Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གོ་གཉིས་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞེ་གཅིག་པ། ཕྱིར་མི་ལྡོག་པའི་རྟགས་ཀྱི་ལེའུ།
   
   
   
   
   
   
   
   
   
   
   


 
previousཞེ་གཅིག་པ། ཕྱིར་མི་ལྡོག་པའི་རྟགས་ཀྱི་ལེའུ།next

ཞེ་གཅིག་པ། ཕྱིར་མི་ལྡོག་པའི་རྟགས་ཀྱི་ལེའུ།


DTG092_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་ཉེ་བར་འོངས་ཏེ་མོས་པ་བཟློག་ཅིང་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། བདུད་སྡིག་ཏོ་ཅན་དག་ཆོས་ཐམས་ཅད་སྟོང་པ་ལ་ཐ་སྙད་དུ་བཏགས་ནས་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ། མངོན་པར་འཚང་རྒྱར་ཡང་ཅི་ཡོད་ཅེས། བྱང་ཆུབ་སེམས་དཔའ་ལ་མོས་པ་དང་དད་པ་བཟློག་ཅིང་འོང་བ་ལ་བདུད་ཀྱིས་མི་ཚུགས་པར་བྱ་བའི་གདམས་པ་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་ཏེ། རང་བཞིན་གྱིས་སྟོང་ཡང་ཀུན་རྫོབ་ཏུ་ལས་ལེགས་ཉེས་ཅི་སྤྱད་པའི་འབྲས་བུ་མེད་པ་མ་ཡིན་པས། བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ། མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱང་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ཅིང༌། བདུད་ཀྱིས་མི་ཚུགས་པར་སེམས་བརྟན་པར་བྱའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང༌། ཕྱིར་མི་ལྡོག་པའི་ས་ལ་གནས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་སླར་ལྡོག་པར་འགྱུར་བ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་སླར་ལོག་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་བ་བསྟན་པ་སྟེ། ཅི་ལགས་བཅོམ་ལྡན་འདས་སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱིར་མི་ལྡོག་པ་ཞེས་བགྱིའམ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་སླར་མི་ལྡོག་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་ཕྱིར་མི་ལྡོག་པ་ཞེས་བགྱིའམ་ཞེས་ཞུས་པའོ། །འོན་ཀྱང་སླར་ལོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་མི་ལྡོག་པ་ཞེས་བགྱི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་སླར་ལྡོག་པ་ལ། ཕྱིར་མི་ལྡོག་པ་ཞེས་བགྱི་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི། ཕྱིར་མི་ལྡོག་པ་ཞེས་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་མི་སྐྱེ་


DTG092_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ལ་བཟོད་པ་ཐོབ་པ། ཕྱིར་མི་ལྡོག་པའི་ས་ལ་གནས་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་སླར་ལྡོག་པ་ཡིན་པས། ཕྱིར་མི་ལྡོག་པར་བཏགས་སོ་ཞེས་བསྟན་པའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་པ་ཞེས་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་ནམ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་སླར་ལྡོག་པར་གྱུར་པ་དེའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང༌། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་བས་ན། ཕྱིར་མི་ལྡོག་པར་བཏགས་སོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ། ཕྱིར་མི་ལྡོག་པ་ཞེས་བགྱི་བའི་སླད་དུ་སླར་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་མི་ལྡོག་པ་ཞེས་བགྱི་ཞེས་བྱ་བ་ནི། གོང་དུ་མདོར་བཤད་པའི་དོན་དེ་ཉིད་གསལ་བར་བཤད་པའི་ཕྱིར། རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པ་དེ་ནི། རབ་འབྱོར་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་སླར་ལོག་པ་དེ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལོག་པས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པས་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱའོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་མི་ལོག་པ་དེ་ནི་རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕྱིར་ལྡོག་པ་ཞེས་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་གང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཕྱིར་མི་ལོག་པ་དེ་ལ་ཡང༌། ཕྱིར་མི་ལྡོག་པ་ཞེས་གདགས་མོད་ཀྱི། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལོག་པར་འགྱུར་བས་ན། ཕྱིར་མི་ལྡོག་པར་མི་ཆུད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་རྣམ་པ་དེ་དག་དང༌། ཚུལ་དེ་དག་དང༌། མཚན་མ་དེ་དག་གིས་ཞེས་བྱ་བ་ནས་བདུད་སྡིག་ཏོ་ཅན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་


