི་ཚེ་ལ་མི་བྱའི། ཐེག་པ་གཅིག་ཏུ་བཤད་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ལ་བྱའོ། །ཁ་ཟ་ཡག་གི་སེམས་སུ་མི་བྱ་ཞེས་བྱ་བ་ནི་སྟོང་པའམ་དོན་མེད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་ཏུ་འཛིན་པར་མི་བྱ་ཞེ་ན་ཞེས་བྱ་བ་ནས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དུ་འདོད་པའི་ཞིང་དུ་འགྲོ་བ་གང་ཞེ་ན། འཁོར་གྱི་དཀྱིལ་འཁོར་དེ་དང་དེ་དག་ཏུ་ལུས་སྟོན་པའོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པས་བདག་ཏུ་འཛིན་པ་ལ་སོགས་པ་ཆོས་ཉི་ཤུ་མི་བྱ་བ་དང༌། སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ལ་སོགས་པ་ཆོས་ཉི་ཤུ་ཡོངས་སུ་རྫོགས་པར་བྱ་བ་གོང་དུ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པ་གང་ཞེ་ན་ཞེས་བྱ་བ་ནས། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེད་དུ་བསམས་ཤིང་སྲེད་པ་ཉེ་བར་ལེན་པ་ཡིན་ཞེ་ན། འདི་ལྟ་སྟེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་རྣམ་གཉིས་ཡོངས་སུ་རྫོགས་པར་བྱ་བ་གོང་དུ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ཞེ་ན་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པའོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་


DTG091_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་བྱ་བ་གོང་དུ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅུ་པ་ལ་གནས་པ་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་གང་ཞེ་ན་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ་ཞེས་བྱ་བའི་བར་དུ་ནི་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་གོང་དུ་མདོར་སྨོས་པའི་འགྲེལ་པ་སྟེ། དེ་དག་གི་དོན་ཀྱང་གོང་དུ་མདོར་སྨོས་པའི་སྐབས་ཉིད་དུ་བཤད་ཟིན་ཏོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་གང་ཞེ་ན་ཞེས་བྱ་བ་ནས། རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུའོ་ཞེས་བྱ་བའི་བར་དུ་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་གོང་དུ་སྨོས་པ་ས་བཅུ་ལ་ཇི་ལྟར་གནས་པ་དང༌། ཇི་ལྟར་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པར་བྱ་བའི་དོན་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྟོང་པ་ཉིད་བཅོ་བརྒྱད་དང༌། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ལ་སྤྱོད་པའི་ཚེ་ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱིས་དང༌། བྱང་ཆུབ་སེམས་དཔའི་ས་དགུ་དག་ལས་འདས་ནས་བྱང་ཆུབ་སེམས་དཔའི་ས་བཅུ་པ་ལ་གནས་པ་ནི་སངས་རྒྱས་ཀྱི་ས་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་གནས་པའི་ཚེ་དྲོད་དང་རྩེ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པ་ན་དང་པོར་རྣམ་པར་བྱང་བའི་ཆོས་དཀར་པོ་རྣམས་མཐོང་བའི་ཕྱིར་དཀར་པོ་མཐོང་བའི་ས་ཞེས་བྱ་པའོ། །རིགས་ཀྱི་ས་ཞེས་བྱ་བ་ནི་བཟོད་པ་དང༌། འཇིག་རྟེན་གྱི་ཆོས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཐོབ་པའི་ཚེ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་


