Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གོ་གཉིས་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞེ་བདུན་པ། སྤྱོད་པའི་ལེའུ།
   
   
   
   
   


 
previousཞེ་བདུན་པ། སྤྱོད་པའི་ལེའུ།next

ཞེ་བདུན་པ། སྤྱོད་པའི་ལེའུ།


DTG092_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་ཟབ་པའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་མཁས་ཤིང་རིག་པས་རྟོགས་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་ཆོས་ཐམས་ཅད་དམིགས་སུ་མེད་པར་བསྟན་པའི་དོན་བརྒྱ་བྱིན་གྱིས་རྟོགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་སྒོ་ནས་བསྟོད་པ་སྟེ། ཤིན་ཏུ་དབེན་པའི་སླད་དུ་ཟབ་བོ་ཞེས་བྱ་བ་ནི་གང་ཟག་དང་ཆོས་གཉིས་ལ་རང་བཞིན་མེད་པར་སྟོན་ཅིང༌། དམིགས་པ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཟབ་པའོ་ཞེས་བྱ་བའི་དོན་ཏེ། བལྟ་དཀའ་བ་དང༌། རྟོགས་པར་དཀའ་བ་དང༌། བརྟག་ཏུ་མེད་པ་དང༌། བརྟག་པའི་སྤྱོད་ཡུལ་མ་ཡིན་པ་དང༌། ཞི་བ་དང༌། ཕྲ་བ་དང༌། ཞིབ་པ་ཞེས་བྱ་བའི་དོན་སྔར་ཡང་བཤད་ཟིན་ཏེ། ཟབ་པའི་རྣམ་གྲངས་སུ་རིག་པར་བྱའོ། །མཁས་ཤིང་རིག་པས་རྟོགས་པར་བགྱིའོ་ཞེས་བྱ་བ་ནི་དེ་ལྟར་ཟབ་པས་དམིགས་པ་ཅན་ཐམས་ཅད་མི་མཁས་པས་རྟོགས་པར་བྱ་བ་མིན་གྱི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་འཛིན་པ་དང་ཞེས་བྱ་བ་ནས་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ཐ་མ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟ་ཟབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ནན་ཏན་བྱེད་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང་སེམས་ལས་


DTG092_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དམིགས་པ་ཅན་མི་སྐྱེད་པ་དེ་དག་ནི་དགེ་བའི་རྩ་བ་མཆོག་དམ་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་ཞེས་བྱ་བ་ནས། གྲངས་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བའི་བར་གྱིས་ནི་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུ་དང་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་པའི་བསོད་ནམས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་ནན་ཏན་བྱས་པ་བསོད་ནམས་ཁྱད་པར་དུ་འཕགས་པ་ཆེ་བ་བསྟན་པའོ། །དེ་ནས་དགེ་སློང་གཅིག་ཅིག་གིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་སྟེ། ཉན་ཐོས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་སོགས་པ་དང་ལྡན་པ་ཟིལ་གྱིས་གནོན་ཏོ་ཞེས་འཁོར་གྱི་ནང་ན་འདུག་འདུག་པའི་དགེ་སློང་གཅིག་ཅིག་གིས་ཡོན་ཏན་བསྔགས་པ་དང༌། བརྒྱ་བྱིན་གྱིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུ་ལ་སོགས་པ་དང་ལྡན་ལ། རྣམ་པ་ཐམས་ཅད་མཁྱེན་པ་དང་ལྡན་པའི་སེམས་དང་པོ་སྐྱེད་པས་ཀྱང་ཟིལ་གྱིས་མི་ནོན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་ནན་ཏན་བྱེད་པས་ཟིལ་གྱིས་གནོན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱང་ཟིལ་གྱིས་ནོན་པར་འགྱུར་ཏེ། དེར་ཡང་མ་ཟད་ཀྱི་ཉན་ཐོས་ཀྱི་འབྲས་བུ་བཞི་ཐོབ་པ་དང༌། ཐབས་དང་ཤེས་རབ་ཀྱི་ལྡན་པ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱོད་པ་རྣམས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ལྷ་དང་མི་དང་ལྷ་མ་ཡིན་གྱི་འཇིག་རྟེན་གྱིས་དེ་ལ་ཟིལ་གྱིས་གནོན་པར་ཡང་མི་ནུས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཇི་སྐད་བཤད་པ་དང༌། མཐུན་པར་སྤྱོད་པ་དང༌། རྣམ་པ་


