Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གོ་ལྔ་པ།


   
   
   
   
   
   
   
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ།  མཁན་པོ་དྲི་མེད་བཤེས་གཉེན།
   
   
   
   
   


 
previousའཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ། མཁན་པོ་དྲི་མེད་བཤེས་གཉེན།next

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ།
མཁན་པོ་དྲི་མེད་བཤེས་གཉེན།


DTG095_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་པྲཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་བྱང་ཆུབ་སེམས་དཔར་བཅས། །འགྲོ་བའི་གཉེན་གཅིག་ཀུན་ལ་ཕྱག་འཚལ་ནས། །འབུམ་ལ་སོགས་པའི་དོན་གྱི་གཙོ་བོ་མཆོག །རྒྱལ་བའི་ཡུམ་གྱི་སྙིང་པོ་བཤད་པར་བྱ། །གླེང་སློང་བ་དང་སྐབས་དང་ནི། །བསྟན་པར་གཏོགས་པ་འདུས་པ་དང༌། །གླེང་གཞི་དྲིས་དང་ལན་བཏབ་པ། །དེ་ནི་རྣམ་པ་བཅུ་གཅིག་དང༌། །མཐུན་འགྱུར་རྗེས་སུ་ཡི་རང་དང༌། །རྣམ་པ་བརྒྱད་དུ་བསྡུས་པ་ཡིན། །དེ་ལ་འཁོར་གྱིས་བསྐུལ་པ་དང༌། ཡང་དག་པར་སྡུད་པར་བྱེད་པས་བསྟན་པར་བྱ་བའི་དངོས་པོ་མདོར་བསྡུས་ནས། འདི་སྐད་ཅེས་འབྱུང་བ་ལ་སོགས་པ་དང་པོའི་ཚིག་གསུམ་གྱིས་གླེང་སློང་བར་བྱེད་དོ། །གང་བདག་གིས་ཐོས་པ་དེ་ནི་འདི་སྐད་ཡིན་ཏེ་གཞན་དུ་མ་ཡིན་ནོ། །འདིས་ནི་ཕྲི་བ་དང་བསྐྱེད་པ་སྤང་བའི་ཕྱིར་ཐོས་པ་ཡང་དག་པ་ཉིད་དུ་དམ་འཆའོ། །དེས་ནི་ལན་ཅིག་ཐོས་ནས་ལེན་ཅིང་འཛིན་པ་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པར་བརྗོད་དོ། །དེས་ན་ཡང་དག་པར་སྡུད་པར་བྱེད་པ་ནི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ཡོངས་སུ་སྨིན་པ་དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པར་གྱུར་པ། སངས་རྒྱས་ལ་བསྙེན་བཀུར་བྱས་ཤིང་ཡང་དག་པར་ཞུས་པ་དང༌། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྤྱད་པ་ཡིན་པར་ཤེས་པར་བྱའོ། །གཞན་དུ་ན་རྣམ་པ་འདི་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་གཙོ་བོ་ཉན་པ་ལ་སོགས་པ་མི་སྲིད་དོ། །དེ་སྐད་དུ་མགོན་པོ་བྱམས་པས། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྱེད། །དགེ་བཤེས་མགོན་དང་བཅས་རྣམས་ནི། །འདི་ཉན་པ་ཡི་སྣོད་དུ་འགྱུར། །སངས་རྒྱས་བསྙེན་བཀུར་མང་དག་ཞུས། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱད་པས། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་ཉིད་དུ་ནི་མཁས་པས་ཤེས། །ཞེས་གསུངས་སོ། །དེ་དག་ཀྱང་གདུལ་བྱ་རྣམས་ཀྱི་དང་བ་དང༌། མི་གཡེང་བ་དང༌། གུས་པ་ལ་སོགས་པ་བསྐྱེད་པའི་ཕྱིར་རོ། །བདག་གི་ཞེས་འབྱུང་


DTG095_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམ་པར་དབྱེ་བ་གསུམ་པས་ནི་ཡི་གེའི་སྒྲ་ཇི་ལྟ་བ་བཞིན་ཐོས་པ་ཉིད་སྟོན་ཏེ། དེ་ན་ཐོས་པ་ལས་བྱུང་བའི་ཤེས་པ་ཡིན་པས་རང་གི་རྟོགས་པའི་བདག་ཉིད་ཡོངས་སུ་སྤོང་ངོ༌། །དེ་ལྟ་མ་ཡིན་ན་ནི་བདག་གིས་ཐོས་པ་ཞེས་བྱ་བ་རྣམ་པར་དབྱེ་བ་དྲུག་པར་འགྱུར་ཏེ། ཤེས་པའི་དོན་ཡིན་པའི་ཕྱིར་རོ། །ད་ནི་ཐོས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། དུས་གཅིག་ན་ཞེས་འབྱུང་བ་ལ་སོགས་པ་སྐབས་རྩོམ་པར་བྱེད་དེ། དུས་ནི་སྟོན་ལ་སོགས་པའི་དུས་སོ། །གཅིག་ན་ཞེས་འབྱུང་བ་འདིས་ནི་དུས་ཞེས་འབྱུང་བ་འདི་བྱེ་བྲག་ཏུ་བྱེད་དོ། །དེ་ཡང་བཞུགས་ཏེ་ཞེས་འབྱུང་བ་དེ་ཉིད་དང་སྦྱར་རོ། །བདུད་བཞི་བཅོམ་པར་གྱུར་པའི་ཕྱིར་བཅོམ་ལྡན་འདས་ཏེ། ཡོན་ཏན་དང་ཕྲིན་ལས་མཐའ་ཡས་ཤིང་མཆོག་ཏུ་གྱུར་པ་འགྲོ་བའི་བླ་མ་མཛད་པ་དང༌། ཡོན་ཏན་གྱི་སྒོ་ནས་མཚན་མཐའ་ཡས་པ་ཞིག་མངར་ཟིན་ཀྱང༌། འོན་ཀྱང་འཁོར་ཐེག་པ་གསུམ་པ་བདག་དང་གཞན་གྱི་དོན་ལ་ཞུགས་པ་རྣམས་ཀྱིས་ཅིག་ཅར་སྐྱབས་སུ་འོས་པ་ཉིད་དུ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྒྲ་འཇུག་པའི་རྒྱུ་མཚན་དུ་འཇིགས་པའི་རྒྱུ་ཚར་གཅོད་པར་བྱེད་པ་ཉིད་དུ་སྟོན་ཏོ། །དེ་བས་ན་བཤད་པའི་སྐབས་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་ཚིག་ཏུ་བརྗོད་དོ། །རྒྱལ་པོའི་ཁབ་ཅེས་འབྱུང་བ་ནི་ཡུལ་མ་ག་དྷཱའི་གྲོང་ཁྱེར་གྱི་བྱེ་བྲག་གོ །དེའི་ཕྱོགས་གཅིག་ན་བྱ་རྒོད་ཕུང་པོ་ཞེས་བྱ་བའི་རི་རྟག་ཏུ་སངས་རྒྱས་ཀྱི་བཞུགས་གནས་ཡོད་དེ་དེ་ན་བཞུགས་སོ། །བྱ་རྒོད་ཕུང་པོའི་རི་ནི་བཅོམ་ལྡན་འདས་བཞུགས་པས་མཆོད་རྟེན་ཉིད་དུ་གྱུར་པ་དང་མེ་ལ་སོགས་པའི་འཇིག་པ་རྣམས་ཀྱིས་ཀྱང་གཞིག་ཏུ་མེད་པ་ཉིད་དུ་ཤེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་དེ་སྐད་དུ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་འཕགས་པ་ཟླ་བ་སྒྲོན་མ་ལ་སོགས་པ་ལས་ཀྱང༌། རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་འདི་ཉིད་དུ། །སངས་རྒྱས་བྱེ་བ་སྟོང་རྣམས་མཐོང་གྱུར་ཅིང༌། །རྒྱལ་བ་ཀུན་གྱི་དྲུང་དུ་འདི་ཡིས་ནི། །ཏིང་འཛིན་ཞི་བ་མཆོག་འདི་ཞུ་བ་བྱས། །ཞེས་འབྱུང་བ་ལ་སོགས་པ་དང་མཐུན་པ་ཡིན་ཏེ། རྟོག་པ་དང་དཔྱོད་པ་ལ་སོགས་པའི་སྐྱོན་ཐམས་ཅད་ལས་རྣམ་པར་གྲོལ་བའི་དེ་བཞིན་གཤེགས་པ་སྤྱོད་ལམ་བཞི་གང་ཡང་རུང་བས་བཞུགས་པའི་ཕྱོགས། དེ་བཞིན་གཤེགས་པའི་དབང་གིས་བྱུང་བ་འཇིག་པ་


DTG095_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་འཇིག་པར་ཇི་ལྟར་འགྱུར། ལྷ་དང་འཕགས་པ་དང་ཚངས་པའི་བཞུགས་པ་དམ་པ་བསམ་གཏན་བཞི་པ་དང༌། སྟོང་པ་ཉིད་དང༌། སྙིང་རྗེ་ཆེན་པོའི་མཚན་ཉིད་གཙོ་བོ་ཡིན་པའི་ཕྱིར་བཞུགས་པ་གསུམ་པོ་དེ་དག་གིས་བཞུགས་པར་གྱུར་ཏེ། དེའི་སྒྲ་ནི་བཞུགས་ཟིན་པའི་དོན་ཏོ། །དེ་ན་བཅོམ་ལྡན་འདས་བཞུགས་པ་ནི་ཆོས་ཡང་དག་པར་སྡུད་པའི་དུས་ན་འདས་པ་ཡིན་ནོ། །དུས་གཅིག་ན་ཞེས་འབྱུང་བའི་བྱེ་བྲག་གིས་ནི་ཐུགས་རྗེ་ཆེན་པོ་ལ་གཞོལ་བ་འགྲོ་བའི་བླ་མ་དུས་གཞན་ན་ནི་ཡུལ་གཞན་ན་བཞུགས་པར་སྟོན་ཏོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་རྗེས་སུ་སློབ་པ་གཞན་རྣམས་ཀྱིས་ཀྱང་དམ་པ་གསུམ་གྱིས་གནས་པར་བྱའི། བྱེད་པ་གང་ཡང་རུང་བ་དག་གིས་ནི་མ་ཡིན་ནོ། །དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་འབྱུང་བ་ལ་སོགས་པ་ནི་ཉན་པར་གཏོགས་པ་འདུས་པར་སྟོན་ཏེ། །དེ་ལ་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ངོ༌། །དེ་དག་མང་པོ་ཚོགས་པས་དབྱེར་མེད་པའི་ཕྱིར་དགེ་འདུན་ནོ། །ཆེན་པོ་ཞེས་འབྱུང་བ་ནི་ཕལ་ཆེ་བ་ཉིད་ཀྱིས་སམ། ཤེས་རབ་དང་རྫུ་འཕྲུལ་ལ་སོགས་པས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་ཆེན་པོ་དང་ཡང་སྟེ། འདི་ལ་ཡང་ཆེ་བ་ཉིད་གསུམ་གྱིས་སྟོན་ཏོ། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སེམས་ཆེ་བ་ཉིད་དང༌། སྤོང་བ་ཆེ་བ་ཉིད་དང༌། རྟོགས་པ་ཆེ་བ་ཉིད་ཀྱིས་སོ། །དེ་དག་དང་ཐབས་ཅིག་སྟེ། ལྷན་ཅིག་ཏུ་ཞེས་བྱ་བའི་ཐ་ཚིག་གོ །བཞུགས་པའི་བྱ་བ་ལ་ལྷན་ཅིག་པ་ཉིད་ཡིན་པའི་ཕྱིར་ལྷན་ཅིག་གི་དན་གྱི་མཚན་ཉིད་ཀྱིས་རྣམ་པར་དབྱེ་བ་གསུམ་པ་ཡིན་ནོ། །གཏོགས་པ་འདུས་པ་ཞེས་བྱ་བ་འདི་ལ་གཏོགས་པ་སུ་ཡིན་ཞེ་ན། རྣམ་པ་དེ་ལྟ་བུའི་ཆོས་ཉན་པ་ལ་སོགས་པར་སྣང་བ་འགྲུབ་པར་འགྱུར་བའི་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཡོངས་སུ་སྨིན་པ་ནི་གཏོགས་པ་ཡིན་ཏེ། ཆོས་ཉན་པ་ལ་སོགས་པ་ལ་སྐལ་པ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ །རང་མཚན་མར་གྲུབ་པར་བྱ་བའི་ཕྱིར་ཡུལ་དང་དུས་དང༌། །འཁོར་དབང་དུ་བྱེད་ཅིང་དབང་དང་བཅས་པར་སྨྲས་ན། སྨྲ་བ་པོ་ཚད་མ་ཡིན་པར་ཁོང་དུ་ཆུད་པར་འགྱུར་རོ་ཞེས་ཆེ་བ་གང་དག་སྨྲ་བ་དེ་ནི་བདག་གིས་ཁོང་དུ་མ་ཆུད་དེ། འདི་ལྟར་ཡུལ་དེ་དག་ཏུ་སོང་ཞིང་དཔང་རྣམས་ལ་འདྲི་ན་ནི་དེ་