DTG091_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱང་ཆུབ་གསུམ་འཐོབ་པའི་རིགས་དང་ལྡན་པས་ན་རིགས་ཀྱི་ས་ཞེས་བྱའོ། །བརྒྱད་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ས་ནས་ཡས་བགྲངས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་ལ་གྲངས་བརྒྱད་པ་ལ་འབབ་པས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པའི་ས་ལ་བརྒྱད་པ་ཞེས་བྱའོ། །མཐོང་བའི་ས་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པས་ཆོས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་མཐོང་བས་ན་མཐོང་བའི་ས་ཞེས་བྱའོ། །བསྲབས་པའི་ས་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བས་འདོད་པའི་ཁམས་ཀྱི་འདོད་ཆགས་སྲབ་མོར་བྱས་པས་ན་བསྲབས་པའི་ས་ཞེས་བྱའོ། །འདོད་ཆགས་དང་བྲལ་བའི་ས་ཞེས་བྱ་བ་ནི་ཕྱིར་མི་འོང་བའི་ས་ལ་གནས་པས་འདོད་པའི་ཁམས་ཀྱི་འདོད་ཆགས་མ་ལུས་པར་སྤངས་པའི་ཕྱིར། འདོད་ཆགས་དང་བྲལ་བའི་ས་ཞེས་བྱའོ། །བྱས་པ་རྟོགས་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པའི་ས་ལ་གནས་པས་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་ཤིང་དགྲ་བཅོམ་པའི་ཡོན་ཏན་ཡོངས་སུ་རྫོགས་པར་བྱས་པ་རྣམ་པར་གྲོལ་བ་མཐོང་བའི་ཡེ་ཤེས་ཀྱིས་བྱ་བ་ནི་བྱས་ཟིན། ཚངས་པར་སྤྱད་པ་ནི་སྤྱད་ཟིན་ཏེ། འདི་ལས་སྲིད་པ་གཞན་མྱོང་བར་མི་འགྱུར་རོ་ཞེས་རྟོགས་པར་འགྱུར་བས་ན་དགྲ་བཅོམ་པའི་ས་ལ་བྱས་པ་རྟོགས་པའི་ས་ཞེས་བྱའོ། །དེ་ལྟར་ཉན་ཐོས་ཀྱི་ས་རྣམས་དང༌། བྱང་ཆུབ་སེམས་དཔའི་ས་དང་པོ་ལ་སོགས་པ་ས་དགུ་རྣམས་ལས་ཡོངས་སུ་འདས་ནས་ས་བཅུ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་ནོ་ཞེས་བསྟན་པ་སྟེ། སངས་རྒྱས་ཀྱི་ས་ལ་གནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་ན་སངས་རྒྱས་དང་འདྲ་བའི་ཕྱིར་སངས་རྒྱས་ཀྱི་ས་ལ་གནས་ཞེས་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་


DTG091_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་ཞེས་བྱ་བ་ནི་ས་དང་པོ་ནས་ས་བཅུ་པའི་བར་དུ་བྱང་ཆུབ་སེམས་དཔའི་སྐྱོན་རྣམས་ཡོངས་སུ་སྤོང་བ་དང༌། ཡོན་ཏན་རྣམས་ཡོངས་སུ་རྫོགས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་སྦྱོང་བ་དེ་དག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བྱའོ་ཞེས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དོན་གོང་དུ་བཤད་པ་རྣམས་མཇུག་བསྡུས་ཏེ་བསྟན་པའོ། །རབ་འབྱོར་ཁྱོད་ཀྱིས་གང་ཡང་འདི་སྐད་དུ་ཐེག་པ་དེ་གང་ནས་འབྱུང་བར་འགྱུར་ཞེས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་རབ་འབྱོར་གྱིས་ཐེག་པ་དེ་གང་ནས་འབྱུང་བར་འགྱུར་ཞེས་བཅོམ་ལྡན་འདས་ལ་ཞུས་པའི་ཚིག་དེ་ཉིད་སྨོས་ནས། ཐེག་པ་ཆེན་པོ་དེ་ཀུན་རྫོབ་ཏུ་ནི་ཁམས་གསུམ་ནས་བྱུང་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་དང༌། དོན་དམ་པར་ཁམས་གསུམ་ནས་འབྱུང་བ་ཡང་མེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་ཡང་མེད་པ་བསྟན་པ་སྟེ། དེ་ལ་མི་དམིགས་པའི་ཚུལ་གྱིས་ཁམས་གསུམ་ནས་འབྱུང་བར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་རོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དེ་ཀུན་རྫོབ་ཏུ་ཁམས་གསུམ་ནས་བྱུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་ཆེན་པོ་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པས་དོན་དམ་པར་ཐེག་པ་ཆེན་པོ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐ་དད་དུ་དབྱེར་མེད་པས་ཁམས་གསུམ་ནས་འབྱུང་བ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་དབྱེར་མེད་པ་བསྟན་པ་སྟེ། ཆོས་དེ་གཉིས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བའི་དོན་དམ་པར་ཐེག་པ་ཆེན་པོ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཅིག་པ་དང་ཐ་དད་པའི་མཚན་ཉིད་མེད་པར་བསྟན་པ་སྟེ། ལྡན་པ་ཡང་མ་ཡིན་ཞེས་བྱ་


