Nitartha Digital Library
Tibetan
 
previousའཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ། ངང་ཚུལ་བཟང་པོ།no next

འཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ།
ངང་ཚུལ་བཟང་པོ།


DTG115_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་བུདྡྷ་བྷཱུ་མི་བྱཱ་ཁྱཱ་ན། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་དག་ཆོས་དབྱིངས་མ་ལུས་ཐུགས་སུ་ཆུད་གྱུར་ལ། །ཚིག་གམ་ཡང་ན་བློ་ཡིས་བརྗོད་པར་མི་ནུས་ཀྱང༌། །ས་ཡི་ཡོན་ཏན་ཉིད་སྐྱེས་རྣམས་ལ་དེ་འཆད་པ། །ཡོན་ཏན་འབྱུང་གནས་དེ་དག་རྣམས་ལ་ཕྱག་འཚལ་ཏེ། །བླ་མ་རྣམས་ཀྱི་དགོངས་པ་ཡིད་ཆེས་དག་མཐོང་ནས། །གང་དག་བདག་པས་བློ་ཞན་རྣམ་པར་རྨོངས་པ་རྣམས། །དེ་དག་རྣམ་པར་དག་པ་མཆོག་རབ་སྐྱེད་པའི་ཕྱིར། །ཐུབ་པ་རྣམས་ཀྱི་ས་ནི་རྣམ་པར་དགྲོལ་བར་བྱ། །སངས་རྒྱས་ཞིང་ནི་ཕུན་སུམ་ཚོགས། །ཡོན་ཏན་དང་ནི་ཕུན་སུམ་ཚོགས། །སངས་རྒྱས་ས་རྣམས་གཞག་པ་སྟེ། །དེ་ལྟར་མདོ་དོན་བསྡུས་པ་ཡིན། །ཆོས་ཉིད་ཡེ་ཤེས་མེ་ལོང་དང༌། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ས་ཡི་བསྡུ་བ་ངེས་པ་ཡིན། །གྲངས་རྣམས་དང་ནི་མིང་ཉིད་དང༌། །བསྡུ་དང་རབ་ཏུ་དབྱེ་བ་དང༌། །ཡེ་ཤེས་རྫོགས་ལ་བྱེ་བྲག་གིས། །སངས་རྒྱས་ཀྱི་ནི་ས་བཤད་དོ། །མདོ་སྡེ་འདི་ལས། མདོར་ན་བཅོམ་ལྡན་འདས་ཀྱི་གནས་ཕུན་སུམ་ཚོགས་པ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་དང༌། འཁོར་ཕུན་སུམ་ཚོགས་པ་དང༌། ས་རྣམ་པར་གཞག་པ་ཡོངས་སུ་བསྟན་ཏེ། གང་ན་ཅི་འདྲ་བ་ཞིག་ཇི་ལྟ་བུ་དག་དང་བཞུགས་པ་དང༌། ས་ཇི་ལྟར་རྣམ་པར་གཞག་པ་དེ་རིམ་གྱིས་བསྟན་པའི་ཕྱིར་རོ། །གང་ཞེ་ན། གཞལ་མེད་ཁང་ཆེན་པོ་ན་སྟེ། དེའི་ཕུན་སུམ་ཚོགས་པ་ནི་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཅི་འདྲ་བ་ཞིག་ཅེ་ན། བཅོམ་ལྡན་འདས་ཏེ། དེའི་ཡོན་ཏན་ཕུན་སུམ་ཚོགས་པ་ནི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཇི་ལྟ་བུ་དག་དང་ཞེ་ན། དེའི་འཁོར་ཉན་ཐོས་ཆེན་པོ་རྣམས་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཏེ། མདོ་སྡེ་གཞན་ལས་དུལ་བ། འཁོར་དུལ་བ། གྲོལ་བ། འཁོར་གྲོལ་བ་ཞེས་འབྱུང་བའི་ཕྱིར་དང༌།


DTG115_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་ཀྱང་ཉན་ཐོས་ཚད་མེད་པ་འདི་དགེ་འདུན་དང༌། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་དང་ཐབས་ཅིག་གོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕུན་སུམ་ཚོགས་པ་ནི་ཐམས་ཅད་ཀྱང་ཅད་ཤེས་པ་ཞེས་བྱ་བ་དང་ཐམས་ཅད་ཀྱང་གནས་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་དང་གོ་རིམས་བཞིན་ནོ། །ས་རྣམ་པར་གཞག་པའི་ཆོས་ལྔས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་མདོའི་མིང་དོན་དང་ལྡན་པར་བཏགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལྟ་བུ་དང༌། རིན་པོ་ཆེ་ཕྲོགས་པ་ལྟ་བུར་བལྟ་བར་བྱའོ། །དེ་ལ་གང་དུ་དོན་རྣམ་པར་ངེས་པར་སྦྱིན་པར་བྱེད་ཅིང་སྦྱོར་བར་བྱེད་པའམ་ཕན་ཚུན་རྣམ་པར་ངེས་པ་སྦྱིན་པ་འབྱུང་བ་དེ་ནི་གླེང་གཞི་སྟེ་དེ་ཉིད་གནས་ཡིན་ནོ། །དེ་ཐོག་མ་ཉིད་དུ་བསྟན་པའི་དགོས་པ་ནི་འཇིག་རྟེན་ཐམས་ཅད་ལས་འདས་པ་ཐམས་ཅད་མཁྱེན་པའི་གནས་ཡིན་ནོ་ཞེས་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་རོ། །དེ་བསྟན་པས་ཡང་གདུལ་བྱ་རྣམས་དེ་ལ་མོས་པ་བསྐྱེད་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་སྨོན་ལམ་འདེབས་པར་བྱ་བའི་ཕྱིར་དང༌། རྒྱ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་དགའ་བ་ཡང་དག་པར་བསྐྱེད་པར་བྱ་བའི་ཕྱིར། ལྷག་པའི་བསམ་པ་ལ་མོས་པ་རྣམས་ལྷག་པའི་བསམ་པའི་ཁམས་བརྟན་པར་བྱ་བའི་ཕྱིར་དང༌། གང་དུ་བཞུགས་ཏེ་ཆོས་རབ་ཏུ་སྟོན་པར་མཛད་པ་དེ་ཡང་དག་པར་རབ་ཏུ་བསྟན་པའི་ཕྱིར་རོ། །གཞན་དུ་ན་གང་དུ་བཞུགས་ཏེ་རབ་ཏུ་སྟོན་མི་ཤེས་པ་ཀུན་ལ་ཐེ་ཚོམ་དུ་གྱུར་པས་དེའི་དབང་དུ་མཛད་དེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་ཅེས་བྱ་བ་ཚིག་ཕྲད་འདི་ནི་དཔེ་དང་ལུང་འབོགས་པ་དང༌། དྲིས་པ་རྣམ་པར་ངེས་པ་དང༌། དམ་བཅའ་བ་དང༌། ཚིག་གི་ལན་དག་ལ་འབྱུང་སྟེ། དཔེ་ལ་ནི་རྣམ་ཐོས་ལྟར་ཕྱུག་པ་རྣམ་ཐོས་དང་འདྲ་བར་ཤེས་པ་ལྟ་བུའོ། །ལུང་འབོགས་པ་ལ་འདི་སྐད་ཐོན་ཅིག་ཅེས་


DTG115_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལྟ་བུའོ། །དྲིས་པ་རྣམ་པར་ངེས་པར་བྱ་བ་ལ་ནི་བདག་གིས་འདི་སྐད་ཐོས་སོ། །འདི་སྐད་དུ་བཤད་དོ་ཞེས་བྱ་བ་ལྟ་བུའོ། །དམ་བཅའ་བ་ལ་ནི་དེ་བཞིན་དུ་བྱའོ་ཞེས་བྱ་བ་ལྟ་བུའོ། །ཚིག་གི་ལན་ལ་ནི་དེ་ལྟར་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འདི་ནི་དམ་བཅའ་བ་ཁོ་ན་ལ་བལྟ་བར་བྱ་སྟེ། ཡང་དག་པར་སྡུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཁྱོད་ཀྱིས་ཇི་སྐད་ཐོས་པ་དེ་ཁོ་ན་བཞིན་དུ་བཤད་པར་གསོལ་ཞེས་གསོལ་བ་བཏབ་པ་དང༌། བྱང་ཆུབ་སེམས་དཔས་བདག་གིས་ཐོས་པ་དེ་ཁོ་ན་བཞིན་དུ་སྨྲ་བར་བྱའོ་ཁས་འཆེས་པའོ། །ཡང་ན་ཇི་སྐད་དུ་སྨྲས་པ་དེ་ཁོ་ན་བཞིན་དུ་བདག་གིས་ཐོས་ཏེ། དེ་བཞིན་དུ་བསྟན་པར་བྱའི་གཞན་དུ་མ་ཡིན་ནོ་ཞེས་བསྟན་པ་སྟེ། ཡན་ལག་གཞན་གྱིས་སྒྲོ་འདོགས་པ་དང་སྐུར་བ་འདེབས་པ་ཡོངས་སུ་སྤངས་ནས་སྙམ་དུ་དགོངས་པའོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཡིན་གྱི། གུད་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་མ་ཡིན་པའོ། །ཐོས་པ་ནི་ཉན་ནུས་པའི་རྣ་བའི་དབང་པོས་ཟིན་པའོ། །འདིས་ཀྱང་ཡན་ལག་གཞན་གྱིས་སྒྲོ་འདོགས་པ་དང༌། སྐུར་བ་འདེབས་པའི་ཉེས་པ་ཡོངས་སུ་སྤོང་སྟེ། བྱིས་པ་གང་དག་མི་ནུས་པ་དེ་དག་ནི་ཡན་ལག་ལ་སྐུར་བ་འདེབས་པའམ་སྒྲོ་འདོགས་པར་བྱེད་དོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་གི་ཚེ་ན་སྟེ། ཉན་པའི་ཚེ་བར་ཆད་མེད་པའི་ཕྱིར་རྒྱུན་ཆགས་པ་ཁོ་ནས་དུས་གཅིག་ཡིན་ནོ། །དེ་ལྟ་མ་ཡིན་ན་ཡི་གེ་དང༌། ཚིག་དང་ངག་འཛིན་པའི་དུས་ཐ་དད་པའི་ཕྱིར་ཇི་ལྟར་གཅིག་ཏུ་འགྱུར། ཡང་ན་གཟུངས་ཐོབ་པས་ཡི་གེ་འབྲུ་གཅིག་ལ་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཡང་དག་པར་འཛིན་པའི་ཕྱིར་རོ། །ཡང་ན་རྣ་བའི་དབང་པོ་རྣམ་པར་དག་པ་ཐོབ་པས་ཡི་གེ་འབྲུ་གཅིག་ཡོངས་སུ་བཤད་ན་གཞན་ལ་ཐོགས་པ་མེད་པའི་ཕྱིར་རོ། །ཡང་ན་དུས་ནི་ཚོགས་པ་ཡིན་ཏེ་དུས་ཚོགས་པ་གཅིག་ན་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་ཞེས་བྱ་བའི་སྒྲ་ནི་རང་དབང་དང༌། ཤིན་ཏུ་སྦྱངས་པ་དང༌། གཟུགས་བཟང་བ་དང༌། གྲགས་པ་དང༌། དཔལ་དང་བདག་


DTG115_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆེན་པོ་ལ་འབྱུང་སྟེ། རང་དབང་ཤིན་ཏུ་སྦྱངས་པ་དང༌། །གཟུགས་བཟང་བ་དང་གྲགས་པ་དང༌། །དཔལ་དང་བདག་ཉིད་ཆེ་སྩོགས་པ། །དྲུག་ལ་སྐལ་བ་ཞེས་བཤད་དོ། །ཞེས་གང་བཤད་པའོ། །དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་དང་མི་འབྲལ་བར་མངའ་བས། དེ་བཞིན་གཤེགས་པ་ནི་བཅོམ་ལྡན་འདས་ཡིན་ནོ། །ཇི་ལྟ་ཞེ་ན་རང་དབང་ཉིད་ནི་ཉོན་མོངས་པའི་གཞན་གྱི་དབང་དུ་གྱུར་པ་མི་མངའ་བའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་ཉིད་ནི་ཡེ་ཤེས་ཀྱི་མེའི་གདུང་བས་ཡོངས་སུ་སྦྱངས་པའི་ཕྱིར་རོ། །གཟུགས་བཟང་བ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་མཆོག་སུམ་ཅུ་རྩ་གཉིས་ལ་སོགས་པ་མངའ་བའི་ཕྱིར་རོ། །གྲགས་པ་ནི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་ཕུན་སུམ་ཚོགས་པའི་ཕྱིར་རོ། །དཔལ་ནི་འགྲོ་བ་ཐམས་ཅད་ཀྱིས་བསྙེན་པར་བྱ་བ་ཡིན་པའི་ཕྱིར་རོ། །ཆེ་བ་ཉིད་ཚོགས་པ་ནི། སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཕན་པ་དང་བདེ་བ་མཛད་པའི་སྦྱོར་བ་ཉམས་པ་མི་མངའ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་བདུད་བཞི་བཅོམ་པས་བཅོམ་ལྡན་འདས་ཏེ། བདུད་བཞི་ནི་ཕུང་པོའི་བདུད་དང༌། འཆི་བདག་གི་བདུད་དང༌། ཉོན་མོངས་པའི་བདུད་དང༌། ལྷའི་བུའི་བདུད་དོ། །དེ་ལ་གནས་ཕུན་སུམ་ཚོགས་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །དེ་ཡང་ཕུན་སུམ་ཚོགས་པ་རྣམ་པ་བཅོ་བརྒྱད་ཀྱིས་ཕུན་སུམ་ཚོགས་པ་སྟེ། ཁ་དོག་ཕུན་སུམ་ཚོགས་པ་དང༌། དབྱིབས་ཕུན་སུམ་ཚོགས་པ་དང༌། ཚད་ཕུན་སུམ་ཚོགས་པ་དང༌། ཡུལ་ཕུན་སུམ་ཚོགས་པ་དང༌། རྒྱུ་ཕུན་སུམ་ཚོགས་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་དང༌། བདག་པོ་ཕུན་སུམ་ཚོགས་པ་དང༌། ཕྱོགས་ཕུན་སུམ་ཚོགས་པ་དང༌། ཞམ་འབྲིང་ཕུན་སུམ་ཚོགས་པ་དང༌། སྟོན་པ་ཕུན་སུམ་ཚོགས་པ་དང༌། ལས་ཕུན་སུམ་ཚོགས་པ་དང༌། ཕན་འདོགས་པ་ཕུན་སུམ་ཚོགས་པ་དང༌། མི་འཇིགས་པ་ཕུན་སུམ་ཚོགས་པ་དང༌། གནས་ཕུན་སུམ་ཚོགས་པ་དང༌། ལམ་ཕུན་སུམ་ཚོགས་པ་དང༌། བཞོན་པ་ཕུན་སུམ་ཚོགས་པ་དང༌།


DTG115_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཕུན་སུམ་ཚོགས་པ་དང༌། གཞི་ཕུན་སུམ་ཚོགས་པ་སྟེ། གོ་རིམས་བཞིན་དུ་ཚིག་བཅུ་དགུས་ཡོངས་སུ་བསྟན་ཏོ། །དེ་ལ་མཆོག་ཏུ་འབར་བ་ཞེས་བྱ་བ་ལ་སོགས་པ་ནི་གང་ལ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་དག་གིས་བཀོད་པ་བརྒྱན་པའི་བྱེ་བྲག་ཡོད་པའོ། །ཡང་ན་གཞལ་ཡས་ཁང་གི་ཁྱད་པར་དེ་ཉིད་རིན་པོ་ཆེ་དེ་དག་གིས་མཆོག་ཏུ་འབར་བའོ། །རིན་པོ་ཆེ་སྣ་བདུན་ནི་གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་དང༌། སྤུག་དང༌། རྡོའི་སྙིང་པོ་མུ་ཏིག་དམར་པོ་སྟེ། དམར་པོ་ནི་སྲོག་ཆགས་ཀྱི་རིགས་སོ། །དེ་ལས་བྱུང་བའི་ཕྱིར་བྱེ་བྲག་མེད་པར་ཉེ་བར་བཏགས་ཏེ། མུ་ཏིག་དམར་པོ་ཞེས་བྱའོ། །ཀེ་ཀེ་རུ་ནི་བདུན་པ་སྟེ། དེ་ལྟར་ན་ནི་མཆོག་ཏུ་འབར་བའི་གནས་ཡིན་ནོ། །གང་གི་ཕྱིར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་རྒྱས་པས་འགེངས་པ་ཁྱབ་པར་བྱེད་པ་དེས་ན་འོད་ཟེར་ཆེན་པོ་དག་རབ་ཏུ་འབྱུང་བ་སྟེ། དེ་ཉིད་ཀྱི་ཕྱིར་འོད་ཟེར་རྣམས་མངའ་བ་ཉིད་དོ། །དེ་དག་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པ་ཡང་ཡིན་ལ། འོད་ཟེར་ཆེན་པོ་དག་ཀྱང་ཡིན་ཏེ། གང་ལ་དེ་དག་རབ་ཏུ་འབྱུང་བ་ཡོད་ཅེས་ཚིག་རྣམ་པར་སྦྱར་རོ། །དེ་ལྟ་བས་ན་ཚིག་འདི་གཉིས་ཀྱིས་ཁ་དོག་ཕུན་སུམ་ཚོགས་པ་བཤད་དོ། །དེ་ལྟར་ཁ་དོག་ཕུན་སུམ་ཚོགས་པའི་དབྱིབས་ཇི་ལྟ་བུ་ཞེ་ན། གནས་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་ཚད་མེད་པ་དག་རྣམ་པར་གནས་པ་སྟེ། འདི་ལ་རྣམ་པར་གནས་པ་བྱེ་བྲག་ཏུའམ་རྣམ་པ་སྣ་ཚོགས་སུའམ་མཆོག་ཏུ་གནས་པ་ཡོད་པས་ཞེས་བྱ་བར་སྦྱར་རོ། །ཚད་མེད་པ་ཉིད་ནི་གྲངས་ཚད་མེད་པའི་ཕྱིར་དང་ཡུལ་ཚད་མེད་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་ཕྱེ་བ་ནི་བློ་སྔོན་དུ་བཏང་བའི་ཆ་རྣམ་པར་གཞག་པས་བཀོད་པའི་ཕྱིར་རོ། །ཇི་ལྟར་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ངོ་བོ་ལ་བློ་སྔོན་དུ་བཏང་བའི་ཆ་རྣམ་པར་གཞག་པ་སྲིད་ཅེ་ན། དེའི་ཕྱི་རོལ་གྱི་དངོས་པོ་བསྒྲུབ་པ་ལ་ཡོངས་སུ་གྲུབ་པ་ནི་མ་ཡིན་གྱི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས་ཤེས་རབ་ཀྱི་རྒྱུ་མངོན་པར་འདུ་བྱེད་པ་དང་བཅས་པར་འབྱུང་


DTG115_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སྤྱོད་པ་ན། སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་དེ་ལྟ་དེ་ལྟར་མངོན་པར་འདུས་བྱས་པའི་ཕྱིར་རོ། །སྔོན་མངོན་པར་འདུས་བྱས་པའི་དབང་གིས་སྤྲོས་པ་མེད་པའི་གནས་སྐབས་ན་ཡང་དེ་ཁ་ན་བཞིན་དུ་འབྱུང་བའི་ཕྱིར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་རིག་པ་སྣང་བ་འགལ་བ་མེད་དེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་དབྱིབས་ཕུན་སུམ་ཚོགས་པ་དེའི་ཚེ་ཇི་ལྟ་བུ་ཞེ་ན། དེའི་དབང་དུ་མཛད་ནས་རྒྱ་ཡོངས་སུ་མཆད་པ་ཞེས་བྱ་བ་གསུངས་ཏེ། གང་གི་རྒྱ་འདི་ཙམ་མོ་ཞེས་བྱ་བར་ཡོངས་སུ་ཆད་པ་མེད་པའོ། །རྒྱ་ནི་ཀུན་ནས་ཁོན་ཆེ་བ་ཡིན་ནོ། །ཡང་ན་གང་གིས་རྒྱ་སྲིད་ལ་སོགས་པའི་ཚད་ཡོངས་སུ་མ་ཆད་པ་སྟེ། ཤར་ཕྱོགས་ལ་སོགས་པའི་ཕྱོགས་ཆ་ཐ་དད་པ་ཡོངས་སུ་ཆད་པ་མེད་པའི་ཕྱིར། དེ་སྐད་ཅེས་བྱའོ། །དེ་ལྟར་ཚད་ཡོངས་སུ་ཆད་པ་དེ་ཅི་ཁམས་གསུམ་ན་སྤྱོད་པ་ཞིག་ཡིན་ནམ་ཞེ་ན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཡིན་ཏེ། གང་ལ་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ལམ་གནས་སམ་ཡུལ་ཡོད་པའོ། །ཁམས་གསུམ་པ་ནི་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་བརྟས་པར་འགྱུར་བའི་ཕྱིར། རང་གི་ས་པའི་སྲེད་པ་དག་གིས་བདག་གིས་བྱས་པ་དང༌། དེའི་རྣམ་པར་སྨིན་པ་ཡིན་ནོ། །དེ་ནི་དེས་བདག་གི་ར་མ་བྱས་པའི་ཕྱིར་དང༌། དེའི་རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་མ་ཡིན་ཏེ། མྱ་ངན་ལས་འདས་པ་བཞིན་ནོ། །འོ་ན་ནི་རྒལ་བ་དེ་གཞལ་མེད་ཁང་རྣམ་པར་སྨིན་པའི་ས་ལས་ཡང་དག་པར་འདས་པའི་ཕྱིར་དེ་དང་འདྲ་བ་ཉིད་དུ་རྒྱུ་མེད་པ་ཅན་ཡིན་ནོ། །འོན་ཏེ་རྒྱུ་དང་ལྡན་པ་ཉིད་ཡིན་ན་ནི་དེའི་ཁོངས་སུ་འདུས་པར་འགྱུར་རོ། །ཡང་ན་ནི་དེའི་རྒྱུ་ཁམས་གསུམ་པ་ལ་གཏོགས་པ་ཞིག་བརྗོད་དགོས་སོ་ཞེ་ན། བདེན་ཏེ་འདིའི་རྒྱུ་ནི་ཁམས་གསུམ་པ་ལས་འདས་པ་ཁོ་ན་ཡིན་ནོ། །རྒྱུ་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་ཞེ་བྱ་བ་གསུངས་ཏེ། འཇིག་རྟེན་ལས་འདས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེའི་བླ་མའི་


DTG115_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རྩ་བ་ནི་དེའི་རྗེས་ལ་ཐོབ་པ་སྟེ། རྒྱུ་དེ་ལས་བྱུང་བ་ཡིན་གྱི་རྒྱུ་མེད་པ་ཅན་ཡང་མ་ཡིན་ལ་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་ནོ། །ཇི་ལྟར་ན་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཆོས་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་རྣམ་པར་སྨིན་པའི་རྒྱུ་ཡིན་ཞེ་ན། རྣམ་པར་སྨིན་པའི་རྒྱུ་ཡིན་ཞེས་ནི་མི་བྱའོ། །འོ་ན་ཅི་ཞེ་ན། དེ་ལས་གཞན་པ་གང་སྲིད་པ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ཀྱི་འཇིག་རྟེན་པའི་ཆོས་ཀྱི་མཆོག་བཞིན་ནོ། །རྣམ་པ་གཅིག་ཏུ་ན་འཇིག་རྟེན་ལས་འདས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལམ་མོ། །དེའི་བླ་མ་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་རྩ་བ་ཟག་པ་མེད་པ་རྣམས་ཏེ། རྒྱུ་དེ་ལས་བྱུང་བ་ནི་དེའི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་རྒྱུ་ཕུན་སུམ་ཚོགས་པའི་འབྲས་བུ་ཇི་འདྲ་ཞེ་ན། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཅེས་བྱ་བ་གསུངས་ཏེ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པ་གང་ཡིན་པ་དེ་ནི་འདིའི་མཚན་ཉིད་ཡིན་ནོ། །དེ་ནི་རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་རྣམ་པར་རིག་པ་ལམ་གཏོགས་རིན་པོ་ཆེ་ལ་སོགས་པ་མེད་པས་རྣམ་པར་རིག་པ་ཤིན་ཏུ་རྣམ་པར་བྱང་བ་དེ་ཉིད་དེ་ལྟར་སྣང་སྟེ་སྔར་ཇི་སྐད་དུ་བཤད་པ་བཞིན་ནོ། །ཡུལ་དང་འདྲ་བའི་ཕྱིར་འབྲས་བུ་ཡིན་ཏེ། ཟད་པར་སྔོན་པོ་ལ་སོགས་པའི་སྙོམས་པར་ཞུགས་པ་རྣམས་ཀྱིས་དེའི་རྣམ་པར་རིག་པ་བཞིན་ནོ། །གཞལ་མེད་ཁང་ནི་བདག་པོས་ཡོངས་སུ་བཟུང་བའི་ཕྱིར་དེ་ལྟར་འབྲས་བུ་ཕུན་སུམ་ཚོགས་པའི་བདག་པོ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི་གནས་ཞེས་བྱ་བ་གསུངས་ཏེ་དེ་ནི་བདག་པོའི་ཁྱད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གནས་ཡིན་གྱི་གཞན་གྱི་མ་ཡིན་པའམ། དེས་དེ་བྱིན་གྱིས་བརླབས་ཤིང་ཞེ་ལ་གཟུང་བ་ཡིན་གྱིས་གཞན་གྱིས་མ་ཡིན་པའོ། །བདག་པོ་ནི་ཕྱོགས་ཡོངས་སུ་འཛིན་པའི་ཕྱིར་དེ་ལྟར་བདག་པོ་ཕུན་སུམ་ཚོགས་པའི་ཕྱོགས་དགོས་པས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་རྗེས་སུ་སོང་བཞེས་བྱ་བ་གསུངས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་རྗེས་སུ་སོང་བ་ཡོད་པའོ། །


DTG115_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་གང་གི་རྗེས་སུ་འགྲོ་བ་དེ་ནི་དེའི་ཕྱོགས་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་རྣམས་ཀྱང་དེའི་རྗེས་སུ་འགྲོ་བ་ཡིན་ནོ། །དེ་དག་ཁོ་ན་དགྲ་རྣམ་པ་ཐམས་ཅད་དུ་ཕྱིར་བཟློག་ནུས་པས་དེའི་ཕྱོགས་ཡིན་གྱི་ཉན་ཐོས་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟར་ཕྱོགས་ཕུན་སུམ་ཚོགས་པའི་ཞམ་འབྲིང་བ་དགོས་པས་དེའི་འོག་ཏུ་ལྷ་ལ་སོགས་པ་བསྟན་ཏོ། །ལྟོ་འཕྱེ་ཆེན་པོ་ནི་སྦྲུལ་ཆེན་པོའོ། །འོ་ན་ཇི་ལྟར་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཞེས་བཤད། ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ན་ནི་ལྷ་ལ་སོགས་པ་ནི་མི་སྲིད་དེ། དེ་དག་ནི་ཁམས་གསུམ་ན་སྤྱོད་པ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་བུའི་རྣམ་པ་རིག་པ་སྣང་བ་ཡོངས་སུ་འཛིན་པ་དང་ལྡན་པས་འགལ་བ་མེད་དོ། །ཡང་ན་དེ་དག་ནི་སྤྲུལ་པ་ཡིན་ལ་དེ་ལྟར་ཀུན་དུ་བསྟན་པ་ནི་གདུལ་བར་བྱ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཏེ། ཀ་པི་ནག་དུལ་བར་བྱ་བའི་ཕྱིར་འཁོར་ལོས་སྒྱུར་བའི་འཁོར་ཀུན་དུ་བསྟན་པ་བཞིན་ནོ། །ཡང་ན་དེ་དག་ནི་བྱང་ཆུབ་སེམས་དཔའ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ལྷ་ལ་སོགས་པའི་ལུས་སུ་མངོན་པར་སྤྲུལ་ནས་རྣམ་པར་གནས་པར་ཟད་དོ། །དེ་ལྟ་ཞམ་རིང་བ་ཕུན་སུམ་ཚོས་པ་ཅིས་བསྟན་པ་ཡིན་ཞེ་ན། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟན་པ་ཞེས་བྱ་བ་གསུངས་ཏེ། འདི་ན་ཆོས་ཀྱི་རོའི་དགའ་བ་དང༌། བདེ་བ་ཆེན་པོས་བསྟན་པ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ཟས་ནི་གནས་པའི་རྒྱུ་ཡིན་པའི་ཕྱིར་སྟོན་པ་སྟེ། དེས་ཀྱང་གནས་པར་འགྱུར་རོ། །ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཞེས་བཤད་པ་མ་ཡིན་ནམ། ཇི་ལྟར་ན་དེའི་ཟས་ཡིན། ཟག་པ་མེད་པའི་ཆོས་རྣམས་ཀྱང་དེའི་ཟས་ཡིན་ནོ་ཞེས་བརྗོད་པར་རིགས་པ་མ་ཡིན་ཏེ། ཟས་ནི་སྲིད་པ་གསོ་བར་བྱེད་པ་ཡིན་པའི་ཕྱིར་ལ་དེ་དག་ནི་སྲིད་པ་སྤྱོད་པའི་རྒྱུ་ཡིན་ནོ་ཞེ་ན། འདི་ནི་གཟུགས་ལ་སོགས་པའི་ཁམས་སུ་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་འདྲ་བར་འགྱུར་རོ། །དེ་དག་འདས་པའི་ཟས་ཀྱིས་ཟས་དང་


DTG115_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཞེས་བརྗོད་པ་ཡང་རིགས་པ་མ་ཡིན་ཏེ། འདས་པ་མེད་པའི་ཕྱིར་དང༌། འདི་ལ་ཡང་དེ་ཐལ་བར་འགྱུར་རོ། །དེ་ལྟ་བ་ན་དེས་དེ་དག་དེ་ན་གནས་པར་འགྱུར་པས། གནས་པའི་རྒྱུ་མ་ཡིན་པའི་ཕྱིར། ཉེ་བར་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ལྟར་སྟོན་པ་ཕུན་སུམ་ཚོགས་པས་ཕྲིན་ལས་ཅི་མཛད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པར་ཉེ་བར་གནས་པ་ཞེས་བྱ་བ་གསུངས་སོ། །འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པར་ཉེ་བར་གནས་པ་ཡོད་པའི་ཕྱིར་རམ་དོན་ཐམས་ཅད་ཡང་དག་པར་སྒྲུབ་པར་ཉེ་བར་གནས་པ་ཡོད་པའི་ཕྱིར་ཏེ། ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་ཀྱང་སྔོན་མངོན་པར་འདུ་བྱེད་པའི་དབང་གིས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །ཇི་སྐད་བཤད་པའི་ཕྲིན་ལས་ཕུན་སུམ་ཚོགས་པའི་ཕན་ཐོགས་པ་གང་ཡིན་ཞེ་ན། དེ་ཡང་དག་པར་བསྟན་པའི་ཕྱིར་ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་དག་ཉིད་དྲི་མ་ཡིན་ནོ། །དེ་དག་ཀྱང་གནོད་པའི་རྒྱུ་ཡིན་པས་དེ་མེད་པའི་ཕྱིར་དེ་ལས་གྱུར་པའི་གནོད་པ་མེད་དོ། །འོ་ན་དེའི་ཚེ་ཅི་ཞིག་ཕན་བཏགས་ཤེ་ན། ཉོན་མོངས་པ་ལ་གྱུར་པའི་གནས་པ་མེད་པ་གང་ཡིན་པ་དེ་ཉིད་ཕན་བཏགས་པ་ཡིན་ཏེ། དཔེར་ན་ཇོ་བོས་ཕུན་མ་བཏགས་ཀྱང༌། གནོད་པ་མི་བྱེད་པའི་ཕྱིར་བདག་ལ་ཇོ་བོས་ཕན་བཏགས་སོ་ཞེས་ཐ་དད་འདོགས་པ་ཡིན་པ་བཞིན་ནོ། །ཡང་ན་ཉོན་མོངས་པའི་དྲི་མ་ལས་དབེན་པའི་ཡེ་ཤེས་རྙེད་པ་ཡིན་ནོ། །དེ་ལྟར་ན་གང་གི་གནོད་པ་མེད་པས་ཕན་པ་མཛད་པ་ཕུན་སུམ་ཚོགས་པ་ལ་ཕྱི་རོལ་གྱི་འཇིགས་པའི་རྒྱུ་ཡང་མེད་པས། བདུད་ཐམས་ཅད་ཡོངས་སུ་སྤངས་པ་ཞེས་འཇིགས་པ་མེད་པ་ཉིད་ཕུན་སུམ་ཚོགས་པ་སྟོན་པར་མཛད་དོ། །བདུད་ཐམས་ཅད་ནི་ཕུང་པོ་དང༌། ཉོན་མོངས་པ་དང༌། འཆི་བདག་དང་ལྷའི་བུའི་བདུད་རྣམས་ཏེ་དེ་དག་གིས་དེ་ཡོངས་སུ་སྤངས་པའམ། གང་གིས་དེ་དག་ཡོངས་སུ་སྤངས་པས་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དག་ཀྱང་འཇིགས་པའི་རྒྱུ་ཡིན་ཏེ། དེ་དག་ཐིབས་ཀྱིས་མནན་ཏེ་རྒྱལ་བས་ན་འཇིགས་པ་མེད་པ་ཡིན་ནོ། །དེ་ལྟར་འཇིགས་པ་མེད་པ་ཕུན་སུམ་ཚོགས་པའི་གནས་


DTG115_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྱད་པར་ཅི་འདྲ་བ་ཞིག་ཅེ་ན། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བཀོད་པ་ཞེས་བྱ་བ་གསུངས་ཏེ། འདི་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་དམ། གཞན་དག་གིས་བཀོད་པ་གང་དག་ཡིན་པ་དེ་དག་པས་ལྷག་པ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བཀོད་པ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེའི་བྱིན་གྱི་རླབས་ཁོ་ནས་དེ་ལྟར་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ །གནས་ཐམས་ཅད་པས་ཁྱད་པར་དུ་འཕགས་པའི་ཕྱིར། གནས་ཕུན་སུམ་ཚོགས་པའོ། །དེ་ལྟར་གནས་ཕུན་སུམ་ཚོགས་པ་དེར་བགྲོད་པར་བྱ་བའི་ལམ་ཇི་ལྟ་བུ་ཞིག་ཅེ་ན། དྲན་པ་དང༌། བློ་གྲོས་དང༌། རྟོག་པ་ཆེན་པོ་ངེས་པར་འབྱུང་བ་ཡིན་པ་ཞེས་བྱ་བ་གསུངས་ཏེ། འདིས་ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བའི་ལམ་མོ། །དྲན་པ་ལ་སོགས་པ་འདི་དག་གིས་དེ་དག་ངེས་པར་འབྱུང་བས་ན་དྲན་པ་ལ་སོགས་པ་ནི་ངེས་པར་འབྱུང་བ་ཡིན་ནོ། །དེ་ལྡན་པ་ཆེན་པོ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་སྟེ། ཐོས་ནས་དོན་ཕྱིན་ཅི་མ་ལོག་པར་མངོན་པར་བརྗོད་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་སྟེ། ཐོས་པ་རིགས་པས་ངེས་པར་སེམས་པའི་སྒོ་ནས་ངེས་པར་འཐོབ་པའི་ཕྱིར་རོ། །རྟོག་པ་ཆེན་པོ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་སྟེ། བསྒོམས་པའི་སྟོབས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །དྲན་པ་ལ་སོགས་པའི་ཆེན་པོ་ཉིད་ནི་ཐིག་པ་ཆེན་པོའི་ཆོས་ལ་དམིགས་པ་ལས་བྱུང་བའི་ཕྱིར་དེའི་འབྲས་བུ་ཡིན་པའི་ཕྱིར་དང༌། དེས་བསྡུས་པའི་ཕྱིར་རོ། །དེ་ལྟར་ལམ་ཕུན་སུམ་ཚོགས་པ་ནས་གང་ལ་ཞོན་ཏེ། ལམ་དེ་ནས་འགྲོ་བའི་བཞོན་པ་དེ་དགོས་པས་དེའི་དབང་དུ་མཛད་དེ། ཞི་གནས་དང་ལྷག་མཐོང་ཆེན་པོ་བཞོན་པ་ཡིན་པ་ཞེས་བྱ་བ་གསུངས་སོ། །ཞི་གནས་ནི་ཏིང་ངེ་འཛིན་ཏོ། །ལྷག་མཐོང་ནི་ཤེས་རབ་བོ། །དེ་གཉིས་རང་གི་ངང་གི་འཇུ་པ་ནི་བཞོན་པ་སྟེ། དེ་གཉིས་དེ་ནས་དེར་འགྲོ་བའི་ཕྱིར་རོ། །ཆེན་པོ་ཉིད་ནི་སྔ་མ་བཞིན་ནོ། །དེ་ལྟར་བཞོན་པ་ཕུན་སུམ་ཚོགས་པ་གང་གིས་ན་དེར་འཇུག་པར་འགྱུར་བའི་སྒོ་དགོས་པས།


