Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གོ་གཉིས་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
སོ་དགུ་པ། བྱང་ཆུབ་སེམས་ཀྱི་བསླབ་པ་རྣམ་པར་གཞག་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   


 
previousསོ་དགུ་པ། བྱང་ཆུབ་སེམས་ཀྱི་བསླབ་པ་རྣམ་པར་གཞག་པའི་ལེའུ།next

སོ་དགུ་པ། བྱང་ཆུབ་སེམས་ཀྱི་བསླབ་པ་རྣམ་པར་གཞག་པའི་ལེའུ།


DTG092_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་དང༌། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས། ལྷ་རྫས་ཀྱི་ཙནྡན་གྱི་ཕྱེ་མ་དང༌། ལྷ་རྫས་ཀྱི་མེ་ཏོག་ཨུཏྤལ་དང༌། པད་མོ་དང༌། ཀུ་མུ་ད་དང༌། པུཎྜ་རཱི་ཀ་མང་པོ་ཁྱེར་ཏེ། བཅོམ་ལྡན་འདས་ག་ན་བ་དེ་ལོགས་སུ་མངོན་པར་གཏོར་རོ་ཞེས་བྱ་བ་ལ་སོགས་པས་ནི། གང་དུ་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རང་བཞིན་ཐ་མི་དད་དེ། གཅིག་ཏུ་བཤད་པ་དང༌། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་དག་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་མེད་དོ་ཞེས་བཤད་པའི་དོན་ལྷའི་བུ་རྣམས་ཀྱིས་རྟོགས་ནས། དེ་ལྟ་བུའི་དོན་ཟབ་མོ་བཤད་པས་མགུ་སྟེ། ལྷ་རྫས་ཀྱི་མཆོད་པ་


DTG092_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་ནས། བཅོམ་ལྡན་འདས་ཀྱིས་གོང་དུ་བཤད་པའི་ཚིག་དེ་དག་ཉིད་བཟླས་ཏེ། གསོལ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་མོ་བལྟ་བཀའ་བས་མཁས་པ་རྣམས་ཀྱིས་རིག་པར་བྱ་བ་ཡིན་གྱི། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བ་ཡིན་པར་བསྟན་པ་སྟེ། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་འདིས། འདི་སྐད་དུ་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་སོ་ཞེས་སོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་པར་བཤད་པས་ལྷའི་བུ་རྣམས་ཀྱིས་བཟླས་ཏེ་གསོལ་ནས་དེ་ལྟ་བུའི་དོན་ཟབ་མོ་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་སྟེ། མཁས་པ་རྣམས་ཀྱིས་རྟོགས་པར་བྱ་བ་ཡིན་གྱི། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བའོ་ཞེས་བྱ་བའི་ཐ་ཚིག་འོག་ནས་འབྱུང་བ་དང་སྦྱར་རོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་སྟོན་པ་ནི་ཞེས་བྱ་བའི་བར་གྱིས་ནི། གོང་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་དག །དེ་བཞིན་ཉིད་ཀྱི་རང་བཞིན་དུ་རོ་གཅིག་སྟེ། ཐ་དད་དུ་དབྱེར་མེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་བཤད་པའི་ཚིག་ལྷའི་བུ་རྣམས་ཀྱིས་བཟླས་ཏེ་གསོལ་པའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་ལ་


DTG092_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་པར་དཀའ་ཞིང༌། བརྟག་ཏུ་མ་མཆིས་ལ་རྟོག་གེའི་སྤྱོད་ཡུལ་མ་ལགས་ཏེ། ཞི་ཞིང་ཕྲ་བ་ཞིབ་མོ་མཁས་ཤིང་རྟོགས་པས་རིག་པར་བགྱི་བ་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བའོ་ཞེས་བྱ་བས་ནི། དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་དེ་བཞིན་ཉིད་དུ་རོ་གཅིག་པར་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཡིན་ཏེ། ཟབ་ཅིང་བལྟ་དཀའ་བས་མཁས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། སེམས་ཅན་ཕལ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་པ་སྟེ། ཟབ་པ་དང་བལྟ་བཀའ་བ་དང༌། ཁོང་དུ་ཆུད་པར་དཀའ་བ་དང༌། བརྟག་ཏུ་མེད་པ་དང༌། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་དང༌། ཞི་བ་དང༌། ཕྲ་བ་དང༌། ཞིབ་པའི་ཚིག་རྣམས་ཀྱི་དོན་ནི་སྔར་བཤད་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང༌། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་ལྷའི་བུ་རྣམས་ཀྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོན་དམ་པར་རང་བཞིན་གཅིག་པའི་འཆད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་ལ། མཁས་པ་རྣམས་ཀྱིས་རིག་པར་བྱ་བ་ཡིན་གྱི། འཇིག་རྟེན་ཐམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་གསོལ་བའི་ཚིག་དང་དོན་དེ་དག་བཅོམ་ལྡན་འདས་ཀྱིས་བཟླས་ཏེ་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་


DTG092_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་གྱིས་ཀྱང༌། གོང་དུ་ལྷའི་བུ་རྣམས་ཀྱིས་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་དག་དེ་བཞིན་ཉིད་དུ་རོ་གཅིག་པ་སྟེ། ཐ་མི་དད་པར་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་སྟེ། མཁས་པ་རྣམས་ཀྱིས་རིག་པར་བྱ་བ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་སྨྲས་པའི་ཚིག་དང་དོན་དེ་དག་བཅོམ་ལྡན་འདས་ཀྱིས་བཟླས་ཏེ། དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །ལྷའི་བུ་དག་དོན་གྱི་དབང་དེ་གཟིགས་པས། དེ་བཞིན་གཤེགས་པ་ཕྲིན་ལས་ཆུང་བ་ལ་ཐུགས་གཞོལ་ཏེ། ཆོས་བསྟན་པ་ལ་གཞོལ་བ་མ་ཡིན་ནོ་ཞེས་བྱ་བ་ནི། སྔོན་དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་མི་བསྐོར་བར་ཅང་མི་གསུང་བར་བཞུགས་པ་ཡང༌། དོན་ཟབ་མོ་འདི་ལྟ་བུ་དེ་བཞིན་གཤེགས་པ་ཉག་གཅིག་གི་སྤྱོད་ཡུལ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ནོ་སྙམ་ནས། དོན་དེ་ལྟ་བུ་ལ་དགོངས་ནས། བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་བཞུགས་པའི་དོན་ནོ་ཞེས་བྱ་བའི་དོན་ཏོ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བྱང་ཆུབ་འདི་ནི་ཟབ་ཅིང་བལྟ་དཀའ་ལ་ཁོང་དུ་ཆུད་པར་དཀའ་ཞིང༌། བརྟག་ཏུ་མེད་ལ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ། ཞི་ཞིང་ཕྲ་བ་ཞི་མོ་མཁས་ཤིང་རྟོགས་པས་རིག་པར་བྱ་བ་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བ་སྟེ། དེ་ནི་སུས་ཀྱང་མངོན་པར་སངས་རྒྱས་ནས། ནམ་ཡང་མངོན་པར་སངས་རྒྱས་མ་རྒྱས། གང་དུ་ཡང་མངོན་པར་སངས་རྒྱས་ཏེ། གང་ལ་གཉིས་སུ་ཀུན་ནས་རྒྱུ་བ་མེད་པ་དེ་ནི་ཆོས་རྣམས་ཀྱི་ཟབ་པ་ཉིད་དོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་དང་པོ་མངོན་པར་སངས་རྒྱས་པའི་ཚེ། ཆོས་ཀྱི་འཁོར་ལོ་མི་བསྐོར་བར་བཞུགས་པའི་གཏན་ཚིགས་བསྟན་པ་སྟེ། དེ་བཞིན་གཤེགས་པ་བླ་ན་མེད་པ་བྱང་ཆུབ་པའི་ཆོས་དེ་ཟབ་ཅིང་བལྟ་དཀའ་བས། སུས་ཀྱང་མངོན་པར་རྟོགས་པར་བྱ་མི་ནུས་པའི་ཕྱིར། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏེ། བརྒྱ་བྱིན་ལ་སོགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་