DTG091_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བས་ནི་གཅིག་པའི་མཚན་ཉིད་མེད་པ་བསྟན་ཏོ། །མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བས་ནི་ཐ་དད་པའི་མཚན་ཉིད་མེད་པ་བསྟན་ཏོ། །གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ་ཞེས་བྱ་བ་ནི་དོན་དམ་པར་ཐེག་པ་ཆེན་པོ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐ་དད་དུ་དབྱེར་མེད་པའི་གཏན་ཚིགས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཚན་ཉིད་མེད་པའི་ཆོས་ནི་འབྱུང་བའམ་འབྱུང་བར་འགྱུར་བའམ། བྱུང་བར་གྱུར་པ་མེད་དེ་ཞེས་བྱ་བ་ནི་དེ་ལྟར་ཐེག་པ་ཆེན་པོ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོན་དམ་པར་དངོས་པོ་མེད་དེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་ཁམས་གསུམ་ནས་ད་ལྟར་བྱུང་བ་ཡང་མེད། ཕྱིས་འབྱུང་བར་འགྱུར་བ་ཡང་མེད། སྔོན་བྱུང་བར་གྱུར་པ་ཡང་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་འབྱུང་པར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་འགོག་པའི་དབྱིངས་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བའི་བར་དུ་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་རང་བཞིན་གྱི་རྣམ་གྲངས་སུ་གཏོགས་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ལ་སོགས་པ་སྨོས་ཏེ། དེ་དག་ལ་དོན་དམ་པར་ཁམས་གསུམ་ནས་འབྱུང་བ་ཡང་མེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་ཡང་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མེད་པས་ཁམས་གསུམ་ནས་འབྱུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་གཟུགས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་


DTG091_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན་པའི་ཆོས་མིང་གིས་སྨོས་པ་རྣམས་དེ་དག་གི་རང་བཞིན་གྱིས་སྟོང་པའི་གཏན་ཚིགས་སྨོས་ནས། དེ་དག་ཁམས་གསུམ་ནས་འབྱུང་པ་ཡང་མེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་ཡང་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེ་འང་ཁམས་གསུམ་ནས་འབྱུང་བ་ཡང་མེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་ཡང་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་པར་འདོད་པ་དེ་ནི་རྨི་ལམ་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་རྨི་ལམ་ལ་སོགས་པ་ཤིན་ཏུ་མཚན་ཉིད་མེད་པའི་ཆོས་མིང་གིས་སྨོས་པ་རྣམས་ཁམས་གསུམ་ནས་འབྱུང་བ་མེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེ་ཡང་ཁམས་གསུམ་ནས་འབྱུང་བ་མེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་པར་འདོད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངོ་བོ་ཉིད་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་མིང་གིས་སྨོས་པ་རྣམས་དོན་དམ་པར་དེ་དག་གི་ངོ་བོ་ཉིད་ཀྱིས་སྟོང་པའི་གཏན་ཚིགས་སྨོས་ནས། ཆོས་དེ་དག་དོན་དམ་པར་ཁམས་གསུམ་ནས་འབྱུང་བ་མེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེ་ཡང་ཁམས་གསུམ་


DTG091_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྱུང་བ་མེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་དགྲ་བཅོམ་པ་ཟག་པ་ཟད་པ་སྐྱེ་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཉན་ཐོས་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་རྣམས་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཁམས་གསུམ་ནས་འབྱུང་བ་མེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེ་ཡང་ཁམས་གསུམ་ནས་འབྱུང་བ་མེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་བྱ་བའི་བར་དུ་ནི་ཉན་ཐོས་དང་རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐོབ་པར་བྱ་བའི་ཆོས་ཉན་ཐོས་ཀྱི་རྒྱུན་དུ་ཞུགས་པ་ལ་སོགས་པ་འབྲས་བུ་བཞི་དང༌། རང་སངས་རྒྱས་ཀྱི་འབྲས་བུ་རང་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའི་འབྲས་བུ་ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། དེ་བཞིན་གཤེགས་པའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམས་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཁམས་གསུམ་ནས་འབྱུང་བ་མེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེ་ཡང་ཁམས་གསུམ་ནས་འབྱུང་བ་མེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ་ཞེས་