DTG095_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་མེད་པ་རྣམས་ཀྱིས་མདོའི་དོན་གཏན་ལ་དབབ་པ་ཐག་རིང་བར་འགྱུར་རོ། །ཡང་ཇི་ལྟར་མདོ་སྡེ་འདི་བཞིན་དུ་གང་དུ་འཁོར་གྱི་མིང་མ་བསྟན་པ་དེ་ཇི་ལྟར་དབང་ཞེས་བརྗོད་པར་བྱ། འོག་མ་ཡིན་པའི་ཕྱིར་དགེ་སློང་གི་འཁོར་སྔར་བསྟན་ལ། གོང་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་འཁོར་ཕྱིས་བསྟན་ཏོ། །ཇི་ལྟར་གང་ཡང་ཕྱོགས་བཅུའི་འགྲོ་བ་རྣམས་དང༌། སློབ་པ་དང༌། མི་སློབ་པ་དང༌། རང་རྒྱལ་བ་རྣམས་ཀྱི་བསོད་ནམས་ལ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། ཁ་ཅིག་ཏུ་ནི་འོག་མ་ནས་གོ་རིམས་བཞིན་དུ་བཀོད་དོ། །ཁ་ཅིག་ཏུ་ནི་གོང་མ་ནས་གོ་རིམས་བཞིན་དུ་བཀོད་དེ། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལྟ་བུའོ། །གཞན་དག་ནི་འཁོར་རྟག་པ་ཡིན་པའི་ཕྱིར་དགེ་སློང་གི་འཁོར་སྔར་སྨོས་སོ། །རྟག་པ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་འཁོར་ཕྱིས་སྨོས་སོ་ཞེས་པའོ། །རྟག་པ་ནི་སྔར་བརྗོད་པར་བྱ་བ་ཡིན་ལ་དེ་ལས་གཞན་ནི་ཕྱིས་ཡིན་ནོ་ཞེས་བྱ་བ་དེ་ནི་རིགས་པ་ཡོད་པ་མ་ཡིན་ནོ། །གླེང་གཞི་གང་གིས་བསྟན་པ་འདི་འཇུག་པའི་གླེང་གཞི་དེ་བཤད་པའི་ཕྱིར། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བསྟན་པ་དེའི་ཚེ། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མཛད་པའི་དུས་དེ་ཡིན་པའི་ཕྱིར་དེའི་ཚེ་ཞེས་བྱ་སྟེ། བཅོམ་ལྡན་འདས་ནི་དུས་མཁྱེན་པའི་ཕྱིར་རོ། །ཆོས་ནི་ཕུང་པོ་ལ་སོགས་པ་ཡིན་ཏེ་རང་གི་མཚན་ཉིད་འཛིན་པ་ཉིད་དུ་འདོད་དོ། །ཡོངས་སུ་ཀུན་དུ་ཐམས་ཅད་དུ་འདི་ལ་འང་འདིས་ཁོང་དུ་ཆུད་རྟོགས་རིག་པས་ན་ཆོས་ཀྱི་རྣམ་གྲངས་ཞེས་བྱའོ། །ཟབ་མོ་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། གང་དུའང་གང་གིས་སྣང་བ་གོ་རིམས་བཞིན་དུ་རང་དང་གཞན་གྱི་རྒྱུད་ལ་ལྟོས་པ་དེ་ནི་ཟབ་མོ་སྣང་བ་ཡིན་ནོ། །དེ་སྐད་དུ། ཟབ་མོ་སྟོང་པ་ཉིད་ལ་སོགས། །སྒྲོ་འདོགས་པ་དང་སྐུར་འདེབས་མཐའ། །བྲལ་བ་དེ་ནི་ཟབ་མོ་ཉིད། །ཅེས་བསྟན་ཏེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བ་ཡང་ཡོད་པ་དང་མེད་པའི་མཐའ་ལས་འདས་པ་ཡིན་ནོ། །དེ་བས་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་


DTG095_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་མེད་པའི། །རྐྱེན་གྱི་དོན་ལས་རྣམ་པར་བསྒོམ། །ཞེས་བསྟན་ཏོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་དོ། །ཡང་དག་པར་འཇོག་པའི་ཕྱིར་དེའི་བདག་ཉིད་དུ་བཞུགས་པ་ནི་སྙོམས་པར་ཞུགས་པའོ། །འདི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་ཐམས་ཅད་ནི་གཞན་གྱི་དོན་གཙོ་བོ་ཡིན་ནོ། །དེས་ན་བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་པ་ནི་འཁོར་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཏིང་ངེ་འཛིན་གྱི་དོན་བསྟན་པ་དང་མཐུན་པ་ཇི་ལྟར་རང་རང་གི་རྒྱུད་ཡོངས་སུ་སྨིན་པར་རུང་བ་སྐྱེས་པ་ཡིན་ཏེ། དེ་ནི་དེ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱི་ཉོན་མོངས་པ་མེད་པར་མཁྱེན་པ་ཡང་འདིར་ཁུངས་སུ་གཞག་སྟེ། ཉན་ཐོས་རྣམས་ཀྱི་ཉོན་མོངས་པ་མེད་པ་ནི་བདག་མཐོང་ན་མི་རྣམས་ཀྱི་ཉོན་མོངས་པ་ཡོངས་སུ་སྤོང་ངོ༌། །རྒྱལ་བ་རྣམས་ཀྱི་ཉོན་མོངས་པ་མེད་པ་ནི་གྲོང་ལ་སོགས་པར་དེ་དག་གི་ཉོན་མོངས་པ་རྒྱུན་གཅོད་དོ། །དོན་འདི་ཉིད་འོག་ནས་བསྟན་པའི་ཕྱིར། ཡང་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཚེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེའི་ཚེའོ། །ཡང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏེ། དེས་ན་དེ་ཁོ་ན་ཉིད་ནི་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡང་ཞེས་བྱ་བ་ནི་བསྡུ་བའི་ཕྱིར་ཏེ། སྙོམས་པར་འཇུག་པའི་བྱ་བ་བསྟན་པ་དང༌། འོག་ནས་འབྱུང་བའི་རྣམ་པར་ལྟ་བའི་བྱ་བ་སྡུད་པར་བྱེད་དོ། །བཤད་པ་འདི་ལ་ནི་འཁོར་གྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་དུས་ཁོ་ན་ཡོངས་སུ་གཟུང་བར་བྱ་སྟེ། དེ་ལྟ་ན་ནི་བསྡུ་བ་འཐད་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འདིའི་སེམས་དཔའ་ནི་བྱང་ཆུབ་ཀྱི་ཆེད་དུ་འམ། བྱང་ཆུབ་སེམས་ཉིད་ཡིན་པས་བྱང་ཆུབ་སེམས་དཔའོ། །སངས་རྒྱས་ཉིད་དུ་ཞུགས་པ་ཡིན་པའི་ཕྱིར་དབང་བསྐུར་བ་ཐོབས་པ་རྣམས་ལ་ངེས་པའི་ཚིག་ཕྱི་མ་ཉིད་དུ་རིགས་ན། བྱང་ཆུབ་འདི་ཡང་གང་ཞེ་ན། བྱང་ཆུབ་འདི་ནམ་མཁའི་མཚན་ཉིད་ཡིན་ཏེ་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་སྐད་དུ། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཀྱང༌། བྱང་ཆུབ་ནམ་མཁའི་མཚན་ཉིད་པ། །རྟོག་པ་ཐམས་ཅད་སྤངས་པ་ཡིན། ཞེས་གསུངས་སོ། །གང་ཞིག་དེ་རྟོགས་པར་འདོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་ལ་དེ་སྐད་ཅེས་བྱའོ། །


DTG095_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སེམས་ཆེ་བ་ཉིད་ལ་སོགས་པ་གསུམ་བསྟན་པ་དང༌། ས་ཆེན་པོར་ཞུགས་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བ་ཉིད་ཀྱིས་ཀྱང་འདིའི་སེམས་དཔའ་ཆེ་བས་ན་སེམས་དཔའ་ཆེན་པོའོ། །དེ་སྐད་དུ་སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང༌། གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང༌། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང༌། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད། ཅེས་གསུངས་སོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་བསྲིངས་ཏེ་སོང་བས་ན་འཕགས་པའོ། །གང་གིས་སྤྱན་རས་ཀྱིས་གཟིགས་ན་སེམས་ཅན་རྣམས་དབང་ཕྱུག་སྟེ། འཇིགས་པ་དང་སྡུག་བསྔལ་གྱི་རྒྱུ་ལ་མི་རྟེན་པར་དབང་དུ་གྱུར་པའི་དབང་ཕྱུག་དེ་ལ་དེ་སྐད་ཅེས་བྱའོ། །འདི་འཕགས་པ་ཡང་ཡིན་ལ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཡིན་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ །རྣམ་པ་སྣ་ཚོགས་ཤེས་པའམ། །ཤེས་པའི་མཆོག་ཡིན་པས་ཤེས་རབ་བོ། །དམ་པའི་དངོས་པོ་ནི་དམ་པ་ཉིད་དེ་དམ་པ་ཁོ་ན་ཡིན་ནོ། །འཇིག་རྟེན་གང་ལ་མཆོག་གཞན་མེད་པ་ནི་དམ་པ་བཤད་དེ། ཤེས་རབ་ཀྱི་དམ་པ་ཉིད་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་ནོ། །དེ་བས་ན་འདི་སྐད་དུ། རང་གི་ངོ་བོ་སྟོང་པ་ལ་སོགས་པའི་རྣམ་པས་ཤེས་པ་དམ་པར་འགྱུར་ཏེ། ཤིན་དུ་མཆོག་དང་ལྡན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ་ལས། ཀུན་དགའ་བོ་ཤེས་རབ་གང་གིས་དགེ་བའི་རྩ་བ་རྣམས་བསྔོ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྡོས་ན་དེ་དམ་པ་ཡིན་ནམ། ཀུན་དགའ་བོས་གསོལ་བ། བཅོམ་ལྡན་འདས་དམ་པ་ལགས་སོ། །བདེ་བར་གཤེགས་པ་དམ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ན་དམ་པ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལས་གཞན་པ་ལ་ནི་ངེས་པའི་ཚིག་རིགས་པ་མ་ཡིན་ཞིང་སྒྲ་སྦྱར་བ་ཡང་དཀའ་བ་བཅོམ་ལྡན་འདས་ཀྱི་ངེས་པའི་ཚིག་དང་ཡང་འགལ་བར་འགྱུར་རོ། །དོན་


DTG095_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་རྣམ་པར་དག་པའི་མཚན་ཉིད་ཆོས་ཀྱི་སྐུ་ཡིན་ནོ། །དེ་ལས་གཞན་པ་ནི་སེམས་བསྐྱེད་པ་དང༌། གོ་ཆ་དང༌། འཇུག་པ་དང༌། ཚོགས་དང༌། ངེས་པར་འབྱུང་བའི་སྒྲུབ་པའི་མཚན་ཉིད་རྒྱུའི་བདག་ཉིད་དོ། །ཟབ་མོའི་དོན་ནི་སྔར་བཤད་ཟིན་ཏོ། །དེ་ལ་གང་གི་ཚེ་རྒྱུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱ་ན་ནི་ཡུལ་གྱི་བདུན་པ་ཡིན་ནོ། །གང་གི་ཚེ་འབྲས་བུ་ལ་བྱ་ན་ནི་དེའི་ཚེ་རྒྱུ་མཚན་གྱི་བདུན་པ་ཡིན་ནོ། །དེ་ལ་སྤྱད་པ་ནི་རྣམ་པ་མང་སྟེ། སོ་སོའི་སྐྱེ་བོའི་ས་སྦྱོར་བའི་ལམ་ལ་ནི་མོས་པའི་སྤྱད་པའོ། །ས་གཉིས་པ་ལ་སོགས་པའི་དྲུག་ལ་ནི་སྒྲུབ་པའི་སྤྱད་པའོ། །ས་བརྒྱད་པ་ལ་ནི་ངེས་པའི་སྤྱད་པའོ། །དེ་ལ་མོས་པའི་སྤྱད་པ་ནི་རྣམ་པ་གསུམ་སྟེ། རང་གི་དོན་དང༌། རང་དང་གཞན་གྱི་དོན་དང༌། གཞན་གྱི་དོན་ཏེ། རེ་རེ་ལ་ཡང་སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་པ་དགུ་དགུའོ། །དེ་ལྟར་མོས་པ་རྣམ་པ་ཉི་ཤུ་རྩ་བདུན་ནོ། །སྒྲུབ་པའི་སྤྱད་པ་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་རྣམ་པར་དག་པའི་ངོ་བོ་ཡིན་ཏེ། དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པས་ནི་ས་གཉིས་པའོ། །ལྷག་པའི་སེམས་ཀྱི་བསླབ་པ་རྣམ་པར་དག་པས་ནི་ས་གསུམ་པའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་དག་པས་ནི་རྣམ་པ་བརྒྱད་དེ། དེས་ནི་ས་ལྷག་མ་བརྒྱད་བསྡུས་པ་ཡིན་ནོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་དང༌། འཕགས་པའི་བདེན་པ་བཞི་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། རྩོལ་བ་དང་བཅས་ཤིང་མཚན་མ་མེད་པར་གནས་པ་དང་རབ་ཏུ་ལྡན་པའི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་དག་པས་ནི་འོད་འཕྲོ་བ་ཅན་ལ་སོགས་པས་བཞི་སྟེ། དེ་ལྟར་ན་རྣམ་པ་དྲུག་ནི་སྒྲུབ་པའི་སྤྱད་པ་ཡིན་ནོ། །ངེས་པའི་སྤྱད་པ་ནི་ལྷུན་གྱིས་གྲུབ་ཅིང་མཚན་མ་མེད་པའི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་དག་པས་ནི་ས་བརྒྱད་པ་སྟེ། ཇི་ལྟར་འདོད་པར་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་སྤྱོད་པ་ངེས་པས་ན་ངེས་པའི་སྤྱད་པ་ཞེས་བརྗོད་དོ། །འདིར་ནི་བྱེ་བྲག་མ་བཟུང་བའི་ཕྱིར་སྤྱད་པ་ཉིད་ཐམས་ཅད་བཟུང་ངོ༌། །སྤྱད་པ་ནི་སྤྱོད་པ་སྟེ། རྗེས་སུ་སྒྲུབ་པའོ། །ཡང་ན་མོས་པ་ཉིད་སྤྱད་པ་ཡིན་ཏེ། འདི་རྩོམ་པའི་ས་ཡིན་


