བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ།
བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་བཞུགས། བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་དཀའ་བཤེས་གཉེན་བསྟེན། །སྟོན་པ་རྗེས་དྲན་མི་རྟག་བསྒོམ། །ཡིད་འབྱུང་བ་དང་འཕགས་པའི་བདེ་ན། །མི་ལྡོག་ང་ཡི་འཁོར་ལོ་དང༌། །འཁོར་གསུམ་ཡོངས་སུ་དག་པའི་གཏམ། །བརྒྱད་པོ་འདི་ནི་སྤྱི་སྡོམ་ཡིན། །དལ་འབྱོར་གྱི་རྟེན་རྙེད་པར་དཀའ་བ་ནི་གཙུག་ན་རིན་པོ་ཆེས་ཞུས་པ་ལས། དལ་འབྱོར་མིར་སྐྱེ་རྙེད་པ་ཤིན་ཏུ་དཀའ། །འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ། །ཞི་བའི་ཆོས་ཀྱང་ཐོས་པ་རྙེད་པར་དཀའ། །ཚུལ་ཁྲིམས་དད་པའང་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་སོ། །ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ལས་ཀྱང༌། མི་ཁོམ་བརྒྱད་པོ་ཐམས་ཅད་རྣམ་སྤངས་ཤིང༌། །ཁོམ་པ་ཕུན་སུམ་ཚོགས་པ་རྙེད་དཀའ་ཐོབ་འགྱུར་ལ། །སངས་རྒྱས་འབྱུང་དང་ཡུན་དུ་གནས་པ་དང༌། །དེ་བཞིན་བསྟན་ལ་དད་པ་ཐོབ་པ་དཀའ། །མི་ཡི་སྲིད་པ་རྙེད་པར་དཀའ་བས་ན། །རྒྱལ་བ་རྣམས་ཀྱི་བསྟན་ལ་ལེགས་བརྩོན་གྱིས། །སྒྲ་ལ་འཆེལ་ཅིང་འདུག་པར་མ་བྱེད་པར། །ཆོས་ཐོས་གྱུར་ནས་རྟག་ཏུ་ནན་ཏན་གྱིས། །ཆོས་སྨྲའི་དགེ་བའི་བཤེས་གཉེན་གང་ཡིན་བསྟེན་གྱིས་ལ། །སྡིག་པའི་གྲོགས་ལ་ལན་འགའ་འང་མ་བསྟེན་ཅིག །ཅེས་གསུངས་སོ། །མྱ་ངན་ལས་འདས་པའི་མདོ་ལས་ཀྱང༌། དགེ་སློང་དག་མི་ཁོམ་པ་བརྒྱད་དང་བྲལ་ཏེ། མིའི་ལུས་ཐོབ་པར་དཀའ་བ་ཐོབ་ནས་ང་དང་ཕྲད་པར་གྱུར་ན་དོན་མེད་པར་ཆུད་མི་གསན་ནོ། །དེ་བས་ན་ཁྱེད་རྣམས་བག་མེད་པར་མི་བྱའོ། །དགེ་སློང་དག་ཇི་ལྟར་ན་ཡང་དག་པའི་ཆོས་ཀྱི་རིན་པོ་ཆེའི་མཁར་བརྒྱན་ཅིང༌། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ར་བ་དང༌། འོབས་དང་ཉེ་འཁོར་ལྟ་བུར་འགྱུར་བ་སོམས་ཤིག །ཁྱེད་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་མཁར་ལྟ་བུ་ལ་ཕྲད་པའི་འོག་ཏུ་ཡང་དག་པ་མ་ཡིན་པ་སྒྱུ་མ་དང་བཅས་པ་ཁས་ལེན་པ་མི་རིགས་སོ། །དཔེར་ན་ཚོང་དཔོན་དག་རིན་པོ་ཆེ་ཡང་དག་པའི་གླིང་དུ་ཕྱིན་ན་གྱོ་མོ་དང་རྡོ་
བླངས་ཏེ་ཕྱིར་ཁྱིམ་དུ་འོངས་པ་དང་འདྲ་བར་ཁྱེད་ཀྱང་རིན་པོ་ཆེའི་གླིང་དུ་ཕྱིན་ནས་རྫས་སྒྱུ་མ་དག་ལེན་ཏོ། །དགེ་སློང་དག་ཞུམ་པའི་བསམ་པས་ཆོག་པའི་སེམས་མ་སྐྱེད་ཅིག །ཁྱེད་རྣམས་རབ་ཏུ་བྱུང་མོད་ཀྱི། ཐེག་པ་ཆེན་པོ་ལ་མོས་པར་མི་བྱེད་དོ། །དགེ་སློང་དག་ཁ་དོག་བསྒྱུར་བའི་གོས་ངུར་སྨྲིག་གྱོན་མོད་ཀྱི། སེམས་ཐེག་པ་ཆེན་པོ་ལ་ཡང་དག་པའི་ཆོས་ལ་ཞེན་པར་མ་གྱུར་ཏོ། །དགེ་སློང་དག་བསོད་སྙོམས་ལ་ཞུགས་ཏེ་ཀུན་ཏུ་རྒྱུ་མོད་ཀྱི་ཐེག་པ་ཆེན་པོའི་ཟས་མ་མྱོང་ངོ༌། །དགེ་སློང་དག་སྐྲ་དང་ཁ་སྤུ་བྲེགས་མོད་ཀྱི་ཡང་དག་པའི་ཆོས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་མ་བྱས་སོ། །དེ་བས་ན་ཁྱེད་རྣམས་ཀྱིས་དཔའ་ཞིང་རྟུལ་ཕོད་པའི་སེམས་ཀྱིས་ཀུན་ནས་ཉོན་མོངས་པ་གཞོམ་པ་ལ་བརྩོན་པར་གྱིས་ཤིག་ཅེས་གསུངས་སོ། །དགེ་བའི་བཤེས་གཉེན་བརྟེན་པ་ནི་མྱ་ངན་ལས་འདས་པའི་མདོ་ལས། དགེ་བའི་བཤེས་གཉེན་བརྟེན་པ་ནི་ལམ་སྟེ། དགེ་བའི་བཤེས་གཉེན་ལ་བརྟེན་ན་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ་ཞེས་གསུངས་སོ། །དེ་ཉིད་ལས་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་མི་དགེ་བ་བཅུ་སྤོང་བར་བྱེད་ཅིང་དགེ་བ་བཅུ་སྤྱོད་པར་བྱེད་དེ། དོན་དེ་ལྟ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །ཡང་དག་པའི་ཆོས་ཇི་ལྟ་བ་བཞིན་དུ་སྟོན་ཅིང་ཇི་ལྟར་བསྟན་པ་བཞིན་དུ་སྤྱོད་པའོ། །ཇི་ལྟར་ཞེ་ན། འདི་ལྟར་བདག་སྲོག་མི་གཅོད་པས་གཞན་ལ་སྲོག་མི་གཅོད་པ་སྟོན་པ་ན་བདག་ཡང་དག་པའི་ལྟ་བ་ལ་ནན་ཏན་བྱེད་པ་ནས་གཞན་ཡང་ཡང་དག་པའི་ལྟ་བ་ལ་ནན་ཏན་བྱེད་དུ་འཇུག་སྟེ། དེ་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་ཞེས་བྱའོ། །བདག་བྱང་ཆུབ་ལ་ནན་ཏན་བྱེད་པས་གཞན་ཡང་དེ་ལ་དགོད་པ་དང༌། བདག་དད་པ་དང༌། ཚུལ་ཁྲིམས་དང༌། སྦྱིན་པ་དང༌། མང་དུ་ཐོས་པ་དང༌། ཤེས་རབ་བསྒོམས་པས་གཞན་ཡང་དེ་ལ་འགོད་པ་དང༌། དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་དགེ་བའི་ཆོས་སྤྱོད་པའི་ཕྱིར་རོ། །དགེ་བའི་ཆོས་གང་ཞེ་ན། འདི་ལྟར་ཅི་བྱེད་དོ་ཅོག་བདག་ལ་བདེ་
བར་མི་སྦྱོར་གྱི། རྟག་ཏུ་སེམས་ཅན་དག་བདེ་བར་སྦྱོར་བ་དང༌། གཞན་གྱི་ཉེས་པ་མཐོང་ཡང་སྐྱོན་མི་སྨྲ་བ་སྟེ། རྟག་ཏུ་དགེ་བའི་ཆོས་འབའ་ཞིག་སྨྲའོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་དེ་བླ་མ་ལ་བརྟེན་ན་དགེ་བའི་ཆོས་འཕེལ་བ་དང་སྡིག་པ་འགྲིབ་པོ་སྙམ་སྟེ་མཁན་པོ་ཐོས་པ་མང་ཡང་རུང༌། ཉུང་ཡང་རུང༌། ཤེས་སམ་མི་ཤེས་ཀྱང་རུང༌། ཚུལ་ཁྲིམས་ལྡན་ནམ་མི་ལྡན་ཡང་རུང་སྟེ། དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ། །ཇི་ལྟར་སྟོན་པ་ལ་དགའ་ཞིང་དད་པ་ལྟར་མཁན་པོ་ལ་ཡང་བྱེད་དོ་ཞེས་འབྱུང་ངོ༌། །རྒྱལ་བའི་ཡུམ་ལས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱིས་སྡིག་པའི་གྲོགས་པོ་དག་ཡོངས་སུ་སྤང་བར་བྱའོ། །དགེ་བའི་བཤེས་གཉེན་གང་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། མཚན་མ་མེད་པ་ལ་སོགས་པར་སྟོན་པ་དག་ལ་ཁྱོད་ཀྱིས་བསྙེན་པར་བྱ། གུས་པར་བྱ། བསྙེན་བཀུར་བྱའོ་ཞེས་བྱ་བ་ནས་རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཤིན་ཏུ་གུས་པ་བསྐྱེད་པར་བྱའོ། །ཕོངས་པར་བྱའོ། །རབ་ཏུ་དང་བར་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་གསུངས་སོ། །སངས་རྒྱས་རྗེས་སུ་དྲན་པ་ནི་མྱ་ངན་ལས་འདས་པའི་མདོ་ལས། ཆོས་གཅིག་ལ་གང་བསྒོམ་ཞིང་ནན་ཏན་བྱེད་པ་དེས་སེམས་ཅན་ཐམས་ཅད་ཀྱི་མྱ་ངན་དང༌། སྡུག་བསྔལ་དང༌། འཁྲུག་པ་རྣམས་བྱང་ཞིང་དག་པའི་ཆོས་ཐོབ་པར་གསུངས་པ་ནི་འདི་ལྟ་སྟེ། །སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ནོ་ཞེས་གསུངས་སོ། །སངས་རྒྱས་ཕལ་པོ་ཆེ་ནས། ཇི་ལྟར་ས་བོན་རོ་གཅིག་ཀྱང༌། །ས་བོན་ཚུལ་བཞིན་མྱུ་གུ་སྟོན། །བྱམས་དང་སྡང་བར་སེམས་པ་མེད། །སངས་རྒྱས་ཡོན་ཕུལ་དེ་བཞིན་ནོ། །ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། འདི་ལྟ་སྟེ་དཔེར་ན་མེ་ནི་ཤིང་ཐམས་ཅད་ལ་ཡོད་མོད་ཀྱི། རྐྱེན་དང་རྩོལ་བ་མ་ཚང་བར་མེ་མི་འབར་ཞིང་དགོས་པ་རྣམས་མི་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཤེས་བྱ་ཐམས་ཅད་ལ་གནས་མོད་
ཀྱི་དད་པ་ལ་སོགས་པའི་རྐྱེན་དང་རྩོལ་བ་མ་ཚང་ན་མི་འབྱུང་སྟེ། སངས་རྒྱས་ཀྱི་བྱ་བ་རྣམས་ཀྱང་མི་མཛད་དོ་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས་དཔེར་ན་ས་ནི་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་པར་གནས་ཏེ། དེ་ལ་ཁེ་འདོད་པས་སྨོན་ན་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ལས་བཟློག་ན་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་པས་གནས་ཏེ། དེ་ལ་ཡོན་ཏན་འདོད་པ་གང་དག་དེ་བཞིན་གཤེགས་པ་ལ་དད་པ་དང་དང་བ་དང་གུས་པ་བསྐྱེད་པ་དེ་དག་གིས་ཡོན་ཏན་གྱི་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ལས་བཟློག་པ་ནི་མི་འགྱུར་རོ་ཞེས་གསུངས་སོ། །ཡང་དེ་ལས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སངས་རྒྱས་ཁོང་དུ་ཆུད་པར་བྱ་སྟེ། རྒྱུ་མཐུན་པའི་སངས་རྒྱས་དང༌། རྣམ་པར་སྨིན་པ་ལས་བྱུང་བའི་སངས་རྒྱས་དང༌། ཏིང་ངེ་འཛིན་གྱི་སངས་རྒྱས་དང༌། སྨོན་ལམ་གྱི་སངས་རྒྱས་དང༌། སེམས་ཀྱི་སངས་རྒྱས་དང༌། ངོ་བོ་ཉིད་ཀྱི་སངས་རྒྱས་དང༌། ལོངས་སྤྱོད་རྫོགས་པའི་སངས་རྒྱས་དང༌། སྤྲུལ་པའི་སངས་རྒྱས་དང༌། བཏགས་པའི་སངས་རྒྱས་དང༌། མདུན་དུ་བྱས་པའི་སངས་རྒྱས་སོ་ཞེས་རྒྱས་པར་གསུངས་སོ། །སངས་རྒྱས་ཕལ་པོ་ཆེ་ལས་ཀྱང༌། ཡང་དག་སངས་རྒྱས་ཆོས་ཀྱི་སྐུ། །འདྲེས་པ་མེད་ཅིང་གནས་པ་མེད། །སེམས་ཅན་ཐམས་ཅད་ཡིད་བཞིན་དུ། །གཟུགས་ཀྱི་སྐུ་ཡང་རབ་ཏུ་མཐོང༌། །ཞེས་གསུངས་སོ། །ཡབ་དང་སྲས་མཇལ་བ་ལས། གང་ཞིག་གཞན་ལ་གསན་པར་མ་མཛད་པར། །རྟོགས་པར་དཀའ་བ་རབ་ཏུ་ཞི་བ་ཡིས། །བྱང་ཆུབ་བླ་མེད་མངོན་པར་སངས་རྒྱས་པ། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །སྐྱེ་དགུ་ཀུན་ལ་ཕ་བཞིན་ཐུགས་བརྩེ་བས། །སྟོབས་བཅུ་ཐུགས་རྗེ་མངའ་བས་བྱམས་པར་དགོངས། །ཐུགས་རྗེས་ཐུགས་བརྩེས་སེམས་ཅན་གྲོལ་མཛད་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེ། །རྒ་དང་འཆི་བས་འཇིགས་པའི་ཉོན་མོངས་ལ། །རྒ་ཤི་མེད་མཆོག་མི་ལ་སྟོན་མཛད་ཅིང༌། །འཆི་མེད་གནས་སུ་སེམས་ཅན་
དོན་མཛད་ཀྱི། །འདྲེན་པ་མི་མཆོག་ལ་ནི་དད་པ་བསྐྱེད། །ཅེས་གསུངས་སོ། །ལྷ་མོ་དཔལ་གྱི་ཕྲེང་བ་སེང་གེའི་སྒྲས་ཞུས་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་འཇིག་རྟེན་ལ་དུས་ཀྱི་མཐའ་མ་མཆིས་པའི་ཐུགས་རྗེ་ཅན་དང༌། དུས་ཀྱི་མཐའ་མཆིས་པའི་ཐུགས་དམ་མངའ་བ་མ་ལགས་ཏེ། དུས་ཀྱི་མཐའ་མེད་པར་ཐུགས་རྗེ་དང་དམ་བཅས་པས་སེམས་ཅན་ཨ་ལ་ལ་ཞེས་མཆི་བ་དག་ནི་དེ་བཞིན་གཤེགས་པ་ཉིད་ལ་ཡང་དག་པར་སྨྲ་བས་སྨྲ་བ་ལགས་སོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་ཀྱང་ཀྱེ་མ་སེམས་ཅན་འདི་དག་ནི་བུ་སྨད་དང་ཁྱིམ་དང་ནོར་དང་འབྲུ་ལ་སྲིད་པས་འཁོལ་བས་སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས་པ་ཡིན་གྱི། དེ་དག་ལ་མི་རྟག་པ་བསྟན་པར་བྱའོ་ཞེས་དེའི་ཕྱིར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་ནི་མི་རིགས་པས་འཚོ་བ་སྟེ་གཅིག་ལ་གཅིག་འདྲིད་པར་གནས་པ་ཡིན་གྱི། དེ་དག་ལ་འཚོ་བ་ཡོངས་སུ་དག་པར་བྱ་བའི་ཆོས་བསྟན་ཏོ་ཞེས་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་ནི་ཁྱིམ་གྱི་གནས་སྡུག་བསྔལ་གྱི་སྣོད་དུ་ཤིན་ཏུ་ཉོན་མོངས་པ་ལ་རྟག་ཏུ་དགའ་བ་ཡིན་གྱི། དེ་དག་ལས་འབྱུང་ཞིང་ཁམས་གསུམ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ་ཞེས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་རྒྱུས་ཉེ་བར་འགྲོ་བ་སྟེ། སྒྲུབ་པས་ཉེ་བར་གནས་པའི་མཚན་ཉིད་ཅན་ཡིན་ན་སེམས་ཅན་འདི་དག་ནི་འཕགས་པའི་རྣམ་པར་གྲོལ་བ་ལ་ལེ་ལོ་བྱེད་པ་ཡིན་གྱི། དེ་དག་ལས་རྣམ་པར་གྲོལ་བ་ལ་ལྷུར་བླངས་པའི་ཕྱིར་བརྩོན་འགྲུས་བརྩམས་པར་ཆོས་བསྟན་ཏོ་ཞེས་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་སྐམ་ཞིང་འདོད་པས་ཟིལ་གྱིས་ནོན་པ་སྟེ་ཆོག་མི་ཤེས་ཤིང་གཞན་གྱི་ནོར་འཕྲོག་པ་ཡིན་གྱི། དེ་དག་ལ་འཕགས་པའི་ནོར་དད་པ་ལ་སོགས་པ་བདུན་ལ་འགོད་དོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོ་བསྐྱེད་དོ་ཞེས་གསུངས་སོ། །གསང་བ་བསམ་གྱིས་
མི་ཁྱབ་པ་ལས་ཞི་བའི་བློ་གྲོས་ཡོངས་སུ་བརྟག་པ་བཟུང་སྟེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་མིའི་ལུས་ཐོབ་པར་གྱུར་ལ། དེའི་ནང་ནས་སེམས་ཅན་གཅིག་གིས་སེམས་ཅན་དེ་དག་ཇི་སྙེད་པ་དེ་སྙེད་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་དང། མདོག་དང༌། རྟགས་དང༌། དབྱིབས་དང༌། སྤྱོད་ལམ་དུ་སེམས་ཤིང་མོས་ཏེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་ལྟར་མོས་ཀྱང་ཞི་བའི་བློ་གྲོས་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ཐམས་ཅད་ཀྱི་མོས་པ་ཚིམ་པར་མཛད་དེ། ཞི་བའི་བློ་གྲོས་འདི་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའོ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་འདི་སྙམ་དུ་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་མཐོང་ལ། སྐུ་ཚད་མེད་ཀྱང་མཐའ་ཡོངས་སུ་བཙལ་ལོ་སྙམ་ནས་སྟེང་གི་ཕྱོགས་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཕྲག་བརྒྱའི་སངས་རྒྱས་ཀྱི་ཞིང་འདས་ཏེ་པདྨ་ཅན་གྱི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་པདྨའི་དཔལ་གྱི་རྒྱལ་པོའི་སྤྱན་སྔར་ཕྱིན་ནས་བལྟས་ཀྱང་མ་མཐོང་ངོ་ཞེས་བྱ་བ་ནས། རིགས་ཀྱི་བུ་གང་ཡང་དཔེ་བཞག་པ་ཇི་སྙེད་པ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང༌། སྐུ་དང་གསུང་དང་ཐུགས་དང་མཚན་གྱི་དཔེར་བྱ་བའི་དཔེ་འགོད་པ་ནི་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པའོ། །དཔེ་གཅིག་པོ་ནི་མ་གཏོགས་ཏེ་འདི་ལྟ་སྟེ་ནམ་མཁའོ་ཞེས་བྱ་བ་ནས། འཇིག་རྟེན་མགོན་པོའི་སྤྱི་གཙུག་ཀྱང༌། །ནམ་མཁའི་ཁམས་དང་མཚུངས་པ་ལགས། །ནམ་མཁས་ཇི་བཞིན་ཁྱབ་གྱུར་པ། །སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །གང་གིས་བྱང་ཆུབ་བློ་བསྐྱེད་པ། །དེ་སྙེད་བསོད་ནམས་ཁྱད་པར་བགྱིད། །ཅེས་བྱ་བ་ལ་སོགས་པའོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་གི་གསང་བ་དང་ཕྲིན་ལས་གང་ཞེ་ན། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་
བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་ལེན་པ་མེད་པ་མྱ་ངན་ལས་འདས་པའི་བར་དུ་དེ་བཞིན་གཤེགས་པས་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་དབུགས་འབྱུང་བ་དང་རྔུབ་པ་མི་མངའོ། །རྣམ་པར་མི་རྟོག་གོ །རྣམ་པར་མི་དཔྱོད་དོ། །དེ་དག་མེད་པ་དག་མི་འབྱུང་ངོ་ཞེས་བྱ་བ་ནས་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པ་ནི་གསུང་ངོ་སྙམ་མོ། །བདག་ཅག་གིས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཀུན་ཤེས་སོ་སྙམ་མོ་ཞེས་བྱ་བ་ནས་ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་ཕྱོགས་བཅུའི་འཇིག་རྟེན་རྒྱས་པར་འགེངས་ཤིང་སེམས་ཅན་གྱི་བསམ་པ་ཚིམ་པར་མཛད་ཀྱང་གསུང་རབ་བཅུ་གཉིས་སྟོན་ཏོ། །གསལ་བར་བྱེད་དོ། །རབ་ཏུ་ཤེས་པར་བྱེད་དོ། །རབ་ཏུ་འཇོག་གོ ། རྣམ་པར་འབྱེད་དོ། ཞེས་མི་དགོངས་སོ་ཞེས་བྱ་བ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པའི་གསུང་གི་དཀྱིལ་འཁོར་ཇི་སྲིད་ཅིག་ཏུ་འགྲོ་བ་དཔག་པར་བྱའོ་སྙམ་ནས་རི་རབ་ཀྱི་རྩེ་མོར་ཕྱིན་ན་ཡང་དེ་བཞིན་གཤེགས་པའི་གསུང་དེ་ཁོ་ན་འདྲ་བ་ཐོས་སོ། །གླིང་བཞི་ལས་ཀྱང་འདས་པ་ཁོར་ཡུག་ལས་ཀྱང་འདས་ཏེ་ཞེས་བྱ་བ་ནས་ནུབ་ཕྱོགས་ལོགས་ཀྱི་ཞིང་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ན་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་བཞུགས་པ་དེར་ཕྱིན་པ་ན་ཡང་འདོམ་གང་ན་འདུག་པའི་མིའི་སྒྲ་ཐོས་པ་ལྟར་དེ་བཞིན་གཤེགས་པའི་གསུང་དེ་འདྲ་བ་ཁོ་ནར་ཐོས་སོ་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས་གསང་བའི་བདག་པོས་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་དང་ཕྲིན་ལས་གང་ཞེ་ན། དེ་བཞིན་གཤེགས་པའི་ཐུགས་ལ་ལྡོག་པ་མི་མངའ། རྟོག་པ་མི་མངའ། འགྱུར་བ་མི་མངའ། ཐུགས་ཀྱི་ཚད་མི་མངའ། ཐུགས་ལ་འཁྲུལ་པ་མི་མངའ་བས་ན་ཆོས་ཐམས་ཅད་ལ་དེའི་ཡེ་ཤེས་མ་ཆགས་མ་ཐོགས་པར་འཇུག་གོ །སེམས་ཅན་གྱི་སྤྱོད་པ་ཐམས་ཅད་
ལ་ཡང་གཟིགས་སོ། །སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་རབ་ཏུ་མཁྱེན་ཏོ། །དེའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་བསྙེལ་བ་མི་མངའ་སྟེ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་བསམ་པ་ལ་ཡང་ཡེ་ཤེས་ཆགས་པ་དང་ཐོགས་པ་མི་མངའ་ཞིང་ལྷུན་གྱིས་གྲུབ་པར་འཇུག་གོ །ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་དང་ཕྲིན་ལས་སོ་ཞེས་འབྱུང་ངོ༌། །ལྷ་མོ་དཔལ་གྱི་ཕྲེང་བ་སེང་གེའི་སྒྲ་ཡིས་ཞུས་པ་ལས། བཅོམ་ལྡན་འདས་དེ་ལྟ་ལགས་པས་དེ་བཞིན་གཤེགས་པ་ན་སྐྱབས་མ་མཆིས་པ་དང༌། སྐྱབས་རྟག་པ་དང༌། བསྟན་པ་ལགས་སོ། །བཅོམ་ལྡན་འདས་ཆོས་ཞེས་བགྱི་བ་ནི་ཐེག་པ་གཅིག་གི་ལམ་བསྟན་པའི་ཚིག་བླ་དགས་སོ། །དགེ་འདུན་ཞེས་བགྱེ་བ་ནི་ཐེག་པ་གསུམ་པའི་ཚིག་བླ་དགས་སོ། །སྐྱབས་འདི་གཉིས་ནི་དེའི་ཡན་ལག་གི་སྐྱབས་ཞེས་བགྱི་སྟེ་སྐྱབས་ཀྱི་རབ་མ་ལགས་སོ། །དྲང་སྲོང་རྒྱས་པས་ཞུས་པ་ལས་ཀྱང་བཅོམ་ལྡན་འདས་བདག་ནི་རྒས་འཁོགས་གཏུགས་པས་འབྲས་བུ་རྣམས་ལ་རྩོལ་བའི་རྔོ་མི་ཐོགས། བདག་ཁུར་ཆེན་པོ་ཁུར་བའི་རྔོ་མི་ཐོགས་སོ། །བདག་དང་བཅོམ་ལྡན་འདས་དང༌། ཆོས་དང༌། ཐམས་ཅད་སྤངས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དེང་སླན་ཆད་སློབ་མ་དང་བཅས་གཡོག་དང་བཅས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་ཞེས་གསུངས་སོ། །འདུས་བྱས་མི་རྟག་པ་ཡིད་ལ་བྱ་བ་ནི་མྱ་ངན་ལས་འདས་པའི་མདོ་ལས། མི་རྟག་པ་བསྒོམ་པ་ནི་ལམ་མ་ལགས་ཏེ། དེ་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། གང་ཞིག་མི་རྟག་པ་ལ་མང་དུ་བསྒོམས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་གསུངས་སོ། །མཚན་མོ་བཟང་པོའི་མདོ་ལས་ཀྱང༌། སང་ཙམ་འཆི་ཡང་སུས་ཤེས་ཀྱི། །དེ་རིང་ཉིད་ནས་བརྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དག་ནི། །བདག་དང་ཤེས་པ་ཡོད་མ་ཡིན། །ཞེས་འབྱུང་ངོ༌། །སྡོམ་པ་གསུམ་
བསྟན་པ་ལས་ཀྱང༌། བདག་ནི་མྱུར་དུ་འཆིའོ་ཞེས། །འཆི་བའི་འདུ་ཤེས་བསྒོམ་པར་བྱ། །དེ་ལས་ལོངས་སྤྱོད་བསགས་པ་ལས། །ལོངས་སྤྱོད་ལ་ནི་སྙིང་པོ་བླང༌། །བུ་དང་ཆུང་མའི་དོན་གྱི་ཕྱིར། །དེས་ནི་ནོར་དག་བསག་མི་བྱ། །ལུས་དང་ལོངས་སྤྱོད་སྲོག་རྣམས་ལ། །སྙིང་པོ་མྱུར་དུ་བླང་བར་བྱ། །བྱང་ཆུབ་དོན་དུ་འདུན་དྲག་སྐྱེད། །ཅེས་གསུངས་སོ། །མྱ་ངན་ལས་འདས་པ་ལས་ཀྱང༌། སྐྱེ་བ་ཡོད་ན་འཆི་བ་ཡོད། །ཚེ་ལོ་གྲངས་མེད་ཐུབ་པ་ཡང༌། །ཐ་མར་འཆི་བར་རིག་པར་བྱ། །དར་བ་ཡོད་ན་རྒུད་པ་ཡོད། །འདུ་བ་ཡོད་ན་འབྲལ་བར་འགྱུར། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །འཚོ་བའི་ཚེ་ཡང་འཆི་བས་འཕྲོག །རྟག་པའི་ཆོས་ནི་འགའ་ཡང་མེད། །ཅེས་བྱ་བ་ལ་སོགས་པའོ། །ཡིད་འབྱུང་བའི་གཏམ་ནི་ཚོང་དཔོན་བཟང་སྐྱོང་གིས་ཞུས་པ་ལས། བཅོམ་ལྡན་འདས་སེམས་ཅན་དམྱལ་བའི་ཁ་དོག་ཇི་ལྟ་བུ་ལགས། ལུས་ཀྱི་རྣམ་པ་ཇི་ལྟ་བུ་ལགས། བཟང་སྐྱོང་དེ་དག་ཁ་དོག་ནི་ཁྲག་ལྟ་བུ་དང༌། སྤྲིན་སྔོན་པོ་ལྟ་བུ་དང༌། ཤ་གཟི་གུ་ལྟ་བུའོ། །དེ་དག་གི་ལུས་ནི་རྒྱལ་པོའི་བུ་གཞོན་ནུ་ལྟ་བུ་གཞོན་ཤ་ཅན་དུ་འགྱུར་རོ། །ལུས་ཆེ་བ་ནི་ཁྲུ་བརྒྱད་པར་འགྱུར་རོ། །སེན་མོ་རིང་ཞིང་ཁ་སྤུ་ཡོད་པ་རྐང་ལག་མི་སྡུག་པ་འཛམ་བུ་གླིང་པས་མཐོང་ན་འཆི་བའི་དུས་བྱེད་པར་འགྱུར་རོ། །དམྱལ་བ་དེ་དག་གི་རྒྱང་རིང་པོ་ནས་ཟངས་དང་ར་གན་དམར་པོ་མཐོང་སྟེ། ཁ་ཟས་འདོད་པས་ཁྱེར་ཤོག་ཅེས་ཟེར་རོ། །དེ་དག་འཕུངས་ནས་སྙིམ་པ་བཟེད་ནས་ཟངས་དང་ར་གན་བསྐོལ་བ་ག་ལ་བ་དེར་སོང་སྟེ་ཁ་གདང་ས་པ་དང༌། ཟངས་དང་ར་གན་རབ་ཏུ་འབར་བ་དེས་སུ་རུ་རུ་རབ་ཏུ་འབར་ཞིང་ཁོག་པ་འབར་བར་འགྱུར་རོ། །རུས་པར་གྱུར་ཀྱང་རུས་པ་འབྲལ་བར་མི་འགྱུར་འཆི་བའི་དུས་བྱེད་པར་མི་འགྱུར་ཞེས་བྱ་བ་ནས་དེ་དག་གིས་སྐྱེད་མོས་ཚལ་མཐོང་ནས་དེ་དག་འདུས་ནས་བྱིན་པ་དང༌། ཤིང་དེ་དག་གི་མེ་ཏོག་དང༌། ལོ་མ་རལ་གྲིར་འགྱུར་ཏེ། རལ་གྲི་དེ་དག་གིས་ཡན་ལག་གཅོད་ཅིང་གཅོད་ཅིང་གཤགས་པར་བྱེད་དེ་ཉམ་ཐག་པའི་སྒྲ་ཆེན་པོ་འབྱིན་
ཏོ། །གཤིན་རྗེའི་མིའི་ལག་ན་ཐོ་བ་ཐོགས་ནས་བཞིན་བསྒྱུར་ནས་སྐྲ་འབལ་ཞིང་ལུས་འབར་བའི་ཕྲེང་བས་གཡོགས་ལ་མཚོན་ཆ་གཟས་པ་དག་འདི་སྐད་དུ་ཁྱེད་ཅག་སྡོད་ཅིག །གར་འབྲོས་ཁྱེད་རང་གིས་ལས་བསྒྲུབས་པའི་ཚུལ་འདི་ཉམས་སུ་མྱོང་བར་གྱིས་ཤིག་ཅེས་ཟེར་ཏེ་ཞེས་བྱས་པ་ནས་མུན་པ་མུན་ནག་ཆེན་པོར་ཞུགས་ཏེ། མི་རྒོད་ཀྱིས་ཁྲིད་པ་བཞིན་དུ་ཀྱི་ཧུད་འདི་སྙམ་དུ་བདག་ནི་འཛམ་བུའི་གླིང་བཀྲ་བ་བོར་རོ། །ད་ནི་མཐོ་རིས་མི་མཐོང་ངོ་སྙམ་མོ་ཞེས་བྱ་བ་ནས་དེ་ནས་བཟང་སྐྱོང་སྤུ་ཟིང་ཞེས་བྱེད་དེ་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ངོ་ཞེས་གསུངས་སོ། །རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་ལས་ཀྱང༌། མི་རྣམས་གང་དག་སྡིག་བྱེད་པ། །མེ་ཡི་ཕུང་པོར་ལྡན་རྣམས་སུ། །བསྐལ་པ་དུ་མར་བཙོ་བར་འགྱུར། །ཕྲ་སྐམ་རྣོན་པོ་རྣམས་ཀྱིས་ནི། །བཟུང་ཞིང་ཡང་དང་ཡང་བསྙུགས་པས། །དེ་དག་ཤ་ནི་ཡོད་མིན་པས། །དུང་ལྟར་དཀར་བ་དག་ཏུ་འགྱུར། །ལྕགས་ཀྱི་གཞོང་པར་འདུག་ནས་ནི། །རབ་ཏུ་ཚ་ཞིང་སྲེག་པར་བྱེད། །ཤི་ཞིང་ཤི་ཞིང་སྐྱེ་འགྱུར་ཏེ། །རང་གི་ལས་ཀྱིས་གནས་པར་འགྱུར། །གལ་ཏེ་དམྱལ་བའི་སྲུང་རྣམས་ཀྱིས། །ངན་པའི་གནས་རྣམས་དེ་དག་ནི། །གཏུན་ལ་སོགས་པར་བརྡུང་བ་ནི། །ཤ་རྐང་རུས་པ་ཕྱེ་མར་འགྱུར། །དེ་ཡི་ཚེ་ན་དེ་དག་ནི། །ཤིན་ཏུ་གྲང་པའི་རླུང་ཡང་ལྡང༌། །སྡུག་བསྔལ་གྱུར་པ་དེ་ལས་འཚོ། །སྟ་རེ་རྣམས་ཀྱིས་གཤགས་པ་དང༌། །དེ་བཞིན་གསལ་ཤིང་འཛུགས་པར་འགྱུར། །མི་རྣམས་གང་དག་སྡིག་བྱེད་པ། །ལྕགས་མདུང་རྩེ་མོ་བཞི་པ་དང༌། །རྩེ་གསུམ་པ་དང་རྩེ་ལྔ་འབབ། །རལ་གྲི་མཆུ་ཅན་ཁྭ་རྣམས་ཀྱིས། །མགོ་དང་ལག་པ་བཏོགས་གྱུར་ཅིང༌། །ཝ་དང་སྤྱང་ཀིས་ཟ་བར་འགྱུར། །མི་རྣམས་གང་དག་སྡིག་བྱེད་པ། །རབ་ཏུ་ཚ་བར་བསྲེག་འགྱུར་ཞིང༌། །ངུ་འབོད་དང་ནི་ངུ་འབོད་ཆེ། །ཐིག་ནག་ཏུ་ཡང་བསྲེག་པར་འགྱུར། །ཡང་ནས་ཡང་དུ་མེ་མུར་དང༌། །སྤུ་གྲིའི་ཆུ་ཀླུང་རྣམས་སུ་ལྷུང༌། །གང་ཚེ་ལྕགས་ཀྱི་ཟངས་པོ་ཆེར། །མི་རྣམས་དེ་དག་འཚོད་པ་ན། །ཁྱི་རྣམས་ཀྱིས་ནི་གཙེས་པར་འགྱུར། །
ལྕགས་ལས་བྱས་པའི་བྲག་ཆེན་དང༌། །མི་སྡུག་རི་བོ་རྣམས་ཀྱིས་ནི། །དེ་ཚེ་ཀུན་ནས་ལུས་འཇོམས་བྱེད། །འབྲས་བུ་དེ་འདྲ་ཐོབ་བྱེད་ཀྱང༌། །དེ་ལ་སྐྱོབ་པ་འགའ་ཡང་མེད། །ཅེས་འབྱུང་ངོ༌། །རྒྱལ་པོ་ལ་གདམས་པའི་མདོ་ལས། དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་མཐོང་ན་འདི་ལྟ་སྟེ་རྒྱ་མཚོ་ཆེན་པོའི་ནང་ན་ཉ་རློན་དང༌། ཉ་རློན་མིད་ལ་སོགས་པ་སྲོག་ཆགས་གཅིག་གིས་གཅིག་གསོད་པ་དང༌། འཚེ་བ་དང་དབང་མེད་པར་སྐྱེའོ། །བདག་ཡི་དགས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རམ་སྙམ་ན། འདི་ལྟ་སྟེ་ལོ་མང་པོ་དང༌། ལོ་བརྒྱ་ཕྲག་མང་པོ་དང། ལོ་སྟོང་ཕྲག་མང་པོར་ཆུའི་སྒྲ་ཡང་མི་ཐོས་ན་མཐོང་བ་ལྟ་ཅི་སྨོས་པར་འགྱུར་རོ་ཞེས་གསུངས་སོ། །དྲི་མ་མེད་པར་གྲགས་པས་བསྟན་པ་ལས། གདུལ་དཀའ་བ་འདུལ་བའི་གཏམ་གང་ཞེ་ན། འདི་ལྟ་སྟེ། འདི་ནི་སེམས་ཅན་དམྱལ་བའོ། །འདི་ནི་བྱོལ་སོང་ངོ༌། །འདི་ནི་གཤིན་རྗེའི་འཇིག་རྟེན་ནོ། །འདི་ནི་ལུས་ཀྱི་ངན་པར་སྤྱོད་པའོ། །འདི་ནི་ལུས་ཀྱི་ངན་པར་སྤྱོད་པའི་རྣམ་པར་སྨིན་པའོ། །འདི་ནི་ངག་གི་ངན་པར་སྤྱོད་པའོ། །འདི་ནི་ངག་གི་ངན་པར་སྤྱོད་པའི་རྣམ་པར་སྨིན་པའོ། །འདི་ནི་ཡིད་ཀྱི་ངན་པར་སྤྱོད་པའོ། །འདི་ནི་ཡིད་ཀྱི་ངན་པར་སྤྱོད་པའི་རྣམ་པར་སྨིན་པའོ། །འདི་ནི་སེར་སྣའོ། །འདི་ནི་སེར་སྣའི་འབྲས་བུའོ་ཞེས་བྱ་བ་ནས་འདི་ནི་ཤེས་རབ་འཆལ་པའོ། །འདི་ནི་ཤེས་རབ་འཆལ་པའི་འབྲས་བུའོ་ཞེས་དེ་ལྟར་གསུངས་པས་རྟ་རྒོད་འདྲ་བའི་སེམས་ཅན་རྣམས་འདུལ་བར་བྱེད་དོ་ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ཆེན་པོ་ལས། མི་དགེ་བ་བཅུ་རབ་ཏུ་བྱས་པས་ནི་སེམས་ཅན་དམྱལ་བ་རྣམས་སུ་མྱོང་ངོ༌། །འབྲིང་བྱས་པས་ནི་བྱོལ་སོང་གི་ལུས་མྱོང་ངོ༌། །ཐ་མ་བྱས་པ་ས་ནི་ཡི་དགས་ཀྱི་ལུས་མྱོང་ངོ་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས། སྡིག་པ་ཕྲ་མོ་ཆུང་ངུ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་ཆུང་ངུ་ཡང༌། །སྣོད་ཆེན་ཡོངས་སུ་གང་བར་འགྱུར། །ཞེས་གསུངས་སོ། །དེས་པས་ཞུས་པ་ལས། ས་བོན་ཚ་བ་རྣམས་ཀྱིས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ཀྱིས་ནི། །འབྲས་བུ་མངར་བ་
སྐྱེ་བར་འགྱུར། །སྡིག་པའི་རྣམ་སྨིན་ཚ་བ་དང༌། །དཀར་པོའི་རྣམ་སྨིན་མངར་བ་དབང༌། །མཁས་པའི་མིས་ནི་ཤེས་པར་བྱ། །ཞེས་གསུངས་སོ། །རྒྱལ་པོ་ལ་གདམས་པ་ལས་ཀྱང༌། དུས་ཀྱི་གཉེར་ཏེ་རྒྱལ་པོ་འགྲོ་དགོས་ན། །ལོངས་སྤྱོད་མཛའ་དང་གཉན་བཤེས་ཕྱིར་མི་འབྲང༌། །སྐྱེས་བུ་དེ་ནི་གང་དང་གང་འགྲོ་བར། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་འབྱུང་ངོ༌། །ཡང་ལས་བརྒྱ་པ་ལས། ལུས་ཅན་ཀུན་གྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཞིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་སོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང༌། དཀར་པོ་དང༌། ནག་པོའི་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བར་རིག་ནས། སྲོག་གི་ཕྱིར་ཡང་མི་བྱ་བ་མི་བྱེད་དོ་ཞེས་གསུངས་སོ། །ཡང་དེ་ལས་གྲོགས་པོ་དག་འཇིག་རྟེན་སྐྱོང་བར་བྱེད་པའི་ཆོས་བཞི་སྟེ། འདི་ལྟ་སྟེ། འདོད་པ་དང༌། ཞེ་སྡང་དང༌། འཇིགས་པ་དང༌། གཏི་མུག་སྤངས་པས་འདོད་པས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང༌། ཞེ་སྡང་གིས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང། འཇིགས་པས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང༌། གཏི་མུག་གིས་འགྲོ་བ་མ་ཡིན་པར་མི་འགྲོ་བའོ་ཞེས་འབྱུང་ངོ༌། །མྱ་ངན་ལས་འདས་པ་ལས། དགེ་བ་བཅུ་ལ་ཡང་རྣམ་པ་བཞི་སྟེ། རབ་དང༌། འབྲིང་དང༌། ཐ་མ་དང༌། རབ་ཀྱི་རབ་བོ། །དེ་ལ་ཐ་མས་ནི་སྒྲ་མི་སྙན་དུ་སྐྱེའོ། །འབྲིང་གིས་ནི་ལུས་འཕགས་སུ་སྐྱེའོ། །རབ་ཀྱིས་ནི་བ་ལང་སྤྱོད་དུ་སྐྱེའོ། །རབ་ཀྱི་རབ་ཀྱིས་ནི་འཛམ་བུའི་གླིང་དུ་སྐྱེའོ་ཞེས་འབྱུང་ངོ༌། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་འཁོར་ལོ་བཅུ་གང་ཞེ་ན། རིགས་ཀྱི་བུ་འཁོར་ལོ་བཅུ་ནི་དགེ་བ་བཅུ་ཡིན་པར་ཤེས་པར་བྱའོ། །འཁོར་ལོ་བཅུ་པོ་འདི་དང་ལྡན་པས་ན་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང༌། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་དང༌། སྐྱེ་བོ་ཐམས་ཅད་སྨིན་པར་བྱེད་ཅིང་ཐམས་ཅད་ལ་ཕན་པ་དང༌། བདེ་བ་ཡོངས་
