Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གོ་གཅིག་པ།


  collapse section
   
   
   
   
   
   
   
   
   
   
   
   
བཅུ་གཉིས་པ། ཟིལ་གྱིས་གནོན་པའི་ལེའུ།
   
   
   
   
   
   
   
   
   
   
   


 
previousབཅུ་གཉིས་པ། ཟིལ་གྱིས་གནོན་པའི་ལེའུ།next

བཅུ་གཉིས་པ། ཟིལ་གྱིས་གནོན་པའི་ལེའུ།


DTG091_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་ནི། ལྷ་དང་མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བ་དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་དེ་གང་ནས་ཀྱང་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་དོན་སྔར་བཤད་པ་ལས་གླེང་ནས་ཐེག་པ་ཆེན་པོའི་ངེས་པའི་ཚིག་དང༌། ཐེག་པ་ཆེན་པོའི་ཆོས་གང་ཡིན་པ་ཞིབ་ཏུ་བཤད་པ་སྟེ། དེ་ལ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བས་དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཞེས་བྱ་བའི་ངེས་པའི་ཚིག་བཤད་པ་སྟེ། རྒྱ་གར་གྱི་སྐད་ཡ་ན་ཞེས་བྱ་བ་ཐེག་པ་ལ་ཡང་བྱ། འབྱུང་བ་ལ་ཡང་བྱ། འགྲོ་བ་ལ་ཡང་བྱ་སྟེ། སྐབས་འདིར་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་


DTG091_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ཏེ་འབྱུང་བས། འབྱུང་བ་ཆེ་བའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའི་དཔེས་ཐེག་པ་དེ་ཆེ་བ་ཡིན་པར་བསྟན་པ་སྟེ། སྐབས་འབྱེད་པ་ཆེ་བ་དང༌། འགྲོ་བ་དང༌། འོང་བ་དང༌། གནས་པ་མེད་པ་དང༌། དུས་གསུམ་མེད་པས་ཆེ་བ་ཉིད་བསྟན་པའོ། །དེ་ལ་ཇི་ལྟར་ནམ་མཁའ་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པས། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་སྟེ་ཞེས་བྱ་བ་ནི་སྐབས་འབྱེད་པ་ཆེ་བ་བསྟན་པ་སྟེ། ཇི་ལྟར་ནམ་མཁའ་ལ་སེམས་ཅན་ཐམས་ཅད་ཇི་ལྟར་འདོད་པའི་སྤྱོད་ལམ་ཐམས་ཅད་ཀྱིས་གནས་ཀྱང་དོག་པ་མེད་པའི་གོ་སྐབས་འབྱེད་པ་ཆེ་བ་དེ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ཡང་སེམས་ཅན་ཐམས་ཅད་སྐད་ཅིག་གཅིག་ལ་ཅིག་ཅར་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དོག་པ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །ཐེག་པ་ཆེན་པོ་དེ་ལ་འགྲོ་བ་དང་འོང་བ་ཞེས་བགྱི་བའམ། གནས་པ་ཡང་མ་མཆིས་ཞེས་བྱ་བ་དང༌། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་ཞེས་བགྱི་བ་ཡང་མ་མཆིས་སོ་ཞེས་བྱ་བ་ནི་འགྲོ་བ་དང༌། འོང་བ་དང༌། གནས་པ་མེད་པ་དང༌། དུས་གསུམ་མེད་པའི་མདོ་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་འགྲོ་བའམ་འོང་བ་ཞེས་བགྱི་བ་ཡང་མ་མཆིས་ལ། གནས་པ་ཡང་མ་མཆིས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ཡང་འགྲོ་བ་མི་དམིགས་འབྱུང་བ་མི་དམིགས་གནས་པ་མི་དམིགས་སོ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་འགྲོ་བ་དང༌། འོང་བ་དང༌། གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ལ་ཡང་འགྲོ་བ་


DTG091_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དང་འོང་བ་མི་དམིགས་སོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ་ཞེས་བྱ་བ་ནས། བཅོམ་ལྡན་འདས་འདི་ལྟ་སྟེ་ཐེག་པ་ཆེན་པོ་འདི་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པའམ། དེའི་སླད་དུ་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱིའོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་དམིགས་སུ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ཡིན་པར་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་ཐེག་པ་ཆེན་པོ་དེ་ནམ་མཁའ་དང་མཉམ་པར་བཤད་པ་དེ་བདེན་ཏེ། དེ་བཞིན་ནོ་ཞེས་བསྟོད་པ་དང༌། འཁོར་གྱི་ནང་ནས་ཁ་ཅིག་ཐེག་པ་ཆེན་པོ་དེ་གང་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་སོགས་པ་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང། སྟོང་པ་ཉིད་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་ཆོས་དེ་རྣམས་ཀྱི་མཚན་ཉིད་ནི་སྔར་བཤད་པ་བཞིན་ནོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། འབྱུང་བར་འགྱུར་རོ་ཞེས་སྨྲས་པ་ན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་དེ་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་སྨྲས་པ་དང༌། ཐེག་པ་དེ་ནམ་མཁའ་དང་མཉམ་མོ་ཞེས་སྨྲས་པ་དང༌། ནམ་མཁའི་དཔེས་སེམས་ཅན་གྲངས་མེད་ཚད་མེད་པ་རྣམས་ཀྱི་གོ་སྐབས་འབྱེད་པ་དང༌། ནམ་མཁའི་དཔེས་ཐེག་པ་ཆེན་པོ་དེ་ལ་འགྲོ་བ་དང༌། འོང་བ་དང༌། གནས་པ་མེད་པ་སྨྲས་པ་དང༌། དུས་གསུམ་


DTG091_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་སྨྲས་པའི་ཚིག་རྣམས་སྨོས་ཏེ། དེ་དག་རེ་རེའི་དོན་ཞིབ་ཏུ་བཤད་པའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གང་ཞེ་ན། འདི་ལྟ་སྟེ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་ཏེ་ཞེས་བྱ་བ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ཁམས་གང་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར། འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་ཉིད་ལྷ་དང༌། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གལ་ཏེ་འདོད་པའི་ཁམས་དེ་བཞིན་མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འདོད་པའི་ཁམས་དེ་ཡོངས་སུ་རྫོགས་པའི་མཚན་ཉིད་དང༌། བདེན་པའི་མཚན་ཉིད་དང༌། འདུས་མ་བྱས་པའི་མཚན་ཉིད་དུ་ཡང་དག་པར་ཡོད་པ་ཞིག་ཡིན་ན་ནི་ཐེག་པ་ཆེན་པོས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བའི་ཡང་མི་རིགས་ན། འདོད་པའི་ཁམས་དེ་རྣམ་པར་བརྟགས་པ་དང༌། རྒྱུ་དང་རྐྱེན་གྱིས་བསྐྱེད་པ། མི་རྟག་ཅིང་མི་བརྟན་པ། འགྱུར་བའི་ཆོས་ཅན་ཡིན་ཏེ། སྤང་བར་འོས་པའི་ཕྱིར་ཐེག་པ་ཆེན་པོ་དེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་བསྟན་པའོ། །འདོད་པའི་ཁམས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་དང༌། ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། རྣམ་པར་ཤེས་པ་དྲུག་དང༌། འདུས་ཏེ་རེག་པ་དྲུག་དང༌། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང༌། ས་ལ་སོགས་པའི་ཁམས་དྲུག་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་