DTG091_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་མི་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། གདགས་པ་སྟོང་པ་ཉིད་གདགས་པ་སྟོང་པ་ཉིད་ཀྱིས་ངོ་བོ་ཉིད་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་མིང་དང་མཚན་མ་དང༌། བརྡ་དང་ཐ་སྙད་དང་གདགས་པ་རྣམས་དོན་དམ་པར་དེ་དག་གི་རང་བཞིན་གྱི་ས་སྟོང་པའི་ཕྱིར་ཁམས་གསུམ་ནས་འབྱུང་བ་མེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེའང་ཁམས་གསུམ་ནས་འབྱུང་བ་མེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་བསྟན་ཏོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་སྐྱེ་བ་མེད་པ་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། མངོན་པར་འདུ་བྱ་བ་མེད་པ་ནི་མངོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་གཏོགས་པ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་རྣམས་དོན་དམ་པར་དེ་དག་གི་རང་བཞིན་གྱིས་སྟོང་པའི་ཕྱིར་ཁམས་གསུམ་ནས་འབྱུང་བ་མེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེ་ཡང་ཁམས་གསུམ་ནས་འབྱུང་བ་མེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་རྣམ་གྲངས་འདིས་ནི། འདི་ལྟར་ཐེག་པ་ཆེན་པོ་ནི་ཁམས་གསུམ་ནས་བྱུང་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར་ཆོས་གང་ཡང་ཁམས་གསུམ་ནས་འབྱུང་བ་མེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པར་རྟོགས་པ་ཉིད་དུ་ཀུན་རྫོབ་ཏུ་ཁམས་གསུམ་ནས་འབྱུང་ནས་རྣམ་པ་ཐམས་ཅད་


DTG091_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཉིད་དུ་གནས་པར་རིག་པར་བྱའོ་ཞེས་བསྟན་པའོ། །གནས་དེ་ནི་བསྐྱོད་དུ་མེད་པའོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གནས་དེ་ལ་གནས་ན་མི་མཐུན་པའི་ཕྱོགས་རྣམས་ཀྱིས་བསྐྱོད་དུ་མི་ནུས་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ཁྱོད་ཀྱིས་གང་འདི་སྐད་དུ་ཐེག་པ་ཆེན་པོ་དེ་གང་དུ་གནས་པར་འགྱུར་ཞེས་སྨྲས་པ་དེ་ནི་ཐེག་པ་ཆེན་པོ་དེ་གང་དུ་ཡང་གནས་པར་འགྱུར་བ་མེད་དེ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་དེ་གང་དུ་གནས་པར་འགྱུར་ཞེས་ཞུས་པའི་ལན་དུ། དོན་དམ་པར་ཐེག་པ་ཆེན་པོ་དེ་གང་དུ་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་གནས་མི་དམིགས་པའི་ཕྱིར་མི་གནས་པ་སྟེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དེ་དོན་དམ་པར་གང་དུ་ཡང་གནས་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས་གནས་མི་དམིགས་པའི་ཕྱིར་གང་དུ་ཡང་མི་གནས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གང་དུ་ཡང་མི་གནས་པའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ཐེག་པ་ཆེན་པོ་དེ་ནི་མི་དམིགས་པའི་ཚུལ་གྱིས་གནས་སོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། གང་དུ་ཡང་གནས་པ་མེད་མོད་ཀྱི། ཀུན་རྫོབ་དུ་ཐ་སྙད་ཙམ་དུ་གནས་སོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆོས་ཀྱི་དབྱིངས་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས། འགོག་པའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་འདུས་མ་བྱས་པའི་ཆོས་མིང་གིས་སྨོས་པ་རྣམས་རང་བཞིན་གྱིས་སྟོང་པའི་ཕྱིར་གནས་པ་དང་མི་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་གནས་པ་དང་མི་གནས་པའི་མཐའ་གཉིས་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་གཟུགས་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ་