སུ་ཐོབ་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྔ་མ་འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་འདི་ལ་བསྔགས་པས་འབྲས་བུ་ཐོབ་པར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནམ་འཚོའི་བར་དུ་སྲོག་གཅོད་པ་སྤངས་ནས། དེ་ཉིད་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན། ཐོག་མ་མེད་པ་ནས་སྲོག་གཅོད་པའི་ལས་བྱུང་བ། ཉོན་མོངས་པའི་སྒྲིབ་པ་དང༌། ཆོས་ཀྱི་སྒྲིབ་པ་དང༌། ཚེའི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་དོ། །འཆི་བའི་ཚེ་ན་ཡང་གཤིན་རྗེའི་ཕོ་ཉ་མཐོང་བར་མི་འགྱུར་རོ། །ཡིད་དུ་འོང་བའི་དགེ་བའི་བཤེས་གཉེན་ཆོས་ཀྱིས་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དང་ལྡན་པ་དང་ཕྲད་ཅིང་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ། །ཚེ་འཕོས་ནས་ཡང་མིའི་ནང་དུ་དབང་པོ་ཚང་བ་དང༌། ཡན་ལག་དང་ལྡན་པ་དང༌། ཚེ་རིང་བ་དང༌། གཟུགས་བཟང་བ་དང༌། ཡིད་གཞུངས་པ་དང༌། བདེ་ཞིང་སྐྱིད་པ་དང༌། དགེ་བའི་བཤེས་གཉེན་དང་ཕྲད་ཅིང༌། དགེ་བའི་ཆོས་ཐམས་ཅད་རྫོགས་པར་བྱས་ནས་བྱང་ཆུབ་ཐོབ་པའི་བར་དུ་འགྱུར་རོ། །རིགས་ཀྱི་བུ་འདི་ནི་འཁོར་ལོ་དང་པོའོ། །རིགས་ཀྱི་བུ་འཁོར་ལོ་དེ་དང་ལྡན་ན་སེམས་ཅན་དམྱལ་བར་མི་ལྟུང་བ་ནས་ངན་སོང་ཐམས་ཅད་དུ་ལྟུང་བར་མི་འགྱུར་རོ་ཞེས་བྱ་བ་ནས། ལོག་པར་ལྟ་བ་སྤོང་བའི་བར་དུ་རྒྱས་པར་སྦྱར་བར་བྱའོ། །སྡོམ་པ་གསུམ་བསྟན་པ་ལས། འོད་སྲུངས་ཆོས་གསུམ་དང་ལྡན་ན་རྒྱལ་རིགས་ཤིང་སཱ་ལ་ལྟ་བུ་གཟུགས་བཟང་བ་དང༌། མཛེས་པ་དང༌། ལྟ་ན་སྡུག་པ་དང༌། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་དང༌། ལེ་ལོ་མེད་པ་དང༌། གསལ་བ་དང༌། ཤིན་ཏུ་ངེས་པར་འགྱུར་ཏེ་འདི་ལྟ་སྟེ། དགེ་སྦྱོང་དང་བྲམ་ཟེ་མཐོང་ན་འདི་དག་ནི་སྦྱིན་གནས་སོ། །མཆོད་པར་འོས་པའོ། །ཕྱག་གི་གནས་སོ་ཞེས་དགའ་བ་སྐྱེད་དེ། གོས་དང༌། ཟས་དང༌། མལ་ཆ་དང༌། ན་བའི་གསོ་སྨན་དང༌། ཡོ་བྱད་ཀྱིས་མགྲོན་དུ་གཉེར་བ་འདི་ནི་ཆོས་དང་པོའོ། །གཞན་གཉིས་ནི་བརྫུན་སྤོང་བ་དང༌། བསྙེན་
བཀུར་གྱི་སྙིང་པོ་ལེན་པའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཅི་འདྲ་བ་ཡི་ལས་བྱས་པ། །རྣམ་པར་སྨིན་པ་དེ་འདྲར་འགྱུར། །བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང༌། །དེ་ནི་ཆུད་ཟར་གྱུར་པ་མེད། །ཅེས་འབྱུང་ངོ༌། །སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་ཀྱང༌། གལ་ཏེ་སྲོག་གཅོད་ཡོངས་སྤངས་ན། །ཀུན་གྱིས་བཀུར་ཞིང་བླ་མར་བྱེད། །རྟག་ཏུ་ནད་མེད་ཚེ་ཡང་རིང༌། །བདེ་ཞིང་སྐྱིད་ལ་གནོད་པ་མེད། །སྐྱེ་བོའི་གནས་ནི་ཐམས་ཅད་དུ། །སངས་རྒྱས་སྤྱོད་ཡུལ་ལམ་ལ་མོས། །སངས་རྒྱས་ཆོས་དང་དགེ་འདུན་མཐོང༌། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ། །ཅེས་བྱ་བ་ནས། ངན་པར་ལྟ་བ་ཡོངས་སྤངས་ནས། །རྣམ་དག་དད་པའི་སེམས་བསྒོམས་ན། །ཐེག་གསུམ་སྟོན་པ་མོས་བྱེད་ཅིང༌། །སངས་རྒྱས་ཀུན་ལ་མཆོད་པ་བྱེད། །ངན་སོང་ཀུན་ལས་ཡོངས་ཐར་ཏེ། །འཕགས་པའི་དགེ་འདུན་རྣམས་དང་ཕྲད། །བྱང་ཆུབ་སེམས་དཔའི་ཡོན་ཏན་ལྡན། །ཡེ་ཤེས་མཆོག་ཀྱང་ཐོབ་པར་འགྱུར། །ཞེས་གསུངས་སོ། །མངོན་པར་མཐོ་བའི་ལེའུ་སྟེ་དང་པོའོ།། །།འཕགས་པའི་བདེན་པའི་གཏམ་ནི་སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། འདུ་འཛི་དགའ་ཞིང་ཚུལ་ཁྲིམས་སྲུང་ཞིང༌། །སློབ་དཔོན་འཆང་ཞིང་སྡུག་བསྔལ་འཇིགས་པ། མཁས་པ་དག་གིས་ཤེས་པར་གྱིས་ཤིག །དེ་ནི་ཉན་ཐོས་ཐེག་པ་ཡིན་ནོ། །སྦྱིན་ལ་དགའ་ཞིང་སྐྱེ་འགོག་རྟོག་པ། །བས་མཐའི་གནས་མལ་དགའ་བ་དག་ནི། །རང་རྒྱལ་བ་ཡི་ཐེག་པ་ཡིན་པར། །མཁས་པ་དག་གིས་ཤེས་པར་གྱིས་ཤིག །དགེ་བའི་རྩ་བ་ཀུན་དང་ལྡན་ཞིང༌། །བྱམས་པ་དང་ནི་སྙིང་རྗེའི་སེམས་ཀྱིས། །རྟག་ཏུ་ཕན་པའི་དོན་ལ་དགའ་བ། །དེ་ནི་ཐེག་པ་ཆེན་པོ་ཡིན་ནོ། །ཚུལ་ཁྲིམས་བསྲུང་ཞིང་ལུས་སྲོག་སྤོང་ཞིང༌། །སེམས་ཅན་དག་ལ་མི་འཚེ་མི་གནོད། །སྟོང་པ་ཉིད་ཀྱི་ཆོས་ལ་བརྩོན་པ། །ཐེག་པ་ཆེན་པོ་ཡིན་པ་ཤེས་བྱ། །ཞེས་གསུངས་སོ། །མྱ་ངན་ལས་འདས་པའི་མདོ་ལས། སྲིད་པ་ཐམས་ཅད་བདེན་མ་ཡིན། །མྱ་ངན་སྐྱོན་དང་རྟག་ཏུ་བཅས། །སྐྱོན་མང་འཇིགས་པའི་ཆོས་ཅན་ཏེ། །རྒ་དང་ན་འཆིས་རྟག་ཏུ་གཙེས། །སྲིད་པའི་ཆོས་ནི་
མཐའ་ཡས་པ། །འགྱུར་ཞིང་འཕོ་བའི་སྒྲ་དང་བཅས། །ཉོན་མོངས་ཀུན་ཏུ་གླགས་པ་ནི། །ཇི་ལྟར་དར་གྱི་སྲིན་བུ་བཞིན། །དེ་ལ་མཁས་པ་ཤེས་རབ་ཅན། །སུ་ཞིག་དགའ་ཞིང་མོས་པ་བྱེད། །ལུས་འདི་སྡུག་བསྔལ་ཕུང་པོ་སྟེ། །ཐམས་ཅད་མི་གཙང་བཙོག་པའོ། །སྐྱོན་གྱིས་བཅིངས་ཤིང་རྨ་དང་ལྡན། །ཕན་པའི་དོན་ནི་ཡེ་ནས་མེད། །ཡར་ནི་ལྷ་ཡི་ལུས་བར་དུ། །ཐམས་ཅད་དེ་དང་འདྲ་བས་ན། །འདོད་པ་ཐམས་ཅད་མི་རྟག་པས། །ང་ནི་དེ་ལ་ཆགས་མི་བྱེད། །འདོད་སྤངས་ལེགས་པར་ཡིད་བྱས་ན། །ཡང་དག་བདེན་པར་རེག་པར་འགྱུར། །ཞེས་འབྱུང་ངོ༌། །མངལ་དུ་འཇུག་པ་བསྟན་པ་ལས་གཞན་ཡང་དགའ་བོ་ལུས་འདི་ཞག་བདུན་ཕྲག་དང་པོ་ལ་མའི་མངལ་ན་གནས་པ་ནི་མེར་མེར་པོ་ཞེས་ཏེ་ལུས་ཀྱི་མཚན་མ་དང་པོ་ཡིན་པས་དཔེར་ན་ཞོ་མ་ཆགས་པ་དང་འདྲའོ་ཞེས་བྱ་བ་ནས། མ་ཞུ་བ་རྣམས་ཀྱི་ནི་འོག་ཞུ་བའི་གནས་ཀྱི་སྟེང་ན་ནང་དུ་བཙོས་རབ་ཏུ་བཙོས་ཤིང་གནས་ལྔ་ཀུན་ཏུ་བཅིངས་ཤིང་འདི་ལྟ་སྟེ། དཔེར་ན་རྩ་རྐྱང་པའི་ནང་དུ་འདུག་པ་དང་འདྲའོ། །གལ་ཏེ་དེའི་མས་ཟས་ཟོས་སམ། གྲང་བ་དང་ཚ་བ་ཟོས་སམ། འདོད་པ་སྤྱད་དམ། མཆོད་པ་བྱས་ན་མངལ་ན་གནས་པ་དེ་སྡུག་བསྔལ་མྱོང་བར་འགྱུར་ཏེ། ངས་མིར་གྱུར་པའི་སྡུག་བསྔལ་མདོ་ཙམ་བསྟན་པ་ཡང་དེ་དང་འདྲ་ན། སེམས་ཅན་དམྱལ་བའི་སྡུག་བསྔལ་ལྟ་སྨོས་ཅི་དགོས་པས་མཁས་པ་སུ་ཞིག་འཁོར་བའི་རྒྱ་མཚོ་འདི་ལྟ་བུ་ལ་མོས་པ་བྱེད་ཅེས་བྱ་བ་ནས། ཞག་བདུན་ཕྲག་སུམ་ཅུ་རྩ་བདུན་པ་ལ་ཕྱིན་ཅི་མ་ལོག་པའི་འདུ་ཤེས་ལྔ་འབྱུང་སྟེ་ལྔ་གང་ཞེ་ན། མི་གཙང་བའི་འདུ་ཤེས་དང༌། དྲི་མི་ཞིམ་པ་དང༌། བཙོན་ར་དང༌། མུན་ནག་དང༌། ཕྱིར་འབྱུང་བའི་འདུ་ཤེས་ཏེ། ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་འདས་ནས་འབྱུང་བ་འདོད་པའི་ཚེ། སྡུག་བསྔལ་སྣ་ཚོགས་མྱོང་ནས་འབྱུང་བར་འགྱུར་ཏེ། དེའི་ཕྱིར་སྡུག་བསྔལ་ཆེན་པོའོ། །ས་ལ་ལྷུང་མ་ཐག་ཏུ་ནི་པགས་པ་བཤུས་ནས་ས་ལ་བཞག་པ་སྙམ་བྱེད་དོ་ཞེས་རྒྱས་པར་གསུངས་སོ། །ཡང་དེ་ཉིད་ལས་ལུས་འདི་ཉིད་ལོ་བརྒྱ་ཐུབ་པར་གྱུར་ཀྱང་མཐར་འཇིག་པས་མཁས་པ་སུ་ཞིག་འཁོར་བའི་རྒྱ་མཚོ་འདིར་
ཆགས་པར་བྱེད། གཞན་ཡང་དགའ་བོ་ལུས་འདི་ལ་སྡུག་བསྔལ་གཉིས་ཡོད་དེ། གཉིས་གང་ཞེ་ན། ནད་མང་པོ་ལུས་ལ་འདུས་པ་འདི་ནི་ནང་གི་སྡུག་བསྔལ་ཞེས་བྱའོ། །མི་དང་མི་མ་ཡིན་པས་འཚེ་བ་འདི་ནི་ཕྱིའི་སྡུག་བསྔལ་ཞེས་བྱའོ། །འདི་ལྟ་སྟེ་ནང་གི་ནད་མིག་ན་བ་དང་ཞེས་བྱ་བ་ནས་ནད་བཞི་བརྒྱ་རྩ་བཞིའི་བར་རོ། །ཕྱི་རོལ་གྱི་སྡུག་བསྔལ་བཙོན་རར་བཅུག་པ་དང༌། རྣ་བ་བཅད་པ་ནས་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་དང་ཆར་བས་ཉེན་པ་ལ་སོགས་པ་སྟེ། མིར་གྱུར་པ་རྣམས་ཀྱི་སྡུག་བསྔལ་ཡང་དེ་འདྲ་ན། ངན་འགྲོ་རྣམས་ཀྱི་སྡུག་བསྔལ་ལྟ་ཅི་སྨོས་ཏེ། ཤིན་ཏུ་བཟོད་པར་དཀའོ། །གཞན་ཡང་ཚོལ་བ་དང༌། ཐོབ་ན་ཡང་སེར་སྣས་ཕོངས་ཤིང་བསྲུང་བ་དང༌། སྟོར་ཞིང་ཆུད་ཟོས་ན་ཡང་སྡུག་བསྔལ་ཆེན་པོ་སྐྱེད་པར་བྱེད་དོ། །དགའ་བོ་མདོར་ན་ལུས་འདི་ནི་བདེ་བའི་འདུ་ཤེས་སྐྱེད་པར་བྱེད་ཀྱང་ཡང་དག་པར་ན་བདེ་བར་བྱེད་པ་མ་ཡིན་ནོ། །གང་ལ་ལ་ཞིག་བདག་གི་དོན་དང་གཞན་དང་གཞན་གྱི་དོན་གྱི་ཕྱིར་དེ་ལྟ་བུའི་སྡུག་བསྔལ་གྱིས་ཡོངས་སུ་སྐྱོ་བར་བྱས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ། ཡང་དག་པར་སློབ་པར་བྱེད་ན་མྱ་ངན་ལས་འདས་པ་རྣམ་པར་གྲོལ་བའི་ཆོས་ལས་ཉམས་པར་མི་འགྱུར་ལ། གང་ལ་ལ་ཞིག་གོས་དང་མལ་ཆ་དང་ན་བའི་གསོ་སྨན་དང༌། ཡོ་བྱད་ཀྱིས་རིམ་གྲོ་བྱེད་པ་དེ་དག་ཀྱང་རྣམ་པར་སྨིན་པ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནས། དགའ་བོ་མིར་སྐྱེ་བ་ལ་སྨོན་པ་དང༌། ལྷའི་འཇིག་རྟེན་ཡོངས་སུ་ཚོལ་བས་ཚངས་པར་སྤྱད་པ་དག་ཡང་དག་པར་སྤྱད་པ་ལ་ཉེས་པ་དེ་དག་ཡོད་པ་དེ་ལྟ་བས་ན་ཁྱོད་ཀྱིས་མྱ་ངན་ལས་འདས་པ་དོན་དུ་གཉེར་བའི་བསམ་པས་ཚངས་པར་སྤྱད་པར་བྱའི་ལྷར་སྐྱེ་བ་ལ་དགའ་བས་བརྩོན་པར་མི་བྱའོ། །ངས་ནི་ཇི་སྐད་བསྟན་པ་ལྟར། །རྟག་ཏུ་དེ་བཞིན་རབ་བསྒོམས་ལ། །རྣམ་གྲོལ་ཡོངས་སུ་བཙལ་བར་གྱིས། །མྱུར་དུ་འཁོར་བའི་རྒྱ་མཚོ་འདའ། །ཞེས་འབྱུང་ངོ༌། །དྲང་སྲོང་རྒྱས་པས་ཞུས་པ་ལས། དྲང་སྲོང་ཆེན་པོ་ལྷའི་གནས་དེ་ན་ཤིང་ལྗོན་པ་འབྲས་བུ་སྣ་ཚོགས་བདུད་རྩི་དང་འདྲ་བའི་རོ་བྲོ་བ་སྣ་ཚོགས་ཡན་ལག་བརྒྱད་དང་ལྡན་པ་ཡོད་
དོ། །འབྲས་བུ་དེ་དག་ནི་ཤིང་རྟའི་འཕང་ལོ་ཙམ་མོ། །དེ་དག་གི་ས་ཕྱོགས་ན་ཚེར་མ་རྣོ་བའི་བག་མེད་པ་གསེར་དང་དངུལ་གྱི་ཕྲེང་བ་སྣ་ཚོགས་པས་མཛེས་པར་བྱས་སོ། །དེ་ནས་ཚེ་ཟད་པའི་ལྟས་འབྱུང་བ་ནི། ཤིང་དྲུང་གི་ལོ་མ་བརྙིངས་པ་དང༌། ཡལ་གའི་མེ་ཏོག་དང་དྲི་ཡང་མེད་པར་འགྱུར་རོ། །སེམས་ཅན་དེ་ཡང་མི་དགའ་བ་རྙེད་དེ་ཕྲེང་བ་ཡང་བརྙིངས་པར་འགྱུར། ལྷའི་རླུང་བསིལ་བ་ཡང་དྲོ་བར་ལྡང་ངོ༌། །དེས་ན་དེའི་གནས་དེ་དག་མཐོང་ནས་ལྷའི་བུ་མོ་དེ་དག་ང་རོ་གཅིག་ཏུ་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ནོ། །སེམས་ཅན་དེ་ཡང་ལྷའི་བུ་མོ་དེ་དག་དང་ཀྱི་ཧུད་མི་རྟག་པ་འདི་ནི་སྙིང་རྗེ་མེད་པའོ། །འདི་ལྟར་དགའ་ཞིང་འཁོད་པ་ལས། །མི་འདོད་བཞིན་དུ་མཐོ་རིས་ནས་ལྷུང་ངམ། །ཨེ་མའོ། །ལྷ་གཞོན་ནུ་མྱུར་དུ་མིའི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག་ཅེས་མྱ་ངན་བྱེད་པ་ན། རིམས་དྲག་པོས་ནོན་ཏེ་དེའི་ལུས་གཅིག་ཏུ་འབར་བར་འགྱུར་རོ། །ལུས་འབར་བས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །ཡང་ལྟས་གཉིས་འབྱུང་བ་དེ་ཐོག་མར་གྲིབ་མ་མི་སྣང་བར་འགྱུར་ཞིང་ལྷའི་བུ་མོ་དང་ཀུན་དུ་སྨྲ་བའི་སྒྲ་སྙན་པ་མི་ཐོས་སོ། །ལྷ་གཞོན་ནུ་དེ་ལྷ་ཡུལ་པའི་གནས་རྣམས་སུ་འགྲོ་སྟེ་ཞེས་བྱ་བ་ནས་ལྷའི་བུ་མོའི་ཚོགས་ངུ་ཞིང་སྙིང་རྗེ་རྗེ་ལྟར་སའི་སྟེང་ན་འདྲེ་ལྡོག་པས་ལུས་ལ་རྔུལ་འབྱུང་ཞིང་དེ་དག་མིག་མི་འཛུམས་པ་ལས་འཛུམ་པར་འགྱུར་ཏེ། ཉ་ཆུ་ནས་བཏོན་ནས་ཉི་མས་གདུངས་པ་ལྟར་གྱུར་པ་མཐོང་ནས་ལྷའི་བུ་མོས་བསྐོར་ནས་འདི་སྐད་དུ་ཀྱི་ཧུད་རེ་སྡུག །གཞོན་ནུ་མཆོག་དེ་གང་དུ་སོང་བདག་ཅག་བོར་རོ། །ལྷའི་བུ་ཡུལ་བོར་རོ། །ད་གར་འགྲོ་ཞེས་འཛེར་ཏོ། །ཐག་རིང་པོ་ནས་ལག་པ་གཡས་པ་བརྐྱང་སྟེ། མེ་ཏོག་གཏོར་ནས་འདི་སྐད་ཅེས་ཀྱེ་མའོ་ལེགས་པ་བྱེད་པའི་མིའི་འཇིག་རྟེན་དུ་སོང་སྟེ་དད་པའི་གཤོལ་གྱིས་བསོད་ནམས་ཀྱི་ཞིང་མེད་པར་གྱུར་ཅིག་ཅེས་འཛེར་ཏོ། །དེ་ཐོས་པས་ལུས་བཏང་བས་རིག་ནས་རིམས་དྲག་པོས་བཏབ་བོ། །དེའི་ལུས་ཞིག་པས་མར་གྱི་ཐིགས་པ་རྡོ་ཚན་ལ་ཐིམ་པ་བཞིན་ནོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་དེ་ལ་བལྟས་ནས་ཚངས་པའི་དབྱངས་འདི་སྐད་ཅེས་སྨྲའོ། །ཆོག་གོ་ལྷའི་བུ་དག་བདག་ཅག་ཐམས་ཅད་ཀྱིས་འགྲོ་བ་ཡང་འདི་འདྲེས་པར་སྲེད་པར་མ་བྱེད།
