Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གོ་གཉིས་པ།


  collapse section
   
   
   
ཉེར་དྲུག་པ། སྒྲུབ་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉེར་དྲུག་པ། སྒྲུབ་པའི་ལེའུ།next

ཉེར་དྲུག་པ། སྒྲུབ་པའི་ལེའུ།


DTG092_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོད་པ་དང༌། བཀླགས་པ་དང༌། གཞན་ལ་སྦྱིན་པ་ལ་སོགས་པ་བྱས་པ་དང༌། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང༌། བསོད་ནམས་ཡོངས་སུ་བསྔོ་བའི་བསོད་ནམས་ཆེ་བའི་ཕན་ཡོན་ཆེན་པོ་བསྔགས་པ་ཤཱ་རིའི་བུས་ཐོས་ནས་དད་པ་ཆེན་པོ་སྐྱེས་ཏེ་འཁོར་གཞན་རྣམས་ཀྱང་དད་པ་བསྐྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བསྟན་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའི་


DTG092_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ་སྣང་བར་བགྱིད་པའོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བ། སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་སྣང་བར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱག་བགྱི་བར་འོས་པའོ་ཞེས་བྱ་བ་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་འཕགས་པ་དང་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་མཆོད་ཅིང་ཕྱག་བྱ་བར་འོས་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཕྱག་འཚལ་ལོ་ཞེས་བྱ་བ་ནི་དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་ལ། སྐྱེ་བོ་ཐམས་ཅད་ཀྱིས་མཆོད་ཅིང་ཕྱག་བྱ་བར་འོས་པའི་ཕྱིར། ཤཱ་རིའི་བུ་བདག་ཉིད་ཀྱང་ཕྱག་འཚལ་ལོ་ཞེས་དད་པའི་ཤུགས་ཀྱིས་སྨྲས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱིས་མ་གོས་པའོ་ཞེས་བྱ་བ་ནི་ཁམས་གསུམ་གང་དུ་ཡང་མ་གཏོགས་ལ་ཁམས་གསུམ་པོ་དེ་དག་གི་སྐྱོན་གང་གིས་ཀྱང་མ་གོས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉོན་མོངས་པ་དང་ལྟ་བའི་མུན་པ་ཐམས་ཅད་བསལ་བ་ལ་རབ་རིབ་མ་མཆིས་པར་བགྱིད་པའོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་རྣམས་དང༌། འཇིག་ཚོགས་སུ་ལྟ་བ་ལ་སོགས་པ་ལྟ་བ་ངན་པ་རྣམས་བསལ་ཅིང༌། སེམས་ཅན་རྣམས་ཡང་དག་པའི་ལྟ་བ་སྐྱོན་མེད་པ་ལ་འཛུད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ནང་ན་མཆོག་ཏུ་བགྱིད་པའོ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིགས་པ་དང་གནོད་པ་དང་འཚེ་བ་ཐམས་ཅད་རབ་ཏུ་བྱང་བའི་སླད་དུ་བདེ་བར་བགྱིད་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བཀླག་པ་དང་མཆོད་པ་ལ་སོགས་པའི་སྒོ་ནས་བསྟེན་ན། གནོད་པ་ཐམས་ཅད་ཀྱིས་མི་ཚུགས་ཤིང་བདེ་བ་ཐམས་ཅད་དང་ལྡན་པར་འགྱུར་བའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


DTG092_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་ཅན་ཐམས་ཅད་ཀྱིས་མིག་ལྔ་ཡོངས་སུ་ཐོབ་པར་བགྱི་བ་ལ་སྣང་བར་བགྱིད་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་ན་ཤའི་སྤྱན་དང༌། ལྷའི་སྤྱན་ལ་སོགས་པ་དེ་བཞིན་གཤེགས་པའི་སྤྱན་ལྔ་ཐོབ་ཅིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་གསལ་བར་སྣང་བར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཤུལ་གོལ་བར་ཞུགས་པ་རྣམས་མཐའ་ལས་བཟློག་པའི་སླད་དུ་ཤུལ་སྟོན་པའོ་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་ལ་སོགས་པའི་མཐའ་གཉིས་སུ་ལྟུང་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ཡང་དག་པའི་ལམ་ལས་ཉམས་ནས་ལམ་ལོག་པར་གྱུར་བ་རྣམས་ལས་བཟློག་སྟེ། ཡང་དག་པའི་ལམ་དུ་འཛུད་པའི་ཆོས་རྣམས་སྟོན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་མཁྱེན་པ་ཉིད་དུ་བགྱིད་པའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་འཁོར་བར་སྐྱེ་ཞིང་སྦྱོར་བའི་བག་ཆགས་ཐམས་ཅད་སྤངས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་བསྐྱེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ན་བྱང་ཆུབ་ཀྱི་ཕྱོགས་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱུད་ལ་འབྱུང་ཞིང་ཆོས་དེ་རྣམས་དང་ལྡན་ན་བྱང་ཆུབ་སེམས་དཔར་འགྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔར་འགྱུར་བའི་རྒྱུའམ་གཞི་ཡིན་པས་མ་དང་འདྲ་བའི་ཕྱིར་བྱང་ཆུབ་སེམས་དཔའ་མ་ཞེས་བྱའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་མ་སྐྱེས་མ་འགགས་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པར་མ་གྲུབ་སྟེ།


