Nitartha Digital Library
Tibetan
 
previousརྟོག་གེ་ཐོ་བའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། no next

རྟོག་གེ་ཐོ་བའི་ཚིག་ལེའུར་བྱས་པ་ཞེས་བྱ་བ།


DTG103_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏརྐ་མུངྒ་ར་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། རྟོག་གེ་ཐོ་བའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡུལ་དངོས་སྟོབས་ཀྱིས་ཞུགས་པ་ཡི། །ཚད་མས་དེ་ཉིད་རྟོགས་སོ་ཞེས། །ཆོས་ཀྱི་གྲགས་པའི་རྗེས་འབྲང་བའི། །རྟོག་གེ་བ་རྣམས་སྨྲ་བར་བྱེད། །བློ་གང་བཅད་དོན་ཐོབ་བྱེད་པ། །ཚད་མ་ཡིན་ཞེས་ཁ་ཅིག་སྨྲ། །ལ་ལ་མ་རྟོགས་དོན་གསལ་འདོད། །གཞན་དག་བདེན་པའི་དོན་རྟོགས་སྨྲ། །ཧ་ཅང་ཐལ་ཕྱིར་མ་འབྲེལ་བ། །གཞན་དང་འཇལ་བྱེད་ཉིད་མ་ཡིན། །དེ་ཕྱིར་ཚད་མའི་གཞལ་བྱ་ནི། རྫས་ཡོད་ཡིན་པར་སྨྲ་བར་བྱོས། །རྫས་ཀྱང་སྐད་ཅིག་མ་ཉིད་ཕྱིར། །བཅད་དོན་ཐོབ་པ་ག་ལ་སྲིད། །རྒྱུན་ལྟོས་ཤི་ན་རྒྱུན་ཅན་ལས། །གཞན་མེད་དེ་མིན་ཕྱིར་རྫས་མིན། །བཅད་ཞུགས་ཐོབ་རྒྱུན་གསུམ་ཕྱིར་ཡང༌། །རྒྱུན་ལྟོས་བཅད་དོན་ཐོབ་པ་མེད། །ལྡོག་པ་གཅིག་བཅད་རྒྱུན་ཅེ་ན། །རྫས་ལྡོག་རྫས་ལས་གཞན་མིན་ཕྱིར། །ལྡོག་པ་གཅིག་པ་ག་ལ་ཡོད། །གལ་ཏེ་རྫས་གཞན་ལྡོག་གཅིག་ན། །གསལ་བ་གཞན་ལ་སྤྱི་གཅིག་ལ། །ཅི་ཡི་ཕྱིར་ན་ཁས་མི་ལེན། །གཉིས་ཀ་རྫས་ཡོད་འགལ་ཞེ་ན། །རྫས་ལྡོག་རྫས་ལས་གཞན་མིན་པ། །ཅི་ཡི་ཕྱིར་ན་རྫས་མ་ཡིན། །གལ་ཏེ་དེ་ཉིད་གཞན་མིན་ན། །སྨིག་རྒྱུ་ལ་ནི་ཆུ་བཞིན་དུ། །རྫས་ལྡོག་རྫས་སུ་འཐད་མ་ཡིན། །དེ་ལྟ་ཡིན་ན་ཚད་མ་ནི། །དངོས་པོའི་ཡུལ་ཅན་མ་ཡིན་ཞིང༌། །མ་འབྲེལ་ཕྱིར་ན་དངོས་མེད་པ། །ཚད་མས་ཇི་ལྟར་འཇལ་བར་བྱེད། །སྔོ་མདོག་ཡུལ་