ངན་འགྲོར་མ་གནས་ཤིག །ལྷའི་བུ་དག་དབྱངས་གཅིག་ཏུ་སྨྲ་བ། གྲོགས་པོ་དགེ་བ་བྱེད་པ་མིའི་འཇིག་རྟེན་དུ་སོང་ཤིག་ཅེས་བྱས་སོ་ཞེས་གསུངས་སོ། །སྡོམ་པ་གསུམ་བརྟན་པ་ལས་སེམས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཆོས་ལ་ནན་ཏན་མ་བྱས་པ། བརྩོན་འགྲུས་མ་བརྩམས་པ་དབང་པོ་ཡོངས་སུ་མ་སྨིན་ཏེ། དབང་པོ་ཡོངས་སུ་ཞེན་པ་བརྩོན་འགྲུས་ཆུང་བ་དག་ལ་ཤིན་ཏུ་ཟབ་པ་ཐེག་པ་ཆེན་པོའི་ཆོས་བསྟན་པ་འཆད་པ་དང་ཉན་པ་གཉི་ཀ་ཁ་ན་མ་ཐོ་བ་ཆེན་པོའི་སྡིག་པ་འཐོབ་པར་འགྱུར་ཏེ། དེ་ནི་སངས་རྒྱས་ཐམས་ཅད་ལ་འཁུ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་ལ་ནན་ཏན་མ་བྱས་པར་ཐེག་པ་ཆེན་པོའི་ཆོས་མཉན་ན་སེམས་ཅན་དེ་ནི་གཏི་མུག་པ་ཡིན་ཏེ་ཞེས་བྱ་བ་ནས། ངའི་སློབ་མ་ཚུལ་ཁྲིམས་བསྲུང་བ་དང་ཚུལ་ཁྲིམས་མེད་པ་དགེ་བ་སྤྱོད་ཡུལ་མི་སྟེར་ཏེ། དེའི་རྒྱུ་དང་དེའི་རྐྱེན་གྱིས་ངན་སོང་དུ་ལྷུང་ནས་མུན་པར་འགྲོ་སྟེ་ཐར་པའི་དུས་མེད་དོ། །སེམས་ཅན་དེའི་སྡིག་པ་རྣམ་པར་སྨིན་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ནན་ཏན་མ་བྱས་པར་ཤིན་ཏུ་ཟབ་པ་ཐེག་པ་ཆེན་པོའི་ཆོས་ལ་ཉན་ཅིང་རྩོལ་བ་བྱེད་པའི་ཕྱིར་རོ། །འདི་ལྟར་གྲུ་ཟག་པ་དང་བུག་རྡོལ་ཅན་དུ་ཞུགས་ནས་རྒྱ་མཚོ་ལ་རྒལ་བ་ལྟར་ཐམས་ཅད་མཁྱེན་པའི་རྒྱ་མཚོ་རུ་འཇུག་པར་མི་ནུས་སོ་ཞེས་གསུངས་སོ། །ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པའི་མདོ་ལས། དགེ་སྦྱོང་གི་ཆོས་ཞེས་བགྱི་བ་ནི་བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པའི་སེམས་ཀྱི་བསླབ་པ་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། དགེ་སློང་སོ་སོར་ཐར་པའི་སྡོམ་པ་ལ་ཡང་ལམ་བསྒོམ་པ་ལ་རག་ལས་པས་སྡོམ་པ་དང༌། སྤྱོད་པའི་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བ་དང༌། ཀུན་ལས་འབྱུང་བ་ལ་བསླབ་པ་སློབ་པའི་ཚོགས་འདི་དག་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །ལྷག་པའི་སེམས་ཀྱི་བསླབ་པ་ནི་ཚངས་པ་བཞི་ལ་གནས་པ་འདིའི་ཕྱིར། བྱམས་པའི་སེམས་
དང་ལྡན་པ་འཇིག་རྟེན་འགེངས་པ་འདིའི་བར་དུ་རྒྱས་པར་བརྗོད་པ་འདི་ནི་ལྷག་པ་སེམས་ལ་སློབ་པ་ཞེས་བྱའོ། །ལྷག་པའི་ཤེས་རབ་ལ་བསླབ་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་སྟེ། འདི་ལྟ་སྟེ། འཕགས་པའི་བདེན་པའི་སྡུག་བསྔལ་དང༌། ཀུན་ནས་འབྱུང་བའི་སྡུག་བསྔལ་དང། འགོག་པ་ལ་ནན་ཏན་དུ་འགྲོ་བ་འཕགས་པའི་བདེན་པའི་སྡུག་བསྔལ་ལོ། །འཕགས་པའི་བདེན་པའི་སྡུག་བསྔལ་གང་ཞེ་ན། འདི་ལྟ་སྟེ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང༌། མི་མཛའ་བ་དང་ཕྲད་པ་དང༌། མཛའ་བ་དང་བྲལ་བ་དང༌། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ། །ཀུན་ནས་འབྱུང་བའི་སྡུག་བསྔལ་གང་ཞེ་ན། གང་ལ་སྨོན་པའི་འདོད་ཆགས་དང་ལྡན་པ་དེ་དང་དེར་འགྱུར་བའོ། །འགོག་པའི་སྡུག་བསྔལ་གང་ཞེ་ན། སྨོན་པ་མངོན་པར་གྱུར་ཏེ་མ་ལུས་པར་སོ་སོར་སྤོང་བ་ཤིན་ཏུ་མི་འབྱུང་བ་ཟག་པ་མེད་པ་འདོད་ཆགས་དང་བྲལ་བ་ཉེ་བར་ཞི་བའོ། །སྡུག་བསྔལ་འགོག་པ་ལ་ནན་ཏན་དུ་བྱེད་པའི་འཕགས་པའི་བདེན་པ་གང་ཞེ་ན། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ནོ་ཞེས་གསུངས་སོ། །འཕགས་པའི་བདེན་པའི་གཏམ་གྱི་ལེའུ་སྟེ་གཉིས་པའོ།། །།ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་ནི། བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ། བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་ཞུས་པ་ལས། ཇི་ལྟར་གཡུལ་ངོར་བོང་བུ་ཞོན་ན་ནི། །དགྲ་ལས་རྒྱལ་བར་ནུས་པར་མི་འགྱུར་གྱི། །གླང་ཆེན་རྟ་དང་ཤིང་རྟ་ཞོན་ན་ནི། །གཡུལ་ངོར་ལྷགས་པའི་དགྲ་རྣམས་ཆོམས་པར་ནུས། །ཉན་ཐོས་རྣམས་ནི་བོང་བུ་ཞོན་པ་བཞིན། །བྱང་ཆུབ་སེམས་དཔའ་གླང་ཆེན་ཞོན་འདྲ་སྟེ། །སེམས་ཅན་ཀུན་ལ་ཕན་དང་བདེ་སླད་དུ། །དེ་དག་ཤིང་དབང་དྲུང་དུ་བདུད་ཀྱང་འཇོམས། །ཡབ་གཅིག་ཝ་བརྒྱ་དག་གིས་སྐད་ཕྱུང་ཡང༌། །རི་དྭགས་ཚོགས་རྣམས་འདྲོག་པར་མི་འགྱུར་གྱི། །སེང་གེའི་སྐད་ཀྱིས་གླང་ཆེན་རི་དགས་དང༌། །བྱར་བཅས་རྣམས་ཀྱང་ཕྱོགས་སུ་འབྱེར་བར་འགྱུར། །ཡབ་གཅིག་དེ་
ལྟར་ཉན་ཐོས་ཝ་འདྲ་སྟེ། །རྒྱལ་པོ་བྱང་ཆུབ་སེམས་དཔའི་སྤྱད་སྤྱོད་པས། །བདུད་དང་དེ་བཞིན་བདུད་རིགས་སྐྲག་པར་འགྱུར། །ཞེས་འབྱུང་ངོ༌། །གཙུག་ན་རིན་ཆེན་གྱིས་ཞུས་པ་ལས། རིགས་ཀྱི་བུ་དཔེར་ན་དཔག་ཚད་བརྒྱ་སྟོང་བགྲོད་དགོས་པའི་གྲོང་ཡིད་དུ་མི་འོང་བ་རང་བུ་གཅིག་པུ་ཡིད་དུ་འོང་བ་དང་འགྲོགས་ཏེ་ཕྱིན་པ་ལས། ཡིད་དུ་འོང་བའི་གྲོང་ཁྱེར་དུ་འོངས་ཏེ་རྐང་པ་ཡ་གཅིག་ནི་གྲོང་ཁྱེར་གྱི་ཐེམ་པ་ལ་བཞག །ཡ་གཅིག་ནི་ཕྱི་རོལ་ན་འདུག་པ་ལས་དེས་བུ་གཅིག་པ་དེ་ཡིད་ལ་དྲན་པར་གྱུར་ན་མ་ལ་ཀྱེ་མའོ། །བུ་གཅིག་པ་དིང་འདིར་ཁྲིད་དེ་མ་འོངས་པ་ལྟ་སྙམ་ནས་ཕྱིར་ཕྱོགས་ཏེ་བུ་གཅིག་པ་ག་ལ་འདུག་པ་དེར་སླར་ལོག་པ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བསམ་གཏན་དང་མངོན་པར་ཤེས་པས་ཟག་པ་ཟད་པའི་ཡེ་ཤེས་མངོན་སུམ་དུ་འགྱུར་རོ། །དེ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་སེམས་ལ་ལྟ་བས་ཕྱོགས་ཏེ་སླར་ལོག་ནས་སོ་སོའི་སྐྱེ་བོའི་ས་ན་ཀུན་ཏུ་ལྡང་ངོ་ཞེས་འབྱུང་ངོ༌། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་དེ་འཁོར་བ་ལ་མི་གནས་སོ། །བྱང་ཆུབ་སེམས་དཔའ་ནི་སྙིང་རྗེའི་ངང་ཚུལ་ཅན་ཏེ་མྱ་ངན་ལས་འདས་པ་ལ་མི་གནས་སོ་ཞེས་འབྱུང་ངོ༌། །མྱ་ངན་ལས་འདས་པའི་མདོ་ལས། རིགས་ཀྱི་བུ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ནི་རྟག་ཏུ་བྱང་ཆུབ་སེམས་དཔའ་ལ་གྲིབ་མ་བཞིན་དུ་འཁོར་ཏེ་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས། བཅོམ་ལྡན་འདས་བྱམས་པ་ལ་དམིགས་པ་ལ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། མི་དམིགས་པའོ། །དེ་ལ་སེམས་ཅན་ལ་དམིགས་པ་ནི་ཕུང་པོ་ལྔ་ལ་དམིགས་ནས་བདེ་བ་འདོད་པ་སྟེ་སེམས་ཅན་ལ་དམིགས་པ་ཞེས་བགྱིའོ། །ཆོས་ལ་དམིགས་པ་ནི་སེམས་ཅན་ལ་དམིགས་ནས་ཅི་དགོས་པ་སྦྱིན་པ་སྟེ། སེམས་ཅན་ལ་དམིགས་པ་ཞེས་བགྱིའོ། །མི་དམིགས་པ་ནི་དེ་བཞིན་གཤེགས་པ་ལ་དམིགས་པ་སྟེ་མི་དམིགས་པ་ཞེས་བགྱིའོ། །གང་ཞིག་སེམས་ཅན་གཅིག་ཙམ་ལ། །ཞེ་སྡང་སེམས་ནི་མི་བསྐྱེད་ཅིང༌། །དེ་ལ་བདེ་བ་འདོད་པ་ནི། །ཤིན་ཏུ་
བྱམས་པ་ཞེས་བྱའོ། །ཇི་སྟ་མངོན་ཤེས་ལྔ་ལྡན་པའི། །དྲང་སྲོང་ས་ཆེན་གང་བར་འགྱུར། །དབང་དང་ལྡན་པའི་རྒྱལ་པོ་ཞིག །བདེ་བ་ཐམས་ཅད་བྱིན་པ་ནི། །རྟ་དང་བ་གླང་ནོར་སྣ་ཚོགས། །དེ་ཡི་བསོད་ནམས་ཐོབ་པ་ནི། །བྱམས་པ་བསྒོམས་པའི་བསོད་ནམས་ཀྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །རིགས་ཀྱི་བུ་བྱམས་པ་བསྒོམས་པ་ནི་བརྫུན་པ་མ་ཡིན་ཏེ་ཡང་དག་པར་བདེན་པའོ་ཞེས་འབྱུང་ངོ༌། །བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས་ཀྱང༌། སྲེད་མེད་ཀྱི་བུ་དཔེར་ན་གཟུགས་ཀྱི་རྣམ་པར་ནམ་མཁའི་ཁམས་ཀྱིས་མ་ཁྱབ་པ་ཅི་ཡང་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱམས་པ་དེས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ཡོད་པ་དང༌། སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་མ་ཁྱབ་པ་མེད་དོ། །འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་དེ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསོད་ནམས་དང་ལྡན་པར་གྱུར་ཏམ། བརྒྱ་བྱིན་དང་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང༌། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ལ་ཞུགས་པ་གཡོ་སྒྱུ་མེད་པར་སེམས་ཅན་ཡོངས་སུ་དགྲོལ་བ་ལ་བརྩོན་པ་སྙིང་རྗེ་ཆེན་པོ་ལ་ཞུགས་པ་བྱམས་པ་ཆེན་པོ་ལ་གནས་པའི་གོམ་པ་བདུན་པ་ལ་བསོད་ནམས་ཀྱི་ཕུང་པོ་འདུས་པ་གང་ཡིན་པ་དེ་ནི་དེ་བས་ཆེས་མང་སྟེ་འཁོར་ལོས་སྒྱུར་བ་དང་ཚངས་པའི་བསོད་ནམས་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་ཀྱང༌། ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་བྱམས་པའི་བདག་ཉིད་ཅན་ཡིན་ཏེ། ཉི་ཚེ་བ་མེད་པའི་བྱམས་པ་དང་ལྡན་པ་ཡིན། སྙོམས་པའི་བྱམས་པ་དང་ལྡན་པ་ཡིན། ཕྱོགས་བཅུ་ཀུན་ཏུ་ཁྱབ་པའི་བྱམས་པ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་བྱམས་པ་དང་ལྡན་པའི་བར་དུའོ། །ཆོས་བཅུ་དང་ལྡན་ན་སྙིང་རྗེའི་བདག་ཉིད་ཅན་ཡིན་ནོ། །འདི་ལྟ་སྟེ་སྡུག་བསྔལ་བ་དང༌། སྐྱབས་མེད་པ་དང༌། མགོན་མེད་པ་དང༌། རྟེན་མེད་པ་དང༌། དཔུང་གཉེན་མེད་པ་དག་མཐོང་ན་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སེམས་བསྐྱེད་ནས་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་རྩོལ་བརྩོན་འགྲུས་རྩོམ་སྟེ་དཀའ་བ་སྤྱོད་པ་བརྒྱ་དག་ཀྱང་བྱེད་དོ་ཞེའོ། །ཆོས་བཅུ་དང་ལྡན་ན་དགའ་བ་ལ་གནས་པ་ཡིན་ཏེ། འདི་ལྟ་སྟེ་བདག་
འཁོར་བའི་བཙོན་ར་རབ་ཏུ་འབར་བ་ནས་བྱུང་ངོ་ཞེས་དགའ་བ་སྐྱེད་དོ་ཞེས་བྱ་བ་ནས། བདག་འཁོར་བའི་འབྲོག་དགོན་པར་ཡུན་རིང་པོར་འཁྱམ་སྟེ། ལམ་དང་ཡུལ་མི་ཤེས་པ་ལས་ལམ་སྟོན་པ་རྙེད་དོ་ཞེས་དགའ་བ་བསྐྱེད་དོ། །བདག་ནི་ཐམས་ཅད་མཁྱེན་པ་དང་ཉེ་བར་གྱུར་ཏོ་ཞེས་དགའ་བ་བསྐྱེད་དོ་ཞེས་བྱ་བའི་བར་དུའོ། །ཡང་ཆོས་བཅུ་དང་ལྡན་ན་བཏང་སྙོམས་ལ་གནས་པ་ཡིན་ཏེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་གཟུགས་རྣམས་ལ་བཏང་སྙོམས་སུ་གནས་པ་ཡིན། གཟུགས་ཀྱིས་སྨྲས་པར་མི་འགྱུར། གནོད་པར་མི་འགྱུར། རྨ་ཕྱུང་བར་མི་འགྱུར་བ་ནས་ཆོས་ཀྱི་བར་དུའོ། །འདུ་བྱེད་ཀྱི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་ལ་བཏང་སྙོམས་སུ་གནས་པ་ཡིན་ཞེས་བྱ་བ་ལ་སོགས་པའོ། །མྱ་ངན་ལས་འདས་པ་ལས། གང་ཞིག་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་ཡི་ནི་སེམས་བསྐྱེད་པ། །དེ་ནི་འཕགས་པའི་རིགས་ཞེས་བྱ། །བསོད་ནམས་ཚད་མེད་ཐོབ་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནི་སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་དག་འཇིག་རྟེན་གྱི་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པའི་སེམས་ཅན་ནི་དཀོན་ནོ།། དེ་བས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཏེ་བརྩོན་འགྲུས་བརྩམས་པའི་ཚུལ་འདི་ལྟ་བུས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྡུད་པ་དང༌། མོས་པ་དྲག་པོ་དེ་ལྟ་བུས་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་ཚོལ་བ་དང༌། དོན་དུ་གཉེར་བ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པར་བྱེད་པ་དང༌། དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ནན་ཏན་དུ་བྱེད་པ་དང༌། ཁེ་དང་བཀུར་སྟི་དང་སྙན་པ་དོན་དུ་མི་གཉེར་བ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་བསམ་པ་དང་འགལ་བར་མི་བྱེད་པ་དང༌། ཁྱིམ་དང༌། ལོངས་སྤྱོད་དང༌། འདོད་པའི་དགའ་བ་ཐམས་ཅད་ལ་ལྟོས་པ་མེད་པར་བྱང་ཆུབ་སེམས་དཔའི་གྲོགས་ཚོལ་བ་དང༌། ལུས་དང་སྲོག་ལ་མི་ལྟ་བར་ཐམས་ཅད་མཁྱེན་པ་ལ་མོས་པ་བྱེད་པའི་སེམས་ཅན་ནི་ཆེས་དཀོན་ནོ་ཞེས་གསུངས་སོ། །མྱ་ངན་ལས་འདས་པའི་མདོ་ལས་ཀྱང༌། སངས་རྒྱས་ཀྱི་རང་བཞིན་ནི་དད་པའི་སེམས་ཆེན་
པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ། །གསང་ཆེན་ཐབས་ལ་མཁས་པ་ལས། སྲོག་ཆགས་ཀུན་ལ་སྨན་སླད་དུ། །བདག་ནི་བྱང་ཆུབ་འདུན་པ་སྐྱེད། །ཅེས་སོ། །སེང་གེས་ཞུས་པ་ལས་ཀྱང༌། ཆོས་རྣམས་ཐམས་ཅད་བསྡུ་བ་ནི། །ཆོས་གང་གིས་ནི་ཐོབ་པར་འགྱུར། །གང་དང་གང་དུ་སྐྱེས་པ་དེར། །བྱང་ཆུབ་སེམས་དཔའ་དགའ་བ་ཐོབ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །བྱང་ཆུབ་དོན་དུ་སེམས་བཏུད་པ། །དེས་ནི་ཆོས་རྣམས་བསྡུ་བ་ཐོབ། །དེས་ནི་དགའ་བའང་ཐོབ་པར་འགྱུར། །ཞེས་འབྱུང་ངོ༌། །བྱམས་པས་ཞུས་པ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་བར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ་ཞེས་གསུངས་སོ། །བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་གྱི་མདོ་ལས། བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ཐོབ་པར་བགྱིད་པའི་ཆོས་གང་ལགས། ཆོས་གཅིག་སྟེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་གཏོང་བའོ་ཞེས་འབྱུང་ངོ༌། །དེ་ཉིད་ལས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བའི་སླད་དུ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་བསོད་ནམས་ཐམས་ཅད་ཡོངས་སུ་མ་བསྡུས་པའི་ཏིང་ངེ་འཛིན་དེ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པའི་ཕྱིར་རོ། །སྲེད་མེད་ཀྱི་བུ་བསོད་ནམས་བྱ་བའི་དངོས་པོ་ཅི་ཡང་རུང༌། སྦྱིན་པ་ལས་བྱུང་བ་ནས་
