Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་བཅུ་བདུན།


   
   
   
ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས།  ཕྱོགས་ཀྱི་གླང་པོ།
   
   
   


 
previousཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས། ཕྱོགས་ཀྱི་གླང་པོ།next

ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས།
ཕྱོགས་ཀྱི་གླང་པོ།


DTG117_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མནྟ་བྷ་དྲ་ཙཪྻ་པྲ་ཎི་དྷཱ་ནརྠ་སཾ་གྲ་ཧ་ཀྲི་ཏི་ཨཱ་ཙཱཪྻ་དི་ཀ་ནཱ་ག་པཱ་དེ་ན། བོད་སྐད་དུ། ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞབས་ཀྱིས་མཛད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལ་དོན་རྣམ་པ་བཅུ་ཡོད་དོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་དང༌། དེ་ལ་མཆོད་པ་དང༌། ཉེས་པ་བཤགས་པ་དང༌། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་བ་དང༌། དེ་བཞིན་གཤེགས་པ་བཞུགས་པར་གསོལ་བ་དང༌། དགེ་བའི་རྩ་བ་རབ་ཏུ་བསགས་པ་ཡོངས་སུ་བསྔོ་བ་དང༌། དེའི་རབ་ཏུ་དབྱེ་བ་དང༌། དེའི་མཐའ་དང༌། དེའི་ལེགས་པའོ། །དེ་ལ་ཕྱོགས་བཅུའི་ཞིང་དང་དུས་ཐམས་ཅད་དུ་གཤེགས་པའི་སངས་རྒྱས་རྣམས་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱ་བ་ལས་བརྩམས་ཏེ་གསུངས་པ། ཇི་སྙེད་སུ་དག་ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པའོ། །ལུས་ཀྱིས་ནི་ཞིང་གི་རྡུལ་སྙེད་ལ་སོགས་པའོ། །ཡིད་ཀྱིས་ནི་རྡུལ་གཅིག་སྟེང་ན་རྡུལ་སྙེད་ལ་སོགས་པའོ། །ངག་གིས་ནི་དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པའོ། །མཆོད་པ་ནི་རྣམ་པ་གཉིས་ཏེ། བླ་ན་ཡོད་པ་དང༌། བླ་ན་མེད་པའོ། །བླ་ན་ཡོད་པ་ནི། ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། མེ་ཏོག་དམ་པ་ཞེས་བྱ་བ་ལ་སོགས་པའོ། །བླ་ན་མེད་པ་ནི་མཆོད་པ་གང་རྣམས་བླ་ན་མེད་ཅེས་བྱ་བ་ལ་སོགས་པའོ། །རང་བཞིན་དང་གཞི་དང་གནས་ཀྱི་ཉེས་པ་བཤགས་པ་ལས་བརྩམས་ཏེ་གསུངས་པ། འདོད་ཆགས་ཞེ་སྡང་གཏི་མུག་ཅེས་བྱ་བ་ལ་སོགས་པའོ། །བསོད་ནམས་ཀྱི་རྗེས་སུ་ཡི་རང་བའི་དབང་དུ་བྱས་ཏེ་གསུངས་པ། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་བ་ལས་བརྩམས་ཏེ་གསུངས་པ། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་