DTG092_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་དགོས་པར་གྱུར་ཏོ་ཞེས་བསྟན་པའོ། །ཟབ་ཅིང་བལྟ་དཀའ་བ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་སྔར་བཤད་པ་བཞིན་ནོ། །དེ་ནི་སུས་ཀྱང་མངོན་པར་སངས་རྒྱས་ཞེས་བྱ་བ་ནི། བླ་ན་མེད་པའི་བྱང་ཆུབ་དེ་དོན་དམ་པར་དངོས་པོ་མེད་པས་གང་ཟག་གང་གིས་ཀྱང་མ་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །ནམ་ཡང་མངོན་པར་སངས་མ་རྒྱས་ཞེས་བྱ་བ་ནི། དེ་ལྟར་དངོས་པོ་མེད་པ་དེ་སྔོན་ཡང་རྟོགས་པར་མ་གྱུར། ད་ལྟར་ཡང་མི་རྟོགས། ཕྱིས་ཀྱང་རྟོགས་པར་མི་འགྱུར་རོ་ཞེས་བསྟན་པའོ། །གང་དུ་ཡང་མངོན་པར་སངས་མ་རྒྱས་ཞེས་བྱ་བ་ནི། དེ་ལྟར་དངོས་པོ་མེད་པ་དེ་ཁམས་གསུམ་གྱི་གནས་གང་དུ་ཡང་རྟོགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ལ་གཉིས་སུ་ཀུན་ནས་རྒྱུ་བ་མེད་པ་དེ་ནི། ཆོས་རྣམས་ཀྱི་ཟབ་པ་ཉིད་དོ་ཞེས་བྱ་བ་ནི། གང་དུ་བླ་ན་མེད་པའི་བྱང་ཆུབ་དེ་ཟབ་ཅིང་བལྟ་དཀའ་བར་བཤད་པའི་དོན་དེ་ཉིད་གསལ་བར་བསྟན་པ་སྟེ། བླ་ན་མེད་པའི་བྱང་ཆུབ་དེ་ལ་རྟོགས་པར་བྱེད་པ་དང༌། རྟོགས་པར་བྱ་བའི་དངོས་པོར་རྣམ་པར་རྟོག་པ་མེད་པ་དེ་ཉིད་དེའི་ཟབ་མོ་ཡིན་ནོ་ཞེས་བསྟན་པའོ། །ལྷའི་བུ་དག་ནམ་མཁའ་ཟབ་པའི་ཕྱིར། ཆོས་འདི་ཟབ་བོ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་དེ་ཟབ་པའི་གཏན་ཚིགས་དང་དཔེ་བསྟན་པ་སྟེ། ནམ་མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ་ཞེས་བྱ་བ་ནས། ལྷའི་བུ་དག་མངོན་པར་འདུ་བྱ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པ་ཟབ་པའི་ཕྱིར། ཆོས་འདི་ཟབ་བོ་ཞེས་བྱ་བའི་བར་གྱིས་ནི། ནམ་མཁའ་ལ་སོགས་པའི་འདུས་མ་བྱས་པའི་ཆོས་རྣམས་དངོས་པོ་མེད་དེ། སུས་ཀྱང་མངོན་སུམ་དུ་རྟོགས་པར་བྱ་མི་ནུས་ཤིང་ཟབ་པ་དེ་བཞིན་དུ། བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཡང་ཟབ་བོ་ཞེས་བྱ་བའི་དོན་ཏོ། །ལྷའི་བུ་དག་བདག་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ་ཞེས་བྱ་བ་ནས། ལྷའི་བུ་དག་མཐོང་བ་པོ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ་ཞེས་བྱ་བའི་བར་གྱིས་ནི། མུ་སྟེགས་ཅན་གྱིས་ཕྱིན་ཅི་ལོག་ཏུ་བརྟགས་པའི་བདག་རྣམས་ཡང་དག་པར་ཡོད་པ་མ་ཡིན་པས། སུས་ཀྱང་མངོན་སུམ་དུ་བྱར་མི་རུང་སྟེ། ཟབ་པ་དེ་བཞིན་དུ་བླ་ན་མེད་པའི་


DTG092_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཡང་ཟབ་བོ་ཞེས་བསྟན་པའོ། །ལྷའི་བུ་དག་གཟུགས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ་ཞེས་བྱ་བ་ནས། ལྷའི་བུ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། ཆོས་དེ་དག་གི་རང་བཞིན་འདི་ཁོ་ནའོ་ཞེས་སུས་ཀྱང་ཐོག་ཏུ་མི་ཕེབས་པས། ཟབ་པ་དེ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཡང་ཟབ་བོ་ཞེས་བྱ་བའི་དོན་ཏོ། །ལྷའི་བུ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བའི་ཆོས་བསྟན་པ་འདི་ནི་ངོ་མཚར་རོ་ཞེས་བྱ་བ་ནི། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པར་བསྟན་པས་ལྷའི་བུ་རྣམས་མགུ་ནས། དེ་ལྟ་བུའི་ཆོས་ཟབ་མོ་བསྟན་པ་ཤིན་ཏུ་དཀོན་ཏེ་ངོ་མཚར་ཆེའོ་ཞེས་བཅོམ་ལྡན་འདས་ལ་བསྟོད་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ནི་གཟུགས་གཟུང་བའི་སླད་དུ་མ་ལགས། མི་གཟུང་བའི་སླད་དུ་བསྟན་པ་མ་ལགས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུང་བའི་སླད་དུ་མ་ལགས། མི་གཟུང་བའི་སླད་དུ་བསྟན་པ་མ་ལགས་སོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་ཞིང་ཟབ་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། འདི་ནི་གཟུགས་སོ་ཞེས་དངོས་པོ་དང་མཚན་མར་གཟུང་དུ་ཡོད་པར་ཡང་བསྟན་ལ། ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་ཡང་མེད་དོ་ཞེས་རྣམ་པ་ཐམས་ཅད་དུ་མེད་པར་སྐུར་བ་བཏབ་པ་སྟེ། མེད་པའི་མཐའ་ལ་ཆགས་པར་བྱ་བའི་ཕྱིར་ཡང་མ་བསྟན་པས། ཆོས་འདི་ཟབ་བོ་ཞེས་ལྷའི་བུ་རྣམས་ཀྱིས་གསོལ་པའོ། །བཅོམ་ལྡན་འདས་འཇིག་རྟེན་ནི་བདག་གི་གཟུགས་སོ། །བདག་ནི་གཟུགས་ཅན་ནོ་ཞེས་བྱ་བ་ནས། བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ་ཞེས་བགྱི་བར་འཛིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་


DTG092_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི། འཇིག་རྟེན་ཐམས་ཅད་ཆོས་ཟབ་མོ་ལ་ཡིད་མི་ཆེས་པའི་རྒྱུ་བསྟན་པ་སྟེ། འཇིག་རྟེན་པ་རྣམས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་མ་རྟོགས་པས། ཆོས་རྣམས་ལ་བདག་དང་བདག་གིར་འཛིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡིད་ཆེས་སོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་ཆོས་འདི་ནི་གཟུགས་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མི་གཟུང་བའི་ཕྱིར་མ་ཡིན་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མི་གཟུང་བའི་ཕྱིར་བསྟན་པ་མ་ཡིན་ཞེས་བྱ་བའི་བར་གྱིས་ནི། གང་དུ་ལྷའི་བུ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་དང༌། སྐུར་བ་འདེབས་པས་བསྟན་པ་མ་ཡིན་པའི་ཕྱིར། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་ཞིང་ཟབ་པ་བསྟན་པ་ངོ་མཚར་ཆེ་བའི་གཏན་ཚིགས་སུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་གཟུང་བའི་སླད་དུ་བསྟན་པ་ཡང་མ་ལགས། མི་གཟུང་བའི་སླད་དུ་བསྟན་པ་མ་ལགས་སོ་ཞེས་གསོལ་པའི་ཚིག་དེ་དག་ཉིད་བཅོམ་ལྡན་འདས་ཀྱིས་བཟླས་ནས་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །ལྷའི་བུ་དག་གང་ཡང་གཟུགས་གཟུང་བའི་ཕྱིར་རམ། །མི་གཟུང་བའི་ཕྱིར་སྤྱོད་པ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲོ་འདོགས་ཤིང་སྐུར་བ་འདེབས་པའི་ཚུལ་གྱིས་ཡོད་པ་དང་མེད་པའི་མཐའ་ལ་ཆགས་པས་སྤྱོད་ན། ཆོས་རྣམས་ཀྱི་ཆོས་ཉིད་མ་རྟོགས་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་འཁོར་གསུམ་ཡོངས་སུ་དག་པར་བསྒོམ་མི་ནུས་སོ་ཞེས་ཡོད་པ་དང་མེད་པའི་མཐའ་ལ་ཆགས་པའི་ཉེས་དམིགས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་འདི་ནི་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་སྟེ་ཞེས་བྱ་བ་ནས། འདི་ནི་རྣམ་པ་ཐམས་ཅད་མཁྱེན་


DTG092_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང་རྗེས་སུ་མཐུན་པའོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ལ་ཡོད་པ་དང་མེད་པའི་མཐར་འཛིན་པ་དག་རྣམ་པར་བྱང་བའི་ཆོས་རྣམས་བསྒོམ་པར་མི་ནུས་ཀྱི། མཐའ་གཉིས་དང་བྲལ་ན་གདོད་རྣམ་པར་བྱང་བའི་ཆོས་རྣམས་བསྒོམ་ནུས་སོ་ཞེས་བཤད་པའི་དོན་རབ་འབྱོར་གྱིས་རྟོགས་ནས་འཁོར་ཐམས་ཅད་མཐའ་གཉིས་དང་བྲལ་བའི་ཆོས་ཟབ་མོ་ལ་གཟུད་པའི་ཕྱིར། དེ་ལྟར་མཐའ་གཉིས་དང་བྲལ་བའི་ཆོས་ཟབ་མོ་འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱུ་ཡིན་པའི་ཕྱིར། ཆོས་ཐམས་ཅད་དང་རྗེས་སུ་མཐུན་པའོ་ཞེས་རབ་འབྱོར་གྱིས་སྨྲས་པའོ། །ཆོས་འདི་ནི་གང་ལ་ཡང་ཐོགས་པ་མ་མཆིས་ཏེ། ཅི་ལ་ཡང་ཐོགས་པ་མ་མཆིས་ཤེ་ན། གཟུགས་ལ་ཐོགས་པ་མ་མཆིས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐོགས་པ་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཆོས་ཟབ་མོ་དེ་རྣམ་པར་བྱང་བའི་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་ཡིན་པས། གཟུགས་ལ་སོགས་པའི་ཆོས་གང་ལ་ཡང་དངོས་པོར་མི་ལྟ་ཞིང༌། ཆོས་དེ་དག་གི་དབང་དུ་མི་འགྱུར་རོ་ཞེས་བསྟན་པའོ། །ཆོས་འདི་ནི་ནམ་མཁའ་དང་མཉམ་པ་ཉིད་དང༌། དེ་བཞིན་ཉིད་དང་མཉམ་པ་ཉིད་དང་ཞེས་བྱ་བ་ནས། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང༌། རྣམ་པར་བྱང་བ་མ་མཆིས་པ་དང༌། མཉམ་པ་ཉིད་ཀྱི་སླད་དུ། ཐོགས་པ་མ་མཆིས་པའི་མཚན་ཉིད་དོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ཐོགས་པ་མེད་པའི་མཚན་ཉིད་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་ཆོས་འདི་ནམ་མཁའ་ལ་སོགས་པ་འདུས་མ་བྱས་པའི་ཆོས་རྣམས་དང་འདྲ་བས། ཐོགས་པ་མེད་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་འདི་ནི་གཟུགས་ཀྱི་སྐྱེ་བ་མི་དམིགས་པ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བ་མི་དམིགས་པའི་སླད་དུ་སྐྱེ་བ་མ་མཆིས་པའོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཡང་སྐྱེ་བ་མེད་པའི་མཚན་ཉིད་