DTG092_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་བྱང་ཆུབ་སེམས་དཔའ་གང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ལོག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ནི། བདུད་སྡིག་ཏོ་ཅན་གྱིས་བསླུ་ཞིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མི་ནུས་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འདོད་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བ་ནས། དེ་འདོད་ན་ཆེད་དུ་བསམས་ཤིང་ལུས་ཡོངས་སུ་འཛིན་ཏེ། ལུས་ངག་གིས་སེམས་ཅན་རྣམས་ཀྱི་དོན་བྱ་བར་འགྱུར་བ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་ལྡན་པས། ཆོས་ཐམས་ཅད་ལ་ཡོངས་སུ་འདྲིས་ཤིང་གོམས་པར་བྱ་བའི་ཕྱིར། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། རྣམ་པར་ཐར་པའི་སྒོ་གསུམ་ལ་སྙོམས་པར་འཇུག་ཅིང་མངོན་པར་ཤེས་པ་ལྔ་མངོན་པར་བསྒྲུབས་ཀྱང༌། སེམས་ཅན་རྣམས་ཀྱི་དོན་དུ་དེ་དག་ལ་འདྲེས་ཤིང་གོམས་པར་བྱེད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ལྟར། དེ་དག་ནི་འབྲས་བུ་ཡོངས་སུ་མི་འཛིན་པར། སེམས་ཅན་རྣམས་གང་གིས་འདུལ་བའི་ལུས་ཡོངས་སུ་འཛིན་པར་བྱེད་ན། མཚན་མ་དང་རྟགས་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཡིད་ལ་བྱེད་པ་དང་ལྡན་ཏེ་ཞེས་བྱ་བ་ནས་དྲན་བཞིན་དུ་འཇུག་གོ །དྲན་བཞིན་དུ་ཉལ་ལོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་ལྡན་པ་བླ་ན་མེད་པའི་བྱང་ཆུབ་ཡིད་ལ་བྱེད་ཅིང་བྱང་ཆུབ་སེམས་དཔའི་མཚན་དང་དཔེ་བྱད་དུ་ལྡན་པར་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་སྤྱོད་ཀྱང་དེ་དག་ལ་མཚན་མར་མི་འཛིན་ཅིང་ཆགས་པར་མི་སྤྱོད་ན། རྟགས་དང་མཚན་མ་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་


DTG092_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བ་བསྟན་པ་སྟེ། ལྷུར་མི་ལེན་ཅེས་བྱ་བ་ནི་གཟུགས་དང་མཚན་ཕུན་སུམ་ཚོགས་པ་ལ་སོགས་པ་ལ་སྤྱོད་ཀྱང༌། དེ་དག་དོན་དམ་པར་དངོས་པོ་མེད་པར་རྟོགས་པས་དེ་དག་ལ་མཚན་མར་མི་འཛིན་ཅིང་མ་ཆགས་པར་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཞན་ཡང་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཁྱིམ་ན་གནས་ཀྱང་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ཉེ་བར་ལེན་ཏོ་ཞེས་བྱ་བ་ནས་གཞན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཁ་ཅིག་ཐབས་དང་ཤེས་རབ་ཏུ་ལྡན་པས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཁྱིམ་ན་གནས་ཏེ་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང༌། སེམས་ཅན་རྣམས་ལ་སྦྱིན་པ་ཡིད་བཞིན་དུ་གཏོང་བ་དང༌། བདག་དང་ཕ་རོལ་གཉིས་ཀ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ན་རྟགས་དང་མཚན་མ་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཁྱིམ་ན་གནས་ན་འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་གྱིས་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་ཞེས་བྱ་བ་ནས། དེ་འདོད་པ་ལ་ཡོངས་སུ་མི་སྤྱོད་དེ། རྟག་ཏུ་རྒྱུན་མི་འཆད་པར་ཚངས་པར་སྤྱོད་པ་ཡིན། གནོད་པ་གང་གིས་གཞན་མི་དགའ་བར་འགྱུར་བའི་གནོད་པ་དེ་ལྟ་བུ་གང་ཡང་མི་སྐྱེད་དེ་ཞེས་བྱ་བའི་བར་གྱིས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་ཁྱིམ་ན་གནས་ཀྱང། འདོད་པའི་ཡོན་ཏན་ལྔ་ལ་མི་སྤྱོད་པར་རྟག་ཏུ་ཚངས་པར་སྤྱོད་ཅིང་འཛམ་བུའི་གླིང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་ཐུག་གི་བར་དུ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། སྦྱིན་པ་ཡོངས་སུ་གཏོང་ཞིང་སེམས་ཅན་ལ་གནོད་པ་མི་སྤྱོད་ན་རྟགས་དང་མཚན་མ་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱི་བཞིན་དུ་ཞེས་བྱ་བ་ནས་དེ་ནི་སྐྱེས་བུ་དམ་པར་འགྱུར་ཏེ། སྐྱེས་བུ་ངན་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་