DTG091_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྟོང་པ་ཉིད་བཅོ་བརྒྱད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་དང༌། རིགས་ཀྱི་ས་ནས་སངས་རྒྱས་ཀྱི་སའི་བར་གྱི་ཆོས་རྣམས་དང༌། རིགས་ཀྱི་ས་ལ་གནས་པའི་གང་ཟག་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པར་རྟོགས་པའི་ཕྱིར་ཐེག་པ་ཆེན་པོ་དེ་ལྷ་དང༌། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱི་ས་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གལ་ཏེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་ཡོད་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་བཅུད་ཀྱི་འཇིག་རྟེན་རྣམས་དངོས་པོ་མེད་པར་རྟོགས་པས་ཐེག་པ་དེ་འབྱུང་བར་འགྱུར་བ་བསྟན་པའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་ཕྱིན་ཆད་སྙིང་པོ་བྱང་ཆུབ་ཏུ་འདུག་གི་བར་དུ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ནས་ས་བཅུའི་བར་དུ་ནི། བྱང་ཆུབ་སེམས་དཔའི་ས་རེ་རེ་ལ་ཡང་སེམས་བསྐྱེད་པའི་ཁྱད་པར་རེ་རེ་འབྱུང་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དངོས་པོ་མེད་པར་རྟོགས་པའི་ཕྱིར་ཐེག་པ་ཆེན་པོ་དེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བ་བསྟན་པའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་བུ་དངོས་པོ་ཡོད་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་ནས་འཕར་ཏེ། སངས་རྒྱས་ཀྱི་ས་ལ་འཇུག་པའི་ཚེ་ཉོན་མོངས་


DTG091_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་བག་ཆགས་ཕྲ་མོ་ཡན་ཆད་མ་ལུས་པར་སྤོང་བའི་ཡེ་ཤེས་ལ་བྱའོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་དངོས་པོ་མེད་པར་ཁོང་དུ་ཆུད་ཅིང་ཞེས་བྱ་བ་ནི་ཤེས་བྱ་དང༌། ཉོན་མོངས་པའི་སྒྲིབ་པའི་བག་ཆགས་ཉིད་ཉོན་མོངས་པའི་ཕྱི་མ་སྐྱེད་པའི་རྒྱུར་འགྱུར་བའི་ཕྱིར་བག་ཆགས་ཀྱི་མཚམས་སྦྱོར་བ་ཞེས་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའི་མཚན་སུམ་ཅུ་རྩ་གཉིས་དང༌། དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་མེད་པར་རྟོགས་པ་བསྟན་པ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་འོག་ནས་གཞུང་ཉིད་ལས་ཞིབ་ཏུ་འཆད་དོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དངོས་པོ་ཡོད་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་འོད་དངོས་པོ་མེད་པར་རྟོགས་པར་བསྟན་པ་སྟེ། འོད་དེ་དངོས་པོ་ཞིག་ཡོད་ན་ནི་ཐོགས་པ་དང་བཅས་པ་ཡིན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་བྱར་ཡང་མི་རུང་གི །དོན་དམ་པར་འོད་དེ་ལ་དངོས་པོ་མེད་ཀྱང་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྣང་བས་ཁྱབ་པར་མཛད་དོ་ཞེས་བསྟན་པའོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དོན་དམ་པར་དངོས་པོ་མེད་པ་བསྟན་པ་སྟེ། གལ་ཏེ་གསུང་དེ་དངོས་པོ་ཡོད་བ་ཞིག་ཡིན་ན་ནི་སྒྲའི་རང་བཞིན་ཐོགས་པ་དང་བཅས་པ་ཡིན་པས་


DTG091_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གསུང་གིས་མངོན་པར་གོ་བར་མཛད་དུ་ཡང་མི་རུང་གི །གསུང་དེ་དོན་དམ་པར་དངོས་པོ་མེད་པ་ལས་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གསུང་གིས་མངོན་པར་གོ་བར་མཛད་དོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་ནི་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་འདི་སྐད་དུ་ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་འབྱུང་སྟེ། མཉེན་པ་དང༌། འཇམ་པ་དང༌། ཡིད་དུ་འོང་བ་དང༌། ཡིད་དུ་འཐད་པ་དང༌། དག་པ་དང༌། དྲི་མ་མེད་པ་དང༌། གསལ་གསལ་བ་དང༌། སྙན་ཅིང་འཇེབས་པ་དག་དང༌། མཉན་པར་འོས་པ་དང༌། མི་ཚུགས་པ་དང༌། སྙན་པ་དང༌། དུལ་བ་དང༌། མི་རྩུབ་པ་དང༌། མི་བརླང་བ་དང༌། རབ་ཏུ་དུལ་བ་དང༌། རྣར་སྙན་པ་དང༌། ལུས་སིམ་པར་བྱེད་པ་དང༌། སེམས་ཚིམ་པར་བྱེད་པ་དང༌། སྙིང་དགའ་བར་བྱེད་པ་དང༌། དགའ་བ་དང་བདེ་བ་བསྐྱེད་པ་དང༌། ཡོངས་སུ་གདུང་བ་མེད་པ་དང༌། ཀུན་ཤེས་པར་བྱ་བ་དང༌། རྣམ་པར་རིག་པར་བྱ་བ་དང༌། རྣམ་པར་བྱང་བ་དང༌། དགའ་བར་བྱེད་པ་དང༌། མངོན་པར་དགའ་བར་བྱེད་པ་དང༌། ཀུན་ཤེས་པར་བྱེད་པ་དང༌། རྣམ་པར་རིག་པར་བྱེད་པ་དང༌། རིགས་པ་དང༌། འབྲེལ་པ་དང༌། ཟློས་པའི་སྐྱོན་མེད་པ་དང༌། སེང་གེའི་ཤུགས་དང༌། གླང་པོ་ཆེའི་སྒྲ་སྐད་དང༌། འབྲུག་གི་སྒྲ་དབྱངས་དང༌། ཀླུའི་དབང་པོའི་སྒྲ་དང༌། དྲི་ཟའི་གླུ་དབྱངས་དང༌། བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་བསྒྲགས་པ་དང༌། ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང༌། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་དང༌། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་དང༌། རྔའི་སྒྲ་དང༌། མ་ཁེངས་པ་དང༌། མི་དམའ་བ་དང༌།