DTG092_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བསྟན་པའོ། །ཆོས་འདི་ནི་གཟུགས་ཀྱི་རྟེན་མི་དམིགས་པ་དང་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་མི་དམིགས་པའི་སླད་དུ་རྟེན་མ་མཆིས་པའོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་གང་ན་ཡང་མི་གནས་ཅི་ལ་ཡང་མི་བརྟེན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཡང་གང་ན་ཡང་མི་གནས། ཅི་ལ་ཡང་མི་བརྟེན་པས་རྟེན་མེད་པ་ཡིན་ནོ་ཞེས་རབ་འབྱོར་གྱིས་གསོལ་པའོ། །དེ་ནས་འདོད་པ་ན་སྤྱོད་པ་དང༌། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གནས་བརྟན་རབ་འབྱོར་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་སོ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཟབ་མོ་འདི་རྣམ་པར་བྱང་བའི་ཆོས་ཐམས་ཅད་དང༌། རྗེས་སུ་མཐུན་པར་བཤད་པ་དང༌། ཆོས་ཐམས་ཅད་ལ་ཐོགས་པ་མེད་པར་བཤད་པ་དང༌། འདུས་མ་བྱས་པའི་ཆོས་རྣམས་དང་མཉམ་པ་ཉིད་དུ་བཤད་པ་དང༌། སྐྱེ་བ་མེད་པར་བཤད་པ་དང༌། རྟེན་མེད་པར་བཤད་པས་ལྷའི་བུ་རྣམས་མགུ་ནས། དེ་བཞིན་གཤེགས་པ་དང་ཆོས་མཐུན་པར་སྟོན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་སོ་ཞེས་རབ་འབྱོར་ལ་བསྟོད་པ་སྟེ། བཅོམ་ལྡན་འདས་དང་མཐུན་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གནས་བརྟན་རབ་འབྱོར་ནི་ཅི་དང་ཅི་སྟོན་པ་དེ་ཐམས་ཅད་སྟོང་པ་ཉིད་ལས་བརྩམས་ཤིང་སྟོན་ཏོ། །མཚན་མ་མ་མཆིས་པ་དང༌། སྨོན་པ་མ་མཆིས་པ་ཉིད་ལས་བརྩམས་ཤིང་སྟོན་ཏོ་ཞེས་བྱ་བས་ནི། རབ་འབྱོར་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་པའི་གཏན་ཚིགས་བསྟན་པ་སྟེ། བཅོམ་ལྡན་འདས་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཆོས་ཟབ་མོ་སྟོན། རབ་འབྱོར་ཡང་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཆོས་ཟབ་མོ་སྟོན་ཏེ། དེ་ལྟར་ཆོས་ཟབ་མོ་སྟོན་པར་རྗེས་སུ་མཐུན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདོད་པ་ན་སྤྱོད་པ་དང༌། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་


DTG092_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པས་ནི། དེ་བཞིན་གཤེགས་པ་དང་རབ་འབྱོར་གཉིས་དོན་དམ་པར་དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཐ་མི་དད་དེ་རྗེས་སུ་མཐུན་པའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་པར་རབ་འབྱོར་གྱིས་བཤད་པ་སྟེ། གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སྐྱེས་པ་སྟེ་ཞེས་བྱ་བས་ནི། དོན་དམ་པར་དེ་བཞིན་གཤེགས་པ་དང༌། རབ་འབྱོར་གཉིས་དེ་བཞིན་ཉིད་ཀྱི་རང་བཞིན་དུ་རོ་གཅིག་སྟེ། ཐ་མི་དད་ཅིང་རྗེས་སུ་མཐུན་པའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མ་འོངས་མ་སོང་བ་དེ་བཞིན་དུ། གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་མ་འོངས་མ་སོང་བས་ན། ཐོག་མ་ནས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བས་ནི། དེ་བཞིན་གཤེགས་པ་དང་རབ་འབྱོར་གཉིས་དེ་བཞིན་ཉིད་དུ་ཐ་མི་དད་ཅིང་རྗེས་སུ་མཐུན་པའི་གཏན་ཚིགས་བསྟན་པ་སྟེ། དེ་བཞིན་ཉིད་ཅེས་བྱ་བ་ནི་ཡོངས་སུ་དག་ཅིང་འགྱུར་བ་མེད་པས། ཐོག་མ་ཡང་གང་ནས་ཀྱང་མ་འོངས། ཐ་མ་གར་ཡང་མི་འགྲོ་སྟེ། མི་འགྱུར་བས་ཡོངས་སུ་གྲུབ་པ་ཡིན་པས། རབ་འབྱོར་ཆོས་འདི་ལྟ་བུ་སྟོན་པའི་ཕྱིར། གཟོད་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་མ་ཡིན་གྱི། ཐོག་མ་ནས་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་ཏེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང༌། ཐ་མི་དད་པའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱང་དེ་སྟེ་ཞེས་བྱ་བས་ནི། ཇི་ལྟར་དེ་བཞིན་གཤེགས་པ་དང། རབ་འབྱོར་གཉིས་ཀྱི་རང་བཞིན་དུ་ཐ་མི་དད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དོན་དམ་པར་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རང་བཞིན་དང་ཐ་མི་དད་དོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ཡང༌།


DTG092_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གང་དུ་དེ་བཞིན་ཉིད་ཀྱི་རང་བཞིན་བཤད་པ་ལ། ཁ་ཅིག་དེ་ལྟ་བུའི་དེ་བཞིན་ཉིད་དངོས་པོའི་རང་བཞིན་དུ་ཡོད་པར་རྟོགས་པ་བསལ་བའི་ཕྱིར། དེ་ཡང་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །ད་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བ་ནི། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་དང༌། ཆོས་སྟོན་པར་རྗེས་སུ་མཐུན་པའི་ཕྱིར། རྗེས་སུ་སྐྱེས་པ་ཙམ་དུ་མ་ཟད་ཀྱི། དོན་དམ་པར་དེ་བཞིན་ཉིད་ཀྱི་རང་བཞིན་དངོས་པོ་མེད་པར་ཡང་ཐ་མི་དད་པའི་ཕྱིར། རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བཤད་པའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ། གནས་བརྟན་རབ་འབྱོར་གནས་པས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུའི་རང་བཞིན་དང༌། རབ་འབྱོར་གྱི་དོན་དམ་པའི་རང་བཞིན་གཉིས་དོན་དམ་པར་ཐ་མི་དད་དེ། རང་བཞིན་གཅིག་ཏུ་གནས་པའི་ཕྱིར། རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བསྟན་པའོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ཅེས་བྱ་བ་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང༌། རབ་འབྱོར་གྱི་དེ་བཞིན་ཉིད་རང་བཞིན་གཅིག་པ་དེ་ཡང་ཆོས་ཀྱི་དབྱིངས་མི་འགྱུར་བ་ཡོངས་སུ་གྲུབ་པ་དང༌། རྣམ་པར་མི་རྟོག་པའི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅི་ལ་ཡང་ཐོགས་པ་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་ཅི་ལ་ཡང་ཐོགས་པ་མེད་དེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་དངོས་པོ་མེད་པས་ཅི་ལ་ཡང་ཐོགས་པ་མེད་པའི་རང་བཞིན་ཅན་ཡིན་ནོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་ཅིང་གཉིས་སུ་མེད་དེ་གཉིས་


DTG092_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱར་མེད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅི་ལ་ཡང་ཐོགས་པ་མེད་པ་དེ་ཡང་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་རོ་གཅིག་ཅིང༌། སོ་སོར་དབྱེར་མེད་པ་བསྟན་པའོ། །དེ་བཞིན་ཉིད་དེ་ཡང་མ་བྱས་པ་སྟེ་ཞེས་བྱ་བ་ནི་སྟོང་པ་ཉིད་དེ་འདུས་མ་བྱས་པའི་རང་བཞིན་ཡིན་པས། རྒྱུ་དང་རྐྱེན་གྱིས་སྐྱེས་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་དེ་ནི་གང་གི་དེ་བཞིན་ཉིད་དུ་མ་གྱུར་པ་ཡང་མེད་དེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱིས་མཁྱེན་པ་མེད་དེ། ཆོས་ཐམས་ཅད་ཀྱི་དོན་དམ་པར་དངོས་པོ་མེད་པར་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་བསྟན་པའོ། །དེ་བཞིན་ཉིད་དེ་གང་གི་དེ་བཞིན་ཉིད་དུ་མ་གྱུར་པ་ཡང་མེད་པས། དེའི་ཕྱིར་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་སྟེ་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་རང་བཞིན་དེ་བཞིན་ཉིད་ཅེས་བྱ་བ་དེ་ནི། དངོས་པོ་མེད་པའི་རང་བཞིན་དུ་ཐ་མི་དད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བ་ནི་གོང་དུ་དོན་དམ་པར་བཅོམ་ལྡན་འདས་དང༌། རབ་འབྱོར་གཉིས་དེ་བཞིན་ཉིད་དུ་རོ་གཅིག་སྟེ། ཐ་མི་དད་པར་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་དུ་འགྱུར་བ་མེད་ཅིང༌། རྣམ་པར་རྟོག་པ་མེད་པ་སྟེ། དེ་བཞིན་དུ་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཐམས་ཅད་དུ་འགྱུར་བ་མེད་ཅིང་རྣམ་པར་མི་རྟོག །རྣམ་པར་རྟོག་པ་མེད་པ་ལ་ཞེས་བྱ་བས་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང༌། རབ་འབྱོར་གྱི་དེ་བཞིན་ཉིད་རང་བཞིན་གཅིག་ཅིང་ཐ་མི་དད་པ་དེ་ཡང༌། མི་འགྱུར་བར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པས་ཡོངས་སུ་གྲུབ་པ་ཡིན་པར་བསྟན་པ་སྟེ། ཐམས་ཅད་དུ་འགྱུར་བ་མེད་ཅིང་ཞེས་བྱ་བས་ནི། དེ་བཞིན་ཉིད་དེ་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་པས། སྔར་མ་དག་ལ་ཕྱིས་དག་པར་འགྱུར་བ་ཡང་མེད། གནས་ལ་ལར་མ་དག་ལ་གནས་ལ་ལར་དག་པར་འགྱུར་བ་ཡང་མེད་དེ། དུས་ཐམས་ཅད་དང་གནས་ཐམས་ཅད་དུ་ཡང་དེ་བཞིན་དུ་མི་འགྱུར་བར་གནས་པའི་ཕྱིར། མི་འགྱུར་བར་ཡོངས་སུ་གྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །རྣམ་པར་རྟོག་པ་