DTG092_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་རྟག་མི་འཇིག་པའི་སླད་དུ་འཁོར་བའི་གཉེན་པོའོ་ཞེས་བྱ་བ་ནི་འཁོར་བའི་ཆོས་རྟག་པ་དང་མི་རྟག་པའི་མཐའ་གཉིས་ལས་བཟློག་པའི་ཕྱིར་འཁོར་བའི་གཉེན་པོ་ཞེས་བྱའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རིན་པོ་ཆེ་ཐམས་ཅད་སྟོབས་པའི་སླད་དུ། སེམས་ཅན་མགོན་མ་མཆིས་པ་རྣམས་ཀྱི་མགོན་བགྱིད་པའོ་ཞེས་བྱ་བ་ནི་སེམས་ཅན་ཉོན་མོངས་པའི་དབང་དུ་གྱུར་ཅིང༌། འཁོར་བའི་བརྩོན་ར་ནས་མ་ཐར་པ་རྣམས་ལ་རྣམ་པར་བྱང་བའི་ཆོས་རིན་པོ་ཆེ་རྣམས་བསྟན་པས་སེམས་ཅན་རྣམས་འཁོར་བའི་བརྩོན་ར་ནས་ཐར་པར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མ་མཆིས་པའི་སླད་དུ་སྟོབས་བཅུ་བགྱིད་པའོ་ཞེས་བྱ་བ་ནི་བདུད་དང་མུ་སྟེགས་ཅན་ཕས་ཀྱི་རྒོལ་བ་རྣམས་ཀྱིས་མི་ཐུབ་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འགྲོ་བ་དང་ལྡོག་པ་མ་མཆིས་པའི་སླད་དུ་རྣམ་པ་བཅུ་གཉིས་རྒྱུད་གསུམ་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མི་བསྐོར་བ་ཞེས་བྱ་བ་ཡང་མེད་ལ་ཀུན་རྫོབ་ཏུ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བའི་རང་བཞིན་ཅན་ནོ་ཞེས་བསྟོད་པ་སྟེ། དེ་ལ་རྣམ་པ་བཅུ་གཉིས་ལན་གསུམ་དུ་འཁོར་ལོ་བསྐོར་བ་ནི། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་རྣམས་ཀྱི་རང་བཞིན་སྟོན་པའི་ཚེ། ཕུང་པོ་ལྔ་ལ་འདི་ནི་སྦུག་བསྔལ་བ་ཡིན་ནོ་ཞེས་བྱ་བ་དང༌། ཕུང་པོ་ལྔ་འབྱུང་བའི་རྒྱུ་ལས་དང་ཉོན་མོངས་པ་ལ་འདི་ནི་ཕུང་པོ་ཀུན་འབྱུང་བ་ཡིན་ནོ་ཞེས་བྱ་བ་དང༌། སྡུག་བསྔལ་གྱི་ཕུང་པོ་འགགས་པའི་རང་བཞིན་མྱ་ངན་འདས་པ་ལ་འདི་ནི་སྡུག་བསྔལ་འགོག་པའོ་ཞེས་བྱ་བ་དང༌། མྱ་ངན་ལས་