DTG103_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སྔོ་རྫས་ལ། །ཚད་མིན་ཐལ་འགྱུར་དེ་མི་འདོད། །དེ་ཕྱིར་ལྡོག་པ་གཅིག་བཅད་ཀྱི། །རྒྱུན་ལྟོས་ཚད་མ་མི་འཐད་དོ། །རྫས་རྒྱུན་ཡུན་རིངས་མི་གནས་དང༌། །འགལ་དང་བདེན་དོན་འགོག་པ་ཡིས། །མ་རྟོགས་དོན་གྱིས་གསལ་བྱེད་ཀྱང༌། །ཚད་མའི་མཚན་ཉིད་མི་འཐད་དོ། །བདེན་དོན་རྟོགས་པ་ཚད་མ་ཡི། །མཚན་ཉིད་མིན་ཏེ་གང་གི་ཕྱིར། །བདེན་ཉིད་གྲུབ་པ་མེད་ཕྱིར་དང༌། །ཚད་མིན་ཚད་མར་འགྱུར་ཕྱིར་རོ། །འདི་ལྟར་སྣང་ཙམ་བདེན་སྣང་དང༌། །བདེན་ངེས་ལྡོག་པ་གཉིས་ལྡན་པས། །ཡུལ་བདེན་ཡིན་པར་འགྱུར་ཞིག་གྲང༌། །ལོག་ཤེས་ཚད་མར་འགྱུར་བའི་ཕྱིར། །བསྟན་ལྡོག་རྣམས་ཀྱིས་བདེན་མི་འགྲུབ། །མ་བསྟན་ལྡོག་པ་གང་ཞིག་གིས། །བདེན་པ་འགྲུབ་པའི་ཐབས་དེ་སྨྲོས། །ཁ་ཅིག་དོན་དུ་སྣང་ཙམ་གྱིས། །བདེན་མི་འགྲུབ་ཀྱང་དོན་བྱེད་པར། །སྣང་བར་བདེན་པ་ཉིད་དུ་འདོད། །འདི་མི་རིགས་ཏེ་གཉིས་ཀར་ཡང༌། །སྣང་བར་ཁྱད་པར་མེད་ཕྱིར་ཏེ། །རྟོག་བྲལ་འཇུག་ཡུལ་མི་སྟོན་ཕྱིར། །མངོན་སུམ་ཚད་མ་ཉིད་མ་ཡིན། །ཁྱབ་དང་ཕྱོགས་ཆོས་མི་འགྲུབ་ཕྱིར། །རྗེས་སུ་དཔག་པ་ཡོད་མ་ཡིན། །རང་གི་མཚན་ཉིད་ཡུལ་ཅན་ཕྱིར། །ཁྱབ་པ་མངོན་སུམ་གྱིས་མི་འགྲུབ། ཚད་མ་ཡིན་ཕྱིར་རྗེས་དཔག་ནི། །ཡུལ་དུས་སྤྱི་ལ་འཇལ་མི་བྱེད། །གང་ཞིག་སྤྱི་ཡི་ཡུལ་ཅན་མིན། །དེ་ཡི་ཁྱབ་པ་ཇི་ལྟར་འགྲུབ། །ཤུགས་རྟོགས་ཤེ་ན་མི་འཐད་དེ། །སོ་སོར་ངེས་པའི་ཡུལ་ཅན་ལ། །སྤྱི་ལ་དམིགས་པའི་བློ་སྐྱེ་བས། །དེ་ནི་སྤྱོད་པ་ཡིན་པར་འདོད། །ལྡོག་པ་གཅིག་དང་ཐ་དང་དང༌། །མཚུངས་པ་གཏན་ཚིགས་ཡིན་གྱུར་གྲང༌། །དང་པོ་མེད་ཕྱིར་ཕྱོགས་ཆོས་མེད། །གཉིས་གསུམ་པ་ལ་ཁྱབ་པ་མེད། །ཚད་མ་མེད་ཀྱང་ཁས་བླངས་དང༌། །འགལ་ཕྱིར་རང་བཞིན་ལོག་རྟོགས་སེལ། །ལོག་རྟོགས་ལོག་པ་ཙམ་ཞིག་ལ། །དེ་ཉིད་ངེས་ཞེས་ཐ་སྙད་བཏགས། །རྟོག་གེ་ཐོ་བའི་ཚིག་ལེའུར་བྱས་པ་ཉི་ཤུ་པ། ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནན་དས་མཛད་པ་རྫོགས་སོ།། །།ཞུ་ཆེན་གྱི་ལོ་ཙཱ་བ་ཁུ་མདོ་སྡེ་འབར་དང༌། པཎྜི་ཏ་དེ་ཉིད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།


previousརྟོག་གེ་ཐོ་བའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། no next