DTG092_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་སྟེ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཡོངས་སུ་གྲུབ་པ་ཡིན་པར་བསྟན་པ་སྟེ། གཟུང་བ་དང་འཛིན་པའི་མཚན་མ་ལ་ཕྱིན་ཅི་ལོག་ཏུ་རྟོགས་པ་མེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཐ་མི་དད་པ་དབྱེར་མེད་པ་འབྱེད་པ་མ་ཡིན་པ་དམིགས་སུ་མེད་པ་དེ་བཞིན་དུ། རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཐ་མི་དད་པ་དབྱེར་མེད་པ་འབྱེད་པ་མ་ཡིན་པ། དམིགས་སུ་མེད་པ་སྟེ་ཞེས་བྱ་བས་ནི་དོན་དམ་པར་དེ་བཞིན་ཉིད་དེ་དངོས་པོའི་རང་བཞིན་མ་ཡིན་པས། ཐ་དད་དུ་དབྱེར་མེད་ཅིང་གཉིས་སུ་དབྱེར་ཡང་མེད་ལ། བྱེད་པ་པོའི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་པས། དངོས་པོ་གཞན་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་བྱ་བ་མེད་པ་ཡང་གཉིས་ཀའི་དངོས་པོར་ཡང་མེད་པས། དམིགས་སུ་མེད་དོ་ཞེས་བསྟན་པའོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བས་ནི། གོང་དུ་བསྟན་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་ཏེ། དེ་ནམ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཏེ། རྟག་ཏུ་དེ་བཞིན་ཉིད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་རང་བཞིན་དེ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལས་གུད་ན་ཡོད་པ་མ་ཡིན་ཏེ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གཅིག་ལ། དེ་ཡང་སྔོན་ཡོངས་སུ་མ་དག་པ་ལས་ཕྱིས་ཡོངས་སུ་དག་པར་འགྱུར་བ་ཡང་མེད་དེ། རྟག་ཏུ་ཡོངས་སུ་དག་པའི་རང་བཞིན་ཅན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གནས་བརྟན་རབ་འབྱོར་ཡང་རྣམ་པ་གཞན་མ་ཡིན་པར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་ཀྱང༌། གར་ཡང་རྗེས་སུ་སྐྱེས་པ་མེད་པ་སྟེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དང་རོ་གཅིག་ཅིང་དུས་ཐམས་ཅད་དུ་ཡོངས་སུ་སུ་དག་པ་དེ་བཞིན་དུ། རབ་འབྱོར་གྱི་རང་བཞིན་སྟོང་པ་ཉིད་ཀྱང་དུས་ཐམས་ཅད་དུ་ཡོངས་སུ་དག་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་རང་བཞིན་དང་རྗེས་སུ་མཐུན་པའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་ཀུན་རྫོབ་ཏུ་བཏགས་ཀྱང༌། དོན་དམ་པར་ནི་གང་


DTG092_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་སྐྱེས་པ་མེད་དོ་ཞེས་བསྟན་པའོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་སྟེ་ཞེས་བྱ་བ་ནི། རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པའི་དོན་གང་དུ་བཤད་པ་རྣམས་མཇུག་བསྡུས་ཏེ་བསྟན་པ་སྟེ། ཀུན་རྫོབ་ཏུ་ཆོས་ཟབ་མོ་སྟོན་པར་རྗེས་སུ་མཐུན་པའི་ཕྱིར། རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཙམ་དུ་མ་ཟད་ཀྱི། དོན་དམ་པར་ཡང་དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཐ་མི་དད་དེ། རྗེས་སུ་མཐུན་པའི་ཕྱིར་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བསྟན་པའོ། །འདས་པའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ་ཞེས་བྱ་བ་ནས། དེ་ལྟར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་ཉིད་དང༌། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་གྱིས་ནི། དུས་གསུམ་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་དང༌། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་ཅིང་མཉམ་པས་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱིས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་གཟུགས་ཀྱི་དེ་བཞིན་ཉིད་དང༌། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དང༌། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང༌། རབ་འབྱོར་གྱི་དེ་བཞིན་ཉིད་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ། ཐ་དད་དུ་དབྱེར་མེད་པར་མདོར་བསྟན་པའི་དོན་དེ་ཉིད་གཟུགས་ལ་སོགས་པའི་ཆོས་རེ་རེ་དང་སྦྱར་ཏེ། དེ་བཞིན་ཉིད་ལ་ཐ་དད་དུ་དབྱེར་མེད་པའི་དོན་ཞིབ་ཏུ་བཤད་པའོ། །འདི་ནི་རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་ཉིད་དེ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་འཐོབ་པར་འགྱུར་


DTG092_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བའོ་ཞེས་བྱ་བ་ནི། ཆོས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཟབ་མོ་དེ་ལྟ་བུ་ཁོང་དུ་ཆུད་ནས། དེ་བཞིན་གཤེགས་པར་འགྱུར་བའི་ཡོན་ཏན་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ཡང་གཞན་ལ་མི་བྱའོ། །གཉིས་སུ་མེད་པའི་དེ་བཞིན་ཉིད་དེ་ལྟ་བུ་རྟོགས་པ་ལ་བྱའོ་ཞེས་བསྟན་པའོ། །དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ་ཞེས་བྱ་བ་ལ་སོགས་པས་ནི། ཆོས་ཟབ་མོ་དེ་ལྟ་བུ་བཤད་པས། སའི་འོག་ན་གནས་པའི་ལྷ་མཐུ་བོ་ཆེ་རྣམས་ཀྱིས་ཀྱང་ཐོས་ནས། དགའ་ཞིང་མགུ་བའི་ཤུགས་ཀྱིས་ལུས་བསྒུལ་ཞིང་བསྐྱོད་པ་ལས། ས་ཆེན་པོ་གཡོས་པའི་འགྱུར་བ་བསྟན་པ་ཡང་རྣམ་པ་གཅིག་ཏུ་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི། དེ་བཞིན་ཉིད་གཉིས་སུ་མེད་པའི་དོན་ཟབ་མོ་འདི་ལྟ་བུ་བཤད་པའི་མཐུ་དང་བྱིན་གྱིས། སྣོད་ཀྱི་འཇིག་རྟེན་ཉིད་རྣམ་པ་དྲུག་ཏུ་གཡོས་པར་གྱུར་པའི་ངོ་མཚར་དང༌། ཡ་མཚན་ཆེན་པོ་ལྟ་བུ་མཐོང་ན། སེམས་ཅན་ཐམས་ཅད་དད་པ་སྐྱེ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས། ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་པ་བསྟན་པ་སྟེ། གཡོས་པའི་རིམ་པ་དང༌། གཡོས་པའི་རྒྱུས་ནི་ཞིབ་ཏུ་གླེང་གཞིའི་ལེའུ་ལས་བཤད་ཟིན་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང་གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ངོ་མཚར་ཆེའོ་ཞེས་བརྗོད་དོ་ཞེས་བྱ་བའི་བར་གྱིས་ནི། ཀུན་རྫོབ་དང་དོན་དམ་པ་གཉིས་ཀའི་ཚུལ་གྱིས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པར་བསྟན་པའི་ཆོས་ཟབ་མོ་ལྷའི་བུ་རྣམས་ཀྱིས་ཐོས་ནས་མགུ་སྟེ་མཆོད་པར་བྱས་ཤིང་བསྟན་པའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་རྗེས་སུ་མཐུན་པའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བཤད་པ་ལ། འཁོར་རྣམས་ཀྱི་ནང་ནས་ཁ་ཅིག་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པ་ལ་སོགས་པའི་དངོས་