DTG092_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཐོབ་པར་བྱེད་པའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ནི་མྱ་ངན་འདས་པ་ཐོབ་པར་བྱེད་པའི་རྒྱུའམ་ལམ་ཡིན་ནོ་ཞེས་བྱ་བར་བདེན་པ་བཞི་པོ་དེ་དག་ནི་རང་བཞིན་ཉིད་ཚེ་བསྟན་པའི་རྒྱུད་གཅིག་གོ །སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་བ་ནི་སྤང་བར་བྱ་བའོ། །འགོག་པ་ནི་མངོན་སུམ་དུ་བྱ་བའོ། །ལམ་ནི་བསྒོམ་པར་བྱ་བའོ་ཞེས་སྟོན་པ་ནི་རྒྱུད་གཉིས་པའོ། །སྡུག་བསྔལ་ནི་བདག་གིས་ཤེས་སོ། །ཀུན་འབྱུང་བ་ནི་བདག་གིས་སྤངས་སོ། །འགོག་པ་ནི་བདག་གིས་མངོན་སུམ་དུ་བྱས་སོ། །ལམ་ནི་བདག་གིས་བསྒོམས་སོ་ཞེས་བྱ་བར་སྟོན་པ་ནི་རྒྱུད་གསུམ་པ་སྟེ། དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དེ་དག་ལ་རྣམ་པ་གསུམ་དུ་ཕྱེ་སྟེ་བསྟན་པ་རྣམ་པ་བཅུ་གཉིས་རྒྱུད་གསུམ་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པའོ་ཞེས་བྱ་བ་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེས་སྟོན་པའི་ཕྱིར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའམ། བྱང་ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་སམ། ཉན་ཐོས་ཀྱིས་ཐེག་པ་པའམ། རང་སངས་རྒྱས་སམ། རང་སངས་རྒྱས་ཀྱི་ཐེག་པ་པས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བགྱི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པའི་ཚུལ་གྱིས་གནས་པར་བྱ་བའི་ཐབས་ནི་སྔར་བཤད་ཟིན་པས་སྐབས་འདིར་ཇི་ལྟར་གནས་པར་བགྱི་ཞེས་བྱ་བ་ནི་གོང་དུ་སྨོས་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་དུ་མ་དང་ལྡན་པའི་སྒོ་ནས་བསྟོད་པ་དེ་ལྟ་བུ་ལ་གུས་ཤིང་རིམ་གྲོ་བྱ་བའི་ཐབས་ཇི་ལྟ་བུར་བགྱི་ཞེས་བཅོམ་ལྡན་འདས་ལ་ཤཱ་རིའི་བུས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་སྟོན་པ་ལ་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །སྟོན་པ་ལ་ཇི་ལྟར་ཕྱག་བྱ་བ་


DTG092_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཕྱག་བྱའོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལྷ་དང་མི་རྣམས་ཀྱིས་སྟོན་པ་ལ་གུས་པ་དང་རིམ་གྲོ་ལ་སོགས་པ་ཇི་ལྟར་བྱ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་གུས་པ་དང་རིམ་གྲོ་ལ་སོགས་པ་བྱའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་སྟོན་པ་ལ་ཇི་ལྟར་གུས་པར་བྱ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གུས་པར་བྱ་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྟོན་པ་གཉིས་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐ་མི་དད་པ་དང༌། ཀུན་རྫོབ་ཏུ་ཡང་སྟོན་པའི་བྱ་བ་བྱེད་པར་འདྲ་བའི་ཕྱིར། སྟོན་པ་ལ་མཆོད་པ་དང་བཀུར་སྟི་བྱ་བ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མཆོད་ཅིང་བཀུར་སྟི་བྱའོ་ཞེས་བསྟན་པའོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འབྱུང་ངོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་ངོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་བྱ་བ་བྱེད་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་འབྱུང་བའི་ཕྱིར་རོ། །སྟོན་པ་དང་འདྲ་བར་མཆོད་ཅིང་བཀུར་སྟི་བྱའོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་འགྱུར་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུའི་ཞུ་བ་འདི་གང་ལས་སྐྱེས་ཅིའི་རྒྱུ་སྙམ་པ་དང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གཞན་དག་ཀྱང་བསྟན་པའི་གླེང་བསླང་བའི་ཕྱིར། ཤཱ་རིའི་བུས་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བགྱི་ཞེས་ཞུས་པ་དེ་ཅི་ལས་བསམས་ཏེ་ཞུས་སྙམ་དུ་རྟོག་པ་བསྐྱེད་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་ན། བདག་གིས་ཞུ་བ་སྐྱེས་སོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་