DTG095_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །འདི་ཉིད་ཀྱིས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཅིག་པོ་བརྩམ་པའི་ཕྱིར་རོ། །ཐོབ་པ་དང༌། ཡོངས་སུ་གྲུབ་པ་དང༌། རྣམ་པར་དག་པ་ནི་དེ་བས་གཞན་པས་ལྷག་མ་རྣམས་ཀྱིས་རྣམ་པར་གཞག་གོ །ཡུལ་དེ་ལ་འང་དེའི་ཆེད་དུ་སྤྱོད་པ་ཉིད་ལ་རྣམ་པར་བལྟ་སྟེ། བཅོམ་ལྡན་འདས་མཛད་པའི་རྗེས་སུ་མཐུན་པ་ཉིད་དུ་ཞུགས་པ་ཡིན་གྱི། ལས་གཞན་བྱེད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འཁོར་གཞན་ཡང་དེ་བཞིན་གཤེགས་པའི་མཛད་པའི་རྗེས་སུ་ཞུགས་པ་ཡིན་མོད་ཀྱི། འོན་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཆད་པ་པོ་ཡིན་པའི་ཕྱིར་དེ་ལྟ་བུ་ཞུགས་སོ་ཞེས་བསྟན་ཏོ། །ཤཱ་རིའི་བུ་ཡང་འདྲི་བ་པོ་ཡིན་པའི་ཕྱིར་རོ། །རྣམ་པར་བལྟ་སྟེ་ཞེས་འབྱུང་བ་ནི་རང་གི་ངོ་བོ་སྟོང་པ་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་ལྟ་བ་སྟེ། སོ་སོར་རྟོག་པའོ། །ཡི་གེ་ཁ་ཅིག་ལས་འདི་ལྟར་ཞེས་འབྱུང་བ་དེའི་ཚེ་ནི་འདི་ལྟར་ཞེས་བྱ་བ་འདིས་རང་གི་དངོས་པོ་སྟོང་པ་དང༌། མཚན་ཉིད་མེད་པ་དང༌། མ་སྐྱེས་པ་ལ་སོགས་པ་འོག་ནས་འབྱུང་བའི་རྣམ་པ་རྣམས་ཀྱི་ལྟ་བ་ཁྱད་པར་ཅན་དུ་བཞེད་དོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་ཀྱི་དོན་བརྗོད་པ་རྣམ་པར་གྱི་སྒྲར་སྦྱོར་རོ། །རྣམ་པར་བལྟ་བར་བྱ་པ་ཇི་སྙེད་ཡོད་པའི་དོན་བསྟན་པའི་ཕྱིར། ཕུང་པོ་ལྔ་པོ་ཞེས་བྱ་བ་གསུངས་སོ། །ཕུང་པོའི་སྒྲས་སྐྱེ་མཆེད་དང་ཁམས་ཀྱང་མཚོན་པ་ཡིན་ཏེ། མཇུག་སྡུད་པ་ན་དེ་དག་ཀྱང་བརྗོད་པའི་ཕྱིར་རོ། །ཡང་ན་ཀྱང་གི་སྒྲས་ཕུང་པོ་ལྔ་དང་སྐྱེ་མཆེད་དང༌། ཁམས་རྣམས་ལ་ཡང་རྣམ་པར་ལྟའོ། །དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་འབྱུང་བ་འདིས་ནི་ཇི་ལྟ་བ་བཞིན་དུ་ཡོད་པར་བསྟན་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་དང༌། བྲལ་བ་དང༌། བདག་མེད་པ་ཞེས་བྱ་བའི་དོན་ཏོ། །འདི་ཡང་མཚན་ཉིད་མེད་པ་དང༌། མ་སྐྱེས་པ་ལ་སོགས་པ་མཚོན་པ་ཡིན་ནོ། །དེ་ནས་ཞེས་འབྱུང་བ་ནི་སྐབས་འདིར་དེ་མ་ཐག་ཏུའོ། །སངས་རྒྱས་ཀྱི་མཛད་པའི་མཐུ་ནི་སངས་རྒྱས་ཀྱི་མཐུས་ཏེ། བཅོམ་ལྡན་འདས་ཀྱིས་མཛད་པའི་བྱིན་གྱི་རླབས་དང་མཐུས་ཞེས་བྱ་བའི་ཐ་ཚིག་སྟེ། དོན་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་བའི་སྤོབས་པ་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྒྲུབས་


DTG095_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་འདི་ཤཱ་རིའི་བུའི་ཡུལ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཉོན་མོངས་པ་སྤངས་པས་བསྔགས་པར་འོས་པའི་སྒོ་ནས་ཚེ་དང་ལྡན་པའི་ཕྱིར་ཚེ་དང་ལྡན་པའོ། །ཤཱ་རིའི་ཞེས་བྱ་བ་ནི་ཤ་ར་དྭད་ཀྱི་རིགས་སུ་སྐྱེས་པའི་བུད་མེད་དོ། །དེའི་བུ་ཡིན་པས་ཤཱ་རིའི་བུའོ། །འདི་སྐད་ཅེས་འབྱུང་བ་ནི་འོག་ནས་སྨོས་པའོ། །སྨྲས་སོ་ཞེས་འབྱུང་བ་ནི་སྨྲས་པར་འགྱུར་བའོ། །བསྔགས་པར་བྱ་བའི་དོན་དུ་རིགས་ཀྱི་བུ་ཞེས་འབྱུང་བ་ཡིན་ཏེ། དབང་བསྐུར་བ་ཐོབ་པ་ཉིད་ཀྱིས་སངས་རྒྱས་རྣམས་ཀྱི་སྲས་ཁྱད་པར་དུ་གྱུར་པའི་ཕྱིར་འདི་ནི་བོང་བ་ཡིན་ནོ། །གང་ལ་ལ་ཞེས་འབྱུང་བ་ནི་བྱེ་བྲག་མ་བསྟན་པའོ། །སྤྱོད་པར་ཞེས་འབྱུང་བ་ནི་སྤྱོད་པར་བྱེད་པ་དང༌། ནན་ཏན་གྱིས་ཡང་དག་པར་སྒྲུབ་པའོ། །འདོད་པ་ནི་འདིའི་འདུན་པ་ཡིན་ཏེ། དེ་ལ་དེ་སྐད་ཅེས་བྱའོ། །ཡི་གེ་ཁ་ཅིག་ལས་སྤྱད་པ་བྱེད་པར་འདོད་པ་དེས་ཞེས་འབྱུང་སྟེ། བྱེད་པ་དང་སྒྲུབ་པར་ཞེས་བྱ་བ་ཁྱད་པར་མེད་པ་ཉིད་ཀྱི་དོན་ཏོ། །བསམ་པ་དང༌། སྦྱོར་བ་དང༌། མངོན་དུ་བྱ་བ་དང༌། སྒྲུབ་པ་དང༌། རྟོགས་པའི་རྣམ་པ་གང་གིས་ཇི་ལྟར་བསླབ་པར་བྱ། གོམས་པར་བྱ། དེ་སྐད་ཅེས་འབྱུང་བ་ནི་རྣམ་པ་སྔ་མ་ལ་བྱའོ། །སྨྲས་པ་དང་ཞེས་འབྱུང་བ་ནི་བརྗོད་བ་དང་ཞེས་བྱའོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས་འབྱུང་བ་ནི་འདི་འཕགས་པ་རྣམས་ཀྱིས་བརྗོད་པར་འོས་པ་ཡིན་ནོ། །འམ་ཞེས་འབྱུང་བའི་སྒྲ་ནི་ཕན་ཚུན་ལྟོས་པ་སྟེ་གཉི་ག་ཡང་ཡིན་པར་ལྟ་བར་བྱའོ། །དེས་ཞེས་འབྱུང་བ་སྤྱད་པ་སྤྱོད་པར་འདོད་པས་སོ། །འདི་ལྟར་ཞེས་འབྱུང་བ་ནི་འོག་ནས་འབྱུང་བའི་ཚུལ་གྱིས་སོ། །རྣམ་པར་བལྟ་བར་བྱ་སྟེ་ཞེས་འབྱུང་བ་ནི་རྣམ་པ་སྣ་ཚོགས་སུ་སོ་སོར་བརྟག་པར་བྱའོ། །འདིས་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལྷག་མཐོང་གིས་དམིགས་པ་བརྗོད་དོ། །སེམས་པའི་བར་མ་ཆད་པ་ཉིད་གཅིག་ཏུ་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞི་གནས་ཀྱི་དམིགས་པ་ཡང་བལྟ་བར་བྱའོ། །ཡང་དག་པར་རྗེས་སུ་བལྟའོ་ཞེས་འབྱུང་བ་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཡང་དག་པར་རམ། མཚན་ཉིད་མེད་པ་ཉིད་ཀྱིས་དབྱེར་མེད་པའི་ཕྱིར་མཉམ་པར་རམ། ཆོས་ཐམས་ཅད་ཀྱི་ཕྱིར་ཀུན་ཏུ་རྣམ་པར་ལྟ་བ་དང་རྗེས་སུ་མཐུན་པར་ལྟ་བ་ནི་ཡང་དག་པར་རྗེས་སུ་ལྟ་བ་སྟེ། དངོས་པོའི་


DTG095_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མཐའི་དམིགས་པ་ཞི་གནས་དང་ལྷག་མཐོང་གིས་མངོན་སུམ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །འདིས་ནི་དངོས་པོའི་མཐའི་དམིགས་པ་མཐོང་བའི་ལམ་གྱིས་བསྡུས་པའི་ས་དང་པོ་བསྟན་ཏོ། །དེ་ནས་གོང་དུ་དངོས་པོའི་མཐའ་དང༌། སྔར་བསྟན་པ་རྣམ་པ་གཉིས་ཏེ། ས་གཉིས་པ་ལ་སོགས་པ་ལ་ནི་དམིགས་པ་གསུམ་པོ་དེ་དག་ཡིན་པར་བལྟ་བར་བྱའོ། །ས་མཐར་ཕྱིན་པ་བཅུ་པ་དང༌། དེ་བཞིན་གཤེགས་པའི་ས་ལ་ནི་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་དགོས་པ་ཡོངས་སུ་གྲུབ་པ་དེ་ཉིད་དམིགས་པ་ཡིན་ནོ། །དེ་སྐད་དུ་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། དེ་སྔར་ཞི་གནས་དང་ལྷག་མཐོང་ཐོབ་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་དམིགས་པ་ཐོབ་པ་ཡིན་ནོ། །ད་ལྟར་ནི་མཐོང་བའི་ལམ་ཐོབ་པའི་ཕྱིར་དངོས་པོའི་མཐའི་དམིགས་པ་ཐོབ་པ་ཡིན་ནོ། །དེས་གོང་ནས་གོང་དུ་བསྒོམ་པའི་ལམ་དང་རབ་ཏུ་ལྡན་པ་དམིགས་པ་གསུམ་པོ་དེ་དག་ཉིད་ཡིད་ལ་བྱེད་ན་མཚན་མ་དང་གནས་ངན་ལེན་ཐམས་ཅད་བཅོམ་པའི་ཕྱིར་མཐར་གྱིས་ས་གོང་ནས་གོང་དུ་གསེར་ལྟ་བུར་སེམས་རྣམ་པར་སྦྱོང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་དགོས་པ་ཡོངས་སུ་གྲུབ་པའི་དམིགས་པ་ཡང་འཐོབ་པོ་ཞེས་གསུངས་ཏེ། རྒྱས་པར་ནི་དེ་ཉིད་ལས་རིག་པར་བྱའོ། །འདིར་ནི་དཔེ་ཉེ་བར་སྦྱར་བ་ཙམ་ཞིག་སྨོས་པ་ཡིན་ནོ། །ཇི་ལྟར་ན་རང་གི་དངོས་པོ་སྟོང་པ་ལ་སོགས་པའི་རྣམ་པའི་སྒོ་ནས་ཕུང་པོ་ལ་སོགས་པ་ལ་རྣམ་པར་ལྟ་བ་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཡང་དག་པ་དང༌། མཚན་ཉིད་མེད་པ་ཉིད་ཀྱིས་མཚན་ཉིད་གཅིག་པའི་ཕྱིར་མཉམ་པ་དང༌། ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མཐོང་བ་ཡིན་ཞེ་ན། གཟུགས་སྟོང་པའོ་ཞེས་བཀའ་སྩལ་ཏེ། སྐབས་ཡིན་པའི་ཕྱིར་རང་གི་ངོ་བོ་ཉིད་ཀྱིས་ཞེས་འབྱུང་བ་དང་སྦྱར་རོ། །འདི་ལྟར་གཟུགས་ལ་སོགས་པར་སྣང་བ་ལ་དངོས་པོ་ཡིན་པ་དང༌། བཏགས་པ་ཡིན་པར་སྨྲ་བ་རྣམས་རྣམ་པ་དེ་གཉིས་སུ་རྟོགས་པར་བྱེད་དོ། །དེ་ལ་གཟུགས་ལ་སོགས་པ་སྣང་བ་དངོས་པོ་ཡིན་པར་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བ་དང༌། དཔྱོད་པ་པ་ལ་སོགས་པའོ། །དོན་སྣང་བ་བཏགས་པ་ཡིན་པར་སྨྲ་བ་ནི་མདོ་སྡེ་པ་སྟེ། དེ་དག་འདི་སྐད་དུ་དོན་ནི་སྔོན་པོ་ལ་སོགས་པ་ཕྱི་རོལ་