DTG091_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ཕུང་པོ་ལྔ་ལ་སོགས་པ་འདུས་བྱས་ཀྱི་ཆོས་རྣམས་དེ་དག་གི་རང་བཞིན་གྱིས་སྟོང་པའི་ཕྱིར། གནས་པའམ་མི་གནས་པ་མེད་པ་དེ་བཞིན་དུ། ཐེག་པ་ཆེན་པོ་དེ་ལ་ཡང་གནས་པའམ་མི་གནས་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨི་ལམ་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་སྤྲུལ་པ་དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་རྨི་ལམ་ལ་སོགས་པ་ཤིན་ཏུ་མེད་པའི་ཆོས་རྣམས་ལ་གནས་པ་དང་མི་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་དོན་དམ་པར་གནས་པ་དང་མི་གནས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་བྱ་བའི་བར་དུ་ནི་རྣམ་པར་བྱང་བའི་ཆོས་རྣམས་དེ་དག་གི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་གནས་པ་དང་མི་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་དོན་དམ་པར་གནས་པ་དང༌། མི་གནས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིང་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས། གདགས་པའི་ངོ་བོ་ཉིད་གདགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་མིང་དང་མཚན་མ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པ་རྣམས་དོན་དམ་པར་དངོས་པོ་མེད་དེ། རང་བཞིན་གྱིས་སྟོང་པའི་ཕྱིར་གནས་པ་དང་མི་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་དོན་དམ་པར་གནས་པ་དང་མི་གནས་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པ་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་


DTG091_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་མངོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་མངོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི། ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་རྣམས་དོན་དམ་པར་དེ་དག་གི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་གནས་པ་དང་མི་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་གནས་པ་དང་མི་གནས་པ་མེད་པར་བསྟན་པའོ། །རབ་འབྱོར་རྣམ་གྲངས་དེས་ན། ཐེག་པ་དེ་ནི་མི་གནས་པར་གནས་པའི་ཚུལ་དང༌། བསྐྱོད་དུ་མེད་པའི་ཚུལ་གྱིས་གང་དུ་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ལ། མི་གནས་པར་གནས་པའི་ཚུལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དོན་དམ་པར་དངོས་པོ་མེད་པས་མི་གནས་ལ། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་མེད་དོ། །བསྐྱོད་དུ་མེད་པའི་ཚུལ་གྱིས་ཞེས་བྱ་བ་ནི། ཐེག་པ་ཆེན་པོ་དེ་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་གང་དུ་གནས་པ་མེད་པ་དེ་བཞིན་ཉིད་ཀྱི་རང་བཞིན་ལས་མི་འགྱུར་བས་མི་མཐུན་པའི་ཕྱོགས་རྣམས་ཀྱིས་གཞན་དུ་བསྒྱུར་ཞིང་བསྐྱོད་མི་ནུས་པའི་ཕྱིར་རོ། །གང་དུ་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དེ་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་གང་དུ་ཡང་གནས་པ་མེད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་སྨྲས་པ་ནི་ཐེག་པ་དེས་སུའང་འབྱུང་བར་འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི། བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་ཞུས་པའི་ལན་དུ། ཐེག་པ་ཆེན་པོ་ཉིད་དང་དེས་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་དོན་དམ་པར་དངོས་པོ་མེད་ཅིང་དམིགས་སུ་མེད་པའི་ཕྱིར་ཐེག་པ་དེས་སུའང་འབྱུང་བར་འགྱུར་བ་