DTG092_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་སེམས་དཔའ་ལ། གནོད་སྦྱིན་ལག་ན་རྡོ་རྗེས་རྟག་ཏུ་བསྲུང་བས། མི་དང་མི་མ་ཡིན་པ་ལ་སོགས་པས་གནོད་པར་བྱ་བ་མི་ནུས་པ་དང༌། ལྷ་དང་བདུད་ལ་སོགས་པས་མི་ཐུབ་པ་དང༌། བླ་ན་མེད་པའི་བྱང་ཆུབ་ཡིད་ལ་བྱེད་པ་ལས་མི་ལྡོག་པ་དང༌། དབང་པོ་རྣམས་མ་ཚང་བར་མི་འགྱུར་ཞིང༌། སྐྱེས་བུ་དམ་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཞེས་བྱ་བ་ནས་སྐྱེས་བུ་དམ་པར་འགྱུར་ཏེ་སྐྱེས་བུ་ངན་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་དམ་པར་འགྱུར་རོ་ཞེས་བཤད་པ་ཇི་ཙམ་གྱིས་ན་སྐྱེས་བུ་དམ་པར་འགྱུར་བ་ཚད་རབ་འབྱོར་གྱིས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཤད་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་ཉམས་ན་སྐྱེས་བུ་དམ་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་ཞིང་ཞེས་བྱ་བ་ནས་དེས་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས། འཚོ་བ་ཡོངས་སུ་དག་པ་ཡིན་ཏེ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་གྱི་སྔགས་དང་སྨན་དང་ལྟས་རྣམས་ཀྱིས་མངོན་པར་རྟོགས་པ་དང༌། ཡིད་ཆེས་པའི་མཚན་མ་བསྟན་པས་རྙེད་པ་དང་བཀུར་སྟི་ཚོལ་བ་མ་ཡིན་ཞིང་རྒྱུ་མི་འཚོ་སྟེ། འཚོ་བ་ཡོངས་སུ་དག་ན། མཚན་མ་དང་རྟགས་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན་ཏེ་ཞེས་བྱ་བའི་བར་གྱིས་ནི་ཉན་ཐོས་དང་རང་སངས་རྒྱས་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་དངོས་པོ་ཡོད་པར་ལྟ་ཞིང་དེ་དག་ལས་འདས་པར་བྱ་བའི་ཕྱིར་བརྩོན་པར་མི་བྱེད་ཀྱི། ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སྟོང་པ་ཉིད་དུ་སྒོམ་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །དེ་འདུ་འཛིའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ་ཞེས་བྱ་བ་ལ་སོགས་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་འདུ་འཛི་ལ་འཇིག་རྟེན་གྱི་གཏམ་ངན་པ་རྣམས་ལ་མི་འཇུག་པ་བསྟན་


DTG092_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སེམས་ཅན་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་འདུ་འཛིའི་སྤྱོད་པའི་རྒྱུ་གཉེན་བགྲོད་པར་བྱས་པ་ལ་སོགས་པའི་སེམས་ཅན་རྣམས་སྟོང་པ་ཉིད་དུ་གོམས་པར་བྱས་པའི་ཕྱིར་འདུ་འཛིའི་སྤྱོད་པ་ལ་མི་གནས་སོ་ཞེས་བསྟན་པའོ། །དེ་རྒྱལ་པོའི་གཏམ་གྱིས་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རང་བཞིན་སྟོང་པ་ཉིད་ལ་གནས་པས། ཆོས་གང་ལ་ཡང་བཟང་པོའམ། ངན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་རྒྱལ་པོ་ལ་བསྟོད་པ་དང༌། སྨད་པའི་གཏམ་ངན་པ་ལ་མ་ཞུགས་པ་བསྟན་པ་སྟེ། བསྟོད་པ་དང་སྨད་པའི་ཆོས་བཟང་པོ་དང་ངན་པ་ཐམས་ཅད་དོན་དམ་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་རྐུན་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས། ཆོས་གང་ལ་ཡང་བླང་བའམ། དབྲོག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་རྐུན་པོས་རྐུར་ཐོབ་པ་དང་མ་ཐོབ་པའི་གཏམ་ངན་པ་ལ་ཡང་གཡེང་བར་མི་གནས་པ་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་རྟོགས་པས། རྐུན་པོས་དབྲོག་པར་བྱ་བ་དང༌། མ་ཕྲོགས་ཏེ་སླར་བླང་དུ་ཡོད་པའི་ཆོས་གང་ཡང་ཡོད་པར་མ་མཐོང་པས། རྐུན་པོའི་གཏམ་མི་ཟེར་རོ་ཞེས་བྱ་བའི་དོན་ཏོ། །དེ་གཡུལ་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་ཉུང་ངུའམ་མང་པོར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བས་ནི་དམག་གི་གཡུལ་བཤམས་པའི་གཏམ་གྱིས་མ་ཡེངས་པ་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་རྟོགས་པས། གཡུལ་བཤམས་པའི་ཚོགས་འདི་ནི་མང་ངོ༌། །འདི་ནི་ཉུང་ངོ་ཞེས་བྱ་བའི་ཆོས་གང་ཡང་ཡོད་པར་མ་མཐོང་བའི་ཕྱིར། གཡུལ་གྱི་གཏམ་མི་ཟེར་རོ་ཞེས་བྱ་བའི་དོན་ཏོ། །དམག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་གནས་པས། ཆོས་གང་ལ་ཡང་བྱམས་པའམ།