DTG095_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡོད་པ་ཉིད་ཡིན་ལ། མྱོང་བ་ནི་རྣམ་པར་ཤེས་པ་འདི་ལ་རྣམ་པ་གང་བསྒོམ་པ་ཡིན་ནོ། །སྔོན་པོ་ལ་སོགས་པ་ལ་རང་གི་ངོ་བོར་རྣམ་པར་རྟོག་པ་མང་པོ་རྡུལ་ཕྲ་རབ་དང༌། དེས་བརྩམས་པ་ཆ་ཤས་ཅན་དང༌། རྣམ་པར་ཤེས་པ་དང༌། གཙོ་བོ་དང༌། སྒྲའི་ཚངས་པ་ལ་སོགས་པ་ཡོངས་སུ་གྱུར་པ་ཐ་དད་པར་རྟོག་པའི་དྲ་བ་ངན་པ་དེ་དག་ཐམས་ཅད་ནི་རང་གི་ངོ་བོ་བཀག་པ་ཉིད་ཀྱིས་བཅོམ་པར་འགྱུར་བས་དེ་ཉིད་བརྗོད་པར་བྱའོ། །གང་དེ་དག་བ་ལང་རྫི་དང་བུད་མེད་ཡན་ཆད་ལ་གྲགས་པ་དངོས་སུ་གསལ་བར་སྣང་བའི་གཟུགས་དེ་ཉིད་དྲི་ཟའི་གྲོང་ཁྱེར་ལྟར་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ཏེ། གཟུགས་སྣང་བ་འདི་ལ་རང་གི་ངོ་བོ་འགའ་ཡང་མེད་དོ། །དེ་བས་ན་རང་གི་ངོ་བོ་སྟོང་པ་ཉིད་འདི་ལ་གཟུགས་སོ་ཞེས་བྱ་སྟེ། འདིས་ནི་བྱེ་བྲག་ཏུ་སྨྲ་བ་དང༌། དཔྱོད་པ་པ་ལ་སོགས་པ་འདོད་པའི་གཟུགས་རང་གི་ངོ་བོ་སྟོང་པ་ཉིད་དུ་བསྟན་པ་ཡིན་ནོ། །མདོ་སྡེ་པ་རྣམས་སྣང་བ་རྣམ་པར་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་སྔོན་པོ་ལ་སོགས་པར་སྣང་བ་ནི་དོན་གྱི་རང་གི་ངོ་བོས་སྟོང་པ་ཡིན་ནོ། །ཕྱི་རོལ་གྱི་དོན་ནི་ཡོད་པ་ཁོ་ན་ཡིན་པས་སྟོང་པ་ཉིད་ལས་གཟུགས་གཞན་ཡིན་ནོ་སྙམ་དུ་སེམས་ན། དེ་དག་ཀྱང་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་འབྱུང་བ་འདིས་འགོག་པར་བྱེད་དོ། །ཡང་འདི་སྐད་དུ་ཕུང་པོ་ལ་སོགས་པའི་རང་གི་ངོ་བོ་མེད་པར་ག་ལས་ཤེས་པར་བྱ་ཞེ་ན། འདིར་སྨྲས་པ། ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རྒྱུ་མེད་པ་ཉིད་དང༌། རྟག་པ་ཉིད་ཀྱི་ས་ཕྱོགས་བསལ་བ་ཡིན་ནོ། །རྒྱུ་ལས་བྱུང་བའི་ཕྱོགས་ལ་ཡང་རྟག་པ་གཉིས་ཏེ། དངོས་པོ་སྐྱེ་བ་ན་རྒྱུ་དང་དུས་མཉམ་པ་ཉིད་དུ་སྐྱེ་འམ། དུས་ཐ་དད་པ་ཡིན། དེ་ལ་ཕྱོགས་དང་པོ་ལྟར་ན་ནི་རྒྱུ་དང་འབྲས་བུ་སྔ་ཕྱིའི་ཕྱོགས་ཐམས་ཅད་དུས་གཅིག་ཏུ་དམིགས་པར་འགྱུར་བའི་ཕྱིར་དང་རྒྱུ་དང་འབྲས་བུ་གཉིས་དབྱེར་མེད་པ་དང༌། བསྐལ་པ་ཡང་ལོ་གཅིག་ཙམ་དུ་འགྱུར་བའི་ཕྱིར་རོ། །ཕྱོགས་གཉིས་པ་ལ་ཡང་རྒྱུ་དང་འབྲས་བུ་གཉིས་དུས་གཅིག་ཏུ་ཚོགས་པ་མེད་པའི་ཕྱིར་ནུས་པ་མེད་དེ། དེ་བས་ན་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །རྒྱུ་མེད་ན་ནི་རྟག་ཏུ་ཡོད་པའམ་མེད་པ་


DTG095_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ཐལ་བར་འགྱུར་ཏེ། ལྟོས་པར་བྱ་བ་གཞན་མེད་པའི་ཕྱིར་རོ། །ལྟོས་ན་ནི་དངོས་པོ་རེས་འགའ་བ་ཉིད་དུ་འགྱུར་རོ། །གསུམ་པའི་ཕྱོགས་ནི་མི་སྲིད་དེ། དུས་གཅིག་པ་དང་དུས་ཐ་དད་པ་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་རོ། །དེ་བས་ན་གཟུགས་ལ་སོགས་པའི་སྣང་བ་གང་ཡིན་པ་དེ་དག་སྨིག་རྒྱུའི་ཆུ་ལ་སོགས་པ་བཞིན་དུ་རང་གི་ངོ་བོ་སྟོང་པ་ཡིན་ནོ། །དེ་དག་ལ་ཡང་དེ་དང་དེ་ལ་བརྟེན་ནས་འབྱུང་བ་ཞེས་རྟོག་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་རྒྱ་ཆེར་རོལ་པ་ལས། ཤཱཀྱའི་སྲས་པོ་རྟེན་ཅིང་འབྲེལ་པའི་ཆོས། །རང་གི་ངོ་བོ་མེད་པར་མཐོང་ནས་ནི། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས། །གཡོན་ཅན་དཔུང་བཅས་མཐོང་བས་གཡོ་བ་མེད། ཅེས་འབྱུང་བ་དང༌། དཀོན་མཆོག་ཏ་ལ་ལ་ལས་ཀྱང༌། རྐྱེན་ལས་སྐྱེས་པ་རང་གི་དངོས་མ་སྐྱེས། །ཆོས་ཀྱི་ལུས་ནི་རྒྱལ་བ་རྣམས་ཀྱི་སྐུ། །ཆོས་ཉིད་རྟག་ཏུ་གནས་པ་ནམ་མཁའ་བཞིན། །བསྟན་ན་ཆོས་རྣམས་སྦྱོང་བ་ཐོབ་པར་འགྱུར། །ཞེས་གསུངས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང༌། ཆོས་ཀྱི་རང་བཞིན་ལས་གཡོ་བ་མེད་དོ། །ཆོས་ཀྱི་རང་བཞིན་ལས་མ་གཡོས་པ་ནི་ཆོས་ཀྱི་རང་བཞིན་ཐོབ་པར་འགྱུར་རོ། །ཆོས་ཀྱི་རང་བཞིན་ཐོབ་པ་ནི་ཅུང་ཟད་ཀྱང་སྤྲོས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་རོ། །གང་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་དེ་ནི་ཤིན་ཏུ་མ་སྐྱེས་པའོ། །གང་ཤིན་ཏུ་མ་སྐྱེས་པ་དེ་ནི་ངེས་པར་ཐོབ་པ་ཡིན་ནོ། །གང་ངེས་པར་ཐོབ་པ་དེ་ནི་ཆོས་ཐམས་ཅད་ཡིད་ལ་བྱེད་པ་དང་ལྷན་ཅིག་གནས་བྱེད་པ་མ་ཡིན་ནོ་ཞེས་འབྱུང་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། རྟེན་ཅིང་འབྲེལ་བར་གང་འབྱུང་བ། །རང་བཞིན་གྱིས་ནི་དེ་མ་སྐྱེས། །རང་བཞིན་གྱིས་ནི་གང་མ་སྐྱེས། །དེ་ལ་སྐྱེ་ཞེས་ཇི་སྐད་བྱ། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང༌། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། །ཞེས་གསུངས་སོ། །རྣམ་གྲངས་གཞན་ཡང་རྣམ་པར་བརྟགས་པའི་གཟུགས་གཞན་གྱི་དབང་གི་མཚན་ཉིད་ནི་ཀུན་ཏུ་བརྟགས་པའི་ངོ་བོ་གཟུང་བ་དང་འཛིན་པའི་


DTG095_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་གཉིས་ཀྱིས་རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་བྲལ་བ་སྟོང་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་ཏེ། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་དེ་གཉིས་ཀ་ཡང་སྟོང་པ་ཉིད་གཟུགས་སོ་ཞེས་འབྱུང་བ་འདི་གཅིག་པ་ཉིད་དུ་སྟོན་ཏོ། །སྟོང་པ་ཉིད་ཡོངས་སུ་གྲུབ་པའི་ངོ་བོ་དང༌། གཟུགས་གཞན་གྱི་དབང་གི་མཚན་ཉིད་གཅིག་པ་ཉིད་དུ་ངེས་པར་གཟུང་བའི་ཕྱིར། སྟོང་པ་ཉིད་གཟུགས་སོ་ཞེས་བྱ་བ་ཉིད་སྨོས་པ་ཡིན་ནོ། །དེ་ལྟར་གཅིག་པ་ཉིད་སྒྲུབ་པའི་སྒོ་ནས་བརྗོད་ནས་དགག་པའི་སྒོ་ནས་ཀྱང༌། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་འབྱུང་བ་ལ་སོགས་པས་ཐ་དད་པ་ཉིད་འགོག་པར་བྱེད་དོ། །དེ་ཡང་མི་འགྱུར་བ་དང་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པ་སྟེ། རྒྱུ་དང་རྐྱེན་འདུས་ནས་ནུས་པར་གྱུར་པས་མ་བྱས་པའི་ཕྱིར་འདུས་མ་བྱས་པ་ཡིན་ནོ། །དེ་ལས་གཞན་པ་གཉིས་ནི་མ་གྲུབ་པའོ། །རྒྱུན་ཆད་པ་མ་ཡིན་པའི་ཕྱིར་རྟག་པ་སྟེ། དེ་ནི་ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ་དོན་དམ་པར་ཡོད་པ་ཡིན་ནོ། །དེ་ཉིད་གཅིག་ཁོ་ན་དོན་དམ་པ་བདེན་པ་སྟེ། འདི་ལྟ་སྟེ། མ་རྨོངས་པའི་ཆོས་ཅན་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ལྟ་མ་ཡིན་ན་རྩོམ་པ་ཐམས་ཅད་དོན་མེད་པར་འགྱུར་རོ་ཞེས་ཟེར་རོ་ཞེས་གྲགས་ཏེ། དེ་ལ་བཤད་པ་ཇི་སྐད་བསྟན་པའི་ཆོས་ཀྱི་སྐུའི་མཚན་ཉིད་འདོད་པ་ལ་ནི་རག་ན་དོན་དམ་པར་ཡོད་ཅེས་བྱ་བ་དེ་ཇི་ལྟ་བུ། འདི་ལྟར་དེ་མུ་སྟེགས་ཅན་གྱིས་ཡོངས་སུ་བརྟགས་པ་བདག་ལ་སོགས་པ་བཞིན་དུ་རྟག་པ་ཡིན་ནམ། སྐད་ཅིག་མ་ཡིན། ཅི་སྟེ་ཕྱོགས་དང་པོ་ཡིན་ན་ནི་མུ་སྟེགས་ཅན་རིག་བྱེད་ཀྱི་མཐའ་སྨྲ་བ་ལ་སོགས་པའི་གྲུབ་པའི་མཐའ་ལས་འདི་བྱེ་བྲག་ཅི་ཡོད། ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ལས་ཀྱང༌། ཆོས་ཀུན་རྟག་ཏུ་རང་གི་ངོ་པོས་སྟོང༌། རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཇིག །སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱི། །ཞེས་པ་ཡང་ཇི་ལྟར་རྟོགས་པར་བྱ། མུ་སྟེགས་ཅན་རྣམས་ལ་ཡང་ཇི་ལྟར་སྐྱོན་གདགས། འོན་ཏེ་ཕྱོགས་གཉིས་པ་ལྟར་ན་དེའི་ཚེ་སྐད་ཅིག་མ་སྔ་མ་ནི་སྐད་ཅིག་མ་ཕྱི་མའི་རྒྱུ་ཡིན་ལ། དེ་ལ་ཡང་དུས་མཉམ་པ་དང༌། དུས་ཐ་དད་པའི་སྐྱོན་སྔར་བསྟན་ཟིན་པས་ཡང་མི་བརྗོད་དོ། །གང་ཡང་གཅིག་ཁོ་ན་དམ་པ་བདེན་པའོ་ཞེས་བྱ་བ་ལ་སོགས་