DTG091_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་དེ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་འབྱུང་བར་འགྱུར་བ་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཐེག་པ་དེ་གང་ཡིན་པ་དང་ཞེས་བྱ་བ་ནི་ཐེག་པ་གང་གིས་འབྱུང་བར་འགྱུར་བའི་ཐེག་པ་ཆེན་པོ་དེ་ལ་བྱའོ། །གང་འབྱུང་བར་འགྱུར་བ་དང་ཞེས་བྱ་བ་ནི་ཐེག་པ་དེས་གང་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །གང་གིས་འབྱུང་བར་འགྱུར་བ་དང་ཞེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པར་སྒྲུབ་པའི་ཆོས་གང་ལ་གནས་ན་འབྱུང་བར་འགྱུར་བ་ལ་བྱའོ། །གང་ནས་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་ཁམས་གསུམ་ལ་བྱའོ། །ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་དང༌། སྒྲུབ་པའི་ཆོས་དང༌། ཁམས་གསུམ་པོ་དེ་དག་དོན་དམ་པར་དངོས་པོ་མེད་ཅིང་དམིགས་སུ་མེད་པའི་ཕྱིར་ཆོས་གང་ཞིག་ཆོས་གང་གིས་འབྱུང་བར་འགྱུར་ཞེས་བྱ་བ་དང་སྦྱར་ཏེ་འབྱུང་བར་བྱེད་པ་དང༌། འབྱུང་བར་བྱ་བ་དང༌། གང་ནས་འབྱུང་བའི་ཆོས་དེ་དག་དོན་དམ་པར་མེད་ཅིང་མི་དམིགས་པས་གང་ཡང་འབྱུང་བར་འགྱུར་བ་མེད་དོ་ཞེས་དོན་མདོར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་ཤིན་ཏུ་རྣམ་པར་དག་པ་དང་ཞེས་བྱ་བ་ལ་སོགས་པ་ནི་མུ་སྟེགས་ཅན་གྱིས་བདག་ཏུ་བརྟགས་པ་རྣམས་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་འདུས་མ་བྱས་པའི་ཆོས་རྣམས་དང༌། ཕུང་པོ་དང༌། ཁམས་ལ་སོགས་པ་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་ཆོས་གང་གིས་ཀྱང་གང་ཡང་འབྱུང་བར་འགྱུར་བ་མེད་དོ་ཞེས་བསྟན་པ་སྟེ། དེ་ལ་བདག་ཤིན་ཏུ་རྣམ་པར་དག་པ་དང་ཞེས་བྱ་བ་ནས། མཐོང་བ་པོ་དམིགས་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་


DTG091_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྣམས་ཡང་དག་པར་དངོས་པོ་མེད་དེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་དམིགས་སུ་མེད་པས་གང་གིས་ཀྱང་འབྱུང་བར་འགྱུར་བ་མེད་ཅིང༌། གང་ཡང་འབྱུང་བར་འགྱུར་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་དོན་དམ་པར་ཐེག་པ་ཆེན་པོ་དེས་འབྱུང་བར་འགྱུར་བ་མེད་དོ་ཞེས་བསྟན་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ནི་ཤིན་ཏུ་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་དབྱིངས་དམིགས་སུ་མེད་དོ་ཞེས་བྱ་བ་ནས། བསམ་གྱིས་མི་ཁྱབ་པའི་དབྱིངས་དམིགས་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པའི་ཆོས་རྣམས་དམིགས་སུ་མེད་པ་བསྟན་པའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཕུང་པོ་རྣམས་དམིགས་སུ་མེད་དོ་ཞེས་བྱ་བ་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་དམིགས་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་དམིགས་སུ་མེད་པ་བསྟན་པའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ་ཞེས་བྱ་བ་ནས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་རྣམ་པར་བྱང་བའི་ཆོས་རྣམས་དམིགས་སུ་མེད་པ་བསྟན་པའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྐྱེ་བ་མེད་པ་དམིགས་སུ་མེད་དོ་ཞེས་བྱ་བ་ནས། མངོན་པར་འདུ་བྱ་བ་མེད་པ་དམིགས་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སུ་གཏོགས་པ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ལ་སོགས་པ་དམིགས་སུ་མེད་པ་བསྟན་ཏོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྔོན་གྱི་མཐའ་དམིགས་སུ་མེད་དོ་ཞེས་བྱ་བ་ནས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་འཕེལ་བ་དམིགས་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་དང་འོང་བ་དང་འགྲོ་བ་དང་གནས་པ་དང་ཚེ་འཕོ་བ་དང༌། སྐྱེ་བ་དང༌། འགྲིབ་པ་དང༌། འཕེལ་བ་རྣམས་དོན་དམ་པར་རང་བཞིན་སྟོང་པ་ཉིད་ཡིན་པས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་དམིགས་སུ་མེད་པ་བསྟན་པའོ། །