DTG091_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང༌། ཚིག་ཟུར་ཆག་མེད་པ་དང༌། མ་ཚང་བ་མེད་པ་དང༌། མ་ཞུམ་པ་དང༌། མི་ཞན་པ་དང༌། རབ་ཏུ་དགའ་བ་དང༌། ཁྱབ་པ་དང༌། ཆུབ་པ་དང༌། རྒྱུན་ཆགས་པ་དང༌། འབེལ་བ་དང༌། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང༌། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང༌། མ་སྨད་པ་དང༌། མི་འགྱུར་བ་དང༌། མ་བརྟགས་པ་དང༌། འཁོར་ཀུན་ཏུ་གྲགས་པ་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བ་གསུངས་པ་ལྟ་བུའོ། །དེ་ལ་མཉེན་པ་ནི་ཁམས་དང། དགེ་བའི་རྩ་བ་ཐམས་ཅད་ཉེ་བར་སྟོན་པའི་ཕྱིར་རོ། །འཇམ་པ་ནི་ཚེ་འདི་ཉིད་ལ་བདེ་བ་ལ་རེག་པར་བྱེད་པའི་ཕྱིར་རོ། །ཡིད་དུ་འོང་བ་ནི་དོན་བཟང་བའི་ཕྱིར་རོ། །ཡིད་དུ་འཐད་པ་ནི་ཚིག་འབྲུ་བཟང་བའི་ཕྱིར་རོ། །དག་པ་ནི་འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་རྗེས་ལས་བྱུང་བའི་ཕྱིར་རོ། །དྲི་མ་མེད་པ་ནི་ཉོན་མོངས་པའི་བག་ལ་ཉལ་བ་དང༌། བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གསལ་གསལ་བ་ནི་ཚིག་དང་ཡི་གེ་གྲགས་པའི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་མུ་སྟེགས་ཅན་ཐམས་ཅད་ཀྱི་ལོག་པའི་བློ་གྲོས་དང༌། ལྟ་བ་འཇིག་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །མཉན་པར་འོས་པ་ནི་བསྒྲུབས་པས་ངེས་པར་འབྱིན་པའི་ཕྱིར་རོ། །མི་ཚུགས་པ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བར་མི་ཆོད་པའི་ཕྱིར་རོ། །སྙན་པས་ནི་དགའ་བར་བྱེད་པའི་ཕྱིར་རོ། །དུལ་བ་ནི་འདོད་ཆགས་ཀྱི་གཉེན་པོར་འགྱུར་བའི་ཕྱིར་རོ། །མི་རྩུབ་པ་ནི་བསླབ་པ་བཅས་པ་ཐབས་སླ་བའི་ཕྱིར་རོ། །མི་བརླང་བ་ནི་དེ་ལས་འདས་པ་དག་ཡང་དག་པར་འབྱུང་བ་སྟོན་པར་བྱེད་པའི་ཕྱིར་རོ། །རབ་ཏུ་དུལ་བ་ནི་ཐེག་པ་གསུམ་གྱིས་འདུལ་བ་སྟོན་པའི་ཕྱིར་རོ། །རྣར་སྙན་པ་ནི་གཡེང་བའི་གཉེན་པོར་གྱུར་པའི་ཕྱིར་རོ། །ལུས་སིམ་པར་བྱེད་པ་ནི་ཏིང་ངེ་འཛིན་ཐོབ་པར་བྱེད་པའི་ཕྱིར་རོ། །སེམས་ཚིམ་པར་བྱེད་པ་ནི་ལྷག་མཐོང་གིས་མཆོག་ཏུ་དགའ་བ་ཐོབ་པར་བྱེད་པའི་ཕྱིར་རོ། །སྙིང་དགའ་བར་བྱེད་པ་ནི་ཐེ་ཚོམ་


DTG091_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པའི་ཕྱིར་རོ། །དགའ་བ་དང་བདེ་བ་བསྐྱེད་པ་ནི་ལོག་པར་ངེས་པ་སལ་བའི་ཕྱིར་རོ། །ཡོངས་སུ་གདུང་བ་མེད་པ་ནི་བསྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་རོ། །ཀུན་ཤེས་པར་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་གཞིར་གྱུར་པའི་ཕྱིར་རོ། །རྣམ་པར་རིག་པར་བྱ་བ་ནི་བསམ་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་གཞིར་གྱུར་པའི་ཕྱིར་རོ། །རྣམ་པར་གསལ་བ་ནི་སློབ་དཔོན་གྱིས་ཆོས་ཀྱི་དཔེ་མཁྱུད་མེད་པ་ལས་བྱུང་བའི་ཕྱིར་རོ། །དགའ་བར་བྱེད་པ་ནི་བདག་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པའི་ཕྱིར་རོ། །མངོན་པར་དགའ་བར་བྱེད་པ་ནི་བདག་གི་དོན་མ་ཐོབ་པ་རྣམས་རེ་བར་བྱེད་པའི་ཕྱིར་རོ། །ཀུན་ཤེས་པར་བྱེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རྣམ་པར་རིག་པར་བྱེད་པ་ནི་བསམ་དུ་ཡོད་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རིགས་པ་ནི་ཚད་མ་དང་མི་འགལ་བའི་ཕྱིར་རོ། །འབྲེལ་པ་ནི་ཅི་རིགས་པར་འདུལ་བ་ལ་སྟོན་པའི་ཕྱིར་རོ། །ཟློས་པའི་སྐྱོན་མེད་པ་ནི་དོན་མེད་པ་མ་ཡིན་པའི་ཕྱིར་རོ། །སེང་གེའི་སྒྲའི་ཤུགས་ནི་མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་བྱེད་པའི་ཕྱིར་རོ། །གླང་པོ་ཆེའི་སྒྲ་སྐད་ནི་སྒྲ་གསང་མཐོ་བའི་ཕྱིར་རོ། །འབྲུག་སྒྲའི་སྒྲ་དབྱངས་ནི་ཟབ་པའི་ཕྱིར་རོ། །ཀླུའི་དབང་པོའི་སྒྲ་ནི་གཟུང་བར་འོས་པའི་ཕྱིར་རོ། །དྲི་ཟའི་གླུའི་དབྱངས་ནི་སྙན་པའི་ཕྱིར་རོ། །བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་བསྒྲགས་པ་ནི་མྱུར་དུ་འགྱུར་བའི་ངང་ཚུལ་ཅན་གྱི་ཕྱིར་རོ། །ཚངས་པའི་སྒྲ་དབྱངས་བསྒྲགས་པ་ནི་རྒྱང་རིང་དུ་གྲགས་པའི་ཕྱིར་རོ། །ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་ནི་གྲུབ་པ་ཐམས་ཅད་ཐོབ་པར་འགྱུར་བའི་ལྟས་བཟང་པོ་ཡིན་པའི་ཕྱིར་རོ། །ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་ནི་འགལ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྔའི་སྒྲ་ནི་བདུད་ཕྱིར་རྒོལ་བ་ཐམས་ཅད་ཕམ་པར་བྱ་བ་ལ་ཐོག་མར་འགྲོ་བའི་ཕྱིར་རོ། །མ་ཁེངས་པ་ནི་བསྟོད་པས་ཁེངས་པར་མི་