DTG092_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡོད་པར་རྟོག་པ་བསལ་བའི་ཕྱིར། གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་ཆོས་རྣམས་དང༌། ཆོས་དེ་དག་གི་དེ་བཞིན་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་ལ། གནས་བརྟན་རབ་འབྱོར་ཀྱང་དོན་དམ་པར་དངོས་པོ་མེད་པས། དེ་དག་གང་གི་རྗེས་སུ་སྐྱེས་པར་ཡང་མེད་དོ་ཞེས་བསྟན་པའོ། །འདུས་བྱས་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་ཞེས་བྱ་བ་ནས་འདུས་མ་བྱས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་ཞེས་བྱ་བའི་བར་གྱིས་ནི། མདོར་བསྡུས་ཏེ་བཤད་ན། དོན་གོ་བར་འགྱུར་བའི་སེམས་ཅན་རྣམས་ཀྱི་དོན་དུ། གོང་དུ་སྨོས་པའི་ཆོས་ཐམས་ཅད་མདོར་བསྡུས་ནས། འདུས་བྱས་དང་འདུས་མ་བྱས་གཉིས་སུ་འདུས་ཏེ། དེ་དག་ཀྱང་དོན་དམ་པར་དངོས་པོ་མེད་པས་དེ་དག་གང་གི་རྗེས་སུ་སྐྱེས་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་རྗེས་སུ་སྐྱེས་པ་དང༌། ཞེས་བྱ་བ་ནས་གང་གི་རྗེས་སུ་སྐྱེ་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི་གནས་བརྟན་རབ་འབྱོར་ཆོས་ཐམས་ཅད་ཀྱི་རྗེས་སུ་སྐྱེས་པ་མ་ཡིན་པའི་གཏན་ཚིགས་སུ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་དུས་གསུམ་ཆར་དུ་ཡང་སྐྱེད་པར་བྱེད་པ་དང༌། བསྐྱེད་པར་བྱ་བའི་ཆོས་གང་ཡང་མེད་ཅིང་མི་དམིགས་པ་བསྟན་ཏེ། གང་རྗེས་སུ་སྐྱེས་པ་དང༌། གང་གི་རྗེས་སུ་སྐྱེས་པ་དང་ཞེས་བྱ་བས་ནི་འདས་པའི་དུས་ན་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པའི་ཆོས་རྣམས་མེད་ཅིང་མི་དམིགས་པ་བསྟན་པའོ། །གང་རྗེས་སུ་སྐྱེད་པ་དང་གང་གི་རྗེས་སུ་སྐྱེད་པ་དང་ཞེས་བྱ་བས་ནི་ད་ལྟར་བྱུང་བའི་དུས་ན་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པའི་ཆོས་རྣམས་མེད་ཅིང་མི་དམིགས་པ་བསྟན་པའོ། །གང་རྗེས་སུ་སྐྱེ་བར་འགྱུར་བའམ། གང་གི་རྗེས་སུ་སྐྱེ་པར་འགྱུར་བ་ཞེས་བྱ་བས་ནི། མ་འོངས་པའི་དུས་ན་ཡང་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པའི་ཆོས་རྣམས་མེད་ཅིང་མི་དམིགས་པ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཡང་དག་པའི་མཐའ་ནི་ཟབ་པ་སྟེ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་སྐྱེ་བ་མེད་པའི་ཆོས་ཟབ་མོ་བསྟན་པས། ཤཱ་རིའི་བུ་


DTG092_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མགུ་ནས་དེ་ལྟ་བུའི་སྟོང་པ་ཉིད་ཀྱི་ཆོས་ཟབ་མོ་བཤད་པ་ནི་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་རིག་པར་བྱའོ། །དེ་ལ་གཟུགས་མི་དམིགས་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་ཞེས་བྱ་བའི་བར་གྱིས་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྟོང་པ་ཉིད་དེ་ཟབ་པའི་གཏན་ཚིགས་བསྟན་པ་སྟེ། སྟོང་པ་ཉིད་དེ་ལ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ། ཀུན་བརྟགས་པའི་ཆོས་ཐམས་ཅད་དང༌། ཆོས་དེ་དག་གི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱང་དམིགས་སུ་མེད་པས་ཟབ་བོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་ཉིད་ཟབ་པ་སྟེ། དེ་ལ་གཟུགས་མི་དམིགས། གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་པ་སྟེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་ཞེས་བྱ་བའི་བར་གྱིས་ནི། ཤཱ་རིའི་བུས་གསོལ་པའི་ཚིག་དང༌། དོན་དེ་ཉིད་སླར་འདས་ཏེ་སྟོང་པ་ཉིད་ཀྱི་རང་བཞིན། དེ་བཞིན་ཉིད་ཀྱི་མཚན་ཉིད་དེ་ནི། དེ་ལྟར་ཟབ་པ་བདེན་ནོ་ཞེས་བཀའ་སྩལ་པའོ། །ཤ་ར་དྭ་ཏིའི་བུས་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ། དགེ་སློང་ཉིས་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བའི་བར་ཟབ་མོའི་ལེའུ་འདི་བཤད་པའི་ཚེ། དགེ་སློང་ཉིས་བརྒྱས་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་ནས། འཁོར་བར་ཕུང་པོ་ཕྱི་མ་ཉེ་བར་ལེན་པ་མེད་པར་སེམས་རྣམ་པར་གྲོལ་ཏེ། དགྲ་བཅོམ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་མ་ལྔ་བརྒྱས་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་བྱ་བས་ནི། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་ནས་མཐོང་བའི་ལམ་གྱིས་ཤེས་རབ་ཀྱི་མིག་ཐོབ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་


DTG092_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་ལྷ་དང་མི་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ་ཞེས་བྱ་བས་ནི། བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་ལྷ་དང་མི་རྣམས་ཀྱི་ནང་ན་ཁ་ཅིག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་ནས། བྱང་ཆུབ་སེམས་དཔའི་ས་བརྒྱད་ཐོབ་པར་གྱུར་ཏོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་ཉམས་པའི་ཆོས་ཅན་དྲུག་ཅུ་ནི་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ཏེ་ཞེས་བྱ་བས་ནི། བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དམིགས་པ་དང་བཅས་པར་སྤྱོད་པ་དྲུག་ཅུ་ནི་བྱང་ཆུབ་སེམས་དཔའི་ས་མ་ཐོབ་པར་ཁམས་གསུམ་གྱི་ཉོན་མོངས་པ་ལས་སེམས་རྣམ་པར་གྲོལ་ཏེ། ཕུང་པོ་ཕྱི་མ་ཉེ་བར་མི་ལེན་པ་དང༌། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གིས་ནི་སངས་རྒྱས་ལྔ་བརྒྱ་བསྙེན་བཀུར་བྱས་ཏེ་ཞེས་བྱ་བ་ནས། དེ་དག་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཞུགས་པས། རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ། ཕྱིར་མི་འོང་བའི་འབྲས་བུ་འཐོབ། དགྲ་བཅོམ་པའི་འབྲས་བུ་འཐོབ་བོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཡོངས་སུ་ཉམས་པའི་ཆོས་ཅན་རྣམས་ཉན་ཐོས་ཀྱི་སར་ལྷུང་བའི་གཏན་ཚིགས་བསྟན་པ་སྟེ། དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ཀྱང༌། མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་སྤྱད་དེ། འཁོར་གསུམ་ཡོངས་སུ་མ་དག་པར་སྤྱད་པའི་ཕྱིར། བྱང་ཆུབ་སེམས་དཔའི་ས་དང་པོ་སྐྱོན་མེད་པ་ཞེས་བྱ་བ་མ་ཐོབ་པར་ཉན་ཐོས་ཀྱི་འབྲས་བུ་རྣམས་ཐོབ་པར་གྱུར་རོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཡོད་མོད་ཀྱི་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་ན་ཡང་དག་པའི་མཐའ་མངོན་དུ་བྱས་ནས། ཉན་ཐོས་དང་རང་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཏུ་མ་ལྡན་ན། བྱང་ཆུབ་སེམས་དཔའི་ལམ་རྣམ་པར་ཐར་པའི་སྒོ་གསུམ་


DTG092_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱད་ཀྱང་མི་ཕན་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བ་ནས་ཐབས་མཁས་པ་ལ་བརྟེན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་དུ་འདྲ་ཡང༌། ཐབས་དང་ཤེས་རབ་ཏུ་ལྡན་མི་ལྡན་གྱི་བྱེ་བྲག་ལས་ཐེག་པ་ཆེ་ཆུང་ངུ་འགྱུར་བའི་གཏན་ཚིགས་དང་དཔེར་བཅས་པ་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་བཅོམ་ལྡན་འདས་ལ་ཤཱ་རིའི་བུས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་ཁ་ཅིག་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་བྲལ་བ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཆོས་འབའ་ཞིག་བསྒོམ་པ་ནི། ཐབས་མཁས་པ་མ་ཐོབ་པས། ཉན་ཐོས་དང་རང་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་ནི། ཆོས་རྣམས་ལ་དངོས་པོ་དང་མཚན་མར་འཛིན་ཅིང་ཐབས་མཁས་པ་དང་མི་ལྡན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་སེམས་དང་མི་ལྡན་ན། རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པར་འདྲ་ཡང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སར་ལྷུང་བར་འགྱུར་རོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་ནི། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཆོས་རྣམས་ལ་བསྒོམ་ཞིང༌། ཐབས་མཁས་པ་ཐོབ་པས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་ཤིང་བསམ་པ་རྒྱ་ཆེན་པོ་དང་ལྡན་པས། དགེ་བ་ཅི་སྤྱད་དོ་ཅོག་བླ་ན་མེད་པའི་བྱང་ཆུབ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྔོས་ཏེ། རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་ན། བསམ་པའི་ཁྱད་པར་གྱིས་བྱང་ཆུབ་སེམས་དཔའི་ས་དང་པོ་སྐྱོན་མེད་པ་ལ་ཞུགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་