DTG091_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གང་མི་དམིགས་པས་ཐམས་ཅད་དམིགས་སུ་མེད་པ་ཡིན་ཞེ་ན་ཞེས་བྱ་བ་ནི་གང་དུ་སྨོས་པའི་ཆོས་རྣམས་དམིགས་སུ་མེད་པར་བཤད་པ་ཆོས་དེ་དག་གི་རྒྱུ་མི་དམིགས་པས་དམིགས་སུ་མེད་དམ། འོན་ཏེ་ཆོས་དེ་དག་གི་རང་བཞིན་མི་དམིགས་པས་དམིགས་སུ་མེད་སྙམ་དུ་འཁོར་གྱི་ནང་ན་ཁ་ཅིག་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར་གང་མི་དམིགས་པས་ཐམས་ཅད་དམིགས་སུ་མེད་པ་ཡིན་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་གླེངས་པའོ། །ཆོས་ཀྱི་དབྱིངས་མི་དམིགས་པས་ཆོས་ཀྱི་དབྱིངས་དམིགས་སུ་མེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དངོས་པོ་མེད་དེ་མི་དམིགས་པས་ཆོས་ཀྱི་དབྱིངས་དམིགས་སུ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་དམིགས་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན། མི་དམིགས་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་ནི་དམིགས་པ་དང་མི་དམིགས་པ་དག་དངོས་པོ་ཡོད་པ་ལས་བརྗོད་ཀྱི། དངོས་པོ་མེད་པ་ལ་དམིགས་པ་དང༌། མི་དམིགས་པ་ཞེས་བྱ་བའི་ཐ་སྙད་གདགས་སུ་མེད་དེ། དེའི་ཕྱིར་ཆོས་ཀྱི་དབྱིངས་དམིགས་སུ་མེད་པ་ལ། དམིགས་པ་དང་མི་དམིགས་པའི་ཐ་སྙད་གདགས་སུ་མེད་དོ་ཞེས་བསྟན་པའོ། །ཆོས་ཀྱི་དབྱིངས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་འགྲིབ་པ་དང༌། འཕེལ་བ་དམིགས་སུ་མེད་པ་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །ས་དང་པོ་མི་དམིགས་པས་ས་དང་པོ་དམིགས་སུ་མེད་དོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་བཅུ་པ་དམིགས་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན། མི་དམིགས་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་ཡང་དོན་དམ་པར་དངོས་པོ་མེད་པས་དམིགས་པ་དང་མི་དམིགས་པའི་ཐ་སྙད་གདགས་སུ་མེད་དོ་ཞེས་བསྟན་པའོ། །ས་དང་པོ་ནི་གང་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་ས་དང་པོ་ནས་ས་བཅུའི་པར་དུ་དམིགས་སུ་མེད་དོ་ཞེས་བཤད་པ་ས་བཅུ་ལ་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔའི་


DTG091_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང་པོ་རབ་ཏུ་དགའ་བ་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་ལ་ཡང་ས་བཅུ་ཞེས་བྱ། དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་ལ་ས་བཅུ་ཞེས་བྱ་ན། སྐབས་འདིར་ས་བཅུ་གང་ལ་བྱ་སྙམ་དུ་འཁོར་གྱི་ནང་ན་ཁ་ཅིག་ཐེ་ཚོམ་ཟ་བའི་ཐེ་ཚོམ་བསལ་བའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་མིང་གིས་བརྗོད་པ་བསྟན་པའོ། །དེ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་དང་པོ་ཤེས་རབ་ཀྱིས་རྣམ་པར་བྱང་བའི་ཆོས་རྣམས་མཐོང་བའི་གནས་སྐབས་ལ་བྱའོ། །རིགས་ཀྱི་གནས་ཀྱི་ས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། འཇིག་རྟེན་གྱི་ཆོས་ཀྱི་མཆོག་ལ་གནས་པའི་ཚེ་བྱང་ཆུབ་གསུམ་གྱི་རིགས་དང་ལྡན་པའི་ཕྱིར་རིགས་ཀྱིས་ཞེས་བྱའོ། །བརྒྱད་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་གྲལ་དང་པོ་ནས་ཡས་བགྲངས་ན། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་འཇུག་པ་གྲངས་བརྒྱད་ལ་འབབ་པས་ན་བརྒྱད་པ་ཞེས་བྱའོ། །མཐོང་བའི་ས་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པས་འཇིག་རྟེན་ལས་འདས་པའི་ལམ་གང་ཟག་ལ་བདག་མེད་པའི་ཆོས་མཐོང་བའི་ཕྱིར་མཐོང་བའི་ས་ཞེས་བྱའོ། །བསྲབས་པའི་ས་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བས་འདོད་པའི་འདོད་ཆགས་སྲབ་མོར་བྱས་པའི་ཕྱིར་ལན་ཅིག་ཕྱིར་འོང་བའི་ས་ལ་བསྲབས་པའི་ས་ཞེས་བྱའོ། །འདོད་ཆགས་དང་བྲལ་བའི་ས་ཞེས་བྱ་བ་ནི་ཕྱིར་མི་འོང་བས་འདོད་པའི་འདོད་ཆགས་དང༌། གནོད་སེམས་སྤངས་པའི་ཕྱིར། ཕྱིར་མི་འོང་བའི་ས་ལ་འདོད་ཆགས་དང་བྲལ་བའི་ས་ཞེས་བྱའོ། །བྱས་པ་རྟོགས་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པས་བདག་གིས་བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མེད་དོ་ཞེས་བྱ་བ་ལ་སོགས་པར་རྟོགས་པའི་ཕྱིར་དགྲ་བཅོམ་པའི་ས་ལ་བྱས་པ་རྟོགས་པའི་ས་ཞེས་བྱ་སྟེ། ས་དེ་དག་ལས་དཀར་པོ་རྣམ་པར་མཐོང་བའི་ས་ནི་མོས་པས་སྤྱོད་པའི་ས་ལ་གནས་པའི་