DTG115_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འོག་ཏུ་སྒོ་ཕུན་སུམ་ཚོགས་པ་དེའི་དབང་དུ་མཛད་དེ། རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང་སྨོན་པ་མེད་པ་ནས་འཇུག་པ་ཞེས་བྱ་བ་གསུངས་ཏེ། སྒོ་ནི་སྒོ་མོའོ། །རྣམ་པར་ཐར་པ་ནི་རྣམ་པར་གྲོལ་བ་སྟེ། མྱ་ངན་ལས་འདས་པའོ། །སྟོང་པ་ཉིད་ལ་སོགས་པ་ནི་རྣམ་པར་ཐར་པའི་སྒོ་ཡིན་ཏེ། དེ་ལ་སྟོང་པ་ཉིད་ནི་ཆོས་ལ་བདག་མེད་པ་སྟེ། ཀུན་ཏུ་བརྟགས་པའི་ཆོས་མེད་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཡིན་ནོ། །མཚན་མ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་དང༌། སྐྱེས་པ་དང་བུད་མེད་དང་སྐྱེ་བ་དང༌། རྒ་བ་དང་འཆི་བ་སྟེ། མཚན་མ་འདི་གང་ལ་མེད་པ་ནི་མཚན་མ་མེད་པའོ།། །དེ་ཡང་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ནི་མཚན་མ་ཐམས་ཅད་བསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་ནོ། །སྨོན་པ་ནི་སྨོན་ལམ་སྟེ། དོན་དུ་གཉེར་བའོ། །ཁམས་གསུམ་པ་སྡུག་བསྔལ་ཉིད་དུ་སྟན་མི་སྨོན་ཏེ། འདི་ལ་སྨོན་པ་མེད་པས་ན་སྨོན་པ་མེད་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡིན་ནོ། །འདི་ལ་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་དེ་དག་གི་འཇུག་པ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་དག་གིས་དེར་འཇུག་པའི་ཕྱིར་རོ། །ཆེན་པོ་ཉིད་ནི་སྔ་མ་བཞིན་ནོ། །དེ་ལྟར་སྒོ་ཕུན་སུམ་ཚོགས་པའི་གཞལ་མེད་ཁང་ཕྲལ་བཞིན་དུ་དེ་གང་ལ་བརྟེན་པའི་གཞི་དགོས་པས་དེའི་ཕྱིར་འོག་ཏུ་གཞི་ཕུན་སུམ་ཚོགས་པ་དེའི་དབང་དུ་མཛད་ནས་རིན་པོ་ཆེའི་པདྨའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པའི་བཀོད་པ་ལ་བརྟེན་པ་ཞེས་བྱ་བ་གསུངས་སོ། །དཔེར་ན་སའི་དཀྱིལ་འཁོར་ལ་སོགས་པ་ཆུའི་དཀྱིལ་འཁོར་ལ་སོགས་པ་ལ་བརྟེན་པའམ། འཇིག་རྟེན་པའི་གཞལ་མེད་ཁང་ས་ལ་བརྟེན་པ་དེ་བཞིན་དུ། རིན་པོ་ཆེ་ཆེན་པོའི་པདྨའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པ་གང་ཡིན་པ་དེའི་བཀོད་པ་ཆེན་པོ་འདི་ནི་གཞག་པའི་ཁྱད་པར་ཏེ། དེ་ནི་འདིའི་རྟེན་ཡིན་ནོ། །ཆེན་པོ་ཉིད་ནི་དེ་ལས་གཞན་པའི་བཀོད་པ་ལ་ལྟོས་པའི་ཕྱིར་ཏེ། དེ་ནི་རིན་པོ་ཆེ་ཆེན་པོའི་རྒྱུ་


DTG115_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་པདྨའི་རྒྱལ་པོ་ཆེན་པོ་དེ་ལ་བརྟེན་པ་ཡིན་ནོ། །ཡང་ན་པདྨ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་བྱིན་གྱི་རླབས་ལས་བྱུང་བ་རྣམས་ཡིན་ལ། དེ་དག་གི་རྒྱལ་པོ་སྟེ། དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་ཆོས་ཀྱི་རྒྱལ་པོ་ཡིན་ལ་དེ་ནི་དེའི་དགེ་བའི་རྩ་བ་ལས་བྱུང་བ་དེ་དག་གི་བདག་པོ་ཡིན་ནོ། །དེ་ཉིད་དཀོན་པའི་ཕྱིར་དང༌། རིན་པོ་ཆེ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རིན་པོ་ཆེ་ཆེན་པོ་ཡིན་ནོ། །དེ་རིན་པོ་ཆེ་ཆེན་པོ་ཡང་ཡིན་ལ། པདྨའི་རྒྱལ་པོ་ཡང་ཡིན་ཏེ། དེའི་བཀོད་པ་ཆེན་པོའོ། །དེ་ལ་བརྟེན་པའི་གཞལ་མེད་ཁང་ན། བཅོམ་ལྡན་འདས་བཞུགས་ཏེ་ཞེས་བྱ་བར་སྦྱར་རོ། དེའི་འོག་ཏུ་དེ་ལས་གཞན་པའི་སྟོན་པ་རྣམས་ལས་ཁྱད་པར་དུ་བྱ་བའི་ཕྱིར་དང༌། གཞན་དག་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཡོན་ཏན་པ་དེའི་ཕུན་སུམ་ཚོགས་པ་ལས་བརྩམས་ནས། ཡོན་ཏན་གྱི་ཁྱད་པར་རྣམ་པ་ཉི་ཤུ་རྩ་གཅིག་ཡོངས་སུ་བསྟན་ཏོ། །ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་འདིས་ནི་མངོན་པར་རྫོགས་པར་བྱང་ཆུབ་བའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། འདི་ལ་འདུས་བྱས་དང༌། འདུས་མ་བྱས་ཐུགས་སུ་ཆུད་པར་བྱ་བ་ཇི་སྙེད་ཡོད་པ་དེ་སྙེད་ཐུགས་སུ་ཆུད་པས་ཐུགས་སུ་ཆུད་པར་བྱ་བ་ལ་ལེགས་པར་རྫོགས་པར་མ་ལུས་པར་ཐུགས་སུ་ཆུད་པའི་བློ་མངའ་བའི་ཕྱིར་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་དང༌། སྙིང་རྗེ་ཡོད་པས་ཐུགས་སུ་ཆུད་པའི་ཕྱིར་རོ། །ཀུན་དུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་ནི་སྒྲིབ་པ་མེད་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། བྱིས་པ་དང་ཉན་ཐོས་ཀྱི་ཀུན་དུ་སྤྱོད་པ་སྒྲིབ་པ་གཉིས་ཡོད་པའི་ཕྱིར་རོ། །དེ་ལ་བྱིས་པའི་ཀུན་དུ་སྤྱོད་པ་ནི་འཁོར་བའི་ཀུན་ནས་ཉོན་མོངས་པ་སྟེ། དེའི་བདག་ཉིད་དུ་གནས་པའི་ཕྱིར་རོ། །ཉོན་ཐོས་ཀྱི་ཀུན་དུ་སྤྱོད་པ་ནི་མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པ་ཉིད་དེ། གཞན་གྱི་དོན་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །འདི་ལ་ནི་ཀུན་དུ་སྤྱོད་པ་གཉིས་མི་མངའོ། །མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ་ཞེས་བྱ་འདིས་ནི་འདུལ་བའི་ཐབས་ཀྱི་ཡོན་ཏན་སྟོན་ཏེ། མཚན་ཉིད་མེད་པའི་ཆོས་འདི་མྱ་ངན་ལས་འདས་པ་ཡིན་པར་བཞེད་ལ། དེར་ཐེག་པ་གསུམ་གྱིས་སེམས་ཅན་སྐལ་པ་ཇི་ལྟ་བ་བཞིན་དུ་


DTG115_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བའི་ཐབས་ཡོངས་སུ་མཁྱེན་པའི་ཕྱིར་དང༌། དེ་བཞིན་དུ་ཡང་སྟོན་པའི་ཕྱིར་ཏེ། འདི་ལ་མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་འགྲོ་བར་མཛད་པ་ཡོད་པའི་ཕྱིར་རོ། །སངས་རྒྱས་ཀྱི་གནས་པས་གནས་པ་ཞེས་བྱ་བ་འདིས་ནི་གདུལ་བྱ་ལ་སོ་སོ་རྟོག་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། ཐུགས་རྗེ་ཆེན་པོས་ཉིན་མཚན་ལན་དྲུག་ཏུ་འཇིག་རྟེན་ལ་གཟིགས་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་དང་མཉམ་ཉིད་བརྙེས་པ་ཞེས་བྱ་བ་འདིས་ནི་སངས་རྒྱས་ཐམས་ཅད་དང༌། ཕྲིན་ལས་མཛད་པ་འདྲ་བའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། སངས་རྒྱས་ཐམས་ཅད་དང་ཕྲིན་ལས་འདྲ་བ་མཛད་པའི་ཕྱིར་དེ་དག་དང་མཉམ་པ་ཉིད་བརྙེས་པ་ཡིན་ནོ། །སྒྲིབ་པ་མེད་པའི་རྟོག་པ་ཐུགས་སུ་ཆུད་པ་ཞེས་བྱ་བ་འདིས་ནི་མི་མཐུན་པའི་ཕྱོགས་སྤངས་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་མ་ལུས་པ་ལས་དབེན་པའི་ཡེ་ཤེས་མངོན་སུམ་དུ་མཛད་པའི་ཕྱིར་དང༌། སྒྲུབ་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ་ཞེས་བྱ་བ་འདིས་ནི་མུ་སྟེགས་ཅན་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་ཏེ། དེ་དག་གིས་ཕྱིར་བཟློག་མི་ནུས་པའི་ཕྱིར་དང༌། དེ་དག་ཟིལ་གྱིས་མནན་ནས་ཡང་དག་པའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ། །སྤྱོད་ཡུལ་གྱིས་མི་འཕྲོགས་པ་ཞེས་བྱ་བ་འདིས་ནི་བདུད་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། སྤྱོད་ཡུལ་ནི་ཡུལ་ཏེ། གཟུགས་ལ་སོགས་པའོ། །ཡུལ་དེ་ཉིད་སེམས་འཁྲུལ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དགེ་བའི་བར་ཆད་བྱེད་པ་ཉིད་ཀྱིས་བདུད་ཅེས་བྱའོ། །བཅོམ་ལྡན་འདས་ལ་ནི་ཡུལ་ཤིན་ཏུ་ཡིད་དུ་འོང་བས་ཀྱང་བར་ཆད་བྱེད་པར་མི་ནུས་ལ། དེ་དག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཤིན་ཏུ་ཡོངས་སུ་རྫོགས་པ་དག་ཟིལ་གྱིས་གནོན་ཏེ། སྤྱོད་ཡུལ་གྱིས་དབྲོག་མི་ནུས་པས་སྤྱོད་ཡུལ་གྱིས་མི་འཕྲོགས་པ་ཞེས་བྱའོ། །བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ་ཞེས་བྱ་བ་འདིས་ནི་ཆོས་བསྟན་པ་རྣམ་པར་འཇོག་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། རྟོག་གེའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་རྣམ་པར་འཇོག་པའི་ཕྱིར་རོ། །དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ་ཞེས་བྱ་བ་འདིས་དུས་ལུང་སྟོན་པའི་ཡོན་ཏན་གྱི་ཁྱད་པར་ཏེ། ད་ལྟར་བྱུང་བའི་དུས་འདས་པ་དང་མ་འོངས་པའི་དུས་ལུང་སྟོན་པ་ལ་ཐོགས་པ་མི་མངའ་བའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ་


DTG115_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འདིས་ནི་དགའ་ལྡན་གྱི་གནས་ནས་གཤེགས་པ་ཀུན་དུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅིག་ཆར་སྤྲུལ་བའི་སྐུས་ཁྱབ་པར་མཛད་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བ་ཞེས་བྱ་བ་འདིས་ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། ཆོས་ཐམས་ཅད་ལ་ཐེ་ཚོམ་མ་ལུས་པར་བསལ་བའི་ཡེ་ཤེས་བརྙེས་པའི་ཕྱིར་རོ། །སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ་ཞེས་བྱ་བ་འདིས་ཐེག་པ་ཐམས་ཅད་ཀྱིས་གདུལ་བར་བྱ་བ་ལ། དེ་དང་འདྲ་བའི་སྐུ་ཀུན་དུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཡོངས་སུ་སྐྱེན་པའི་ཕྱིར་དང༌། དེ་བཞིན་དུ་ཡང་སྐུ་ཀུན་དུ་སྟོན་པའི་ཕྱིར་རོ། །ཆོས་མཁྱེན་པ་ལ་ནེམ་ནུར་མི་མངའ་བ་ཞེས་བྱ་བའི་འདིས་ནི་ཤིན་ཏུ་རྣམ་པར་ངེས་པའི་ཡེ་ཤེས་ཀྱིས་ཅི་རིགས་པར་གདམས་ངག་སྩོལ་བའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། ཆོས་རྣམས་ལ་ནེ་མ་ནུར་དང་ལྡན་པ་ནི་ཅི་རིགས་པར་གདམས་ངག་སྦྱིན་མི་ནུས་པའི་ཕྱིར་རོ། །གང་ཞིག་ཆོས་འདི་ཐུགས་སུ་ཆུད་ཅིང་དེ་མཁྱེན་པ་ལ་ཤིན་ཏུ་རྣམ་པར་ངེས་པ་ཡིན་པ་དེ་ནི་གདམས་ངག་ཕྱིན་ཅི་མ་ལོག་པར་སྟོན་ནུས་ཀྱི་གཞན་ནི་མ་ཡིན་ནོ། །རྣམ་པར་མ་བརྟགས་པའི་སྐུ་མངའ་བ་ཞེས་བྱ་བ་འདིས་ནི་ཀུན་ནས་ཉོན་མོངས་པ་མི་མངའ་བའི་སྐུ་ཡོངས་སུ་འཛིན་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། སྐུ་རྣམ་པར་རྟོག་པ་ལས་མ་འཁྲུལ་བའི་ཕྱིར་ཉོན་མོངས་པ་དང༌། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མི་མངའ་པས་འདི་ལ་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་རྣམ་པར་མ་བརྟགས་པའི་སྐུ་མངའ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བླངས་པ་ཞེས་བྱ་བ་འདིས་ནི་སངས་རྒྱས་གདུང་རྒྱུན་མི་འཆད་པར་སྦྱོར་བའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་སྦྱོར་གྱི་གཞན་དག་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་ཁོ་ན་ཡེ་ཤེས་ཡང་དག་པར་ལེན་ཏོ། །སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདིས་ནི་སངས་རྒྱས་ཀྱི་རང་བཞིན་པའི་སྐུས་བཞུགས་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ།


DTG115_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཚན་ཉིད་ནི་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་ནི་ཆོས་ཀྱི་སྐུ་སྟེ། དེ་བཞིན་ཉིད་དོ་དེ་མཚན་ཉིད་ཐ་དད་པ་མ་ཡིན་པ་ཉིད་ཀྱིས་གཉིས་སུ་རྣམ་པར་རྟོག་པ་ཀུན་དུ་འབྱུང་བ་མ་ལུས་པ་བྱེད་པའི་ཕྱིར་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་གྱིས་རྟག་ཏུ་གནས་པའི་ཕྱིར་དང༌། དེའི་ཡང་ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་འདིས་ནི་དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུས་བཞུགས་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། སོ་སོའི་རྒྱུད་ཀྱི་སྒོ་ནས་ལོངས་སྤྱོད་རྫོགས་པའི་སྐུས། དེ་བཞིན་གཤེགས་པ་མ་འདྲེས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་རྣམ་པར་ཐར་བར་མཛད་པའི་ཡེ་ཤེས་གང་ཡིན་པའི་ཡེ་ཤེས་དེའི་མཐར་ཕྱིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་འཁོར་གྱི་དཀྱིལ་འཁོར་རྣམས་སུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་ལོངས་སྤྱོད་རྫོགས་པ་སོ་སོར་ཉམས་སུ་མྱོང་བར་མཛད་པའི་ཡེ་ཤེས་གང་ཡིན་པ་སྟེ། དེའི་མཐར་ཕྱིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ་ཞེས་བྱ་བ་འདིས་ནི་མཚན་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། །མཐའ་དང་དབུས་མེད་པ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་མཐའ་ཡོངས་སུ་སྤངས་པའི་མཚན་ཉིད་ཀྱི་ཕྱིར་དང༌། ཡུལ་ཡོངས་སུ་མ་ཆད་པའི་མཚན་ཉིད་ཀྱི་ཕྱིར་རོ། །མཉམ་པ་ཉིད་ཐུགས་སུ་ཆུད་པ་ནི་འདུས་བྱས་དང་འདུས་མ་བྱས་ཡོངས་སུ་མཁྱེན་པའི་ཕྱིར་དང༌། དེ་ལ་ཡང་ཀུན་ནས་ཉོན་མོངས་པ་ཡང་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་དམ་པ་ཅན་ཞེས་བྱ་བ་འདིས་ནི་འབྲས་བུ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། འདི་ལ་ཆོས་ཀྱི་དམ་པ་རྣམ་པར་དག་པ་ཡོད་པ་སྟེ། དེ་ནི་ལམ་བསྒོམས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡོན་ཏན་རྣམས་མི་ཟད་པ་ཉིད་དུ་བསྟན་པའི་ཕྱིར། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་ཕུར་ཐུག་པ་ཞེས་བྱ་བ་སྟེ། བདག་དང་གཞན་ལ་ཕན་པའི་གཞི་


DTG115_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་ཡོན་ཏན་མི་ཟད་པ་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་རོ། །ཇི་ལྟར་ནམ་མཁའ་འཇིག་པ་དང༌། ཆགས་པ་དག་ན་ཟད་མི་ཤེས་པ་ཉིད་དེ་བཞིན་དུ་འདིའི་ཡོན་ཏན་རྣམས་གཏན་དུ་མི་ཟད་པ་ཉིད་ཀྱི་ཕྱིར་ཏེ། འཁོར་བའི་མཐའ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །རྣམ་པ་གཞན་དུ་བསྟན་པ་དང་བཤད་པའི་སྒོ་ནས་སྟོན་ཏེ། དང་པོ་བསྟན་པའི་དོན་ལྷག་མ་རྣམས་ཀྱིས་བཤད་པའི་ཕྱིར་རོ། །དེ་ལྟར་ན་ཡོན་ཏན་གྱི་ཁྱད་པར་ཉི་ཤུས་ནི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ཡིན་པས་ཆོས་ཉིད་ལེགས་པར་བཤད་པ་ཡིན་ཏེ། ཤེས་བྱ་ལ་གཅིག་ཏུ་སྒྲིབ་པ་མེད་པ་ཡོན་ཏན་གྱི་ཁྱད་པར་གྱིས་ནི་ཇི་ལྟར་ཉན་ཐོས་རྣམས་ཀྱི་ཤེས་པ་ཡུལ་དང་དུས་ཀྱིས་བསྐལ་པའི་དོན་རྣམས་དང༌། སངས་རྒྱས་ཀྱི་ཆོས་རབ་ཏུ་དབྱེ་བ་མཐའ་ཡས་པ་དག་པ་ལ་ཤེས་པ་མ་འཇུག་པའི་ཕྱིར་ལ། ལ་ལར་ཐོགས་པ་ལྟར་དེ་བཞིན་གཤེགས་པ་པ་རྣམས་ཀྱི་ནི་ཡུལ་དང་དུས་དང་རྣམ་པ་ཐ་དད་པའི་དངོས་པོ་མཐའ་ཡས་པ་ཐམས་ཅད་ལ་ཆགས་པའི་མི་མངའ་བ་དང་ཐོགས་པ་མི་མངའ་བར་འཇུག་པའི་ཕྱིར་དེ་ལྟ་མ་ཡིན་ཏེ། འདི་ལྟར་དངོས་པོའི་རང་གི་ངོ་བོ་ཡོངས་སུ་ཤེས་པ་དང༌། ཡོངས་སུ་མི་ཤེས་པ་དང༌། ཀུན་དུ་སྤྱོད་པ་གཉིས་མི་མངའ་བའི་ཕྱིར་ཀུན་དུ་སྤྱོད་པ་གཉིས་མི་མངའ་བ་ཡིན་ཏེ། དེས་ན་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པའོ། །མཆོག་ཏུ་རྣམ་པར་དག་པ་ཁོང་དུ་ཆུད་པའི་ཡོན་ཏན་གྱིས་ནི་དངོས་པོ་དང༌། དངོས་པོ་མེད་པ་གཉིས་ཀྱི་མཚན་ཉིད་ཀྱིས་དྲི་མ་མ་ལུས་པ་ལས་དབེན་པའི་དེ་བཞིན་ཉིད་རྣམ་པར་རྟོག་པ་ཐམས་ཅད་བསལ་བའི་ངོ་བོ་བདག་ཉིད་ཀྱིས་རྟོགས་ནས་གཞན་དག་ལ་ཡང་ཁོང་དུ་ཆུད་པར་བྱེད་པའོ། །སངས་རྒྱས་མཛད་པ་རྒྱུན་མི་གཅོད་པའི་ཡོན་ཏན་གྱིས་སེམས་ཅན་གྱི་དོན་མཛད་པ་དག་རྒྱུན་མི་གཅོད་པར་ལྷུན་གྱིས་གྲུབ་པར་འཕགས་པ་དང༌། ལྷ་དང་ཚངས་པའི་གནས་པ་དག་གིས་གནས་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ལ་བརྟེན་པ་དང༌། དགོངས་པ་དང་ཕྲིན་ལས་ཁྱད་པར་མི་མངའ་བའི་ཡོན་ཏན་གྱིས་ནི་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་རྣམ་པར་དག་བའི་ཡེ་ཤེས་དང༌། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དགོངས་པ་ཅན་དང༌། ལོངས་སྤྱོད་རྫོགས་


DTG115_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྤྲུལ་པའི་སྐུ་གཉིས་ཀྱིས་གཞན་གྱི་དོན་མཛད་པ་ལ། ཁྱད་པར་མི་མངའ་བའི་ཕྱིར་རོ། །སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམས་པའི་ཡོན་ཏན་གྱིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་འཕགས་པའི་ལམ་གོམས་པའི་སྒྲིབ་པ་ཐམས་ཅད་ལས་དབེན་པའི་རྟོགས་པ་ཁོང་དུ་ཆུད་ཅེས་བྱ་བ་ཐུགས་སུ་ཆུད་པ་བརྙེས་པའི་ཕྱིར་རོ། །མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན་གྱིས་ནི་བསྟན་པ་དང་ཐུགས་སུ་ཆུད་པའི་ཆོས་གཞན་དག་གིས་ཕྱིར་བཟློག་མི་ནུས་པའི་ཕྱིར་རོ། །འཇིག་རྟེན་དུ་སྐྱེས་ན་ནི་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པའི་ཡོན་ཏན་གྱི་རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་འཕྲོགས་པར་མི་ནུས་པའི་ཕྱིར་རོ། །ཆོས་རྣམ་པར་འཇོག་པའི་ཡོན་ཏན་གྱིས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས། རྟོག་གེ་ལས་འདས་པ་ཕྱིས་པའི་བློས་ཁོང་དུ་ཆུད་པར་བྱ་བ་མ་ཡིན་པ། རང་དང་སྤྱིའི་མཚན་ཉིད་བརྗོད་པས་རྣམ་པར་འཇོག་པའི་ཕྱིར་རོ། །ལུང་སྟོན་པའི་ཡོན་ཏན་གྱིས་ནི་དུས་གསུམ་ན་ཡོད་པའི་དངོས་པོ་རྣམས་ཀྱི་བྱུང་བ་དང་འབྱུང་བར་འགྱུར་བ་ཞེས་བྱ་བ་ཚེ་རབས་བརྒྱུད་པ་ལུང་སྟོན་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་ཀུན་དུ་སྟོན་པའི་ཡོན་ཏན་གྱིས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བ་ཇི་ལྟ་བ་བཞིན་དུ་སྐུ་བཻ་ཌཱུཪྻ་ལ་སོགས་པའི་མདོག་ལྟ་བུ་ཀུན་དུ་སྟོན་པའི་ཕྱིར་རོ། །ཐེ་ཚོམ་གཅོད་པའི་ཡོན་ཏན་གྱིས་བདག་ལ་ངེས་པ་བཞིན་གཞན་ལ་ངེས་པ་སྐྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །སྤྱོད་པ་སྣ་ཚོགས་དག་གིས་མཛད་པའི་ཡོན་ཏན་གྱིས་ནི་གདུལ་བ་ཇི་ལྟ་བ་བཞིན་དུ་སྐལ་བ་འདྲ་བའི་ལུས་ཀུན་དུ་སྟོན་པས་འཛུད་པའི་ཕྱིར་རོ། །མ་འོངས་པ་ན་ཆོས་འབྱུང་བའི་མཁྱེན་པའི་ཡོན་ཏན་གྱིས་ནི་རྡོ་ཕྲག་གསེར་གྱི་ས་བོན་ཡོད་པ་ལྟ་བུ། དགེ་བའི་རྩ་བའི་ས་བོན་ཕྲ་མོ་ཉན་ཐོས་ལ་སོགས་པའི་ཡུལ་ལས་འདས་པ་ཡང་ཕྱིན་ཅི་མ་ལོག་པའི་རྣམ་པར་ཡོངས་སུ་མཁྱེན་པའི་ཕྱིར་རོ། །མོས་པ་ཇི་ལྟ་བ་བཞིན་དུ་ཀུན་དུ་སྟོན་པའི་ཡོན་ཏན་གྱིས་ནི་ཡིད་བཞིན་གྱི་ནོར་བུ་ལྟར་མི་རྟོག་ཀྱང༌། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང༌། རང་གི་མོས་པའི་དབང་གིས་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་


DTG115_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལྟ་བུ་མཐོང་སྟེ། མདོ་ལས་ཇི་སྐད་དུ་དེ་བཞིན་གཤེགས་པ་ནི་རྟོག་པར་མི་མཛད་རྣམ་པར་རྟོག་པར་མི་མཛད་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ། །ལུས་ཚད་མེད་པས་སེམས་ཅན་གདུལ་བར་བྱ་བའི་ཡོན་ཏན་གྱི་ས་ནི་བྱང་ཆུབ་སེམས་དཔའི་ལུས་ཚད་མེད་པ་དག་གིས་སེམས་ཅན་གདུལ་བའི་ཕྱིར་སྦྱོར་བ་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་དབང་གིས་དམ་པའི་ཆོས་ཉན་པ་དང༌། སེམས་པ་དང་བསྒོམ་པའི་རིམ་གྱིས་ཡེ་ཤེས་ཀྱི་ཁྱད་པར་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་བཏགས་པ་དང་ཡོངས་སུ་གཏད་པ་དག་གིས་རྒྱུན་མི་འཆད་པར་བརྒྱུད་མར་བྱུང་བའི་ཕྱིར་རོ། །ཆོས་ཀྱི་སྐུ་ལ་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་གྲུབ་པའི་ཡོན་ཏན་གྱིས་ནི་ཆོས་ཀྱི་སྐུ་གཉིས་སུ་མེད་པར་སངས་རྒྱས་ཀྱི་ས་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཚུངས་པར་གྲུབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་མ་འདྲེས་པ་མོས་པ་ཇི་ལྟ་བུ་བཞིན་དུ་སྟོན་པའི་ཡོན་ཏན་གྱིས་ནི་སེམས་ཅན་གྱི་མོས་པ་ལ་ལྟོས་ནས་སངས་རྒྱས་ཀྱི་ཞིང་གསེར་ལ་སོགས་པའི་རང་བཞིན་མ་འདྲེས་པ་འདྲེས་པ་མེད་པར་ཀུན་དུ་སྟོན་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྐུ་གསུམ་ཆར་ཡང་ཡུལ་ཡོངས་སུ་མཆད་པའི་ཡོན་ཏན་གྱིས་ནི། ཐོག་མ་དང་བར་དང་ཐ་མ་དང་བྲལ་བའི་སངས་རྒྱས་ཀྱི་སྐུ་གསུམ་གྱི་བདག་ཉིད་རྣམས་སངས་རྒྱས་ཀྱི་ཞིང་རྣམས་སུ་ཐམས་ཅད་དུ་ཡུལ་ཡོངས་སུ་ཆད་པ་མེད་པར་མཉམ་པ་ཉིད་དུ་གཤེགས་པའི་ཕྱིར་རོ། །འཁོར་བའི་མཐའ་ཇི་སྲིད་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མཛད་པར་ཉེ་བར་གནས་པའི་ཡོན་ཏན་གྱིས་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་འཁོར་བ་ཇི་སྲིད་པར་གནས་པའི་ཕྱིར། དེ་རྒྱུ་མཐུན་པ་མདོ་ལ་སོགས་པའི་ཆོས་རྣམས་གདུལ་བ་རྣམས་ཀྱི་དུས་ཇི་ལྟ་བ་བཞིན་དུ་ཕྱིས་དང༌། དེའི་ཚེ་ཉེ་བར་གནས་པའི་ཕྱིར་རོ། །མི་ཟད་པ་ཉིད་ཀྱི་ཡོན་ཏན་གྱིས་ནི་ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་བཀོད་པའི་ཡོན་ཏན་རྣམས་ནམ་མཁའ་བཞིན་དུ་མཐའ་མེད་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ལས་འཁོར་བ་ཇི་སྲིད་པར་འགྲོ་བ་མཐའ་ཡས་ཀྱི་དོན་བྱེད་པའི་སྦྱོར་བ་རྒྱུན་མི་འཆད་པའི་ཕྱིར་ཡོན་ཏན་མི་ཟད་པ་ཉིད་དོ། །མི་ཟད་ཀྱི་ཡོན་ཏན་དེས་ན་ལེགས་པར་ཐུགས་སུ་


DTG115_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་སྟེ་བར་མ་ཆད་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །འཁོར་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ཉན་ཐོས་ཀྱི་དགེ་འདུན་ཐོག་མར་སྨོས་པ་ནི་ཐེག་པ་ཆེན་པོ་ལ་ཐེ་ཚོམ་ཟ་བ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་མ་ངེས་པའི་རིགས་ཅན་རྣམས་ཀྱི་རྐྱེན་ཉེ་བར་བསྒྲུབ་པའི་ཕྱིར་དང༌། འཁོར་ན་སྤྱོད་པ་རྣམས་བཏུལ་བས། དེའི་སྒོ་ནས་དུལ་བར་འཁོར་རྣམས་དུལ་བར་འགྱུར་བའི་ཕྱིར་དང༌། ཉན་ཐོས་རྣམ་པར་དག་པ་རྣམས་བདག་ཉིད་ང་རྒྱལ་བྱེད་པ་སྤངས་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔས་ནི། ཉན་ཐོས་རྣམས་ལ་གུས་པར་མི་བྱ་བ་ཡང་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དག་ལ་གུས་པ་བསྐྱེད་པའི་ཕྱིར་དེ་ཉིད་ཀྱི་ཕྱིར་དེ་ལས་གཞན་པ་དག་ཀྱང་དེ་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར་དེ་དག་ཡོན་ཏན་བརྗོད་དོ། །ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཅེས་བཤད་པ་མ་ཡིན་ནམ། ཇི་ལྟར་ན་དེ་ན་ཉན་ཐོས་རྣམས་སྲིད་དེ། འགལ་བའི་ཕྱིར་རོ་ཞེ་ན། འགལ་བ་ཅི་ཡོད་བྱང་ཆུབ་སེམས་དཔའ་རྣམས་དང་མཚུངས་པར་མཐོང་བར་ཐལ་བར་འགྱུར་རོ་ཞེ་ན། གལ་ཏེ་དེ་དག་གིས་ཀྱང་མཐོང་ངོ་ཞེས་བཤད་པར་གྱུར་ན་ནི་འགལ་བར་འགྱུར་བ་ཞིག་ན། དེ་དག་དེ་ན་འཁོད་མོད་ཀྱི་འོན་ཀྱང་དེ་མཐོང་བར་འགྱུར་བའི་ཚོགས་དང་བྲལ་བའི་ཕྱིར་ལོང་བ་བཞིན་དུ་འབྱོར་པ་དེ་ལྟ་བུ་དེ་མི་མཐོང་བས་འགལ་བ་མེད་དེ། གསེར་ལ་སོགས་པ་ལ་སོལ་བ་ལ་སོགས་པར་མཐོང་བ་དེ་བཞིན་དུ། རང་གིས་གཞན་མཐོང་བའི་ཕྱིར་རོ། །ཡང་ན་སངས་རྒྱས་ཀྱི་བྱིན་རླབས་ཀྱི་ས་ཅུང་ཟད་ཅིག་མཐོང་ངོ༌། །ཅང་ཤེས་པ་ནི་བསླབ་པ་རྣམས་འགལ་བར་མི་བྱེད་པ་རྣམས་ཀྱིས་དམུ་རྒོད་མ་ཡིན་པའི་ཕྱིར་ཏེ། རྟ་ཅང་ཤེས་བཞིན་ནོ། །སངས་རྒྱས་ཀྱི་སྲས་ནི་དེ་བཞིན་གཤེགས་པའི་ལུང་གི་སྟོབས་ཀྱིས་འཕགས་པའི་ལམ་སྐྱེས་པའི་ཕྱིར་ཡིན་གྱི། དེའི་རིགས་འཚོ་བ་པའི་ཕྱིར་ནི་མ་ཡིན་གྱི། བཅོམ་ལྡན་འདས་ཀྱི་སྲས་གསུང་ལས་སྐྱེས་པ་ཆོས་ལས་ངེས་པར་སྐྱེས་པ་ཞེས་འབྱུང་བའི་ཕྱིར་རོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་ཁམས་གསུམ་པའི་འདོད་ཆགས་ལས་རྣམ་པར་གྲོལ་བའི་ཕྱིར་ཏེ། འདོད་ཆགས་ལ་འདོད་


DTG115_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་བྲལ་བའི་སེམས་རྣམ་པར་གྲོལ་བའོ་ཞེས་འབྱུང་བའི་ཕྱིར་རོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་ཏེ། མ་རིག་པ་འགགས་པས་ཤེས་རབ་རྣམ་པར་གྲོལ་བའོ་ཞེས་འབྱུང་བའི་ཕྱིར་ཏེ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ནི་ཡན་ལག་དྲུག་གི་ཚུལ་ཁྲིམས་ཀྱིས་ཏེ། ཡན་ལག་དྲུག་ནི་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང༌། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང༌། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་འཇིགས་པར་ལྟ་བ་དང༌། བསླབ་པའི་གཞི་རྣམས་ལ་ཡང་དག་པར་བླངས་ཏེ། སློབ་པ་ཞེས་མདོ་ལས་ཇི་སྐད་དུ་འབྱུང་བའོ། །རྣམ་པ་གཅིག་ཏུ་ན་ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་པའི་ཕྱིར་རོ། །ཆོས་འདོད་པ་རྣམས་བདེ་བར་ཕྲད་པ་ནི་ཀླན་ཀ་ཚོལ་བའི་བསམ་པ་མེད་པའི་ཕྱིར་དང༌། སྤྱོད་ལམ་ངན་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཐོས་པ་མང་པོ་ནི་མདོ་སྡེ་དུ་མ་དང་པོ་དང་བར་དང་ཐ་མར་ཐོས་ཤིང་བཟུང་བའི་ཕྱིར་རོ། །ཐོས་པ་ཀུན་དུ་འཛིན་པ་ནི་དེའི་དོན་ཀུན་དུ་འཛིན་པའི་ཕྱིར་ཏེ། ཐོས་པའི་དོན་ཀུན་དུ་འཛིན་པར་བྱེད་པའི་ཕྱིར་རོ། །ཐོས་པའི་དོན་བསམ་པ་ནི་གཉིས་ཀས་ཚིག་དང༌། དོན་བསྟན་པར་བྱེད་པའི་ཕྱིར་རོ། །ལེགས་པར་བསམ་པ་སེམས་པ། ལེགས་པར་སྨྲ་བ་བརྗོད་པ། ལེགས་པར་བྱ་བའི་ལས་བྱེད་པ་ནི་བྱིས་པ་རྣམས་ནི་ཉེས་པར་བསམ་པ་སེམས་པ་ཉེས་པར་སྨྲ་བ་བརྗོད་པ་ཉེས་པར་བྱེད་པའི་ལས་བྱེད་པ་དག་ཡིན་ན། འཕགས་པ་རྣམས་དེའི་ཆོས་ལས་འདས་པས་དེ་མེད་པར་བཤད་དོ། །ཤེས་རབ་མྱུར་བ་ནི་དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་མྱུར་དུ་འཇུག་པའི་ཕྱིར་རོ། །ཤེས་རབ་མགྱོགས་པ་ནི་དེ་ཉིད་ཀྱི་དོན་མང་པོ་ལ་འཇུག་པའི་ཕྱིར་ཏེ། མང་པོ་ལ་འགྲོ་བ་ནི་མགྱོགས་པ་ཞེས་བྱའོ། །ཤེས་རབ་རྣོ་བ་ནི་དོན་ཆ་ཕྲ་བ་ལ་འཇུག་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཤེས་རབ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་ཤེས་རབ་འཐོབ་པའི་ཕྱིར་རོ། །ངེས་པར་རྟོགས་པའི་ཤེས་རབ་ཅན་ནི་དགོངས་པ་མྱ་ངན་ལས་འདས་པ་ཅན་ཡིན་པའི་ཕྱིར་རོ། །གཏན་ལ་དབབ་པར་རྟོགས་པ་ནི་ངེས་པར་རྟོགས་པ་སྟེ། མྱ་ངན་ལས་འདས་པའོ། །