DTG117_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་གསོལ་བ་ནི། མྱ་ངན་འདས་སྟོན་གང་བ་ཞེད་ཅེས་བྱ་བ་ལ་སོགས་པའོ། །དགེ་བའི་རྩ་བ་རབ་ཏུ་བསགས་པ་ཡོངས་སུ་བསྔོ་བ་ནི། ཕྱག་འཚལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཀུན་དུ་བཟང་པོའི་སྨོན་ལམ་རབ་ཏུ་དབྱེ་བ་ནི་རྣམ་པ་བཅུ་དྲུག་གོ །འདི་ལྟ་སྟེ། བསམ་པ་དང༌། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང༌། མི་ཆགས་པའི་སྦྱོར་བ་དང༌། སེམས་ཅན་ལ་ཕན་གདགས་པ་དང༌། གོ་ཆ་དང༌། སྐལ་པ་མཉམ་པའི་བྱང་ཆུབ་སེམས་དཔའ་དང༌། འགྲོགས་པ་དང༌། དག་པའི་བཤེས་གཉེན་དང་འགྲོགས་པ་དང༌། དེ་བཞིན་གཤེགས་པ་མངོན་དུ་འགྱུར་བ་དང༌། དམ་པའི་ཆོས་ཡོངས་སུ་གཟུང་བ་དང༌། མི་ཟད་པའི་མཛོད་རབ་ཏུ་རྙེད་པ་དང༌། འཇུག་པ་དང༌། སྟོབས་དང༌། གཉེན་པོ་དང༌། ལས་དང༌། རྗེས་སུ་སློབ་པར་བསྔོ་བ་དང༌། བསྡུ་བའོ། །དེ་ལ་བསམ་པ་ནི་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པའི་དགོངས་པ་ཡོངས་སུ་བསྐང་བའི་བསམ་པ་ནི་གང་གསུངས་པ། འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་བསམ་པ་ནི། ཕྱོགས་བཅུ་ག་ལའི་ཞིང་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་ལ་ཕན་པ་དང་བདེ་བའི་བསམ་པ་ནི་གང་གསུངས་པ། ཕྱོགས་བཅུའི་སེམས་ཅན་ཞེས་བྱ་བ་ལ་སོགས་པའོ། །གཉེན་པོ་དང་བཅས་པས་མི་མཐུན་པའི་ཕྱོགས་སྤང་བ་བསྟན་པ་ནི་བྱང་ཆུབ་ཀྱི་སེམས་མི་ཉམས་པ་སྟེ། གང་གསུངས་པ། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང༌། །ཞེས་བྱ་བ་ལ་སོགས་པའོ། །གང་ལས་ཅི་ལ་ཇི་ལྟར་མི་ཆགས་པའི་སྦྱོར་བ་དེ་བསྟན་པའི་ཕྱིར་གསུངས་པ། ལས་དང་ཉོན་མོངས་བདུད་ཀྱི་ལས་ཞེས་བྱ་བ་ལ་སོགས་པའོ། །ཚེ་འདི་དང་གཞན་དུ་སེམས་ཅན་ལ་ཕན་པའི་དབང་དུ་བྱས་ཏེ་གསུངས་པ། ངན་སྟོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །ཅེས་བྱ་བ་ལ་སོགས་པའོ། །སེམས་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྐང་བ་དང༌། དམ་པའི་ཆོས་རབ་ཏུ་བསྟན་པས་གོ་ཆ་རྣམ་པ་གསུམ་སྟེ། གང་གསུངས་པ། སེམས་ཅན་རྣམས་ཀྱི་སྤྱོད་པ་དང་མཐུན་པར་འཇུག་ཅེས་བྱ་བ་ལ་སོགས་པའོ། །ལུས་དང་ངག་དང་སྤྱོད་པ་དང་སྨོན་ལམ་གྱི་སྐལ་བ་མཉམ་པའི་