DTG092_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་དང༌། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་ཞིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་ཕྱིར་ཐབས་མཁས་པས་ཡོངས་སུ་བསྔོ་བར་གྱུར་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་དེ་ལ་ཇི་ལྟར་གནས་པར་བགྱི་ཞེས་བདག་གིས་ཞུས་སོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་བོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཀུན་གྱི་གཙོ་བོ་ཡིན་པར་དམུས་ལོང་དང་དམིགས་བུའི་དཔེ་དང་བཅས་ཏེ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་ལྔ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ་ཞེས་བྱ་བའི་བར་དུ་ནི་སྔར་གཞུང་འདི་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་གཅིག་ལ་སྤྱོད་པའི་ཚེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་འགྱུར་བར་བཤད་ལ། སྐབས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འབའ་ཞིག་གཙོ་བོ་ཡིན་པར་བཤད་པ་ལ་འཁོར་རྣམས་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་གཅིག་གི་རྒྱུ་གཅིག་ཡིན་ཏེ། གང་ཡང་རུང་བ་གཅིག་གིས་ཡོངས་སུ་བཟུང་ན་ཡང་གཞན་རྣམས་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་ན། ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་གཙོ་བོ་ཡིན་པར་བཤད་ཅེས་བརྒྱ་བྱིན་གྱིས་ཤཱ་རིའི་བུ་ལ་བརྒལ་བའོ། །སྨྲས་པ་དེ་ལྟ་མ་ཡིན་ཏེ། ཀཽ་ཤི་ཀ་དེ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནས། ཀཽ་ཤི་ཀ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་


DTG092_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་རབ་ཅེས་བྱའོ། །གཙོ་བོ་དང༌། དམ་པ་དང༌། མཆོག་དང༌། ཕུལ་དང༌། གྱ་ནོམ་པ་དང༌། བླ་ན་མེད་པ་དང༌། གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་སྔར་ཕ་རོལ་ཏུ་ཕྱིན་པ་གཅིག་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། དྲུག་ཅར་ཡོངས་སུ་རྫོགས་པར་འགྱུར་བར་བཤད་པ་ནི་གྲོགས་བྱེད་པའི་རྒྱུར་འགྱུར་བ་ཙམ་དུ་བསྟན་དུ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་རྣམ་པ་ཐམས་ཅད་དུ་རྒྱུའི་གཙོ་བོ་ཡིན་པར་བསྟན་པ་མ་ཡིན་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ནང་ན་མཆོག་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་བཞིན་དུ་ཆོས་ཐམས་ཅད་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་མཆོག་དམ་པ་ཡིན་ན། ཇི་ལྟར་མངོན་པར་བསྒྲུབ་ཅིང་ཐོབ་པར་བགྱི་ཞེས་ཞུས་པ་དང༌། དེ་ཇི་ལྟར་མངོན་པར་བསྒྲུབ་པའི་ཐབས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་མེད་པས་དེ་དག་མངོན་པར་བསྒྲུབ་ཏུ་མེད་པར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་གཟུགས་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བ་ནས། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ཇི་ལྟར་དངོས་པོ་མེད་ཅིང་མངོན་པར་བསྒྲུབ་པ་མེད་པའི་གཏན་ཚིགས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་


DTG092_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཟུགས་མངོན་པར་འདུ་བྱ་བ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དངོས་པོ་མེད་ཅིང་མངོན་པར་བསྒྲུབ་ཏུ་མེད་པའི་གཏན་ཚིགས་བསྟན་པ་དེ། དོན་དམ་པར་ཆོས་དེ་དག་ཐམས་ཅད་དངོས་པོ་མེད་པས་མངོན་པར་འདུ་བྱ་བ་དང༌། སྐྱེ་བ་དང༌། འགག་པ་དང༌། དམིགས་པ་དང༌། འཇིག་པ་མེད་པའི་ཕྱིར་མངོན་པར་བསྒྲུབ་དུ་ཡང་མེད་དེ། དེ་ལྟར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཐོབ་པར་བགྱིད་ཅེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ལ་སོགས་པའི་རང་བཞིན་ཡིན་ཏེ། ཅི་ཡང་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་ཅིང་བསྒོམས་པའི་འབྲས་བུ་ཅི་ཞིག་ཡོད་ཅེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ལྟར་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་དེ་ནམ་ཆོས་གང་ཡང་ཐོབ་པར་མི་བྱེད་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས་པས་ཆོས་གང་ལ་ཡང་མཚན་མར་མི་འཛིན་ཅིང༌། མ་ཆགས་ལ་ཐོབ་པར་མི་བྱེད་པ་ཉིད་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པའི་ཤེས་རབ་ཀྱི་མཆོག་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཐོབ་པར་མི་བགྱིད་པ་གང་ལགས་ཞེས་བྱ་བ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་དོ་ཞེས་གོང་དུ་བཤད་པ་ཆོས་གང་དང་གང་རྣམས་ཐོབ་པར་མི་བྱེད་པའི་དམིགས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་