DTG092_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྷུང་ངོ་ཞེས་བྱ་བའི་བར་གྱིས་ནི། ཐབས་དང་ཤེས་རབ་ཏུ་མི་ལྡན་ཞིང་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མི་ལྡན་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བའི་དཔེ་བྱ་འདབ་མ་མེད་པ་ལས་བླངས་ཏེ་བསྟན་པ་སྟེ། བྱའི་ལུས་ཆེ་བ་བསྟན་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱ་བ་སྨོན་པ་ཆེ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཆེ་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་པོ་ཡོངས་སུ་འཛིན་པ་ཆེ་བའི་དཔེའོ། །བྱའི་འདབ་མ་གཉིས་པ་བསྟན་པ་ནི། ཤེས་རབ་དང་ཐབས་གཉིས་མི་ལྡན་པ་བསྟན་པའོ། །སྨས་པ་དང༌། སྣད་པའི་སྡུག་བསྔལ་བར་གྱུར་པ་བསྟན་པ་ནི་བྱང་ཆུབ་སེམས་དཔའི་ས་ནས་ཉམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་འགྱུར་བའི་དཔེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་ལྡན་པར་སྦྱིན་པ་བྱིན་ཞེས་བྱ་བ་ནས། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སར་ལྷུང་ངོ་ཞེས་བྱ་བའི་བར་གྱིས་ནི། ཐབས་དང་ཤེས་རབ་ཏུ་མི་ལྡན་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བའི་གཏན་ཚིགས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་ན། མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་སྤྱོད་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་འགྱུར་རོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ནས། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཐབས་དང་ཤེས་རབ་མེད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་ལྡན་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཟག་པ་མེད་པའི་ཕུང་པོ་ལྔ་ལ་སྤྱད་ཅིང་བསྒོམས་ཀྱང༌། དོན་དམ་པར་དེ་དག་གི་དངོས་པོ་མེད་པར་མི་ཤེས་ཤིང་མ་རྟོགས་པས།


DTG092_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་པ་མེད་པའི་ཕུང་པོ་ལྔ་དང༌། རྣམ་པར་ཐར་པའི་སྒོ་གསུམ་ལ་མྱ་ངན་ལས་འདས་པ་ཞི་བའི་མཚན་མར་བཟུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཏེ། མཚན་མ་དང་དངོས་པོར་འཛིན་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་བས། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི། དེ་ལྟར་འགྱུར་དུ་གདོན་མི་ཟའོ་ཞེས་བྱ་བས་ནི། དོན་གོང་དུ་སྨོས་པ་ཉིད་དེ་དེ་ལྟར་ངེས་པར་འགྱུར་བར་བསྣན་ཏེ་བསྟན་པའོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་སེམས་སྐྱེས་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་སྦྱིན་པ་གཏོང་ཞིང་ཞེས་བྱ་བ་ནས། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་ལྡན་པ། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་ཞིང༌། ཟག་པ་མེད་པའི་ཕུང་པོ་ལྔ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། དངོས་པོ་དང་མཚན་མར་མི་འཛིན་པ་རྣམས་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སར་ལྷུང་བར་མི་འགྱུར་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་བྱིན་ཡང་མཚན་མར་མ་བཟུང་ཞེས་བྱ་བ་ནས། སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་བསྒོམས་ཀྱང་མཚན་མར་མ་བཟུང་ངོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་ལྡན་པ་དང༌། འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་རྣམས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྷུང་བའི་གཏན་ཚིགས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་མཚན་མ་དང་བྲལ་བའི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་བ་དང་ཞེས་བྱ་བ་ནས། མཚན་མ་དང་བྲལ་བའི་སེམས་ཀྱིས་རྣམ་པ་ཐམས་


DTG092_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ་ཉིད་བསྒོམ་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་ཅིང་ཐབས་མཁས་པ་དང་ལྡན་པའི་རང་བཞིན་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་མཁས་པ་དང་མ་བྲལ་ན་དེའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་སོ་ཞེས་བྱ་བ་ནི། གོང་དུ་སྨོས་པའི་དོན་དེ་ཉིད་འཁོར་རྣམས་བརྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར། ཤཱ་རིའི་བུས་གསོལ་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ་ཆོས་གང་ལ་ཡང་དམིགས་པ་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པའི་ཆོས་གང་ལ་མི་དམིགས་ཤིང༌། མཚན་མར་མི་འཛིན་ན། བླ་ན་མེད་པའི་བྱང་ཆུབ་ཐེ་ཚོམ་མེད་པར་འགྲུབ་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས། ཤེས་པར་བྱེད་པ་དང༌། ཤེས་པར་བྱ་བའི་རྒྱུ་གང་དམིགས་སུ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་མཁས་པ་དང་བྲལ་བ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་པར་རིག་པར་བགྱི་བ་སྟེ་ཞེས་བྱ་བས་ནི། ཐབས་དང་ཤེས་རབ་ཏུ་མི་ལྡན་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ངེས་པ་མེད་ཀྱི། གདོན་མི་ཟ་བར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཞེས་བྱ་བ་ནས། དེའི་


DTG092_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། ཐེ་ཚོམ་མ་མཆིས་པར་རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་མི་ལྡན་པར་སྤྱོད་པ་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ངེས་པར་ལྷུང་བའི་གཏན་ཚིགས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱི་པ་དྲུག་ལ་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་མངོན་པར་འཚང་རྒྱ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་མཁས་པ་དང་མ་བྲལ་བར་བགྱིའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱད་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཐབས་བསྟན་པ་སྟེ། ཐབས་དང་ཤེས་རབ་དང་མ་བྲལ་བར་བྱས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ལ་མི་དམིགས་པའི་ཚུལ་དང༌། མཚན་མ་མེད་པའི་སེམས་ཀྱིས་སྤྱད་པར་བྱའོ་ཞེས་བསྟན་པའོ། །དེ་ནས་འདོད་པ་ན་སྤྱོད་པ་དང༌། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་དངོས་པོ་མེད་ཅིང་དམིགས་སུ་མེད་པ་ལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་ནི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དམིགས་པ་ཅན་རྣམས་ཀྱིས་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་ཐབས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་ཆོས་ཐམས་ཅད་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། ལྷའི་བུ་རྣམས་ཀྱིས་གསོལ་པའི་དོན། འཁོར་རྣམས་བརྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་


DTG092_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བཤད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་ནི་མི་དཀའོ་ཞེས་བྱ་བའི་བར་གྱིས་ནི་ཆོས་རྣམས་ལ་དངོས་པོ་ཞིག་ཡོད་ན། དེ་དག་མེད་པར་རྟོགས་པར་བྱ་དཀའི། མེད་པ་ལ་མེད་པར་ཤེས་པར་བྱ་བ་མི་དཀའོ་ཞེས་རབ་འབྱོར་གྱིས་གསོལ་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཞེས་བྱ་བ་ནས། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་ལྟ་བུ་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་དངོས་པོ་མེད་པ་ལ། དངོས་པོ་མེད་པར་རྟོགས་པར་བྱ་བ་མི་དཀའ་བའི་གཏན་ཚིགས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བླའོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་བྱང་བའི་ཕྱོགས་སུ་གཏོགས་པ་དང༌། ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས། རྣམ་པར་བྱང་བའི་ཆོས་རྣམས་འཕེལ་བར་བྱ་བ་དང༌། ཉོན་མོངས་པའི་ཕྱོགས་རྣམས་འགྲིབ་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་བསྒོམ་ཞིང་སྤྱད་པར་བྱ་བའི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྟོང་ལ་ཤེས་པར་བྱེད་པ་དང༌། ཤེས་པར་བྱ་བའི་རྒྱུ་རྣམས་ཀྱང་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པའི་ཕྱིར་མེད་པ་ལ་མེད་པར་ཤེས་པར་བྱ་བ་མི་དཀའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ལ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པ་ལ་ཡང་ཡོད་པ་ལས་བཤིག་སྟེ། མེད་པར་བྱས་པ་ནམ་ཡིན་གྱི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ།


DTG092_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། རང་བཞིན་གྱིས་སྟོང་ངོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་དེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ནི་དཀའ་བ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་སླ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཤཱ་རིའི་བུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བ་བསྟན་པ་སྟེ། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ནམ་མཁའ་བཞིན་དུ་དངོས་པོ་མེད་ན། མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་ཡང་སེམས་པ་མི་རིགས་ན། དེ་ལྟར་ཡང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་པར་ཡང་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པས། དངོས་པོ་ཡོད་པ་ལ་ཡོད་པའི་བྱ་བ་བྱེད་པ་ནི་དཀའ་བ་བྱེད་པའོ་ཞེས་བསྟན་པའོ། །ཡང་རྣམ་པ་གཅིག་ཏུ་ན་དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སླ་ན། དམིགས་པ་དང་བཅས་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མང་པོ་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་ཡང་མི་འགྱུར་བའི་རིགས་ན་དེ་དག་ཕྱིར་ལྡོག་པ་དང་སྦྱར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བས་ལ་བ་མ་ཡིན་ནོ་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་བརྒལ་བའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ཅི་སྙམ་དུ་སེམས། གཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གོམ་ཞེས་བྱ་བ་ལ་སོགས་པས་ནི། ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་བ་དང་སྦྱར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་སླ་བ་མ་ཡིན་ནོ་ཞེས་སྨྲས་པ་ལ། རབ་འབྱོར་གྱིས་ཕྱིར་ལྡོག་པར་འགྱུར་བའི་དངོས་པོ་ཡོད་པ་མ་ཡིན་པར་བསྟན་པ་སྟེ། དེ་ལྟར་དངོས་པོ་མེད་པ་ལ་


DTG092_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པར་རྟོགས་པར་བྱ་བ་དཀའ་བ་མ་ཡིན་ནོ་ཞེས་བསྟན་པ་སྟེ། གཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་ཕྱིར་ལྡོག་པར་འགྱུར་བའི་དངོས་པོ་གང་ཡང་མེད་དོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་ཞེས་བྱ་བའི་བར་གྱིས་ནི། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཡང༌། གཟུགས་ལ་སོགས་པ་ལས་མ་གཏོགས་པའི་རང་བཞིན་ཞིག་ཡོད་དོ་སྙམ་དུ་སེམས་པ་བསལ་བའི་ཕྱིར། གཟུགས་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལས་གུད་ན་ཡང༌། ཕྱིར་ལྡོག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་རང་བཞིན་དུ་ཡང་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་