DTG117_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་དང་འགྲོགས་པ་སྟེ། གང་གསུངས་པ། བདག་གི་སྤྱོད་དང་མཐུན་པར་གང་སྤྱོད་པ། །ཞེས་བྱ་བ་ལ་སོགས་པའོ། །ཕན་པའི་བསམ་པ་བསྟན་པ་དང་ནན་ཏན་གྱིས་དགེ་བའི་བཤེས་གཉེན་གྱི་དབང་དུ་མཛད་ནས་གང་གསུངས་པ། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །ཅེས་བྱ་བ་ལ་སོགས་པའོ། །དུས་དང་འཁོར་དང་མཆོད་པ་བྱེད་པ་ལ་ཡོངས་སུ་མི་སྐྱོ་བས་དེ་བཞིན་གཤེགས་པ་མངོན་དུ་འགྱུར་བ་སྟེ། གང་གསུངས་པ། མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །ཞེས་བྱ་བ་ལ་སོགས་པའོ། །འཛིན་པ་དང་ཡོངས་སུ་སྦྱོང་བ་དང་བཤད་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་གསུངས་པ། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །ཞེས་བྱ་བ་ལ་སོགས་པའོ། །བསོད་ནམས་དང་ཡེ་ཤེས་ལ་སོགས་པ་ཚོགས་བསྒྲུབས་པས་མི་ཟད་པའི་མཛོད་རབ་ཏུ་རྙེད་པར་གང་གསུངས་པ། སྲིད་པ་ཐམས་ཅད་དུ་ནི་འཁོར་བ་ན། །ཞེས་བྱ་བ་ལ་སོགས་པའོ། །འཇུག་པ་ནི་རྣམ་པ་བརྒྱད་དེ། སངས་རྒྱས་དང་དེའི་ཞིང་མཐོང་བ་ལ་འཇུག་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། གང་གསུངས་པ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཀྱི་གསུང་ལ་འཇུག་པ་ནི་གང་གསུངས་པ། གསུང་གཅིག་ཡན་ལག་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལ་འཇུག་པར་གསུངས་པ་ནི། དེ་དག་གི་ཡང་གསུང་དབྱངས་ཞེས་བྱ་བ་ལ་སོགས་པའོ། །བསྐལ་པར་རབ་ཏུ་འཇུག་པ་ནི་གང་གསུངས་པ། མ་འོངས་བསྐལ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་པ་ནི་གང་གསུངས་པ། དུས་གསུམ་གཤེགས་པ་མིའི་སེང་གེ་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཀྱི་ཞིང་སྒྲུབ་པ་ལ་འཇུག་པར་གང་གསུངས་པ། གང་ཡང་དུས་གསུམ་དག་གི་ཞིང་གི་རྒྱན། །ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བར་འཇུག་པ་བརྒྱད་པ་ནི་གང་གསུངས་པ། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་དག །ཅེས་བྱ་བ་ལ་སོགས་པའོ། །སྟོབས་ནི་རྣམ་པ་བཅུ་སྟེ། ཚིགས་སུ་བཅད་པ་གཉིས་ལས་རྫུ་འཕྲུལ་ལ་སོགས་


DTG117_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཀུན་དུ་མྱུར་བའི་རྫུ་འཕྲུལ་སྟོབས་ཞེས་བྱ་བ་ལ་སོགས་པའོ། །གཉེན་པོ་ནི་ལས་དང་ཉོན་མོངས་པ་དང་བདུད་ཀྱི་སྟོབས་མི་མཐུན་པའི་ཕྱོགས་རབ་ཏུ་གཞོམ་པའི་ཕྱིར་རྣམ་པ་གསུམ་དུ་གང་གསུངས་པ། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཀྱི་ཞིང་རྒྱ་མཚོ་ཡོངས་སུ་སྦྱང་བ་ལ་སོགས་པ་ལས་ནི་རྣམ་པ་བརྒྱད་དེ། ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་པ། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་ནི་རྣམ་པ་གཉིས་ཏེ། དེ་ལ་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པར་བསྔོ་བ་ནི། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི། །ཞེས་བྱ་བ་ལ་སོགས་པའོ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་དང་ཞིང་དང་སྨོན་ལམ་རྣམ་པར་དག་པས་འཕགས་པ་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པར་བསྔོ་བ་ནི་ཚིགས་སུ་བཅད་པ་གསུམ་གྱིས་གསུངས་པ། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་ཐོག །ཞེས་བྱ་བ་ལ་སོགས་པའོ། །ཚད་དང་སྦྱོར་བ་དང་ཡོན་ཏན་དང་སྤྱོད་པ་དང་གནས་ཀྱི་བྱེ་བྲག་གིས་ཀུན་དུ་བསྡུ་བ་གསུངས་པ། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཅེས་བྱ་བ་ལ་སོགས་པའོ། །དེ་ལ་སྨོན་ལམ་གྱི་མཐའ་མེད་པའི་དཔེ་ནི་རྣམ་པ་བཞིར་གསུངས་ཏེ། ནམ་མཁའི་མཐར་ཐུག་གྱུར་པ་ཞེས་བྱ་བ་ལ་སོགས་པའོ། །སྨོན་ལམ་གྱི་ལེགས་པ་ནི་ཡོན་ཏན་རྣམ་པ་གཉིས་ཏེ། ཚེ་འདི་དང༌། ཕྱི་མའོ། །དེ་ལ་ཚེ་འདིའི་རྣམ་པ་བཞི་ནི་འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་གཟུང་བ་དང༌། དེ་བཞིན་གཤེགས་པ་མཐོང་བ་དང༌། བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པ་རྙེད་པ་དང༌། ལས་ཀྱི་སྒྲིབ་པ་ཡོངས་སུ་ཟད་པའོ། །དེ་ལ་མང་པོ་དང༌། རྒྱ་ཆེ་བ་དང༌། སྣ་ཚོགས་པ་དང༌། རྗེས་སུ་གཟུང་པ་དང༌། དངོས་པོ་དང༌། ཞིང་དམ་པའི་བསོད་ནམས་ཀྱི་དཔེ་དང༌། བྱང་ཆུབ་འདོད་པ་དང༌། སྨོན་ལམ་ལ་མོས་པས་བསོད་ནམས་ཀྱི་མཆོག་དམ་པ་ཡོངས་སུ་འཛིན་པར་གསུངས་པ་སྟེ། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །ཞེས་བྱ་བ་ལ་སོགས་པའོ། །ངན་སོང་དང་ལོག་པའི་གྲོགས་པོ་ཡོངས་སུ་