DTG095_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨྲས་པ་འདི་ཡང་མྱ་ངན་ལས་འདས་པ་མངོན་པར་འདོད་པ་དེ་དག་གཞུག་པ་ལ་ལྡེམ་པོར་དགོངས་པ་ཡིན་ཏེ། འདི་ལྟར་བློ་གྲོས་མི་ཟད་པ་ལས། ཅི་སྟེ་འདུས་བྱས་མེད་ན། གང་འགོག་ན་མྱ་ངན་ལས་འདས་པ་བདེན་པར་འགྱུར་ཞེས་བྱ་བས་དེ་དག་ཐམས་ཅད་བསལ་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་ལ་སོགས་པ་ལས་ཀྱང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཅི་སྟེ་མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་འགའ་ཞིག་ཡོད་ན་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་པ་སྨྲའོ་ཞེས་གསུངས་སོ། །རྩོམ་པ་དོན་ཡོད་པར་འགྱུར་བ་ནི་འོག་ནས་བསྟན་པར་བྱའོ། །ཅི་སྟེ་གཟུང་བ་དང་འཛིན་པ་དང༌། རྣམ་པར་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་དོན་དམ་པར་ཡོད་པར་ཁས་མི་ལེན་ན་ཇི་ལྟར་མེད་པར་མི་འགྱུར་ཞེ་ན། མི་འགྱུར་ཏེ། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་ལེན་པའི་ཕྱིར་དང༌། དོན་དམ་པར་ཡང་ཡོད་པ་དང་མེད་པ་ལས་འདས་པ་ཡང་ཡོད་པའི་ཕྱིར་རོ། །ཡོད་པ་ཉིད་ལས་བཟློག་སྟེ། མེད་པ་ཉིད་དུ་འཛིན་པ་ནི་འདི་ལྟར་མེད་པར་ལྟ་བ་ཆད་པའི་མཐའ་ཡིན་ཏེ། ཕ་མེད་དོ། །མ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་དང༌། བདེན་པ་དང་དཀོན་མཆོག་ལ་སོགས་པ་ལ་སྐུར་པ་འདེབས་པའི་མཚན་ཉིད་རྣམ་པ་དེ་ལྟ་བུའི་སྡིག་པ་ཅན་ཡིན་ན། ཤིན་ཏུ་རྣམ་པར་དག་པ་དབུ་མའི་ལུགས་ལ་ལྟ་སྐབས་ག་ལ་ཡོད། རིན་པོ་ཆེའི་ཕྲེང་བ་ལས་ཀྱང༌། སྨིན་རྒྱུ་ལས་ནི་ཆུའོ་ཞེས། །ཆུ་ཡི་བློ་ཡིས་དེར་སོང་ནས། །ཅི་སྟེ་ཆུ་དེ་མེད་དོ་ཞེས། །འཛིན་པ་དེ་ནི་རྨོངས་པ་ཉིད། །ཅེས་གསུངས་པ་དང༌། གང་ལ་མེད་པར་འདོད་པ་ལ། །བྱང་ཆུབ་བརྟེན་ཕྱིར་སེམས་མེད་ཅིང༌། །ཁས་ལེན་མེད་དང་སྤྱོད་མེད་དང༌། །དེ་ལ་ཇི་ལྟར་མེད་པར་ཤེས། །ཞེས་བྱ་བས་ཀྱང་ལན་བཏབ་པོ། །ཇི་སྟེ་ཡོད་པ་ཉིད་བཀག་པའི་ཕྱིར་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། མེད་པ་ཉིད་དུ་བཀག་པའི་ཕྱིར་ཡོད་པ་ཉིད་དུ་ཡང་ཅིའི་ཕྱིར་མི་འགྱུར། གཉིས་སུ་མེད་པའི་ཤེས་པ་དོན་དམ་པར་ཡོང་པར་ཁས་ལེན་པ་ཡང་རྒྱུ་ཐ་དད་པར་འཇུག་པ་རྣམས་ལ་དེ་དག་གི་ཤེས་


DTG095_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་འཛིན་ན་ནི་ཇི་ལྟར་གཉིས་སུ་མེད་པ་ཉིད་ཡིན། འོན་ཏེ་དོན་དམ་པར་ཡོད་པ་ལ་མི་འཛིན་ན་ནི་ཇི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡིན། ཁྱེད་ལ་ཡང་སྐྱོན་འདི་མཚུངས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དོན་དམ་པར་ཡོད་པ་མི་མཐོང་བ་ཉིད་དེ་ཁོ་ན་མཐོང་བ་ཡིན་ལ། སྨིག་རྒྱུ་ལ་ཆུར་མི་མཐོང་བ་མི་ཤེས་པ་དང་ལྡན་པ་ནི་མ་ཡིན་ནོ། །དེ་སྐད་དུ་གཟུགས་མ་མཐོང་བ་ཉིད་གཟུགས་མཐོང་བ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌། གང་ཡང་མ་མཐོང་བ་ནི་ཆོས་ཐམས་ཅད་མཐོང་བ་ཡིན་ནོ་ཞེས་གསུངས་སོ། །དེ་བཞིན་དུ་གཟུགས་དང་འདྲ་བར་ཚོར་བ་ལ་སོགས་པ་ན་ཐ་མ་རྣམ་པར་ཤེས་པ་ལ་ཐུག་པ་ཕུང་པོ་དག་མདོར་ན་རང་གི་ངོ་བོས་སྟོང་པ་ཉིད་དུ་བསྟན་ཏོ། །དེས་ན་འདི་ལྟར་རིག་པར་བྱ་སྟེ། ཚོར་བ་སྟོང་པའོ། །སྟོང་པ་ཉིད་ཚོར་བའོ། །ཚོར་བ་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཚོར་བ་གཞན་མ་ཡིན་ནོ། །དེ་བཞིན་དུ་འདུ་ཤེས་ལ་སོགས་པ་ཡང་སྦྱར་བར་བྱའོ། །ཕུང་པོ་རྣམས་རང་གི་ངོ་བོ་སྟོང་པ་ཉིད་དུ་བསྟན་ནས་སྐྱེ་མཆེད་དང་ཁམས་རྣམས་ལ་ཡང་བསྟན་པའི་ཕྱིར། ཤཱ་རིའི་བུ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་ཞེས་འབྱུང་བ་ནི་ཕུང་པོ་བཞིན་དུའོ། །ཆོས་ཐམས་ཅད་ནི་སྐྱེ་མཆེད་དང་ཁམས་རྣམས་ཏེ། རང་གི་ངོ་བོ་སྟོང་པ་ཉིད་དེ་ཞེས་འབྱུང་བ་དང་སྦྱར་རོ། །རང་གི་ངོ་བོ་སྟོང་པ་ཉིད་ལ་རྣམ་པར་ལྟ་བའི་རྣམ་པ་བསྟན་ནས་མཚན་ཉིད་མེད་པ་ལ་རྣམ་པར་ལྟ་བའི་རྣམ་པ་བསྟན་པའི་ཕྱིར། མཚན་ཉིད་མེད་པ་ཞེས་བྱ་བ་གསུངས་སོ། །འདིས་སམ་དེ་མཚོན་པར་བྱ་བ་ཡིན་པས་མཚན་ཉིད་དེ། འདི་ལྟ་སྟེ་གཟུགས་ཀྱི་ཕུང་པོའི་སྤྱིའི་མཚན་ཉིད་ནི་གཟུགས་སུ་རུང་བས་གཟུགས་སོ། །ཚོར་བའི་ཕུང་པོའི་སྤྱིའི་མཚན་ཉིད་ནི་མྱོང་བས་ན་ཚོར་བའོ། །རང་གི་ངོ་བོ་ལ་བྱེ་བྲག་ཅི་ཡོད་ཅེ་ན། རང་དང་སྤྱིའི་མཚན་ཉིད་ཀྱིས་བྱས་པའི་བྱེ་བྲག་ཡོད་དོ། །རང་གི་མཚན་ཉིད་ནི་རང་གི་ངོ་བོ་སྟེ། སྔོན་པོ་ལ་སོགས་པ་གང་ཐུན་མོང་མ་ཡིན་པའི་ངོ་བོའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་གང་དག་ཡིན་པ་ཐམས་ཅད་ལ་སྤྱིའི་མཚན་ཉིད་དེ་དག་མེད་པས་དེ་མཚན་ཉིད་མེད་པས་སོ། །མཚན་ཉིད་མེད་པ་ཉིད་ལ་སོགས་པ་དེ་དག་ཀྱང་རང་གི་ངོ་བོས་དགག་པས་ངོ་བོས་བསྒྲིམ་མི་དགོས་པར་གྲུབ་པ་ཡིན་ནོ། །ཅི་སྟེ་ཆོས་ཐམས་


DTG095_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྟོང་པ་དང་མཚན་ཉིད་མེད་པ་ཡིན་ན་དེ་ཇི་ལྟར་རང་གི་རྐྱེན་ཇི་ལྟ་བ་བཞིན་ལས་སྐྱེ་ཞིང་རང་གི་རྐྱེན་ཇི་ལྟ་བ་བཞིན་འགགས་པས་འགག་ཅེ་ན། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྲིད་པའི་ཡན་ལག་རྣམས་སྐྱེ་བ་དང། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་ཅེས་བྱ་བ་ལ་སོགས་པ་སྲིད་པའི་ཡན་ལག་རྣམས་འགག་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེད་དོ་ཞེས་བསྟན་པའི་ཕྱིར། མ་སྐྱེས་པ་མ་འགགས་པ་ཞེས་བྱ་བ་གསུངས་སོ། །གལ་ཏེ་དེ་ལྟར་ན་ཇི་ལྟར་རྒྱུ་དང་འབྲས་བུར་བཅས་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་འཕགས་པའི་བདེན་པ་བཞི་པོ་འདི་ཇི་ལྟར་རུང་ཞེ་ན། དྲི་མ་མེད་པ་དྲི་མ་དང་བྲལ་བ་མེད་པ་ཞེས་གསུངས་ཏེ། ཉོན་མོངས་པའི་དྲི་མའི་རང་གི་ངོ་བོ་མེད་པའི་ཕྱིར་ཆོས་ཐམས་ཅད་དྲི་མ་མེད་པའོ། །དྲི་མ་བསལ་བའི་སྒོ་ནས་རྣམ་པར་བྱང་བ་མེད་པའི་ཕྱིར་རང་བཞིན་གྱིས་དྲི་མ་དང་བྲལ་བ་ཞེས་གསུངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་མི་གཡོ་བའི་ས་ལ་མཚན་མའི་ཉེས་པ་སྤངས་པའི་ཕྱིར་ལྷུན་གྱིས་གྲུབ་པར་མཚན་མ་མེད་པར་གནས་པས་སྐྱོན་བྲི་བ་དང༌། སྔར་ཇི་ལྟར་རིགས་པར་ངན་སོང་བའི་ཉོན་མོངས་པ་དང་ཀུན་ཏུ་རྨོངས་པ་ལ་སོགས་པ་སྤངས་པར་ཇི་ལྟར་འགྱུར་ཞེ་ན། བྲི་བ་མེད་པ་ཞེས་བྱ་བ་གསུངས་ཏེ། འདིར་སྐྱོན་ཞེས་བལྟ་བར་བྱའོ། །དེ་བཞིན་དུ་ས་དགུ་པ་ལ་སོགས་པ་གསུམ་ལ་གོ་རིམས་བཞིན་དུ་སོ་སོ་ཡང་དག་པར་རིག་པ་དང༌། མངོན་པར་ཤེས་པ་ཆེན་པོ་དང༌། སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཡོན་ཏན་རྣམས་ཀྱིས་རྒྱས་པ་ཉིད་མེད་པར་བསྟན་པའི་དོན་དུ་གང་བ་མེད་པའོ་ཞེས་བྱ་བ་གསུངས་སོ། །འདིར་ཡང་ཡོན་ཏན་གྱིས་ཞེས་བྱ་བ་ཁོང་ནས་དབྱུང་བར་བྱ་སྟེ། དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་ཀྱང༌། དེ་སྐད་དུ་གསུངས་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པ་བརྒྱད་ཁོ་ན་དང་གོ་རིམས་ཀྱང་འདི་ལྟར་གསུངས་ཤེ་ན། འདིར་བཤད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཡིན་ལ་སྙིང་པོ་ཡང་གཞན་ཡན་ལག་ཐམས་ཅད་ལས་དམ་པ་གཙོ་བོ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙོ་བོའི་དོན་ནི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་