DTG092_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་ཆོས་རྣམས་ཐོབ་པར་མི་བྱེད་དེ་ཞེས་བྱ་བ་ནས་འདུས་མ་བྱས་པའི་ཆོས་རྣམས་ཐོབ་པར་མི་བྱེད་དོ་ཞེས་བྱ་བའི་བར་དུ་ནི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་ཆོས་དེ་དག་གང་ཡང་ཐོབ་པར་བྱེད་པའི་རྒྱུ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གི་ཕྱིར་ཡང་དམིགས་པའི་ཚུལ་གྱིས་ཉེ་བར་མི་གནས་ཏེ། དེའི་ཕྱིར་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་ཆོས་གང་ཡང་ཐོབ་པར་བྱ་བའི་ཕྱིར་དམིགས་པའི་ཚུལ་གྱིས་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་དམ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའི་འབྲས་བུ་ནི་བླ་ན་མེད་པའི་བྱང་ཆུབ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱ་བ་ཡིན་ནོ། །ཅི་དེ་ཡང་ཐོབ་པར་མི་བྱེད་དམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གང་དེ་སྐད་དུ་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་དམ་ཞེས་ཟེར་བ་ནི་ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་དམིགས་པར་མི་བྱེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དུ་རོ་གཅིག་པས་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པ་གཉིས་ཐ་དད་དུ་དབྱེ་ཞིང་དམིགས་སུ་མེད་དོ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད། དམིགས་པར་མི་བགྱིད་པ་ལགས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བྱེད་པའི་


DTG092_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་གླིང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཇི་ལྟ་བ་དང༌། མཚན་མ་ཇི་ལྟ་བ་དང༌། མངོན་པར་འདུ་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐོབ་པར་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མིང་དང་མཚན་མ་ལ་སོགས་པར་འཛིན་ཅིང་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་ཐོབ་པར་བགྱིད་པ་ལགས་ཞེས་བྱ་བ་ནི་མི་དམིགས་པ་དང་མི་ལེན་པ་ལ་སོགས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཞིབ་ཏུ་བཤད་པའི་གླིང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དམིགས་པ་དང༌། མི་ལེན་པ་དང༌། མི་གནས་པ་དང༌། མི་འདོར་བ་དང༌། མངོན་པར་ཆགས་པ་མེད་པ་དེ་ལྟར་ཐོབ་པར་བྱེད་དེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་ཡིན་ཞིང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་དང༌། བླང་དོར་མེད་ཅིང་མཉམ་པ་ཉིད་དུ་གྱུར་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །གང་ཡང་ཐོབ་པར་བྱེད་པ་མེད་དོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་མི་རྟོག་པ་ཡིན་པས་མཚན་མ་དང་བཅས་ཤིང་དམིགས་པའི་ཚུལ་གྱིས་ཐོབ་པར་བྱེད་པ་ནི་གང་ཡང་མེད་དོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཐོབ་པར་མི་བྱེད་དེ་གང་ཡང་ཐོབ་པར་མི་བྱེད་དོ་ཞེས་བྱ་བ་ནི་གོང་དུ་ཆོས་གང་ཡང་ཐོབ་པར་མི་བྱེད་པའི་གཏན་ཚིགས་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། མངོན་པར་འདུ་བགྱི་བ་མ་མཆིས་པ་དང༌། དམིགས་པ་མ་མཆིས་པ་དང༌། འཇིགས་པ་མ་མཆིས་པའི་སླད་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ་ཞེས་བྱ་བ་