DTG092_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བས་ནི་དགྲ་ཟིན་གཉིས་དམག་འགྱེད་པའི་གཏམ་གྱིས་མ་ཡེངས་པར་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་རྟོགས་པས། དགྲ་ཟིན་དང་བྱམས་སྡང་བྱེ་བྲག་དབྱེ་མེད་པའི་དམག་གི་གཏམ་མི་ཟེར་རོ་ཞེས་བསྟན་པའོ། །གྲོང་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་ཚོགས་སམ་ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་གྲོང་གི་གཏམ་གྱིས་མ་ཡེངས་པར་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས། གྲོང་འདི་ནི་ཚོགས་ཆེ་ཞིང་སྟུག་གོ །གྲོང་འདི་ནི་ཚོགས་ཆུང་ཞིང་སྲབ་པོ་ཞེས་བྱ་བའི་ཆོས་གང་ཡང་ཡོད་པར་མ་མཐོང་བའི་ཕྱིར་གྲོང་གི་གཏམ་མི་ཟེར་རོ་ཞེས་བྱ་བའི་དོན་ཏོ། །གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ནམ་མཁའ་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་གཟུང་བའམ། མི་གཟུང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི། གྲོང་ཁྱེར་གྱི་གཏམ་གྱིས་མ་ཡེངས་པ་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ནམ་མཁའ་བཞིན་དུ་སྟོང་པར་རྟོགས་པས། གྲོང་ཁྱེར་གྱི་ཚོང་འདུས་ན་ཚོང་བྱེད་པའི་ཚོང་རྫས་ཁེ་ཡོད་ན། གཟུང་ཞིང་བསགས་པས་དང༌། ཁེ་མེད་ན་མི་གཟུང་ཞིང་མི་བསགས་པའི་ཆོས་དེ་ལྟ་བུ་གང་ཡང་དངོས་པོ་ཡོད་པར་མ་མཐོང་བའི་ཕྱིར་གྲོང་ཁྱེར་གྱི་གཏམ་མི་ཟེར་རོ་ཞེས་བྱ་བའི་དོན་ཏོ། །གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དི་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡང་དག་པའི་མཐའ་ལ་གནས་པས། ཆོས་གང་ཡང་འཕེལ་བའམ། འབྲི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བས་ནི་ཡུལ་གྱི་ལྗོངས་ཀྱི་གཏམ་གྱིས་མ་ཡེངས་པར་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ཡང་དག་པའི་མཐའི་རང་བཞིན་དུ་སྟོང་པར་རྟོགས་པས། ཡུལ་གྱི་ལྗོངས་ལོ་ལེགས་ཏེ། འཕེལ་བའམ། ལོ་ཉེས་ཏེ་འགྲིབ་པར་འགྱུར་བའི་ཆོས་དེ་ལྟ་བུ་གང་ཡང་ཡོད་པར་མི་མཐོང་བའི་ཕྱིར། གྲོང་རྡལ་གྱི་གཏམ་མི་ཟེར་རོ་ཞེས་བསྟན་པ་སྟེ། གྲོང་རྡལ་ཞེས་བྱ་བ་ནི་ཡུལ་གྱི་ལྗོངས་ལ་བྱའོ། །བདག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཞེས་


DTG092_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནས་མཐོང་བ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ་ཞེས་བྱ་བའི་བར་གྱིས་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང་སེམས་ཅན་ལ་སོགས་པ། ཡོད་པར་ལྟ་བའི་གཏམ་གྱིས་མ་ཡེངས་པ་བསྟན་པའོ། །གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་ཞིང་ཞེས་བྱ་བ་ལ་སོགས་པས་ནི་ཡང་དག་པའི་གཏམ་ལ་འཇུག་ཅིང༌། བསམ་པ་དགེ་བ་ལ་གནས་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པ་སྟེ། གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་ལ་བརྩོན་ཞིང་ཞེས་བྱ་བས་ནི། ཡང་དག་པའི་གཏམ་ལ་འཇུག་པ་བསྟན་པ་སྟེ། གཏམ་ཅི་ཟེར་ཀྱང་རུང་སེམས་ཅན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཟུད་པའི་གཏམ་འབའ་ཞིག་ཟེར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བར་གནས་ཏེ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཤེས་རབ་འཆལ་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ་ཞེས་བྱ་བའི་བར་གྱིས་ནི། བསམ་པ་དགེ་བ་ལ་གནས་པ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བའི་བསམ་པ་དང་མ་བྲལ་བར་གནས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་རྣམས་ཡོངས་སུ་སྤོང་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ཅིང་ཆོས་འདོད་པ་ཡིན་གྱི་ཆོས་མི་འདོད་པ་མ་ཡིན་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ། དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཀྱང༌། ཀུན་རྫོབ་ཏུ་དམ་པའི་ཆོས་ཚོལ་བ་ལ་འབད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཆོས་ཀྱི་དབྱིངས་ལ་སྤྱོད་ཅིང་ཆོས་ཐ་དད་པའི་ལེགས་པ་བརྗོད་པ་མ་ཡིན་ཞེས་བྱ་བ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རོ་གཅིག་པར་རྟོགས་པས། ཆོས་རྣམས་ལ་མིང་དང་མཚན་མ་ལ་སོགས་པ་ཐ་དད་དུ་འབྱེད་པ་ལ་དགའ་བ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་