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བར་གྱི་བསོད་ནམས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དག་གོ །དེའི་ཕྱིར་བསོད་ནམས་ཐམས་ཅད་ཡོངས་སུ་གཟུང་བར་འདོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་ཞེས་འབྱུང་ངོ༌། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །ཡང་དེ་ཉིད་ལས། བསྐལ་པ་སེམས་ཅན་སྙེད་དུ་གལ་ཏེ་ལེགས་བརྗོད་ཀྱང༌། །བྱང་ཆུབ་སེམས་རབ་དེ་ལ་མཐར་ཐུག་གང་ཡང་མེད། །རྒྱལ་བ་འབྱུང་བའི་རིགས་ཆེན་གང་སྐྱེས་པ། །དེ་ཡི་དཔེ་ནི་ཁམས་གསུམ་གློངས་ཀྱང་གང་ཡང་མེད། །དུས་གསུམ་རྒྱལ་བ་ཀུན་གྱིས་གང་ཞིག་རྣམ་བསགས་པའི། །བྱང་ཆུབ་སེམས་རབ་དེ་ལ་སྨོན་ལམ་ཀུན་གྱིས་གྱིས། །བྱང་ཆུབ་སེམས་རབ་དེ་ནི་བསོད་ནམས་གཏེར། །དེས་ནི་རྒྱལ་བ་ཆགས་པ་མེད་པ་རབ་ཏུ་ཐོབ། །ཅེས་གསུངས་སོ། །ཡང་དེ་ཉིད་ལས་དཔེར་ན་རྒྱལ་པོའི་བུ་ཐམས་ཅད་ཀྱིས་མི་དོགས་པར་བྱ་བ་ཞིག་ན་རྒྱལ་པོའི་མཚན་དང་ལྡན་ན་རིགས་ཀྱི་བཙུན་པས་བློན་པོར་བྱ་བ་ཐམས་ཅད་དང་མི་མཉམ་མོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ལས་དང་ཉོན་མོངས་པ་ཐམས་ཅད་ཀྱིས་ནོན་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མཚན་དང་ལྡན་ན་སངས་རྒྱས་ཀྱི་རིགས་ཀྱིས་བཙུན་ཞིང་ཆེ་བས་ཉན་ཐོས་དང་རང་སངས་རྒྱས་མཆོག་ཏུ་ཕྱིན་པ་དང་ཡང་མི་མཉམ་མོ་ཞེས་གསུངས་སོ། །སྐྱབས་འགྲོ་ཁྱད་པར་ཅན་གོམས་པར་བྱས་པས་བྱང་ཆུབ་ཀྱི་སེམས་སྐྱེ་བས་ན། རྒྱལ་བའི་ཡུམ་ལས་ཀྱང༌། གལ་ཏེ་སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་འབྱུང་ངོ༌། །འཕགས་པ་ལག་ན་རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ལས་ཀྱང༌། བདག་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སངས་རྒྱས་ལ་སྐྱབས་སུ་འགྲོའོ། །ཆོས་ལ་སྐྱབས་སུ་འགྲོའོ། །དགེ་འདུན་ལ་སྐྱབས་སུ་འགྲོའོ། །སེམས་ཅན་
ཐམས་ཅད་ཀྱི་དོན་གྱི་ཕྱིར་ཕ་ལྟ་བུ་དང༌། མ་ལྟ་བུ་དང༌། སྤུན་ལྟ་བུ་དང༌། གཉེན་ལྟ་བུ་དང༌། སྣག་གི་གཉེན་མཚམས་ལྟ་བུར་འགྱུར་བར་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བདག་དེང་ཕྱིན་ཅད་སེམས་ཅན་ཐམས་ཅད་ཀྱི་ཕ་དང༌། མ་དང༌། སྤུན་དང༌། གཉན་དང༌། སྣག་གི་གཉེན་མཚམས་སུ་འགྱུར་བར་བྱའོ་ཞེས་འབྱུང་ངོ༌། །སྐྱབས་སུ་འགྲོ་བའི་བསླབ་བྱ་ནི། དེས་བས་ཞུས་པ་ལས། ཁྱོད་ཀྱིས་བསྐལ་པ་བརྒྱར་ནི་སྔོན་ཆད་དཀའ་ཐུབ་སྤྱད། །ཁྱོད་ནི་བསྡུ་བ་དག་དང་དུལ་དང་སྦྱིན་ལ་དགྱེས། །ཁྱོད་ནི་སྐུ་གསུང་ཐུགས་རྣམས་ཡོངས་སུ་དག་པ་སྟེ། །སྲིད་གསུམ་འཇིག་རྟེན་བླ་མ་ལ་ནི་བདག་ཕྱག་འཚལ། །ལྷ་མོ་དཔལ་གྱི་ཕྲེང་བ་སེང་གེའི་སྒྲ་ལས། བསམ་བྱས་རྩལ་ལྡན་ཁྱོད་ཀྱིས་ནི། །སྐུ་གསུང་ཐུགས་ཀྱི་སྐྱོན་རྣམས་བསལ། །ཉམས་མ་མཆིས་པའི་ས་བརྙེས་པ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །ཤེས་བྱ་ཐམས་ཅད་ཁྱོད་ཀྱིས་མཁྱེན། །ཡེ་ཤེས་སྐུ་ཡི་དབང་ཕྱུག་སྟེ། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །ཡང་དེས་པས་ཞུས་པ་ལས། ཁྱོད་ནི་འདོད་ཆགས་ཞེ་སྡང་གཏི་མུག་སེལ། །ཁྱོད་ཀྱི་ཐུགས་ནི་ཞི་ཞིང་སྙོམས་ལ་ཐུགས་རྗེར་ལྡན། །ཁྱོད་ནི་ཡང་དག་གསུང་ཞིང་དམ་པའི་དོན་ཡང་མཁྱེན། །སྲིད་པ་གསུམ་པོ་ཐར་བར་མཛད་ལ་བདག་ཕྱག་འཚལ། །ཞེས་འབྱུང་ངོ༌། །མྱ་ངན་ལས་འདས་པ་ལས་ཀྱང༌། རྒྱལ་པོ་ཆེན་པོ་གལ་ཏེ་ཟླ་བ་གཅིག་ཏུ་སེམས་ཅན་ཐམས་ཅད་ལ་ཟས་དང་གོས་སྦྱིན་པ་བྱིན་པ་བས་གང་ཟག་གཅིག་གིས་སྐད་ཅིག་ཙམ་སངས་རྒྱས་རྗེས་སུ་དྲན་ན་བསོད་ནམས་འདིས་བཅུ་དྲུག་ཆ་ཙམ་དུ་ཡང་མི་ཕོད་དོ་ཞེས་འབྱུང་ངོ༌། །ཡང་དེ་ལས། སངས་རྒྱས་ཆོས་དང་དགེ་འདུན་ལ། །སྤོས་སམ་མར་མེ་གཅིག་ཙམ་མམ། །མེ་ཏོག་གཅིག་ཙམ་མཆོད་བྱས་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །རྟག་ཏུ་དགའ་བའི་སེམས་བསྐྱེད་དེ། །སངས་རྒྱས་གཟུགས་སམ་རྟེན་ཡང་རུང༌། །མཐེ་བོ་ཙམ་ཅིག་གང་བྱས་པ། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། གང་དག་སངས་རྒྱས་སྐྱབས་གསོལ་པ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་རྣམས་གཞན་དག་ལ། །སྐྱབས་གསོལ་
བར་ནི་མི་འགྱུར་རོ། །དམ་པའི་ཆོས་ལ་སྐྱབས་གསོལ་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ནི་སྐྱབས་གསོལ་ན། །མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར། །དཀོན་མཆོག་གསུམ་ལ་སྐྱབས་གསོལ་ན། །འཇིགས་པ་མེད་པ་ཐོབ་པར་འགྱུར། །སངས་རྒྱས་མང་པོས་བསྔགས་པར་འགྱུར། །བདག་ཀྱང་བདེ་གཤེགས་བསྔགས་པ་ཡིས། །བླ་མེད་ལམ་ལ་གཞོལ་ཞིང་འབབ། །བདུད་རྩི་མཆོག་གི་དམ་པ་སྟེ། །སྲིད་པའི་ནང་ན་མེད་པའོ། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་བསླབ་བྱ་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་བྱ་བ་མང་བྱེད་པ་མང་སྟེ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱི། ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་དད་པ་དང་དོན་དུ་གཉེར་བ་དང༌། སྨོན་པས་འགྲོ་ཡང་རུང༌། འགྲེང་ཡང་རུང༌། འདུག་ཀྱང་རུང༌། ཉལ་ཡང་རུང༌། སད་ཀྱང་རུང༌། ཟ་ཡང་རུང༌། འཐུང་ཡང་རུང༌། རྟག་པར་རྒྱུན་ཏུ་དྲན་པར་ཡིད་ལ་ཟུང་སྟེ་སྒོམས་ཤིག་ཅེས་བྱ་བ་ནས་རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ན་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ཞིང་བྱང་ཆུབ་ཀྱི་སེམས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས། ཁྱེད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་བསོད་ནམས་བྱ་བ་ལ་བརྩོན་པ་ཡིན་ནོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་ལ་ཅི་ནུས་སུ་བྱ་བ་བྱེད་པ་དང༌། ནད་པ་ལ་རྩི་སྦྱིན་པ་དང༌། མཁན་པོ་དང་སློབ་དཔོན་ལ་གུས་པས་རིམ་གྲོ་བྱེད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པར་ཕྱག་འཚལ་བ་ལ་སོགས་པ་དང༌། ཀུན་དགའ་ར་བ་དང༌། གཙུག་ལག་ཁང་བྱེད་པ་དང༌། དུས་དུས་སུ་ནོར་དང་འབྲུ་ལ་སོགས་པ་གཏོང་བ་དང༌། བྲན་ཕོ་དང་བྲན་མོ་ལ་སོགས་པ་ལ་བགོ་
བཤའ་བྱེད་པ་དང༌། དུས་དུས་སུ་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་ལ་བསྙེན་བཀུར་བྱེད་པའོ་ཞེས་གསུངས་སོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པའི་ཚོགས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཚོགས་ནི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་དོ། །བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱིས་ནི་མཚན་དང་དཔེ་བྱད་བཟང་པོ་དང༌། སངས་རྒྱས་ཀྱི་ཆོས་དང༌། ཅང་ཤེས་ཀྱི་སེམས་དང༌། ཉོན་མོངས་པ་རྣམས་སྤོང་ཞེས་བྱ་བ་ནས། བསྔོ་བ་ལ་མཁས་པའི་ཚོགས་ཀྱིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་རོ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཚོགས་དེ་དག་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འདུས་ཤིང་རྗེས་སུ་ཞུགས་པར་འཚལ་བར་བགྱིའོ་ཞེས་གསུངས་སོ། །འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས། ཉེ་བ་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་གལ་ཏེ་སྔ་དྲོའི་དུས་སུ་ལྟུང་བ་བྱུང་བ་ཡང་ཕྱེད་ཀྱི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །གལ་ཏེ་ཕྱེད་ཀྱི་དུས་ན་ཡང་ལྟུང་བ་བྱུང་ན་ཡང་ཕྱི་འཕྲེད་ཀྱི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་མེད་དོ། །གལ་ཏེ་ཕྱི་འཕྲེད་ཀྱི་དུས་ན་ལྟུང་བ་བྱུང་ན་ཡང་སྲོད་ལ་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་མེད་དོ། །གལ་ཏེ་སྲོད་ལ་ལྟུང་བ་བྱུང་ན་ཡང་ནམ་ཕྱེད་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་མེད་དོ། །ནམ་ཕྱེད་ན་ལྟུང་བ་བྱུང་ན་ཡང་ཐོ་རངས་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་མེད་དོ། །ཉེ་བ་འཁོར་དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་
དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ནི་བཅོས་སུ་རུང་བའོ་ཞེས་འབྱུང་ངོ༌། །འོད་སྲུངས་ཀྱིས་ཞུས་པ་ལས། །འོད་སྲུངས་ཆོས་བཞི་པོ་འདི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྦྱིན་གནས་བླ་མས་བསྒོ་བཞིན་མི་བྱེད་དང༌།། གཞན་དག་ལ་ནི་ཐེ་ཚོམ་ཉེར་བསྒྲུབ་དང༌། །སེམས་ཅན་གང་དག་བྱང་ཆུབ་རབ་ཞུགས་པ། །དེ་ལ་བསྔགས་མིན་མི་སྙན་སྨྲ་བ་དང༌། །སྒྱུ་དང་གཡོ་དང་རྒྱན་ལ་དོར་བྱེད་པས། །གཞན་གྱི་དོན་ལ་བསམ་པ་མ་ཡིན་པའོ། །འོད་སྲུངས་ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་རོ། །བཞི་གང་ཞེ་ན། སྲོག་གི་ཕྱིར་ཡང་བརྫུན་ཚིག་མི་སྨྲ་ཞིང༌། །རྟག་ཏུ་དོན་དང་ལྡན་པའི་ཚིག་རྣམས་སྨྲ། །སྒྱུ་དང་གཡོ་ནི་རྟག་ཏུ་རྣམ་སྤངས་ཏེ། །ལྷག་པའི་བསམ་པས་རྟག་ཏུ་སེམས་ཅན་བལྟ། །སེམས་ཅན་དམ་པ་བྱང་ཆུབ་གང་བཞུགས་པ། །བྱང་ཆུབ་སེམས་དཔའ་དེ་ལ་སྟོན་པར་སེམས། །སྟོན་པའི་འདུ་ཤེས་ཉེ་བར་བཞག་ནས་ཀྱང༌། །དེ་དག་བསྔགས་པ་ཕྱོགས་བཞིར་བརྗོད་པར་བྱ། །སེམས་ཅན་གང་དག་ཡོངས་སུ་སྨིན་བྱེད་པ། །བླ་མེད་ཡེ་ཤེས་ཡང་དག་འཛིན་དུ་འཇུག །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མི་འགྱུར། །ཞེས་འབྱུང་ངོ༌། །བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས། ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། ཆོས་ལ་མ་གུས་པ་དང༌། ང་རྒྱལ་དང༌། དགེ་བའི་བཤེས་གཉེན་ཁྱད་དུ་གསོད་པ་དང༌། ལོག་པའི་ཚིག་སྨྲ་བའོ། །ཡང་བཞི་སྟེ། ཉན་ཐོས་དང་འགྲོགས་པ་དང༌། ཐེག་པ་དམན་པ་ལ་མོས་པ་དང༌། བྱང་ཆུབ་སེམས་དཔའ་ལ་སྡང་ཞིང་སྐུར་བ་འདེབས་པ་དང༌། ཆོས་ལ་དཔེ་མཁྱུད་བྱེད་པའོ། །ཡང་བཞི་སྟེ། སྒྱུ་བྱེད་པ་དང༌། གཡོ་བྱེད་པ་དང༌། དགེ་བའི་བཤེས་གཉེན་ལ་ལྕེ་གཉིས་བྱེད་པ་སྟེ། རྙེད་པ་དང་བཀུར་སྟི་ལ་ཞེན་པའོ་ཞེས་གསུངས་སོ། །ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་གྱི་ལེའུ་སྟེ་གསུམ་པའོ།། །།འཁོར་གསུམ་ཡོངས་སུ་དག་པའི་གཏམ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་གཞན་ཡང་བསླབ་
པ་འཚལ་བ་དེ་ནི་ཡང་ཆོས་ལགས་སོ། །བསླབ་པ་དེ་དག་ཀྱང་གང་ཞེ་ན། བསླབ་པ་གསུམ་དུ་བསླབ་པ་ཐམས་ཅད་འདུས་པར་འགྱུར་རོ། །གསུམ་གང་ཞེ་ན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པ་སེམས་ཀྱི་བསླབ་པ་དང༌། ལྷག་པ་ཤེས་རབ་ཀྱི་བསླབ་པའོ་ཞེས་གསུངས་སོ། །སྦྱིན་པའི་ནི་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་སྐྱེད་པར་བྱེད་དེ། བདག་གི་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ་བཏང་སྟེ་ཡོངས་སུ་བཏང་ན་ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཡོད་དེ་ཡོད་ན་དེ་དང་དེ་ལ་མི་དགའ་བ་མེད་པ་དང༌། འགྱོད་པ་མེད་པར་སྦྱིན་པར་བྱ་སྟེ་ཞེས་ནོར་དང་འབྲུ་དང་དངུལ་དང་རིན་པོ་ཆེ་དང་རྒྱན་དང་སྟན་དང་བཞོན་པ་དང་འཁོར་གྱི་བར་དུ་ལྟ་ཅི་སྨོས་ཏེ། འགྱོད་པ་མེད་པ་དང་རྣམ་པར་སྨིན་པ་ལ་མི་རེ་བར་སྦྱིན་པར་བྱ་སྟེ། གཞན་དུ་ན་སེམས་ཅན་ལ་ཕན་གདགས་པ་དང༌། སྙིང་རྗེ་དང༌། སེམས་ཅན་ཉིད་བསྡུ་བར་བྱ་བའི་ཕྱིར་བྱ་བར་ཟད་དོ། །བདག་གིས་བྱང་ཆུབ་ཐོབ་པ་ན་ནི་འདི་དག་ཆོས་ཀུན་དུ་རྟོགས་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །ལུས་བརྟས་པར་བྱ་བའི་ཕྱིར་ཡང་བའི་འཚོ་བས་འཚོ་བར་མི་བྱེད་དོ། །དེ་སྲོག་གི་ཕྱིར་ཡང་གཞན་ལ་ཁོང་ཁྲོ་མི་བྱེད་དོ་ཞེས་འབྱུང་ངོ༌། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། སེམས་ཅན་ཀུན་ལ་ཕན་བདེའི་ཕྱིར་གྱི། །རྣམ་སྨིན་འབྲས་བུ་རེ་ཕྱིར་མ་ཡིན། །སྦྱིན་པ་དངོས་པོ་བྱིན་པ་ཆུང་ཡང༌། །ཡང་དག་བསོད་ནམས་ཞིང་དུ་དེ་འགྱུར། །སྦྱིན་པ་དངོས་པོ་མང་དུ་བྱས་ཀྱང༌། །འདོད་པ་རྣམ་ལྔ་དག་ལ་གནས་ན། །འཕགས་པ་དག་གིས་ཕྱག་རྒྱས་མ་བཏབ། །མ་ངེས་པ་ཡི་ཚོགས་ལ་གནས་གྱུར། །ཞེས་གསུངས་སོ། །དྲང་སྲོང་རྒྱས་བས་ཞུས་པ་ལས། ནོར་གང་གི་ཡིན་པ་དེ་ནི་སྦྱིན་བདག་ཡིན་ནོ། །བྱེད་དུ་བཅུག་པས་སྦྱིན་པ་ནི་གཏོང་བ་པོ་ཡིན་གྱི། སྦྱིན་བདག་མ་ཡིན་ནོ། །དུག་དང་མཚོན་ཆ་དང་སྲོག་ཆགས་བསད་དེ་ཤ་སྦྱིན་པ་དང་བག་མེད་པ་ལ་ཆང་སྦྱིན་པ་ནི་མ་དག་པའོ། །རྣམ་པར་སྨིན་པ་ལ་ཐེ་ཚོམ་ཟ་བ་དང༌། སྦྱིན་ནས་འགྱོད་པས་གདུངས་པ་ཡང་མ་དག་པའོ། །བསོད་ནམས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱིས་སྤྱད་