DTG092_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གོང་དུ་ཆོས་ཐམས་ཅད་སྐྱེ་བ་དང༌། འགག་པ་ལ་སོགས་པ་མེད་པར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་ཡིན་ལ། དོན་དམ་པར་ཆོས་གང་ཡང་ཐོབ་པར་བྱེད་པ་མེད་པར་བཤད་པས། བརྒྱ་བྱིན་མགུ་ནས་འཁོར་རྣམས་ཀྱང་མགུ་བ་དང་དད་པ་བསྐྱེད་པའི་ཕྱིར་དེ་ལྟ་བུ་ངོ་མཚར་ཆེའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བགྱིད་པ་ལགས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ཐོབ་པར་བྱེད་པའི་དངོས་པོར་འདུ་ཤེས་ཤིང་རྣམ་པར་རྟོག་གམ། ཆོས་ཐམས་ཅད་ཐོབ་པར་མི་བྱེད་པའི་དངོས་པོར་འདུ་ཤེས་ཤིང་རྣམ་པར་རྟོག་ན་ཡང་ཐོབ་པར་བྱེད་པ་དང༌། ཐོབ་པར་མི་བྱེད་པའི་མཐའ་གཉིས་སུ་འཛིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་འགལ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་ཞིང་རིང་དུ་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་པའི་རྣམ་གྲངས་སོ་ཞེས་བྱ་བའི་བར་དུ་ནི་ཐོབ་པར་བྱེད་པ་དང༌། ཐོབ་པར་མི་བྱེད་པའི་མཐའ་གཉིས་སུ་འཛིན་ཅིང་རྣམ་པར་རྟོག་པ་འབའ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་ཞིང་རིང་དུ་བྱེད་པར་མ་ཟད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཐམས་ཅད་དངོས་པོ་མེད་པ་དང༌། སྟོང་པ་ཤ་སྟག་ཏུ་སྟོན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གསོག་གསོབ་སྟེ་སྙིང་པོ་མེད་པའོ་སྙམ་དུ་སེམས་ཤིང་དེ་ལྟར་རྣམ་པར་རྟོག་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་ཞིང་རིང་དུ་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆོས་གང་ལ་ཡིད་ཆེས་པར་འགྱུར་བ་ལགས་ཞེས་བྱ་བ་ནས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས། དངོས་པོ་ཡོད་པར་ཡིད་ཆེས་པར་བྱར་མི་རུང་བའི་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་གླིང་


DTG092_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བསླང་བའི་ཕྱིར་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས་གཟུགས་ལ་ཡིད་ཆེས་པར་མི་འགྱུར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་ཏེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཡིད་ཆེས་ན་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་དངོས་པོ་ཡོད་པར་འཛིན་པར་མི་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མི་འགྱུར་བ་ལགས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་བ་ལགས་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་མི་དམིགས་པའི་དོན་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར། བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་སུ་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མི་འགྱུར་རོ་ཞེས་བྱ་བ་ནས། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པར་རྟོགས་ཏེ། དེ་དག་གང་ལ་ཡང་དངོས་པོ་ཡོད་པར་མི་དམིགས་ཤིང་མཚན་མར་མི་འཛིན་པར་གྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་ཤིང་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་ཤིང་ཡིད་ཆེས་པར་གྱུར་ན། གཟུགས་ལ་སོགས་པ་རྣམ་པ་


DTG092_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་དངོས་པོ་ཡོད་པས་ཡིད་ཆེས་པར་མི་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཚེ་ཡང་བཟང་ཞིང་ཆེ་བར་རྣམ་པར་རྟོག་པ་མེད་ལ། ཡོངས་སུ་མ་དག་པའི་ཚེ་ཡང་ངན་ཞིང་ཆུང་བར་རྣམ་པར་རྟོག་པ་མེད་དེ། དེ་ལྟར་ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་ཅིང་ཡོན་ཏན་ཆེ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་བསྟོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྒྱུ་གང་གིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ཞེས་བྱ་བ་ནི་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་དྲིས་པའོ། །གསོལ་པ། གཟུགས་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་དོ་ཞེས་བྱ་བ་ནས། བྱང་ཆུབ་དང༌། སངས་རྒྱས་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཆེ་བར་མི་བགྱིད་དོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཚེ་ཡང་བཟང་ཞིང་ཆེ་བར་མི་རྟོག་ལ་ཡོངས་སུ་མ་དག་པའི་ཚེ་ཡང་ངན་ཞིང་ཆུང་བར་མི་རྟོག་སྟེ། དེ་ལྟར་མཚན་མར་མི་འཛིན་ཅིང་རྣམ་པར་མི་རྟོག་པའི་ཡོན་ཏན་ཆེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ་ཞེས་བྱ་བ་ནས། བྱང་ཆུབ་དང༌། སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ་ཞེས་བྱ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཚེ་ཡང་ཆོས་