DTG092_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྣམས་ལ་བཤེས་གཉེན་དུ་སེམས་པ་ཡིན་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ལྟ་བུ་ཐེག་པ་དམན་པ་ལ་ཞུགས་པས་རྣམས་ལ། དགེ་བའི་བཤེས་གཉེན་མི་ཚོལ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དགེ་བའི་བཤེས་གཉེན་དུ་འཛིན་ཏོ་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཇི་སྙེད་པ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་འགོད་དོ། །འདུལ་ལོ་རབ་ཏུ་འཇོག་གོ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལ་ཞུགས་པ་རྣམས་ཀྱང་ཐེག་པ་ཆེན་པོ་ལ་ཐབས་སྣ་ཚོགས་ཀྱིས་འཛུད་པ་བསྟན་པ་སྟེ། ཡང་དག་པར་བསྐུལ་བ་ནི་དང་པོར་གྲོས་འདེབས་པའོ། །འགོད་པ་ནི་ཉན་ཅིང་སེམས་སུ་འཛུད་པའོ། །འདུལ་བ་ནི་ཉེས་པ་བྱུང་བ་རྣམས་འཆོས་པའོ། །རབ་ཏུ་གཞོག་པ་ནི་ཕྱིས་གཞན་དུ་མི་འགྱུར་བར་བརྟན་པར་བྱེད་པའོ། །དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བསྙེན་པར་བྱེད་ཅིང་ཞེས་བྱ་བ་ནས་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་པར་མ་ཞུགས་ཤིང༌། འཚོ་སྐྱོང་བ་དང༌། ཆོས་སྟོན་པ་དེར་སྐྱེས་ཏེ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་འབྱུང་བ་དང་མི་འབྲལ་ཞིང་སངས་རྒྱས་མཉེས་པར་བྱེད་པ་ལ་བརྩོན་པ་བསྟན་པ་སྟེ། སེམས་ཅན་རྣམས་མིག་དྲང་བའི་ཕྱིར་ཐབས་ཀྱིས་འདོད་པའི་ཁམས་སུ་སྐྱེས་ནས། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམས་པའི་མཐུ་ཐོབ་པར་བྱས་ནས། དེའི་མཐུས་གང་ན་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པའི་གནས་དེར་སྐྱེས་ཏེ། དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་པའི་མཚན་མ་དང་རྟགས་དེ་ལྟ་བུ་དག་དང་ལྡན་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ནང་སྟོང་པ་ཉིད་ལ་གནས་པ་དང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་པ་ནི། འདི་སྙམ་དུ་བདག་ནི་ཕྱིར་མི་ལྡོག་པའམ། ཕྱིར་མི་ལྡོག་པ་ཡིན་ནོ་སྙམ་དུ་ཡང་མི་བྱེད་


DTG092_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ཐེ་ཚོམ་མི་སྐྱེ་ཞིང་རང་གི་ས་ལ་ཡིད་གཉིས་མེད་དོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རང་གི་ས་ལ་ཐེ་ཚོམ་མེད་པ་བསྟན་པ་སྟེ། སྟོང་པ་ཉིད་བཅོ་བརྒྱད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། འཕགས་པའི་བདེན་པ་བཞི་དང༌། །བསམ་གཏན་བཞི་དང་ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ལ་སྤྱོད་ཅིང་གནས་པའི་ཚེ། ཆོས་ཐམས་ཅད་མི་སྐྱེ་བ་ལ་བཟོད་པ་ཐོབ་ཅིང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་ངེས་ཤིང༌། རང་གི་ས་ལ་ཐེ་ཚོམ་མི་སྐྱེ་བར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཕྱིར་མི་ལྡོག་པ་དང༌། ཕྱིར་ལྡོག་པ་མ་ཡིན་པའི་ཆོས་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང༌། རང་གི་ས་ལ་ཐེ་ཚོམ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ངེས་པར་རྟོགས་པས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང༌། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་རྟོགས་ནས་ཕྱིར་མི་ལྡོག་པའམ། ཕྱིར་མི་ལྡོག་པ་ཞེས་བྱ་བའི་ཆོས་གང་ཡང་ཡོད་པར་མ་མཐོང་བས་ཕྱིར་མི་ལྡོག་པ་མ་ཡིན་དུ་དོགས་པ་མེད་པའི་ཕྱིར་རང་གི་ས་ལ་ཐེ་ཚོམ་དང་ཡིད་གཉིས་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་རྒྱུན་དུ་ཞུགས་པའི་སྐྱེས་བུ་རྒྱུན་དུ་ཞུགས་པའི་ས་ལ་གནས་པ་ནི་རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ་ཞེས་བྱ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རང་གི་ས་ལ་ཐེ་ཚོམ་མི་ཟ་བའི་དཔེ་བསྟན་པའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་


DTG092_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་གནས་པ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟ་ཞིང༌། དེ་ཕྱིར་མི་ལྡོག་པའི་ས་ལ་གནས་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ངོ་ཞེས་བྱ་བ་ནས་བདུད་ཀྱི་ལས་དེ་དག་ཀྱང་རྣམ་པར་འཇོམས་ཤིང་སྲབ་མོར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་ས་ལ་ཐེ་ཚོམ་མེད་པར་གནས་པའི་ཡོན་ཏན་བསྟན་པ་སྟེ། དེ་ལྟར་ཕྱིར་མི་ལྡོག་པའི་ས་ལ་ཐེ་ཚོམ་མེད་པར་གནས་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། བདུད་ཀྱི་ལས་ཀྱི་དབང་དུ་མི་འགྱུར་བ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་མཚམས་མེད་པ་བྱེད་བྱེད་པའི་སྐྱེས་བུ་ནི་ཞེས་བྱ་བ་ནས་སེམས་དེ་རྣམ་པར་བརྟག་ཏུ་མེད་ཅིང་མི་སྒུལ་བས། དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱིར་བཟློག་པར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་ཅིང་ཕྱིར་མི་ལྡོག་པའི་ས་ལ་ངེས་པར་གནས་ཏེ། རང་གི་ས་ལ་ནེམ་ནུར་དང་ཐེ་ཚོམ་མེད་པ་དཔེ་དང་བཅས་པ་བསྟན་པ་སྟེ། དཔེར་ན་མཚམས་མེད་པའི་ལས་བྱེད་བྱེད་པའི་མི་མཚམས་མེད་པའི་ལས་དེ་གོམས་ཤིང་སེམས་ལ་ཞེན་པར་བྱས་པས་ལས་དེའི་འབྲས་བུ་མ་མྱོང་གི་བར་དུ་སྡིག་པའི་བག་ཆགས་བསགས་པའི་སེམས་དེ་དང་ནམ་ཡང་མི་འབྲལ་ཞིང་སེམས་དེ་རྗེས་སུ་འབྲང་བར་འགྱུར་བ་དེ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སེམས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་གོམས་པར་བྱས་པས་སུས་ཀྱང་སླར་བཟློག་པར་མི་ནུས་ཤིང་ནམ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྡོག་གོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་དེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་འདས་ཏེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་མང་པོ་སྐྱེད་ཅིང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཀུན་འདྲི་ཞིང་ཡོངས་སུ་ཞུ་བ་བྱེད་ལ་བསྙེན་བཀུར་བར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པ་རང་གི་ས་ལ་ཐེ་ཚོམ་མེད་པ་དང༌། བདུད་ཀྱིས་བསླུར་མི་ཚུགས་པའི་གཏན་ཚིགས་བསྟན་པ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་འདས་ཏེ། འཕགས་པར་གྱུར་