DTG091_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར་རོ། །མི་དམའ་བ་ནི་སྨད་པས་ཞུམ་པར་མི་འགྱུར་བའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི་རྣམ་པར་བསྒྲུབ་པ་ཐམས་ཅད་དང༌། སྒྲའི་མཚན་ཉིད་རྣམ་པ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་ཕྱིར་རོ། །ཚིག་ཟུར་ཆག་མེད་པ་ནི་བརྗེད་བཞིན་དུ་མི་སྨྲ་བའི་ཕྱིར་རོ། །མ་ཚང་བ་མེད་པ་ནི་འདུལ་བའི་བྱ་བ་ལ་དུས་ཐམས་ཅད་དུ་སྦྱོར་བའི་ཕྱིར་རོ། །མ་ཞུམ་པ་ནི་རྙེད་པ་དང་བཀུར་སྟི་ལ་མི་བརྟེན་པའི་ཕྱིར་རོ། །མི་ཞན་པ་ནི་འཇིགས་པ་མེད་པའི་ཕྱིར་རོ། །རབ་ཏུ་དགའ་བ་ནི་ཐོས་ན་རབ་ཏུ་དགའ་བར་འགྱུར་བའི་ཕྱིར་རོ། །ཁྱབ་པ་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པའི་རྗེས་སུ་ཞུགས་པའི་ཕྱིར་རོ། །བྱང་ཆུབ་པ་ནི་སེམས་ཅན་རྣམས་ཀྱི་དོན་མཐའ་དག་སྒྲུབ་པའི་ཕྱིར་རོ། །རྒྱུན་ཆགས་པ་ནི་རྒྱུན་མི་འཆད་པའི་ཕྱིར་རོ། །འབེལ་བ་ནི་རྣམ་པ་སྣ་ཚོགས་སུ་འབེལ་བའི་ཕྱིར་རོ། །སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི་སྒྲ་གཅིག་ལས་སྒྲའི་རྣམ་པར་རིག་པ་དུ་མ་འབྱུང་བའི་ཕྱིར་རོ། །དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི་ཚིག་གཅིག་གིས་དོན་དུ་མ་རིག་པར་བྱེད་པའི་ཕྱིར་རོ། །མ་སྨད་པ་ནི་དམ་བཅས་པ་བཞིན་དུ་བྱེད་པའི་ཕྱིར་རོ། །མི་འགྱུར་བ་ནི་མ་འོངས་པའི་དུས་ན་དེ་བཞིན་དུ་མི་འགྱུར་བའི་ཕྱིར་རོ། །མ་བརྟགས་པ་ནི་རྟབ་རྟབ་པོར་མི་སྨྲ་བའི་ཕྱིར་རོ། །འཁོར་ཀུན་ཏུ་གྲགས་པ་དེ་ནི་འཁོར་ཉེ་རིང་ལ་མཚུངས་པར་གྲགས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་འཇིག་རྟེན་པ་དང༌། འཁོར་ལས་འདས་པའི་དོན་དང་དཔེའི་ཆོས་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱིར་རོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་ཡོད་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དོན་དམ་པར་དངོས་པོ་མེད་པར་རྟོགས་པ་བསྟན་པ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དངོས་པོ་ཞིག་ཡོད་ན་ནི་དགེ་སྦྱོང་དང༌། བྲམ་ཟེ་དང༌། ལྷ་དང༌།


DTG091_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང༌། ཚངས་པ་ལ་སོགས་པ་ཆོས་ཐམས་ཅད་ཀྱི་དངོས་པོ་ཡོད་པར་ལྟ་བ་རྣམས་ཀྱིས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་ནུས་པའི་རིགས་ན། དངོས་པོ་ཡོད་པར་ལྟ་བ་རྣམས་ཀྱིས་བསྐོར་མ་ནུས་པ་ལས་ན། དེ་བཞིན་གཤེགས་པས་དོན་དམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་དངོས་པོ་མེད་པར་ཐུགས་སུ་ཆུད་ནས་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ཚུལ་གྱིས་སུས་ཀྱང་བསྐོར་མ་ནུས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བསྟན་པའོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་གི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་དངོས་པོ་ཡོད་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་གང་གི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་སེམས་ཅན་དེ་དག་དོན་དམ་པར་དངོས་པོ་མེད་པར་རྟོགས་པས་ཐེག་པ་ཆེན་པོ་དེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བ་བསྟན་པ་སྟེ། སེམས་ཅན་དེ་དག་དངོས་པོ་ཡོད་པ་ཞིག་ཡིན་ན་ནི་སེམས་ཅན་གྱི་དངོས་པོ་ལས་ནམས་ཀྱང་མི་འགྱུར་བས་སེམས་ཅན་དེ་དག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདྲ་ཡང་མི་རུང་བ་ཞིག་ན་སེམས་ཅན་དེ་དག་དོན་དམ་པར་དངོས་པོ་མེད་ལ་ཀུན་རྫོབ་ཏུ་འཁྲུལ་པའི་དབང་གིས་སྒྱུ་མ་ཙམ་དུ་སྣང་བའི་ཕྱིར་སེམས་ཅན་དེ་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་དེས་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ་ཞེས་བསྟན་པའོ། །དེ་ལྟར་ཆོས་དེ་དག་དངོས་པོ་མེད་པར་རྟོགས་པའི་ཕྱིར་རོ། །ཐེག་པ་ཆེན་པོ་དེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་གྱུར་ཏོ་ཞེས་བྱ་བའི་ཚིག་ནི་གོང་མ་རྣམས་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་སྨྲས་པ་ནི། དེ་དེ་