ཀྱི་གཞན་ལ་མ་གྱུར་ཅིག་སྙམ་ན་མ་དག་པའོ། །ན་བ་དང་འཆི་བའི་དུས་སུ་སངས་རྒྱས་ལ་དགའ་བ་དང༌། དད་པ་མེད་པར་རྩ་ལག་གིས་བྱེད་དུ་བཅུག་ནས་བྱིན་ན་མ་དག་པའོ། །དབུལ་ཕོངས་བ་བོར་ནས་ཕྱུག་པོ་ལ་སྟེར་ན་མ་དག་པའོ། །དྲང་སྲོང་ཆེན་པོ་དེ་དག་གི་རྣམ་པར་སྨིན་པ་ནི་ཚྭ་སྒོ་ཅན་གྱི་ཞིང་ལ་ས་བོན་བཏབ་པ་ལྟར་རྣམ་པར་སྨིན་པ་མེད་པ་མ་ཡིན་མོད་འབྲས་བུར་མི་འགྱུར་རོ། །དྲང་སྲོང་ཆེན་པོ་མ་རྨོས་མ་བསལ་བས་ཞིང་ལ་ས་བོན་བཏབ་ནས་ཆར་བབ་ན་སྐྱེ་སྲིད་ཀྱི་མེ་ཏོག་དང་འབྲས་བུར་མི་འགྱུར་བ་དང་འདྲའོ་ཞེས་གསུངས་སོ། །དེ་ཉིད་ལས་སྦྱིན་པ་བླ་ན་མེད་པ་ལྔ་སྟེ། དེ་བཞིན་གཤེགས་པ་དང༌། དགེ་འདུན་དང༌། ཆོས་སྨྲ་བ་དང༌། ནད་པ་དང༌། ཕ་དང་མའོ་ཞེས་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། མཁས་པ་ཆོས་ཀྱི་སྦྱིན་པ་སྤྱོད་པ་དག །སྣོད་བཞིན་ཐེག་པ་གསུམ་གྱི་ཆོས་བསྟན་ཏེ། །ཐེག་པ་གཞན་དག་དེ་ལ་སྟོན་མི་བྱེད། །ཐོས་ནས་དེ་ལ་འཕྱ་ཞིང་སྐུར་མི་འགྱུར། །ཆོས་སྨྲ་དག་ལ་མཆོད་པ་བྱེད་པ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་བསྐྱེད། །ཀུན་ནས་ཉོན་མོངས་པ་ཡི་ནད་བསལ་ཕྱིར། །དམ་པའི་ཆོས་ཀྱི་སྨན་དག་ཉན་པར་འགྱུར། །ཁེ་དང་གྲགས་པ་ཤིན་ཏུ་རིང་སྤངས་ཏེ། །དམ་པའི་ཆོས་དག་བསྟན་ཅིང་བཤད་པར་བྱ། །ཞེས་གསུངས་སོ། །བཟང་པོ་ལུང་བསྟན་པ་ལས་ཆོས་བཞི་དང་ལྡན་ན་གཞན་ལ་ཆོས་སྟོན་པའི་ཚིག་གཟུང་བར་འོས་པར་འགྱུར་ཏེ། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། ངང་ཚུལ་བཟང་ཞིང་མཉེན་པ་དང༌། བདག་ཉིད་ཆོས་སྒྲུབ་པའོ་ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་སྡིག་པའི་གྲོགས་པོ་སྟེ། གང་ལ་བརྟེན་ནས་མི་དགེ་བའི་ཆོས་འཕེལ་བ་དང༌། ཐེག་པ་དམན་པ་ལ་སྟོན་པ་དང༌། བྱང་ཆུབ་ཀྱི་སེམས་ལ་འདུན་པ་བཟློག་པ་དང༌། དགེ་བ་ཉམས་པར་འགྱུར་བའོ་ཞེས་འབྱུང་ངོ༌། །ཚུལ་ཁྲིམས་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་དེའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གང་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡང་ལགས་ལ་སོ་སོར་ཐར་པ་ཙམ་གྱིས་དག་པར་ཡང་མི་སེམས་ཏེ་བྱང་
ཆུབ་སེམས་དཔའི་སྡོམ་པ་ལ་སྟོན་པ་ལགས་སོ་ཞེས་འབྱུང་ངོ༌། །སངས་རྒྱས་མཛོད་ཀྱི་མདོ་ལས་ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་གྱི་བར་དུ་རང་གི་ལུས་ཀྱི་ཤ་བཅད་གཏུབས་ཏེ་སྦྱིན་བདག་ལ་འཇལ་ལོ། །ཕྱུགས་སུ་སྐྱེས་ན་ཡང་ཁུར་ལྕི་བ་ཁྱེར་བ་འོང་ངོ། །སྐྲ་ཉག་མ་འབུམ་དུ་བགོས་པའི་ཆ་ཙམ་ཡང་བཞུ་བར་མི་ནུས་ན་གོས་དང་ཟས་དང་མལ་ཆ་དང་སྨན་ལ་སོགས་པ་ལྟ་ཅི་སྨོས་ཞེས་བྱ་བ་ནས་ཤཱ་རིའི་བུ་རོས་གང་བའི་ས་དེའི་ནང་ན་ངའི་ཆོ་ག་བཞིན་དུ་སྤྱོད་པ་ནི་ཕོད་ཀྱི་ཚུལ་ཁྲིམས་ཞིག་པའི་དགེ་སློང་དང་ལྷན་ཅིག་ཏུ་འདུག་པ་ནི་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་ལག་གིས་བླངས་པའི་རྫས་སོ་ཅོག་ཚུལ་ཁྲིམས་འཛིན་པའི་དགེ་སློང་གི་ངན་དུག་པར་འགྱུར་རོ་ཞེས་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། ཇི་ལྟར་ན་ཁྲེལ་མེད་ཅིང་ངོ་ཚ་མེད་པའི་དགེ་སློང་ཡིན་ཞེ་ན། སེམས་ཅན་གང་འཚོ་བ་ཙམ་གྱི་ཕྱིར་ངའི་བསྟན་པ་ལ་རབ་ཏུ་ཕྱུང་སྟེ། རབ་ཏུ་ཕྱུང་ནས་སོ་སོར་ཐར་པའི་ཚུལ་ཁྲིམས་བསྲུང་བ་ཐམས་ཅད་ཉམས་ཏེ་ཁྲེལ་དང་ངོ་ཚ་མེད་པ་ལ་ཚེ་ཕྱི་མའི་སྡུག་བསྔལ་གྱིས་མི་འཇིགས་ཁོང་རུལ་ཅིང་བཙོག་པས་གང་བའི་སྲིན་བུ་ཀ་ལ་འདྲ་བ། དུང་གི་སྒྲ་ལ་ཁྱིའི་སྤྱོད་པ་ཅན། རྟག་ཏུ་བརྫུན་སྨྲ་ཞིང་བདེན་པའི་ཚིག་མེད་པ་སེར་སྣ་དང་ཕྲག་དོག་དང་གཏི་མུག་དང་ང་རྒྱལ་གྱིས་ཟིན་ཏེ། ལས་ཀྱི་མཆོག་དམ་པ་གསུམ་ལས་རིང་བ། ཁེ་དང་བཀུར་སྟི་དང་གྲགས་པ་ལ་ཞེན་པ། ཡུལ་དྲུག་ལ་མོས་པ། འདོད་ཆགས་ཀྱིས་སེམས་གཡེངས་པ་འདི་ནི་ཁྲེལ་བ་དང་ངོ་ཚ་མེད་པའི་དགེ་སློང་ཞེས་བྱའོ་ཞེས་གསུངས་སོ། །ཡང་བྱམས་པ་སེང་གེ་སྒྲ་ལས། བཞི་པོ་འདི་ནི་དམྱལ་བར་མདའ་འཕངས་པ་བཞིན་འགྲོ་བ་སྟེ། གཞན་གྱི་རྙེད་པ་ལ་ཕྲག་དོག་བྱེད་པ་དང༌། སྡོམ་པ་དང་ལྡན་པའི་མདོ་སྡེ་ཐོས་ནས་ཚུལ་ཁྲིམས་ཀྱི་ཉེས་པ་འབྱིན་པ་དང༌། བཀའ་དང་བསླབ་པ་ལས་འདས་ཀྱང་ང་རྒྱལ་གྱིས་ཉེས་པ་འཆབ་པར་མི་བྱེད་པ་དང་ཤེས་བཞིན་དུ་དད་པས་བྱིན་པ་ལོངས་སྤྱོད་པའོ་ཞེས་འབྱུང་ངོ༌། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པ་གཉིས་ཏེ། ཐུན་མོང་བ་དང༌། ཐུན་མོང་བ་མ་ཡིན་པའོ། །ཐུན་མོང་བ་ནི་དགེ་བསྙེན་གྱི་སྡོམ་པ་
འམ། ཡང་ན་རབ་ཏུ་བྱུང་བའི་སོ་སོར་ཐར་པའི་སྡོམ་པ་བསྙེན་པར་རྫོགས་པའོ། །ཐུན་མོང་མ་ཡིན་པ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་དང༌། གནོད་པ་མེད་པའི་སེམས་དང༌། ཁོན་དུ་འཛིན་པ་མེད་པའི་སེམས་ཀྱིས་ཚུལ་ཁྲིམས་བསྲུང་བའོ། །སྲིད་པའི་རྣམ་པར་སྨིན་པ་ལ་ཐམས་ཅད་ལ་མི་ལྟ་བར་བསྲུང་ངོ་ཞེས་གསུངས་སོ། །བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལས་བྱང་ཆུབ་སེམས་དཔའ་ནི་ཡན་ལག་དང་ཉིད་ལག་གཏོང་བ་ལས་མཐུ་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྲོག་གི་ཕྱིར་ཡང་བསླབ་པ་ཡོངས་སུ་མི་གཏོང་བས་སྤྱོད་པ་ལ་བློ་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་ངན་དུ་སྨྲ་བའི་ཚིག་དང་དུ་ལེན་པའི་ངང་ཚུལ་ཅན་གྱིས་བཟོད་པའི་སྟོབས་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བས་ལེ་ལོ་མེད་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བས་རྩེ་གཅིག་ཏུ་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྒྲུབ་པ་ལ་གནས་པས་བརྟན་པ་དང་ལྡན་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བས་ཡོན་གནས་སུ་བྱའོ་ཞེས་བྱ་བ་ལ་སོགས་པའོ། །གཙུག་ན་རིན་པོ་ཆེས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་ཏེ། མི་སྐྱོ་བ་དང༌། བདག་གི་བདེ་བ་ལ་མི་ཆགས་པ་དང༌། དུས་དང་དུས་མ་ཡིན་པར་བསྐུལ་བ་དང༌། བསམ་པ་ཡོངས་སུ་ཤེས་པའོ། །ཡང་བཞི་སྟེ། བཀའ་བློ་བདེ་བ་དང། སྙན་པར་སྨྲ་བ་དང༌། ངང་ཚུལ་འཇམ་པ་དང༌། ཁྲོ་གཉེར་མེད་པའོ། །ཡང་བཞི་སྟེ། བསམ་པ་དག་པ་དང༌། གཡོ་སྒྱུ་མེད་པ་དང༌། བརྩོན་འགྲུས་བརྟན་པ་དང༌། ལེགས་པ་དང་ཉེས་པ་བྱས་པ་བཟོད་པའོ་ཞེས་འབྱུང་ངོ༌། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། སྡོམ་པའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་སེམས་གནས་པར་བྱེད་དོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་གསུངས་སོ། །བཟོད་པ་
ནི་གང་པོས་ཞུས་པ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བཟོད་པ་བསྒྲུབ་པའི་ཆོས་བསྟེན་ཅིང་བསྒོམ་པར་བྱའོ་ཞེས་བྱ་བ་ནས་གལ་ཏེ་འགྲོའམ། འགྲེང་ངམ། འདུག་གམ། ཉལ་བའི་ཚེག་ཅིན་གྱི་བུམ་པའམ། དུག་གི་བུམ་པ་དང་ཐལ་བ་དང་བཤང་གཅི་ཐོགས་པ་འོངས་ནས་མགོའི་སྟེང་དུ་བླུགས་སམ། ལུས་ཀུན་གདུངས་པར་གྱུར་ན་དེ་ལ་ཞེ་སྡང་དང་ཁོན་གྱི་བསམ་པ་བསྐྱེད་ནས་འདི་སྐད་དུ་བདག་ལ་ཉེས་པ་ཅི་ཡོད་ཅེས་ཀྱང་སྨྲ་བར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ་རེག་བྱ་གང་གིས་གང་དུ་རེག་པར་འགྱུར། ལུས་ལ་གནོད་པར་འགྱུར་རམ། སེམས་ལ་གནོད་པར་འགྱུར། ལུས་ནི་རྩྭ་དང་ཤིང་དང་གྱོ་མོ་དང་གཟུགས་བརྙན་ལྟ་བུ་ཡིན་པས་རྟོག་པ་མེད་པ་ཤེས་པ་མེད་པ་ཡིན་པས་བདག་ཀྱང་མ་ཡིན་གཞན་ཡང་མ་ཡིན་ནོ། །གལ་ཏེ་སེམས་ལ་གནོད་པར་འགྱུར་བ་ཡིན་ན་སེམས་ཁ་དོག་མེད་པ་གཟུགས་མེད་པ་སྐད་ཅིག་མར་སྐྱེ་ཞིང་འགག་པ་ཐང་ཅིག་ཏུ་ཡང་མི་གནས་པས་བདག་ཀྱང་མ་ཡིན་གཞན་ཡང་མ་ཡིན་པས་ཞེས་བྱ་བ་ནས། བདག་ཀྱང་ངེས་པར་སྔ་མའི་སྡིག །སྡུག་བསྔལ་རྣམ་སྨིན་འདི་མྱོང་སྙམ། །བདེན་བཞི་དྲན་དང་ཡང་དག་སྤོང༌། །དབང་སྟོབས་བྱང་ཆུབ་ཡན་ལག་ལམ། །ཐམས་ཅད་བཟོད་པས་གཞི་བྱེད་པས། །མཁས་པ་སུ་ཞིག་བཟོད་མི་བསྒོམ། །ཞེས་གསུངས་སོ། །བུ་མོ་བློ་གྲོས་བཟང་མོས་ཞུས་པ་ལས། གནོད་པའི་རྩ་བ་ཁྲོ་བ་འཕེལ་མི་བྱེད། །བྱམས་ལ་གནས་པར་བྱེད་དང་ཆོས་འདོད་དང༌། །དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན་ནི། །མཛེས་པར་གྱུར་ཏེ་བལྟ་བར་འོས་པ་ཡིན། །ཞེས་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བཟོད་པ་ནི་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པ་ནི་སེམས་ཅན་ལ་དམིགས་པ་ལེན་པ་དང༌། རྣམ་པར་སྨིན་པའི་འབྲས་བུ་ལ་བརྟེན་པ་དང༌། བསོད་ནམས་ཀྱི་ལམ་ལ་བརྟེན་ཏེ་བཟོད་པ་བྱེད་པའོ། །འཇིག་རྟེན་ལས་འདས་པ་ནི། ཕྱིན་ཅི་ལོག་པ་རྣམ་པ་བཞི་བསལ་ནས། ཆགས་པ་མེད་པའི་བཟོད་པ་བསྒོམ་ཞིང༌། །འདུ་བྱེད་པ་རྣམ་པ་གསུམ་དག་ཅེ་ན། །བཟོད་པ་འདི་ལ་རྒྱ་ཆེར་གནོད་
འགྱུར། །འདུ་བྱེད་ཐམས་ཅད་རབ་ཏུ་ཞི་ཞིང༌། །རྟོག་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། །སེམས་ནི་མཁའ་དང་འདྲ་བར་མཉམ་པ། །བཟོད་པ་འདི་ལ་ཐམས་ཅད་གཏོད་འགྱུར། །ཞེས་གསུངས་སོ། །བརྩོན་འགྲུས་ནི་ཡང་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པའི་བརྩོན་འགྲུས་ནི་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམ་པ་ལས་བྱུང་བ་སྟེ། སེམས་ཅན་ལ་དམིགས་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་རྣམ་པར་སྨིན་པའི་འབྲས་བུ་ལ་བརྟེན་པས་ན་འཇིག་རྟེན་པའི་བརྩོན་འགྲུས་སོ། །འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའི་ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་ཐམས་ཅད་སེལ་བ་སྟེ། དམིགས་པ་མེད་པས་བྱ་བའི་ལས་བྱེད་པ་སྟེ། མི་གནས་པའི་སེམས་ཀྱི་བརྩོན་འགྲུས་རྩོམ་མོ། ཁམས་གསུམ་ལས་མི་གནས་པར་བརྩོན་འགྲུས་རྩོམ་མོ། རྣམ་པར་སྨིན་པའི་འབྲས་བུ་ལ་མི་རྟོག་པའི་བརྩོན་འགྲུས་དང༌། རྙེད་པ་དང་མ་རྙེད་པ་ལ་མི་གནས་པའི་བརྩོན་འགྲུས་རྩོམ་སྟེ། འདི་ནི་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་སོ་ཞེས་འབྱུང་ངོ༌། །བུ་མོ་བློ་གྲོས་བཟང་མོས་ཞུས་པ་ལས། ཕྱེ་མ་མེ་ཏོག་བཀང་སྟེ་འབུ་ལ་བ་དང༌། །གནོད་སེམས་སྤངས་ཤིང་སྐུ་གཟུགས་བྱེད་པ་དང༌། །མོས་པ་རྒྱ་ཆེན་ལ་ནི་གནས་བྱེད་ན། །རྒྱལ་བ་དག་གི་ཐད་དུ་རྫུས་ཏེ་སྐྱེ། །ཞེའོ། །ཡང་དེ་ཉིད་ལས། ཆོས་རྣམས་ལ་ནི་ཆོས་རྟོགས་འདོད་པ་ལ། །བརྩོན་འགྲུས་གནས་ཤིང་སངས་རྒྱས་རྗེས་སུ་དྲན། །ཡོངས་སུ་བསྔོ་ཞིང་བཤགས་དང་ཕྱག་འཚལ་བ། །དེ་ལ་བདུད་ཀྱིས་གླགས་ནི་རྙེད་མི་འགྱུར། །ཞེས་གསུངས་སོ། །གང་པོས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་ལས་ལྡོག་པར་མི་འགྱུར་ཞིང་དགེ་བའི་རྩ་བ་རྣམས་ཉམས་པར་མི་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན། །དྲན་པ་ཟབ་ཅིང་ཐག་ཀྱང་རིང༌། །བརྩོན་པའི་སེམས་ཀྱིས་རབ་བརྩོན་ཞིང༌། །
མང་ཐོས་ཤེས་རབ་རྒྱན་དང་ལྡན། །བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཆོས་འདི་བཞི་ལ་རྟེན་བྱེད་ན། །ཡིད་ལ་བསམས་པའི་དངོས་པོ་ཀུན། །ཐམས་ཅད་རབ་ཏུ་འགྲུབ་པར་འགྱུར། །ཞེས་འབྱུང་ངོ༌། །ཡང་དེ་ཉིད་ལས་གང་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་ནན་ཏན་བརྩོན་འགྲུས་ཀྱིས་མཆོད་རྟེན་ལ་མཆོད་པ་བྱེད་པས་གུས་པའི་སེམས་ཀྱིས་མེ་ཏོག་དང༌། ཕྲེང་བ་དང༌། བྱུག་པ་དང༌། སྤོས་དང༌། ཕྱེ་མ་དང༌། རོལ་མོའི་སིལ་སྙན་ཡོ་བྱད་སྣ་ཚོགས་པས་མཆོད་པ་བྱེད་དོ་ཞེས་བྱ་བ་ནས། འདས་དང་ད་ལྟར་བཞུགས་པ་ཡི། །སངས་རྒྱས་རྣམས་ལ་མཆོད་བྱེད་ན། །སྐྱེ་བ་ཀུན་ཏུ་མཆོད་པ་ཐོབ། །རྟག་པར་མི་ཁོམ་མེད་པར་སྐྱེ། །ཞེས་བྱ་བ་ལ་སོགས་པའོ། །གོ་ཆ་བ་གོས་པ་བརྟན་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རེ་རེའི་སྤྱོད་པ་རེ་རེའི་ཕྱིར་ཡང་འཁོར་བའི་མཐའ་ཇི་སྲིད་པ་དེ་སྲིད་དུ་འཁོར་བ་ན་འཁོར་ཞིང་ཤེས་རབ་ཀྱི་སྨན་ཡོངས་སུ་ཚོལ་བ་དང༌། གོ་ཆ་མི་སྤང་བར་ཤིན་ཏུ་བརྟན་པར་བྱས་ནས་གོ་ཆ་ཆེན་པོ་ནས་འབྱེད་པ་མེད་པའི་གོ་ཆའི་བར་བགོ་བར་བྱེད་དོ་ཞེས་གསུངས་སོ། །དེ་ཉིད་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སེམས་ཅན་རྣམས་ཡོངས་སུ་བསྡུ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒོམ་པར་བྱེད་པ། ཐམས་ཅད་ཀྱང་ཤེས་རབ་སྔོན་དུ་འགྲོ་ཞིང་ཤེས་རབ་ཀྱིས་མངོན་པར་སྒྲུབ་པ་དང༌། ཤེས་རབ་ཀྱིས་ཡོངས་སུ་བསྡུས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་དོ་ཞེས་གསུངས་སོ། །སྡོམ་པ་གསུམ་བསྟན་པ་ལས། བླ་ན་མེད་པའི་བྱང་ཆུབ་ནི་ནན་ཏན་བྱེད་པས་འགྲུབ་སྟེ། དེ་ལྟ་མ་ཡིན་ན་རི་བོང་དང་བྱི་ལས་ཀྱང་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་འབྱུང་ངོ༌། །བསམ་གཏན་ལ་དགྱེས་བསམ་གཏན་གྱི་ཉེར་གནས་དབེན་པ་བསྟེན་པ་ནི་ཡང་དེ་ཉིད་ལས་ཁྱེད་གནས་མེད་པ་དང༌། འདྲིས་པ་མེད་པར་གྱིས་ལ་ཁྱེད་བ་ལང་དང་བོང་བུ་སྡུད་པར་མ་བྱེད། ཁྱེད་ལེ་ལོའི་གནས་ལེན་པར་མ་བྱེད་ཅིག །མི་དགེ་བའི་ཆོས་སྤོངས་ལ་དགེ་བ་ལ་བརྩོན་འགྲུས་ཀྱིས་ཤིག །འོད་སྲུངས་ནག་ནི་རྣམ་གྲངས་དུ་མར་དགེ་བ་ལ་གནས་