DTG092_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱང་ཆུབ་སེམས་དཔའི་ས་དང་པོ་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་ནས། ས་བརྒྱད་པ་ལ་གནས་ཀྱི་བར་དུ་མངོན་པར་ཤེས་པ་རྣམས་ཀྱི་མཆོག་ཐོབ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། སེམས་ཅན་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བ་དང༌། ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ནུས་པའི་མཐུ་དང་ལྡན་པའི་ཕྱིར་རང་གི་ས་ལ་ཐེ་ཚོམ་མེད་ཅིང་བདུད་ཀྱིས་བསླུར་མི་ཚུགས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་ལྟར་གནས་པས་བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་ཁོང་དུ་ཆུད་དེ། བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་གི་དབང་དུ་ཡང་མི་འགྲོའོ་ཞེས་བྱ་བའི་བར་གྱིས་ནི་རང་གི་ས་ལ་ཐེ་ཚོམ་མེད་པར་གནས་ཤིང༌། བདུད་ཀྱི་ལས་ཀྱི་དབང་དུ་མི་འགྲོ་བའི་དོན་གོང་དུ་སྨོས་པ་ཉིད་མཇུག་བསྡུས་ཏེ་གསལ་བར་བསྟན་པའོ། །བདུད་ཀྱི་ལས་དེ་དག་ཀྱང་ཐབས་མཁས་པས་ཡང་དག་པའི་མཐའ་ལ་སྦྱོར་བར་བྱེད་ཅིང༌། དེ་རང་གི་ས་ལ་ནེམ་ནུར་མེད། ཐེ་ཚོམ་མི་ཟའོ་ཞེས་བྱ་བ་ནི་བདུད་ཀྱི་ལས་ཀྱི་དབང་དུ་མི་འགྱུར་བ་དེ་ཡང་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཤིང༌། ཡང་དག་པའི་མཐའི་རང་བཞིན་དུ་རོ་གཅིག་པར་ཁོང་དུ་ཆུད་པར་བདུད་ཀྱིས་བསླུར་མི་ཚུགས་ཤིང་རང་གི་ས་ལ་ཐེ་ཚོམ་མེད་དོ་ཞེས་བསྟན་པ་སྟེ། ཡང་དག་པའི་མཐའ་ལ་སྦྱོར་བར་བྱེད་ཅེས་བྱ་བ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་པར་རྟོགས་པས། བདུད་ཀྱི་ལས་ཀྱི་མཚན་མ་ཐམས་ཅད་སྦྱོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཡང་དག་པའི་མཐའ་ལ་ནེམ་ནུར་མེད་པས་ཡང་དག་པའི་མཐའ་ལ་གཅིག་གམ་གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ཤེས་པས་དེ་ཚེ་འཕོས་ནས་ཀྱང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སེམས་མི་སྐྱེད་དེ་ཞེས་བྱ་བ་ནི་བདུད་ཀྱི་ལས་རྣམས་ཡང་དག་པའི་མཐའ་ལ་སྦྱོར་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ཡང་དག་པའི་མཐའི་རང་བཞིན་དུ་རྟོགས་ན་བདུད་དམ་བདུད་མ་ཡིན་པའམ། ཕྱིར་ལྡོག་པའམ། ཕྱིར་མི་ལྡོག་པའམ། བྱང་ཆུབ་སེམས་དཔའི་སའམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་མཚན་མ་ཡང་དག་པར་


DTG092_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མི་མཐོང་བས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ནམ་ཡང་ལྡོག་པར་མི་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ། ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཚེ་འཕོས་ནས་ཀྱང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སེམས་མི་སྐྱེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་རྟོགས་པའི་ཕྱིར་ཚེ་འཕོ་ཞིང་སྐྱེ་བ་དང༌། ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་གང་ཡང་དངོས་པོ་ཡོད་པར་མ་མཐོང་བས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སླར་ལྡོག་ཅིང་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཚེ་འཕོས་ནས་ཀྱང་འདི་སྙམ་དུ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ་སྙམ་མི་བྱེད་དེ། གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སེམས་སོ་ཞེས་བྱ་བས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཚེ་སྔ་ཕྱི་དྲན་ཞིང་བྱང་ཆུབ་ཀྱི་སེམས་མི་ཉམས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་མངོན་པར་འཚང་རྒྱ་བར་འགྱུར་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་མཚན་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་རྟོགས་ཤིང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རང་གི་མཚན་ཉིད་ཀྱིས་སྟོང་པར་རྟོགས་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་དེ་ལྟར་གནས་པ་ནི། རང་གི་ས་ལ་ཐུབ་པ་མེད་པ་ཡིན་ཏེ་ཞེས་བྱ་བས་ནི་དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་མངོན་པར་འཚང་རྒྱ་བ་སྟེ། བདུད་