DTG095_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་སྒོ་གསུམ་ཡིན་ནོ། །དེ་ནི་རྣམ་པ་བརྒྱད་པོ་དེ་དག་གིས་བསྡུས་པ་ཡིན་ལ། རྣམ་པ་དེ་དག་ཉིད་འདིར་གོ་རིམས་ཡིན་ཏེ། འདི་ལྟར་སྟོང་པ་ཉིད་དང༌། མཚན་མ་མེད་པ་གཉིས་ཀྱིས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །བར་མ་བཞིས་ནི་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་བཞི་བཀག་པས་མཚན་མ་མེད་པའི་ཏིང་ངེ་འཛིན་ཡིན་ནོ། །ཐ་མ་གཉིས་ཀྱིས་ནི་སྨོན་པའི་ཏིང་ངེ་འཛིན་ཏེ། འདི་ལྟར་སྐྱོན་སྤངས་པའི་ཕྱིར་རམ། ཡོན་ཏན་ཐོབ་པར་བྱ་བའི་ཆེད་དུ་སྨོན་པར་བྱེད་ལ་དེ་གཉི་ག་བཀག་པས་སྨོན་པ་མེད་པ་ཉིད་ཡིན་ནོ། །ད་ནི་བསྟན་པའི་རྣམ་པས་རྣམ་པར་བལྟས་པའི་འབྲས་བུ་བསྟན་པའི་ཕྱིར། དེ་ལྟ་བས་ན་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བས་ན་ཞེས་བྱ་བ་ནི་གསུངས་པའི་རྣམ་པས་རྣམ་པར་ལྟ་བས་ནའོ། །དེའི་ཚེ་ནི་དེའི་དུས་ནའོ། །སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བ་ལ་གཟུགས་ཡང་དག་པར་རྗེས་སུ་བལྟར་མེད་ཅེས་འབྱུང་བར་སྦྱར་ཏེ། ཆོས་ཐམས་ཅད་མི་མཐོང་བ་ཉིད་ནི་སྟོང་པ་ཉིད་མཐོང་བ་ཡིན་ནོ། །གཟུགས་མེད་ཅེས་འབྱུང་བ་ལ་སོགས་པ་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་དགག་པ་འདི་དག་སྟོན་ཏོ། དེ་ལ་གཟུགས་མེད་ཅེས་འབྱུང་བ་ནས་ཐ་མ་རྣམ་པར་ཤེས་པ་མེད་ཅེས་འབྱུང་བའི་བར་གྱིས་ནི་ཕུང་པོ་འགོག་པའོ། །མིག་མེད་ཅེས་འབྱུང་བ་ནས་བརྩམས་ཏེ་ཆོས་མེད་ཅེས་འབྱུང་བ་འདིས་ནི་སྐྱེ་མཆེད་འགོག་གོ །མིག་གི་ཁམས་མེད་པ་ནས་བར་གྱི་སྒྲས་གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་བཅོ་ལྔ་ཤུགས་ཀྱིས་སྟོན་ཏོ། །ཐ་མ་ཡིན་པའི་ཕྱིར་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། འདི་ལྟར་མཚན་ཉིད་མེད་པ་དང༌། མ་སྐྱེས་པ་དང་མ་འགགས་པ་ལ་སོགས་པ་ལ་ཡང་གཟུགས་མེད་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་ལ་སྦྱར་བར་བྱའོ། །ཅི་སྟེ་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་སོགས་པ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མི་སྲིད་ན། འོ་ན་ཇི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་བ་དང༌། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་པར་འགྱུར། དེ་བཞིན་དུ་ཡན་ལག་བཅུ་གཉིས་རང་གི་རྐྱེན་ཇི་ལྟ་བ་བཞིན་ལས་སྐྱེ་བ་དང་རྐྱེན་འགགས་པས་ཀྱང་འགོག་གོ་ཞེས་རྣམ་པར་གཞག་ཅེ་ན། བདེན་ཏེ།


DTG095_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་ཏུ་ཡོད་པ་ཉིད་ཡིན་གྱི། སྟོང་པ་ཉིད་དང་མཚན་ཉིད་མེད་པ་ལ་སོགས་པ་ལ་ནི་མ་ཡིན་པའི་ཕྱིར། མ་རིག་པ་མེད། མ་རིག་པ་ཟད་པ་མེད་ཅེས་གསུངས་སོ། །བར་དུ་ཞེས་བྱ་བའི་སྒྲས་འདུ་བྱེད་ལ་སོགས་པ་ཤུགས་ཀྱིས་བསྟན་ཏོ། །རྒ་ཤི་མེད་དོ། །དེ་མེད་པས་ཟད་པ་མེད་དོ། །ཅི་སྟེ་དོན་དམ་པར་སྲིད་པའི་ཡན་ལག་དང༌། དེ་ཟད་པ་མེད་ན་འོ་ན་ཇི་ལྟར་འཕགས་པ་རྣམས་ཀྱིས་སྡུག་བསྔལ་ལ་སོགས་པ་བདེན་པ་ཉིད་དུ་མཐོང༌། འཕགས་པ་རྣམས་ཀྱིས་གང་བདེན་པ་ཉིད་དུ་མཐོང་བ་དེ་ནི་ལོག་པ་ཉིད་དུ་འོས་པ་མ་ཡིན་ནོ། །དེ་དག་བདེན་པ་ཉིད་ཡིན་ན་ནི་ཇི་ལྟར་སྲིད་པའི་ཡན་ལག་དང་དེ་ཟད་པ་མེད་བ་ཡིན་ཞེ་ན། དེའི་ཕྱིར་རང་གི་ངོ་བོ་སྟོང་པ་ཉིད་ལ་སོགས་པ་ལ། སྡུག་བསྔལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཚེ་སྡུག་བསྔལ་གྱི་རང་གི་ངོ་བོ་མ་སྐྱེས་པའི་ཕྱིར་མེད་པ་དེའི་ཚེ་དེའི་རྒྱུ་ཀུན་འབྱུང་བ་ཡང་ག་ལ་ཡོད་དེ། དེ་བས་ན་དེ་འགོག་པ་ཞེས་བྱ་བ་དང༌། དེ་འགོག་པའི་ཐབས་སུ་འགྱུར་བ་ལམ་ཡང་ཅི་ཡང་མེད་དོ། །མཚན་མའི་བདག་ཉིད་ཀྱི་སྐྱོན་སྤངས་པའི་ཕྱིར་ཡེ་ཤེས་ཀྱང་རང་གི་ངོ་བོ་དོན་དམ་པར་གྲུབ་པ་མེད་དོ་ཞེས་བསྟན་པའི་ཕྱིར། ཡེ་ཤེས་མེད་དོ་ཞེས་གསུངས་སོ། །ཡི་གེ་ཁ་ཅིག་ལས་མི་ཤེས་པ་མེད་དོ་ཞེས་ཀྱང་འབྱུང་སྟེ་དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་སྟོང་པ་ཉིད་ལ་མཚན་མའི་ཀུན་ནས་ཉོན་མོངས་པའི་སྐྱོན་དང་བྲལ་བའི་ཕྱིར་ཡེ་ཤེས་མེད་ན། འོ་ན་མི་ཤེས་པ་རྨོངས་པའི་མཚན་ཉིད་ཡོད་དོ་སྙམ་ན། མི་ཤེས་པ་མེད་དོ་ཞེས་གསུངས་ཏེ། རང་གི་ངོ་བོ་སྟོང་པ་ཉིད་ལ་མི་ཤེས་པ་འདི་ག་ལ་སྲིད། དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་དང༌། དེ་ཐོབ་པར་བྱེད་པའི་རང་གི་ངོ་བོ་མེད་ན་ཐོབ་པ་ཞེས་བྱ་བ་འཐད་པ་མ་ཡིན་པར་བསྟན་པའི་ཕྱིར། ཐོབ་པ་མེད་དོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ཐོབ་པའི་རྣམ་པར་རྟོག་པ་བཀག་ནས་དེ་ལས་བཟློག་པ་མ་ཐོབ་པའི་རྣམ་པར་རྟོག་པ་དགག་པའི་ཕྱིར་མ་ཐོབ་པ་མེད་དོ་ཞེས་གསུངས་སོ། །འདི་ནི་ཡེ་ཤེས་དང་མི་ཤེས་པ་དང༌། ཐོབ་པ་དང་མ་ཐོབ་པ་ལས་འདས་བ་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་དོན་ཟབ་མོ་བསྟན་པར་རིག་པར་བྱའོ། །དེ་ལྟར་ན་གོང་དུ་བསྟན་པའི་རྣམ་པས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་


DTG095_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གང་ཡང་ཐོབ་པ་མེད་པ་དེའི་ཕྱིར་བྱང་ཆུབ་ཀྱི་ཆེད་དུ་སེམས་པ་དང༌། ལྷག་པར་ཆགས་པ་དང༌། བསམ་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་བསྟན་པའི་མཚན་ཉིད་སྒོམ་པའི་ལམ་དང་རབ་ཏུ་ལྡན་པ་ལ་རྟེན་ཅིང་ཤིན་ཏུ་བརྟེན་ནས་བརྩོན་འགྲུས་ཁྱད་པར་ཅན་གྱིས་ཞུགས་ཤིང་གནས་ཏེའོ། །བྱང་ཆུབ་ལ་ཆོས་གང་ཡང་ཡོངས་སུ་གྲུབ་པ་མེད་དོ། །དེ་སྐད་དུ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ལ་སོགས་པ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་རང་གི་ངོ་བོ་བསྟན་པ། ཤིན་ཏུ་ཕྲ་བའི་ཆོས་ཀྱང་ཡོད་མ་ཡིན། །ཤིན་ཏུ་ཕྲ་ཞེས་བྱ་བའང་ཡོད་པ་མིན། །ཞེས་བྱ་བ་ལ་སོགས་པ་དང༌། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཀྱང༌། གསང་བའི་བདག་པོ་དེ་ན་ཤིན་ཏུ་ཕྲ་བའི་ཆོས་ཀྱང་ཡོད་པ་མ་ཡིན་ཞིང་དམིགས་སུ་མེད་དེ། དེ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ་ཞེས་གསུངས་སོ། །ཅི་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཆོས་འགའ་ཡང་མེད་ན་སྐྱོན་གྱི་མཚན་ཉིད་ཀྱི་ཆོས་བསལ་ནས་ཡེ་ཤེས་སུ་གྱུར་པ་ཡང་གང་ཡང་མེད། ཡོན་ཏན་གྱི་མཚན་ཉིད་འདོད་པ་ཐོབ་པ་ཡང་མེད་ཅེ་ན་ཅིའི་ཕྱིར་བྱང་ཆུབ་ལས་བརྩམས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་གནས་པ་འདི་སྙམ་དུ་སེམས་ཏེ། ཇི་ཙམ་དུ་ཁ་ཅིག་གི་རེ་བ་སྔོན་དུ་བཏང་བ་ནི་འགའ་ཞིག་ལ་འཇུག་པར་བྱེད་དེ། དེ་ཐམས་ཅད་ནི་མི་འདོད་པའི་སྐྱོན་སྤངས་པའི་ཕྱིར་དང༌། འདོད་པའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་འཇུག་གོ །གང་དུ་ཡང་རང་གི་ངོ་བོ་སྟོང་པ་ཡིན་པའི་ཕྱིར་ཆོས་ཐམས་ཅད་མི་དམིགས་ན་དེ་ལ་སུ་ཞིག་འཇུག །ཅིའི་ཕྱིར་འཇུག །འཇུག་པའི་འབྲས་བུ་ཅི་ཡིན་ཞེ་ན། སེམས་ཀྱི་སྒྲིབ་པ་མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལ་གགས་བྱེད་པའི་ཕྱིར་སེམས་ལ་སྒྲིབ་པར་བྱེད་ཀུན་ནས་ཁེབས་པར་བྱེད་པའི་ཕྱིར་སེམས་ཀྱི་སྒྲིབ་པའོ། །དེ་དག་ཀྱང་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ལ་སོགས་པ་ཤིན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་བཅུ་གཅིག་གོ །གང་དག་སྤང་པའི་ཕྱིར་འཇོམས་པའི་དོན་གྱི་གཉེན་པོ་ནི་གོ་རིམས་བཞིན་དུ་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཅིག་སྟེ། ས་


DTG095_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པ་ལས་ཇི་སྐད་དུ། །ཡན་ལག་བཅུ་གཅིག་རྫོགས་པ་ཡིས། །རབ་དགའ་ལ་སོགས་བཅུ་གཅིག་ས། །རྨོངས་གཉིས་གནས་ངན་ལེན་གཅིག་སྟེ། །མི་མཐུན་ཕྱོགས་ནི་ཐ་དད་དོ། །ཞེས་འབྱུང་བ་དང༌། དེ་བཞིན་དུ་དགོངས་པ་ངེས་པར་འགྲེལ་བ་ལས་ཀྱང། དེ་ལ་ས་དང་པོ་ལ་གང་ཟག་དང་ཆོས་ལ་མངོན་པར་ཞེན་པའི་ཤིན་ཏུ་རྨོངས་པ་དང༌། ངན་སོང་བའི་ཉོན་མོངས་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པའི་ཤིན་ཏུ་རྨོངས་པ་དང༌། ལས་ཀྱི་འགྲོ་བ་རྣམ་པ་སྣ་ཚོགས་ལ་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱི་ཤིན་ཏུ་རྨོངས་པ་དང༌། ཐོས་པའི་གཟུངས་ཡོངས་སུ་མ་རྫོགས་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་བའི་ཕྱོགས་སོ། །བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པའི་ཤིན་ཏུ་རྨོངས་པ་དང༌། ཆོས་ལ་སྲེད་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །ལྔ་པ་ལ་ནི་འཁོར་བ་ལས་ཤིན་ཏུ་ཕྱིར་ཕྱོགས་པ་དང་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་ཤིན་ཏུ་རྨོངས་པ་དང༌། མྱ་ངན་ལས་འདས་པ་ལས་ཕྱིར་ཕྱོགས་པ་དང༌། མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །དྲུག་པ་ལ་ནི་འདུ་བྱེད་འབྱུང་བ་མངོན་སུམ་དུ་གྱུར་པའི་ཤིན་ཏུ་རྨོངས་པ་དང༌། མཚན་མ་མང་དུ་འབྱུང་བའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བདུན་པ་ལ་ནི་མཚན་མ་ཕྲ་མོ་འབྱུང་བའི་ཤིན་ཏུ་རྨོངས་པ་དང༌། རབ་ཏུ་མཚན་མ་མེད་པ་ཡིད་ལ་བྱེད་པའི་ཐབས་ལ་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་བསྒྲིམ་པའི་ཤིན་ཏུ་རྨོངས་པ་དང༌། མཚན་མ་དག་ལ་དབང་བའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །དགུ་པ་ལ་ནི་ཆོས་བསྟན་པ་ཚད་མེད་པ་དང༌། ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་དང༌། གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ལ་གཟུངས་ཀྱི་དབང་གི་ཤིན་ཏུ་རྨོངས་པ་དང༌།