པ་དང༌། འདུ་འཇི་སྤངས་པ་བསྔགས་སོ་ཞེས་བྱ་བ་ནས། དེ་དག་འདུ་འཛི་ཉིན་མཚན་འདའ་བར་བྱེད་དེ་རྒྱལ་པོའི་གཏན་ནས་བཟའ་བ་དང༌། བཏུང་བའི་གཏམ་དང༌། ཁྱིམ་གྱི་གཏམ་དང༌། སྡུག་པར་འགྲོ་བར་བྱ་བ་དང༌། གང་ན་ཟས་སྟེར་བ་དེར་འགྲོ་བར་བྱ་ཞེས་བྱ་བ་ནས་སྨན་དང་ཆང་སྣ་ཚོགས་ཀྱི་གཏམ་གྱིས་ཤེས་བཞིན་མེད་པར་འགྱུར་བའི་ལུས་དང་ཁ་ཆུ་ཟག་ཅིང་ཉལ་བར་འགྱུར་རོ་ཞེས་བྱ་བ་ནས། མཉམ་པར་མ་བཞག་པའི་སེམས་ཀྱིས་དབང་པོ་རྒོད་ཅིང་ཕལ་པར་འགྱུར་ལ་སེམས་གཡེངས་པའི་སྤྱོད་པས་ཁྱིམ་དུ་དོང་ནས་སོ་སོར་ཐར་པ་བོར་ཏེ་ཞེས་བྱ་བ་ནས། གཅིག་ལ་གཅིག་ལྟ་ཞིང་ཅི་ཞིག་བྱིན་ན་ཇི་སྙེད་ཅིག་སྤྱད་ཅེས་སྨྲ་བར་འགྱུར་རོ། །འོད་སྲུངས་འཆི་བའི་དུས་མ་བྱས་ཀྱི་བར་དུ་རྣལ་འབྱོར་ལ་མི་བརྩོན་པ་རྣམས་ནི་འདི་དག་གོ །དེ་དག་གི་ཆོས་ཐམས་ཅད་སྤངས་ཏེ་འོད་སྲུངས་དགེ་སློང་དེ་དག་ལ་སྙིང་རྗེ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་རོ་ཞེས་འབྱུང་ངོ༌། །འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བསྟན་པ་ལས། ཤཱ་རིའི་བུ་དགོན་པ་ལ་གནས་པ་ལྷུར་ལེན་པ་ལ་ཕན་ཡོན་བཅུ་ཡོངས་སུ་འཛིན་ཏོ། །གང་ཞེ་ན། འདུ་འཛིན་རྣམ་པར་སྤོང་བ་དང། རབ་ཏུ་དབེན་པ་ལ་བརྟེན་པ་དང༌། བསམ་གཏན་ལ་སེམས་དམིགས་པར་འགྱུར་བ་དང༌། བྱ་བ་མང་པོར་མི་འགྱུར་བ་དང༌། སངས་རྒྱས་རྣམས་འདོད་པ་དང༌། དེའི་ལུས་བདེ་བ་དང་མི་འབྲལ་བ་དང༌། དེའི་ཚངས་པར་སྤྱོད་པ་ལ་བར་ཆད་དུ་མི་འགྱུར་བ་དང༌། ཚེགས་ཆུང་དུས་ཏིང་ངེ་འཛིན་ཐོབ་པ་དང༌། ཚིག་དང་ཡི་གེ་བསྟན་པ་ཆུད་མི་ཟ་བ་དང༌། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་རབ་ཏུ་ཤེས་པ་སྟེ། ཤཱ་རིའི་བུ་དགོན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕན་ཡོན་བཅུ་པོ་འདི་དག་ཡོངས་སུ་འཛིན་ཏོ་ཞེས་གསུངས་སོ། །འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མེད། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲི་སོ་འདྲ་དུག་སྡོང་ལོ་མ་མཚུངས། །ངན་སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤང༌། །འདོད་པའི་ཡོན་ཏན་འཇིགས་བཅས་ཉོན་མོངས་ཅན། །རྟག་ཏུ་དྲན་པས་བརྗོད་བྱེད་མུན་པར་
བྱེད། །རྟག་ཏུ་འཇིགས་པའི་རྒྱུ་བྱེད་སྡུག་བསྔལ་བཅས། །སྲིད་པ་སྲིད་པའི་འཁྲི་ཤིང་འཕེལ་བར་བྱེད། །ཇི་ལྟར་མེ་འབར་དབུས་ན་འཇིགས་བཅས་པ། །དེ་ལྟར་འདོད་འདི་འཕགས་པའི་སྐྱེ་བོས་རིག །འདམ་རྫབ་ཆེ་འདྲ་རལ་གྲི་གཤེགས་གནས་འདྲ། །རལ་གྲིའི་སོ་ལ་སྦྲང་རྩི་བསྐུས་དང་མཚུངས། །ཇི་ལྟར་སྦྲུལ་གྱི་མགོ་དང་ངན་སྐྱུགས་སྣོད། །དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱིས་རིག །བྱ་ཤ་ཁ་འབུ་འདྲ་ཞིང་གསལ་ཤིང་འདྲ། །རོ་ལ་ཁྱི་ལྟར་དགྲ་དང་བཅས་པ་ཡིན། །འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ། །གཟུགས་བརྙན་མཚུངས་ཤིང་བྲག་ཅ་འདྲ་བ་དང༌། །མིག་ཡོར་འདྲ་ཞིང་གར་ལ་ལྟ་དང་འདྲ། །རྨི་ལམ་མཉམ་པར་འཕགས་པའི་སྐྱེ་བོས་རིག །འདོད་པའི་ཡོན་ཏན་སྐད་ཅིག་ཡ་མ་བརླ། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་བརྫུན་པ་ཅན། །ཆུ་བུར་དབུ་བ་ལྟ་བུར་ཡང་དག་མིན། །ཡོངས་སུ་བརྟགས་ལས་བྱུང་བར་མཁས་པས་རྟོགས། །ཞེས་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །འདི་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ནོ། །ཞེས་སོ། །རྒྱལ་བའི་ཡུམ་ལས་དེ་སེམས་ཅན་དེ་དག་གི་དོན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་གཡེངས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་གཡེངས་པ་ལ་ནི་འཇིག་རྟེན་པའི་བསམ་གཏན་སྐྱེད་པའང་དཀོན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས། དེ་ལྟ་བས་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ་སྙམ་དུ་སེམས་སོ་ཞེས་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། བྱང་ཆུབ་སེམས་དཔའི་བསམ་གཏན་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །གང་ཞེ་ན། བདག་གི་ཁུར་ལྕི་སྤོང་བའི་ཕྱིར་ནི། །དམིགས་དང་བཅས་པའི་ཏིང་འཛིན་བསྒོམ་སྟེ། །བདག་གི་ཀུན་ནས་ཉོན་མོངས་གཅོད་འདོད། །ཡང་དག་མཁས་པའི་མཚན་ཉིད་མ་ཡིན། །སེམས་ཅན་ཀུན་ལ་ཕན་དང་བདེ་ཕྱིར། །ཏིང་འཛིན་བསྒོམ་ཞིང་ཁུར་ལྕི་སྤོང་སྟེ། །ཀུན་ནས་ཉོན་མོངས་ཐམས་ཅད་སེལ་བ། །དེ་ནི་ཡང་དག་མཁས་པའི་མཚན་ཉིད། །མི་གནས་པ་ཡི་ཏིང་འཛིན་བསྒོམ་
སྟེ། །འདོད་པའི་སྲིད་པ་ཐམས་ཅད་ཆོད་པ། །དེ་ནི་བློ་གྲོས་ཆེན་པོ་ཞེས་བྱ། །ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ལས། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ནི་རྟག་པ་དང༌། བདེ་བ་དང༌། བདག་དང་ཡོངས་སུ་དག་པ་ལ་སོགས་པ་བཞིས་བསླད་དེ། བསམ་པའི་ཕྱིར་མི་རྟག་པ་དང་མི་བདེ་བ་དང༌། བདག་མེད་པ་དང་ཡོངས་སུ་མ་དག་པར་མཐོང་ངོ༌། །དེས་ཕྱིན་ཅི་ལོག་བཞི་ཡང་ཆོད་དེ། དེ་བས་ན་བསམ་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །སྐྱེ་བའི་མཚན་ཉིད་དང་རྒ་བའི་མཚན་ཉིད་ལ་སོགས་པ་བསམས་པས་ཀྱང་གྲོལ་བར་འགྱུར་རོ། །རིགས་ཀྱི་བུ་དགེ་བའི་ཆོས་ནི་མ་བསམས་པར་གཞན་གྱིས་ཐོབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་བསྐལ་པ་གྲངས་མེད་ཚད་མེད་མཐའ་ཡས་པའི་བར་དུ་ཆོས་མཉན་ཀྱང་གལ་ཏེ་མ་བསམས་ན་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་བཞིན་དུ་བསྒོམ་པ་གང་ཞེ་ན། རིགས་ཀྱི་བུ་གང་མི་དགེ་བའི་ཆོས་ཐམས་ཅད་སྤངས་ཤིང་དགེ་བའི་ཆོས་ཐམས་ཅད་ལ་ནན་ཏན་བྱེད་པ་ནི་ཆོས་བཞིན་དུ་བསྒོམ་པ་ཞེས་བྱའོ། །ཆོས་ཐམས་ཅད་སྟོང་པ་དམིགས་སུ་མེད་པ་ནི་མི་རྟག་པ་མི་བདེ་བ་བདག་མེད་པ་ཡོངས་སུ་མ་དག་པར་མཐོང་བ་སྟེ། དེ་ལྟར་མཐོང་བའི་ཕྱིར་ལུས་དང་སྲོག་ལ་ཡང་ཚུལ་ཁྲིམས་སྡོམ་པ་མི་འཇིགས་པ་ནི་བྱང་ཆུབ་སེམས་དཔའ་ཆོས་བཞིན་དུ་བསྒོམ་པ་ཞེས་བྱའོ་ཞེས་གསུངས་སོ། །ཤེས་རབ་ནི་མྱ་ངན་ལས་འདས་པའི་མདོ་ལས། འཇམ་དཔལ་གཞོན་ནུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། དོན་དམ་པའི་བདེན་པ་ལ་ཀུན་རྫོབ་ཀྱི་བདེན་པ་མཆིས་སམ། ཀུན་རྫོབ་ཀྱི་བདེན་པ་ལ་དོན་དམ་པའི་བདེན་པ་མཆིས་སམ། ཇི་སྟེ་མཆིས་ན་བདེན་པ་གཅིག་ཏུ་བས་སོ། །ཇི་སྟེ་མ་མཆིས་ན་དེ་བཞིན་གཤེགས་པས་གསུངས་པ་བརྫུན་དུ་མི་འགྱུར་རོ། །བཀའ་སྩལ་པ། རིགས་ཀྱི་བུ་ཀུན་རྫོབ་ཀྱི་བདེན་པ་ཉིད་དོན་དམ་པའི་བདེན་པའོ། །བཅོམ་ལྡན་འདས་དེ་ལྟར་ན་བདེན་པ་གཉིས་སུ་མཆིས་
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིས་ཀྱི་བུ་ཤིན་ཏུ་ཐབས་མཁས་པས་སེམས་ཅན་གྱི་དོན་དུ་བདེན་པ་གཉིས་གསུངས་སོ། །རིགས་ཀྱི་བུ་ཚིག་ཏུ་སྨྲ་བ་ལྟར་ན་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཆོས་དང༌། འཇིག་རྟེན་ལས་འདས་པའི་ཆོས་སོ། །རིགས་ཀྱི་བུ་འཇིག་རྟེན་ལས་འདས་པའི་གང་ཟག་གི་ཤེས་པ་དེ་ནི་དོན་དམ་པའི་བདེན་པའོ། །གང་ཟག་གི་ཤེས་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་གསུངས་སོ། །གོ་ཆ་བ་གོས་པ་བསྟན་པ་ལས། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། བསྟན་དུ་མེད་པ་དང༌། བརྗོད་དུ་མེད་པ་འདི་ནི་དེ་ཁོ་ན་ཉིད་ཅེས་བྱའོ་ཞེས་གསུངས་སོ། །གང་ཟག་གི་ཤེས་པ་དེ་ནི་དཀོན་མཆོག་འབྱུང་གནས་ལས། བར་སྣང་བྱ་རྗེས་ཇི་བཞིན་དུ། །འགྲོ་བ་དེ་ཡང་ཡེ་ནས་མེད། །སྦལ་པའི་སྤུ་ལ་བལྟ་བ་ལྟར། །དེ་བཞིན་ཞི་བའི་ཆོས་ཉིད་བལྟ། །བཞིན་གྱི་གཟུགས་བརྙན་མེ་ལོང་ལ། །རང་བཞིན་སྟོང་པར་མཁས་པས་བཤད། །དཀྱིལ་འཁོར་དེ་ན་བཞིན་གཟུགས་སྣང༌། །དེ་བཞིན་ཆོས་རྣམས་ཐམས་ཅད་ལྟོས། །ཞེས་འབྱུང་ངོ༌། །དྲི་མ་མེད་པར་གྲགས་པས་བསྟན་པ་ལས། དེ་ལ་ཐབས་མེད་པ་བསྟན་པའི་ཤེས་རབ་བཅིངས་པ་ནི་གང་ཞེ་ན། འདི་ལྟ་སྟེ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་ངེས་པར་རྟོག་ཅིང་མཚན་དང་དཔེ་བྱད་བཟང་པོ་དང༌། སངས་རྒྱས་ཀྱི་ཞིང་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མི་རྟོག་པ་འདི་ནི་ཐབས་མེད་པའི་ཤེས་རབ་སྟེ་བཅིངས་པའོ། །དེ་ལ་ཐབས་ཀྱིས་ཟིན་པའི་ཤེས་རབ་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ་མཚན་དང་དཔེ་བྱད་བཟང་པོ་དང༌། སངས་རྒྱས་ཀྱི་ཞིང་གི་རྒྱན་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རྟོག་ཅིང་སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་འདྲིས་པར་བྱེད་པ་འདི་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་སྟེ་གྲོལ་བའོ། །དེ་ལ་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་བཅིངས་པ་གང་ཞེ་ན། དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་མི་བསྔོ་བ་ནི་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་དེ་བཅིངས་པའོ། །དེ་ལ་ཤེས་རབ་ཀྱིས་ཟིན་པའི་ཐབས་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པས་དགེ་བའི་རྩ་བ་ཐམས་ཅད་རྩོམ་ཞིང་བྱང་
ཆུབ་ཏུ་བསྔོ་ནས་མི་སྙེམས་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ཟིན་པའི་ཐབས་ཏེ་གྲོལ་བའོ་ཞེས་འབྱུང་ངོ༌། །གཙུག་ན་རིན་པོ་ཆེས་ཞུས་པ་ལས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། སྦྱིན་པ་མ་ཚང་བ་མེད་པ་ནས་ཤེས་རབ་མ་ཚང་བ་མེད་པ། ཐབས་མ་ཚང་བ་མེད་པ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་མ་ཚང་བ་མེད་པ་དང༌། བྱང་ཆུབ་ཀྱི་སེམས་སེམས་ཅན་ལ་ལྟ་བ་མ་ཚང་བ་མེད་པ་དང༌། སྦྱིན་པ་དང་སྙན་པར་སྨྲ་བ་དང༌། དོན་བྱེད་པ་དང༌། དོན་མཐུན་པ་མ་ཚང་བ་མེད་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མ་ཚང་བ་མེད་པ་ལ་སོགས་པ་གསུངས་སོ། །གསང་ཆེན་ཐབས་ལ་མཁས་པ་ལས། ཉན་ཐོས་དང༌། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འཇུག་ཅིང་ལྡང་མོད་ཀྱི། ཉན་ཐོས་ནི་བདག་ཉིད་མྱ་ངན་ལས་འདའ་བ་ཁོ་ནར་ཤེས་པར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུ་བའི་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་ཡང་བྱེད་ལ། སེམས་ཅན་རྣམས་ལ་ཡང་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་དེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་ཟན་ཁམ་གཅིག་ཙམ་ཡང་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་དུད་འགྲོའི་སྐྱེ་གནས་སུ་གྱུར་བ་ལ་ཟན་ཁམ་གཅིག་ཙམ་སྦྱིན་བར་བྱེད་པ་ན་ཡང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་སྦྱིན་པར་བྱེད་ཅིང༌། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བསྔོ་བའི་ཕྱིར་རོ། །རིགས་ཀྱི་བུ་འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་གཞན་གྱི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ལས་རྗེས་སུ་ཡི་རང་བར་བྱེད་ཅིང་རྗེས་སུ་ཡི་རང་ནས་ཀྱང་སེམས་ཅན་ཐམས་ཅད་ལ་བསྔོ་