DTG092_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱིངས་ཉིད་དུ་བསྡུ་བའི་རྣམ་པར་རྟོག་པ་ཡང་མེད་ལ། ཡོངས་སུ་མ་དག་པའི་ཚེ་ཡང་ཀུན་བརྟགས་པའི་རང་བཞིན་དུ་སོ་སོར་འཕྲོས་ཤིང་ཡངས་པའི་རྣམ་པར་རྟོག་པ་ཡང་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་ཡང་མི་བགྱིད་དོ་ཞེས་བྱ་བ་ནས། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མི་བགྱིད་དོ་ཞེས་བྱ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཚད་ཡོད་པ་དང་ཚད་མེད་པའི་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་རྒྱ་ཆེན་པོར་མི་བགྱིད་རྒྱ་ཆུང་ངུར་མི་བགྱིད་དོ་ཞེས་བྱ་བ་ནས། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་རྒྱ་ཆེན་པོར་མི་བགྱིད་རྒྱ་ཆུང་ངུར་མི་བགྱིད་པའོ་ཞེས་བྱ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཚེ་ཡང་རྒྱ་ཆེ་བར་རྣམ་པར་མི་རྟོག་ལ། ཡོངས་སུ་མ་དག་པའི་ཚེ་ཡང་རྒྱ་ཆུང་བར་རྣམ་པར་མི་རྟོག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་མཐུ་དང་ལྡན་པར་མི་བགྱིད། མཐུ་མ་མཆིས་པར་མི་བགྱིད་དོ་ཞེས་བྱ་བ་ནས་བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་མི་བགྱིད། མཐུ་མ་མཆིས་པར་མི་བགྱིད་དོ་ཞེས་བྱ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་


DTG092_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མཐུ་དང་ལྡན་པར་རྣམ་པར་རྟོག་པ་ཡང་མེད་ལ། མཐུ་ཆུང་བར་རྣམ་པར་རྟོག་པ་ཡང་མེད་དེ། དེ་ལྟར་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཆེ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་བསྟན་པའོ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོག་པས་ཡོངས་སུ་དག་པའི་ཚེ་ཡང་ཡོན་ཏན་དུ་ལྟ་བའི་རྣམ་པར་རྟོག་པ་མེད་ལ། ཡོངས་སུ་མ་དག་པའི་ཚེ་ཡང་སྐྱོན་དུ་ལྟ་བའི་རྣམ་པར་རྟོག་པ་མེད་དེ། རྣམ་པར་མི་རྟོག་པའི་ཡོན་ཏན་ཆེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཞེས་བྱ་བ་ནས་བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་མི་བྱེད་མཐུ་མེད་པར་མི་བྱེད་དོ་ཞེས་བགྱི་བར་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་འདས་དེ་ལྟར་འདུ་ཤེས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ་ཞེས་བྱ་བའི་བར་དུ་ནི་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཆེ་བར་མི་བྱེད་ཆུང་བར་མི་བྱེད་པ་དང༌། འདུ་བར་མི་བྱེད་ཡངས་པར་མི་བྱེད་པ་དང༌། ཚད་ཡོད་པར་མི་བྱེད་ཚད་མེད་པར་མི་བྱེད་པ་དང༌། རྒྱ་ཆེན་པོར་མི་བྱེད། རྒྱ་ཆུང་བར་མི་བྱེད་པ་དང༌། མཐུ་དང་ལྡན་པར་མི་བྱེད། མཐུ་མེད་པར་མི་བྱེད་པ་ཡིན་ནོ་སྙམ་དུ་སེམས་ཤིང་དངོས་པོ་དང་མཚན་མར་བཟུང་སྟེ། དེ་ལྟར་འདུ་ཤེས་སུ་གྱུར་ན་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པར་སྤྱོད་པ་


DTG092_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ཆུད་དོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། གང་གཟུགས་ཆེ་བར་བགྱིད་པའམ། ཆུང་བར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ་ཞེས་བྱ་བ་ནས། གང་བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་བགྱིད་པའམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་ཏེ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་དངོས་པོར་ལྟ་ཞིང་མཚན་མར་འཛིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ཆུད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་ཡོངས་སུ་དག་པའི་རང་བཞིན་དུ་གནས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆེ་བ་དང༌། ཆུང་བ་དང༌། འདུ་བ་དང༌། ཡངས་པ་དང༌། ཚད་ཡོད་པ་དང༌། ཚད་མེད་པ་དང་རྒྱ་ཆེན་པོ་དང༌། རྒྱ་ཆུང་བ་དང༌། མཐུ་དང་ལྡན་པ་དང༌། མཐུ་མེད་པར་བྱ་ཞིང་བསྒྱུར་དུ་མེད་པས་དེ་ལྟར་ཆེ་ཆུང་ལ་སོགས་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་དང་འབྲས་བུ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་དུ་གནས་པ་ལ་ཆེ་ཆུང་ལ་སོགས་པ་བྱེད་ཅིང་རྣམ་པར་རྟོག་པར་འདུ་ཤེས་པར་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བྱ་བ་དང་སྦྱར་རོ། །བཅོམ་ལྡན་འདས་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཆེ་བར་བགྱིད་པའམ། ཆུང་བར་བགྱིད་པའམ་ཞེས་བྱ་བ་ནས། བྱང་ཆུབ་དང༌། སངས་རྒྱས་དང༌། སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་བགྱིད་པའམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི་དེའི་དམིགས་པ་ཆེན་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་ཏེ། ཅི་ཡང་མི་བྱེད་པ་ལ་ཆོས་ཐམས་ཅད་ཆེ་བ་དང༌། ཆུང་བ་དང༌། འདུ་བ་དང༌། ཡངས་པ་དང༌། ཚད་ཡོད་པ་དང༌། ཚད་མེད་པ་དང༌། རྒྱ་ཆེ་བ་དང༌། རྒྱ་ཆུང་བ་དང༌། མཐུ་དང་ལྡན་པ་དང༌། མཐུ་མེད་པར་བྱེད་པར་ལྟ་ཞིང་