DTG092_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ་ཞེས་བྱ་བའི་བར་གྱིས་ནི། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཡོད་པ་མ་ཡིན་པ་ཡང༌། གཟུགས་ལ་སོགས་པའི་དེ་བཞིན་ཉིད་ལས་གཞན་པའི་རང་བཞིན་དུ་ཡོད་དོ་སྙམ་དུ་ཁ་ཅིག་སེམས་ཀྱང་སྲིད་དེ་དེ་ལས་བཟློག་པའི་ཕྱིར། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ལས་གཞན་པའི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བ་ནས། སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། བསམ་གྱིས་མི་ཁྱབ་པའི་དབྱིངས་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་གོང་དུ་སྨོས་པའི་ཚུལ་གྱིས། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཡོད་པ་ཡང་མ་ཡིན་པ། དེ་ལས་གཞན་པའི་རང་བཞིན་དུ་ཡོད་པ་ཡང་མ་ཡིན་དུ་ཟིན་ཀྱང༌། དེ་བཞིན་ཉིད་དང༌། ཆོས་ཉིད་དང་ཆོས་ཀྱི་དབྱིངས་ལ་སོགས་པ་མ་བྱས་ཤིང་ཡོངས་སུ་དག་པའི་རང་བཞིན་དུ་ཡོད་དོ་སྙམ་དུ་ཁ་ཅིག་སེམས་པ་ལས་བཟློག་པའི་ཕྱིར། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ལ་སོགས་པའི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་བཞིན་ཉིད་དང་ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་རྣམས་ནི་སྟོང་པ་ཉིད་ཡོངས་སུ་དག་པའི་རྣམ་གྲངས་ཏེ། དེ་ལ་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ་ཞེས་བྱ་བ་ནས། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས་བསམ་གྱིས་མི་ཁྱབ་པའི་དབྱིངས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་


DTG092_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ་ཞེས་བྱ་བའི་བར་གྱིས་ནི། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་དང༌། ཆོས་ཉིད་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཡང༌། དེ་དག་ལས་གཞན་པའི་རང་བཞིན་དུ་ཡོད་དོ་སྙམ་དུ་ཁ་ཅིག་སེམས་པ་ལས་བཟློག་པའི་ཕྱིར། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་ཉིད་དང༌། ཆོས་ཉིད་ལ་སོགས་པ་ལས་གཞན་པའི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ། དེ་ལྟར་ན་བདེན་པའི་ཚུལ་བཞིན་དུ་ཆོས་དེ་དག་མི་དམིགས་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་གང་ཞིག་ཡོད་ཅེས་བྱ་བས་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆོས་གང་གིས་དངོས་པོ་ཡང་ཡོད་པ་མ་ཡིན་པས། དོན་དམ་པ་ཕྱིར་ལྡོག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་གང་ཡང་མེད་དོ་ཞེས་བསྟན་པའོ། །སྨྲས་པ། གནས་བརྟན་རབ་འབྱོར་གྱིས་ཆོས་ཀྱི་ཚུལ་དུ་རྣམ་པ་དེས་བསྟན་པ་ལྟར་ན། བྱང་ཆུབ་སེམས་དཔའ་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་མེད་དེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཐེག་པ་གཅིག་ཏུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཕྱིར་ལྡོག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་ཡང་དག་པར་ཡོད་པ་མ་ཡིན་ན། དེ་བཞིན་གཤེགས་པས་ཉན་ཐོས་ཀྱི་ཐེག་པ་ལ་གནས་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་གནས་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་ཡང་མེད་དེ། ཐམས་ཅད་ཀྱང་ཐེག་པ་ཆེན་པོ་འབའ་ཞིག་ལ་གནས་པར་འགྱུར་རོ་ཞེས་ཤཱ་རིའི་བུས་གལ་བཟུང་སྟེ་སྨྲས་པའོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གནས་བརྟན་རབ་འབྱོར་འདི་བྱང་ཆུབ་སེམས་དཔའ་གཅིག་ཏུ་ཡང་འདོད་དམ་ཞེས་གནས་བརྟན་རབ་འབྱོར་ལ་དྲི་དགོས་སོ་ཞེས་བྱ་བས་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་མེད་པར་མ་ཟད་ཀྱི། ཕྱིར་ལྡོག་པ་དང་ཕྱིར་མི་ལྡོག་པ་ཐམས་ཅད་ཀྱི་དོན་དམ་པར་དངོས་པོ་མེད་པར་བཤད་པའི་གླེང་བསླང་བའི་ཕྱིར། བྱམས་གང་གི་བུས་ཤཱ་རིའི་བུ་རབ་འབྱོར་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་


DTG092_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་གཅིག་ཏུ་ཡོད་པར་འདོད་དམ་ཞེས་འདྲིར་བཅུག་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཐེག་པ་པ་འདོད་དམ་ཞེས་བྱ་བ་ནི། དེ་ལྟར་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་པ་གཉིས་མེད་ན། ཅིའི་ཕྱིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཐེག་པ་གཅིག་ཏུ་ཡོད་པར་འདོད་དམ་ཞེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པ་བ་དང་ཞེས་བྱ་བ་ནས་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་གསུམ་དུ་དམིགས་སམ་ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་སྟེ། དེ་བཞིན་ཉིད་ཀྱི་རང་བཞིན་ཙམ་དུ་ཟད་པ་ལ། བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྒྱུ་གཅིག་གམ་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་གཅིག་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་ཉིད་ལ་རྣམ་པ་གསུམ་དུ་བྱེ་བྲག་དབྱེར་མེད་པས། དོན་དམ་པར་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་གཅིག་བུ་ཡང་དངོས་པོ་ཡོད་པར་མི་འགྲུབ་བོ་ཞེས་བསྟན་པའོ། །སྨྲས་པ། དེ་ལྟར་བདེན་པའི་ཚུལ་བཞིན་དུ་ཆོས་དེ་དག་མི་དམིགས་ན་ཞེས་བྱ་བ་ནས། འདི་ནི་སངས་རྒྱས་ཀྱི་ཐེག་པ་བའོ་ཞེས་བྱ་བར་སེམས་པར་འགྱུར་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ། བདེན་པར་བརྟགས་ཤིང་གཏན་ལ་ཕབ་ན། དོན་དམ་པར་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་ཙམ་དུ་ཟད་དེ། རྣམ་པ་གསུམ་དུ་དམིགས་སུ་མེད་ན། ཤཱ་རིའི་བུ་ཁྱོད་ཅི་ལས་བསམས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་ཡོད་པར་སེམས་ཞེས་རབ་འབྱོར་གྱིས་དྲིས་པ་སྟེ། སྔར་བཤད་པའི་ཚུལ་དང་སྦྱར་ན། བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་བྱེ་བྲག་མེད་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ་ཞིང་འགོད་པ་མེད་ལ་ཡིད་ལ་འགྱོད་


DTG092_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ཞིང་དེ་བཞིན་ཉིད་ཀྱི་རང་བཞིན་དུ་གཅིག་སྟེ། བྱེ་བྲག་མེད་པ་བཤད་པ་ལ་ཡིད་ཆེས་ཤིང་སེམས་ཞུམ་བ་མེད་ལ། ཐེ་ཚོམ་མེད་ན་བྱང་ཆུབ་སེམས་དཔའ་དེ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སར་མི་ལྷུང་བར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། རབ་འབྱོར་གྱིས་བཤད་པའི་དོན་འཁོར་རྣམས་ལེགས་པར་ཡིད་ཆེས་པར་བྱ་བའི་ཕྱིར། དེ་བཞིན་ཉིད་ལ་བྱེ་བྲག་དབྱེར་མེད་པའི་ཆོས་ཟབ་མོ་བཤད་པ་ལས། ཐེ་ཚོམ་མེད་ཅིང་སེམས་མ་ཞུམ་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས་རབ་འབྱོར་གྱིས་བཤད་པ་ལེགས་ཏེ། སྤོབས་པ་ཆེའོ་ཞེས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བསྟོད་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་བུའི་ཆོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །བྱང་ཆུབ་གང་གིས་འབྱུང་བར་འགྱུར་ཞེས་བྱ་བ་ནི། གོང་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བྱེ་བྲག་མེད་པར་བསྟན་པ་ལ་ཡིད་ཆེས་ཤིང་སེམས་ཞུམ་པ་མེད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས་བཤད་པ། ཉན་ཐོས་ཀྱི་ཐེག་པ་བ་དང༌། རང་སངས་རྒྱས་ཀྱི་ཐེག་པ་བ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་བ་གསུམ་ཆར་ཡང༌། སོ་སོའི་བྱང་ཆུབ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་ཟེར་ན། བྱང་ཆུབ་འདི་གསུམ་གང་གིས་འབྱུང་བར་འགྱུར་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནས། ཐེག་པ་ཆུང་ངུ་གཉིས་བྱང་ཆུབ་ཀྱིས་འབྱུང་བར་ནི། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་ཡིན་ཏེ། འབྱུང་བ་མ་ཡིན་པས། བླ་ན་མེད་པ་ཡང་དག་པར་