DTG092_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ཉིད་ཀྱི་རིགས་རྒྱུན་མི་གཅོད་པ་དང༌། དེ་བཞིན་གཤེགས་པ་རིང་དུ་མི་བྱེད་པ་དང༌། སྙིང་པོ་བྱང་ཆུབ་ལས་འཕང་བར་མི་འགྱུར་བ་དང༌། སེམས་ཅན་ངན་སོང་གསུམ་དུ་བྱིང་བ་རྣམས་འདོན་ནུས་པར་འགྱུར་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསླབ་པ་ལ་མི་སློབ་པའི་ཡོན་ཏན་བསྔགས་པ་བསྟན་པའོ། །དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་དག་ཀྱང་འགྲོ་བར་བྱ་བར་སེམས་ཏེ་ཞེས་བྱ་བ་ནས་འདི་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། འདི་ཉིད་ནན་ཏན་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་ནན་ཏན་དུ་བྱེད་པའི་ཚེ། འདི་ཉིད་ལ་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱིས་རིམ་གྲོར་བྱ་བ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་རྟག་ཏུ་དགོངས་པ་དང༌། ལུས་དང་སེམས་ལ་གནོད་པ་དང༌། སྡུག་བསྔལ་དང་ནད་ཐམས་ཅད་མི་འབྱུང་བའི་ཕན་ཡོན་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་དགའ་བོ་འདི་སྙམ་དུ་གྱུར་ཏེ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་ལེགས་པ་བརྗོད་པ་ནི་སངས་རྒྱས་ཀྱི་མཐུར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བརྒྱ་བྱིན་གྱིས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་རྣམ་གྲངས་བསྟན་པ་དང༌། དེ་ལ་སྤྱོད་པའི་ཕན་ཡོན་བསྟན་པ་ཡང༌། བརྒྱ་བྱིན་གྱིས་ཆོས་བཤད་ན་འདུལ་བའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་བརྒྱ་བྱིན་དེ་སྐད་སྨྲ་བ་འཁོར་རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་བདེན་ནོ་ཞེས་བཀའ་སྩལ་པའོ། །དགའ་བོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་ཞེས་བྱ་བ་ནས་སྤུ་གཡོ་བར་འགྱུར་བ་དང༌། སྐར་མ་ལྟུང་བ་གཏོང་ཞིང་འཇིགས་པ་སྐྱེད་དོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་བདུད་ཐམས་ཅད་


DTG092_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གླགས་ལྟ་བར་འགྱུར་གྱིས་བག་ཡོད་པར་བྱོས་ཤིག་ཅེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་འདི་གཉིས་ཀྱིས་གང་བརྩམས་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན། རིགས་ཀྱི་བུ་འདི་གཉིས་ཀྱིས་ནི་སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་ལམ་བརྩམས་སོ་ཞེས་བྱ་བ་ནས་དགའ་ཞིང་སྤྲོ་བ་དང་ཚིམ་ཞིང་ཡིད་བདེ་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་སྐྱོན་རྣམས་བསྟན་པ་སྟེ། སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དད་ཅིང་མོས་པར་མ་བྱས་པ་དང༌། ཐེ་ཚོམ་ཟ་བ་དང་དགེ་བའི་བཤེས་གཉེན་དང་མི་ལྡན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་ཅིང་དེའི་ལེགས་པ་བརྗོད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཤིན་ཏུ་ཟབ་པས། ཁྱོད་ཀྱིས་སྤྱད་མི་ནུས་སོ་ཞེས་གཞན་གྱི་དད་པ་བཟློག་པ་དང༌། བདག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་བསྙེམས་ཤིང༌། གཞན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་མ་ཡིན་ནོ་ཞེས་བརྙས་པར་བྱེད་པ་དང༌། བདག་ཉིད་མཆོག་ཏུ་སེམས་ཤིང༌། རློམ་སེམས་བསྐྱེད་པ་དང༌། བདག་གི་མིང་དང་རུས་ཀུན་གྱིས་བརྗོད་པའི་གྲགས་པ་བསྙེམས་ནས། གཞན་ཁྱད་དུ་གསོད་དེ། བདག་སྟོད་ཅིང་གཞན་ལ་སྨོད་པ་དང༌། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ། གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དང་རྩོད་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་ལ་སྤྱོད་པ་ནང་འཐབ་པར་འགྱུར་ན། བདུད་ཀྱིས་གླགས་རྙེད་པར་འགྱུར་རོ་ཞེས་བསྟན་པའོ། །དགའ་བོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་མ་བསྟན་པ་ཞེས་བྱ་བ་ནས་ཇི་སྲིད་ཀྱི་བསྐལ་པར་གོ་ཆ་བགོ་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཕལ་པས་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ལ་བསྔོས་ཤིང༌། གནོད་པར་བསམས་ལ་བྱང་ཆུབ་སེམས་དཔའ་ཕལ་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་གཏོང་ཞིང་ཐོབ་པར་འདོད་ན་གནོད་སེམས་དང་སྡིག་པའི་སེམས་ཇི་སྙེད་བསྐྱེད་པ་དེ་སྙེད་ཀྱི་བསྐལ་པར་དགའ་བ་སྤྱོད་ཅིང་འབད་དགོས་སོ་ཞེས་བསྟན་པའོ། །དགའ་བོས་གསོལ་པ་བཅོམ་ལྡན་འདས་དེ་དག་གི་སེམས་