DTG091_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་ནམ་མཁའ་དང་མཉམ་མོ་ཞེས་སྨྲས་པའི་དོན་བཅོམ་ལྡན་འདས་ཀྱིས་སྤྲོས་ནས་བཤད་པ་སྟེ། ཀུན་བརྟགས་པའི་དངོས་པོ་རྣམས་ནི་རྣམ་པ་ཉི་ཤུ་རྩ་བཞིར་རྣམ་པར་གཞག་སྟེ། ཐེག་པ་ཆེན་པོ་འདི་ལ་དེ་ལྟ་བུའི་རྣམ་པར་གཞག་པ་མེད་པའི་ཕྱིར་ནམ་མཁའ་དང་མཉམ་པར་རིག་པར་བྱའོ། །དེ་ལ་རྣམ་པ་ཉི་ཤུ་རྩ་བཞི་ནི་ཕྱོགས་རྣམ་པར་གཞག་པ་དང༌། དབྱིབས་རྣམ་པར་གཞག་པ་དང༌། ཁ་དོག་རྣམ་པར་གཞག་པ་དང༌། དུས་གསུམ་རྣམ་པར་གཞག་པ་དང༌། འཕེལ་བ་གྲིབ་རྣམ་པར་གཞག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་རྣམ་པར་གཞག་པ་དང༌། སྐྱེ་བ་དང་འགག་པ་ལ་སོགས་པ་རྣམ་པར་གཞག་པ་དང༌། དགེ་བ་དང་མི་དགེ་བ་ལ་སོགས་པ་རྣམ་པར་གཞག་པ་དང༌། མཐོང་བ་དང་ཐོས་པ་ལ་སོགས་པ་རྣམ་པར་གཞག་པ་དང༌། ཤེས་པར་བྱ་བ་དང༌། ཤེས་པར་མི་བྱ་བ་ལ་སོགས་པ་རྣམ་པར་གཞག་པ་དང༌། རྣམ་པར་སྨིན་པ་ལ་སོགས་པ་རྣམ་པར་གཞག་པ་དང༌། ཁམས་གསུམ་གྱི་ཁོངས་སུ་ཆུད་པ་རྣམ་པར་གཞག་པ་དང༌། འདོད་ཆགས་དང་ལྡན་པ་ལ་སོགས་པ་རྣམ་པར་གཞག་པ་དང༌། སེམས་དང་པོ་བསྐྱེད་པ་ལ་སོགས་པ་རྣམ་པར་གཞག་པ་དང༌། དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་རྣམ་པར་གཞག་པ་དང༌། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམ་པར་གཞག་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་སོགས་པ་རྣམ་པར་གཞག་པ་དང༌། གཟུགས་དང་གཟུགས་མེད་པ་ལ་སོགས་པ་རྣམ་པར་གཞག་པ་དང༌། རྟག་པ་དང་མི་རྟག་པ་ལ་སོགས་པ་རྣམ་པར་གཞག་པ་དང༌། སྟོང་པ་དང་མི་སྟོང་པ་ལ་སོགས་པ་རྣམ་པར་གཞག་པ་དང༌། ཞི་བ་དང་མ་ཞི་བ་ལ་སོགས་པ་རྣམ་པར་གཞག་པ་དང༌། སྣང་བ་དང་མུན་པར་རྣམ་པར་གཞག་པ་དང༌། དམིགས་སུ་ཡོད་པ་དང་དམིགས་སུ་མེད་པ་རྣམ་པར་གཞག་པ་


DTG091_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བརྗོད་དུ་ཡོད་པ་དང༌། བརྗོད་དུ་མེད་པ་རྣམ་པར་གཞག་པའོ། །དེ་ལ་རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཤར་ཕྱོགས་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་ལ་ཕྱོགས་རྣམ་པར་གཞག་པ་མེད་པའི་དཔེས་ཐེག་པ་ཆེན་པོ་དེ་ནམ་མཁའ་དང་མཉམ་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རིང་པོ་མ་ཡིན་ཐུང་ངུ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་དབྱིབས་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྔོན་པོ་མ་ཡིན་སེར་པོ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཁ་དོག་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་འདས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་འགྲིབ་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་འཕེལ་འགྲིབ་མེད་པ་བསྟན་པ་སྟེ། འགྲིབ་པ་ནི་ཆེན་པོ་ལས་ཆུང་ངུར་འགྱུར་བའོ། །འབྲི་བ་ནི་རྒྱུན་འཆད་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བ་དང་འགག་པ་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པ་སྟེ། འགག་པ་ནི་སྐད་ཅིག་རེ་རེ་ལ་འཇིག་པའོ། །མཐའ་ཐུག་པ་མེད་པ་ནི་རྒྱུན་ཆད་དེ་མི་སྣང་བ་ལ་བྱའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་དགེ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་དགེ་བ་དང་མི་དགེ་བ་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་མཐོང་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི། མཐོང་བ་དང་ཐོས་པ་ལ་


DTG091_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་བྱ་བ་དང༌། ཤེས་པར་མི་བྱ་བ་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པ་སྟེ། དེ་ལ་ཤེས་པར་བྱ་བ་ཡང་མ་ཡིན་ཞེས་བྱ་བ་ནི་སྒོ་ལྔའི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའོ། །རྣམ་པར་ཤེས་པར་མི་བྱ་བ་ཡང་མ་ཡིན་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའོ། །ཡོངས་སུ་ཤེས་པར་བྱ་བ་ཡང་མ་ཡིན་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ལྟར་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པའོ། །མངོན་དུ་བྱ་བ་ཡང་མ་ཡིན་ཞེས་བྱ་བ་ནི་འགོག་པའི་བདེན་པ་ལྟར་མངོན་སུམ་དུ་བྱ་བ་ཡང་མ་ཡིན་པའོ། །སྤང་བ་མ་ཡིན་ཞེས་བྱ་བ་ནི་ཀུན་འབྱུང་བའི་བདེན་པ་ལྟར་སྤང་བར་བྱ་བ་ཡང་མ་ཡིན་པའོ། །བསྒོམ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་ལྟར་བསྒོམ་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རྣམ་པར་སྨིན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྨིན་པ་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པ་སྟེ། རྣམ་པར་སྨིན་པ་ནི་འབྲས་བུར་གྱུར་པ་ལ་བྱའོ། །རྣམ་པར་སྨིན་པའི་ཆོས་ཅན་ནི་གདོད་འབྲས་བུར་འགྱུར་བ་ལ་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདོད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཁམས་གསུམ་གྱི་ཁོངས་སུ་ཆུད་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདོད་ཆགས་དང་ལྡན་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་འདོད་ཆགས་དང་ལྡན་པ་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་སེམས་དང་པོ་བསྐྱེད་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་སེམས་དང་པོ་བསྐྱེད་པ་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་དཀར་པོ་རྣམ་པར་མཐོང་བའི་