DTG092_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དང་མུ་སྟེགས་ཅན་ལ་སོགས་པས་གཞན་དུ་བསྒྱུར་མི་ནུས་སོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ་ནི་མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་ནི་རང་གི་ས་ལ་ཐུབ་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེའི་ཡེ་ཤེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་རྟོགས་པ་དེ་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་ཅིང་མི་འཕྲོགས་པའི་ཕྱིར་རོ་ཞེས་བསྟན་པའོ། །རབ་འབྱོར་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་ནས་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་རང་གི་ས་ལ་ཐུབ་པ་མེད་པ་དང༌། མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པའི་དོན་དེ་ཉིད་བདུད་ཀྱིས་བསླུར་མི་ཚུགས་པའི་ཚིག་རྣམས་ཀྱིས་གསལ་བར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་དག་བདག་ལ་ཡོད་དོ་ཞེས་བྱ་བར་རིག་པར་བྱའོ་ཞེས་བྱ་བས་ནི་བདུད་ཀྱིས་བསླུར་མི་ཚུགས་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་ཤིང༌། ཀུན་རྫོབ་ཏུ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་མངོན་པའི་རྟགས་དང་མཚན་མ་གོང་དུ་བཤད་པ་རྣམས་བྱང་ཆུབ་སེམས་དཔའ་དེ་ལ་ཡོད་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་ལུང་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གལ་ཏེ་བདུད་སྡིག་ཏོ་ཅན་ནམ་བདུད་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག་ཅེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ཀྱང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རང་གི་ས་ལ་ཐུབ་པ་མེད་ཅིང་མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པའི་དོན་དེ་ཉིད་བདུད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལུང་བསྟན་པ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་སུན་ཕྱུང་བས།


DTG092_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚུགས་པའི་ཚིག་རྣམས་ཀྱིས་གསལ་བར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དེ་དག་དང༌། ཚུལ་དེ་དག་དང༌། མཚན་མ་དེ་དག་ནི་དེ་ལ་ཡོད་དོ་ཞེས་བྱ་བས་ནི་དེ་ལྟར་བདུད་ཀྱིས་བསླུར་མི་ཚུགས་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་ཕྱིར་མི་ལྡོག་པའི་རྟགས་དང༌། མཚན་མ་གོང་དུ་བཤད་པ་རྣམས་ཡོད་པས། བདུད་ཀྱིས་བསླུར་མི་ཚུགས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་ལ། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་ཅིང་ཡོངས་སུ་མི་གཏོང་ངོ་ཞེས་བྱ་བ་ནས་དེ་དག་གི་དམ་པའི་ཆོས་ཀྱང་ཡོངས་སུ་གཟུང་བར་འགྱུར་རོ་སྙམ་མོ་ཞེས་བྱ་བའི་བར་གྱིས་ནི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལུས་དང་སྲོག་ཀྱང་མི་ཕངས་པར་བྱེད་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་པའོ། །དེ་ལ་ཆོས་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་གཏོང་ཞིང༌། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་པའི་ཆོས་དེ་དག་གང་ཞེ་ན་ཞེས་བྱ་བ་ནས་རབ་འབྱོར་ཆོས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་གཏོང་ཞིང༌། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་མི་གཏོང་ངོ་ཞེས་བྱ་བའི་བར་གྱིས་ནི་སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་གཏོང་བ་དེ་གང་ཡིན་པའི་དམིགས་པ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་བུར་དོན་ཟབ་མོ། ཆོས་ཐམས་ཅད་སྟོང་པར་སྟོན་པ། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བ། མི་བླུན་པོ་རྣམས་ཀྱིས་ཐོས་ན། འདི་ནི་ཆོས་མ་ཡིན། འདུལ་བ་མ་ཡིན། སངས་རྒྱས་ཀྱི་བསྟན་པ་མ་ཡིན་ནོ་ཞེས། སྐུར་བ་འདེབས་ཤིང་དན་དུ་ཟེར་བ་དེ་ལྟ་བུའི་ཆོས་ཟབ་མོ་ཡོངས་སུ་གཟུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྲོག་དང་ཡང་བསྔོའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བསླབ་པར་བྱ་སྟེ་ཞེས་བྱ་བ་ནས་དོན་གྱི་དབང་འདི་མཐོང་བས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་