DTG092_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དེ་དག་ལ་འབྱུང་བ་གཞན་མཆིས་སམ། འོ་ན་དེ་མ་ལགས་ཀྱི་བསྐལ་པ་དེ་སྙེད་ཁོ་ནར་གོ་ཆ་བགོ་འཚལ་ཞེས་བྱ་བ་ནི་དེ་ལྟ་བུའི་ངན་སེམས་སྐྱེས་པ་བཤགས་ཤིང་སྦྱངས་ན་འབྱུང་བར་འགྱུར་རམ་མི་འགྱུར་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་ཞེས་བྱ་བ་ནས་དེ་ལ་བདུད་སྡིག་ཏོ་ཅན་གླགས་ལྟ་ཞིང༌། གླགས་ཚོལ་བས་ཀྱང་གླགས་མི་རྙེད་དོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་འཐབས་ཤིང་རྩོད་པ་ལ་སོགས་པར་འགྱུར་ན་ཞེ་ལ་མི་འཆང་ཞིང་འཁོན་དུ་མི་འཛིན་པར་བྱ་སྟེ། མཐོལ་ཞིང་བཤགས་ལ་ཕྱིན་ཆད་ཀྱང་དེ་ལྟར་མི་བྱ་བར་ཡིད་དམ་བཅས་ཏེ། ཆོད་པར་བྱས་ན་འབྱང་བར་འགྱུར་གྱི་དེ་ལྟར་མ་བྱས་ན་འབྱང་བར་མི་འགྱུར་ཏེ། ཡུན་རིང་པོར་འཁོར་བ་ན་འཁོར་ཞིང་བསྐལ་པ་མང་པོར་བརྩལ་ཞིང་འབད་དགོས་སོ་ཞེས་བསྟན་པའོ། །དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དག་དང་འགྲོགས་པར་མི་བྱའོ་ཞེས་བྱ་བ་ནས་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱ་བ་དག་གོ་སྙམ་དུ་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཉན་ཐོས་ཀྱི་ཐེག་པ་པ་དང་གནས་པར་མི་བྱ་བ་དང༌། ངན་སེམས་མི་བྱ་བ་བསྟན་པའོ། །དགའ་བོས་གསོལ་པ་བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་གནས་པར་བགྱི་ཞེས་བྱ་བ་ནས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསླབ་པ་མཉམ་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་མཐུན་པར་གནས་པར་བྱ་བ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཉམ་པ་ཉིད་གང་ལ་བསླབ་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་གང་ལགས་ཞེས་བྱ་བ་ནི་གོང་དུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསླབ་པ་མཉམ་པ་ཡིན་ནོ་ཞེས་བསྟན་པ་ཅི་ལྟར་བསླབ་པ་མཉམ་པ་ཡིན་པའི་གཏན་ཚིགས་ཞུས་པའོ། །