DTG091_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་སའོ། །རིགས་ཀྱི་ས་ནི་མོས་པས་སྤྱོད་པའི་ས་ལ་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་ཐུན་མོང་གི་སའོ། །བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རྟོགས་པའི་ས་རྣམས་ནི་ཉན་ཐོས་ཀྱི་སའོ། །རང་སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་གཞན་གྱི་ལུང་ལ་མི་རྟེན་པར་རང་གི་བློས་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཟབ་མོ་རྟོགས་ནས་འཁོར་དང་ལྷན་ཅིག་ཏུ་གནས་པ་དང༌། བསེའི་རྭ་ལྟར་གཅིག་པུ་ཡན་གར་དུ་གནས་པ་ལ་རང་སངས་རྒྱས་ཀྱི་ས་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་སོགས་པས་བཅུ་ལ་བྱའོ། །སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ས་ཀུན་དུ་འོད་ལ་བྱའོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམིགས་སུ་མེད་དོ་ཞེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། ས་བཅུ་པ་དམིགས་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་ས་བཅུ་པོ་དེ་དག་རེ་རེ་ཡང་སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་ཏེ། དེ་ལྟར་སྟོང་པའི་ཕྱིར་ས་དེ་དག་དམིགས་སུ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་དང་པོ་དམིགས་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན། མི་དམིགས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་བཅུ་པ་དམིགས་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན། མི་དམིགས་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི། ས་བཅུ་པོ་དེ་དག་དེ་ལྟར་སྟོང་སྟེ། དམིགས་སུ་མེད་པས་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར་དམིགས་པ་དང༌། མི་དམིགས་པའི་མཐའ་གཉིས་དང་བྲལ་བ་བསྟན་པའོ། །ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན་ནང་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དམིགས་སུ་མེད་དོ་ཞེས་བྱ་བ་ནས། ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མིག་ལྔ་དམིགས་སུ་མེད་དོ་ཞེས་བྱ་བའི་བར་


DTG091_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང༌། དེ་བཞིན་གཤེགས་པའི་སྤྱན་ལྔ་ཡང་དོན་དམ་པར་དངོས་པོ་མེད་དེ། ཤིན་ཏུ་རྣམ་པར་དག་ཅིང་སྟོང་བ་ཉིད་བཅོ་བརྒྱད་དང་སྦྱར་ན་དམིགས་སུ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཐེག་པ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་བྱ་བ་ནི་ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེ་ན། རབ་འབྱོར་གྱིས་ཞུས་པའི་ལན་མཇུག་བསྡུས་ན་ས་བསྟན་པ་སྟེ། གོང་དུ་བཤད་པའི་རིམ་པ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ཁམས་གསུམ་ནས་བྱུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་རོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་གཅིག་པའོ།། །།


previousབཅུ་གཅིག་པ། ངེས་འབྱུང་གི་ལེའུ།next