DTG092_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་ཡོངས་སུ་གཏོང་ལ། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་ཞིང༌། ཆོས་དེ་ཡང་བདག་གི་ཆོས་ཡིན་པར་ངེས་པར་འགྱུར་རོ་སྙམ་ནས་སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་གཏོང་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་ལ་ནེམ་ནུར་མེད་ཅེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུངས་རབ་ཏུ་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་བཅོམ་ལྡན་འདས་ཀྱིས་ཆོས་ཅི་བཤད་པ་རྣམས་ཀྱི་དོན་དང་ཚིག་རྣམས་ཤེས་རབ་ཀྱིས་རྟོགས་ཤིང༌། དྲན་པས་མི་བརྗེད་པའི་གཟུངས་ཐོབ་པའི་ཕྱིར་དམ་པའི་ཆོས་ཇི་ལྟར་གཟུང་བར་ཆུད་ཟ་བར་མི་བྱེད་པའི་ཡོན་ཏན་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་ཡོངས་སུ་འཛིན་པའི་གཟུངས་རབ་ཏུ་ཐོབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཆུད་མི་ཟའོ་ཞེས་བྱ་བའི་བར་གྱིས་ནི། གཟུངས་གང་དང་གང་རྣམས་ཐོབ་པས། དེ་བཞིན་གཤེགས་པའི་མདོ་རྣམས་ཆུད་མི་ཟ་བར་འགྱུར་བ་བསྟན་པ་སྟེ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་ཅིང༌། ཐེ་ཚོམ་འདྲི་བ་དང་རྟོགས་པ་གྲངས་མེད་བྱུང་ཡང༌། ལན་འདེབས་པ་ལ་ཟད་མི་ཤེས་པ་དང༌། དྲན་པ་རྣམ་པ་མང་པོ་ཚེ་རབས་དུ་མར་ཡང་མི་བརྗེད་པ་ལ་མི་ཟད་པའི་གཟུངས་ཞེས་བྱ་སྟེ། ཤེས་རབ་དང་དྲན་པ་དེ་གཉིས་ཀྱིས་ཆོས་བཤད་དོ་ཅོག་གི་དོན་དང་ཚིག་རྣམས་གཟུངས་སུ་བཟུང་སྟེ། སྣོད་བླུགས་པ་དང་འདྲ་བར་མི་ཟད་པའི་ཟ་མ་ཏོག་ཅེས་བྱའོ། །ཟ་མ་ཏོག་ཅེས་བྱ་བའི་ནི་ནོར་བུ་རིན་པོ་ཆེ་ལ་སོགས་པ་རྒྱན་དང༌། ནོར་རིན་པོ་ཆེ་གཅེས་པ་རྣམས་གཞུག་པའི་སྣོད་ལ་བྱའོ། །ཟ་མ་ཏོག་དེ་དང་འདྲ་བར་བྱང་ཆུབ་སེམས་དཔའི་ཤེས་རབ་


DTG092_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དང། དྲན་པ་གཉིས་ཀྱང་དམ་པའི་ཆོས་རིན་པོ་ཆེ་རྣམས་ཀྱི་སྣོད་དང༌། གཟུངས་ཟད་མི་ཤེས་ཤིང་ཆུད་མི་ཟ་བ་ཡིན་པའི་ཕྱིར་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཞེས་བྱའོ། །རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བ་ནི་རྒྱ་མཚོ་དང་འདྲ་བར་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ཤེས་རབ་དང་དྲན་པའི་གཟུངས་ཀྱང་རྒྱ་མཚོ་དང་འདྲ་བར་ཟབ་ཅིང་གཏིང་དཔག་དཀའ་བ་ལ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱའོ། །པདྨོ་རྣམ་པར་བཀོད་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་དང་འདྲ་བའི་གཟུངས་ཏེ། སེམས་ཅན་གྱི་དོན་དུ་ཐབས་ཀྱིས་འཁོར་བ་ན་རྣམ་པ་སྣ་ཚོགས་སུ་སྤྱོད་ཅིང་གནས་ཀྱང༌། འཁོར་བའི་ཉེས་པས་མི་གོས་པར་གནས་ཏེ། པདྨ་ཆུའི་ནང་ན་གནས་ཀྱང༌། ཆུའི་ཉེས་པ་འདམ་གྱིས་མི་གོས་པ་དང་འདྲ་བའི་ཕྱིར། པདྨོ་རྣམ་པར་བཀོད་པ་ཞེས་བྱའོ། །ཡོངས་སུ་འཛིན་པའི་གཟུངས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་དང་དྲན་པའི་གཟུངས་ཏེ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་རྣམ་པ་མང་པོ་ཡོངས་སུ་འཛིན་པའི་ཕྱིར་ཡོངས་སུ་འཛིན་པའི་གཟུངས་ཞེས་བྱ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་གཟུངས་དེ་ལྟ་བུ་དག་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཆུད་མི་ཟ་བའོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་འབའ་ཞིག་ཆབ་མི་འཚལ་དུ་བས་ཀྱི་ཉན་ཐོས་ཀྱིས་བཤད་པ་མ་ལགས་སམ་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་སྨོས་པའི་གཟུངས་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་དེ་སྐད་བརྡ་དང༌། སྒྲ་ཐམས་ཅད་ཐགས་ཐོགས་མེད་པར་ཤེས་པས། ཉན་ཐོས་དང་རང་སངས་རྒྱས་དང༌། འཇིག་རྟེན་གྱི་ལྷ་དང༌། ཀླུ་ལ་སོགས་པས་བཤད་པའི་ཆོས་ཐམས་ཅད་ཀྱང་ཆུད་མི་ཟ་སྟེ། རྟགས་དང་ཚུལ་དེ་དག་དང་ལྡན་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བཞི་བཅུ་གཅིག་པའོ།། །།


previousཞེ་གཅིག་པ། ཕྱིར་མི་ལྡོག་པའི་རྟགས་ཀྱི་ལེའུ།next