DTG095_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་པ་ལ་དབང་གི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བཅུ་པ་ལ་ནི་མངོན་པར་ཤེས་པ་ཆེན་པོའི་ཤིན་ཏུ་རྨོངས་པ་དང༌། གསང་བ་ཕྲ་མོ་ལ་འཇུག་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །སངས་རྒྱས་ཀྱི་ས་ལ་ནི་ཤེས་བྱ་ཐམས་ཅད་ལ་རབ་ཏུ་ཕྲ་བའི་ཆགས་པའི་ཤིན་ཏུ་རྨོངས་པ་དང༌། ཐོགས་པའི་ཤིན་ཏུ་རྨོངས་པ་དང༌། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་གསུངས་ཏེ། དེ་དག་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་འཇིགས་པ་མེད་དེ་མི་སྐྲག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དུ་གནས་པ་ལ་ནི་ཕྱིན་ཅི་ལོག་ལས་འཇིགས་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་སྐད་བསྟན་ཏེ། སེམས་ཕྱིན་ཅི་ལོག་པ་ནི་འཇུག་པ་ཡིན་ནོ་ཞེས་བྱའོ། །དེ་སྐད་དུ་ཚད་མ་རྣམ་འགྲེལ་ལས། ལོག་པར་སྒྲོ་འདོགས་སྤང་བའི་ཕྱིར། །གྲོལ་བ་པོ་ནི་མེད་ཀྱང་བརྩོན། །ཞེས་བསྟན་ཏོ། །ཕྱིན་ཅི་ལོག་མེད་པ་ནི་འཇུག་པ་མེད་དེ། ས་བཅུ་པ་ལས་དེ་སྐད་དུ་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་རྨི་ལམ་ན་ཆུས་ཁྱེར་བ་རྨིས་པའི་སྐྱེས་བུ་སད་པའི་ཚེ་ཆུ་ལས་ཐར་བར་བྱ་བའི་འབད་པ་ཆེན་པོ་ལོག་པའི་དཔེ་དང་དེ་ཉིད་དེའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། །འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ཕྱིན་ཅི་ལོག་རང་གི་རྨོངས་པ་ཇི་ལྟ་བ་ལས་འདས་པ་སྟེ། ཤིན་ཏུ་སོང་བ་ནི་ཕྱིན་ཅི་ལོག་ལས་འདས་པའོ། །མྱ་ངན་ལས་འདས་པ་ནི་རྣམ་པར་རྟོག་པ་འགགས་པའོ། །མཐར་ཕྱིན་པ་ནི་མཐར་ཐུག་པ་ལས་ཏེ། ཇི་སྐད་དུ་ས་བཅུ་པ་ལས། བསྒོམ་པས་སྤང་བར་བྱ་བའི་རྣམ་པར་རྟོག་པ་རྣམ་པར་སྤངས་པའི་ཕྱིར་རྣམ་པར་དག་པའི་མཐར་ཕྱིན་པ་ཡིན་ཏེ་དེའི་གོང་ནས་སྤང་བར་བྱ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །མཐར་ཕྱིན་པས་སམ་སེམས་མཐར་ཕྱིན་པའི་བདག་ཉིད་མྱ་ངན་ལས་འདས་པ་འདི་ཡིན་པས་དེ་ལ་དེ་སྐད་ཅེས་གསུངས་སོ། །དེ་ཕྱིན་ཅི་ལོག་ལས་འདས་པ་ཡང་ཡིན་མྱ་ངན་ལས་འདས་པའི་མཐར་ཕྱིན་པ་ཡང་ཡིན་པས་ཕྱིན་ཅི་ལོག་ལས་འདས་པས་མྱ་ངན་ལས་འདས་པའི་མཐར་ཕྱིན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་པར་འགྱུར་བས་དེ་ལ་བྱང་


DTG095_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་རྣམས་འཇུག་གོ །སྤོང་བ་ཆེ་བ་ཉིད་འདིས་ནི་དེའི་ཆེད་དུ་འཇུག་པའི་རྒྱུ་བསྟན་པ་ཡིན་ཏེ། དེའི་ཆེད་དུ་འཇུག་པའི་ཕྱིར་རོ། །དུས་གསུམ་དུ་ཞེས་འབྱུང་བ་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སེམས་ཆེ་བ་ཉིད་དང་རྟོགས་པ་ཆེ་བ་ཉིད་གཉིས་ཀྱི་ཆེད་དུ་བསྟན་ཏོ། །དུས་གསུམ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའོ། །དེ་དག་ན་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་དེ། བློ་ཁྱད་པར་དང་ལྡན་པའི་ཕྱིར་སངས་རྒྱས་སོ། །དེ་ཐམས་ཅད་ཀྱང་ཡིན་ལ་སངས་རྒྱས་ཀྱང་ཡིན་པས་སངས་རྒྱས་ཐམས་ཅད་དོ། །རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཇི་སྐད་དུ། ས་བཅུ་དག་ནི་རབ་བསྒྲུབས་ནས། །དབང་གི་རྣམ་པ་ཐོབ་པ་ཡིན། །སྟོང་པ་སྒྱུ་མ་ལྟ་བུའི་ཆོས། །གང་གིས་འདིར་ནི་ཀུན་མཁྱེན་ཅིང༌། །སེམས་ཅན་ཀུན་གྱི་རྣམ་མཁྱེན་པ། །སངས་རྒྱས་ཞེས་ནི་བརྗོད་པ་ཡིན། །ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་འབྱུང་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བ་བདེན་པའི་བདག་ཉིད་ལ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད་པ་གང་ཡིན་པ་ལ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་འབྱུང་བ་ནི་འདི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་དུས་སྔ་མའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཡིན་པར་བལྟ་བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་དང༌། དེའི་མན་ངག་མངོན་པར་རྟོགས་པའི་རྒྱན་ལས་ཇི་སྐད་དུ། སངས་རྒྱས་ཉིད་འཐོབ་བར་ཆད་མེད། །བར་ཆད་མེད་པའི་ཏིང་འཛིན་ཏེ། །རྣམ་པ་ཐམས་ཅད་མཁྱེན་པ་ཡིན། །དེ་ཡི་དམིགས་པ་དངོས་མེད་དེ། །དྲན་པ་ཡང་ནི་བདག་པོར་འདོད། །རྣམ་པ་འདི་ནི་བཞི་པ་ཉིད། །མཚན་ཉིད་མེད་པ་མཚན་ཉིད་ཡིན། །ཞེས་གསུངས་སོ། །བླ་ན་མེད་པ་ཞེས་འབྱུང་བ་ནི་ཐོབ་པ་དང་དམིགས་པ་དང་སྒྲུབ་པ་རྣམ་པ་འདི་ལས་གོང་ན་མེད་པའི་ཕྱིར་རོ། །ཡང་དག་པར་ཞེས་འབྱུང་བ་ནི་ཕྱིན་ཅི་མ་ལོག་པར་རོ། །མཉམ་པར་ཞེས་འབྱུང་བ་ནི་མཚན་ཉིད་མེད་པ་ཉིད་ཀྱིས་མཚན་ཉིད་གཅིག་པའི་ཕྱིར་རོ། །བྱང་ཆུབ་ནི་རྟོགས་པའོ། །མངོན་པར་ནི་མངོན་སུམ་མོ། །མཉམ་པར་སངས་རྒྱས་པ་ནི་རྫོགས་པར་སངས་རྒྱས་


DTG095_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་ལས། བཅོམ་ལྡན་འདས་ཇི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་བཞིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས། རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་ནས་མྱ་ངན་ལས་འདས་པའི་བར་གྱི་དེ་བཞིན་ཉིད་ཇི་ལྟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་བཞིན་ནོ་ཞེས་གསུངས་སོ། །དེ་ལ་བླ་ན་མེད་པའི་ཚིག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་སེམས་ཆེ་བ་ཉིད་ཡིན་ནོ། །དེའི་ལྷག་མ་ནི་རྟོགས་པ་ཆེ་བ་ཉིད་ཡིན་ནོ། །སྔོན་བྱང་ཆུབ་སེམས་དཔའི་གནས་སྐབས་ན་ཐུགས་ལ་བཞག་སྟེ་ཆེན་པོ་ཉིད་རྣམ་པ་དེ་གསུམ་གྱི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པས་གསུམ་གྱི་ཆེད་དུ་ཞེས་བརྗོད་དོ། །རྫོགས་པའི་ཚེ་ན་ནི་སྔ་མས་འབྲས་བུ་སྤངས་པ་ཕུན་སུམ་ཚོགས་པ་དང༌། ཕྱི་མ་གཉིས་ཀྱིས་ནི་འབྲས་བུ་རྟོགས་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ཇི་ལྟར་ཡུལ་ལྗོངས་འགའི་ཆེད་དུ་རྒྱལ་པོས་མཆོད་སྦྱིན་བྱེད་པ་དང༌། ཐ་མར་ཡུལ་ལྗོངས་ཐོབ་པ་འབྲས་བུ་ཡིན་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཕྱིན་ཅི་ལོག་དང་བྲལ་བའི་ཕྱིར་དང་རྟོགས་པ་ཐོབ་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་གསང་སྔགས་སོ་ཞེས་བསྟན་པའི་ཕྱིར། ཤཱ་རིའི་བུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་བསྟན་ཟིན་ཏོ། །གསང་སྔགས་ནི་ཤེས་པ་ཡིན་པའི་ཕྱིར་དང༌། སྐྱོབ་པ་ཡིན་པའི་ཕྱིར་རོ། །དོན་གཉིས་པོ་དེ་གཉིས་ཚིག་ཕྱི་མ་རྣམས་ཀྱིས་གསལ་བར་བྱེད་དོ། །ཆེན་པོ་ནི་ཁྱབ་པ་དང་ལྡན་བའི་ཕྱིར་རོ། །ཁྱབ་པ་ཡང་དུས་ལ་ཁྱབ་པ་དང་ཡུལ་ལ་ཁྱབ་པ་སྟེ། འདི་ལྟར་འདི་ནི་ཆོས་ཐམས་ཅད་དང་དུས་ཐམས་ཅད་ལས་མ་ལོག་པར་འཇུག་པ་ཡིན་ནོ། །འདིས་ནི་དབང་ཕྱུག་ལ་སོགས་པས་བྱས་པའི་གསང་སྔགས་ལས་འདི་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །རྣམ་པར་