DTG115_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་ལ་དེ་དགོངས་པ་ཅན་ངེས་པར་རྟོགས་པའི་ཤེས་རབ་ཡོད་པ་དེ་དག་ལ་འདི་སྐད་ཅེས་བྱའོ། །ཤེས་རབ་ཆེ་བ་ནི་དྲིས་པ་རྣམ་པར་གཏན་ལ་དབབ་པ་ལ་ཡོངས་སུ་གཏུགས་པ་མེད་པའི་ཕྱིར་རོ། །ཤེས་རབ་ཡངས་པ་ནི་མངོན་པར་ཤེས་པ་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཤེས་རབ་ཟབ་པ་ནི་གཞན་དག་གིས་གཏིང་དཔག་དཀའ་བའི་ཕྱིར་རོ། །ཤེས་རབ་མཉམ་པ་མེད་པ་ནི་ཉན་ཐོས་དབང་པོ་རྟུལ་པོ་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཤེས་རབ་རིན་པོ་ཆེ་དང་འདྲ་བ་ནི་དོན་གྱི་མཆོག་ཐོབ་པར་བྱེད་པས། རིན་པོ་ཆེ་དང་འདྲ་བའི་ཕྱིར་རོ། །རིག་པ་གསུམ་དང་ལྡན་པ་ནི་མི་སློབ་པའི་རིག་པ་གསུམ་ཐོབ་པའི་ཕྱིར་ཏེ། མི་སློབ་པའི་རིག་པ་གསུམ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པའི་རིག་པ་དང༌། འཆི་འཕོ་བ་དང༌། སྐྱེ་བ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པའི་རིག་པ་དང༌། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པའི་རིག་པའོ། །ཚིག་འདི་ལ་བདེ་བར་གནས་པའི་མཆོག་ཐོབ་པ་ནི་ཡོངས་སུ་ཉམས་པར་མི་འགྱུར་བའི་བསམ་གཏན་ཐོབ་པའི་ཕྱིར་རོ། །ཞིང་གཤིན་པ་བཞིན་དུ་འབྲས་བུ་མྱུར་ཞིང་མཐའ་བཟང་བའི་ཕྱིར་དང༌། སྤྱོད་ལམ་ཐམས་ཅད་དུ་ཤེས་བཞིན་དུ་གནས་པའི་ཕྱིར་དང༌། སྡུག་བསྔལ་བཟོད་པ་ཉིད་ཀྱིས་འདྲོགས་ན། བདེ་བའི་ཕྱིར་དང༌། བསླབ་པ་རྣམས་ལ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་གོ་རིམས་བཞིན་དུ་ཡོན་ཡོངས་སུ་སྦྱངས་པ་ཆེན་པོ། །སྤྱོད་ལམ་རབ་ཏུ་ཞི་བ་ཕུན་སུམ་ཚོགས་པ། བཟོད་པ་དང་དེས་པ་ཆེན་པོ་དང་ལྡན་པ། བདེ་བར་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཞེས་བྱ་བའི་ཚིག་རྣམས་ཀྱིས་རབ་ཏུ་དབྱེ་བར་རིག་པར་བྱའོ།། །།བྱང་ཆུབ་སེམས་དཔའི་ཡོན་ཏན་བསྟན་པའི་དགོས་པ་ནི། ཉན་ཐོས་ཚངས་པར་སྤྱོད་པ་ཡུན་རིང་དུ་སྤྱད་པ་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་འདུད་པར་བྱའོ་ཞེས་གསུངས་པའི་ཕྱིར་དེ་དག་ལ་ཁ་ཅིག་བརྙས་པ་བཟློག་པའི་ཕྱིར་དང༌། རེ་ཞིག་བྱང་ཆུབ་སེམས་དཔའ་ཁོ་ན་ཡང་དེ་ལྟ་བུར་གྱུར་པ་ཡིན་ན། དེ་བཞིན་གཤེགས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྐད་ཅིག་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་བསྔགས་


DTG115_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ལ་ཆེ་བ་ཉིད་གསུམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེན་པོ་ཉིད་བརྗོད་དེ། གྲངས་ཕལ་ཆེ་བ་ཉིད་ཀྱིས་ནི་དཔག་ཏུ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡོན་ཏན་ཆེ་བ་ཉིད་ཀྱིས་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ལས་ཆེ་བ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཉིད་ཀྱི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ལས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཡིན་པས་སོ། །སངས་རྒྱས་ཐ་དད་པ་ནས་འདུས་པ་སྨོས་པ་ནི་དོན་དུ་མི་གཉེར་བ་དང༌། ལེ་ལོ་དང་ང་རྒྱལ་གྱི་དབང་གིས་ཆོས་ཉན་དུ་ཉེ་བར་མི་འགྲོ་བ་དེའི་གཉེན་པོར་བྱས་པའི་ཕྱིར་ཏེ། ཆོས་ཉན་པ་དོན་དུ་གཉེར་བ་ཉིད་ཀྱི་ཕྱིར་བདག་ཉིད་གཞན་དང་གཞན་ནས་འོངས་ཀྱི། གཞན་གྱི་ངོ་མི་ཆོགས་པ་ནི་མ་ཡིན་ལ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཐག་རིང་པོ་ནས་ཀྱང་འོངས་ཤིང༌། མཐུ་ཆེན་པོ་ཡང་ཡིན་ན་གཞན་དག་ཇི་ལྟར་ཉེ་བར་འགྲོ་བར་མི་བྱ་བར་ལྟ་སྨོས་ཀྱང་ཅི་དགོས་སྙམ་པའོ། །ཡོན་ཏན་ཆེ་བ་ཉིད་ནི་ཆེན་པོ་ཉིད་རྣམ་པ་དགུས་རིག་པར་བྱ་སྟེ། བརྩོན་འགྲུས་ཆེན་པོ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་གང་ཡིན་པའོ། །དེ་ཡང་ཐེག་པ་ཆེན་པོ་ཡིན་ནོ། །ཡང་དག་པར་ཞུགས་པའི་བརྩོན་འགྲུས་ནི་དེའི་ཆེད་ཡིན་པའི་ཕྱིར་རོ། །རྒྱུ་ཆེན་པོ་ཉིད་ཀྱིས་ནི་ཐེག་པ་ཆེན་པོའི་ཆོས་ས་བཅུ་ལ་སོགས་པ་མཉན་པ་དང༌། བསམ་པ་དང་བསྒོམ་པའི་རིམ་གྱིས་ངེས་པར་འབྱུང་བའི་ཕྱིར་རོ། །དམིགས་པ་ཆེན་པོ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ལ་བདག་དང་གཞན་མཉམ་པ་ཉིད་ཐོབ་པས། བྱམས་པ་ལ་སོགས་པས་མཉམ་པར་སྦྱོར་བའི་ཕྱིར་རོ། །དུས་ཆེན་པོ་ཉིད་ཀྱིས་ནི་དུས་ཐམས་ཅད་ལ་སྐད་ཅིག་མ་གཅིག་བཞིན་དུ་འཇུག་པས། བསྐལ་པ་དང་བསྐལ་པ་མ་ཡིན་པར་རྣམ་པར་རྟོག་པ་ཐམས་ཅད་སྤགས་པའི་ཕྱིར་རོ། །འདོད་པ་མེད་པ་ཉིད་ཆེན་པོ་ཉིད་ཀྱིས་ནི་ཡོངས་སུ་གཟུང་བ་ཐམས་ཅད་བཏང་བས་བདུད་ཐམས་ཅད་བཅོམ་པའི་ཕྱིར་ཏེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་གང་གི་ཚེ་


DTG115_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཟུང་བ་ཐམས་ཅད་དོན་དུ་མི་གཉེར་བ་ཡིན་པ་དེའི་ཚེ་བདུད་ཀྱི་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ཡིད་ལ་བྱེད་པ་ཆེན་པོ་ཉིད་ཀྱིས་ནི་ཐེག་པ་དམན་པ་ཡིད་ལ་བྱེད་པ་རྒྱངས་བཅད་དེ་སྤངས་པའི་ཕྱིར་རོ། །ཉེ་བར་སྟོན་པ་ཆེན་པོ་ཉིད་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་རོའི་དགའ་བ་དང་བདེ་བས་ཉེ་བར་བསྟན་པའི་ཕྱིར་རོ། །ཡོངས་སུ་དག་པ་ཆེན་པོ་ཉིད་ཀྱིས་ནི་ལས་རྣམ་པ་གསུམ་ཡོངས་སུ་དག་པས་འཇིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་ཏེ། ངན་སོང་གི་འཇིགས་པ་ལ་སོགས་པའི་རྒྱུ་འཆལ་བའི་ཚུལ། ཁྲིམས་ལ་སོགས་པ་མེད་པའི་ཕྱིར་རོ། །འཇིགས་པ་ལྔ་ནི་འཚོ་བ་མེད་པའི་འཇིགས་པ་དང༌། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་དང༌། འཆི་བའི་འཇིགས་པ་དང༌། ངན་འགྲོའི་འཇིགས་པ་དང༌། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་སྟེ། དེ་དག་ནི་ལྷག་པའི་བསམ་པ་དག་པའི་ས་ཐོབ་པ་ཁོ་ནས་མེད་པར་འགྱུར་རོ། །རྟོག་པ་ཆེན་པོ་ཉིད་ཀྱིས་ནི། ཐམས་ཅད་མཁྱེན་པ་ཉིད་དུ་ལུང་བསྟན་པའི་ས་ཐོབ་པས་བགྲོད་པ་གཅིག་ཏུ་གྱུར་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་ས་བདུན་པོ་དག་ལ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འབྱུང་བའི་ཕྱིར་བགྲོད་པ་གཅིག་ཏུ་གྱུར་པ་མ་ཡིན་ནོ། །བགྲོད་པ་ནི་ལམ་མོ། །དེ་ཐོབ་པའི་ཕྱིར་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། བགྲོད་པ་གཅིག་ཏུ་གྱུར་པ་ཡིན་ཏེ། གང་ལ་ལ་དག་ལ་ཕྱིར་མི་ལྡོག་པའི་ས་བགྲོད་པ་གཅིག་ཏུ་གྱུར་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གང་དག་ལ་འདི་ནས་གང་གིས་སེམས་ཅན་ཐམས་ཅད་ཀྱི་གནོད་པ་གང་གི་རྒྱུ་རྒྱུ་མཚན་ཅན་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་རབ་ཏུ་ཞི་བར་བྱེད་པ་མངོན་སུམ་དུ་གྱུར་པ་ཡོད་པའོ། །ས་དེ་ནི་སྙིང་རྗེ་ཆེན་པོ་དང་བྱམས་པ་ཆེན་པོ་སྟེ། དེ་གཉིས་ཀྱིས་གནོད་པ་བསལ་བ་ལ་སོགས་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་དང༌། དབུལ་བ་ལ་སོགས་པའི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །དེ་གཉིས་ཀྱིས་ཕལ་ཆེར་སེམས་ཅན་གྱི་དོན་བྱ་བ་བྱེད་པས་དེ་ཐོབ་པ་ལས་ཆེན་པོ་ཉིད་ཡིན་ནོ། །ཡོན་ཏན་ཀུན་དུ་རྫོགས་པའི་ཏིང་ངེ་འཛིན་ཤིན་ཏུ་འདུས་སོ། །དེ་ཐོབ་པའི་ཕྱིར་


DTG115_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་མཚན་ཡང་དེ་སྐད་ཅེས་བྱ་སྟེ། མཚན་ནི་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་པའི་ཕྱིར་བྱམས་པ་བཞིན་ནོ། །དེའི་མཚན་བསྟན་པ་ནི། དེ་ནི་འཁོར་དེའི་ནང་ན་གཙོ་བོ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ཤིན་ཏུ་འདུས་པ་ལ་བཀའ་སྩལ་པ་དེ་ནི་བཤད་པའི་གནས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར། ཉན་ཐོས་རྣམས་གནས་མ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་པར་འདོད་པས་ཆོས་ཀྱི་རྣམ་པ་དེ་ལྟ་བུ་དེ་ལ་མོས་པར་བྱེད། འཇུག་པར་བྱེད། ནན་ཏན་དུ་བྱེད་ཅིང་ནན་ཏན་གྱིས་ཀྱང་བསྒྲུབ་བར་བྱ་བ་ཡང་བྱེད་ཀྱི་ཉན་ཐོས་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐལ་བ་མེད་པའི་ཕྱིར་མོས་སུ་ཟིན་ཀྱང་ནན་ཏན་གྱིས་བསྒྲུབ་མི་ནུས་སོ། །འོ་ན་ཅིའི་ཕྱིར་དེ་བཞིན་དུ་བཤད་པའི་གནས་སུ་འགྱུར་ཞེ་ན། འཁོར་དེའི་ནང་དུ་ཆེ་བ་ཉིད་བརྗོད་པའི་ཕྱིར་ཏེ། ཇི་སྐད་དུ་སྔར་བཤད་པ་བཞིན་ནོ། །ཡང་ན་དེར་མིང་དེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་པ་ཡིན་པས་འགལ་བ་མེད་དོ། སངས་རྒྱས་ཀྱི་ས་ནི་གྲངས་དང་མིང་དང་བསྡུས་པ་དང་རྣམ་པར་གཏན་ལ་དབབ་པའི་རབ་ཏུ་དབྱེ་བ་དང་རྣམ་པ་བཞིས་རྣམ་པར་གཞག་གོ །རང་གི་ངོ་བོ་བསྟན་པ་ཁོ་ནས་གྲངས་ཀྱི་བྱེ་བྲག་ངེས་པར་ཟིན་མོད་ཀྱི། ཡང་སྨོས་པ་ནི་ཉུང་ངུ་དང་མང་པོས་མ་ཡིན་གྱི་ལྔ་ཁོ་ནས་སོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །ཆོས་ནི་རང་གི་མཚན་ཉིད་འཛིན་པའི་དོན་གྱིས་ཡིན་གྱི། འབྲས་བུ་རྣམ་པར་སྨིན་བ་སྡུག་པ་སྐྱེད་པའི་དོན་གྱིས་ནི་མ་ཡིན་ནོ། །སངས་རྒྱས་ནི་དོན་དམ་པ་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་དང་རྣམ་པ་གསུམ་སྟེ་དེ་དག་ནི་འོག་ནས་འཆད་དོ། །དེ་དག་གི་ས་ནི་བགྲོད་པའི་ཡུལ་ཏེ། རང་གི་ངོ་བོ་དང༌། འབྲས་བུ་རྣམ་པར་གཞག་པ་མི་དབྱེ་བར་ཆོས་ཐམས་ཅད་དེ་དག་གི་ཡུལ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསྡུས་པ་ཞེས་བཤད་དེ། དེའི་བདག་ཉིད་དུ་གནས་པའི་ཕྱིར་རོ། །གཅིག་ཏུ་བྱ་བ་ནི་རང་གི་མཚན་ཉིད་ཀྱིས་བསྡུས་པ་ཡིན་ནོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་བོ་དག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་ཏེ། ལུས་ལ་སོགས་པ་ལ་སོ་སོར་རྟོག་པའི་ཕྱིར་རོ། །ཡང་དག་པར་སྦོང་བ་བཞི་ནི་བརྩོན་འགྲུས་ཀྱི་རང་བཞིན་ཡིན་པའི་ཕྱིར་ལ་


DTG115_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་རྣམས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་ཀྱིས་ཡོངས་སུ་བསྡུས། དོར་བ་མེད་ཅིང་གཞག་པ་མེད་པའི་མཚན་ཉིད་ཡིན་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བསྡུས་སོ། །ཚད་མེད་པ་བཞི་དང་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་ཏེ། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱི་གནས་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །གཞན་གང་དག་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམས་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་རྣམས་དང༌། ཟག་པ་ཟད་པ་མཁྱེན་པ་དང༌། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དག་མ་གཏོགས་པ་མངོན་པར་ཤེས་པ་རྣམས་དང༌། དེ་བཞིན་དུ་ཉོན་མོངས་པ་མེད་པ་དང༌། སྨོན་ནས་མཁྱེན་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། བསྙེལ་བ་མི་མངའ་བ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། ལམ་མཁྱེན་པ་དང༌། ཐམས་ཅད་དུ་འགྲོ་བ་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་དག་མ་གཏོགས་པ་རྣམས་ཀྱང་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་སོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་བསྡུས་སོ། །ཟག་པ་ཟད་པ་མཁྱེན་པའི་མངོན་པར་ཤེས་པ་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི་ཟག་པ་ཟད་པའི་རྒྱུད་ལ་བརྗོད་པར་འདོད་ན་ནི། འདི་ལ་ཟག་པ་རྣམས་ཟད་པ་ཡོད་པས་ཞེས་བྱ་བ་ཡིན་པས་ཡེ་ཤེས་བཞི་ཆར་གྱིས་བསྡུས་སོ། །གལ་ཏེ་མྱ་ངན་ལས་འདས་པའོ་ཞེ་ན་ནི། ཟག་པ་རྣམས་ཟད་པ་ཡིན་པས། མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དག་གིས་བསྡུས་སོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི་ཡེ་ཤེས་བཞི་ཆར་གྱིས་བསྡུས་སོ། །ཤེས་རབ་ཀྱི་དབང་པོ་དང་ཤེས་རབ་ཀྱི་སྟོབས་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་དག་གིས་བསྡུས་སོ། །བྱང་ཆུབ་ཀྱི་ཡན་ལག་དང་ལམ་གྱི་ཡན་ལག་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བསྡུས་སོ། །ཤེས་པ་བཅུ་པོ་སྡུག་བསྔལ་ཤེས་པ་ལ་སོགས་པ་གང་དག་ཡིན་པ་དང་ཟག་པ་མེད་པ་གང་དག་ཡིན་པ་དེ་དག་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བསྡུས་སོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི་མེ་ལོང་ལྟ་བུའི་


DTG115_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱིས་བསྡུས་སོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་བསྡུས་སོ། །ཕ་རོལ་ཏུ་ཕྱིན་པ་ཟག་པ་མེད་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་བསྡུས་སོ། །ཟག་པ་དང་བཅས་པ་རྣམས་ནི་ཡེ་ཤེས་ཐ་མ་གཉིས་ཀྱིས་བསྡུས་སོ། །མཚན་དང༌། དཔེ་བྱད་བཟང་པོ་རྣམས་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་བསྡུས་སོ། །ཡེ་ཤེས་རྣམས་ཀྱིས་ཉེ་བར་མཚོན་པའི་སེམས་དང་སེམས་ལས་བྱུང་བའི་ཚོགས་སྨོས་པའི་ཕྱིར་དེ་ལས་གཞན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྦྱར་བར་བྱའོ། །ཆོས་ལྔ་པོ་དག་ནི་རྒྱུ་དང་འབྲས་བུ་དང༌། དེའི་རབ་ཏུ་དབྱེ་བའི་སྒོ་ནས་རྣམ་པར་གཞག་སྟེ། དེ་ལས་རྒྱུ་ནི་འཕགས་པའི་ཆོས་སྐྱེ་བའི་རྒྱུ་མཚན་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་ནོ། །འབྲས་བུ་ནི་འཕགས་པའི་ཡེ་ཤེས་ཏེ། དེ་ལ་དམིགས་ནས་སྐྱེ་བའི་ཕྱིར་དང༌། དེ་ལ་བརྟེན་པའི་ཕྱིར་རོ། །དེའི་རབ་ཏུ་དབྱེ་བ་ནི་རྣམ་པ་བཞིའོ། །དེ་དག་ཀྱང་ཇི་ལྟར་འབྱུང་བའི་སྒོ་ནས་རྣམ་པར་གཞག་སྟེ། ཆོས་ཀྱི་དབྱིངས་ལ་དམིགས་པས་ཐོས་པ་མ་ལུས་པར་འཛིན་པ་དང༌། སེམས་ཅན་ཐམས་ཅད་ལ་བདག་དང༌། གཞན་མཉམ་པ་ཉིད་བརྙེས་པ་དང༌། ཡང་དག་པའི་ཆོས་རབ་ཏུ་སྟོན་པའི་ཐབས་དང་གཞན་ལ་ཕན་འདོགས་པའི་རྒྱུའོ། །རྣམ་པ་གཅིག་ཏུ་ན་དེ་བཞིན་གཤེགས་པ་ངོ་བོ་ཉིད་དང༌། རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པར་གཞག་སྟེ། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ནི་དེ་བཞིན་ཉིད་རྣམ་པར་དག་པའི་མཚན་ཉིད་དང༌། དེ་ལ་དམིགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཆོག་ཏུ་གྱུར་པའི་མཚན་ཉིད་གང་ཡིན་པའོ། །རྒྱུ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་མཆོག་ཏུ་གྱུར་པ་ཚད་མེད་པའི་རྗེས་སུ་སོང་བ་ཡིན་ནོ། །འབྲས་བུ་ནི་གཞན་ལ་ཕན་འདོགས་པའོ། །དེ་ཡང་སེམས་ཅན་སྐལ་བ་ཡོད་པ་དང༌། སྐལ་བ་མེད་པ་ལ་སོ་སོར་རྟོག་པ་དང་དེ་དང་མཐུན་པའི་བྱ་བ་སྒྲུབ་བོ། །རྣམ་པ་གཅིག་ཏུ་ན་སངས་རྒྱས་ཐམས་ཅད་རྣམ་པར་གཞག་པའི་སྒོ་ནས་རིམ་པར་བྱས་པས། རང་བཞིན་དང་ལོངས་སྤྱོད་རྫོགས་པ་དང༌། བྱ་བ་སྒྲུབ་པའི་སངས་རྒྱས་ཏེ། གཉིས་དང༌། གཉིས་དང༌། གཅིག་དང་གོ་རིམས་བཞིན་ནོ། །མཉམ་པ་ཉིད་ཀྱི་ཡེ་


DTG115_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དེ་ནི། ཉོན་མོངས་པ་ཅན་གྱི་ཡིད་གྱུར་པའི་མཚན་ཉིད་ཡིན་པའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་དམིགས་པ་ཡིན་མོད་ཀྱི། འོན་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནས་བསྡུས་པ་ཡིན་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་གཡོ་བ་ཉིད་ཀྱིས་ཆོས་ཀྱི་སྐུ་བསྡུས་པ་དེའི་ཕྱིར་མཉམ་པ་ཉིད་དང༌། སོ་སོར་རྟོག་པའི་ཡེ་ཤེས་ནི་ལོངས་སྤྱོད་རྫོགས་པའི་རྒྱུ་ཡིན་ནོ། །དེ་ལ་སངས་རྒྱས་ཀྱི་ས་ནི་འབྲས་བུའི་གནས་སྐབས་ཏེ། འབྲས་བུ་དེ་ཡང་ཡེ་ཤེས་དང་སྤངས་པའི་བདག་ཉིད་དོ། །སྤངས་པ་དེ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། དེ་ཡང་སྒྲིབ་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །ཡེ་ཤེས་ནི་རྣམ་པ་བཞི་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །འདི་ལ་སངས་རྒྱས་ཀྱི་ཆོས་མཐའ་དག་མ་ལུས་པར་རྣམ་པར་གཞག་པའི་ཕྱིར། སངས་རྒྱས་ཀྱི་ས་ནི་འདི་སྙེད་ཅིག་ཁོ་ནར་ཟད་དེ། ཇི་སྐད་དུ་སྔར་བཤད་པ་བཞིན་དེ་ལ་ཆོས་ཀྱི་རྣམ་གྲངས་མཐའ་དག་ཐོས་པའི་བག་ཆགས་ཡོངས་སུ་སྨིན་པས་མ་ལུས་པ་བསྒོམས་པ་རྒྱུར་གྱུར་པ། རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉིད་བསྐྱེད་པར་བྱ་བའི་ཕྱིར་ཉེ་བར་གནས་པ་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཞལ་དུ་མེད་པ་དང་ལྡན་པ། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ལས་དབེན་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པའི་རང་བཞིན་འཕགས་པའི་ཆོས་ཐམས་ཅད་ཉེ་བར་བསྐྱེད་པའི་རྒྱུ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་ངར་འཛིན་པ་དང༌། ང་ཡིར་འཛིན་པ་དང༌། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས་དབེན་པ། དམིགས་པ་དང༌། རྣམ་པ་ཡོངས་སུ་མ་ཆད་པ། ཉོན་མོངས་པའི་དྲི་མ་དང༌། རྣམ་པར་རྟོག་པ་མཐའ་དག་དང་བྲལ་བ་མི་གཡོ་བ་ཡེ་ཤེས་མ་ལུས་པའི་གནས་དམིགས་པ་མ་ལུས་པ་བསྙེལ་བ་མི་མངའ་བ་ཤེས་བྱ་དང༌། རྣམ་པ་ཐ་དད་པར་མ་ཞུགས་པ། ཤེས་པའི་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་ཤེས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། རྣམ་པར་རྟོག་པའི་གནས་ཡོངས་སུ་གྱུར་པའི་ངོ་བོ་དེ་བཞིན་ཉིད་ལ་དམིགས་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །མཉམ་པ་ཉིད་ཀྱི་


DTG115_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ནི་བྱང་ཆུབ་སེམས་དཔས་མངོན་པར་རྟོགས་པའི་དུས་ན། བདག་དང་གཞན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་དེ་ལ་དམིགས་པ་གང་ཡིན་པ་དེ་ཉིད་གོང་ནས་གོང་དུས་བསྒོམ་པ་ཁྱད་པར་ཞུགས་པ་དང་ལྡན་པས་བྱམས་པ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་སངས་རྒྱས་ཀྱིས་ལ་མི་གནས་པའི་མྱ་ངན་ལས་འདས་པར་ཞུགས་པ། གཟུགས་དང་ཁ་དོག་སྣ་ཚོགས་པའི་སྐུ་ཀུན་དུ་སྟོན་པའི་ཐབས་སུ་རྣམ་པར་གཞག་སྟེ། ཉོན་མོངས་པ་ཅན་གྱི་ཡིད་ཡོངས་སུ་གྱུར་པའི་ངོ་བོ་དེ་ཉིད་ཀྱི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་དང་བྱེ་བྲག་ཡོད་དོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་གཟུངས་དང་བསམ་གཏན་དང་ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་འབྱུང་གནས། ཤེས་བྱའི་རྣམ་པ་ཐ་དད་པ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པ། སྐུ་བཻ་ཌཱུཪྻ་ལྟ་བུ་ལ་སོགས་པ་ཀུན་དུ་སྟོན་པའི་ཐབས་སུ་གྱུར་པ་སྟེ། ཐེ་ཚོམ་ཐམས་ཅད་གཅོད་པའི་རྒྱུའི་ཆོས་རབ་ཏུ་སྟོན་པའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱའི་སེམས་ཅན་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཐབས་སྣ་ཚོགས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་གིས་གཞན་ལ་ཕན་འདོགས་པ་ལ་གཅིག་ཏུ་གཙོ་བོར་གྱུར་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་ཆོས་ཀྱི་དབྱིངས་རྣམ་པར་གཏན་ལ་དབབ་པའི་རབ་ཏུ་དབྱེ་བ་བརྒལ་བ་དང༌། ལན་དུ་བཅས་པ་ནི་གལ་ཏེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ལ་ཆོས་ཀྱི་དབྱིངས་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ཏེ། དེ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་ལ། དེ་ཆོས་ཐམས་ཅད་ནི་ཐ་དད་ན་དེ་དང་ལྡན་པའི་ཆོས་ཀྱི་དབྱིངས་ཇི་ལྟར་སྣ་ཚོགས་སུ་མི་འགྱུར། སྣ་ཚོགས་ཡིན་ན་ནི་ཇི་ལྟར་ཡོངས་སུ་དག་སྟེ། ཤེལ་སྣ་ཚོགས་ཉེ་བར་གཞག་པ་དང་འབྲེལ་བའི་ཕྱིར་སྣ་ཚོགས་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བརྒལ་བ་ཡིན་ནོ། །དེ་ཡོངས་སུ་སྤངས་པའི་ཕྱིར་ནམ་མཁའི་དཔེ་དང་པོ་སྟེ། གཟུགས་སུ་གྱུར་པ་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་ལ་ཀུན་ནས་ཡོད་ཀྱང་དེས་བརྗོད་པར་བྱ་བ་མ་ཡིན་པའོ། །སྣ་ཚོགས་ནི་རིགས་མཐུན་པ་དང་རིགས་མི་མཐུན་པའི་ཐ་དད་པའི་བྱེ་བྲག་གིས་སོ། །རྣམ་པ་ནི་འདྲ་བར་བྱེད་པའི་ཕྱིར་ཏེ། བློ་ལ་རང་གི་ངོ་


DTG115_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལྟ་བུ་འགོད་པར་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །གཟུགས་སུ་གྱུར་པ་ནི་གཟུགས་ཀྱི་རྣམ་པ་སྟེ། གྱུར་པ་དང་ཚུལ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པའི་དོན་དག་ཡིན་ནོ། །ཀུན་ན་ཡོད་པ་ནི་ལུས་དང་ལྡན་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེས་བརྗོད་པར་བྱ་བ་མ་ཡིན་པ་ནི་གཟུགས་སུ་གྱུར་པ་སྣ་ཚོགས་ཀྱི་རྣམ་པ་དེས་བརྗོད་པར་བྱ་བ་སྟེ། བརྗོད་པར་འོས་པའམ། བརྗོད་པར་ནུས་པའམ། བརྙེས་པར་བྱ་བ་མ་ཡིན་པའོ། །དེས་ཤེས་བྱ་བའི་གསུམ་པ་ནི་རྒྱུའམ་དེ་ལྟ་བུའི་དངོས་པོ་སྟེ། གཟུགས་སྣ་ཚོགས་ནི་ནམ་མཁའ་སྣ་ཚོགས་སུ་ཐ་སྙད་གདགས་པའི་རྒྱུ་མཚན་ཡང་མ་ཡིན་ལ། དེས་དེ་སྣ་ཚོགས་སུ་མཚོན་པ་ཡང་མ་ཡིན་ཏེ། དེ་ནི་དེ་ལྟ་བུའི་རྣམ་པ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་ནམ་མཁའ་སྣ་ཚོགས་སུ་སྣང་ངོ་ཞེས་ཐ་སྙད་འདོགས་པ་མཐོང་བས་སྣ་ཚོགས་སུ་འདོད་དོ་ཞེ་ན། དབྱུག་པ་ལ་སོགས་པ་བཞིན་དུ་ཐ་སྙད་བཏགས་པ་བཞིན་དུ་འགྱུར་གྱི་དངོས་ནི་མ་ཡིན་ནོ། །ཐ་སྙད་བཏགས་པ་ཙམ་གྱིས་ནི་དེ་ལྟར་མི་འགྱུར་ཏེ། ཇི་ལྟ་ཞེ་ན་དེ་ནི་ཀུན་ན་ཡོད་པ་ཡིན་ཡང་སྣ་ཚོགས་མ་ཡིན་ཏེ་རོ་གཅིག་གོ །གཟུགས་སྣ་ཚོགས་སུ་འབྲེལ་པས་ཀྱང་སྣ་ཚོགས་སུ་མི་འགྱུར་ལ། རང་གི་ངོ་བོ་སྟེ། ངོ་བོ་ཉིད་གཅིག་པ་ཡང་མི་འདོར་རོ། །རོ་ནི་སྙིང་པོ་དང་ངོ་བོ་ཉིད་དེ། མཚན་ཉིད་ཐ་དད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་ཞེས་བྱ་བ་ནི་དཔེར་ན་ནམ་མཁའ་དངོས་པོ་ཡིན་ཡང་རུང་མ་ཡིན་ཡང་རུང་སྟེ། ལུས་ཅན་ཐམས་ཅད་དང་ཡང་ལྡན་ལུས་ཅན་གྱིས་ཐ་དད་པར་ཡང་མི་འགྱུར་ལ། དེ་ཐ་སྙད་དུ་གདགས་པར་ཡང་མི་ནུས་སོ། །ཐ་སྙད་འདོགས་པ་ཡོད་དུ་ཟིན་ཀྱང་དེ་ཁོ་ན་ཙམ་དུ་འགྱུར་གྱི། འདི་རང་གི་ངོ་བོ་འདོར་ཞིང་ངོ་བོ་གཞན་ཉེ་བར་ལེན་པ་ནི་མ་ཡིན་ཏེ། ཇི་སྐད་དུ་ནམ་མཁའ་ནམ་མཁའ་ཞེས་བརྗོད་མོད་ཀྱི། ནམ་མཁའ་ནི་བརྗོད་པར་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བརྗོད་མོད་ཀྱི། སྟོང་པ་ཉིད་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཤེས་བྱ་སྣ་ཚོགས་ཀྱི་རྣམ་པ་དང་འབྲེལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཤེལ་བཞིན་དུ་སྣ་ཚོགས་སུ་འགྱུར་རོ་ཞེས་གང་སྨྲས་པ་མ་ངེས་པ་ཡིན་ཏེ། ནམ་མཁའ་སྣ་ཚོགས་མ་ཡིན་


DTG115_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཡང་གཟུགས་སྣ་ཚོགས་དང་འབྲེལ་བ་མཐོང་བའི་ཕྱིར་རོ། །ཇི་སྟེ་ནམ་མཁའ་ཡང་དུ་བ་དང༌། ཁུག་རྣ་དང་སྤྲིན་ལ་སོགས་པ་དང་འབྲེལ་བའི་ཕྱིར་སྣ་ཚོགས་ཁོ་ནར་སྣང་ངོ་ཞེ་ན། དེ་ཡང་མི་རུང་སྟེ། རང་གི་རྟོག་པའི་དབང་གིས་དུ་བ་དང༌། ཁུག་རྣ་ལ་སོགས་པ་སྣང་བ་གང་ཡིན་པ་དེ་ཉིད་སྣ་ཚོགས་ཡིན་གྱི། ནམ་མཁའ་ནི་མ་ཡིན་ཏེ། དེ་ནི་མི་སྣང་བའི་ཕྱིར་རོ། །དེ་བཞིན་དུ་རང་གི་རྟོག་པས་སྒྲོ་བཏགས་པའི་དབང་གིས་གཟུགས་ལ་སོགས་པ་སྣང་བ་གང་ཡིན་པ་དེ་ཉིད་སྣ་ཚོགས་ཡིན་གྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་སྣ་ཚོགས་མ་ཡིན་ཞིང་བརྗོད་པར་བྱ་བ་མ་ཡིན་ཡང་དེའི་ཡུལ་ཅན་གྱི་ཆོས་སྟོན་པ་སྣ་ཚོགས་ཀྱང་འཇུག་ལ། དེ་སྣ་ཚོགས་ཡིན་པའི་ཕྱིར་སྣ་ཚོགས་ཉིད་དུ་ཡང་ཐལ་བར་མི་འགྱུར་ཏེ། བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་དང༌། བརྗོད་པ་ནི་བཏགས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་རྟོགས་པའི་རྒྱུ་མཚན་ཡིན་པའི་ཕྱིར་བསྟན་པའི་ཆོས་དོན་མེད་པ་ཉིད་དུ་ཐལ་བར་མི་འགྱུར་ཏེ། སྤྲིང་ཡིག་གི་ཡི་གེ་མཐོང་ནས་རྒྱུ་དེས་དོན་གོ་བ་བཞིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་པ་བརྗོད་པར་བྱ་བ་མ་ཡིན་པའི་དོན་བརྗོད་པས་བརྗོད་པར་མཛད་པ་གང་ཡིན་པ་འདི་ནི་ནམ་མཁའ་ལ་རི་མོ་སྣ་ཚོགས་འདྲི་བ་བཞིན་ངོ་མཚར་ཆེ་སྟེ། ཇི་སྐད་དུ་བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ནམ་མཁའ་གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ་རྣམ་པར་རིག་པར་མི་བྱེད་པ་འདི་ལ་ཚོན་སྣ་ཚོགས་ཀྱིས་རི་མོ་འབྲི་བར་བྱེད་པ། དེ་བས་ཀྱང་བློ་གྲོས་རྒྱ་མཚོ། སངས་རྒྱས་བཅོམ་ལྡན་འདས་རྣམས་གང་བརྗོད་པར་བྱ་བ་མ་ཡིན་པའི་ཆོས་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གཞན་རྣམས་དང་གང་ཟག་གཞན་རྣམས་ལ་བརྗོད་པས་རྣམ་པར་རིག་པར་མཛད་པ་ནི་ཆེས་དཀའ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཤེལ་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང་ཡོངས་སུ་དག་པ་ཡིན་པའི་ཕྱིར་དཔེར་མི་རུང་ངོ༌། །གཏན་ཚིགས་ཀྱང་གཉིས་ཀ་འམ་གང་ཡང་རུང་བ་ལ་མ་གྲུབ་བོ། །གལ་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཤེས་བྱ་ཐམས་ཅད་ལ་ཡོད་པ་ཉིད་ཡིན་ནོ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་


DTG115_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་པའི་ཕྱིར་ཇི་ལྟར་རྣམ་པར་མ་དག་པར་མི་འགྱུར་ཏེ། དེ་ལས་གཞན་པའི་སེམས་དང༌། སེམས་ལས་བྱུང་བའི་ཚོགས་བཞིན་ནོ་ཞེས་བྱ་བ་ནི་བརྒལ་བའོ། །དེ་ཡོངས་སུ་སྤངས་པའི་ཕྱིར་ནམ་མཁའི་དཔེ་གཉིས་པ་སྟེ། འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཐ་མི་དད་པར་ཞུགས་པ་ཞེས་བྱ་བ་ཐ་མི་དད་པ་ནི་སོ་སོ་མ་ཡིན་པ་སྟེ། དེའི་ཁོངས་སུ་གཏོགས་པ་ཉིད་དེ་ཐ་དད་པ་ལྟར་ནི་དེ་ཉིད་དང་གཞན་དག་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ། །ཐ་མི་དད་པར་གྱུར་ན་ནི་ལུས་ཅན་ཉིད་དང་མི་རྟོག་པ་ཉིད་དུ་ཐལ་བར་འགྱུར་རོ། །དཔེར་ན་ནམ་མཁའ་གཟུགས་ཅན་ཐམས་ཅད་ན་ཡོད་ཀྱང་གཟུགས་ཀྱི་ཉེས་པ་རྣམས་ཀྱིས་མ་གོས་ཏེ་གཟུགས་ཀྱི་ཉེས་པ་ནི་འདོད་ཆགས་དང་ཁོང་ཁྲོ་བ་ཉེ་བར་སྤྱོད་པའི་རྒྱུ་སྟེ་སྔོན་པོ་ལ་སོགས་པ་སྣ་ཚོགས་ཡིན་ནོ། །རྣམ་པ་གཅིག་ཏུ་ན་སྤྲིན་དང་ཁུག་རྣ་དང་གཟུགས་ནག་ནོག་དུ་འདུག་པ་ལ་སོགས་པ་ནི་ཡོངས་སུ་མ་དག་པ་ཉིད་ཀྱིས་ཡོངས་སུ་སྤང་བར་བྱ་བ་ཡིན་པའི་ཕྱིར་དང༌། མཐོང་བ་རྣམ་པར་དག་པ་སྐྱེ་བའི་བགེགས་སུ་གྱུར་པའི་ཕྱིར་ཉེས་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་གཞན་ལ་གྲགས་པའི་ངོར་ཤེས་པ་ལ་ཡོད་པ་ཤེས་བྱ་ལ་སྒྲོ་གདགས་ཏེ། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་དེས་ཀྱང་མི་གོས་པ་ལྟར་ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་ཡང་དེ་དང་འདྲའོ། །སེམས་ཅན་ཐམས་ཅད་དང་སེམས་མཉམ་པ་ཉིད་ཀྱིས་ཡོངས་སུ་གྲུབ་པས་ཐ་མི་དད་པར་ཞུགས་ཞེས་བྱ་བ་ནི་རང་གི་སེམས་ཀྱིས་ཡོངས་སུ་གྲུབ་པ་རྣམ་པར་དག་པ་རྟག་ཏུ་རང་བཞིན་གྱིས་འོད་གསལ་ཞིང་རང་བཞིན་ཡོངས་སུ་དག་པ་ཅི་འདྲ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་པར་གྱུར་པ་རང་བཞིན་གྱིས་ཡོངས་སུ་དག་པ་ཡང་དེ་དང་འདྲ་བ་སྟེ། སེམས་ཀྱི་རང་བཞིན་དེ་ནི་དེ་བཞིན་ཉིད་དོ། །དེས་དེ་དག་མཉམ་པ་ཡིན་ཏེ། ཇི་སྐད་དུ་འདི་གང་གིས་མཉམ་ཞི་ན། སྟོང་པ་ཉིད་དུ་མཉམ་པས་འདི་མཉམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སེམས་ཀྱི་རང་བཞིན་ཡང་སེམས་ཀྱི་ཆོས་ཉིད་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེའི་ཆོས་ཉིད་ཡིན་པར་བསྟན་པའི་ཕྱིར་སེམས་མཉམ་པ་ཉིད་ཅེས་ངོ་བོའི་སྐྱོན་དུ་བྱས་པ་ཡིན་ནོ། །དེའི་གྱུར་པ་ནི་ཡོངས་སུ་གྱུར་པ་སྟེ། ཡོངས་སུ་དག་པ་ཡིན་ནོ། །དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ནོ། །དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་མོད་ཀྱི།