DTG091_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཉན་ཐོས་ཀྱི་ས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་དང་ལྡན་པ་མ་ཡིན་ཞེས་བྱ་བ་ལ་སོགས་པའི་གཟུགས་དང་གཟུགས་མེད་པ་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རྟག་པ་མ་ཡིན་མི་རྟག་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་རྟག་པ་དང་མི་རྟག་པ་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྟོང་པ་མ་ཡིན་མི་སྟོང་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་དང་མི་སྟོང་པ་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཞི་བ་མ་ཡིན་མ་ཞི་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཞི་བ་དང་མ་ཞི་བ་ལ་སོགས་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྣང་བ་མ་ཡིན་མུན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྣང་བ་དང་མུན་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དམིགས་སུ་ཡོད་པ་མ་ཡིན། དམིགས་སུ་མེད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་དམིགས་སུ་ཡོད་པ་དང༌། དམིགས་སུ་མེད་པ་རྣམ་པར་གཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་བརྗོད་དུ་ཡོད་པ་ཡང་མ་ཡིན། བརྗོད་དུ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་དུ་ཡོད་པ་དང༌། བརྗོད་དུ་མེད་པ་རྣམ་པར་གཞག་པ་


DTG091_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་བསྟན་པའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། འདི་ལྟར་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་དངོས་པོ་རྣམས་ལ་རྣམ་པར་གཞག་པ་ཉི་ཤུ་རྩ་བཞི་ཡོད་པ་དེ་ལྟ་བུར་ནམ་མཁའ་ལ་རྣམ་པར་གཞག་པ་མེད་པའི་དཔེས་ཐེག་པ་ཆེན་པོ་དེ་ནམ་མཁའ་དང་མཉམ་པར་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ། ཇི་ལྟར་ནམ་མཁའ་སེམས་ཅན་ཚང་མེད་གྲངས་མེད་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་དེ་ཡང་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་དོ་ཞེས་སྨྲས་པ་ནི། དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རབ་འབྱོར་གྱིས་ནམ་མཁའ་ལས་དཔེ་བླངས་ཏེ། གོ་སྐབས་འབྱེད་པ་ཆེ་བའི་ཕྱིར་ཐེག་པ་ཆེན་པོའོ་ཞེས་བགྱིའོ་ཞེས་བཤད་པའི་དོན་བཅོམ་ལྡན་འདས་ཀྱིས་མདོར་སྨོས་པ། དེ་བདེན་ནོ་ཞེས་བསྟོད་ནས་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་པའི་དོན་འགྲེས་ཉི་ཤུ་རྩ་གཉིས་ཀྱིས་ཞིབ་ཏུ་བཤད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གོ་འབྱེད་པ་ཆེ་བའི་ཕྱིར། ཐེག་པ་ཆེན་པོའོ་ཞེས་བྱ་བའི་གཏན་ཚིགས་བསྟན་པ་སྟེ། །འཇིག་རྟེན་པས་ཕྱིན་ཅི་ལོག་ཏུ་བརྟགས་པ་ལྟར་སེམས་ཅན་དང༌། ནམ་མཁའ་དང༌། ཐེག་པ་ཆེན་པོ་རྣམས་དངོས་པོ་ཡོད་ན་ནི་གཅིག་གི་གོ་གཅིག་གིས་ཆོད་པས་དེ་ལྟར་གྲོ་སྐབས་ཆེན་པོ་འབྱེད་པར་ཡང་མི་འགྱུར་གྱི། དེ་དག་ཐམས་ཅད་དངོས་པོ་མེད་ཅིང་མི་དམིགས་པས་གཅིག་ལ་གཅིག་ཐོགས་པ་མེད་དེ། གོ་སྐབས་ཆེན་པོ་འབྱེད་པའི་ཕྱིར་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང༌། ནམ་མཁའ་གང་ཡིན་པ་དང༌། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཅན་དང༌། ནམ་མཁའ་དང༌། ཐེག་


DTG091_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་རྣམས་མེད་པའི་གཏན་ཚིགས་བསྟན་པ་སྟེ། དེ་གསུམ་ཆར་ཡང་དོན་དམ་པར་དམིགས་སུ་མེད་པའི་ཕྱིར་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་ཚད་མེད་པའི་ཕྱིར་ནམ་མཁའ་ཚད་མེད་པར་རིག་པར་བྱའོ། །ནམ་མཁའ་ཚད་མེད་པའི་ཕྱིར་ཐེག་པ་ཆེན་པོ་ཚད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དང་ནམ་མཁའ་དང༌། ཐེག་པ་ཆེན་པོ་དེ་དག་དམིགས་སུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དངོས་པོ་ཞིག་ཡོད་ན་ནི་ཚད་འདི་ཙམ་མོ་ཞེས་ཚད་གཟུང་དུ་ཡང་རུང་ན། དེ་དག་དངོས་པོ་མེད་པའི་ཕྱིར་ཚད་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང༌། ནམ་མཁའ་གང་ཡིན་པ་དང༌། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་དང༌། ནམ་མཁའ་དང༌། ཐེག་པ་ཆེན་པོ་ཚད་མེད་པའི་གཏན་ཚིགས་བསྟན་པ་སྟེ། དེ་དག་འདི་ལྟར་དམིགས་སུ་མེད་པའི་ཕྱིར་ཚད་བཟུང་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དཔག་ཏུ་མེད་པའི་ཕྱིར་ནམ་མཁའ་དཔག་ཏུ་མེད་པར་རིག་པར་བྱའོ། །ནམ་མཁའ་དཔག་ཏུ་མེད་པའི་ཕྱིར་ཐེག་པ་ཆེན་པོ་དཔག་ཏུ་མེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་དོ་ཞེས་བྱ་བ་སེམས་ཅན་དང༌། ནམ་མཁའ་དང༌། ཐེག་པ་ཆེན་པོ་དེ་དག་དམིགས་སུ་མེད་པའི་གཏན་ཚིགས་དཔག་ཏུ་མེད་པས་བསྟན་པ་སྟེ། དངོས་པོ་ཞིག་དམིགས་སུ་ཡོད་ན་ནི་འདི་ཙམ་མོ་ཞེས་དཔག་ཏུ་ཡང་རུང་ན། དངོས་པོར་དམིགས་སུ་མེད་པའི་ཕྱིར་དཔག་ཏུ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང༌། ནམ་མཁའ་གང་ཡིན་པ་དང༌།