DTG092_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མར་འཛིན་ན་དམིགས་པ་ཅན་དུ་གྱུར་པས་བྱང་ཆུབ་སེམས་དཔའ་དེའི་སྐྱོན་ཆེན་པོར་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། དམིགས་པའི་འདུ་ཤེས་ཅན་ལ་བྱང་ཆུབ་ཅེས་བགྱི་བ་མ་མཆིས་ཏེ་ཞེས་བྱ་བ་ནི་དེ་ལྟར་དམིགས་པ་དང་བཅས་ཤིང༌། མཚན་མར་འཛིན་པ་སྐྱོན་ཆེན་པོར་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། དེ་ལྟར་དམིགས་པའི་འདུ་ཤེས་ཅན་དུ་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་ལྟར་སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་ལྟའོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་ལྟའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་དངོས་པོ་མེད་པའི་རང་བཞིན་ཡིན་པ་ལ། དངོས་པོ་དང་མཚན་མར་མི་འཛིན་ཅིང་དམིགས་པའི་འདུ་ཤེས་ཅན་དུ་མི་བྱ་བའི་དོན་བསྟན་པ་སྟེ། དེ་ནི་འདི་ལྟར་སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་ལྟའོ་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱིས་བརྟགས་པའི་སེམས་ཅན་དངོས་པོ་མེད་པས་སྐྱེ་བ་མེད་པའི་ཕྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་སྐྱེ་བ་མེད་པར་ཤེས་པར་བྱའོ་ཞེས་བསྟན་པའོ། །དེ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པར་ལྟ་བ་བསྟན་པའོ། །གཟུགས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་གྱི་ཆོས་རྣམས་སྐྱེ་བ་མེད་པ་བསྟན་པས་ཆོས་ལ་བདག་མེད་པར་རྟོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པར་ལྟ་བ་བསྟན་པའོ། །སྐྱེ་བ་མེད་པའི་འགྲེས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རང་བཞིན་མེད་པའི་འགྲེས་དང༌། དངོས་པོ་མེད་པའི་འགྲེས་དང༌། སྟོང་པ་ཉིད་ཀྱི་འགྲེས་དང༌། དབེན་པའི་འགྲེས་དང༌། མེད་པའི་


DTG092_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེས་དང༌། བསམ་གྱིས་མི་ཁྱབ་པའི་འགྲེས་དང༌། རྣམ་པར་འཇིགས་པ་མེད་པའི་འགྲེས་དང༌། མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པའི་འགྲེས་དང༌། སྟོབས་ཡོངས་སུ་འགྲུབ་པ་མེད་པའི་འགྲེས་རྣམས་ལ་ཡང་སྦྱར་བར་བྱ་སྟེ། སྐྱེ་བ་མེད་པ་དང། རང་བཞིན་མེད་པ་ལ་སོགས་པའི་ཚིག་བཅུ་པོ་འདི་དག་ཀྱང་དངོས་པོ་མེད་པའི་རྣམ་གྲངས་སུ་རིག་པར་བྱའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ཀྱང་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྐྱེ་བ་མེད་ཅིང་རང་བཞིན་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ཞིང་རྣམ་པར་རྟོག་པ་མེད་པས་ཆོས་གང་ལ་ཡང་ཆེ་ཆུང་དང་བཟང་ངན་ལ་སོགས་པར་མི་བྱེད་ཅིང་མཚན་མར་མི་འཛིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་ཆེ་བའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་ཉི་ཤུ་དྲུག་གོ། །།


previousཉེར་དྲུག་པ། སྒྲུབ་པའི་ལེའུ།next