DTG115_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་རྣམ་པར་གཞག་གོ །རྣམ་པ་གཅིག་ཏུ་ན་སེམས་མཉམ་པ་ཁོ་ན་ཡོངས་སུ་གྲུབ་པ་ཡིན་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་ནི་དེ་ལྟ་བུའི་ངོ་བོར་ཡིན་ཏེ། སེམས་ཅན་ཐམས་ཅད་དང་སེམས་མཉམ་པ་ཉིད་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ལྟ་བུར་འདི་སེམས་ཅན་ཐམས་ཅད་ཀྱི་སེམས་དག་ལ་ཐ་མི་དད་པར་མཚོན་པར་བྱེད་དོ། །རྣམ་པ་གཅིག་ཏུ་ན་ངོ་བོར་ཡིན་ཏེ། ཡོངས་སུ་གྲུབ་པའི་མཚན་ཉིད་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་དག་ལ་ངོ་བོ་ཐ་མི་དད་པར་འཇུག་པར་མཚོན་པར་བྱེད་དེ། ཐ་དད་པ་མ་ཡིན་པར་བརྗོད་པར་བྱ་བ་ཉིད་ཀྱིས་སེམས་ཅན་གྱི་ཉེས་པ་རྣམས་ཀྱིས་ཀྱང་མི་གོས་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །ཉེས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། སེམས་ལ་སྐྱོན་ཆགས་པར་བྱེད་པའི་ཕྱིར་དང༌། དྲི་མ་ཅན་དུ་བྱེད་པའི་ཕྱིར་རོ། །དེ་དག་ཀྱང་རྟོག་པའི་དབང་གིས་བྱུང་བས། དེའི་རང་བཞིན་མ་ཡིན་པའི་ཕྱིར་གློ་བུར་བ་དག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་སྤང་བར་བྱ་སྟེ། རང་བཞིན་ནི་སྤང་བར་མི་ནུས་པའི་ཕྱིར་རོ། །དེ་ཉིད་ལས་དགོངས་ཏེ་ཆོས་ཉིད་ཀྱི་སེམས་ལ་སེམས་ཀྱི་སྒྲར་བཏགས་ནས། འདི་ནི་རང་བཞིན་གྱིས་འོད་གསལ་བའོ་ཞེས་གསུངས་ཏེ། ཆོས་ཉིད་ཀྱི་སེམས་མ་གཏོགས་པར་རང་བཞིན་གྱིས་འོད་གསལ་བའི་སེམས་གཞན་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་སེམས་ཅན་དག་ལ་འདོད་ཆགས་ལ་སོགས་པ་ཡོད་ཅེ་ན། རང་གི་རྟོག་པའི་སྟོབས་བསྐྱེད་པའི་ཕྱིར་ཏེ། དེ་ཡང་ཕྱིན་ཅི་ལོག་མ་སྤངས་པའི་ཕྱིར་ལ། དེ་ཡང་མ་རིག་པའི་དབང་གིས་སོ། །འདི་སྐད་དུ་ཇི་ལྟར་ནམ་མཁའ་རང་བཞིན་གྱིས་ཡོངས་སུ་དག་ཀྱང་མིག་རྣམ་པར་དག་པ་རྣམས་ལ་རབ་རིབ་ལ་སོགས་པའི་གནོད་པས་རྣམ་པར་མ་དག་པར་སྣང་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་རང་གི་རྟོག་པས་ཀུན་ནས་བསླང་བའི་འདོད་ཆགས་ལ་སོགས་པའི་རྒྱུས་མ་རིག་པའི་རབ་རིབ་ཀྱིས་གནོད་པར་བྱས་པའི་མིག་ཅན་རྣམས་ལ་རང་བཞིན་གྱིས་ཡོངས་སུ་དག་ཀྱང༌། ཕྱིན་ཅི་ལོག་ཏུ་སྣང་གི་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་ཤེས་རབ་ཀྱི་མིག་ཅན་རྣམས་ནི་དེ་ལྟར་མི་གོས་སོ་ཞེས་བཤད་པ་ཡིན་ནོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཡང་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་ཅིང་དེ་བཞིན་གཤེགས་པ་ཐམས་


DTG115_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ཁྱད་པར་མེད་པར་ཆོས་ཀྱི་སྐུར་བརྗོད་པར་བྱ་སྟེ། དེ་ཉིད་དུས་ཐམས་ཅད་དུ་དེ་ཁོ་ན་བཞིན་དུ་ཡོད་པའི་ཕྱིར། དོན་དམ་པར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་ལ་ཡང་ཡོད་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་སོ། །དེ་ནི་ཐམས་ཅད་ལ་ཡོད་ཀྱང་སེམས་ཅན་རྣམས་ཀྱི་རང་གི་སྐྱིད་པའི་སྟོབས་བསྐྱེད་པས་དམུས་ལོང་གིས་ཉི་མ་བཞིན་དུ་མ་མཐོང་སྟེ་ཇི་སྐད་དུ་སྣོད་ཆག་པའི་ཟླ་བ་བཞིན། སེམས་ཅན་ཉེས་པས་མི་སྣང་ངོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཆོས་ཀྱི་དབྱིངས་ནི་འདོད་ཆགས་ལ་སོགས་པའི་དྲི་མ་དང་འབྲེལ་བའི་ཕྱིར་རྣམ་པར་དག་པ་མ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་བཞིན་ནོ་ཞེས་གང་སྨྲས་པ། ནམ་མཁའ་གཟུགས་ལ་སོགས་པའི་དྲི་མ་དང་འབྲེལ་ཀྱང་རྣམ་པར་མ་དག་པ་མེད་པས་མ་ངེས་པ་ཡིན་ནོ། །དེ་བཞིན་དུ་སེམས་ལ་སོགས་པའི་ཆོས་ཉིད་ཀྱང་འདོད་ཆགས་ལ་སོགས་པ་དང་འབྲེལ་བའི་ཕྱིར་རྣམ་པར་མ་དག་པ་ཡང་མ་ཡིན་པས་དཔེར་མི་རུང་ངོ༌། །བསམ་པ་རྣམ་པར་མ་དག་པའི་དོན་ནི་དེའི་ངོ་བོ་མི་གསལ་བའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་མ་དག་པ་ཉིད་དུ་ཡང་འདོད་དོ། །བསམ་པ་རྣམ་པར་དག་པ་རྣམས་ནི་འདོད་ཆགས་ལ་སོགས་པའི་དྲི་མ་འབྲེལ་པ་དང་བྲལ་བའི་ཕྱིར་དེ་ལྟར་མི་གོས་སོ་ཞེས་བཤད་ཟིན་ཏོ། །འདིས་ནི་ནམ་མཁའ་ལ་སོགས་པ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་ནི་ཡོད་པའི་ཕྱིར། སེམས་ཅན་གྱི་ཉེས་པ་དག་གིས་མི་གོས་སོ་ཞེས་བཤད་པ་ཡིན་ནོ། །བརྟགས་པའི་ཆོས་ཀྱིས་དབེན་པ་ཐམས་ཅད་ནི་ཡོད་པ་ཉིད་ནི་ཀུན་ནས་ཡོད་པའི་ཕྱིར་བསྒྲུབ་མི་དགོས་སོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་པ། དེ་ཡང་སྤྲོས་པ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྩོལ་བ་མེད་ན་སེམས་ཅན་གྱི་དོན་བྱ་བ་རྒྱུ་མཚན་ཡེ་ཤེས་རྣམས་ཇི་ལྟར་འབྱུང་འོན་ཏེ་དེ་འབྱུང་ན་ནི་རྩོལ་བ་དང་བཅས་པའི་ཕྱིར་ཇི་ལྟར་དེ་བཞིན་གཤེགས་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཡིན་ཞེ་ན། དེའི་ལན་གདབ་པའི་ཕྱིར། དཔེར་ན་ནམ་མཁའ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སུ་གྱུར་པ་ཐམས་ཅད་ཀྱི་གོ་འབྱེད་ཀྱང་ཞེས་བྱ་བ་འདི་གསུངས་སོ། །རེ་ཞིག་ལུས་དང་ངག་གི་ལས་ནི་ལུས་ཅན་ཡིན་པའི་ཕྱིར། གོ་


DTG115_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པ་ཡང་རིགས་ན། ཡིད་ཀྱི་ལས་ལ་གོ་རིམས་ཇི་ལྟར་ཏེ། ལུས་ཅན་མ་ཡིན་པ་ལ་ནི་གང་གིས་ན་གོ་འབྱེད་པར་འགྱུར་བ་ཐོགས་པ་མེད་དོ་ཞེ་ན། དེ་སྐྱེ་བ་ལ་བགེགས་མི་བྱེད་པ་གང་ཡིན་པ་དེ་ཉིད་གོ་འབྱེད་པ་ཡིན་ནོ། །ཐོགས་པ་དང་བཅས་པ་ལ་ཡང་སྐྱེ་བ་ལ་བགེགས་མི་བྱེད་པ་ཉིད་ནམ་མཁའ་གོ་འབྱེད་པ་ཡིན་ཏེ། གང་གི་ཕྱིར་དེ་སྐྱེ་བ་ན། སྒྲིབ་པ་མེད་པར་སྐྱེ་བ་དེའི་ཕྱིར་དེ་གོ་འབྱེད་ཅེས་བཤད་དོ། །རྣམ་པ་གཅིག་ཏུ་ན་ཐོགས་པ་དང་བཅས་པའི་དངོས་པོ་དེ་ནས་བསལ་ཏེ། གཞན་གྱིས་གོ་འབྱེད་པས་དེ་ལ་ཡོད་པའི་ཆོས་ནམ་མཁའ་ལ་ཉེ་བར་འདོགས་པ་དེ་བཞིན་དུ་ཡིད་ཀྱི་ལས་ཀྱང་འགག་པ་ན་གཞན་གྱི་གོ་འབྱེད་པས་དེ་ལ་ཡོད་པའི་ཆོས་ནམ་མཁའ་ལ་ཅིའི་ཕྱིར་ཉེ་བར་མི་གདགས། དེ་ལྟར་མ་ཡིན་ན་ཐམས་ཅད་ན་ཡོད་པའི་དངོས་པོས་ཇི་ཞིག་གོ་འབྱེད་ཡོད། ནམ་མཁའ་ནི་རྩོལ་བ་ཡང་མེད་མངོན་པར་འདུ་བྱེད་པ་ཡང་མེད་ཅིང་བྱ་བ་ནི་ནམ་མཁའ་ལ་འདི་ལ་ནི་གོ་དབྱེའོ། །འདི་ལ་ནི་གོ་མི་དབྱེའོ་སྙམ་དུ་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ཟླ་བ་དང་ཉི་མ་དང་སྒྲོན་མ་ལ་སོགས་པའི་འོད་ཟེར་དག་ཀྱང་འབྱུང་བ་ན་དེའི་རྩོལ་བ་མེད་བཞིན་དུ་བྱུང་ནས་གཟུགས་ལ་སོགས་པ་རབ་ཏུ་གསལ་བར་བྱེད་ལ། ཡིད་བཞིན་གྱི་ནོར་བུ་རྣམས་ཀྱང་རྩོལ་བ་དང་བྲལ་བ་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་རེ་བ་ཡོངས་སུ་སྐོང་བར་བྱེད་དོ། །ནམ་མཁའ་སྨོས་པ་ནི་དཔེ་ཙམ་དུ་ཟད་པས་འདི་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དེའི་བདག་ཉིད་དུ་གནས་པ་ན་ཡང་རྩོལ་བ་མི་མངའ་བར་སེམས་ཅན་གྱི་དོན་མཛད་པར་རྣམ་པར་གཤེགས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་དབྱིངས་རྣམ་པར་དག་པ་དང་ཡེ་ཤེས་དང་སྤྲུལ་པ་དང་སེམས་ཅན་གྱི་བྱ་བ་སྒྲུབ་པ་ཐམས་ཅད་ཀྱི་གོ་འབྱེད་ཀྱང་ཞེས་བྱ་བ་ལ། ཡེ་ཤེས་ཐམས་ཅད་ནི་མེ་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །སྤྲུལ་པ་ཐམས་ཅད་ནི་སྐུ་དང་གསུང་དང༌། ཐུགས་སྤྲུལ་པ་རྣམས་སོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྒྲུབ་པ་དག་ནི་སེམས་ཅན་གང་གི་བྱ་བ་སྟེ་དགོས་པ་གང་ཡིན་པ་དེ་སྒྲུབ་ཅིང་གྲུབ་པར་བྱེད་པའོ། །དེ་དག་གོ་འབྱེད་པ་ནི་དེ་དག་སྐྱེ་བ་ལ་རྒྱུ་མཚན་གྱི་དངོས་པོ་


DTG115_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་འགྲོ་བའི་ཕྱིར་རོ། །རྩོལ་བ་ཡང་མེད་མངོན་པར་འདུ་བྱེད་པ་ཡང་མེད་ཅེས་བྱ་བ་ལ་སོགས་པ་ནི་ཡིད་ལ་བྱེད་པ་སྟེ། སེམས་དམིགས་པ་ལས་དམིགས་པ་གཞན་ལ་འགྲོ་བ་གང་ཡིན་པའོ། །མངོན་པར་འདུ་བྱེད་པ་ནི་སེམས་ཀྱི་ཡོངས་སུ་གཡོ་བའོ། །རྣམ་པ་གཅིག་ཏུ་ན་ཡེ་ཤེས་ཀྱི་སྤྲུལ་པ་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུའི་བདག་ཉིད་སེམས་ཅན་གྱི་བྱ་བ་སྒྲུབ་པའི་རྒྱུ་མཚན་ཐམས་ཅད་ཀྱི་གོ་འབྱེད་ཅེས་བྱ་སྟེ། མི་ཟད་པ་ཉིད་ཀྱིས་རྒྱ་ཆེ་བའི་ཕྱིར་དང༌། ཐོགས་པ་མེད་པའི་ཕྱིར། རྣམ་པར་མི་རྟོག་པ་བཞིན་དུ་ཡང་དེའི་དབང་གིས་འབྱུང་བའི་ཕྱིར་རོ། །འདི་སྐད་དུ་ཇི་ལྟར་ནམ་མཁའ་ལ་སོགས་པ་གཟུགས་ལ་སོགས་པའི་སྐྱེ་བའི་གོ་འབྱེད་པ་ལ་སོགས་པའི་བྱ་བ་ལ་འཇུག་པ་རྣམས་ངར་འཛིན་པ་དང༌། ང་ཡིར་འཛིན་པ་ལ་རྩོལ་བ་ལ་སོགས་པའི་སྤྲོས་པ་མེད་མོད་ཀྱི་འོན་ཀྱང་བྱ་བའི་བྱེ་བྲག་ཐམས་ཅད་མངོན་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཟག་པ་མེད་པའི་དབྱིངས་ལ་རྣམ་པ་ཐམས་ཅད་དུ་ངར་འཛིན་པ་དང་ང་ཡིར་འཛིན་པའི་རྩོལ་བའི་སྤྲོས་པ་དང་བྲལ་བ་རྣམས་ཀྱིས་ཡེ་ཤེས་དང་སྤྲུལ་པ་དང༌། སེམས་ཅན་གྱི་བྱ་བ་སྒྲུབ་པ་ཐམས་ཅད་ཀྱང༌། སྔོན་མངོན་པར་འདུ་མཛད་པའི་དབང་གིས་འབྱུང་ངོ་ཞེས་བཤད་པ་ཡིན་ནོ། །གང་མཚན་དང་དཔེ་བྱད་བཟང་པོའི་ཡོ་བྱད་ཐམས་ཅད་དང་ལྡན་པར་འཁོར་བའི་མཐའི་བསྐལ་པ་ཇི་སྲིད་བཞུགས་ཤིང་ཆོས་ཀྱི་སྐུར་བཞུགས་པའི་ཕྱིར་རྣམ་པར་རྟོག་པ་མི་མངའ་ཡང༌། སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པས་ཡེ་ཤེས་ཀྱི་སྤྲུལ་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་འདི་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཆོག་ཏུ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཡིན་ནོ། །དེའི་ཚེ་དེ་བཞིན་གཤེགས་པ་ལས་འདི་ནི་མཛད་དོ། །འདི་ནི་མི་མཛད་དོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་མངའ་མོད་ཀྱི། འོན་ཀྱང་སྔོན་འཕངས་པའི་དབང་གིས་བསམ་ནས་གཉིད་ཀྱིས་ལོག་པ་ལས་སད་པ་དང༌། འགོག་པའི་སྙོམས་པར་འཇུག་པ་ལས་ལྡང་བ་བཞིན་དུ་ཇི་སྐད་བཤད་པའི་བྱ་བ་རྣམས་ཀྱང་མངོན་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་རྒྱ་མཚོས་བསྟན་པ་ལས་དཔེར་ན་དགེ་སློང་གཎྜཱི་བརྡུང་བ་ལ་བབ་ཀྱི་བར་དུ་བྱིན་གྱིས་བརླབས་ཏེ། འགོག་པ་ལ་


DTG115_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་ཞུགས་པ་དེའི་རྣ་ལམ་དུ་གཎྜཱིའི་སྒྲ་མི་གྲག་པ་རྣམ་པར་རྟོག་པ་ཡང་མི་བྱེད་མོད་ཀྱི། འོན་ཀྱང་ལྡན་པར་འགྱུར་རོ་ཞེས་བྱ་བ་གསུངས་པ་ལྟ་བུའོ། །གལ་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཤེས་བྱ་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་ཐ་མི་དད་པར་འདུག་པ་ཡིན་ན། དེ་དང་ཐ་མི་དད་པའི་ཕྱིར་དེ་ཡང་དེ་དང་འདྲ་བ་ཁོ་ནར་སྐྱེ་བ་དང་འཇིག་པ་དག་ཏུ་འགྱུར་བའམ། སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར། དེ་ཤེས་བྱ་དང་ཐ་མི་དད་པར་འདུག་པ་མ་ཡིན་ནོ་ཞེ་ན། དཔེར་ན་ནམ་མཁའ་ལ་གཟུགས་ཀྱི་རྣམ་པ་སྣ་ཚོགས་པ་རྣམས་ཀྱི་སྐྱེ་བ་ཡང་སྣང་འཇིག་པ་ཡང་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་ཇི་ལྟར་གཟུགས་ལ་སོགས་པ་སྐྱེ་བ་དང་འགག་པ་ཡོད་ཀྱང༌། དེ་དང་ཐ་མི་དད་པར་འདུག་ཅིང་དེའི་གོ་འབྱེད་པའི་མཚན་ཉིད་ནམ་མཁའ་ལ་ནི་སྐྱེ་བ་དང་འགག་པ་དག་མེད་པ་དེ་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡེ་ཤེས་དང༌། སྤྲུལ་པ་དང༌། སེམས་ཅན་གྱི་བྱ་བ་སྒྲུབ་པ་ཐམས་ཅད་ཀྱི་གོ་འབྱེད་པ་ལ་ཞུགས་ཤིང་དེ་དང་ཐ་མི་དད་པར་འདུག་པ་ལ་ཡང་སྐྱེ་བ་དང་འགག་པ་དག་མེད་དོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་ལ་དགོངས་ནས་འཇམ་དཔལ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་ལ་སོགས་པ་ཡང་དོན་དམ་པར་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་ནི་མེད་ཀྱི་ཀུན་རྫོབ་ཏུ་རྣམ་པར་གཞག་གོ །དེ་ཉིད་ཀྱི་ཕྱིར་སྣང་ཞེས་གསུངས་ཏེ། ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ་སྙམ་དུ་དགོངས་ཏེ། ཡེ་ཤེས་ཀྱི་སྤྲུལ་པ་ལ་སོགས་པ་ཐམས་ཅད་ཀྱང་དེ་དང་འདྲའོ། །གལ་ཏེ་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་དུ་འགྲོ་བ་ཡིན་ན། དེ་བཞིན་གཤེགས་པའི་བསྟན་པ་ཡང་འཕེལ་བ་དང་ནུབ་པ་སྣང་བས་དེ་ཡང་ཐ་མི་དད་པའི་ཕྱིར་དེ་ཁོ་ན་བཞིན་དུ་འཕེལ་བ་དང་འགྲིབ་པ་དག་ཏུ་འགྱུར་ཏེ། དེའི་ཕྱིར་རྣམ་པར་དག་པ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། དཔེར་ན་ནམ་མཁའ་ལ་གཟུགས་ཀྱི་རྣམ་པ་སྣ་ཚོགས་རྣམས་ཀྱི་འཕེལ་བ་ཡང་སྣང་འགྲིབ་པ་ཡང་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དང་འདྲ་བར་དེ་བཞིན་གཤེགས་པའི་བསྟན་པའི་ཉིང་ཁུ་ནི་དེ་བཞིན་གཤེགས་པ་བསྟན་པ་ཉིད་དེ་ལས་གཞན་པ་མུ་སྟེགས་ཅན་གྱི་བསྟན་པ་ལ་


DTG115_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་ན། ཤིན་ཏུ་མཆོག་ཏུ་གྱུར་པ་ཉིད་ཀྱིས་སྙིང་པོར་གྱུར་པའི་ཕྱིར་སྙིང་ཁུ་ཡིན་ཏེ་མར་གྱི་སྙིང་ཁུ་བཞིན་ནོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ནི་འཕེལ་བ་ཡང་མེད་འགྲིབ་པ་ཡང་མེད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་ཡང་དོན་དམ་པར་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་འཕེལ་བ་དང་འགྲིབ་པ་དག་མེད་དོ། །ཀུན་རྫོབ་ཀྱི་ཚུལ་དུ་ནི་གཟུགས་ལ་སོགས་པ་བཞིན་དུ་ཡོད་དོ། །དེ་དག་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྣམས་ནི་ཡང་དག་པར་ན་མེད་པའི་ངོ་བོ་ཡིན་པའི་ཕྱིར་ནམ་མཁའ་བཞིན་དུ་འཕེལ་བ་དང་འགྲིབ་པ་དག་མེད་དོ། །དེ་ཉིད་ཀྱི་ཕྱིར་སྣང་ཞེས་གསུངས་ཏེ། དེར་སྣང་བའི་རྣམ་པར་ཤེས་པའི་སྐྱེ་བ་མེད་པའི་ཕྱིར་ཀུན་རྫོབ་ཏུ་སྣང་བ་ཡིན་གྱི། ཡང་དག་པར་ན་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་ངོ་བོ་ལ་ནི་མ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རྣམས་ལ་ཕན་པ་དང་ཉེ་བར་སྒྲུབ་པའི་ཕྱིར་བཞུད་ཅིང་བྱོན་ན་གོ་ཆོས་ཀྱི་དབྱིངས་ཀྱང་དེ་དང་ཐ་མི་དད་པའི་ཕྱིར་འགྲོ་བ་དང་འོང་བར་ཐལ་བར་འགྱུར་བས་ཕལ་པ་བཞིན་དུ་རྣམ་པར་དག་པ་མེད་པ་དང༌། སྐྱེ་བ་དང་སོགས་པ་ཐལ་བར་འགྱུར་བ་འམ། དེ་མེད་ན་ཕྱོགས་གཞན་དག་ཏུ་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཉེ་བར་གནས་པ་ཡང་མེད་དོ་ཞེ་ན། དཔེར་ན་ནམ་མཁའ་མཐར་ཐུག་པ་མེད་པའི་ཕྱིར། ནམ་མཁའ་ལ་ཕྱོགས་བཅུ་ན་གཟུགས་སུ་གྱུར་པ་གཡོ་བ་རྣམས་མཐའ་ཡས་མུ་མེད་ཀྱང་ནམ་མཁའ་ནི་འགྲོ་བའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ན་ནམ་མཁའ་མཐའ་ཐུག་པ་མེད་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱང་མཐའ་ཐུག་པ་མེད་དོ། །དེའི་ཕྱིར་གཟུགས་སུ་གྱུར་པ་གཟུགས་ཀྱི་རྣམ་པ་རྣམས་མཐའ་ཡས་པ་ནི་ཕྱོགས་གཅིག་གི་སྒོ་ནས་སོ། །མུ་མེད་པ་ནི་ཐམས་ཅད་དུའོ། །ཡང་ན་དུས་སམ་ཡུལ་གྱི་སྒོ་ནས་སོ། །ཡང་ནམ་མཁའ་ནི་ཐམས་ཅད་ན་ཡོད་པའི་ཕྱིར་དང༌། བྱེད་པ་མེད་པའི་ཕྱིར་སྒོ་དབྱེ་བའི་ཕྱིར་འགྲོ་བའམ་འོང་བ་ཡང་མེད་དོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཐའ་ཐུག་པ་མེད་པའི་ཕྱིར། ཆོས་ཀྱི་དབྱིངས་རྣམ་པར་དག་པ་མུ་ཐུག་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་སོགས་པ་སེམས་


DTG115_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་ཕན་པ་དང་བདེ་བ་ཉེ་བར་གནས་པའི་བྱ་བ་གང་དག་ཡིན་པ་དེ་དག་ཀྱང་མུ་མེད་པ་དེ་སྔ་མ་བཞིན་ནོ། །འགྲོ་བ་མེད་ཀྱང་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་སེམས་ཅན་གྱི་དོན་མཛད་པ་མཐའ་ཡས་པ་དག་འབྱུང་ངོ༌། །འགྲོ་བ་ཞེས་བྱ་བ་ནི་འདི་ནས་གཞན་དུའོ། །འོང་བ་ཞེས་བྱ་བ་ནི་གཞན་ནས་འདིར་རོ། །གཡོ་བ་འམ་འགུལ་བ་ཞེས་བྱ་བ་ནི་བསྟན་པ་དང་བཤད་པ་དག་གོ །དེ་དག་མེད་པ་ནི་ཆོས་ཀྱི་དབྱིངས་མུ་མེད་པའི་ཕྱིར་རོ། །གང་ཞིག་ལུས་ཡོད་པ་དེ་ནི་ཡུལ་གཞན་དག་ཏུ་འབྱུང་བའི་ཕྱིར་འགྲོའོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་འཐོབ་ཀྱི་ལུས་མེད་པ་ནི་མ་ཡིན་ཏེ། ནམ་མཁའ་ལ་སོགས་པ་བཞིན་ནོ། །འདི་སྐད་དུ་དེ་བཞིན་གཤེགས་པ་ནི་དོན་དམ་པར་ཆོས་ཀྱི་དབྱིངས་རང་བཞིན་ཁོ་ན་ཡིན་ལ་ཆོས་ཀྱི་དབྱིངས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སོགས་པས་སེམས་ཅན་དེ་དག་ཀྱང་རང་གི་ས་བོན་ཡོངས་སུ་སྨིན་པའི་དབང་དང༌། དེའི་བྱིན་གྱིས་དེ་ལྟ་བུའི་སྤྱོད་པར་སྣང་བའི་རྣམ་པར་རིག་པ་སྐྱེས་ན་གང་གིས་ན་དེ་བཞིན་གཤེགས་པས་སེམས་ཅན་གྱི་དོན་མཛད་པ་མཛད་དོ་ཞེས་བྱ་བ་དེ་ལྟ་བུའི་ཐ་སྙད་འདོགས་པ་འབྱུང་ངོ་ཞེས་བཤད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ནི་བྱིན་ཙམ་ཉིད་མ་གཏོགས་པར་གང་གིས་ན་དེ་ལྟ་བུའི་མཛད་པར་འགྱུར་བའི་སྤྱོད་པ་གཞན་མི་མངའ་སྟེ། ཇི་སྐད་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་གང་དུ་འང་བཞུགས་པའམ་བྱོན་པ་མི་མངའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སྤྲུལ་པའི་སྐུ་ལས་དགོངས་ནས་དེ་བཞིན་གཤེགས་པ་བཞུད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་འགལ་བ་མེད་དོ། །གལ་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་འགྲོ་བ་དང་འོང་བ་མེད་ན་ཡང་ཡུལ་དེར་འགྲོ་བ་མེད་པར་ཇི་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའམ། འགྲོ་བ་དང་འོང་བ་ཡོད་ན་ནི་དེ་ཉིད་ཉེས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། འཇིག་རྟེན་གྱི་ཁམས་ལ་ཡང་འཇིག་པ་དང་ཆགས་པ་དག་ཡོད་ཀྱང་ནམ་མཁའ་ལ་མེད་པ་དེ་དག་མེད་པ་དེ་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་གང་གི་ན་དེའི་དོན་དུ་དེར་འགྲོ་བར་འགྱུར་བ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། མྱ་


DTG115_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདའ་བ་མེད་དེ། དཔེར་ན་ནམ་མཁའ་ལ་འཇིག་རྟེན་གྱི་ཁམས་འཇིག་པ་སྟེ་རྣམ་པར་འཇིག་པ་དང་ཆགས་པ་སྟེ། འབྱུང་བ་ཀུན་རྫོབ་ཏུ་མངོན་གྱི་དེ་དག་ཀྱང་ནམ་མཁའ་འདྲ་བར་སྟོང་པའི་ཕྱིར་ཡང་དག་པར་ནི་མ་ཡིན་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་དཔག་ཏུ་མེད་པ་སྣང་བ་ཡང་ཀུན་རྫོབ་ཏུ་མངོན་གྱི་ཡང་དག་པར་ནི་མ་ཡིན་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་པོ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་པོ་དག་མེད་པའི་ཕྱིར་རོ། །ཕུང་པོ་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་དེའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་གཉིས་ཀ་ཡང་དག་པ་ཉིད་དུ་ཡིན་ནོ་ཞེ་ན། ཡང་དག་པ་ནི་རང་གི་ངོ་བོ་ལ་མ་ཉམས་པ་ཡིན་ན། མངོན་པར་རྫོགས་པར་བྱང་ཆུབ་པའི་གནས་སྐབས་ཉམས་ན། མངོན་པར་རྫོགས་པར་བྱང་ཆུབ་ལ་ཡོངས་སུ་མྱ་ངན་ལས་མ་འདས་པའི་གནས་སྐབས་ཉམས་ན་ཡོངས་སུ་མྱ་ངན་ལས་འདས་པར་འདོད་པའི་ཕྱིར་རོ། །འོན་ཏེ་ཡང་འདི་སྙམ་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་ནམ་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་མ་ཡིན་པར་མི་འགྱུར་ལ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་ནམ་ཡོངས་སུ་མྱ་ངན་ལས་མ་འདས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ཡང་དག་པ་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་ཡང་དེ་དང་འདྲ་བར་འགྱུར་ཏེ། འཇིག་པ་ཡང་ནམ་ཡང་འཆགས་པ་མ་ཡིན་ཞིང༌། འཆགས་པ་ཡང་ནམ་ཡང་འཇིག་པ་མ་ཡིན་ལ་བུམ་པ་ལ་སོགས་པ་ཡང་ནམ་ཡང་བུམ་པ་ལ་སོགས་པ་མ་ཡིན་བ་མ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་འཇིག་རྟེན་གྱི་ཁམས་མེ་ལ་སོགས་པས་ཡོངས་སུ་གང་བ་བརྒལ་ཏེ། འགྲོ་བར་ཡང་མི་འགྱུར་ཏེ། དེ་དག་དང་འབྲེལ་ན་ཚིག་པ་ལ་སོགས་པ་ཐལ་བར་འགྱུར་བའི་ཕྱིར་ལ། མོས་པའི་དབང་གིས་ས་ལ་སོགས་པ་གསེར་ལ་སོགས་པའི་དངོས་པོར་ཡང་མི་འགྱུར་རོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་མ་ཡི་པར་མི་འགྱུར་རོ། །དེ་ལྟ་བས་ན་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཡོངས་སུ་མྱ་ངན་ལས་འདས་པའི་གནས་སྐབས་ཀྱི་སྔོན་རོལ་དང༌། དེའི་ཚེ་ཡང་དེ་བཞིན་


DTG115_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་ཉམས་པའི་ངོ་བོ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མེད། ཡོངས་སུ་མྱ་ངན་ལས་འདས་པ་ཡང་མེད་དོ། །དེ་གཉིས་ནི་དེ་ལ་སྒྲོ་བཏགས་པའི་ངོ་བོ་ཡིན་པས་ཡང་དག་པ་མ་ཡིན་ཏེ། བྱེད་པ་པོ་དང་བྱ་བ་དག་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པས་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ནི་བྱང་ཆུབ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་མི་རྟོག་པའི་ཡེ་ཤེས་ལས་དགོངས་པ་ཡིན་ཏེ། དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་དེ་ཡང་གཉིས་སུ་རྣམ་པར་རྟོག་པ་ཀུན་དུ་མི་འབྱུང་བའི་ཕྱིར། དེའི་ཚེ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མ་ཡིན་ལ། ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མ་ཡིན་ནོ། །དེ་ཉིད་ལ་དགོངས་ནས་ལྷའི་བུ་ཆོས་ཐམས་ཅད་འབྱུང་བ་མེད་པ་ནི་དེ་བཞིན་གཤེགས་པ་འབྱུང་བའོ་ཞེས་བྱ་བ་དང༌། དེ་བཞིན་དུ་ཐོབ་པ་མེད་པ་དང་མངོན་པར་རྫོགས་པ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་བརྟགས་པ་མེད་པའི་ཕྱིར་དང༌། སྐྱེ་བ་ལ་སོགས་པ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་མི་དེ་གཉིས་ཀ་མངོན་ཏེ། དེ་བཞིན་གཤེགས་པ་སྤྲུལ་པའི་སྐུས་དེ་ལྟར་ཀུན་དུ་བསྟན་པས་འདུལ་བར་འགྱུར་བའི་སེམས་ཅན་གྱི་ངོར་དེ་གཉི་ག་སྟོན་པར་མཛད་དོ། །གལ་ཏེ་ཆོས་དབྱིངས་སེམས་ཅན་ཐམས་ཅད་དང་ལྡན་ན། དེ་དག་ཇི་ལྟར་ལོག་པར་སྒྲུབ་པ་ཡིན་ཆོས་ཀྱི་དབྱིངས་ལ་ནི་ལོག་པར་སྒྲུབ་པ་དག་མེད་དེ་ཡོངས་སུ་དག་པའི་ཕྱིར་རོ། །དེའི་ཕྱིར་བསླབ་པའི་གཞི་བཅའ་བ་དོན་མེད་པར་ཐལ་བར་འགྱུར་ཏེ་སེམས་ཅན་རྣམས་ཀྱིས་ལོག་པར་སྒྲུབ་པ་མེད་པའི་ཕྱིར་རམ། ཉན་ཐོས་བཞིན་དུ་ཡོངས་སུ་སྐྱེ་བ་དང༌། ཡོངས་སུ་དག་པ་མེད་པར་ཇི་ལྟར་འགྱུར་ཞེ་ན་མ་ཡིན་ཏེ་ནམ་མཁའ་བཞིན་ནོ། །དཔེར་ན་རྩྭ་ལ་སོགས་པ་གཟུགས་ཀྱི་རྣམ་པ་ནམ་མཁའ་ལ་བརྟེན་པ་རྣམས་ལ་སྣང་བ་ལ་སོགས་པ་འགྱུར་བ་སྣ་ཚོགས་དམིགས་ཀྱང་ནམ་མཁའ་ནི་དེའི་ཁོངས་སུ་གཏོགས་ཀྱང་ནམ་མཁའ་ནི་གཞན་དུ་མི་འགྱུར་བའི་ཕྱིར་དེ་དག་གི་འགྱུར་བ་ཡང་མེད་ལ་སྣང་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་གནོད་པའི་ཕྱིར་ཡོངས་སུ་སྐྱོ་བ་ཡང་མེད་དོ། །དེ་