DTG091_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དཔག་ཏུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། སེམས་ཅན་དང་ནམ་མཁའ་དང་ཐེག་པ་ཆེན་པོ་དེ་དག་འདི་ལྟར་དམིགས་སུ་མེད་པའི་ཕྱིར་དཔག་ཏུ་མེད་པོ་ཞེས་བསྟན་པ་སྟེ། །དེ་དག་ནི་འགྲེས་དང་པོའོ། །རབ་འབྱོར་གཞན་ཡང་སེམས་ཅན་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནས། ཆོས་ཐམས་ཅད་མེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་སེམས་ཅན་དང༌། ནམ་མཁའ་དང༌། ཐེག་པ་ཆེན་པོ་མེད་པའི་སྟེང་དུ་ཆོས་ཀྱི་དབྱིངས་དང༌། མི་འཇལ་བ་དང༌། མི་འགྲངས་པ་དང༌། མི་དཔོགས་པ་དང༌། ཆོས་ཐམས་ཅད་མེད་པའི་གཏན་ཚིགས་ཀྱིས་བསྣན་ཏེ། ཐེག་པ་ཆེན་པོ་དེ་གོ་སྐབས་འབྱེད་པ་ཉེ་བར་བསྟན་པ་སྟེ་འགྲེས་གཉིས་པའོ། །དེ་ལ་མི་འཇལ་བ་ནི་དངོས་པོ་གང་ཡང་མེད་པས་བྲེ་སྲང་གིས་གཞལ་དུ་མེད་པའི་ཕྱིར་རོ། །མི་འགྲངས་པ་ནི་གྲངས་གཅིག་གཉིས་ལ་སོགས་པར་བགྲང་དུ་མེད་པའི་ཕྱིར་རོ། །མི་དཔོགས་པ་ནི་རྗེས་སུ་དཔག་པའི་ཚད་མས་ཐོག་ཏུ་མི་ཕེབས་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་སེམས་ཅན་མེད་པའི་ཕྱིར་དེ་བཞིན་ཉིད་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནས། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཆོས་ཀྱི་དབྱིངས་ཀྱི་སྐབས་སུ་དེ་བཞིན་ཉིད་སྨོས་པའི་འགྲེས་ཏེ་གསུམ་པའོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར། སེམས་ཅན་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནས། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་ཉིད་ཀྱི་སྐབས་སུ་མུ་སྟེགས་ཅན་གྱིས་བཏགས་པའི་བདག་ཉིད་རྣམས་དང༌། ཡང་དག་པའི་མཐའ་སྨོས་ནས། དེ་དག་དངོས་པོ་མེད་པར་བསྟན་པའི་འགྲེས་བཞི་པའོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར། སེམས་ཅན་མེད་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་ཡང་


DTG091_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་མཐའི་སྐབས་སུ་བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། ཕུང་པོ་ལྔས་པ་སྣན་ཏེ་དེ་དག་དམིགས་སུ་མེད་པ་བསྟན་པའི་འགྲེས་ཏེ་ལྔ་པའོ། །དེ་བཞིན་དུ་ནང་གི་སྐྱེ་མཆེད་དྲུག་དང་སྦྱར་བའི་འགྲེས་ནི་དྲུག་པའོ། །ཕྱིའི་སྐྱེ་མཆེད་དྲུག་དང་སྦྱར་བའི་འགྲེས་ནི་བདུན་པའོ། །རྣམ་པར་ཤེས་པ་དྲུག་དང་སྦྱར་བའི་འགྲེས་ནི་བརྒྱད་པའོ། །འདུས་ཏེ་རེག་པ་དྲུག་དང་སྦྱར་བའི་འགྲེས་ནི་དགུ་པའོ། །རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང་སྦྱར་བའི་འགྲེས་ནི་བཅུ་པའོ། །སའི་ཁམས་ལ་སོགས་པ་ཁམས་དྲུག་དང་སྦྱར་པའི་འགྲེས་ནི་བཅུ་གཅིག་པའོ། །མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་དང་སྦྱར་བའི་འགྲེས་ནི་བཅུ་གཉིས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྦྱར་བའི་འགྲེས་ནི་བཅུ་གསུམ་པའོ། །སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་བའི་འགྲེས་ནི་བཅུ་བཞི་པའོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་སྦྱར་བའི་འགྲེས་ནི་བཅོ་ལྔ་པའོ། །འཕགས་པའི་བདེན་པ་བཞི་ནས་གཟུངས་ཀྱི་སྒོ་རྣམས་ཀྱི་བར་གྱི་ཆོས་རྣམས་དང་སྦྱར་བའི་འགྲེས་ནི་བཅུ་དྲུག་པ་སྟེ། ཆོས་དེ་རྣམས་རིས་གཅིག་ཏུ་སྨོས་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ཐུན་མོང་གི་ཆོས་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དང་སྦྱར་བའི་འགྲེས་ནི་བཅུ་བདུན་པའོ། །རིགས་ཀྱི་ས་དང་བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རྟོགས་པའི་ས་རྣམས་དང་སྦྱར་བའི་འགྲེས་ནི་བཅོ་བརྒྱད་པའོ། །རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང་སྦྱར་བའི་འགྲེས་ནི་བཅུ་དགུ་པའོ། །རང་སངས་རྒྱས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་དང་སྦྱར་པའི་འགྲེས་ནི་ཉི་ཤུ་པའོ། །ཐེག་པ་གསུམ་


DTG091_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྦྱར་པའི་འགྲེས་ནི་ཉི་ཤུ་གཅིག་བའོ། །མྱ་ངན་ལས་འདས་པའི་དབྱིངས་ཀྱི་དཔེ་བསྟན་པའི་འགྲེས་ནི་ཉི་ཤུ་གཉིས་པ་སྟེ། །དེ་ལྟར་ཆོས་དེ་དག་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་སྟེ། དམིགས་སུ་མེད་པས་ནམ་མཁའ་དང་འདྲ་བའི་ཕྱིར་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་གོ་སྐབས་འབྱེད་པ་ཆེ་བའི་ཕྱིར་ཐེག་པ་ཆེན་པོའོ་ཞེས་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ལ་འོང་བའམ་འགྲོ་བ་ཞེས་བྱ་བའང་མེད། གནས་པ་ཞེས་བྱ་བའང་མེད་དོ་ཞེས་སྨྲས་པ་ནི་རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་རབ་འབྱོར་གྱིས་ཐེག་པ་དེ་ལ་འོང་བ་དང༌། འགྲོ་བ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བཤད་པའི་དོན་བཅོམ་ལྡན་འདས་ཀྱིས་མདོར་སྨོས་ནས། དེ་བདེན་ནོ་ཞེས་བསྟོད་དེ། ཐེག་པ་ཆེན་པོ་དེ་ལ་འོང་བའང་མེད་དེ། འགྲོ་བ་མེད་ཅིང་གནས་པ་མེད་པའི་དོན་ཞིབ་ཏུ་བཤད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་གཡོ་བ་མེད་པ་སྟེ། དེ་དག་གང་ནས་ཀྱང་འོང་བ་མེད་དོ། །གང་དུ་ཡང་འགྲོ་བ་མེད་དོ། །གང་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ནས་ཐེག་པ་ཆེན་པོ་དེ་ལ་འོང་བ་དང་འགྲོ་བ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱི་རང་བཞིན་ལ་གཡོ་བ་མེད་དེ་གཞན་དུ་མི་འགྱུར་པས་འོང་པ་དང་འགྲོ་བ་དང༌། གནས་པ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ནི་གང་ནས་ཀྱང་འོང་བ་མེད་དོ། །གོང་དུ་ཡང་འགྲོ་པ་མེད་དོ། །གང་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཆོས་ཐམས་ཅད་གཡོ་བ་མེད་པ་སྟེ། འོང་བ་དང་འགྲོ་བ་མེད་པར་བཤད་པ་ནི་ཆོས་ཐམས་ཅད་གང་ཡིན་པ་མིང་གིས་སྨོས་ཏེ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་རང་བཞི་ནི་གང་ནས་ཀྱང་འོང་བ་མེད་ཅེས་བྱ་བ་ལ་