ཞིང་བཏང་སྟེ་སྔོ་བར་བྱེད་དོ། །དེ་ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའོ། །གཞན་ཡང་ཕྱོགས་བཅུ་པོ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང༌། སྤོས་ཀྱི་ཤིང་ལྗོན་པ་དང༌། མེ་ཏོག་ཕྲེང་བ་དང༌། སྤོས་དང༌། ཕྱེ་མ་དང་བྱུག་པ་བདག་གིར་མ་བྱས་པ་ཡང་ཡོངས་སུ་མ་བཟུང་བ་དེ་ཐམས་ཅད་འདུས་ནས་སངས་རྒྱས་ཐམས་ཅད་ལ་འབུལ་ལོ། །དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་བར་བྱེད་དེ། བཏང་ནས་ཐམས་ཅད་མཁྱེན་པ་ཉིད་དུ་སྔོ་བར་བྱེད་དོ། །འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའོ། །བྱང་ཆུབ་སེམས་དཔའ་བློ་རྟུལ་བར་གྱུར་ན་ཞུམ་པ་མེད་པར་བྱ་སྟེ། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་འཇུག་ཅིང་འདི་ལྟར་རྟོག་སྟེ། ཚིགས་སུ་བཅད་པ་འདིའི་དོན་གང་ཡིན་པ་དེ་ནི་གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་དོན་ཡིན་ནོ་ཞེས་རྟོག་པར་བྱེད་དོ། །བརྟགས་ནས་ཞུམ་པ་མེད་པའི་སེམས་ཀྱིས་སྙིང་རྗེ་ཆེན་པོ་བསྐྱེད་དེ་རྙེད་པ་དང་བཀུར་སྟི་ལ་ལྟ་བ་མེད་པར་བྱ་སྟེ། གྲོང་དང་གྲོང་ཁྱེར་དུ་སྐྱེ་བོ་མང་པོ་ལ་སྟོན་པར་བྱེད་ཅིང་སེམས་ཅན་གང་དག་གིས་ཆོས་འདི་ཐོས་པ་དེ་དག་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའོ། །ཡང་བྱང་ཆུབ་སེམས་དཔའ་བརྒྱ་ལམ་ན་དབུལ་པོར་གྱུར་ན་ཁ་ཟས་ནལ་ཟེ་གང་ཙམ་ཡང་ཞུམ་པ་མེད་པའི་སེམས་ཀྱིས་དགེ་འདུན་ནམ་གང་ཟག་ལ་འབུལ་བར་བྱེད་དོ། །ཕུལ་ནས་འདི་ལྟར་རྟོག་སྟེ། བཅོམ་ལྡན་འདས་ཀྱིས་སེམས་རྒྱ་ཆེན་པོས་བྱིན་ན་སྦྱིན་པ་རྒྱ་ཆེན་པོར་འགྱུར་རོ་ཞེས་གསུངས་པས་ན། བདག་གིས་སྦྱིན་པ་འདི་ཆུང་མོད་ཀྱི། ཐམས་ཅད་མཁྱེན་པ་ཉིད་ཀྱིས་བྱིན་པས་ན་དཔག་ཏུ་མེད་པ་བྱེད་དོ་སྙམ་དུ་སོ་སོར་རྟོག་པར་བྱེད་དོ། །དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པ་ལྟར་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་གྲུབ་པར་འགྱུར་ཞིང༌། ལག་ན་རིན་པོ་ཆེ་གྲུབ་པར་གྱུར་ཅིག་ཅེས་སྔོ་བར་བྱེད་དེ། འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའོ་ཞེས་གསུངས་སོ། །དྲི་མ་མེད་པར་གྲགས་པས་བསྟན་པ་ལས། མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ།
སྟེ། །མགོན་པོ་རྣམས་ནི་དེ་ལས་སྐྱེས། །ཆོས་ལ་དགའ་བ་ཆུང་མ་སྟེ། །བྱམས་དང་སྙིང་རྗེ་བུ་མོ་ཡིན། །ཆོས་དང་བདེན་གཉིས་དེ་ཡི་བུ། །སྟོང་པའི་དོན་སེམས་ཁྱིམ་ཡིན་ནོ། །དེ་བཞིན་ཉོན་མོངས་ཐམས་ཅད་ནི། །ཇི་དགར་དབང་བྱེད་སློབ་མའོ། །མཛའ་བོ་བྱང་ཆུབ་ཡན་ལག་སྟེ། །སེམས་ནི་བྱང་ཆུབ་མཆོག་རིག་འགྱུར། །དེ་གྲོགས་རྟག་ཏུ་འགྲོགས་པ་ནི། །ཕ་རོལ་ཕྱིན་པ་དྲུག་རྣམས་སོ། །མངོན་ཤེས་དེ་ཡི་བཞོན་པ་སྟེ། །ཐེག་པ་ཆེན་པོ་བླ་ན་མེད། །ཁ་ལོ་སྒྱུར་བ་བྱང་ཆུབ་སེམས། །ལམ་ནི་ཞི་བའི་ཡན་ལག་བརྒྱད། །ཅེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པ་ལས། འོད་སྲུངས་བྱང་ཆུབ་སེམས་དཔའི་ཚུལ་བཞིན་དུ་སྦྱོར་བ་གང་ཞེ་ན། འདི་ལྟ་སྟེ། དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པའོ། །སོ་སོར་རྟོག་པ་གང་ཞེ་ན། འོད་སྲུངས་གང་ལ་བདག་མེད་པར་སོ་སོར་རྟོག་པ་དང་ཞེས་བྱ་བ་ནས་ཤེད་བུ་མེད་པར་སོ་སོར་རྟོག་པ་ནི། དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པའོ། །འོད་སྲུངས་གཞན་ཡང་གཟུགས་རྟག་པར་ཡང་སོ་སོར་མི་རྟོག །མི་རྟག་པར་ཡང་སོ་སོར་མི་རྟོག་པ་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུངས་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ་རྟེན་མ་ཡིན་པ་སྣང་བ་མ་ཡིན་པ། རྣམ་པར་རིག་པ་མེད་པ་གནས་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པའོ། །འོད་སྲུངས་བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་ལ་སོགས་པ་གསུངས་སོ། །སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་ལས་ཀྱང༌། དབུ་མའི་ལམ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པར་འགྲོ་བའི་ལམ་འདི་ཡིན་ཏེ། མྱ་ངན་ལས་འདས་པ་ནི་གང་དུ་འགྲོ་བ་མེད་དོ། །དེ་ལ་འགྲོ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཉམ་པའོ། །བཀོད་པ་མཐའ་ཡས་
དབུ་མའི་ལམ་འདི་ནི་སྒྲུབ་པ་ཡང་མ་ཡིན་མི་སྒྲུབ་པ་ཡང་མ་ཡིན་པས་ཉེ་བར་ལེན་པའི་ཕྱིར་མཐའ་དང་བྲལ་བ་ཡིན་ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཆོས་འདི་ཐམས་ཅད་ཡོད་མིན་ཞིང༌། །མེད་པ་དང་ཡང་བྲལ་བ་ཡིན། །གང་གིས་དེ་ལྟར་ཆོས་ཤེས་པ། །དེ་དག་ལ་ནི་གཟུགས་སྐྱེའོ། །ཞེའོ། །ཆོས་ཀྱི་རང་བཞིན་དབྱེར་མེད་པ་ལས། འཇམ་དཔལ་གལ་ཏེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ན། ཆོས་ཀྱི་དབྱིངས་ལ་ནི་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་མེད་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའི་ལས་འབྱུང་བར་འགྱུར། སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་འཇིག་ཚོགས་ལ་ལྟ་བའི་ཕྱིན་ཅི་ལོག་གིས་བསླད་ཅིང༌། ངར་འཛིན་པ་དང་ང་ཡིར་འཛིན་པ་རྣམས་ལ་ནི་བདག་དང༌། གཞན་གྱི་འདུ་ཤེས་འབྱུང་བར་འགྱུར་རོ། །དེ་ལས་ནི་དགེ་བ་དང་མི་དགེ་བའི་སེམས་པ་འབྱུང་ངོ༌། །དེ་ལ་ནི་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་ཅིང༌། དེ་ལས་ནི་རྣམ་པར་སྨིན་པར་མངོན་པར་འགྲུབ་པར་འགྱུར་རོ། །ཇི་ཙམ་དུ་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་དེ་ཙམ་དུ་ཀུན་ནས་ཉོན་མོངས་པ་ཞེས་བྱའོ་ཞེས་གསུངས་སོ། །མྱ་ངན་ལས་འདས་པའི་མདོ་ལས། སྟོན་པ་དྲུག་གཟུགས་ལ་བདག་ཅེས་སྨྲ་ན། དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གཟུགས་བདག་ཡིན་ན་བྱད་གཟུགས་མི་སྡུག་པ་མེད་པའི་རིགས་ན། ཇི་སྟེ་རིགས་བཞི་ཁྱད་པར་དུ་གྱུར་ཏེ་བྲམ་ཟེའི་རིགས་གཅིག་ཏུ་མ་གྱུར། ཅིའི་ཕྱིར་གཞན་དབང་ཞིང་དབང་མེད་ལ་དབང་པོ་ཉམས་ཤིང་དབང་པོ་མ་ཚང་བར་འགྱུར། ཇི་སྟེ་ལྷའི་ལུས་མི་ལེན་ཅིང་དམྱལ་བ་དང༌། ཡི་དགས་ལ་སོགས་པའི་ལུས་སྣ་ཚོགས་ལེན། དེ་ལྟ་ཡིད་བཞིན་དུ་མི་འགྱུར་བ་ལ་བལྟས་ན་གདོན་མི་ཟ་བར་བདག་མེད་པར་རིག་གོ །དེ་ལྟར་བདག་མེད་པའི་ཕྱིར་མི་རྟག་པ་ཞེས་བྱའོ། །མི་རྟག་པའི་ཕྱིར་སྡུག་བསྔལ་བའོ། །སྡུག་བསྔལ་བའི་ཕྱིར་སྟོང་པའོ། །སྟོང་པའི་ཕྱིར་ཕྱིན་ཅི་ལོག་གོ །ཕྱིན་ཅི་ལོག་གི་ཕྱིར་འཁོར་བ་ན་རབ་ཏུ་འཁོར་ཏེ། ཚོར་བ་ལ་སོགས་པ་ཡང་དེ་དང་འདྲའོ་ཞེས་གསུངས་སོ། །གོ་ཆ་བགོས་པ་བསྟན་པ་ལས། རྐྱེན་རྣམས་ལས་
ནི་འབྱུང་བའི་ཕྱིར། །ཐམས་ཅད་གདན་མེད་གང་ཡང་མེད། །ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང༌། །རང་བཞིན་ཉིད་ཀྱིས་སྐྱེ་བ་མེད། །བྱང་ཆུབ་སེམས་དཔའ་རྐྱེན་རྣམས་ལ། །སོ་སོར་བརྟགས་པས་སྟོང་པར་རིག །ཆོས་རྣམས་རང་བཞིན་གྱིས་སྟོང་པས། །རང་བཞིན་གྱིས་ནི་མཚན་མ་མེད། །སྐྱེ་བ་དག་ནི་ཡོད་མ་ཡིན། །དེ་ལྟར་སོ་སོར་གང་རྟོགས་པས། །ཆོས་ལ་ནན་ཏན་བསྒྲུབ་པར་བྱ། །གཟུགས་དང་ཚོར་དང་འདུ་ཤེས་དང༌། །འདུ་བྱེད་རྣམ་ཤེས་དེ་བཞིན་རྟོག །རྒྱུ་དང་རྐྱེན་ནི་མང་པོ་ལས། །ཕུང་པོ་རྣམས་ནི་བྱུང་བ་ཡིན། །ཕུང་པོ་ཡང་དག་མེད་པས་ན། །རང་བཞིན་ངོ་བོ་ཉིད་ཀྱིས་སྟོང༌། །ཐམས་ཅད་སྐྱེ་བ་གང་ཡང་མེད། །སྐྱེ་བ་མེད་པས་འགག་པ་མེད། །ཕུང་པོ་མཚན་ཉིད་དེ་འདྲའོ། །དེ་ལྟར་རབ་ཏུ་གང་ཤེས་པ། །ཡང་དག་མཚན་ཉིད་མཐོང་བས་ན། །ཆོས་ཀྱི་འདུ་ཤེས་ཅུང་ཟད་མེད། །ཆོས་རྣམས་དང་ནི་ཆོས་ཀྱི་དབྱིངས། །འདི་གཉིས་ལ་ཡང་མཚན་མ་མེད། །ཆོས་རྣམས་མཚན་མ་སྤངས་པས་ན། །ཆོས་ཀྱི་དབྱིངས་ཞེས་བཤད་པ་ཡིན། །རྟོག་མེད་ཡེ་ཤེས་མ་མཐོང་ཞིང༌། །ལྟ་བ་འདི་ཡང་མི་མཐོང་བ། །ཆོས་རྣམས་མི་བདེན་མཐོང་བའི་ཕྱིར། །འདི་ལ་རྟོག་པར་བྱེད་ཅེས་བསྟན། །ཞེས་བྱ་བ་ནས། སྟོང་པ་ཉིད་ལ་སྟོང་མི་ལྟ། །སྟོང་ལས་གུད་ནའང་སྟོང་མི་ལྟ། །དེ་ལྟ་བུར་ནི་གང་ལྟ་བ། །སྟོང་པ་མཐོང་ཞེས་བྱ་བའོ། །ཞེས་གསུངས་སོ། །ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པའི་མདོ་ལས་རིགས་ཀྱི་བུ་གཞན་ཡང་གཟུགས་དེ་ཡང་འབྱུང་བ་ཆེན་པོ་བཞི་སྟེ། འབྱུང་བ་ཆེན་པོ་བཞི་པོ་འདི་དག་ནང་གིའམ། ཕྱི་རོལ་གྱིའམ། ཆེ་བའམ། ཕྲ་བ་དེ་དག་ཐམས་ཅད་མི་འགྲོ་མི་སྐྱེ་བདག་མེད་བདག་གི་བ་མེད་པར་བརྟག་པར་བྱའོ། །ཟག་པ་མེད་པ་དང༌། རྟོག་པ་མེད་པ་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པའི་ཚུལ་གྱིས་བརྟག་པར་བྱའོ། །ཤིན་ཏུ་ཕྲ་བའི་རྡུལ་གཅིག་པོ་དེ་ལ་ཇི་ལྟར་ལྷག་མཐོང་ཕྲ་མོས་བརྟག །རྡུལ་ཕྲ་མོ་དེ་དག་ལ་ཇི་ལྟར་མཚན་ཉིད་མེད་པའི་ཉོན་མོངས་པ་ཐམས་ཅད་ཀྱི་སྤྱོད་ལམ་དུ་གྱུར་པ་ཤེས། དངོས་པོ་མེད་པ་དང༌། དམིགས་
པ་མེད་པ་དང༌། བདག་མེད་པ་དང༌། བྲལ་བ་དང༌། མཚན་མ་མེད་པ་ལ་རྡུལ་ཤིན་ཏུ་ཕྲ་བར་རབ་ཏུ་ཤེས་སོ་ཞེས་གསུངས་སོ། །ཡང་དེ་ལས་གཟུགས་མེད་པའི་ཕུང་པོ་དེ་དག་ནི་སྟོང་པའི་མཚན་ཉིད་ཀྱིས་ཤིན་ཏུ་སྐད་ཅིག་གིས་འཇིག་པ་ཐེར་ཟུག་མ་ཡིན་ནོ། །གནས་མི་དམིགས་པས་མཚན་མ་མེད་པའོ། །སྐད་ཅིག་སྐྱེ་ཞིང་འགྲིབ་པས་སྨོན་པ་མེད་པའོ། །དེ་བས་ན་ཕུང་པོ་འདི་ནི་སྟོང་པའོ་ཞེས་གསུངས་སོ། །ཡང་དེ་ལས་ཇི་ལྟར་རྫས་ཀྱི་མཚན་ཉིད་ཀྱིས་དུས་གསུམ་ཐམས་ཅད་སྐད་ཅིག་མ་དང༌། ཤིན་ཏུ་སྐད་ཅིག་མ་སྟོང་པ་བཞིན་དུ་རིགས་ཀྱི་བུ་གང་ལ་ལ་འཕགས་པ་དང༌། འཕགས་པ་མ་ཡིན་པ་དང༌། འཇིག་རྟེན་གྱི་དང༌། འཇིག་རྟེན་ལས་འདས་པ་ནས་ལུས་དང༌། སྣོད་ཀྱི་བར་ཐམས་ཅད་སྐད་ཅིག་མ་སྟེ་ཤིན་ཏུ་སྟོང་པ་བརྗོད་དུ་མེད་པའོ་ཞེས་འབྱུང་ངོ༌། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། ཇི་སྐད་དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང། ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་གི་ཕྱིར་མཉམ་པར་གཞག་པ་ན་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འདོགས་པ་ནི་དེའི་ཐབས་སོ། །གང་གི་ཕྱིར་ཞི་བ་དང་རབ་ཏུ་ཞི་བ་སྙོམས་པར་འཇུག་པ་དེ་ནི་དེའི་ཤེས་རབ་པོ་ཞེས་གསུངས་སོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །ཕུང་པོ་ཇི་སྙེད་བརྗོད་པ་བས། །དམ་པའི་ཆོས་ནི་ཡང་འཛིན་ནི། །དེ་བས་བསོད་ནམས་ཆེས་མང་ངོ༌། །དམ་པའི་ཆོས་ནི་འཛིན་པ་དང༌། །བྱང་ཆུབ་སེམས་ཀྱི་བསོད་ནམས་དེས། །སྟོང་པ་ཉིད་ལ་མོས་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པ་ལས། འོད་སྲུངས་བཞི་པོ་འདི་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་ལགས་ཏེ། འདི་ལྟ་སྟེ་སྟོང་པ་ཉིད་ལ་ཡང་མོས་ལ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡང་ཡིད་ཆེས་པ་དང༌། དེས་བདག་མེད་པར་ཡང་བཟོད་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བ་དང༌། དེ་བསམ་པ་མྱ་ངན་ལས་འདས་པ་ལ་
གནས་ལ། སྦྱོར་བ་འཁོར་བ་ན་གནས་པ་དང༌། དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྦྱིན་པའི་རྣམ་པར་སྨིན་པ་ལ་ཡང་མི་རེ་བ་སྟེ། བཞི་པོ་འདི་དག་གོ་ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྟོང་ཉིད་སྨྲ་བ་ནི་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ། རྙེད་པས་དགའ་བ་ཡང་མེད། མ་རྙེད་པས་མི་དགའ་བ་ཡང་མེད། གྲགས་པས་ཡིད་སོས་པ་ཡང་མེད། མ་གྲགས་པས་སྲོ་ཤི་བ་ཡང་མེད། སྨད་པས་ཞུམ་པ་ཡང་མེད། བསྟོད་པས་དགའ་བ་ཡང་མེད། བདེ་བས་ཆགས་པར་གྱུར་པ་ཡང་མེད། གང་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་དེ་ཉིད་སྟོང་པ་ཉིད་ཤེས་པ་སྟེ། དེ་ལྟར་མི་འཕྲོགས་པས་སྟོང་པ་ཉིད་སྨྲ་བར་ཁོང་དུ་ཆུད་པར་བྱའོ། །སྟོང་པ་ཉིད་སྨྲ་བ་ནི་གང་དུ་ཡང་ཆགས་པའམ་མི་ཆགས་པ་མེད་དོ། །དེ་གང་ལ་ཆགས་པ་དང་གང་ལ་མི་ཆགས་པ་དེ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་མཐོང༌། གང་ཆོས་གང་ལ་ཆགས་པ་དང༌། མ་ཆགས་པ་དེ་ཡང་སྟོང་པ་ཉིད་དུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟོབས་བཅུ་བདེན་པའི་རྩལ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །འཇིགས་མེད་མི་འཇིགས་སྦྱིན་པ་ཁྱོད་ལ་ཕྱག་འཚལ་ལོ། །མ་འདྲེས་པ་ཡི་ཆོས་རྣམས་རབ་ཏུ་རྟོགས། །འགྲོ་བ་ཐམས་ཅད་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་ཏུ་སྦྱོར་བའི་བཅིངས་པ་གཅོད་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་དེ་ཐང་ལ་བཞུགས་ལ་ཕྱག་འཚལ་ལོ། །དུབ་པའི་འགྲོ་བ་སྒྲོལ་བ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་འགྲོ་བ་མི་གནས་ཁྱོད་ལ་ཕྱག་འཚལ་ལོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །རྒ་ནད་འཆི་བའི་དཔའ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་རྫོགས་སོ།། །།