DTG115_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སེམས་ཅན་གྱི་ཁམས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་བརྟེན་པ་ལ་ཆོས་ཀྱི་དབྱིངས་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་རྣམས་ལ་ཡང་རང་གི་རྣམ་པར་རྟོག་པ་ཀུན་ནས་བསླང་བའི་ལུས་དང་ངག་དང༌། ཡིད་ཀྱི་ལས་ལོག་པར་སྒྲུབ་པ་མི་དགེ་བ་ལ་སོགས་པ་ལ་སྩོགས་པ་རྣམ་པ་སྣ་ཚོགས་ཁྱིམ་པ་དང༌། རབ་ཏུ་བྱུང་བ་རྣམས་ལ་ཅི་རིགས་པར་དམིགས་པ་དེ་དག་བཟློག་པའི་ཕྱིར་ཀུན་རྫོབ་ཏུ་བསླབ་པའི་གཞི་བཅའ་བ་དང༌། དེ་ལས་འདས་པའི་ངོ་བོ་ལོག་པར་སྒྲུབ་པ་ཡང་དམིགས་མོད་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་གཞན་དུ་འགྱུར་བ་མེད་པའི་ཕྱིར་ལོག་པར་སྒྲུབ་པ་དེ་དག་གིས་འགྱུར་བ་ཡང་མེད་ལ་མི་གནོད་པའི་ཕྱིར་ཡོངས་སུ་སྐྱོ་བ་ཡང་མེད་དོ། །གང་ཞིག་སྡུག་བསྔལ་རྣམས་ཀྱིས་གནོད་པ་ནི་དེ་མི་བཟོད་པ་ཉིད་ཀྱིས་ཉན་ཐོས་བཞིན་དུ་ཡོངས་སུ་སྐྱོ་བར་འགྱུར་གྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་མ་ཡིན་ཏེ། ནམ་མཁའ་བཞིན་དུ་ཐམས་ཅད་བཟོད་པའི་ཕྱིར་རོ། །ཇི་ལྟར་ནམ་མཁའ་ལ་གཟུགས་ལ་སོགས་པའི་གནོད་པ་ལ་སོགས་པ་ཀུན་རྫོབ་ཏུ་ཡིན་གྱི་ཡང་དག་པར་ནི་མི་འདོད་པ་དེ་བཞིན་དུ་བསླབ་པ་ལ་སོགས་པ་བཅའ་བ་དང༌། ལོག་པར་སྒྲུབ་པ་རྣམས་ཀྱང་རྣམ་པར་གཞག་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དེ་དག་ཡོད་པ་ནི་མ་ཡིན་ནོ། །འདི་ལྟར་ལུས་ལ་སོགས་པའི་ལས་ནི་མཚུངས་པར་ལྡན་པ་དང༌། ཀུན་ནས་སློང་བའི་དབང་གིས་མི་དགེ་བ་ལ་སོགས་པ་ཉིད་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་ཞིང༌། དེས་ཀུན་ནས་བསླང་བའི་བོད་བ་ལ་སོགས་པ་ཉིད་ནི་ཡང་མི་དགེ་བ་ཉིད་དུ་ཁས་བླང་བར་ཡང་མི་ནུས་ལ། ལུས་ཀྱང་ས་ལ་སོགས་པ་གནས་པ་ཡིན་པའི་ཕྱིར་དེ་དང་ཆོས་མཐུན་པ་ཡིན་ནོ། །ངག་གི་ལས་ཀྱང་རྔ་བོ་ཆེ་ལ་སོགས་པའི་སྒྲ་བཞིན་དུ་མི་དགེ་བ་ལ་སོགས་པ་ཉིད་མི་སྲིད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་དེ་ལྟར་གྱུར་པ་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་མི་བྱེད་པ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་དང་མཚུངས་པར་ལྡན་པའི་སེམས་པ་ཡང་དག་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་བཞིན་དུ་མི་དགེ་བ་ལ་སོགས་པ་ཉིད་མི་སྲིད་དོ། །དེའི་འབྲས་བུ་ཡང་དེ་ཁོ་ན་དང་འདྲའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ནི་ལས་དང་འབྲས་བུ་དག་ཡོད་པ་མ་ཡིན་ཏེ། དེ་གཉིས་ནི་བརྟགས་པ་ཡིན་པའི་


DTG115_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །ཀུན་རྫོབ་དུ་དེར་སྣང་བའི་རྣམ་པར་རིག་པ་སྐྱེས་ན་མངོན་དེ་ཇི་ལྟར་མངོན་པ་དེ་ལྟར་ཡང་རྣམ་པར་བཞག་གོ །གལ་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཐམས་ཅད་ལྡན་པ་ཡིན་ན། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པའི་མཚན་ཉིད་དུ་ཐལ་བར་འགྱུར་བ་འམ། དེ་དང་ཐ་མི་དད་པའི་ཕྱིར་དེ་དག་ཀྱང་དེ་ཁོ་ན་བཞིན་དུ་ཕུང་པོའི་བདག་ཉིད་མ་ཡིན་པ་ཉིད་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། ནམ་མཁའ་བཞིན་ནོ། །དཔེར་ན་ནམ་མཁའ་ལ་བརྟེན་པའི་ས་ཆེན་པོ་ལ་སོགས་པ་ཡང་དམིགས། ཉི་མ་ལ་སོགས་པ་རྒྱུ་བ་ཡང་དམིགས་མོད་ཀྱི་ནམ་མཁའ་ནི་ས་ལ་སོགས་པའི་ཕུང་པོ་དང་འབྲེལ་པའི་ཕྱིར་དེའི་བདག་ཉིད་མ་ཡིན་པ་ལྟར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་དམིགས་པ་ཡང་དེ་དང་འདྲའོ། །དེ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་དག་ནི་ཟག་པ་མེད་པའི་བསམ་གཏན་དང༌། ཤེས་རབ་བོ། །རྣམ་པར་གྲོལ་བའི་ཕུང་པོ་ནི་མི་སློབ་པའི་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་མི་སློབ་པའི་ཡང་དག་པའི་ལྟ་བའོ། །ཕུང་པོ་ལྔ་པོ་འདི་དག་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་ལྡན་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་དེ་དག་དང་ལྡན་དུ་ཟིན་ཀྱང་དེ་དག་གི་མཚན་ཉིད་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པའི་རང་བཞིན་མ་ཡིན་ནོ། །དེ་བཞིན་དུ་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་ཅན་མ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་སྨོས་པ་ནི་ཟག་པ་མེད་པའི་ཆོས་མཐུན་པས་སོ། །གལ་ཏེ་སངས་རྒྱས་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བདག་ཉིད་ཡིན་ན། ཁྱོད་ཀྱི་ངའི་ཞེས་བྱ་བའི་རྩོལ་བ་མེད་པར་འཁོར་གྱི་དཀྱིལ་འཁོར་ཐ་དད་པར་ཇི་ལྟར་འགྱུར། རྩོལ་བ་ཡོད་ན་ནི་ཆོས་ཀྱི་དབྱིངས་ལྟར་ཡོངས་སུ་དག་པ་ཡིན་ཞེ་ན། མ་ཡིན་ཏེ། ནམ་མཁའ་བཞིན་ནོ། །དཔེར་ན་ནམ་མཁའ་ལ་རང་གི་རྒྱུ་དང་རྐྱེན་ལས་ཡང་དག་པར་འབྱུང་བའི་སྟོང་གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སུ་ཆུད་པའི་རླུང་གི་དཀྱིལ་འཁོར་ལ་སོགས་པ་དམིགས་ཀྱང་ནམ་མཁའ་ལ་ནི་ང་ཡིར་འཛིན་པའི་ཐ་དད་པ་ཡང་མེད་ལ་དེ་རྣམ་པར་མི་རྟོག་


DTG115_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་ཐ་དད་པ་རྣམས་ཀྱི་གོ་ཡང་འབྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་རང་གི་ལས་ཀྱི་དབང་གིས་ཡང་དག་པར་བྱུང་བའི་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་དབང་བསྐུར་བའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་གཅིག་ཏུ་འདུས་པའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རང་གི་རྒྱུ་དང་རྐྱེན་གཞན་དག་ལས་བྱུང་བ་རྣམས་དམིགས་ཏེ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གཅིག་གི་རྒྱུ་གང་ཡིན་པ་དེ་ཉིད་གཉིས་པའམ་གསུམ་པའི་རྒྱུ་ཡིན་ནོ། །གང་གི་དབང་དུ་མཛད་ནས་མདོ་གཞན་ལས་སངས་རྒྱས་དེ་དག་གི་སངས་རྒྱས་ཀྱི་ཞིང་ཐ་དད་པ་ཉིད་དང༌། འཁོར་གྱི་དཀྱིལ་འཁོར་ཐ་དད་པ་ཉིད་ནི་སྣང་བ་འབའ་ཞིག་དུ་ཟད་དོ་ཞེས་གསུངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ནི་ངར་འཛིན་པ་དང༌། ང་ཡིར་འཛིན་པའི་ངོ་བོའི་རྩོལ་བ་དང་གཟུང་བ་དང་འཛིན་པ་རྣམ་པར་རྟོག་པའི་མངོན་པར་འདུ་བྱེད་པ་ཡང་མེད་པའོ། །འདི་སྐད་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུས་ཐ་མི་དད་ཅིང་སྤྲོས་པ་མེད་ངོ་བོ་རྣམས་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུས་ཐ་དད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་རང་གི་འདུ་བྱེད་པའི་དབང་གིས་བྱུང་བའི་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པ་རྣམས་ཀྱང་དམིགས་ལ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ཀྱི་བཀོད་པ་སྣ་ཚོགས་པ་ཉིད་ཀྱང་དམིགས་སོ་ཞེས་བཤད་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་བུད་མེད་རིན་པོ་ཆེ་ལ་སོགས་པ་བཞིན་དུ་དེ་ལྟ་བུའི་རྣམ་པར་རིག་པ་དག་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ །སྔ་མ་ནི་ཡེ་ཤེས་འབྱུང་བ་དང་གཞན་གྱི་དོན་བྱེད་པ་ལ་མངོན་པར་འདུ་བྱེད་པ་མེད་པར་བཤད་པ་ཡིན་གྱི། འདི་ནི་ཆོས་ལ་རྫོགས་པར་ལོངས་སྤྱོད་པར་བྱ་བའི་ཕྱིར། རང་གི་ལས་ཀྱི་འབྱུང་བའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ལ་ཐ་དད་པར་རྣམ་པར་རྟོག་པ་མེད་པ་ཡིན་པས་བྱེ་བྲག་ཡོད་དོ། །འདིས་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཟབ་པ་དང༌། ལས་ཟབ་པ་དང༌། གནས་ཟབ་པ་བཤད་དོ། །དེ་ལ་མཚན་ཉིད་ཟབ་པ་ནི་རྣམ་པར་མ་དག་པའི་ཉེས་པ་བཅུ་


DTG115_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྤང་བར་རྣམ་པར་དག་པའི་མཚན་ཉིད་བཅུ་ཁོ་ནར་བལྟ་བར་བྱ་སྟེ། རྣམ་པར་མ་དག་པའི་ཉེས་པ་བཅུ་ནི་སྣ་ཚོགས་ཀྱི་ཉེས་པ་དང༌། ཀུན་ནས་ཉོན་མོངས་པའི་ཉེས་པ་དང༌། མངོན་པར་འདུ་བྱེད་པ་དང་བཅས་པའི་ཉེས་པ་དང༌། འདུས་བྱས་ཀྱི་མཚན་ཉིད་ཀྱི་ཉེས་པ་དང༌། འཕེལ་བ་དང་ཟད་པའི་ཉེས་པ་དང༌། འོང་བ་དང་འགྲོ་བའི་ཉེས་པ་དང༌། རྟག་པ་དང་ཆད་པའི་ཉེས་པ་དང༌། ཡོངས་སུ་སྐྱོ་བའི་ཉེས་པ་དང༌། རིལ་པོའི་ཉེས་པ་དང༌། འཛིན་པའི་ཉེས་པའོ། །རྣམ་པར་དག་པའི་མཚན་ཉིད་བཅུ་ནི་སྣ་ཚོགས་ཡིན་པའི་མཚན་ཉིད་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་དང༌། མངོན་པར་འདུ་བྱ་བ་མེད་པའི་མཚན་ཉིད་དང༌། འདུས་མ་བྱས་ཀྱི་མཚན་ཉིད་དང༌། འཕེལ་བ་མེད་པ་དང༌། ཟད་པ་མེད་པའི་མཚན་ཉིད་དང༌། འོང་བ་དང་འགྲོ་བ་མེད་པའི་མཚན་ཉིད་དང༌། རྟག་པ་མེད་པ་དང་ཆད་པ་མེད་པའི་མཚན་ཉིད་དང༌། ཡོངས་སུ་སྐྱོ་བ་མེད་པའི་མཚན་ཉིད་དང༌། རིལ་པོ་མ་ཡིན་པའི་མཚན་ཉིད་དང༌། ང་ཡིར་འཛིན་པ་མེད་པའི་མཚན་ཉིད་དང་གོ་རིམས་བཞིན་ནོ། །ལས་ཟབ་པ་ནི་སྤྲུལ་པ་ལ་སོགས་པའི་ལས་ཀྱི་སྒོ་ནས་རིག་པར་བྱའོ། །གནས་ཟབ་པ་ནི་འོང་བ་དང༌། འགྲོ་བ་མེད་པའི་སྒོ་དང༌། རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་སྒོ་ནས་རིག་པར་བྱའོ། །ཆོས་ཀྱི་དབྱིངས་ཀྱི་རྣམ་པ་ཐམས་ཅད་ནམ་མཁའ་དང་ཆོས་མཐུན་པར་བསྟན་པའི་ཕྱིར་ཐམས་ཅད་དུ་ནམ་མཁའ་དཔེར་མཛད་དེ། འདི་སྐད་དུ་འདི་ལྟ་སྟེ། ནམ་མཁའ་དཔེ་གཅིག་པུ་མ་གཏོགས་པ་གང་གིས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་བར་ལ་འཇལ་བར་བྱེད་པའི་དཔེར་བཀོད་པ་ཇི་སྙེད་པའི་དཔེར་དགོད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་ཏེ། ནམ་མཁའ་ཇི་ཙམ་པ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱང་དེ་ཙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སྤངས་པ་རྣམ་པར་གཞག་ནས། ཡེ་ཤེས་རྣམ་པར་གཞག་པའི་དབང་དུ་མཛད་ནས། ཤིན་ཏུ་འདུས་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འཇུག་པའི་རྒྱུ་མཚན་སྟོན་པར་བྱེད་དོ། །དེ་བཞིན་


DTG115_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཡེ་ཤེས་ཉིད་མེ་ལོང་གི་དཀྱིལ་འཁོར་ལྟ་བུ་ཡིན་ཏེ། མེ་ལོང་གི་དཀྱིལ་འཁོར་དང་ཆོས་མཐུན་པར་ཤེས་བའི་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །སྐྱེ་མཆེད་རྣམས་ནི་མིག་ལ་སོགས་པའི་ནང་གི་དྲུག་པོ་རྣམས་སོ། །དེའི་ཡུལ་རྣམས་ནི་དེ་དག་ཡུལ་ཏེ། མིག་ལ་སོགས་པ་དེ་དག་གི་ཡུལ་གཟུགས་ལ་སོགས་པ་ཕྱིའི་དྲུག་གོ །སྐྱེ་མཆེད་རྣམས་དང་དེའི་ཡུལ་རྣམས་ཏེ། དེ་དག་གི་རྣམ་པར་ཤེས་པ་དག་ནི་གང་དག་དམིགས་པ་དེས་སྐྱེ་བ་རྣམས་སོ། །དེ་དག་ཉིད་གཟུགས་བརྙན་དག་ཡིན་ཏེ། ཐམས་ཅད་དུ་ཤེས་པ་རྒྱུ་མཚན་ཉིད་དུ་བཤད་པའི་ཕྱིར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཙམ་གྱིས་ཡུལ་ཅན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་དམིགས་པ་ཡིན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ཏེ། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱང་དེ་དང་འདྲའོ། །སྐྱེ་མཆེད་དང་དེའི་ཡུལ་ཏེ། གཟུང་བའི་ཡུལ་ཐམས་ཅད་ཤེས་པའི་གཟུགས་བརྙན་དང་སྤྱིའི་མཚན་ཉིད་སྣང་བ་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བྱུང་བ་འདི་གསུམ་སྣང་སྟེ་ཡོངས་སུ་གཅོད་དོ། །སུས་ཤེ་ན། དེ་བཞིན་གཤེགས་པ་ཁོ་ནས་སོ། །ཡང་ན་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར། དེ་དག་རང་རིག་པའི་རྣམ་པར་ཤེས་པ་སྐྱེ་བ་ན་བློས་ཐ་དད་པར་ཕྱེ་ནས། དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ་ཞེས་ཐ་སྙད་འདོགས་སོ། །ཡང་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་དེ་དག་རབ་ཏུ་མཁྱེན་ཏེ། དེ་ལ་བརྟེན་ནས་གཟུགས་བརྙན་ཙམ་གྱི་ཚུལ་དུ་འབྱུང་བ་དེ་ལ་སྣང་བར་འགྱུར་བའི་ཕྱིར་རོ། །ཡང་ན་ཚིག་གསུམ་གྱི་ཟླས་དབྱེ་བ་ཡིན་ཏེ། སྐྱེ་མཆེད་རྣམས་དང༌། དེའི་ཡུལ་རྣམས་དང༌། རྣམ་པར་ཤེས་པ་རྣམས་སོ། །དེ་དག་ཉིད་གཟུགས་བརྙན་དག་ཡིན་ཏེ། དེ་དག་ཀྱང་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བརྟེན་ནས་བྱུང་བ་སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པ་ཇི་སྙེད་ཡོད་པ་ཉིད་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དུ་རབ་ཏུ་མཁྱེན་ཏེ་སྔ་མ་བཞིན་ནོ། །ཡང་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བརྟེན་ནས་རྙེད་ནས་རབ་ཏུ་མཁྱེན་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་སྐྱེ་བ་ན། ཤེས་བྱ་ཐམས་ཅད་ཡུལ་


DTG115_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངོ་བོར་གྱུར་པ་ཡིན་ལ། དེ་ལ་སྐྱེ་མཆེད་ལ་སོགས་པ་གཟུགས་བརྙན་ལྟ་བུར་སྣང་བ་དེ་དག་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཉིད་ཀྱིས་དེའི་རྣམ་པ་ཉེ་བར་འཛིན་པའི་རྣམ་པར་རྟོག་པ་མེད་ཀྱི་འོན་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཤེས་བྱ་ཐམས་ཅད་ལ་ཁྱད་པར་སྐྱེ་བ་ན་དེ་བཞིན་གཤེགས་པ་ཡང་དེའི་བདག་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བས་རང་དང་སྤྱིའི་མཚན་ཉིད་ཀྱི་རྗེས་སུ་སོང་བ་དེ་དག་རང་རིག་པའི་རྣམ་པར་རབ་ཏུ་མཁྱེན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་བསྙེལ་བ་མི་མངའ་བའི་ཆོས་ཉིད་དུ་རྒྱུ་སྟེ། ཤེས་བྱ་མཐའ་དག་བསྙེལ་བ་མི་མངའ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་མི་མངའ་ན། དེ་བཞིན་གཤེགས་པ་ཇི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡིན། རྒྱུན་གྱི་སྤྱོད་པའི་ཕྱིར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་རྒྱུན་གྱིས་ནུས་པའི་ཕྱིར། །མེ་ཡིས་ཐམས་ཅད་བསྲེག་འདོད་ལྟར། །དེ་བཞིན་ཐམས་ཅད་མཁྱེན་འདོད་ཀྱི། །ཅིག་ཆར་ཐམས་ཅད་མཁྱེན་ཕྱིར་མིན། །ཞེས་བཤད་པ་ལྟ་བུའོ་ཞེ་ན། དེ་ཡང་འདི་ལྟ་སྟེ། གཞན་གྱི་སེམས་ཤེས་པ་ལ་སོགས་པ་རྫས་གཅིག་འཛིན་པའི་དུས་ན། དེ་ལས་གཞན་པའི་རྫས་མི་འཛིན་པའི་ཕྱིར་མ་གཏོགས་པ་ཁོ་ནས་འདས་པས་རྒྱུན་གྱིས་ཀྱང་འཛིན་པར་མི་སྲིད་ལ་ཐམས་ཅད་མཁྱེན་པ་ཡང་བརྟག་པར་འགྱུར་གྱིས་དངོས་ནི་མ་ཡིན་ནོ། །ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་ཐམས་ཅད་མཁྱེན་པར་ཉེ་བར་བརྟགས་པར་ནི་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །ཡང་ན་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། འཇིག་རྟེན་ན་འམ་འཇིག་རྟེན་གྱི་རྒྱུད་གཞན་དག་ལ་ཡང་སྐྱེ་མཆེད་དང༌། དེའི་ཡུལ་དང༌། རྣམ་པར་ཤེས་པའི་གཟུགས་བརྙན་རྣམས་སྣང་སྟེ། དེ་མེད་ན་དེ་དག་མི་སྣང་བའི་ཕྱིར་རོ། །འབྱུང་བའི་དུས་ཉིད་ན་རིག་པས་དེའི་ཕྱིར། འདི་སྐད་དུ་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྐྱེ་མཆེད་དག་དེའི་ཡུལ་དང་རྣམ་པར་ཤེས་པའི་གཟུགས་བརྙན་རྣམས་སྣང་ངོ་ཞེས་གསུངས་སོ། །དེའི་དབང་གིས་འབྱུང་ངོ་སྙམ་དུ་དགོངས་པ་སྟེ། ས་བོན་ཡོད་ཀྱང་ས་ལ་སོགས་པ་མེད་པའི་ཕྱིར། མྱུ་གུ་མི་སྐྱེ་བ་ལྟ་བུ་དང༌།


DTG115_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཡོད་ཀྱང་མེ་ལོང་མེད་ན་གཟུགས་བརྙན་མི་འབྱུང་བ་བཞིན་ནོ། །འབྲས་བུ་ཐམས་ཅད་སྐྱེད་པ་ལ་དེའི་སྤྱིའི་རྒྱུར་ཁས་བླངས་པའི་ཕྱིར་བཅོམ་ལྡན་འདས་དབང་ཕྱུག་ལ་སོགས་པའི་ལྟ་བ་དང་ལྟ་བ་མཐུན་པར་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། ཐལ་བར་འགྱུར་བ་མེད་དེ། འདི་ལྟར་དེ་སྐྱེ་བ་ལ་དེའི་བདག་པོའི་རྐྱེན་ཙམ་ཉིད་ཡིན་གྱི། བྱེད་པ་པོ་ཉིད་ནི་མ་ཡིན་ལ། དེ་ནི་དུས་དཔག་ཏུ་མེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྩགས་པ་ལས་ཡང་དག་པར་འགྱུར་བའི་ཕྱིར། མི་རྟག་པ་ཡང་ཡིན། དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་ཡང་ཡིན་ལ། ཐེར་ཟུག་གྱི་རྟག་པ་ཉིད་ཀྱིས་རྟག་པ་ཉིད་ཀྱང་ཡིན་པས་འདིར་ནི་མི་མཐུན་ནོ། །འོ་ན་ནི་རང་གི་གཟུགས་བརྙན་རྫས་གཞན་མེད་པའི་ལྟར་ན། དེ་ཇི་ལྟར་དཔེར་རུང་སྟེ། འདི་ལྟར་རྒྱུ་མཚན་དུ་གྱུར་པ་མེ་ལོང་ཡོད་ན་གཟུགས་ཉིད་དེ་ལྟ་བུར་སྣང་ངོ་ཞེ་ན། དེ་ལ་ཡང་མངོན་པར་ཞེན་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་རྣམ་པར་ཤེས་པ་ནང་ན་གནས་པ་ཉིད་དེ་ལྟར་སྣང་སྟེ། དེས་ན་འཇིག་རྟེན་གཟུགས་བརྙན་མཐོང་ངོ་ཞེས་དེ་སྙམ་དུ་ང་རྒྱལ་སྐྱེའོ། །དེ་ཉིད་ཀྱི་ཕྱིར་སྣང་ངོ་ཞེས་བཤད་ཀྱི་སྐྱེའོ་ཞེས་ནི་མ་བཤད་དོ། །དེ་བཞིན་དུ་ཤེས་བྱ་གཞན་ཡང་ཤེས་བྱ་ནང་གི་ཡིན་པར་ལྟ་བ་དེ་འདྲ་བར་ལྟའོ། །འདྲ་བ་མཉམ་པ་ནི་མཉམ་པ་སྟེ། མེ་ལོང་དང་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་དག་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་ཙམ་དང་རྣམ་པར་མི་རྟོག་པས་མཉམ་མོ། །དེས་ན་ཞེས་བྱ་བ་ནི་རྒྱུའི་གསུམ་པ་ཡིན་ཏེ། དེའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་བའི་ཐ་སྙད་འཐོབ་པོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་གནས་ཡིན་ཏེ། དེ་ལ་དམིགས་པའི་སྒོ་ནས་དེར་གཞག་པ་ཡིན་ནོ། །དེར་གཞན་པས་རྒྱུན་མི་འཆད་པ་ཉིད་ཀྱི་ཕྱིར། འཁོར་བ་ཇི་སྲིད་པར་རྒྱུན་གྱི་རྒྱུན་མི་འཆད་པར་དེའི་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མི་གཡོ་མི་འགུལ་ཏེ། རྣམ་པར་རྟོག་པའི་གཡོ་བ་ཐམས་ཅད་དང་བྲལ་བའི་ཕྱིར་དང༌། རྟག་ཏུ་རྒྱུན་གྱིས་རྗེས་སུ་འགྲོ་བའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་གསུམ་རེས་འགའ་བ་ཡིན་པའི་ཕྱིར་གཡོ་བ་དག་ཡིན་ནོ། །ཅིའི་ཕྱིར་གཞག་ཅེ་ན་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་


DTG115_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པར་བྱང་བ་ལ་སོ་སོར་རྟོག་པར་བྱ་བའི་ཆེད་དུའོ། །ཅིའི་ཕྱིར་སོ་སོར་བརྟག་ཅེ་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་བསྩལ་ཞིང་སྐྱེད་པའི་ཕྱིར་ཏེ་ཀུན་ནས་ཉོན་མོངས་པ་ནི་ཉོན་མོངས་པ་དང༌། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དོ། །དེ་བསལ་བ་ནི་འཇིག་པ་དང་འཇིག་རྟེན་ལས་འདས་པའི་ལམ་དག་གིས་དུས་རེ་ཞིག་དང་གཏན་དུ་སྤངས་པའོ། །རྣམ་པར་བྱང་བ་ནི་དགེ་བ་གང་གིས་སེམས་ཅན་རྣམས་ཀྱི་སེམས་རྣམ་པར་བྱང་བར་འགྱུར་བའོ། །དེ་བསྐྱེད་པ་ནི་ཇི་ལྟར་སྨོན་པའི་ཐེག་པས་ས་བོན་འཇོག་པ་དང༌། གསོས་འདེབས་པ་དང་ཡོངས་སུ་སྨིན་པ་དང་རྣམ་པར་གྲོལ་བ་དག་ཏུ་འགྱུར་བའོ། །འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་མངོན་པར་བྱང་ཆུབ་སེམས་དཔའི་གནས་སྐབས་ན་སེམས་ཅན་གྱི་དོན་མཛད་པ་རྣམ་པ་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པ་དང་ལྡན་པའི་རྒྱུད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་བསྩགས་པ་རྣམས་ཡོངས་སུ་བསྔོ་བ་ལ་མཁས་པས་ཆོས་ཀྱི་དབྱིངས་སུ་འཇོག་སྟེ། དེས་ན་དེ་དག་སྤྲོས་པ་མེད་པའི་བདག་ཉིད་དུ་གནས་ཀྱང་དེ་དག་གི་དབང་གིས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་ཐེག་པ་རྣམ་པར་གཞག་པའི་རྗེས་སུ་འབྲང་ཞིང་འཇུག་པའི་སེམས་ཅན་རྣམས་དགེ་བའི་རྩ་བའི་ས་བོན་བསྐྱེད་པ་དང༌། གསོས་འདེབས་པ་དང༌། ཡོངས་སུ་སྨིན་པ་དང༌། རྣམ་པར་གྲོལ་བ་དག་བཤད་པ་ཡིན་ནོ། །གསལ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །རྣམ་པར་དག་པ་ནི་གློ་བུར་གྱི་དྲི་མ་དང་བྲལ་བས་ཁྱད་པར་དུ་རྣམ་པར་དག་པའི་ཕྱིར་རོ། །གཡོ་བ་མེད་པ་ནི་ཀུན་ནས་དྲི་མ་རྣམ་པར་དག་པས་གཉི་ག་རྣམ་པར་དག་པའི་ཕྱིར་རོ། །ལམ་ནི་རྣམ་པར་དག་པའི་དང་པོའི་ཕྱིར་རོ། །ཐལ་ལེ་ནི་རྣམ་པར་དང་པའི་ཕྱིར་རོ། །ལྷང་ངེ་ནི་གཡའ་མེད་པས་གཉི་ག་རྣམ་པར་དག་པའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་དྲི་མ་ཡིན་ནོ། །དེ་བསལ་བ་ནི་བྲལ་བ་དང་སྤངས་པ་སྟེ། དེའི་ཕྱིར་རམ་འདི་ལ་དྲི་མ་བསལ་བ་དེ་ཡོད་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཤིན་ཏུ་སྦྱངས་པ་ཡིན་ནོ་ཞེས་བྱ་བར་


DTG115_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རོ། །ཉོན་མོངས་པའི་སྒྲིབ་པ་འདི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཟིལ་གྱིས་གནོན་པ་དང༌། ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་གྱི་གནས་སྐབས་རྟག་ཏུ་ཀུན་དུ་འབྱུང་བ་རྣམས་ཡིན་ཏེ། འཕགས་པའི་ལམ་སྐྱེ་བའི་བགེགས་བྱེད་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བགེགས་ཡིན་ནོ། །མྱ་ངན་ལས་འདས་པའི་ནི་མ་ཡིན་ཏེ། དེ་ཡོད་ཀྱང་ཉན་ཐོས་ལ་སོགས་པ་མྱ་ངན་ལས་འདའ་བ་མཐོང་བའི་ཕྱིར་རོ། །སྒྲིབ་པ་དེ་ཉིད་དྲི་མ་ཡིན་ཏེ་ཡེ་ཤེས་རྣམ་པར་དག་པ་སྐྱེ་བའི་བགེགས་བྱེད་པའི་ཕྱིར་རོ། །དེ་བསལ་བ་ནི་བྲལ་བ་སྟེ། གཉེན་པོ་རྙེད་པས་གློ་བུར་བ་ཡང་གཏན་དུ་མི་འབྱུང་བའོ། །སྒྲིབ་པ་དེ་དང་བྲལ་བས་དེའི་ཚེ་མེ་ལོང་ལྟ་བུའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་ཅིང་ཤིན་ཏུ་སྦྱངས་པ་ཡིན་ནོ། །གང་གིས་ཤེ་ན། དེར་བརྟེན་པའི་ཏིང་ངེ་འཛིན་ཡོངས་སུ་བཟུང་བ་དེ་དེ་ལ་བརྟེན་པ་ནི་དེར་བརྟེན་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལ་སྟེ། དེ་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ། །འདི་ན་རེ་བརྟེན་པ་ཡང་ཡིན་ལ་ཏིང་ངེ་འཛིན་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་ན་ཡེ་ཤེས་ཏིང་ངེ་འཛིན་དེ་ལ་བརྟེན་པ་སྟེ། དེའི་མཇུག་ཐོགས་སུ་རྣམ་པར་གྲོལ་བའི་ལམ་ཆེས་རྣམ་པར་དག་པ་སྐྱེ་བའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་ཁྱད་པར་དེ་ནི་རྡོ་རྗེ་ལྟ་བུ་ཡིན་ཏེ། དེའི་སྟོབས་ཀྱིས་སྒྲིབ་པ་སྤོང་བའི་ཕྱིར་རོ། །དེ་ཡོངས་སུ་གཟུང་བའམ་དེས་ཡེ་ཤེས་ཏེ། ཡོངས་སུ་གཟུང་བ་སྟེ། དེའི་མཇུག་ཐོགས་སུ་སྐྱེ་བའི་ཕྱིར་རོ། །དེའི་སྟོབས་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཤིན་ཏུ་ཡོངས་སུ་དག་པ། རྣམ་པར་རྟོག་པར་གྱུར་པའི་ངོ་བོ་རྣམ་པར་མི་རྟོག་པ་འབྱུང་ངོ༌། །གསལ་བ་ནི་ངོ་བོ་ཉིད་ཀྱིས་སོ། །རྣམ་པར་དང་བ་ནི་ཉོན་མོངས་པའི་སྒྲིབ་པ་མེད་པའི་ཕྱིར་རོ། །རྙོག་པ་མེད་པ་ནི་ཤེས་བྱའི་སྒྲིབ་པ་ལས་དབེན་པའི་ཕྱིར་རོ། །ལམ་མེ་བ་ནི་གསལ་བའི་ཕྱིར་ཏེ། ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པའི་ཕྱིར་རོ། །ཐལ་ལེ་ལྷང་ངེ་བ་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །མེ་ལོང་གི་དཀྱིལ་འཁོར་གདོང་གི་སྐྱོན་དང༌། ཡོན་ཏན་ཀུན་སྟོན་པའི་ཕྱིར་ལེགས་པར་ཕྱིས་པ་ནི་སྣང་བའི་ཕྱིར་ལམ་མེ་ཞེས་བྱར་རུང་ན། དེ་གོ་མི་སྣང་བ་ཡིན་ན་ཇི་ལྟར་ཤིན་ཏུ་སྦྱངས་པ་


DTG115_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མེ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་སྒྲུབ་པའི་ཕྱིར་ཏེ། དེ་མི་སྣང་དུ་ཟིན་ཀྱང་དེའི་དབང་གིས་འབྱུང་བ་སྤྲུལ་པའི་སྐུས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་སྒྲུབ་པས་དེ་སྣང་བའི་ཕྱིར་ཏེ། དེས་ན་འབྲས་བུའི་སྒོ་ནས་དེ་ལ་ལམ་མེ་ཐལ་ལེ་ལྷང་ངེའོ། །མེ་ལོང་གི་དཀྱིལ་འཁོར་ཡང་དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བའི་རྒྱུ་མཚན་གྱི་དངོས་པོར་འགྱུར་བ་ཁོ་ནའི་ཕྱིར་ཏེ། དེ་སྐད་དུ་ཐ་སྙད་གདགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན་ན། དེའི་རྣམ་པ་ཐ་དད་པར་ཡང་ཇི་ལྟར་མི་འགྱུར་རྒྱུ་མཚན་རྟག་ཏུ་ཉེ་བའི་ཕྱིར་དེ་ལ་རག་ལུས་ཏེ། སྐྱེ་བའི་ཤེས་པའི་གཟུགས་བརྙན་རྣམས་སྲོག་ཆགས་ཐམས་ཅད་ལ་ཅིག་ཅར་དང་རྟག་ཏུ་སྐྱེ་བར་ཐལ་བར་ཡང་ཇི་ལྟར་མི་འགྱུར་ཞེ་ན། འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ནི་གཟུགས་ཀྱི་རྐྱེན་ལ་ལྟོས་ནས། གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུ་མཚན་དུ་འགྱུར། ཡང་གཟུགས་བརྙན་ཐ་དད་པར་ཡང་མི་འགྱུར་ལ། གཟུགས་བརྙན་རྟག་ཏུ་འབྱུང་བར་ཡང་མི་བྱེད་དེ། གཟུགས་ཀྱི་རྐྱེན་ལ་ལྟོས་པའི་ཕྱིར་རོ། །དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་སེམས་ཅན་གྱི་དུས་ཀྱི་རྐྱེན་ལ་ལྟོས་ནས་ཤེས་བྱའི་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུ་མཚན་དུ་འགྱུར་ཡང་སྔོན་པོ་ལ་སོགས་པ་བཞིན་དུ་ཐ་དད་པར་མི་འགྱུར་བའི་ཕྱིར། དེ་ཐ་དད་པས་རྣམ་པ་ཡང་མི་འགྱུར་ལ། སེམས་ཅན་རྣམས་ཀྱི་ཤེས་པ་སྐྱེ་བའི་དུས་ཀྱི་རྐྱེན་ལ་ལྟོས་པའི་ཕྱིར་ཐམས་ཅད་ལ་ཤེས་པའི་གཟུགས་བརྙན་ཅིག་ཅར་དང་རྟག་ཏུ་སྐྱེད་པར་ཡང་མི་བྱེད་དོ། །གལ་ཏེ་ཤེས་པ་དེ་དག་ཡོང་ན་ནི་ཇི་ལྟར་ན་དེ་ལ་བརྟེན་ཏེ་སྐྱེ། འོན་ཏེ་མེད་ན་ནི་ཤེས་པ་མེད་པ་སྐྱེ་བའི་རྒྱུ་མཚན་གྱིས་ཡེ་ཤེས་ཇི་ལྟར་རྩོལ་བ་མེད་པ་ཉིད་ཡིན་ཏེ། བུམ་པ་ལ་སོགས་པ་མེད་པའི་སྐྱེ་བའི་རྒྱུ་མཚན་རྫ་མཁན་ལ་སོགས་པའི་ཤེས་པ་རྩོལ་བ་ཉིད་ནི་མཐོང་ངོ་ཞེ་ན། དཔེར་ན་མེ་ལོང་གི་དཀྱིལ་འཁོར་རྒྱུ་མཚན་དུ་གྱུར་པ་ལ་རྣམ་པ་དུ་མ་ཞེས་བྱ་བ་ནི་རྣམ་པ་དུ་མ་ཉིད་ཡིན་པའོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་རིགས་ཐ་དད་པ་སྟེ། རིགས་མཐུན་པ་ལ་ལྟོས་པའི་ཕྱིར་རོ། །ཡང་ངོ་ཞེས་བྱ་བ་ནི་གྲངས་ཕལ་ཆེ་བས་སོ། །གཅིག་ཉིད་རྣམ་པར་བཅད་ནས་རྣམ་པ་དུ་མ་ཞེས་བྱ་བ་སྨོས་ལ་རིགས་ཐ་དད་པ་དང༌།