DTG092_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཀྱིས་འབྱུང་བར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འབྱུང་བ་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཇི་ལྟར་གནས་པར་བགྱི་ཞེས་བྱ་བ་ནི། དེ་ལྟར་ཆོས་ཟབ་མོ་བསྟན་པ་ལ་ཐེ་ཚོམ་མེད་ཅིང་སེམས་མ་ཞུམ་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས། བཅོམ་ལྡན་འདས་དང་རབ་འབྱོར་གཉིས་ཀས་བཤད་པའི་སྐབས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་བསྒྲུབ་པའི་མཚན་ཉིད་ཤེས་པར་འདོད་པའི་འཁོར་རྣམས་ཀྱི་དོན་དུ་འབྱུང་བར་འགྱུར་བའི་ཐབས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཇི་ལྟར་གནས་པར་བྱ་བའི་ཐབས་བསྟན་པ་སྟེ། ཐབས་དེ་ཡང་བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པར་བསྟན་པའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་ལ་ཕ་དང་མའི་སེམས་དང༌། ཕུ་ནུའི་དང་སྲིང་མོའི་སེམས་དང༌། གྲོགས་པོ་དང་གཉེན་དང༌། རུས་གཅིག་པའི་སེམས་ཀྱིས་དམིགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། བསམ་པ་ཕུན་སུམ་ཚོགས་པ་ལ་གནས་པར་བྱ་བ་བསྟན་པ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ་ཞེས་བྱ་བ་ནི་སྤྱིའི་ཚིག་སྟེ། དང་པོ་བསམ་པའི་གཞི་ཉིད་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་བཞག་པའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བྱ་སྟེ་མི་མཉམ་པའི་སེམས་བསྐྱེད་པར་མི་བྱའོ་ཞེས་བྱ་བ་ནི་སྨོན་ལམ་དུ་བཏབ་ཅིང་ཡིད་དམ་དུ་བཅའ་བའི་ཚེ། སྐྱེ་བ་རྣམ་པ་བཞིར་གཏོགས་པའི་སེམས་ཅན་ཐམས་ཅད་ལ། ཉེ་རིང་དང་བྱམས་སྡང་མེད་པ་འདི་དག་ཐམས་ཅད་བདག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགོད་པར་བྱའོ་ཞེས་སེམས་བསྐྱེད་དེ་བརྩོན་འགྲུས་ཀྱི་གོ་ཆ་བགོས་པ་ལ་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། མི་མཉམ་པའི་


DTG092_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་དམིགས་པར་མི་བྱའོ་ཞེས་བྱ་བ་ནི་སེམས་བསྐྱེད་པའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྒྲལ་བར་བྱ་བའི་སེམས་ཅན་རྣམས་མཐོང་སྟེ། མངོན་སུམ་དུ་གྱུར་བའི་ཚེ་ཡང་མཉམ་པའི་སེམས་ཀྱིས་དམིགས་ཤིང༌། གོམས་པར་བསྒོམ་པར་བྱ་བ་བསྟན་པའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བྱ་བ་དེ་དང༌། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་དམིགས་པར་བྱ་བའི་ཚིག་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །བདག་གིས་ཀྱང་སྲོག་གཅོད་པ་སྤང་བར་བྱ་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་པ་སྟེ། དེ་ལ་བདག་གིས་ཀྱང་སྲོག་གཅོད་པ་སྤང་བར་བྱ་ཞེས་བྱ་བ་ནས། སེམས་ཅན་གཞན་གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་དགེ་བ་བཅུ་དང༌། བསམ་གཏན་བཞི་དང་ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་བདག་ཀྱང་སྤྱོད་ཅིང༌། གཞན་ཡང་སྤྱོད་དུ་འཇུག་ལ། དེ་དག་སྤྱད་པའི་ལེགས་པ་བརྗོད་ཅིང༌། དེ་དག་ལ་སྤྱོད་པའི་མི་རྣམས་ཀྱི་ཡོན་ཏན་བརྗོད་དེ། རྗེས་སུ་ཡི་རང་བར་བྱ་བའི་སྒོ་ནས། སྦྱོར་བ་ཕུན་སུམ་ཚོགས་པར་གནས་པར་བྱ་བ་བསྟན་པ་སྟེ། དེ་ལྟར་གནས་པ་ཡང་ཀུན་རྫོབ་ཏུ་དེ་ལྟར་གནས་པར་བྱས་ལ་དོན་དམ་པར་ནི་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ་ཞེས་བསྟན་པ་སྟེ། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ལན་གཉིས་སུ་ཟློས་པ། སྔ་མ་རྣམས་ནི་ཐེག་པ་ཆུང་ངུའི་ཚུལ་གྱིས་སྙོམས་པར་འཇུག་པའོ། །ཕྱི་མ་ནི་ཐེག་པ་ཆེན་པོའི་ཚུལ་གྱིས་སྙོམས་པར་འཇུག་པ་ཡིན་པར་རིག་པར་བྱའོ། །བདག་གིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་ལུགས་མ་ཡིན་པར་མཉམ་པར་གཞག་པར་བྱའོ་ཞེས་བྱ་བ་ནས། སེམས་ཅན་གཞན་གང་རང་བྱང་ཆུབ་ཤེས་པ་མངོན་དུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པའི་ཚུལ་གྱིས་རྟེན་ཅིང་འབྲེལ་


DTG092_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱུང་བ་བཅུ་གཉིས་དང༌། འཕགས་པའི་བདེན་པ་བཞི་གོམས་པར་བྱ་བ་དང་དེ་དག་གོམས་པར་བྱས་པའི་འབྲས་བུ་ཉན་ཐོས་ཀྱི་ཐེག་པའི་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང༌། རང་སངས་རྒྱས་ཀྱི་ཐག་པའི་འབྲས་བུ་རང་བྱང་ཆུབ་ཐོབ་པར་ཡང་བྱས་ལ། ཉན་ཐོས་དང་རང་སངས་རྒྱས་ལྟར་ཡང་དག་པའི་མཐའ་མངོན་དུ་བྱས་ཏེ། ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་ཀྱང་མི་འདའ་བར། བྱང་ཆུབ་སེམས་དཔའི་སྦྱོར་བ་ཕུན་སུམ་ཚོགས་པ་ལ་གནས་པར་བྱ་བ་བསྟན་པའོ། །བདག་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱ་ཞེས་བྱ་བ་ནས། སེམས་ཅན་གང་དམ་པའི་ཆོས་གནས་པ་ཡོངས་སུ་འཛིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱས་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འདོད་པས། དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའི་ས་ལ་གནས་ནས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པ་དང༌། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བ་དང༌། ཚེ་ཕུན་སུམ་ཚོགས་པར་བྱ་བ་དང༌། དམ་པའི་ཆོས་གནས་པར་བྱ་བ་རྣམས་ལ། བདག་ཀྱང་སྤྱོད་ལ་གཞན་ཡང་སྤྱོད་དུ་འཇུག །གཞན་དེ་དག་ལ་སྤྱོད་པའི་ལེགས་པ་བརྗོད་ཅིང་རྗེས་སུ་ཡི་རང་བར་བྱེད་པའི་སྒོ་ནས། སྦྱོར་བ་ཕུན་སུམ་ཚོགས་པ་ལ་གནས་པར་བྱ་བ་བསྟན་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་མཁས་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནས། དེ་ལྟར་གོང་དུ་བྱང་ཆུབ་སེམས་དཔའ་སྦྱོར་བ་ཕུན་སུམ་ཚོགས་པ་ལ་གནས་པར་བྱ་བ་བསྟན་པ་དེ་ཡང༌། ཀུན་རྫོབ་ཏུ་ནི་དགེ་བ་བཅུ་ལ་སོགས་པ་དམ་པའི་ཆོས་གནས་པར་བྱ་བ་ལ་ཐུག་གི་བར་གྱིས་སྦྱོར་བ་རྣམས་ལ། བདག་ཀྱང་སྤྱོད་གཞན་ཡང་སྤྱོད་དུ་འཇུག །དེ་ལ་སྤྱད་པའི་ལེགས་པ་ཡང་བརྗོད་ཅིང་རྗེས་སུ་ཡི་རང་བར་བྱས་ལ། དོན་དམ་པར་ནི་དེ་ལ་ཡང་རྣམ་པར་མི་རྟོག་མི་དམིགས་པའི་ཚུལ་གྱིས་གནས་ཏེ། ཤེས་རབ་


DTG092_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐབས་མཁས་པར་ལྡན་པ་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །དེ་དེ་ལྟར་སློབ་ཅིང་དེ་དེ་ལྟར་གནས་པས། དེའི་གཟུགས་སྒྲིབ་པ་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་སྦྱོར་བ་ཕུན་སུམ་ཚོགས་པ་ལ་གནས་པའི་འབྲས་བུ་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་དང༌། ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པར་འགྱུར་བ་བསྟན་པ་སྟེ། དེ་ལ་དེའི་གཟུགས་སྒྲིབ་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནས། དམ་པའི་ཆོས་གནས་པ་སྒྲིབ་པ་མེད་པ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་སྦྱོར་བ་ཕུན་སུམ་ཚོགས་པ་ལ་གནས་ན། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྔོན་གྱི་མཐའ་ནས་ཀྱང་གཟུགས་ཡོངས་སུ་མ་བཟུང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཚེ་རབས་སྔ་མ་ལ་ཡང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས། དངོས་པོ་དང་མཚན་མར་མ་བཟུང་བའི་ཕྱིར་ཆོས་དེ་དག་ལ་སྒྲིབ་པ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། གཟུགས་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་དེ་ཡང༌། དངོས་པོ་ཞིག་ཡོད་པ་ལས་ཡོངས་སུ་མ་བཟུང་བ་མ་ཡིན་གྱི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། གཟུགས་ལ་སོགས་པའི་ཆོས་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་ཡོངས་སུ་མ་གཟུང་ངོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའི་གནས་འདི་བཤད་པའི་ཚེ་བྱང་ཆུབ་སེམས་དཔའ་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི། བསམ་པ་ཕུན་སུམ་ཚོགས་པའི་གནས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པར་གནས་པར་བྱ་བའི་ཆོས་བཤད་པ་འདི་ཕན་ཡོན་ཆེན་པོ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཕྱིར་མི་ལྡོག་པའི་


DTG092_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་གནས་པར་གྱུར་ཏོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་སུམ་ཅུ་དགུ་པའོ།། །།


previousསོ་དགུ་པ། བྱང་ཆུབ་སེམས་ཀྱི་བསླབ་པ་རྣམ་པར་གཞག་པའི་ལེའུ།next