DTG091_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ན་དོན་དམ་པར་གཟུགས་དངོས་པོ་མེད་པའི་རང་བཞིན་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མེད་གང་དུ་ཡང་འགྲོ་བ་མེད། གང་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བསྟན་པ་སྟེ། གཟུགས་ཀྱི་རང་བཞིན་དང༌། དེ་བཞིན་ཉིད་དང༌། ངོ་བོ་ཉིད་དང༌། མཚན་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་ཟད་དོ། །གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འདུས་མ་བྱས་པ་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ལ་སྔོན་གྱི་མཐའ་འང་མི་དམིགས་སོ། །ཕྱི་མའི་མཐའ་འང་མི་དམིགས་སོ། །དབུས་ཀྱང་མི་དམིགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རབ་འབྱོར་གྱིས་ཐེག་པ་དེ་དུས་གསུམ་ལས་འདས་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བཤད་པའི་དོན་བཅོམ་ལྡན་འདས་ཀྱིས་མདོར་སྨོས་ཏེ་དེ་བཞིན་བདེན་ནོ་ཞེས་བསྟོད་ནས་ཐེག་པ་དེ་དུས་གསུམ་ལས་འདས་ཤིང་དུས་གསུམ་མཉམ་པ་ཉིད་ཀྱི་དོན་ཞིབ་ཏུ་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་མཉམ་པ་ཉིད་དམིགས་སུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ཞེས་བྱ་བ་དེ་དག་རང་བཞིན་གྱིས་སྟོང་པ་དང༌། དུས་གསུམ་མཉམ་པ་ཉིད་ཅེས་བྱ་བ་ཡང་ཐ་སྙད་དུ་བཏགས་པ་ཙམ་དུ་ཟད་ཀྱི་དོན་དམ་པར་མཉམ་པ་ཉིད་ཀྱི་རང་བཞིན་མེད་པ་དང༌། ཐེག་པ་ཆེན་པོ་དང་ཐེག་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པར་དངོས་པོ་མེད་པའི་ཕྱིར་དུས་གསུམ་ཞེས་གྲངས་གཅིག་གཉིས་ལ་སོགས་པར་བགྲང་ཞིང་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ཀྱི་ཐེག་པ་སྟེ། དེ་ལ་མཉམ་པ་དང་


DTG091_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཉམ་པ་མི་དམིགས་སོ་ཞེས་བྱ་བ་ནི་མཉམ་པ་དང་མི་མཉམ་པ་ཅེས་ཐ་དད་དུ་མི་འབྱེད་པ་ཉིད་མཉམ་པ་ཉིད་ཀྱི་ཐེག་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་འདོད་ཆགས་དང༌། འདོད་ཆགས་དང་བྲལ་བར་ཡང་མི་དམིགས་སོ་ཞེས་བྱ་བ་ནས། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་འདོད་ཆགས་ལ་སོགས་པའི་ཆོས་རྣམས་ཀྱི་མིང་སྨོས་ནས། དེ་དག་ཡོད་པ་དང་མེད་པའི་མཐའ་གཉིས་ཐ་དད་དུ་མི་དམིགས་པ་ཉིད་མཉམ་པ་ཉིད་ཡིན་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་རང་བཞིན་མི་དམིགས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཆོས་མིང་གིས་སྨོས་པ་དེ་དག་གི་རང་བཞིན་དོན་དམ་པར་དམིགས་སུ་མེད་པས་དེའི་ཕྱིར་དེ་དག་ལ་ཡོད་པ་དང༌། མེད་པའི་མཐའ་གཉིས་ཐ་དད་དུ་དབྱེར་མེད་དེ་མཉམ་པ་ཉིད་དུ་ཞེས་བསྟན་པའོ། །རབ་འབྱོར་འདས་པའི་གཟུགས་ནི་འདས་པའི་གཟུགས་ཀྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལས་འདས་པའི་གཟུགས་དམིགས་སུ་མེད་དོ། །སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལས་འདས་པའི་གཟུགས་དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས་ཞེས་བྱ་བ་ནི་དོན་དམ་པར་འདས་པའི་གཟུགས་ཀྱི་རང་བཞིན་སྟོང་པ་དང༌། སྟོང་པ་ཉིད་ཅེས་བྱ་བ་ཡང་ཐ་སྙད་དུ་བརྗོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་དམིགས་སུ་མེད་པའི་ཕྱིར་འདས་པའི་གཟུགས་ཀྱང་རང་བཞིན་གྱིས་སྟོང་ལ། སྟོང་པ་ཉིད་ལ་ཡང་འདས་པའི་གཟུགས་དམིགས་སུ་མེད་དོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ཕུང་པོ་ལྔ་ཆར་ཡང་དུས་གསུམ་དམིགས་སུ་མེད་པའི་དོན་སྦྱར་བར་བྱའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མི་དམིགས་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་དུས་གསུམ་དམིགས་སུ་མེད་པ་བསྟན་པའོ། །རབ་འབྱོར་གཞན་ཡང་སོ་སོའི་


DTG091_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་ནི་སྔོན་གྱི་མཐའ་མི་དམིགས་སོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་ཞེས་བྱ་བའི་བར་དུ་ནི་སོ་སོའི་སྐྱེ་བོའི་གང་ཟག་དང༌། འཕགས་པའི་གང་ཟག་རྣམས་ལ་དུས་གསུམ་དམིགས་སུ་མེད་པ་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དུས་གསུམ་མཉམ་པ་ཉིད་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་དེ་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་བ་དང༌། ཐེག་པ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་དུས་གསུམ་མཉམ་པ་ཉིད་ཅེས་བགྱི་བ་འདི་ལེགས་པར་གསུངས་པ་ནི་ལེགས་ཤིང་དགེ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཆེན་པོ་དེ་ལ་ཀུན་རྫོབ་ཏུ་དུས་གསུམ་གྱི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་གཉིས་པའོ།། །།


previousབཅུ་གཉིས་པ། ཟིལ་གྱིས་གནོན་པའི་ལེའུ།next