DTG115_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེ་བ་ལ་ལྟོས་ནས་རྣམ་པ་སྣ་ཚོགས་མང་པོ་ཞེས་བྱ་བ་སྨོས་སོ། །གཟུགས་བརྙན་སྐྱེ་བ་དེ་ལ་མེ་ལོང་གི་དཀྱིལ་འཁོར་དེ་རྩོལ་བ་སྟེ། རྣམ་པར་རྟོག་པ་ཡང་མེད་དོ། །དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུ་མཚན་དུ་གྱུར་པ་ལ་རྣམ་པ་དུ་མ་ཞེས་བྱ་བ་ལ་སོགས་པ་ནི་རིགས་མཐུན་པ་དང༌། རིགས་མི་མཐུན་པ་དང༌། གྲངས་ཕལ་ཆེ་བ་ལ་ལྟོས་ནས་ཏེ། དེ་ལྟར་མེད་པ་ཁོ་ནའི་ཤེས་པའི་གཟུགས་བརྙན་རྣམས་འབྱུང་ཡང༌། དེ་རྩོལ་བ་སྟེ། རྣམ་པར་རྟོག་པ་ཡང་མེད་དོ། །འདི་སྐད་དུ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་རྣམ་པར་རྟོག་པ་མེད་པར་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུ་མཚན་ཡིན་པ་དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ངར་འཛིན་པ་དང༌། ང་ཡིར་འཛིན་པ་དང༌། གཟུང་བ་དང་འཛིན་པའི་རྩོལ་བ་མངོན་པར་འདུ་བྱེད་པའི་རྣམ་པར་རྟོག་པ་མེད་པར་ཤེས་པའི་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུ་མཚན་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་ཤེས་པའི་གཟུགས་བརྙན་རྣམས་དང་འབྲེལ་ན་དེའི་ཕྱིར་དེ་དག་ཐ་དད་ན་དེ་ཇི་ལྟར་ཐ་དད་པ་མ་ཡིན། འོན་ཏེ་མ་འབྲེལ་ན་ནི་ཇི་ལྟར་ན་ནི་རྒྱུ་མཚན་གྱི་དངོས་པོ་ཡིན་ཏེ། འབྲས་བུ་དང་མ་འབྲེལ་བའི་ས་བོན་ལ་སོགས་པ་མྱུ་གུ་ལ་སོགས་པའི་རྒྱུ་མཚན་གྱི་དངོས་པོ་ཡིན་པ་ཡང་མ་མཐོང་ལ་རྡོ་ཐལ་ལ་སོགས་པ་དང་མི་ལྡན་པའི་ཉི་མའི་འོད་ཟེར་རྣམས་ཀྱང་དེ་དག་བསལ་བ་ཐབས་ཀྱི་དངོས་པོར་མི་འགྱུར་རོ་ཞེ་ན། དཔེར་ན་མེ་ལོང་གི་དཀྱིལ་འཁོར་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་ཡིན་ཡང་དེ་དག་འབྱུང་བའི་སྔོན་རོལ་ན་མེད་པ་ཉིད་ཀྱིས་མི་ཉེ་བའི་ཕྱིར་དེ་དག་དང་ལྡན་པ་ཡང་མ་ཡིན་ཏེ། ཉེ་བ་དང་མི་ཉེ་བ་གཉིས་ལྡན་པ་མེད་པའི་ཕྱིར་རོ། །མི་ཉེ་བ་ཡང་མ་ཡིན་ཏེ། དེ་དག་འབྱུང་བའི་རྒྱུ་མཚན་གྱི་དངོས་པོ་ཡིན་པའི་ཕྱིར། དེ་ཡོད་ན་དེ་དག་ཡོད་པ་གང་ཡིན་པ་དེ་ཉིད་འབྲེལ་བ་ཡིན་ཏེ། དེ་དག་གི་རྒྱུ་མཚན་གྱི་དངོས་པོར་གྱུར་པས་དེ་ཐ་དད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཤེས་པའི་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་ཡིན་ཡང༌། དེ་དག་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཏེ། དེ་དག་དང་མི་ཉེ་བ་དག་དང་བསྙིལ་བ་མི་མངའ་བའི་ཆོས་ཉིད་ཀྱི་ཕྱིར་རོ། །དེ་དག་འབྱུང་བའི་སྔོན་རོལ་ན་མེད་པ་ཉིད་ཀྱིས་མི་ཉེ་བའི་ཕྱིར་ལྡན་པ་ཡང་མ་ཡིན་ལ། བསྙེལ་བ་མི་མངའ་


DTG115_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ཉིད་ཀྱི་ཕྱིར་མི་ལྡན་པ་ཡང་མ་ཡིན་ཏེ། དེ་ཡོད་ན་དེ་དག་གི་ཤེས་པའི་གཟུགས་བརྙན་རྣམས་འབྱུང་ལ་མེད་ན་མི་འབྱུང་བའི་ཕྱིར་རོ། །བསྙེལ་བ་ནི་འཇིགས་པ་མེད་པ་ཉིད་དོ། །བསྙེལ་བ་མི་མངའ་བ་ནི་ཡོད་པ་ཉིད་དོ། །ཡང་ན་དམིགས་པ་མི་བརྗེད་པ་ནི་བསྙེལ་པ་མི་མངའ་བའོ། །འདི་ལྟར་ཤེས་བྱའི་ཚོགས་མཐའ་དག་རང་གི་ངོ་བོ་བཞིན་པ་དེ་ལ་རབ་ཏུ་གསལ་ཏེ་སྲོག་ཆགས་ཐམས་ཅད་ཀྱི་དུས་གསུམ་པའི་ཤེས་པ་ཡང་དེས་ཐུགས་སུ་མ་ཆུད་པར་མི་སྐྱེའི། ཐུགས་སུ་ཆུད་པ་ཁོ་ནས་སྐྱེའོ། །དེའི་ཕྱིར་ཤེས་བྱ་མཐའ་དག་བསྙེལ་བ་མི་མངའ་བའི་ངོ་བོ་ཡིན་པའི་ཕྱིར་མི་ལྡན་པ་ཡང་མ་ཡིན་ནོ། །དེ་དག་འབྱུང་བའི་རྒྱུ་མཚན་གྱི་དངོས་པོར་གྱུར་པས་ཐ་དད་པར་འགྱུར་བ་ཡང་མ་ཡིན་ཏེ། མེ་ལོང་ལྟ་བུ་ཁོ་ནར་ཐ་དད་པ་མེད་པར་འབྱུང་བའི་ཕྱིར་རོ། །འདི་སྐད་དུ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་གཟུགས་བརྙན་རྣམས་དང་ལྡན་པ་དང་མི་ལྡན་པའི་བྱེ་བྲག་གིས་འདུས་ཏེ་རེག་པས་དབེན་ཡང་དག་འབྱུང་བའི་རྒྱུ་མཚན་གྱི་དངོས་པོར་འགྱུར་བ་དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་དེ་གཉིས་ཀའི་ངོ་བོའི་བྱེ་བྲག་གིས་འདུས་ཏེ་རེག་པས་དབེན་ཡང་ཤེས་པའི་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་གྱི་དངོས་པོར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །ས་བོན་ལ་སོགས་པ་ཡང་འབྲས་བུ་དང་གཉིས་ཀར་བརྗོད་པར་བྱ་བ་མ་ཡིན་པའི་ངོ་བོ་དག་སྟེ་འབྲས་བུ་སྐྱེ་བའི་རྒྱུ་མཚན་གྱི་དངོས་པོར་འགྱུར་ལ། སྣང་བའི་ཡན་ལག་ཀྱང་གཟུགས་ལ་སོགས་པ་དང་ལྡན་པ་ཡང་མ་ཡིན་ཏེ། དེ་ཉེ་བ་ལས་གཟུགས་ལ་སོགས་པའི་རྣམ་པ་ཤེས་པའི་བློ་དག་རབ་ཏུ་སྐྱེའོ། །དེ་བས་ན་ཐམས་ཅད་དུ་ཡང་གཉི་གའི་ངོ་བོའི་འདུས་ཏེ་རེག་པས་དབེན་པར་རྒྱུ་མཚན་གྱི་དངོས་པོར་མཐོང་གི་རྒྱུ་དང་འབྲས་བུ་དག་ཕྲད་པའི་མཚན་ཉིད་ཀྱི་ལྡན་པ་ནི་མེད་དོ། །ངོས་ཐམས་ཅད་ནས་ལེགས་པར་ཕྱིས་པ་ནི་དངོས་པོ་ཡང་དག་པར་བསྟན་པའི་ཕྱིར་སྒྲུབ་པའི་ཐབས་ཀྱིས་ངོས་ཐམས་ཅད་ནས་ལེགས་པར་ཕྱིས་པའོ། །ཀུན་ནས་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་དུ་འགྱུར་རོ་ཞེས་བྱ་བ་འདིའི་རྣམ་པར་དབྱེ་བ་ནི་འདུན་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྣམ་པ་ཡོངས་སུ་མ་ཆད་ཅིང་ཚད་མེད་པ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ལ་རྣམ་པ་ཡོངས་སུ་ཆད་པ་ནི་ཡུལ་གྱི་སྒོ་ནས་ཡོངས་


DTG115_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཆད་པ་མེད་པའི་ཕྱིར་རོ། །རྣམ་པ་ཚད་མེད་པའི་དུས་ཀྱི་སྒོ་ནས་ཏེ། ཐམས་ཅད་དུ་དང་རྟག་ཏུ་དྲི་མའི་རྙོག་པ་ཐམས་ཅད་ལས་དབེན་པའི་ཡེ་ཤེས་འབྱུང་བའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་ནི་ཇི་སྐད་བཤད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་སྒྲིབ་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །ངེས་པའི་རིགས་ཅན་རྣམས་ནི་རང་གི་ཐེག་པས་ངེས་པར་འབྱུང་བར་བྱ་བའི་ཕྱིར་ལ། མ་ངེས་པའི་རིགས་ཅན་རྣམས་ནི་ཐེག་པ་ཆེན་པོའམ། ཅིག་ཤོས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཏེ། མངོན་སུམ་དང་བརྒྱུད་ནས་རང་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་ཁྱད་པར་གྱིས་འབྱུང་བའི་ལམ་སྐྱེ་བའི་རྒྱུ་མཚན་གྱི་དངོས་པོར་འགྱུར་རོ། །ཀུན་ནས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱིས་ཤིན་ཏུ་སྦྱངས་པའོ། །ཡང་ན་ཕྱོགས་ཐམས་ཅད་ན་སྟེ། དེ་ལ་ཕྱོགས་གང་གིས་ཤེས་པའི་གཟུགས་བརྙན་སྐྱེ་བའི་རྒྱུ་མཚན་གྱི་དངོས་པོར་མི་འགྱུར་བའི་ཕྱོགས་འགའ་ཡང་མེད་པའོ། །འོ་ན་མེ་ལོང་ལྟ་བུ་ཁོ་ནར་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར། ཚད་ཡོངས་སུ་ཆད་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། དཔེར་ན་མེ་ལོང་ས་ལ་སོགས་པའི་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་གྱི་དངོས་པོ་ཡིན་ཡང་མེ་ལོང་ཆུང་ངུ་ལ་ཡང་རི་ལ་སོགས་པའི་གཟུགས་བརྙན་ཆེན་པོ་དང་མང་པོ་དག་དམིགས་པས། དེ་དག་གི་ཚད་ཀྱང་མེད་ལ་མེ་ལོང་གི་དཀྱིལ་འཁོར་ཡང༌། གྲངས་ཀྱི་ཚད་དམ་ལུས་ཀྱི་ཚད་དེ་དག་ཚད་དུ་མི་འགྱུར་རོ། །དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཟུགས་བརྙན་ཐམས་ཅད་སྐྱེ་བའི་རྒྱུ་མཚན་གྱི་དངོས་པོ་ཡིན་ཡང༌། ཡུལ་གྱི་སྒོ་ནས་སམ། གྲངས་ཀྱི་སྒོ་ནས་ཚད་ཡོངས་སུ་ཆད་པ་འགའ་ཡང་མེད་དེ་ལུས་ཚད་མེད་པའི་ཕྱིར་དང༌། རྒྱུ་མཚན་ལས་བྱུང་བའི་གྲངས་ཀྱི་བྱེ་བྲག་ཏུ་མི་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཤེས་པའི་འབྱུང་གནས་སུ་གྱུར་པས་སངས་རྒྱས་རྣམས་ནི་ཤེས་པའི་འབྱུང་གནས་ཆེན་པོ་ཞེས་བྱ་སྟེ། ཇི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་པའི་རྣམ་པ་ཐམས་ཅད་ཀྱི་གནས་ཀྱི་ཡེ་ཤེས་དང་ལྡན་པའི་ཕྱིར་ཤེས་པའི་འབྱུང་གནས་ཆེན་པོ་ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་དེ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བར་བྱ་བའི་ཕྱིར་ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན་ན་དེ་སྐྱེ་བའི་རྒྱུ་མཚན་ཉེ་བའི་


DTG115_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མུ་སྟེགས་ཅན་རྣམས་ལ་ཡང་དག་པའི་ཤེས་པ་ཇི་ལྟར་མི་སྐྱེ་དེའི་ཕྱིར་དེ་དག་ལ་ཕྱིན་ཅི་ལོག་མེད་པར་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེའི་རྒྱུ་མཚན་མ་ཡིན་པའི་ཕྱིར་རོ། །དཔེར་ན་མེ་ལོང་གི་དཀྱིལ་འཁོར་ནི་རྩིག་པ་ལ་སོགས་པ་གཟུགས་གཞན་གྱིས་བསྒྲིབས་པའི་གཟུགས་རྣམས་ལ་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་དུ་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་སེམས་ཅན་གྲོགས་པོ་ངན་པས་ཡོངས་སུ་ཟིན་པ་དམ་པ་མ་ཡིན་པའི་ཆོས་ཉན་པས་བསྒྲིབས་པ་དག་ལ་དམ་པའི་ཆོས་ཉན་པའི་ཕྱིར་ཤེས་པའམ་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་དུ་མི་འགྱུར་རོ། །དེའི་མུ་སྟེགས་ཅན་རྣམས་ལ་འཕགས་པའི་ལམ་མི་སྐྱེ་བས་ཕྱིན་ཅི་ལོག་རྣམས་འབྱུང་ངོ༌། །དཔེར་ན་ཕྱི་རོལ་གྱི་རྐྱེན་གྱིས་བསྒྲིབས་པ་དག་ནི་མི་འབྱུང་བ་ལྟར་ནང་གི་མ་རིག་པའི་མུན་པས་བསྒྲིབས་པ་དག་ལ་ཡང་དེ་དང་འདྲའོ། །དེ་བཞིན་དུ་རྐྱེན་གཉིས་ཀའི་སྟོབས་ཀྱིས་དམ་པའི་ཆོས་སྤོང་བའི་ལམ་གང་ཡིན་པ་དེ་ནི་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཡིན་ནོ། །དེས་བསྒྲིབས་ན་ཡུན་རིང་པོར་ཡང་དམ་པའི་ཆོས་མཉན་པ་མི་རྙེད་དེ་དེས་བསྒྲིབས་པ་དེ་ཉིད་ཕོངས་པ་ཡིན་ནོ། །ཇི་ལྟར་ན་དེའི་འབྲས་བུ་དམ་པའི་ཆོས་མཉན་པ་མེད་པ་ཡིན། མཉན་པ་མེད་པ་ནི་བརྗོད་པར་བྱ་བ་མེད་པའི་ཕྱིར་རོ་ཞེ་ན། དེ་ཉིད་འབྲས་བུ་ཡིན་ནོ་ཞེས་ནི་མི་ཟེར་རོ། །འོན་ཀྱང་དམ་པའི་ཆོས་མཉན་མི་ནུས་པའི་ལུས་ཐོབ་སྟེ་དབང་པོ་མ་ཚང་བ་ལ་སོགས་པ་ཡིན་ནོ། །འདོད་པ་ཅན་མ་ཡིན་པ་དག་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ས་བོན་མེད་པ་རྣམས་ཏེ། དེ་དག་ཐམས་ཅད་ཀྱང་རྒྱུད་ཡོངས་སུ་མ་དག་པའི་ཕྱིར། དུས་རེ་ཞིག་དང༌། གཏན་དུ་སྣོད་མ་ཡིན་པ་དག་གོ །དཔེར་ན་འདམ་རྫབ་ལ་སོགས་པས་རྙོག་པར་བྱས་པའི་ཆུའི་སྣོད་ཀྱི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་འབྱུང་བ་དེ་བཞིན་དུ་ཡེ་ཤེས་དེ་ཡང་དེ་དག་ལ་ཤེས་པ་སྐྱེའི་རྒྱུ་མཚན་དུ་མི་འགྱུར་རོ། །འདིས་ནི་དེ་མ་ཡིན་པའི་ཤེས་པ་དག་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཁྱད་པར་རྣམ་པ་བརྒྱད་བཤད་དེ། ངེས་པའི་ཚིག་དང༌། རྣམ་པར་མི་རྟོག་པ་དང༌། སྒྲིབ་


DTG115_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་དག་པ་དང༌། ཤེས་པའི་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་དང༌། ངའི་ཡོངས་སུ་འཛིན་པར་མེད་པ་དང་ཤེས་བྱ་ཐམས་ཅད་བསྙེལ་བ་མི་མངའ་བ་དང༌། ཐམས་ཅད་དུ་རྟག་ཏུ་འབྱུང་བ་དང༌། ཤེས་པ་ཐམས་ཅད་ཀྱི་འབྱུང་གནས་དང༌། སྣོད་མ་ཡིན་པ་དག་ལ་འབྱུང་བའི་རྒྱུ་མཚན་གྱི་དངོས་པོ་མ་ཡིན་པའོ། །སྣོད་མ་ཡིན་པ་དེ་དག་ཀྱང་གསུམ་ཡིན་ཏེ། མི་དགེ་བའི་གྲོགས་པོ་དང་ཕྲད་པས་དམ་པ་མ་ཡིན་པའི་ཆོས་མ་ཉན་པས་བསྒྲིབས་པས་དུས་དེ་དག་ཏུ་སྣོད་མ་ཡིན་པའི་ཕྱིར་དང༌། གང་དག་ཉོན་མོངས་པའི་སྒྲིབ་པས་བསྒྲིབས་པ་རྣམས་དང༌། གང་དག་ལས་ཀྱི་སྒྲིབ་པ་མི་བཟད་པས་བསྒྲིབས་པ་རྣམས་དང༌། ས་བོན་མེད་པ་རྣམས་ཡུན་རིང་པོ་དང་དུས་ཐམས་ཅད་དུ་སྣོད་མ་ཡིན་པའི་ཕྱིར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ས་བཅུ་བསྒོམས་པའི་འབྲས་བུ་ཡིན་པའི་ཕྱིར་ཡོངས་སུ་གྲུབ་པ་རྣམ་པ་བཅུ་ལས་རིག་པར་བྱའོ། །མཚན་རྣམས་ཀྱི་མཉམ་པ་ཉིད་ནི་སྐྱེས་བུ་ཆེན་པོའི་མཚན་ཐམས་ཅད་ཀུན་བརྟགས་པའི་མཚན་ཉིད་ཀྱིས་དབེན་པར་མཉམ་པར་སྐྱེས་བུ་ཆེན་པོའི་མཚན་གང་དག་ཡིན་པ་དེ་དག་མཚན་མེད་པར་དེ་བཞིན་གཤེགས་པས་བསྟན་ཏེ། དེས་ན་སྐྱེས་བུ་ཆེན་པོའི་མཚན་རྣམས་ཞེས་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །བདག་པོ་ནི་དབང་ཕྱུག་སྟེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནི་སོ་སོར་དབང་ཕྱུག་མ་ཡིན་པའི་ཕྱིར་ལ། ཆོས་རྣམས་ནི་རང་བཞིན་མི་འདོར་བས་དེ་དག་འདུས་པ་ཡང་དེའི་བདག་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་དག་ལམ་གཏོགས་པའི་གང་ཟག་གི་རྫས་ཀྱང་མེད་པས་དེའི་ཕྱིར་ཀུན་བརྟགས་པའི་བདག་པོས་དབེན་པ་ཐམས་ཅད་ཀྱི་བདག་པ་མཉམ་པ་ཉིད་དེ། ཇི་སྐད་དུ་བཅོམ་ལྡན་འདས་དེ་ལ་བདག་ནི་ཕྱུག་པའམ་དབུལ་བ་གང་ཡང་མ་མཆིས་སོ་སྙམ་བགྱིད་དོ་ཞེས་གསུངས་པ་ལྟ་བུའོ། །དགའ་བ་ནི་ཡིད་བདེ་བ་སྟེ། དེའི་གནས་ཀྱི་ཆོས་རྣམས་ལ་ནི་ཀུན་དུ་རྟོག་པའི་དབང་གིས་དགའ་བ་སྐྱེའོ། །དེ་ལས་བཟློག་པ་དག་ལ་ནི་ཡིད་མི་བདེ་བ་སྐྱེའོ། །དེ་དག་མེད་པས་སེམས་ཅན་ཐམས་ཅད་ལ་ཀུན་བརྟགས་པའི་དགའ་བ་དང་བྲལ་བའི་ཕྱིར་དགའ་བ་མཉམ་པ་ཉིད་དོ། །མཚན་དང་བདག་པོ་དང་དགའ་བ་མཉམ་པ་ཉིད་དོ། །ཁོང་དུ་ཆུད་པ་ནི་རྟོགས་པ་སྟེ། བྱང་ཆུབ་སེམས་དཔའི་ས་དང་པོ་ཁོ་ན་ལ་དེ་


DTG115_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་དོ། །ས་གོང་མ་གོང་མ་བསྒོམ་པར་ཁྱད་ཞུགས་པའི་ཚུལ་གྱིས་མཐའ་སངས་རྒྱས་ཀྱི་ས་ལ་ཕུལ་དུ་ཕྱིན་པ་བརྙེས་ཏེ། དེ་ལས་ལྷག་པ་ཡོངས་སུ་གྲུབ་པ་ནི་མེད་པས་ཡོངས་སུ་གྲུབ་པ་དེས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་གྲུབ་པར་རིག་པར་བྱའོ། །ཡོངས་སུ་གྲུབ་པ་ལས་ནི་ཡོངས་སུ་གྲུབ་པས་ཏེ་ཐམས་ཅད་དུ་གསུམ་པའི་གནས་སུ་མངའ་བར་བྱས་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རྣམ་པ་གཉིས་ཏེ་ནང་གི་དང་ཕྱིའིའོ། །ནང་གི་ནི་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་སོ། །ཕྱིའི་ནི་འདི་ཡོད་ན་ནི་འདི་འབྱུང་འདི་མེད་ན་འདི་མི་འབྱུང་ངོ་ཞེས་བྱ་བ་རྒྱུ་ཡོད་ན་འབྲས་བུ་འབྱུང་བ་དེ། འདི་ལྟ་སྟེ་ས་བོན་ཡོད་ན་མྱུ་གུ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ནང་གི་ནི་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པའི་རྣམ་པར་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཡན་ལག་རྣམས་ལ་ཉེ་བར་བཏགས་ཏེ་བསྒོམས་ལ་ཕྱིའི་ཡང་རྒྱུ་ཡོད་ན་འབྲས་བུ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པས་བསྒོམས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་ལ་ཡང་གང་གི་ཚེ་གཡོ་བ་མེད་པའི་དོན་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དང༌། སྟོང་བའི་དོན་དང༌། གང་ཟག་མེད་པའི་དོན་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དུ་མཐོང་བ་དེའི་ཚེ་འདི་དེའི་ངོ་བོར་ཉམས་སུ་མྱོང་བ་ཡིན་ཏེ། མྱོང་བ་ཡིན་པའི་ཕྱིར་རོ། །དེ་མཉམ་པ་ཉིད་ནི་གཡོ་བ་མེད་པ་ཉིད་དང་གང་ཟག་མེད་པ་ཉིད་དང༌། སྟོང་པ་ཉིད་དང༌། བདག་མེད་པ་ཉིད་དང༌། ཀུན་བརྟགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བས་དབེན་པ་ཉིད་དེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དེ་ལྟ་བུར་ཁོང་དུ་ཆུད་པའོ། །ཡོངས་སུ་གྲུབ་པ་ལས་ནི་སྔ་མ་བཞིན་ཏེ། ཇི་སྐད་དུ་ཚངས་པ་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། ཚངས་པ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཇི་ལྟ་བུར་གཟིགས་པ་ལྟར་ཆོས་རྣམས་ནི་དེ་ལྟ་བུ་ལོ་ན་ཡིན་ནོ་ཞེས་གསུངས་པ་ལྟ་བུ་དང་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲར་བཏགས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མ་གཏོགས་པའི་ཆོས་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་གསུངས་པ་ལྟ་


DTG115_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །དེ་ཉིད་ལ་དགོངས་ནས་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་དེས་ཆོས་མཐོང་ངོ༌། །སུས་ཆོས་མཐོང་བས་སངས་རྒྱས་མཐོང་ངོ་ཞེས་གསུངས་སོ། །དོན་དམ་པའི་ཆོས་དང་དོན་དམ་པའི་སངས་རྒྱས་ཡིན་པའི་ཕྱིར་ཏེ། དེ་ནི་ཐམས་ཅད་དུ་ཐ་དད་པ་མེད་དོ། །གཟུགས་ལ་སོགས་པའི་མཚན་ཉིད་གཟུགས་སུ་རུང་བས་ནི་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་མཚན་ཉིད་དབེན་པར་གྱུར་ཅིང་མ་འབྲེལ་པ་ཉེ་བར་གཞག་པ་གང་ཡིན་པ་དེ་ནི་དེ་དག་གི་སྤྱིའི་མཚན་ཉིད་ཡིན་གྱི། དེ་ལ་སྒྲོ་བཏགས་པའི་ངོ་བོ་ཡིན་པའི་ཕྱིར་རང་གི་མཚན་ཉིད་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེ་དག་ནི་མཚན་ཉིད་དང་མི་མཐུན་ཞིང་མཚན་ཉིད་དང་མི་འདྲ་བ་དག་ཡིན་ནོ། །ཡང་དེ་དག་གི་མཚན་ཉིད་གང་ཡིན་ཞེ་ན། མཚན་ཉིད་མེད་པ་ཉིད་མཚན་ཉིད་ཡིན་ཏེ། ཆོས་ཐམས་ཅད་ནི་མཚན་ཉིད་མེད་པར་མཚན་ཉིད་གཅིག་གོ་ཞེས་འབྱུང་བའི་ཕྱིར་རོ། །ཆོས་ཐམས་ཅད་ཀུན་བརྟགས་པའི་མཚན་ཀྱིས་དབེན་པར་མཉམ་པ་ཁོང་དུ་ཆུད་པ་ཡོངས་སུ་གྲུབ་པ་ལས་སོ། །བྱམས་པ་ནི་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་རྣམས་ལ་དམིགས་པ་སྟེ། ཀུན་རྫོབ་ཏུ་ཡོད་པའི་ཡུལ་ཅན་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་ནི་ཆོས་ལ་དམིགས་པ་སྟེ། ཐེག་པ་ཆེན་པོ་བསྟན་པའི་ཆོས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་ཁོ་ནའོ། །བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་ནི་དམིགས་པ་མེད་པ་སྟེ། མིག་ལ་སོགས་པ་བཞིན་དུ་རྣམ་པར་སྨིན་པར་གྱུར་པ། མངོན་པར་འདུ་བྱ་བ་མེད་པར་འབྱུང་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མཚུངས་པར་ལྡན་པ་ཆོས་ཀྱི་དབྱིངས་ཀྱི་ཡུལ་ཅན་དམིགས་པ་མེད་པ་སྟེ། རྣམ་པར་རྟོག་པ་མེད་པའི་ཕྱིར་དང༌། ཆོས་ཐམས་ཅད་ལ་མི་དམིགས་པའི་ཕྱིར་དམིགས་པ་མེད་པ་ཞེས་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མཚུངས་པར་ལྡན་པའི་བྱམས་པ་དེ་ཉིད་སངས་རྒྱས་ཀྱིས་ལ་དེ་བཞིན་གཤེགས་པ་རྣམས་ལ་རྣམ་པ་ཐམས་ཅད་ཡོངས་སུ་གྲུབ་ཅིང་རྟག་ཏུ་ལྡན་པ་


DTG115_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །བྱམས་པ་གཞན་གཉིས་མ་སྨོས་ཀྱང་དེ་བཞིན་གཤེགས་པ་ལ་འགྲུབ་བོ། །དེ་བཞིན་གཤེགས་པའི་བྱམས་པ་རྣམ་པ་གསུམ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་རྣམ་པ་ཡིན་གྱི་བདེ་བ་ཉེ་བར་སྒྲུབ་པ་ནི་རྣམ་པ་འབའ་ཞིག་ནི་མ་ཡིན་ནོ། །སེམས་ཅན་མཐུན་པ་དག་དང་མི་མཐུན་པ་དག་དང༌། མཐུན་པ་དང་མི་མཐུན་པ་ཐམས་ཅད་ལ་སྙོམས་པ་དང་རྟག་ཏུ་ལྡན་པ་ཡིན་གྱི། ཉན་ཐོས་དག་གི་ལྟ་བུར་རེས་འགའ་བ་དང༌། ཉི་ཚེ་བར་འབྱུང་བ་དང་ཡོངས་སུ་མི་སྐྱོབ་པའི་རྣམ་པ་དག་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཉན་ཐོས་ལ་སོགས་པའི་བྱམས་པ་དག་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཆེན་པོ་ཉིད་ཡིན་པས་ཡོངས་སུ་སྐྱོབ་པའི་རྣམ་པའི་བྱམས་པ་ཆེན་པོའོ། །དེའི་མཉམ་པ་ཉིད་ནི་ཐམས་ཅད་དུ་ཁྱད་པར་མེད་པར་འབྱུང་བའི་ཕྱིར་ཏེ། དེའི་ཆོས་ཉིད་དོ་ཞེས་ཐ་དད་པར་བརྗོད་དོ། །ཡང་ན་ཡོངས་སུ་སྐྱོབ་པའི་རྣམ་པའི་བྱམས་པ་ཆེན་པོ་དེ་ཉིད་མཉམ་པ་ཉིད་དེ། མཉམ་པ་དེ་ཉིད་དུ་དམིགས་པའི་ཕྱིར་རོ། །དེའི་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་སོ། །ཉན་ཐོས་རྣམ་པའི་སྙིང་རྗེ་ནི་སེམས་ཅན་འདོན་པའི་རྣམ་པ་མ་ཡིན་པ། འདོད་པ་ན་སྤྱོད་པའི་སེམས་ཅན་ལ་དམིགས་པ་ཉི་ཚེ་བར་འགྱུར་བ་རེས་འགའ་ཡིན་གྱི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་ཁམས་གསུམ་པའི་སེམས་ཅན་གྱི་ཡུལ་ཅན་ཡལ་བར་མི་འདོར་བའི་རྣམ་པ་སྟེ། སྡུག་བསྔལ་ཉིད་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བའི་སེམས་ཅན་ཡོངས་སུ་སྐྱོབ་པའི་ཕྱིར་རོ། །འབྱུང་ཞིང་སེམས་ཅན་ཐམས་ཅད་ལ་ཚོང་དཔོན་བུ་གཅིག་པ་ལ་བྱམས་པ་བཞིན་དུ་སྙོམས་པར་འབྱུང་བའི་ཕྱིར་ཡལ་བར་མི་འདོར་རོ། །རྟག་ཏུ་ལྡན་པ་ཡང་ཡིན་ཏེ། སེམས་ཅན་གྱི་ཁམས་མཐའ་ཡས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དུས་རྣམས་ཀྱང་རྒྱུན་མི་འཆད་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དུས་ལས་མི་འདའ་བའི་ཕྱིར་རོ། །དེ་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ། ཇི་སྐད་དུ་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་སེམས་ཅན་རྣམས་ལ་སྐྱེའོ། །མི་འབྱུང་ངོ་ཞེས་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་རྟག་ཏུ་འབྱུང་བ་ཁོ་ན་སྟེ་


DTG115_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནས་དེ་བཞིན་གཤེགས་པས་ནི་རྩ་བ་མེད་པ་གཞི་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན་སེམས་ཅན་འདི་དག་ཆོས་འདི་དག་ཐམས་ཅད་རྩ་བ་མེད་པ་དང༌། གཞི་མེད་པས་ཁོང་དུ་མི་ཆུད་ཀྱིས་དེ་དག་ཁོང་དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེའོ་ཞེས་བྱ་བའི་བར་རྒྱས་པར་གསུངས་པ་ལྟ་བུའོ། །དེས་ན་དེ་བཞིན་གཤེགས་པ་ཉིན་དུས་གསུམ་མཚན་དུས་གསུམ་དུ་འཇིག་རྟེན་ལ་གཟིགས་པར་མཛད་དོ། །འོ་ན་ཇི་ལྟར་རྟག་ཏུ་ལྡན་པ་ཡིན་ཞེ་ན། མཛད་པའི་རྒྱུན་མི་འཆད་པའི་ཕྱིར་བཤད་པས་འགལ་བ་མེད་དེ། དེའི་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་སོ། །སེམས་ཅན་གང་དག་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཀུན་དུ་བསྟན་པས་ཇི་ལྟར་མོས་པ་དེ་དག་གིས་དེ་བཞིན་གཤེགས་པ་སྤྲོས་པ་མི་མངའ་བར་བཞུགས་ཀྱང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབང་གིས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་བཻ་ཌཱུཪྻའི་རང་བཞིན་ལ་སོགས་པ་ལྟ་བུར་མཐོང་སྟེ། ཇི་སྐད་དུ་ལྷ་དང་མི་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་གསེར་གྱི་ཁ་དོག་ལྟ་བུར་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེའི་རྣམ་པ་ཀུན་དུ་སྟོན་པ་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་ཏེ། ཇི་སྐད་དུ་ནོར་བུ་རིན་པོ་ཆེ་བཻ་ཌཱུཪྻའི་གཟུགས་ཀུན་ནས་སྟོན་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེ་བཻ་ཌཱུཪྻའི་མདོག་ཏུ་སྟོན་པ་ལ་ཐོགས་པ་མི་མངའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཚིག་གཟུང་བར་འོས་པས་ནི་གསུང་པའི་ཕྲིན་ལས་ཇི་ལྟ་བུས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་བ་དང༌། དགའ་བ་དང༌། དང་བ་དང༌། མཆོག་ཏུ་དགའ་བ་ཐོབ་པར་འགྱུར་བ་དེ་ཁོ་ན་ལྟ་བུའི་དེ་བཞིན་གཤེགས་པའི་གསུང་རང་གི་མོས་པའི་དབང་གིས་ཐོས་པ་སྟེ། དེ་བཞིན་གཤེགས་པ་ནི་སྤྲོས་པ་མི་མངའ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྟོག་པར་མི་མཛད་དོ། །དེ་ལྟར་ན་ལྷའམ་མི་འགའ་ཡང་དེ་བཞིན་གཤེགས་པའི་བཀའ་ལས་མི་འདའ་བས་ཚིག་གཟུང་བར་འོས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་བཀའ་བཞིན་དུ་འགྱུར་བ་མི་མངའ་བས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱིན་ཅི་མ་ལོག་པར་གསུངས་པ་ཞེས་བྱ་སྟེ། དེའི་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་སོ། །འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དག་སྟེ་འཇིག་པའི་ཕྱིར་རོ། །དེ་ཉེ་བར་ཞི་བ་ནི་གང་


DTG115_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དང་གང་དུ་སྟེ་ལམ་དང་མྱ་ངན་ལས་འདས་པའོ། །དེ་གཉིས་རོ་གཅིག་པ་ནི་ཀུན་བརྟགས་པ་མེད་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་བས་ན་རང་བཞིན་གྱིས་ཉེ་བར་ཞི་བའི་ཕྱིར་ཏེ། དེའི་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་སོ། །འཇིག་རྟེན་གྱི་ཆོས་ནི་རྙེད་པ་དང་མེ་རྙེད་པ་ལ་སོགས་པ་བརྒྱད་དོ། །དེ་དག་རོ་གཅིག་པ་ནི་རྙེད་པས་དྲེགས་པ་མེད་པ་དང་མ་རྙེད་པས་སྲོ་ཤི་བ་མེད་པ་ནས། དེ་བཞིན་བདེ་བས་རྗེས་སུ་ཆགས་པ་མེད་པ་དང༌། སྡུག་བསྔལ་གྱིས་ཁོང་ཁྲོ་བ་མེད་པའི་བར་དུ་སྟེ། འཕགས་པ་རྣམས་ལ་ནི་སྟེའུ་དང་ཙནྡན་དུ་མཚུངས་སོ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་བརྟགས་པའི་འཇིག་རྟེན་གྱི་ཆོས་ཀྱིས་དབེན་པ་ནི་ཐམས་ཅད་དུ་རོ་གཅིག་པའི་ཕྱིར་རོ། །རོ་གཅིག་པ་དེའི་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་སོ། །ཡོན་ཏན་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པའི་ཆོས་རྣམས་སོ། །དེ་དག་གི་ས་བོན་འཇོག་པ་དང༌། གསོས་འདེབས་པ་དང༌། ཡོངས་སུ་སྨིན་པ་དང༌། རྣམ་པར་གྲོལ་བའི་སྒོ་ནས་བསྐྱེད་པ་སྟེ། དེ་བཞིན་གྱི་ནོར་བུ་ལྟར་རྣམ་པར་མི་རྟོག་ཀྱང༌། དེ་བཞིན་གཤེགས་པའི་དབང་གིས་རྒྱུད་གཞན་དག་ལ་དེ་རྣམས་སྐྱེ་བས་དེ་སྐད་ཅེས་བྱའོ། །ཤིན་ཏུ་ཞེས་བྱ་བ་སྨོས་པ་ནི་བསྐྱེད་མ་ཐག་པ་གསུམ་གྱིས་ཐར་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། གཞན་ནི་མ་སྨོས་ཀྱང་གྲུབ་པ་ཁོ་ནའོ། །དེའི་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལ་སོགས་སོ་སོར་རྟོག་པའི་ཡེ་ཤེས་ནི་རྒྱུའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་ཀས་བླངས་ནས་རིག་པར་བྱ་སྟེ། རྒྱུ་རྣམ་པ་བཅུ་ནི་གནས་ཀྱི་རྒྱུ་དང༌། སྐྱེ་བའི་རྒྱུ་དང༌། དགའ་བའི་རྒྱུ་དང༌། རབ་ཏུ་རྣམ་པར་དབྱེ་བའི་རྒྱུ་དང༌། རྫོགས་པར་ལོངས་སྤྱོད་པའི་རྒྱུ་དང༌། འགྲོ་བ་དང་ཁམས་གསུམ་ཡོངས་སུ་གཅོད་པའི་བྱེ་བྲག་གིས། ཡོངས་སུ་གཅོད་པའི་རྒྱུ་རྣམ་པ་གཉིས་དང༌། ཆོས་ཀྱི་ཆར་ཆེན་པོ་འབེབས་པའི་རྒྱུ་དང༌། ཕྱིར་རྒོལ་བ་ངེས་པར་འཇོམས་པའི་རྒྱུ་དང༌། ཐེ་ཚོམ་ཐམས་ཅད་རྣམ་པར་གཅོད་པའི་རྒྱུའོ། །དེ་ལ་གནས་ཀྱི་རྒྱུ་ནི་གཟུངས་ཀྱི་སྒོ་ཐམས་ཅད་ཡང་དག་པར་འཛིན་པའི་ཕྱིར་རོ། །གཟུངས་ནི་མི་ཟད་པའི་ཟ་མ་ཏོག་ལ་སོགས་པ་སྟེ། རྣམ་པ་གཅིག་ཏུ་ཆོས་ཐམས་ཅད་ཡང་དག་པར་འཛིན་པའི་ཕྱིར་མི་ཟད་པའི་ཟ་མ་ཏོག་ཅེས་བྱ་སྟེ། ཚིག་དང་དོན་གྱི་གཟུངས་གཞན་དག་ཀྱང་དེ་བཞིན་དུ་བརྗོད་པར་བྱའོ། །ཏིང་ངེ་འཛིན་དག་ནི་དཔའ་བར་འགྲོ་བ་ལ་སོགས་