DTG095_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཇི་སྐད་དུ། དུས་གསུམ་དག་ལས་ཤིན་ཏུ་འདས། །བརྟེན་ནས་འབྱུང་བའི་སྲིད་པ་ཡིན། །མཐོང་ནས་མ་མཐོང་འབྲས་བུ་སྟེ། །ཡིད་དང་ངག་དང་ལུས་ལ་སྲིད། །འབྲས་བུ་བསྐལ་པ་གཅིག་གི་གྲངས། །འཇིག་རྟེན་རྣམས་ཀྱིས་ཡིན་པར་བཤད། །གསང་སྔགས་འབྲས་བུ་བསྐལ་པ་ལས། །འདས་པར་རྫོགས་སངས་རྒྱས་ཀྱིས་བཤད། །སངས་རྒྱས་དྲང་སྲོང་ཆེན་པོ་དང༌། །རྒྱལ་སྲས་རྣམས་ཀྱི་ཏིང་ངེ་འཛིན། །མཚན་མ་རྣམས་སྤངས་དག་པ་ཡིན། །འཇིག་རྟེན་རྣམས་ཀྱི་མཚན་མར་བཅས། །རྣམ་པར་སྨིན་པའང་འདིར་སྨིན་པ། །ལས་རྣམས་ཀྱིས་ནི་འབྲས་བུ་འཐོབ། །གང་གི་ཚེ་ན་གྲུབ་པ་ཐོབ། །དེ་ཡི་ཚེ་ན་ལས་རྣམས་བཟློག །སེམས་ནི་རང་དངོས་མེད་ཕྱིར་དང༌། །འབྲས་བུ་རྒྱུ་རྣམས་སྤངས་ཕྱིར་རོ། །ལས་ཀྱི་སྐྱེ་བ་རྣམས་ལས་ཀྱང༌། །སྐྱེ་བ་ནམ་མཁའ་ལྟ་བུ་ཡིན། །ཞེས་གསུངས་སོ། །འདི་ནི་རིག་ཅིང་ཤེས་པའམ་འདོད་པ་གྲུབ་པ་ཐོབ་པས་རིག་པའོ། །དེ་རིག་པ་ཡང་ཡིན་ལ་ཆེན་མོ་ཡང་ཡིན་པས་རིག་པ་ཆེན་མོའོ། །རིག་པ་ཆེན་མོ་ཉིད་གསང་སྔགས་ཡིན་པས་རིག་པ་ཆེན་མོའི་གསང་སྔགས་སོ། །དེ་བས་ན་བླ་མ་ཤིན་ཏུ་མཆོག་ཏུ་གྱུར་པ་འདི་ལས་གཞན་མེད་པའི་ཕྱིར་བླ་ན་མེད་པའི་གསང་སྔགས་སོ། །འདི་དང་མཉམ་པའམ་འདྲ་བ་ཡོད་པ་མ་ཡིན་པས་མི་མཉམ་པ་དེ་ནི་ནམ་མཁའོ། །དེ་དང་མཉམ་པའི་ཕྱིར་མི་མཉམ་པ་དང་མཉམ་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། མི་མཉམ་པ་དང་མཉམ་པའི་ཚིག་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ། །དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ལས་ཀྱང༌། ཅི་ཙམ་དུ་ནི་དཔེ་འགའ་ཞིག །སངས་རྒྱས་ཆོས་ལ་བྱེད་ན་ནི། །དེ་ནི་སངས་རྒྱས་རྗེས་མཐུན་མིན། །དེ་ནི་རྒྱལ་བ་སྨད་པ་ཡིན། །སངས་རྒྱས་ཆོས་དང་མཉམ་པ་གང༌། །དཔེ་ནི་དེ་ལ་གཅིག་ཡོད་པ། །ནམ་མཁའི་ཁམས་སུ་བསྟན་པ་ཡིན། །གང་གི་ཚད་ནི་འགའ་ཡང་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ནམ་མཁའ་དང་མཉམ་པ་འདིས་ནི་ཁྱབ་པ་དང༌། ཐོགས་པ་མེད་པ་དང༌། རྒྱུན་མ་ཆད་པ་ལ་སོགས་པ་བལྟ་བར་བྱའོ། །དེ་དག་གིས་ནི་ཤེས་པའི་དོན་བསྟན་ཏོ། །སྐྱོབ་པའི་


DTG095_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྟན་པའི་ཕྱིར། །སྡུག་བསྔལ་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། འདུ་བྱེད་དང་འགྱུར་བ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་སོགས་པ་མཚན་ཉིད་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དེ་རྒྱུན་གཅོད་པར་བྱེད་པ་ནི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གསང་སྔགས་སོ། །དེ་ལྟར་གསང་སྔགས་ཀྱི་ངེས་པའི་ཚིག་གི་དོན་བསྟན་ནས་གསང་སྟེ་བརྗོད་པར་བྱ་བ་ཉིད་ཀྱི་ངེས་པའི་ཚིག་གི་དོན་བསྟན་པའི་ཕྱིར། བདེན་ཏེ་མ་ལོག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདེན་པ་ནི་དེ་ཁོ་ན་ཉིད་དེ་ཡང་དག་པ་ཇི་ལྟ་བ་བཞིན་ཡིན་པའི་ཕྱིར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་གང་ཡིན་པ་དེ་ནི་ཕྱིན་ཅི་མ་ལོགས་པ་ཉིད་དོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སུ་རིགས་སོ། །འདིས་ནི་འདི་སྐད་དུ་བསྟན་ཏེ། དབང་པོ་རྟུལ་པོའི་གང་ཟག་གང་རྣམ་པ་བསྟན་པས་རྣམ་པར་ལྟ་བར་མི་ནུས་པ་ལ་གསང་སྟེ་བསྟན་པ་བཞིན་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསང་སྔགས་ཇི་ལྟ་བ་བཞིན་དུ་གཟུང་བར་བྱ་བ་ཡིན་ནོ། །གསང་སྔགས་ནི་གསང་སྟེ་བཤད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ངེས་པའི་ཚིག་ནི་འདི་སྐད་ཀྱི་དབྱིངས་ལ་ལྟོས་པར་བྱ་བ་ཡིན་ནོ། །ཡང་ན་ཡིད་ལ་གནས་པ་ནི་སྐྱོབ་པར་བྱེད་པ་ཡིན་པས་ན་གསང་སྔགས་སོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གུས་པས་རྒྱུན་མི་འཆད་པར་ཡིད་ལ་བྱ་བ་ཡིན་ནོ། །རིགས་པས་འཐད་པའི་ཕྱིར་རིགས་པ་ཡིན་པས་ཤེས་པར་བྱ་བ་ནི་ངེས་པར་གཟུང་བར་བྱའོ། །དེ་ལྟར་ཞེས་འབྱུང་བ་ནི་གསུངས་པའི་རྣམ་པའི་ཚུལ་གྱིས་བསླབ་པར་བྱ་བ་ཡིན་ནོ། །དེ་ནས་ཞེས་འབྱུང་བ་ནི་སྐབས་འདིར་བར་མཆད་པར་རོ། །ཏིང་ངེ་འཛིན་དེ་ལས་འབྱུང་བ་ནི་སྔར་བསྟན་པ་ལས་སོ། །བཞེངས་ནས་ཞེས་འབྱུང་བ་ནི་སེམས་ཀྱིས་བཏང་ནས་སོ། །སྟོན་པ་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་དང་བཤད་པ་ལ་ཡང་རྗེས་སུ་མཐུན་པ་བྱེད་དེ། ལེགས་སོ་ཞེས་བྱ་བ་བྱིན་པའི་རང་གི་ངོ་བོ་ནི་རིགས་ཀྱི་བུ་ལེགས་སོ་ལེགས་སོ་ཞེས་འབྱུང་བ་ཡིན་ཏེ། དེ་ལ་ལན་གཉིས་སུ་བཟླས་པ་ནི་དགའ་བའི་དོན་ནམ་དགའ་ཆེས་པའི་ཕྱིར་རོ། །དེ་དེ་བཞིན་ནོ་ཞེས་འབྱུང་བ་ལ་སོགས་པས་ནི་བཤད་པ་ལ་རྗེས་སུ་མཐུན་པར་བྱེད་དོ། །དེ་དེ་བཞིན་ཡིན་གྱི་གཞན་དུ་མ་ཡིན་ནོ། །


DTG095_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅི་འདྲ་བ་ཞིག་ཅེ་ན། ཁྱོད་ཀྱིས་ཇི་སྐད་བསྟན་པ་དེ་བཞིན་ཞེས་བྱ་བ་གསུངས་ཏེ། ཁྱོད་ཀྱིས་བསྟན་པ་ལས་མི་འགལ་བར་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བསྟན་པ་ལ་རང་གི་རྗེས་སུ་མཐུན་པ་བསྟན་ནས། དེ་བཞིན་གཤེགས་པ་གཞན་གྱིས་ཀྱང་འདི་ཁྱོད་ཀྱིས་བསྟན་པ་གང་ཡིན་པ་དེ་ལ་མངོན་པར་དགྱེས་སོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་གསུངས་སོ། །རྗེས་སུ་ཡི་རང་ངོ་ཞེས་བྱ་བ་ནི་གདོན་མི་ཟ་བར་བྱ་དགོས་པའི་དོན་ལ་ངེས་པར་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་བཤད་པ་འདི་འདྲ་བ་ལ་རྗེས་སུ་དགྱེས་པ་གདོན་མི་ཟ་བར་མཛད་པ་ཡིན་ནོ། །རྗེས་སུ་མཐུན་པ་དང་རྗེས་སུ་དགྱེས་པ་འདི་གཉིས་ཀྱིས་དེ་བཞིན་གཤེགས་པ་འདི་བཤད་པ་ལ་མངོན་པར་དགྱེས་པར་འོས་པ་ཡང་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་གསུངས་སོ། །དེ་སྐད་ཅེས་འབྱུང་བ་ནི་ཤཱ་རིའི་བུས་དྲིས་པ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་བྱ་བའི་བར་དུའོ། །བཀའ་སྩལ་ནས་ཞེས་འབྱུང་བ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདིར་འཆད་པར་མཛད་པ་ཡིན་མོད་ཀྱི་འོན་ཀྱང་དེ་བཞིན་གཤེགས་པ་ཉིད་ཀྱི་བཀའ་ཡིན་ཏེ། འདི་ལྟར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཏེ། ཉན་ཐོས་ལ་སོགས་པས་གང་འཆད་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་བཀའ་ཡིན་ན། སངས་རྒྱས་ཉིད་དུ་ཡང་དག་པར་ཞུགས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། ཀུན་ཏུ་བཟང་པོ་དང༌། འཇམ་དཔལ་ལ་སོགས་པས་བཤད་པ་ལྟ་སྨོས་ཀྱང་ཅི་དགོས། འདིའི་དོན་ནི་བདག་གིས་སྔར་བསྟན་ཟིན་ཏོ། །ཡི་རངས་ཏེ་ཞེས་འབྱུང་བ་ནི་སྟོང་ཕྲག་བརྒྱ་པའི་བརྗོད་པར་བྱ་བའི་དོན་ལས་གཙོ་བོ་ཉིད་ཀྱི་དམ་པར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་བྱེ་བྲག་ཏུ་ཇི་ལྟར་རིགས་བར་ཐོས་པ་དང༌། བཤད་པ་གང་གིས་ཡི་རང་བ་དང་དགའ་བ་ལ་དེ་སྐད་


DTG095_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱའོ། །དེ་ཡང་ཤཱ་རིའི་བུ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་ཡིན་པར་སྦྱར་རོ། །ཁ་ཅིག་གིས་བཅོམ་ལྡན་འདས་ལ་ཡང་སྦྱར་ཏེ། དེའི་ཚེ་ནི་གདུལ་བྱ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་གྱི་གཙོ་བོ་ཇི་ལྟ་བ་བཞིན་དུ་བཟུང་བ་ནི་དགྱེས་པའི་རྒྱུར་བལྟ་བར་བྱའོ། །ཐམས་ཅད་བསྡུ་པའི་ཕྱིར་དང་ཞེས་སྨོས་སོ། །འདིས་ནི་ཡི་རང་བ་དང་མངོན་པར་བསྟོད་པ་ཡང་བསྡུ་བར་བྱའོ། །བྱང་ཆུབ་སེམས་དཔའ་དང༌། དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་ཐམས་ཅད་འདི་ན་འཁོད་པས་ན་ཐམས་ཅད་དང་ལྡན་པའི་འཁོར་ཞེས་བྱའོ། །ལྷ་ནི་རྒྱལ་ཆེན་རིས་བཞི་ལ་སོགས་པའོ། །མི་ནི་གྲགས་པར་ཟད་དོ། །ལྷ་མ་ཡིན་ནི་འོ་མའི་མཚོ་བསྲུབས་པ་ལས་ཆད་བྱུང་བ་སྤངས་པའི་ཕྱིར་རོ། །དེ་ཡང་སྦྱིན་བྱེད་མའི་བུ་དང༌། སྦྱིན་ལྡན་མའི་བུ་རྣམས་ཡིན་ནོ། །དྲི་ཟ་ནི་ལྷའི་གླུ་ལེན་པ་སྟེ་ཡུལ་འཁོར་སྲུང་ལ་སོགས་པའོ། །ལྷ་ལ་སོགས་བ་དང་ལྷན་ཅིག་ཏུ་འཁོད་པའི་ཕྱིར་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ནོ། །ལྷ་གཙོ་བོ་ཡིན་པའི་ཕྱིར་ཐོག་མར་སྨོས་སོ། །འཇིག་པས་ན་འཇིག་རྟེན་ཏེ། ཕུང་པོ་ལྔའི་བདག་ཉིད་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་བཤད་པ་རང་གི་ངོ་བོའོ། །མངོན་པར་བསྟོད་པ་ནི་མངོན་པར་དགའ་བ་དང་ལྡན་ཞིང་དགའ་བ་དང་ལྡན་པས་བཟུང་ཞེས་བྱ་བའི་ཐ་ཚིག་གོ །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །སྙིང་པོ་རྣམ་ཕྱེའི་བསོད་ནམས་གང༌། །བདག་གིས་ཐོབ་དེས་འཇིག་རྟེན་རྣམས། །ཤེས་རབ་ཕ་རོལ་ཕྱིན་བདག་ཤོག །ཚངས་པའི་འབྱུང་གནས་གཙུག་ལག་ཁང་གནས་པའི། །དགེ་སློང་དགེ་འདུན་རྣམས་ཀྱི་ཞལ་ངོར་ནི། །ཤེས་རབ་ཕ་རོལ་ཕྱིན་པའི་སྙིང་པོ་ཡི། །རྒྱ་ཆེར་བཤད་པ་དྲི་མ་མེད་པས་བྱས། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ་རྒྱ་གར་གྱི་མཁན་པོ་དྲི་མ་མེད་པའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དེ་ཉིད་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ནམ་མཁའ་དང་ཡེ་ཤེས་སྙིང་པོ་ལ་སོགས་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །


previousའཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ། མཁན་པོ་དྲི་མེད་བཤེས་གཉེན།next