DTG092_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ་ཞེས་བྱ་བ་ནས་རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་ཏེ། སྟོང་པ་ཉིད་དུ་སློབ་པར་མཚུངས་པའི་ཕྱིར་བསླབ་པ་མཉམ་པ་ཡིན་ནོ་ཞེས་བཀའ་སྩལ་པའོ། །གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་སྟོང་པ་བཅོ་བརྒྱད་ལ་སློབ་པར་མཉམ་ན་ཆོས་གང་དང་གང་སྟོང་པར་བསླབས་ན། བསླབ་པ་མཚུངས་ཤིང་མཉམ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དམིགས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་ཟད་པར་བྱ་བ་དང་འདོད་ཆགས་དང་བྲལ་བར་བྱ་བ་དང༌། འགག་པར་བྱ་བ་དང༌། མི་སྐྱེ་བར་བྱ་བའི་ཕྱིར་བསླབ་པ་མི་སྲིད་ན་ཅི་དེ་ལྟར་སློབ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་མཚུངས་པ་ཡིན་ནམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། གནས་བརྟན་རབ་འབྱོར་གྱིས་གང་འདི་སྐད་དུ་གཟུགས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་


DTG092_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པ་ཡིན་ནམ་ཞེས་སྨྲས་པ་དེ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱིས་ཞུས་པའི་ཚིག་དེ་དག་ཐམས་ཅད་རེ་རེ་ནས་སྨོས་ན་དེ་ལྟར་སློབ་པ་མ་ཡིན་ནོ་ཞེས་བཀའ་སྩལ་པ་སྟེ། ཟད་པ་དང་འདོད་ཆགས་དང་བྲལ་བ་དང་མི་སྐྱེ་བ་ཞེས་བྱ་བ་ནི་དངོས་པོ་མེད་པའི་རྣམས་གྲངས་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང༌། དངོས་པོ་མེད་པས་ཟད་པ་དང་འདོད་ཆགས་དང་བྲལ་བ་དང༌། འགག་པ་དང་མི་སྐྱེ་བར་བྱ་བའི་ཕྱིར་བསླབ་ཏུ་མེད་པར་རྟོགས་པ་ཉིད་མཉམ་པ་ཉིད་ལ་སློབ་པར་མཚུངས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་སྤོང་བའམ། སྐྱེ་བའམ་འགག་པར་འགྱུར་རམ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ་ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དེ་བཞིན་ཉིད་ཙམ་དུ་ཟད་པ་ལ། ཟད་པ་དང་སྤང་བ་དང༌། སྐྱེ་བ་དང་འགག་པར་འགྱུར་བ་ཡོད་དམ་ཞེས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་སྩལ་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། ཟད་པའམ་སྤང་བའམ། སྐྱེ་བའམ་འགག་པར་འགྱུར་བ་གང་ཡང་མ་མཆིས་སོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ལ་སློབ་སྟེ་ཞེས་བྱ་བ་ནས་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བའི་དྲི་མ་ཡོངས་སུ་དག་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟོབས་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། ཟད་པ་དང་སྤང་བ་དང་སྐྱེ་བ་དང༌། འགག་པ་མེད་པར་སློབ་པའི་ཡོན་ཏན་བསྟན་པ་སྟེ། དེ་ལྟར་སློབ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་


DTG092_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་སློབ་པ་ལ་སོགས་པའི་ཕན་ཡོན་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་གིས་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་ལགས་ཞེས་བྱ་བའི་བར་གྱིས་ནི་གོང་དུ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ་ཞེས་བསྟན་པ་ལ་འཁོར་གྱི་ནང་ནས་ཁ་ཅིག་ཡོངས་སུ་དག་པ་འཐོབ་པར་བྱ་བའི་དངོས་པོ་འགའ་ཞིག་ཡོད་དམ་སྙམ་དུ་སེམས་དཔའི་ཐེ་ཚོམ་བསལ་བའི་ཕྱིར། རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ནས་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་བ་ཡིན་ཏེ་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་བ་ཡིན་ཞེས་བྱ་བའི་བར་གྱིས་ཀྱང༌། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཕན་ཡོན་བསྟན་པའོ། །གལ་ཏེ་དེ་ཡང་འདི་སྙམ་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས་རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དངོས་པོར་མི་ལྟ་ཞིང༌། མི་དམིགས་པར་བྱ་བའི་ཐབས་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་བདུན་པའོ།། །།


previousཞེ་བདུན་པ། སྤྱོད་པའི་ལེའུ།next