DTG115_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་ཐམས་ཅད་ཐིབས་ཀྱིས་གནོན་ལ། གཞན་དག་གིས་ཐིབས་ཀྱིས་གནོན་མི་ནུས་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་བཞིན་དུ་ཏིང་ངེ་འཛིན་དག་ཀྱང་མདོ་དང་མཐུན་པར་བརྗོད་པར་བྱའོ། །གཟུགས་དང་ཏིང་ངེ་འཛིན་དག་ཉིད་སྒོ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་བཞིན་ནོ། །ཐམས་ཅད་ཅེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ། །སོ་སོ་ཡང་དག་པར་རིག་པ་དག་ནི་ཆོས་དང༌། དོན་དང༌། ངེས་པའི་ཚིག་དང༌། སྤོབས་པ་རྣམས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །ཡང་ན་གཟུངས་ལ་སོགས་པ་དེ་དེ་དག་ཉིད་ཡིན་ཏེ། དེ་དག་ཡང་དག་པར་འཛིན་པའི་ཕྱིར་རོ། །སྐྱེ་བའི་རྒྱུ་ནི་ཤེས་བྱ་ཐམས་ཅད་ལ་ཅིག་ཅར་རིག་པ་རྣམ་པར་རིག་པ་སྣ་ཚོགས་ཅན་སྐྱེ་བའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཁམས་ནི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་སོ། །ཇི་ལྟར་གཟུགས་སྣ་ཚོགས་རྣམ་པར་རིག་པ་རྣམ་པ་སྣ་ཚོགས་ཅན་སྐྱེ་བའི་རྒྱུ་མཚན་ཉིད་དུ་རྒྱུ་ཡིན་པ་དེ་ལྟར་སོ་སོའི་ཡེ་ཤེས་ཀྱང་ཤེས་བྱ་ཐམས་ཅད་ལ་ཅིག་ཅར་ཁོ་ནར་ནམ་མཁའ་ལྟར་ཐོགས་པ་མེད་པའི་རྣམ་པར་རིག་པ་རྣམ་པ་སྣ་ཚོགས་ཅན་ངོ་བོ་སྣ་ཚོགས་ལ་དམིགས་པའི་རྒྱུ་ཡིན་ཏེ། འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་སྣ་ཚོགས་ཀྱི་ངོ་བོ་དང༌། ཅིག་ཤོས་ཏེ། ཤེས་བྱ་ཐ་དད་པའི་དངོས་པོ་མ་ལུས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལན་ཅིག་འབྱུང་བའི་གཟུང་བ་ཡིན་ཏེ། སྣ་ཚོགས་ཡིན་པའི་ཕྱིར་གཟུགས་སྣ་ཚོགས་བཞིན་ནོ་ཞེས་བཤད་པ་ཡིན་ནོ། །དགའ་བའི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་གྱིས་ཉམས་དགའ་བ་རྣམ་པ་སྣ་ཚོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་རྣམ་པར་མངོན་པར་དགའ་བའི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀུན་དུ་དགའ་བས་སོ། །འདི་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་སྣ་ཚོགས་རབ་ཏུ་སྟོན་པས། ལམ་མེ་ཐལ་ལེ་ལྷང་ངེའོ། །རབ་ཏུ་རྣམ་པར་དབྱེ་བའི་རྒྱུ་ནི་ཤིན་ཏུ་རྣམ་པར་ངེས་པའི་རྣམ་པ་སྟེ། ཆོས་དེ་དག་ཇི་ལྟར་མ་འདྲེས་པའི་རྣམ་པར་ཆེ་བ་དེ་བཞིན་དུམ་འདྲེས་པའི་རྣམ་པར་སོ་སོར་རྟོག་པའི་ཕྱིར་རོ། །རྫོགས་པར་ལོངས་སྤྱོད་པའི་རྒྱུ་ནི་ལོངས་སྤྱོད་རྫོགས་པའི་སྐུས་འབྱོར་པ་སྣ་ཚོགས་པ་ཀུན་དུ་བསྟན་པའི་སྒོ་ནས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་སོ་སོར་སྐུ་ཉམས་སུ་


DTG115_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བསྟར་བའི་ཕྱིར་རོ། །འགྲོ་བ་ཡོངས་སུ་གཅོད་པའི་རྒྱུ་ནི་འགྲོ་བ་ལྔ་པོ་ཡུལ་ཡིན་པའི་ཕྱིར་ཏེ། འགྲོ་བ་ལྔ་པོ་དེ་ལ་སྣང་བ་ནི་ཡུལ་ཉིད་དུ་སྣང་གི་རྟེན་ཉིད་དུ་ནི་མ་ཡིན་ནོ། །ཁམས་ཡོངས་སུ་གཅོད་པའི་རྒྱུ་ནི་ཁམས་གསུམ་པ་ཡུལ་ཡིན་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཁམས་ནི་སྣོད་ཀྱི་འཇིག་རྟེན་ནོ། །ཇི་རིགས་པར་འདོད་པ་ལ་སོགས་པའི་ཁམས་དང༌། སེམས་ཅན་གྱི་འཇིག་རྟེན་གྱིས་བསྡུས་པ་རྣམས་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་དང༌། སྣོད་ཀྱི་འཇིག་རྟེན་དག་གི་རྟེན་ཡིན་ནོ། །སེམས་ཅན་གྱི་འཇིག་རྟེན་ནི་སེམས་ཅན་གྱི་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཟུགས་མེད་པའི་ཁམས་ན་གཟུགས་མེད་པའི་ཁམས་སྣང་ངོ༌། །ཁམས་གསུམ་པ་རྣམ་པ་རབ་ཏུ་དབྱེ་བ་མཐའ་ཡས་པ་དག་སྣང་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་ཡུལ་ཉིད་དུ་སྣང་བའོ། །འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ལ་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་མི་མངའ་ཡང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་གིས་སོ་སོར་རྟོག་པའི་ཡེ་ཤེས་ལས། སེམས་དང་སེམས་ལས་བྱུང་བའི་རྒྱུ་དང་འབྲས་བུས་བསྡུས་པ་ཁམས་དང་འགྲོ་བ་དང་སྐྱེ་གནས་འགྲུབ་པར་འགྱུར་བའི་འདུ་བྱེད་ཡོངས་སུ་སྨིན་པས་འཕངས་པ་མཐའ་ཡས་པ་སྣང་བ་འབྱུང་སྟེ། འདི་ལྟར་དེའི་དབང་གིས་རྟོགས་པ་པོ་རྣམས་སྨོན་ལམ་གྱི་ཤེས་པ་ཡོངས་སུ་གཟུང་བས་སམ། ཤེས་པའི་ཁྱད་པར་གཞན་གྱིས་དེ་ལྟ་བུའི་རྣམ་པར་རྟོག་པ་ཉེ་བར་འགོད་དོ་ཞེས་བཤད་པ་ཡིན་ནོ། །ཡེ་ཤེས་དེ་ཉིད་ཉོན་མོངས་པའི་དྲི་མའི་རྙོག་པ་ཐམས་ཅད་ལས་དབེན་པ་ཡིན་ཏེ། དེས་ན་ཤེས་བྱའི་དངོས་པོ་མཐའ་དག་མེ་ལོང་ཡོངས་སུ་དག་པའི་དཀྱིལ་འཁོར་ལ་གཟུགས་བརྙན་བཞིན་དུ་དེ་ལ་སྣང་ངོ༌། །དེ་མེ་ལོང་ལྟ་བུའི་ཡེ་ཤེས་དང་ཁྱད་པར་མེད་པ་ཡང་ཐལ་བར་མི་འགྱུར་ཏེ། དེ་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལ་ནི་རྒྱུ་དང་འབྲས་བུ་ལ་སོགས་པ་ལ་སོ་སོར་རྟོག་པ་མི་སྲིད་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པ་ཁོ་ནར་བཤད་དོ། །ཆོས་ཀྱི་ཆར་ཆེན་པོ་འབེབས་པའི་རྒྱུ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ནི་སྟོན་པ་གང་དག་གིས་ན་དབང་ཕྱུག་ཅེས་བྱ་བ་སྟེ། དེ་དང་ལྡན་པ་དེ་དང་འབྲེལ་པ་དེ་ལས་རབ་ཏུ་བྱུང་བ་དེ་དག་སྣང་ངོ༌། །ཕྱིར་རྒོལ་བ་ངེས་པར་འཇོམས་པའི་རྒྱུ་ནི་ཆོས་ཀྱི་དབྱིངས་ཟབ་མོ་


DTG115_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་ཕྱིར་རོ། །གཞན་མུ་སྟེ་གས་ཅན་རྣམས་ནི་ལྟ་བ་ལ་གནས་པ་དག་ཡིན་ལ་སྟོང་པ་ཉིད་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་དབེན་པ་ཡིན་ཏེ། དེའི་ཕྱིར་སྟོང་པ་ཉིད་བསྟན་པ་གཞན་དག་གིས་གཏིང་མི་དཔོགས་པའི་ཕྱིར་ཟབ་ལ་དཀྲུགས་པར་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་སྔ་མ་ལས་ཁྱད་པར་ཡོད་དོ། ཤེས་བྱའི་རྣམ་པ་ཐམས་ཅད་ཡང་དག་པར་རབ་ཏུ་སྟོན་པའི་རྒྱུ་མཚན་ཡིན་པའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ལ་ཞེས་རྒྱུའི་བདུན་པ་བསྟན་ཏེ། དེ་ཉིད་ཀྱི་ཕྱིར་ཤེས་བྱའི་རྣམ་པ་ཐམས་ཅད་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡེ་ཤེས་ཀྱི་ཉི་མ་ཆེན་པོ་ཞེས་གསུངས་སོ། །ཐེ་ཚོམ་ཐམས་ཅད་རྣམ་པར་གཅོད་པའི་རྒྱུ་ནི་རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ལ་ཀུན་དུ་རྨོངས་པ་སེལ་བའི་ཕྱིར་ཏེ། ཡུལ་ལ་རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་རྣམ་པ་ཀུན་ཏུ་རྨོངས་པ་མེད་ཅིང་དེས་ཆོས་རབ་ཏུ་སྟོན་པར་མཛད་པའི་ཕྱིར་འཇིག་རྟེན་གྱི་ཐེ་ཚོམ་ཐམས་ཅད་རྣམ་པར་གཅོད་པའི་རྒྱུ་མཚན་ཡིན་ནོ། །རང་དང་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་ལ་ཀུན་དུ་རྨོངས་པ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། དེ་ལས་དབེན་པ་ཀུན་དུ་རྨོངས་པ་མེད་པ། ཐེ་ཚོམ་ཐམས་ཅད་སྤངས་པའི་ཡེ་ཤེས་ཀྱིས་ཡོངས་སུ་བསྐོར། ཡོངས་སུ་དཀྲིས། ཡོངས་སུ་བསྲུངས་པ་ཡིན་ནོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ། དེ་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་དང་བྲལ་བས་རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཐམས་ཅད་ལ་ཀུན་དུ་རྨོངས་པ་མེད་པའི་ཕྱིར་རོ། །དེས་ཡོངས་སུ་བསྐོར་བ་སྟེ། དེའི་དབང་གིས་བྱུང་བ་དེ་ནི་ཆོས་སྣ་ཚོགས་སྟོན་པས་སྲོག་ཆགས་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་རྣམ་པར་གཅོད་པའི་ནུས་པ་ཡིན་ནོ། །བྱ་བ་སྒྲུབ་པའི་ཤེས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པའི་སྐུའོ། །དེ་ཡང་རྣམ་པ་གསུམ་སྟེ། སྐུ་སྤྲུལ་པ་དང་གསུང་སྤྲུལ་པ་དང༌། ཐུགས་སྤྲུལ་པའོ། །དེ་ལ་སྐུ་སྤྲུལ་པ་ནི་རྣམ་པ་གསུམ་སྟེ། རྫུ་འཕྲུལ་ཀུན་དུ་སྟོན་པ་དང༌། སྐྱེ་བ་ཀུན་དུ་སྟོན་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་ཀུན་དུ་སྟོན་པའོ། །རྫུ་འཕྲུལ་ཀུན་དུ་སྟོན་པ་ནི་བཟོ་ལ་སོགས་པ་ཀུན་དུ་སྟོན་པར་རིག་པར་བྱའོ། །རྩོལ་བ་ནི་སེམས་མངོན་པར་སྤྲོ་བ་སྟེ། དེ་ལས་བྱུང་བ་དེས་ཀུན་ནས་བསླང་བའི་སྐུའི་ཕྲིན་ལས་སོ། །བྱ་བ་སྒྲུབ་པར་མཛད་པའི་ཡེ་ཤེས་བརྩོན་འགྲུས་དང་ལྡན་པ་སྟེ། དེ་ཉིད་རྩོལ་བ་ལས་བྱུང་བ་


DTG115_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །སྐུ་སྤྲུལ་པའི་ཕྲིན་ལས་ནི་སྐུ་ལྟར་སྣང་བ་ཀུན་དུ་སྟོན་པའི་ཕྱིར་རོ། །ལས་དང་བཟོའི་གནས་ཐམས་ཅད་ཀུན་དུ་སྟོན་པ་ནི་བྱང་ཆུབ་སེམས་དཔར་གྱུར་པས་རྫ་མཁན་ལ་སོགས་པའི་གཟུགས་བསྟན་པ་གང་ཡིན་པའོ། །ཐབས་ལ་མཁས་པ་ནི་ཤེས་རབ་དང་སྙིང་རྗེ་མཉམ་དུ་འབྱུང་བའི་ལམ་མོ། །དད་པར་མཛད་པ་ནི་དང་བ་ཡང་དག་པར་བསྐྱེད་པའི་སྒོ་ནས་དང་པོར་མངོན་དུ་ཕྱོགས་པ་བསྐྱེད་པའི་ཕྱིར་རོ། །ཡོངས་སུ་སྨིན་པར་མཛད་པ་ནི་དགེ་བའི་རྩ་བ་བརྟས་པར་མཛད་པའི་སྒོ་ནས་སེམས་ལས་སུ་རུང་བར་མཛད་པའི་ཕྱིར་རོ། །རྣམ་པར་གྲོལ་བར་མཛད་པ་ནི་ཁམས་གསུམ་པ་དང་ངན་སོང་ལས་ཏེ། དེའི་མན་ངག་གི་སྟོབས་ཀྱིས་འཕགས་པའི་ལམ་སྐྱེད་པའི་ཕྱིར་དང༌། འོད་ཟེར་རབ་ཏུ་དགྱེ་བ་ལ་སོགས་པས་སྔོན་གྱི་དགེ་བའི་རྩ་བ་རྣམས་རྗེས་སུ་དྲན་པར་བྱས་ནས་སྡུག་བསྔལ་ཉེ་བར་ཞི་བར་བྱས་ཏེ། བདེ་འགྲོ་ལ་དགོད་པའི་ཕྱིར་རོ། །དེ་ལྟར་ན་རྫུ་འཕྲུལ་ཀུན་དུ་བསྟན་པས། ཆུ་བོ་འོད་སྲུངས་ལ་སོགས་པ་དང་བ་ལ་སོགས་པ་མཛད་པ་ཡིན་ནོ། །སྐྱེ་བ་ཀུན་དུ་སྟོན་པས་ནི་སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་ཅིག་ཅར་སྐྱེ་བ་ཀུན་སྟོན་པ་ལས་རིག་པར་བྱའོ། །ཡོངས་སུ་སྤྱོད་པའི་རྒྱུ་མཚན་ནི་ཡོངས་སུ་སྤྱོད་པར་འགྱུར་བའོ། །ཡོངས་སུ་སྤྱོད་པ་ནི་དབང་པོ་རྣམས་རང་གི་ཡུལ་དང་ཕྲད་པའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ཉིད་སྐྱེ་བ་ཉིད་དུ་སྟོན་པ་ཡོངས་སུ་སྤྱོད་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཡོངས་སུ་སྤྱོད་པར་འགྱུར་བ་ཡིན་ནོ། །སྐྱེ་བའི་སྐྱེ་མཆེད་ཇི་སྙེད་པའི་སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་སྟེ། གླིང་ཐམས་ཅད་དང་ལྷའི་རིགས་ཐམས་ཅད་དུ་རྒྱལ་རིགས་ལ་སོགས་པའི་རིགས་སུ་དེ་དག་དང༌། སྐྱེ་བ་མཉམ་པ་ཉིད་དུ་དེ་དག་དང་འདྲ་བ་ཉིད་དུ་ཉེ་བར་སྟོན་པར་མཛད་དེ་དེ་དག་དང་འདྲ་བར་ཀུན་དུ་བསྟན་པས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །འཛུད་པར་མཛད་ཅེས་བྱ་བ་ལ་སོགས་པའི་ཚིག་རྣམས་ནི་སྔ་མ་བཞིན་དུ་རྣམ་པར་བཤད་དོ། །ལས་ཀྱི་རྣམ་པར་སྨིན་པ་ཀུན་དུ་སྟོན་པ་ནི་ལས་ཀྱི་རྣམ་པ་ཀུན་དུ་སྟོན་པ་ལས་རིག་པར་བྱའོ། །ལུས་ཉིད་ལ་ཡིན་པས་ལུས་ཀྱི་ལས་ཏེ། སྔོན་གྱི་ལས་ཀྱི་འབྲས་བུ་ནི་ལས་ཀྱི་ལུས་ཡིན་པའི་ཕྱིར་རོ། །ཉམས་སུ་མྱོང་བར་འགྱུར་བ་ནི་ལས་ཀྱི་འབྲས་བུ་འདོད་པ་དང༌། མི་འདོད་པ་ལ་ཉེ་བར་སྤྱོད་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །ལུས་ཀྱི་ཚོར་བ་བདེ་བ་དང༌། སྡུག་བསྔལ་ནི་སྔོན་གྱི་ལས་ཀྱི་འབྲས་བུ་ཡིན་ཏེ། དེ་ལ་བརྟན་ནས་འབྱུང་ངོ༌། །བྱ་བ་བསྒྲུབ་པའི་ཡེ་


DTG115_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཉིད་སྐུ་ཉམས་སུ་བསྟར་བའི་རྒྱུ་མཚན་ཡིན་པའི་ཕྱིར། སྐུ་ཉམས་སུ་བསྟར་བར་འགྱུར་བ་ཡིན་ནོ། །སྐུ་སྤྲུལ་པའི་ཕྲིན་ལས་ནི་སྐུ་ལྟར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེ་ལྟ་བུར་བྱུང་བའི་སྡེ་ནི་སྔོན་གྱི་གཏམ་ངེས་པར་བསྟན་པའོ། །སྐྱེས་པའི་རབས་ཀྱི་སྡེ་ནི་ཀུན་གྱི་མཆོག་ལ་སོགས་པའོ། །དཀའ་བ་སྤྱོད་པ་ནི་བྱང་ཆུབ་ཀྱི་སྔོན་རོལ་དུའོ། །དེ་ཐམས་ཅད་ནི་སྤྲུལ་པའི་སྐུས་སྟོན་ཏེ། སྲོག་ཆགས་རྣམས་དགེ་བ་དང་མི་དགེ་བའི་ལམ་ལ་འཇུག་པ་དང༌། བཟློག་པར་བྱ་བའི་ཕྱིར་དེ་དག་དང་སྐལ་བ་མཉམ་པར་ཀུན་དུ་བསྟན་པས་གདུལ་བར་བྱ་བའི་ཕྱིར་རོ། །དཀའ་བ་སྤྱོད་པ་ཀུན་དུ་སྟོན་པ་ནི་དེ་ལྟ་བུ་ཀུན་དུ་བསྟན་པས་འདུལ་བར་འགྱུར་བ་རྣམས་གདུལ་བའི་ཕྱིར་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་དག་པ་མ་ཡིན་གྱི། ཡེ་ཤེས་ཀྱིས་འདག་གོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ་ཞེས་བྱས་པ་དེའི་འབྲས་བུ་ཡིན་ནོ་ཞེས་བཀའ་སྩལ་པ་ནི་དག་གིས་ཉེས་པར་སྤྱོད་པ་བཟློག་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་སྐྱེ་བ་གཅིག་གིས་ཐོགས་པ་སངས་རྒྱས་དུ་མ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་རང་བཞིན་གྱིས་ཚེ་རབས་དྲན་པ་ལ་ངག་གིས་ཉེས་པར་སྤྱོད་པ་རྣམ་པ་དེ་ལྟ་བུ་ཇི་ལྟར་སྲིད་པར་ནུས། དེ་ལ་དེ་སྐད་དུ་སྨྲས་པ་ནི་ཚིག་དེ་ལྟ་བུས་འདུལ་བར་འགྱུར་བ་རྣམས་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བའི་ཕྱིར་རོ། །གསུང་སྤྲུལ་པ་ཡང་རྣམ་པ་གསུམ་སྟེ། ཡང་དག་པར་དགའ་བར་འགྱུར་བ་ཞེས་བྱ་བ་ལ་ཡང་དག་པར་དགའ་བ་ནི་མགུ་བ་སྟེ། རངས་པའི་བྱེ་བྲག་གོ །དེའི་རྒྱུ་མཚན་ཡིན་པས་ཡང་དག་པར་དགའ་བར་འགྱུར་བ་སྟེ། གང་ཞིག་ཐོས་ནས་ཕན་ཚུན་མགུ་བ་སྐྱེ་བའོ། །དོན་བཟང་པོ་ནི་ཚིག་གི་དོན་གྲགས་པའི་ཕྱིར་རོ། །ཚིག་འབྲུ་བཟང་པོ་ནི་གསལ་བ་ཉིད་ཀྱིས་མཉན་པར་འོས་པའི་ཕྱིར་རོ། །ཐོས་པ་ཙམ་ཁོ་ནས་ཀྱང༌། སེམས་ཅན་བྱིས་པའི་ཤེས་རབ་ཅན་དང་ཅེས་བྱ་བ་ནི་ཡན་ལག་དྲུག་ཅུ་དང་ལྡན་པའི་ཕྱིར། དེ་བཞིན་གཤེགས་པའི་གསུང་བྱིས་པའི་ཤེས་རབ་ཅན་རྣམས་ཀྱིས་ཀྱང་ཐོས་ནས་དད་པ་སྐྱེས་ན། དོན་ཤེས་པ་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་པའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ཉིད་ཡང་དག་པར་དགའ་


DTG115_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བ་ཡིན་ཏེ། སེམས་ཅན་རྣམས་རངས་པ་སྐྱེ་བའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །གཞན་གྱིས་ཚིག་ཀྱང་གང་གིས་ན་ཆོས་ཀྱི་གཏིང་མ་དཔོགས་པ་རྣམས་ཀྱང་སངས་རྒྱས་ཀྱི་གསུང་གིས་སྟོན་པ་ཟབ་མོར་འཇུག་པར་བྱེད་པ་དེ་ལྟ་བུར་སྤྲུལ་པ་མཛད་དེ། དཔེར་ན་གནས་བརྟན་རབ་འབྱོར་ལ་སོགས་པ་ལྟ་བུའོ། །དེ་བཞིན་དུ་སིལ་སྙན་གྱི་རྣམ་པ་ཐམས་ཅད་དང༌། གཟུགས་སུ་སྣང་བ་ཐམས་ཅད་དང༌། ནམ་མཁའ་ལས་ཀྱང་ཞེས་བྱ་བ་བརྗོད་པར་བྱའོ། །སྦྱོར་བར་འགྱུར་བ་ནི་ཆེ་གེ་མོ་ཞིག་བྱ་བ་རྣམས་ལ་འཇུག་པའི་སྦྱོར་བའོ། །སེམས་ཅན་བག་མེད་པ་ལ་སོགས་པ་དེ་དག་ཉིད་ཀྱིས་དོན་གྱིས་སམ། ཐུགས་རྗེས་དེ་བཞིན་གཤེགས་པ་བསླབ་པའི་གཞི་ལ་སོགས་པ་རྣམ་པར་གཞག་པའི་ཕྱིར་སྦྱོར་བ་ལ། དེ་བཞིན་གཤེགས་པས་ཀྱང་དེ་དག་འབྲས་བུ་འཇུག་པ་དང༌། ལྡོག་པ་ཅན་གྱི་བྱ་བ་དག་ལ་སྦྱོར་བའོ། །དེའི་མཚན་ཉིད་རྒྱུ་མཚན་ཡིན་པའི་ཕྱིར་སྦྱོར་བར་གྱུར་པ་སྟེ། མི་འདོད་པ་ལ་ལྡོག་པ་དང༌། དགེ་བ་ལ་འཇུག་པ་དང༌། འཕགས་པའི་ལམ་གྱི་གནས་སྐབས་ཀྱི་བྱེ་བྲག་ལ་སྦྱོར་བའི་ཕྱིར་རོ། །ཡང་དག་པར་གོ་བར་འགྱུར་བ་ཡང༌། དོན་གོ་བའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེས་ན་སེམས་ཅན་བསམ་པ་ཐ་དད་པ་དོན་སྣ་ཚོགས་ལ་ཀུན་དུ་རྨོངས་པའི་བློ་ཅན་རྣམས་སྒྲ་གཅིག་ལན་གཅིག་བརྗོད་པས་དོན་ཡང་དག་པར་གོ་བར་འགྱུར་བའི་ཕྱིར། ཐེ་ཚོམ་ཐམས་ཅད་སེལ་བ་སྟེ། ཇི་སྐད་གཅིག་ནི་བཀའ་སྩལ་ན། གསུང་ལ་དུ་མར་གོ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཐུགས་སྤྲུལ་པ་ནི་རྣམ་པ་བཞི་སྟེ། རྣམ་པར་ངེས་པར་འགྱུར་བ་ནི་སེམས་ཅན་གྱི་སྤྱོད་པ་རྣམ་པར་ངེས་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །མངོན་པར་འདུ་མཛད་པར་འགྱུར་བ་ནི་སེམས་ཅན་གྱི་སྤྱོད་པ་ཇི་ལྟར་སྤྱད་པ་བཞིན་དུ་ཡོན་ཏན་དང་ངེས་པ་སྐྱེད་པ་དང༌། དོར་བའི་གཉེན་པོ་མངོན་པར་འདུ་མཛད་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྩོལ་བ་མི་མངའ་བ་ཡིན་མོད་ཀྱི། འོན་ཀྱང་གཞན་དག་གི་རྣམ་པར་ཤེས་པ་ལ་སོ་སོར་སྣང་བ་ཡོངས་སུ་འཛིན་པའི་ཚུལ་བཤད་དོ། །ཀུན་ནས་སློང་བར་འགྱུར་བ་ལ་ཀུན་ནས་སློང་བ་ནི་ཀུན་ནས་ལྡང་བ་སྟེ། ལུས་དང་དག་གི་བྱ་བ་སྟེ། དེའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །ཡང་ན་ཤེས་པ་གང་གིས་དེ་ཀུན་ནས་སློང་བར་བྱེད་


DTG115_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་ཀུན་ནས་སློང་བ་སྟེ། དེ་ལས་བྱུང་བའི་ཕྱིར་ཀུན་ནས་སློང་བར་འགྱུར་བའོ། །དེའི་གཉེན་པོ་བསྟན་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དེའིའོ། །དེའི་ཕྱིར་མིང་གི་ཚོགས་ལ་སོགས་པ་གང་དག་ཡིན་པ་སྟེ། བསྟན་པའི་ཆོས་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །གདུལ་བ་རྣམས་ལ་མིང་གི་ཚོགས་ལ་སོགས་པར་སྣང་བའི་རྣམ་པར་རིག་པ་སྐྱེ་བའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་དགའ་བར་མཛད་དེ་ལ་དགའ་བ་བསྐྱེད་པར་མཛད་དོ། །ཉམས་སུ་མྱོང་བར་འགྱུར་བ་ཞེས་བྱ་བ་ལ་ཉམས་སུ་མྱོང་བ་ནི་བདེ་བ་དང་སྡུག་བསྔལ་ཡང་དག་པར་ཚོར་བའོ། །དེའི་རྒྱུ་མཚན་ཡིན་པའི་ཕྱིར་ཉམས་སུ་མྱོང་བར་འགྱུར་བའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ཉིད་འདྲི་བ་ལུང་བསྟན་པའི་དོན་སྐུ་ཉམས་སུ་བསྟར་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཐུགས་སྤྲུལ་པའི་ཕྲིན་ལས་སྐུ་ཉམས་སུ་བསྟར་བར་འགྱུར་བ་ཡིན་ཏེ། འདྲི་བ་ལུང་བསྟན་པར་བྱ་བ་བཞི་པོ་དག་ལ་ཅི་རིགས་པར་འདི་ནི་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བའི་འདྲི་བའོ་ཞེས་བྱ་བ་ནས། གཞག་པར་བྱ་བའི་འདྲི་བའོ་ཞེས་བྱ་བའི་བར་མཁྱེན་ནས། རེ་རེའི་འདྲི་བའི་ཡུལ་དུ་གྱུར་པ་དུས་གསུམ་པའི་དོན་རྣམས་ཅི་རིགས་པར་དོན་གང་གི་ངོ་བོ་གང་ཡིན་པ་དེའི་བདག་ཉིད་སྐུ་ཉམས་སུ་བསྟར་ཞིང་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་བཞིན་དུ་ལུང་སྟོན་པར་མཛད་དོ། །དེ་ལ་སྐུ་གསུང་ཐུགས་སྤྲུལ་པ་ནི་བདག་དང་གཞན་གྱི་ལུས་འབྲེལ་པ་དང་ལུས་མ་འབྲེལ་པ་ཡིན་ནོ། །ཐུགས་སྤྲུལ་པ་ནི་རང་དང་གཞན་དང་འབྲེལ་པ་ཁོ་ན་ཡིན་ནོ། །འདིས་ནི་ཆོ་འཕྲུལ་རྣམ་པ་གསུམ་པོ་རྫུ་འཕྲུལ་དང༌། རྗེས་སུ་བསྟན་པ་དང༌། ཀུན་བརྗོད་པའི་ཆོ་འཕྲུལ་རྣམ་པར་བཤད་པ་ཡིན་ནོ། །སངས་རྒྱས་ཀྱི་སྤྲུལ་པ་དེ་ཡང་རྣམ་པ་ཐམས་ཅད་དུ་རྟག་ཏུ་ལྡན་པ་དང༌། བསམ་གྱིས་མི་ཁྱབ་པར་རིག་པར་བྱ་སྟེ། མཛད་པ་མཛད་པ་དང༌། གྲངས་དང་ཞིང་གི་བྱེ་བྲག་གི་སྒོ་ནས་བསམ་གྱིས་མི་ཁྱབ་པའི་ཕྱིར་དང༌། སེམས་ཅན་གྱི་དོན་མཛད་པའི་ཉམས་པ་མི་མངའ་བར་འཇུག་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་བ་རྣམ་པ་གསུམ་ཆར་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ཐབས་ཀྱི་དམ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་བཅོམ་


DTG115_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྣམས་ནི་ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་སྨན་ཆེན་པོ་ཞེས་གསུངས་སོ། །ཡེ་ཤེས་རྫོགས་པར་ལོངས་སྤྱད་པའི་བྱེ་བྲག་གི་དབང་དུ་བྱས་ནས་ཞུ་བ་སྟེ། བྱང་ཆུབ་སེམས་དཔའ་ཤིན་ཏུ་འདུས་སངས་རྒྱས་ཀྱིས་རབ་ཏུ་དབྱེ་བ་ལ་མེ་ལོང་གི་དཔེས་དེ་ལ་རྩོལ་བ་ཡང་མེད་མངོན་པར་འདུ་བྱེད་པ་ཡང་མེད་དོ་ཞེས་འབྱུང་བའི་ཕྱིར། དེ་བཞིན་གཤེགས་པ་རྩོལ་བ་མི་མངའ་བ་རྣམས་ཀྱི་རོ་གཅིག་པ་འདྲེས་པ་ངོ་བོ་ཉིད་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ་ནི་དེ་བཞིན་གཤེགས་པ་རྣམས་ཁོ་ན་ཡིན་ནོ་ཞེས་ངེས་པར་བཟུང་སྟེ་བཤད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཡིན་པར་འདོད་དོ་སྙམ་དུ་སེམས་ཤིང་བཅོམ་ལྡན་འདས་ལ་ཞུ་བ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་པར་རིག་པར་བྱའོ་ཞེས་བཤད་པ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དམིགས་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ངོ་བོ་གཅིག་པ་ཡིན་ལ། དེ་ལ་བརྟེན་ཏེ་བྱུང་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ཡང་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་ངོ་བོ་གཅིག་པ་ཁོ་ན་ཡིན་ཏེ་གཉིས་སུ་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ། །རྣམ་པར་ཤེས་པ་གཞན་གཉིས་ནི་གཞན་ལ་ཕན་འདོགས་པ་གཅིག་ཏུ་གཅེས་པར་བྱེད་པ་ཡིན་པའི་ཕྱིར་རོ། །གཅིག་པ་ཡང་ཡིན་ལ་དེ་དག་ཀྱང་སངས་རྒྱས་རྣམས་ཁོ་ན་ཡིན་ཞེས་ངེས་པར་བཟུང་བའི་ཕྱིར་ཞུ་བ་ཡིན་ནོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ན་འདྲེས་པ་ཉེ་བར་འདྲེས་པ་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱད་པ་ཞེས་འབྱུང་བའི་ཕྱིར་གཞན་ནི་རོ་གཅིག་པ་མ་ཡིན་པར་མངོན་ནོ། །འདྲེས་པ་ནི་གཅིག་ཏུ་གྱུར་པའོ། །གཅིག་ཏུ་གྱུར་ཀྱང་རེས་འགའ་ཐ་དད་དུ་བྱ་བ་ཡོད་ན་དེ་ནི་ནམས་ཀྱང་ཐ་དད་དུ་བྱ་བ་མེད་པས་ཉེ་བར་འདྲེས་པ་སྟེ་དམིགས་པར་བྱས་པ་དང༌། དམིགས་པར་བྱེད་པ་གཉིས་ཤིན་ཏུ་འདྲེས་པས་མཉམ་པར་གྱུར་པའི་ཕྱིར་རོ། །འབྲས་བུ་རོ་གཅིག་པ་ཞེས་བྱ་བ་ལ་རོ་ནི་སྙིང་པོ་སྟེ། ངོ་བོ་ཉིད་དོ། །ཡེ་ཤེས་རྫོགས་པར་ལོངས་སྤྱད་པ་ནི་ཡུལ་ཏེ། རྫོགས་པར་སྤྱོད་པ་ཡིན་པའི་ཕྱིར་རོ། །དེས་ན་ཡེ་ཤེས་ནི་འདིར་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་པར་དགོངས་


DTG115_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེའི་ཡུལ་ནི་ཆོས་ཀྱི་དབྱིངས་ཏེ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ་གང་ལ་འབྲས་བུ་དགོས་པ་རོ་གཅིག་པ་ཡོད་པ་ཞེས་བྱ་བས་རྣམ་པར་སྦྱར་རོ། །ཡང་ན་ཡེ་ཤེས་དེ་ཉིད་རོ་གཅིག་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་འབྲས་བུ་ཡང་ཡིན་ཏེ། དེ་ལ་དམིགས་ནས་སྐྱེ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་རྫོགས་པར་ལོངས་སྤྱོད་པ་ནི་ཀུན་དུ་སྤྱད་པ་སྟེ་ཚོར་བའོ་དེ་ནི་དེས་ཀུན་དུ་སྤྱད་པར་བྱ་བ་ཡིན་པའི་ཕྱིར་དེ་ནི་དེའི་རྫོགས་པར་ལོངས་སྤྱོད་པ་ཡིན་ནོ། །དེ་ཡང་བཏང་སྙོམས་ཏེ་དེ་ལ་བདེ་བ་དང་སྡུག་བསྔལ་གྱི་བྱེ་བྲག་མེད་པས་ངོ་བོ་ཉིད་གཅིག་པའི་ཕྱིར་རོ་གཅིག་པའོ། །དེ་ཡང་དེའི་འབྲས་བུ་ཡིན་ཏེ། དེ་དང་མཚུངས་པར་ལྡན་པ་ཉིད་དུ་དེའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ། །ཡང་ན་འདུ་བྱེད་པ་བཏང་སྙོམས་པ་སྟེ། ཐམས་ཅད་རྩོལ་བ་མེད་པའི་མཚན་ཉིད་དུ་ངོ་བོ་ཉིད་གཅིག་པར་འཇུག་པའི་ཕྱིར་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱད་པའོ། །རྣམ་པ་གཅིག་ཏུ་ན་ཡེ་ཤེས་ཉིད་རྫོགས་པར་ལོངས་སྤྱད་པ་ཡིན་ཏེ། རང་རིག་པའི་རྣམ་པར་རྫོགས་པར་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡེ་ཤེས་དེ་ནི་རོ་གཅིག་པ་ཡང་ཡིན་ཏེ། བདག་དང་གཞན་ལ་སོགས་པ་གཉིས་སུ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །འབྲས་བུ་ཡང་ཡིན་ཏེ། རྟག་ཏུ་ལས་གཉིས་སུ་འདུ་ཤེས་པ་ལས་དབེན་པར་འབྱུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཁོ་ན་ནི་ཡིན་ནོ་ཞེས་དེ་ལྟར་ངེས་པར་བཟུང་བ་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དེ་ལྟ་བུ་ཡིན་ནོ། །འོ་ན་ཇི་ལྟར་སངས་རྒྱས་ཀྱི་ས་ཆོས་ལྔས་བསྡུས་པ་ཡིན་ཞེ་ན། སངས་རྒྱས་ཀྱི་ས་ནི་ཆོས་ལྔ་ཁོ་ནས་ཞེས་ངེས་པར་བཟུང་བའི་ཕྱིར་སངས་རྒྱས་ཁོ་ནའི་འོ་ཞེས་བྱ་བ་ནི་མ་ཡིན་པས། བྱང་ཆུབ་སེམས་དཔའི་ས་རྣམས་ཀྱང་འདི་དག་གིས་བསྡུས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་མངོན་པར་འདུ་བྱེད་པ་དང་བཅས་པར་འབྱུང་བའི་ལམ་ལ་གནས་པ་རྣམས་ལ། འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ་མེད་པས། གང་དག་གི་ལགས་ཞེས་ཞུའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གསུམ་སྟེ།


DTG115_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པས་སེམས་དང་པོ་བསྐྱེད་པ་རྣམས་དང༌། ས་གོང་མ་དྲུག་པོ་དག་ཏུ་བསྒོམ་པའི་ལམ་ཐོབ་པའི་ཕྱིར་སྤྱོད་པ་ལ་ཞུགས་པ་རྣམས་དང༌། ས་གོང་མ་གསུམ་དག་ཏུ་བསྒོམ་པའི་ལམ་ཁོ་ན་སྟེ། ཕྱིར་མི་ལྡོག་པ་རྣམས་སོ། །དེ་ལ་ས་བརྒྱད་པ་ལ་ཆོས་ཐམས་ཅད་གཟོད་མ་ནས་མ་བྱུང་བ་གཟོད་མ་ནས་མ་སྐྱེས་པ་ཞེས་བྱ་བའི་བཟོད་པ་ཆེན་པོ་གཅིག་ཏུ་ཡོངས་སུ་དག་པས་ཟད་པ་མེད་པ་ལྷུན་གྱིས་གྲུབ་པ་འབྱུང་བར་སྐྱེའོ། །དེ་ཐོབ་པའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དག་ཅེས་བྱ་སྟེ། ས་བརྒྱད་ལས་འདི་སྐད་དུ་དེ་ཡན་ཆད་བྱང་ཆུབ་སེམས་དཔའ་གཉིས་སུ་འདུ་ཤེས་པ་དང་བྲལ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །གཉིས་ནི་ང་དང་ངའི་དང༌། ཡོད་པ་དང་མེད་པ་དང༌། རྟག་པ་དང་མི་རྟག་པ་དང༌། བྱུང་བ་དང་མ་བྱུང་བ་དང༌། སྐྱེས་པ་དང་མ་སྐྱེས་པ་དང༌། བདག་དང་གཞན་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གི་གཉེན་པོར་ཐམས་ཅད་དུ་སེམས་མཉམ་པ་ཉིད་ཐོབ་སྟེ། དེ་ཡན་ཆད་གཉིས་སུ་འདུ་ཤེས་པ་དང་བྲལ་བས་ཚོར་བ་ཐམས་ཅད་དང་བྲལ་བ་ཟག་པ་མེད་པ་གཅིག་ཏུ་ཡོངས་སུ་དག་པ་ལྷུན་གྱིས་གྲུབ་པར་འབྱུང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་དང་པོ་ཁོ་ན་ལ་བདག་དང་གཞན་མཉམ་པ་ཉིད་ཐོབ་པ་ཡིན་མོད་ཀྱི་འོན་ཀྱང་རྩོལ་བ་དང་བཅས་པར་འབྱུང་བ་ཉིད་ཀྱིས་ཡོངས་སུ་མ་དག་པའི་ཕྱིར་རྣམ་པར་དག་པར་མི་གཞག་གོ །དོན་དེ་བསྟན་པའི་ཕྱིར་འདྲེས་པའི་ཚལ་གྱི་དཔེ་སྟེ། ཇི་སྲིད་དུ་འདྲེས་པའི་ཚལ་དུ་ཞུགས་པར་མ་གྱུར་པ་དེ་སྲིད་དུ་ལྷའི་ལོངས་སྤྱོད་འདྲེས་པ་ཉེ་བར་འདྲེས་པ་རྣམས་ཀུན་དུ་མི་གནས་ཀྱི་ཞེས་བྱ་བར་སྦྱར་རོ། །དངོས་པོའི་སྒོ་ནས་ཐ་དད་པ་ནི་གཞལ་མེད་ཁང་དང༌། རྒྱན་ལ་སོགས་པས་ཐ་དད་པའོ། །ཉམས་སུ་མྱོང་བའི་སྒོ་ནས་ནི་བདེ་བ་དང་སྡུག་བསྔལ་ཐ་དད་པ་དང་རབ་དང་རབ་མཆོག་ཐ་དད་པའོ། །ང་ཡིར་འཛིན་པའི་སྒོ་ནས་ཐ་དད་པ་ནི་འདི་ནི་ཁྱོད་ཀྱི་འདི་ནི་ང་ཞེས་བྱ་བ་སྟེ། དེར་ཞུགས་པ་རྣམས་ལ་དེ་དག་མེད་དོ། །དེ་ཉིད་ཀྱི་ཕྱིར་འདྲེས་པའི་ཚལ་ཞེས་བྱ་སྟེ། དེར་ཞུགས་པའི་ལྷ་རྣམས་ཀྱི་ལོངས་སྤྱོད་འདྲེས་པ་ཡིན་པའི་ཕྱིར་རོ། །འདྲེས་པ་ནི་


DTG115_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཚོལ་བ་ཡིན་ནོ། །ཇི་སྲིད་དུ་ཐོབ་པར་མ་གྱུར་པ་དེ་སྲིད་དུ་མི་འཐོབ་པོ་ཞེས་བྱ་བར་སྦྱར་ཏེ། ས་འོག་མ་པ་རྣམས་ཀྱི་ལམ་ནི་རྩོལ་བ་དང་བཅས་པར་འབྱུང་བའི་ཕྱིར་བཏང་སྙོམས་ཡོངས་སུ་མ་དག་པ་ཡིན་པས་གཉིས་སུ་འདུ་ཤེས་པ་དང་བྲལ་བས་ཀུན་དུ་མི་གནས་སོ་ཞེས་བྱ་བར་སྦྱར་རོ། །ཐུན་མོང་མ་ཡིན་པ་ནི་ཐེག་པ་དམན་པ་རྣམས་དང༌། བྱང་ཆུབ་སེམས་དཔའི་ས་འོག་མ་པ་རྣམས་ལ་ཡང་མེད་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་ཚུལ་གཅིག་པའི་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ་སངས་རྒྱས་རྣམས་ཁོ་ནའི་ཡིན་ནོ་ཞེས་ངེས་པར་བཟུང་དུ་ཟིན་ཀྱང་དེ་ལྟ་ན་ཡང་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར་རྒྱ་ཆེན་པོའི་དཔེ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་རྣམ་པ་ཐམས་ཅད་དུ་བྱ་བ་ལ་མཁས་པའི་ཕྱིར་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱད་པ་དེ་དག་ཁོ་ནའི་ཡིན་པར་རྣམ་པར་གཞག་པར་རིགས་པ་དང་ལྡན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མ་ཡིན་ཏེ། སྒྲིབ་པ་ལྷག་མ་དང་བཅས་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མ་དག་པའི་ཕྱིར་རོ། །འོ་ན་འདྲེས་པ་ཉེ་བར་འདྲེས་པ་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་ཡིན་ནོ་ཞེས་འབྱུང་བ་ཇི་ལྟར་མི་འགལ་ཞེ་ན། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལ་སྤྱིར་དགོངས་ནས་གསུངས་པའི་ཕྱིར་འགལ་བ་མེད་དེ། གཞན་དུ་ཡང་ངེས་པར་གཟུང་དུ་རུང་བར་བཤད་དོ། །ཆུ་བོ་ནི་གང་གཱ་ལ་སོགས་པ་བཞིའོ། །ཆུ་བྲན་ནི་དེ་ལས་གཞན་པ་དག་གོ །གནས་ཐ་དད་པ་ནི་ས་ཕྱོགས་ཐ་དད་པ་ལ་བརྟེན་པའི་ཕྱིར་རོ། །ཆུ་ཆེན་ཐ་དད་པ་ནི་རྙོག་པ་ཅན་དང༌། ཁ་དོག་སྐྱ་བོ་དང༌། ལན་ཚྭ་བྲོ་བ་དང་ཆུ་མངར་བ་ཐ་དད་པའོ། །ཆུ་ཆུང་བ་ནི་རྒྱ་མཚོ་ཆེན་པོ་ལ་ལྟོས་པའི་ཕྱིར་རོ། །ཆུ་སྐྱེ་འབྲི་ཡོད་པ་ནི་ཆར་ཆེ་བ་དང༌། ཆར་ཆུང་བའི་དུས་ནའོ། །སོ་སོ་རང་གི་བྱ་བ་སྒྲུབ་པའི་ལས་ཅན་གྱི་ཆུ་ནི་རོ་བྲོ་བ་དང༌། མཐུ་དང་རྣམ་པར་སྨིན་པ་ཐ་དད་པས་སོ། །ཉུང་ངུ་དག་ཅེས་བྱ་བ་ནི་གྲངས་ཉུང་བ་ཉིད་དང་བོང་ཆུང་བ་ཉིད་ཀྱིས་ཉུང་བའི་ཕྱིར་རོ། །གནས་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་ཇི་སྐད་བཤད་པ་ལས་བཟློག་སྟེ། བརྗོད་པར་བྱའོ། །ཕལ་པོ་ཆེ་ཆེན་པོ་རྣམས་ཞེས་བྱ་བ་ནི་གྲངས་ཕལ་ཆེ་བ་དང༌། བོང་ཆེ་བའི་དབང་


DTG115_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཛད་ནས་སོ། །གནས་ཐ་དད་པ་ནི་དེ་བཞིན་གཤེགས་པ་ཐ་དད་པ་ལ་བརྟེན་པའི་ཕྱིར་རོ། །ཡེ་ཤེས་ཐ་དད་པ་ནི་རྣམ་པར་གྲོལ་བ་ཐ་དད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཡེ་ཤེས་ཆུང་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ལྟོས་ནས་སོ། །ཡེ་ཤེས་འཕེལ་འགྲིབ་ཡོད་པ་ནི་ས་གོང་ནས་གོང་དུ་ཁྱད་ཞུགས་པ་ལ་ལྟོས་པའི་ཕྱིར་དང༌། ཏིང་ངེ་འཛིན་ཁྱད་ཞུགས་པ་ལ་ལྟོས་པའི་ཕྱིར་རོ། །སོ་སོ་རང་གི་བྱ་བ་སྒྲུབ་པའི་ལས་ཅན་གྱི་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་ཀྱི་བྱ་བ་ཐ་དད་པའི་ཕྱིར། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་བ་གང་གི་ཡུལ་སེམས་ཅན་གྱི་ཁམས་ཇི་སྙེད་ཅིག་ཡིན་པ་དེ་ལས་ཕན་ཚུན་མི་འཇུག་པའི་ཕྱིར་རོ། །ཉུང་ངུ་དག་ཅེས་བྱ་བ་ནི་གྲངས་ཉུང་བ་ཉིད་ལ་དགོངས་པ་ཡིན་གྱི་བོང་ཆུང་བ་ཉིད་ནི་མ་ཡིན་ནོ། །དེ་དག་ཡོངས་སུ་སྨིན་པར་འགྱུར་བའི་རྩ་བ་གང་ཡིན་པ་དེའི་གནས་ཡིན་ཏེ། དེའི་དབང་གིས་དེ་དག་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལ་ལྟོས་ན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་གྲངས་དཔག་ཏུ་ཡོད་པའི་ཕྱིར། སེམས་ཅན་དཔག་ཏུ་ཡོད་པ་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །ནམ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་པ་ན་སངས་རྒྱས་ཀྱིས་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པ་མངོན་སུམ་དུ་མཛད་པའི་ཕྱིར་གནས་ཐ་དད་པ་མ་ཡིན་པ་དག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་དེ་བཞིན་ཉིད་ཡོངས་སུ་དག་པ་ལ་ཐ་དད་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་དུ་མ་ཉིད་དུ་རྣམ་པར་མི་གཞག་གོ །ཡེ་ཤེས་ཐ་དད་པ་མ་ཡིན་པ་ནི་ཐམས་ཅད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་བདག་དང་གཞན་དུ་འབྱེད་པ་མི་མངའ་བས་མཚུངས་པའི་ཕྱིར་རོ། །ཡེ་ཤེས་ཚད་མེད་པ་ནི་ཡེ་ཤེས་བྱ་ཚད་མེད་པའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་འཕེལ་འགྲིབ་མེད་པ་ནི་ཡོངས་སུ་དག་པ་མཚུངས་པའི་ཕྱིར་དང༌། ཡུལ་ཉུང་ངུ་དང༌། ཆེས་མང་པོ་ལ་མ་ཁྱབ་པ་མི་མངའ་བའི་ཕྱིར་རོ། །འདྲེས་པ་ཉེ་བར་འདྲེས་པར་མཛད་པ་རོ་གཅིག་པའི་ཡེ་ཤེས་ནི་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པའི་མཛད་པ་མཚུངས་པའི་ཕྱིར་རོ། །ཚད་མེད་པ་དག་ནི་གྲངས་ཚད་མེད་པའི་


DTG115_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟད་མི་ཤེས་པ་མཚུངས་པའི་ཕྱིར་ཆོས་ཀྱི་སྐུས་འཁོར་བ་ཇི་སྲིད་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་དགེ་བའི་རྩ་བའི་གནས་སུ་འགྱུར་རོ། །ཚིགས་སུ་བཅད་པ་བཞིས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཀྱི་མདོར་བསྡུས་ནས་སྟོན་པར་མཛད་དེ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་ལྡན་དག་མཚན་ཉིད་ཅན། །ཞེས་བྱ་བ་ནི་འདི་ལ་ཡན་ལག་གཉིས་ཡོད་པའོ། །དེ་ཉིད་སྒྲིབ་པ་གཉིས་ཏེ། སྤྱིར་བསྟན་པ་ཡིན་ནོ། །སྒྲིབ་པར་བྱེད་པ་ནི་སྒྲིབ་པ་སྟེ་འདི་ལ་གཉིས་ཡོད་པའོ། །དེའི་ཕྱིར་དེ་བཞིན་ཉིད་གྱི་སྒྲ་དང་གཞི་མཐུན་པ་ཡིན་ནོ། །འདི་ལ་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྒྲིབ་གཉིས་དང་ལྡན་དེ་དག་རྣམ་པར་དག་པའི་མཚན་ཉིད་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དོན་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་དུ་ཡོད་པ་ནི་དེ་བཞིན་དུ་ཡོད་པ་ནི་དེ་བཞིན་ཉིད་དེ། ཆོས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི་ངོ་བོ་དེ་ཁོ་ན་ཉིད་དང༌། སྟོང་པ་ཉིད་ཡིན་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ལས་རྣམ་པར་དག་ཅིང་དེ་ལས་དབེན་པ་སྟེ། ཆོས་ཀྱི་དབྱིངས་ནི་དེའི་མཚན་ཉིད་ཅན་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདིས་ནི་དེ་བཞིན་ཉིད་གནས་ཡོངས་སུ་གྱུར་པ་བསྟན་ཏེ། དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལམ་ཤིན་ཏུ་རྣམ་པར་དག་པ་ཐོབ་པས་སྒྲིབ་པ་གཉིས་ཀྱི་ས་བོན་གཏན་དུ་བྲལ་ན་ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་ཡིན་ཏེ། རྡོ་རྗེ་ལྟ་བུའི་འོག་ཏུ་དེ་བཞིན་ཉིད་གནས་གྱུར་པ་ཞེས་བྱའོ། །དངོས་པོ་ཤེས་པ་དེ་དམིགས་པ།། དབང་ཟད་མི་ཤེས་མཚན་ཉིད་ཅན། །ཞེས་བྱ་བ་ལ་དངོས་པོ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དངོས་པོ་དེ་ཤེས་པ་ནི་དངོས་པོ་ཤེས་པའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེའི་དམིགས་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ནོ། །དམིགས་པ་ནི་དམིགས་པར་བྱ་བར་བྱ་བའོ། །འདི་ལ་དམིགས་པ་དེ་ཡོད་པས་ན་དེ་དམིགས་པ་སྟེ། དེ་ཞེས་བྱ་བའི་སྒྲ་ནི་ཆོས་ཀྱི་དབྱིངས་དང་སྦྱར་གྱི་དངོས་པོ་ཤེས་པ་ནི་མ་ཡིན་ནོ། །རབ་ཏུ་མཆོད་པ་ལ་ཡང་འབྲེལ་བ་མ་མཐོང་བའི་ཕྱིར་ཏེ། དཔེར་ན། ཨུཏྤ་ལ་སྔོན་པོའི་འདབ་མ་འདྲ་བའི་སྤྱན་མངའ་བ། །ཁྱོད་ཀྱི་ཞལ་རས་དེ་ཡི་ངད་དང་དྲི་མཚུངས་འདྲི། །ཞེས་བྱ་བ་ལྟ་


DTG115_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དམིགས་པ་ནི་ཆོས་ཀྱི་དབྱིངས་ཀྱང་ཡིན་ཏེ། སོ་སོ་རང་རིག་པ་ཉིད་དུ་དེ་ལ་དམིགས་པའི་འཁོར་བ་ཇི་སྲིད་པར་གནས་པའི་ཕྱིར་རོ། །དེ་ནི་དངོས་པོ་ཤེས་པ་ཡང་ཡིན་ལ། དེ་དམིགས་པ་ཡང་ཡིན་པས་ཞེས་གཞི་མཐུན་པར་བསྡུའོ། །དེ་ལྟར་ན་ཆོས་ཐམས་ཅད་མེ་ལོངས་ལྟ་བུའི་ཡེ་ཤེས་ཀྱི་དམིགས་པ་ཉིད་དུ་བསྟན་པ་ཡིན་ཏེ། རང་དང་སྤྱིའི་མཚན་ཉིད་ལ་དམིགས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་དངོས་པོ་ཤེས་པ་དང༌། དེ་དམིགས་པ་ཞེས་བྱ་བ་བཟླས་དབྱེ་བ་ཡིན་ཏེ། གནས་ངན་ལེན་མཐའ་དག་གི་གནས་ཀུན་གཞི་རྣམ་པར་ཤེས་པ་གཉེན་པོའི་སྟོབས་ཀྱི་ས་གནས་ངན་ལེན་མ་ལུས་པ་དང་བྲལ་བས་ཡོངས་སུ་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་བ་གཞན་གྱི་དབང་དག་པ་ཞེས་ཐ་སྙད་གདགས་པ་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་མེད་པའི་ངོ་བོ་ལ་འདི་ནི་དངོས་པོ་ཙམ་མོ་ཞེས་སྤྱིའི་རྣམ་པར་སྒྲོ་བཏགས་ནས། དངོས་པོའི་སྒྲ་བརྗོད་དོ། །མེ་ལོང་ལྟ་བུའི་ཡེ་ཤེས་དམིགས་པར་བྱ་བ་དང༌། དམིགས་པ་མཉམ་པའི་རྣམ་པ་ཡང་གནས་ངན་ལེན་གྱི་གནས་ཡོངས་སུ་གྱུར་ན་དེ་ལྟར་རྣམ་པར་གཞག་གོ །དངོས་པོ་དེ་ཤེས་པ་ནི་དངོས་པོ་ཤེས་པ་སྟེ། དེ་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ། །དེའི་རྗེས་ལ་ཐོབ་པ་དག་ལ་འཇིག་རྟེན་པ་རང་གི་རྟོག་པ་ཡོངས་སུ་གཅོད་པའི་རྣམ་པ་གང་ཡིན་པ་དེའི་སྤྱོད་ཡུལ་ཡང་གཞན་གྱི་དབང་གི་ངོ་བོ་ཉིད་ཡོངས་སུ་གྱུར་པ་ཡིན་ནོ། །རྗེས་ལས་ཐོབ་པའི་ཡེ་ཤེས་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཁོ་ན་ཡིན་ཏེ། དེ་རང་གིས་རྟོགས་པ་ལ་སོ་སོར་རྟོག་པའི་ཚེ། དེ་གཉིས་ཡུལ་ཡིན་པའི་ཕྱིར་རོ། །དེ་ལའམ་དེ་གཉིས་ལ་དབང་བ་སྟེ། འདི་དེ་ལ་ཟད་མི་ཤེས་པའི་མཚན་ཉིད་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འདིས་མཚོན་པར་བྱེད་ཤེས་པར་བྱེད་པས་ན་ཞེས་བྱེད་པའི་བྱེད་པ་པོར་བྱས་པའི་ཕྱིར་རོ། །དངོས་པོ་ཤེས་པ་དེ་དམིགས་པ། །དེ་ལའང་དངོས་པོ་ཤེས་པ་དང༌། །དེ་དམིགས་པ་དེ་གཉིས་ལ་དབང་ཟད་མི་ཤེས་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། འདིས་ནི་ལམ་གནས་ཡོངས་སུ་གྱུར་པ་ཡང་བསྟན་པ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་ཡོངས་སུ་གྱུར་ན། མེ་ལོང་ལྟ་བུའི་ཡེ་ཤེས་


DTG115_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་ལ་དམིགས་པ་ལ་དམིགས་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་སྐྱེ་སྟེ། དེ་བཞིན་ཡོངས་སུ་དག་ན་དེ་ལ་ཡང་དབང་ཟད་མི་ཤེས་པ་འཐོབ་བོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྒྱུན་གྱིས་རྟག་པ་ཉིད་ཀྱིས་འཁོར་བ་ཇི་སྲིད་པར་གནས་པའི་ཕྱིར་དབང་ཟད་མི་ཤེས་པ་ཐོབ་པའི་ཡང་རིགས་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཅི་དེ་ཁོ་ན་དང་འདྲ་བར་རྟག་པའི་ཕྱིར་མི་ཟད་པ་ཉིད་གཅིག་ཡིན་ནམ་ཞེ་ན་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན་བཞེད་དགུར་མངོན་པར་འགྱུར་བའི་ཕྱིར་ཏེ། རྩོལ་བ་མི་མངའ་བས་བཞེད་པ་ཙམ་གྱིས་མངོན་སུམ་དུ་མཛད་པ་གང་ཡིན་པ་དེ་ཉིད་དེ་ལ་མི་ཟད་པ་དེ་ཉིད་ཡིན་ནོ། །དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱང་དེ་བཞིན་དུ་གཞན་གྱི་དབང་གི་ངོ་བོ་ཉིད་དག་པ་དངོས་པོ་ཙམ་དེ་ལ་དབང་ཟད་མི་ཤེས་པ་འཐོབ་པོ་ཇི་ལྟ་ཞེ་ན། ཕྱིན་ཅི་ལོག་མ་ཡིན་པའི་དོན་གྱིས་ཏེ། ཇི་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་དག་དངོས་ཏེ་ཕྱིན་ཅི་ལོག་ཐམས་ཅད་མེད་པའི་ངོ་བོ་ཡིན་པ་ལྟར་དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱང་དེ་དང་འདྲའོ། །དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ཕྱིར་དེ་ནི་དེ་ལ་དམིགས་པ་ཡིན་ནོ། །འོ་ན་ཇི་ལྟར་འཇིག་རྟེན་པ་ཡིན་ཞེ་ན། རྣམ་པར་རྟོག་པ་དང་བཅས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟ་དེ་ལ་དམིགས་པ་ཡིན་ཞེ་ན། རང་རིག་པའི་རྣམ་པར་རོ། །ཇི་སྐད་དུ་རང་རིག་པ་དང་མཐུན་པར་སྐྱེ་བའི་ཕྱིར། རང་གིས་རྟོགས་པ་ཡོངས་སུ་གཅོད་པའི་རྣམ་པ་ཕྱིན་ཅི་མ་ལོག་པར་སྣང་སྟེ། དེས་ན་དེ་ལ་དམིགས་པ་ཞེས་བྱ་བའི་ཐ་སྙད་འཐོབ་པོ། །དེ་བཞིན་ཉིད་ཤེས་ཐམས་ཅད་ནས། །བསྒོམས་པས་ཡང་དག་གྲུབ་པ་ཅན། །དེ་ལ་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་བསྒོམ་པ་གང་ཡིན་པ་དེ་ལས་ཡང་དག་པར་འགྲུབ་པ་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་བཞིན་ཉིད་ཅེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ས་དང་པོ་ཐོབ་པའི་ཚེ་ཐོབ་པ་ཡིན་ནོ། །དེ་བསྒོམས་པ་ནི་ས་ལྷག་མ་རྣམས་ཏེ། དེ་བཞིན་ཉིད་ཤེས་པ་དེ་ཐམས་ཅད་ནས་ཆོས་ཀྱི་རྣམ་གྲངས་འདི་ཐམས་ཅད་ནས་ཐོས་པ་དང་བསམ་པ་དང༌། བསྒོམ་པ་ལ་སོགས་པའི་རིམ་གྱིས་སྦྱོར་བ་ལ་སོགས་པའི་གནས་སྐབས་དག་ཏུ་ཇི་ལྟ་ཇི་ལྟར། བསྒོམས་པ་དེ་ལྟ་དེ་ལྟར་ས་རེ་རེ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུར་འགྱུར་ཏེ། སངས་རྒྱས་ཀྱི་ས་ལ་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་ཡོངས་སུ་དག་


DTG115_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསལ་བའི་བར་དུ་འགྱུར་རོ། །འདིས་ནི་མཉམ་ཉིད་ཀྱི་ཡེ་ཤེས་བསྟན་ཏེ། དེ་ཡང་དེ་ཡོངས་སུ་དག་པའི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་ཅན་ཀུན་གྱི་གཉིས་བསྐྱེད་པ། །གཏན་དུ་མི་ཟད་འབྲས་བུ་ཅན། །འདི་ལ་སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཕན་པ་དང༌། བདེ་བ་གཉིས་བསྐྱེད་པ་མི་ཟད་པའི་འབྲས་བུ་ཡོད་པས་ཞེས་བྱ་བར་རྣམ་པར་སྦྱར་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་སྐྱེད་པ་ནི་དགེ་བ་བསྐྱེད་པའོ། །བདེ་བ་བསྐྱེད་པ་ནི་འཕྲལ་དུའོ། །དེ་གཉིས་ནི་འདིའི་སྟོབས་ཀྱིས་འཁོར་བ་ཇི་སྲིད་པར་མཛད་པས་འདི་གཉིས་མི་ཟད་པ་ནི་འདིའི་འབྲས་བུ་ཡིན་ཏེ། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་ནི་དེའི་ཕྱེད་ཡིན་པའི་ཕྱིར་རོ། །འདིས་ནི་སོ་སོར་རྟོག་པའི་ཡེ་ཤེས་བསྟན་ཏེ། དེ་ཡང་དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་སྤྲུལ་པ། །སྦྱོར་བའི་ཐབས་ཀྱི་ཕྲིན་ལས་ཅན། འདི་ལ་སྐུ་དང་གསུང་དང་ཐུགས་སྤྲུལ་པ་རྣམས་སྦྱོར་བར་བྱེད་པའི་ཐབས་གང་ཡིན་པ་དེ་ཉིད་ཀྱི་ཕྲིན་ལས་མངའ་བས་ཞེས་བྱ་བར་སྦྱར་རོ། །དེའི་ཐབས་ཡོངས་སུ་མཁྱེན་པའི་ཕྱིར། དེའི་ཕྲིན་ལས་ཅན་ཞེས་བྱའོ། །སྐུ་སྤྲུལ་པ་ནི་རྣམ་པ་གསུམ་སྟེ། རང་དང་གཞན་གྱི་ལུས་དང་འབྲེལ་བ་དང་མ་འབྲེལ་པའོ། །རང་གི་ལུས་དང་འབྲེལ་བ་འདི་བདག་ཉིད་འཁོར་ལོས་སྒྱུར་བ་ལ་སོགས་པའི་གཟུགས་སུ་ཀུན་དུ་སྟོན་པའོ། །གཞན་གྱི་ལུས་དང་འབྲེལ་བ་ནི་བདུད་ལ་སོགས་པ་སངས་རྒྱས་པའི་གཟུགས་སུ་ཀུན་དུ་སྟོན་པའོ། །མ་འབྲེལ་བ་ནི་ས་ལ་སོགས་པའི་རིན་པོ་ཆེས་ན་བདུན་གྱི་རང་བཞིན་དུ་ཀུན་དུ་སྟོན་པའོ། །སངས་རྒྱས་ཀྱི་སྐུ་ཡོངས་སུ་གཟུང་བ་དཔག་ཏུ་མེད་པ་ཀུན་དུ་སྟོན་པ་གང་ཡིན་པ་ཡང་ཡིན་ཏེ། ཇི་སྐད་དུ་སྔར་བཤད་པ་བཞིན་ནོ། །འོད་ཟེར་རབ་ཏུ་དགྱེ་བས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྣང་བ་མཛད་པ་གང་ཡིན་པ་དེ་ཡང་སྐུ་སྤྲུལ་པ་ཁོ་ན་ཡིན་ཏེ། དེས་ཀྱང་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །སྐྱེ་བ་ལ་སོགས་པ་ཀུན་དུ་སྟོན་པ་གང་ཡིན་པ་ཡང་ཡིན་ནོ། །དེ་བཞིན་དུ་གསུང་སྤྲུལ་པ་ཡང་རང་གི་ལུས་དང་འབྲེལ་བ་ནི་ཚངས་པའི་དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གོ་བར་མཛད་པའོ། །གཞན་གྱི་ལུས་དང་འབྲེལ་བ་ནི་གང་གིས་ན་ཉན་ཐོས་ལ་སོགས་པའི་ཡང༌། སངས་རྒྱས་ཀྱི་གསུང་དབྱངས་ཀྱིས་ཐེག་པ་


DTG115_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཆོས་བསྟན་པར་མཛད་པའོ། །མ་འབྲེལ་བ་ནི་ནམ་མཁའ་ལ་སོགས་པ་དག་ལས་ཆོས་སྟོན་པའི་སྒྲ་འབྱུང་ཞེས་བྱ་བ་ལ་སོགས་པའོ། །ཐུགས་སྤྲུལ་པ་ནི་བདག་དང་གཞན་དང་འབྲེལ་བ་སྟེ། བདག་ཉིད་ཆོས་ཐམས་ཅད་ཐུགས་སུ་ཆུད་ལ། གཞན་ཡང་གང་གིས་ན་ཤེས་རབ་ཆུང་ངུས་ཀྱང་ཆོས་ཟབ་མོ་ཡང་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟ་བུའི་སེམས་ངེས་པར་འཛིན་པར་མཛད་པ་དང༌། དྲན་པ་ཉམས་པ་རྣམས་ཀྱང་དྲན་པ་སླར་རྙེད་དོ་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་བསྟན་པ་ཡིན་ཏེ། ཇི་སྐད་དུ་སྔར་བཤད་པ་བཞིན་ནོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང༌། །དཔག་ཏུ་མེད་པ་གཉིས་དང་ལྡན། སྒོ་ནི་སྒོ་མོའོ། །དཔག་ཏུ་མེད་པ་གཉིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་གོ །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་སྟེ་ཡང་དག་པར་ལྡན་པ་དང་འབྱོར་པ་ཞེས་བྱ་བའི་ཐ་ཚིག་གོ །རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང༌། །སྤྲུལ་པས་ཐ་དད་འཇུག་པ་ཅན། འདི་ལ་རང་བཞིན་པ་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་དག་གིས་ཐ་སྙད་དུ་འཇུག་པ་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཐ་དད་པ་མ་ཡིན་མོད་ཀྱི། འོན་ཀྱང་སྐུ་གསུམ་གྱི་བྱེ་བྲག་གིས་འཇུག་པའི་ཕྱིར་འདི་ལ་ཐ་དད་དུ་འཇུག་པ་ཡོད་པས་ཞེས་བྱའོ། །སྐུ་གསུམ་པོ་འདི་དག་གིས་ནི་རང་དང་གཞན་གྱི་དོན་རྟེན་དང་བཅས་པ་སྟོན་ཏེ། དེ་ལ་རང་བཞིན་པ་ནི་ཆོས་ཀྱི་སྐུ་སྟེ། གནས་ཡོངས་སུ་གྱུར་བའི་མཚན་ཉིད་འབྱོར་བ་ཐམས་ཅད་ཀྱི་གནས་ཆོས་དཀར་པོ་ཐམས་ཅད་ལ་མངའ་མཛད་པ། སངས་རྒྱས་ཐམས་ཅད་ཀྱི་སྐུའི་གནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚུངས་པ་ཕྲ་ཞིང་ཤེས་པར་དཀའ་བ་ཡིན་ནོ། །དེའི་དབང་དུ་མཛད་ནས་གཞན་ལས་བརྟགས་པར་བྱ་བ་མ་ཡིན་པ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་རྟོག་གེའི་ལམ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལོངས་སྤྱོད་རྫོགས་པ་ནི་དེའི་དབང་གིས་འབྱུང་བའི་ཤེས་རབ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་སྟེ། ཤེལ་ལ་སོགས་པའི་རང་བཞིན་གྱིས་སངས་རྒྱས་ཀྱི་ཞིང་རྣམས་སུ་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་


DTG115_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནང་དག་ཏུ་སར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་རྒྱུ་མཚན་ཡིན་ནོ། །སྤྲུལ་པ་དུ་མ་གདུལ་བའི་སེམས་ཅན་ཇི་ལྟ་བ་རྣམས་ལ་གཟུགས་ཀྱི་སྐུ་ལ་སོགས་པ་ཀུན་དུ་བསྟན་པས་ཡོངས་སུ་སྨིན་པར་འགྱུར་བ་དང་མཐུན་པ་སྟེ། དེའི་རྗེས་ལ་ཐོབ་པའི་ཤེས་རབ་ཁོ་ན་ཡིན་ནོ། །སྤྲུལ་པ་པ་ནི་ཉན་ཐོས་ལ་སོགས་པའི་ཡུལ་ཡིན་གྱི་ལོངས་སྤྱོད་རྫོགས་པ་པ་ནི་མ་ཡིན་ནོ། །དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་དོན་ཆེན་པོ་སྟེ། གཟུགས་སྣ་ཚོགས་ཀུན་དུ་སྟོན་པས་རྟག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཉེ་བར་གནས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པ་པ་ནི་རང་གི་དོན་མཛད་པ་ཡིན་གྱི། འདི་ནི་གཞན་གྱི་དོན་མཛད་པ་ཁོ་ན་ཡིན་ནོ། །གཞན་ནས་ས་སངས་རྒྱས་ཀྱི་རབ་ཏུ་དབྱེ་བ་བཅུ་གསུངས་པ་གང་དག་ཡིན་པ་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་དང༌། སྨོན་ལམ་གྱི་སངས་རྒྱས་དང༌། ལས་ཀྱི་རྣམ་པར་སྨིན་པའི་སངས་རྒྱས་དང༌། བྱིན་གྱི་རླབས་ཀྱི་སངས་རྒྱས་དང༌། སྤྲུལ་པའི་སངས་རྒྱས་དང༌། ཆོས་ཀྱི་དབྱིངས་ཀྱི་སངས་རྒྱས་དང༌། སེམས་ཀྱི་སངས་རྒྱས་དང༌། ཏིང་ངེ་འཛིན་གྱི་སངས་རྒྱས་དང༌། རང་བཞིན་གྱི་སངས་རྒྱས་དང༌། བསམ་པ་ཇི་ལྟ་བ་བཞིན་གྱི་སངས་རྒྱས་དང་ཞེས་བྱ་བ་དེ་དག་ཀྱང་གསུམ་པོ་འདི་དག་ཁོ་ནའི་ཁོངས་སུ་འདུས་ཏེ། དེ་ལ་དང་པོ་ལྔ་ནི་ཀུན་རྫོབ་ཀྱི་སངས་རྒྱས་ཡིན་ནོ། །འོག་མ་ལྔ་ནི་དོན་དམ་པའི་སངས་རྒྱས་ཡིན་ནོ། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས། །རྣམ་དག་འདི་ནི་ཡང་དག་བརྗོད། །ཡོངས་སུ་དག་པའི་མཚན་ཉིད་ཇི་སྐད་བཤད་པས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་སུ་ཡོངས་སུ་དག་པ་གང་ཡིན་པ་འདི་ནི་ཡང་དག་པར་བརྗོད་ཟིན་པར་ཚིགས་སུ་བཅད་པ་བཞིས་ནི་གོ་རིམས་བཞིན་དུ་རང་བཞིན་གྱི་མཚན་ཉིད་དང་རྒྱུ་དག་དང་ཕྲིན་ལས་དང་ལྡན་པ་དང་འཇུག་པའི་དོན་གྱིས་སངས་རྒྱས་ཀྱི་སའི་རྣམ་པར་དབྱེ་བ་དེ་མདོར་བསྡུས་ཏེ་སྟོན་པར་བྱེད་དོ། །མདོ་སྡེ་རྣམ་པར་བཤད་བྱས་ནས། །བསོད་ནམས་བདག་གིས་གང་བསྐྱེད་པ། །དེས་ནི་འཇིག་རྟེན་སངས་རྒྱས་ས། །དམ་པ་མཆོག་ནི་ཐོབ་པར་ཤོག །སློབ་དཔོན་ངང་ཚུལ་བཟང་པོས་མཛད་པ་རྫོགས་སོ།། །།


previousའཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ། ངང་ཚུལ་བཟང་པོ།no next