DTG117_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པས་དེ་བཞིན་གཤེགས་པ་མཐོང་བར་འགྱུར་ཏེ། དེས་ནི་ངན་སོང་ཐམས་ཅད་སྤང་བར་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །རབ་ཏུ་བསྔགས་པ་རྙེད་པ་འཚོ་བའི་ཚེ་འཐོབ་པས་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་རྙེད་པར་གསུངས་ཏེ། དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །ཞེས་བྱ་བ་ལ་སོགས་པའོ། །ལས་ཀྱི་སྒྲིབ་པ་ཡོངས་སུ་ཟད་པའི་ཡོན་ཏན་ལེགས་པ་བཞི་པ་ནི་གང་གསུངས་པ། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །ཞེས་བྱ་བ་ལ་སོགས་པའོ། །ཕྱི་མའི་ཡང་རྣམ་པ་གཉིས་ཏེ། རྒྱུས་བསྡུས་པ་དང༌། འབྲས་བུས་བསྡུས་པའོ། །དེ་ལ་རྒྱུས་བསྡུས་པ་ནི། །ཡེ་ཤེས་དང་མཚན་དང་དཔེ་བྱད་བཟང་པོའི་ལུས་དང་ནད་མེད་པའི་ལུས་ཀྱི་མཚན་ཉིད་དུ་གང་གསུངས་པ། ཡེ་ཤེས་དང་ནི་གཟུགས་དང་མཚན་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུས་བསྡུས་པ་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང༌། སེང་གེའི་ཁྲི་ལ་འདུག་པར་སྟོན་པ་དང༌། བདུད་རྣམས་རབ་ཏུ་ཕམ་པ་དང༌། མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཚན་ཉིད་དུ་གསུངས་པ། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་ཞེས་བྱ་བ་ལ་སོགས་པའོ། །མདོར་ན་འཇིག་རྟེན་གྱི་དང་འཇིག་རྟེན་ལས་འདས་པའི་སྦྱོར་བ་ཐོབ་པ་ནི་ལེགས་པའོ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །ཞེས་བྱ་བ་ལ་སོགས་པའོ། །འདི་མན་ཆད་ཀྱི་བསྔོ་བ་གསུམ་ནི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི་སྒྲིབ་པ་མེད་པས་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལུས་འཛིན་ཅིང་སྨོན་ལམ་ཡོངས་སུ་རྫོགས་པས་འཇིག་རྟེན་ན་གནས་ཏེ་སེམས་ཅན་གྱིས་དོན་སྒྲུབ་པར་གསུངས་པ། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་ཞེས་བྱ་བ་ནས་བཟུང་སྟེ། འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །ཞེས་བྱ་བའི་བར་རྣམས་སོ། །ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས་པ་རྫོགས་སོ།། །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བསྡུས་པའི་དོན་ནི་རྣམ་པ་བཅུའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་དང༌། དེ་ལ་མཆོད་


DTG117_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། དེ་བཞིན་གཤེགས་པ་བཞུགས་པར་གསོལ་བ་དང༌། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང༌། དེའི་རབ་ཏུ་དབྱེ་བ་དང༌། དེའི་མཐའ་དང༌། དེ་དག་གི་ལེགས་པ་རྣམས་སོ། །དེ་ལ་མི་དབྱེ་བའི་སྤྱིས་ནི་ཕྱོགས་བཅུའི་དུས་གསུམ་གྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱ་བའི་ཕྱིར། ཇི་སྙེད་སུ་དག་ཅེས་བྱ་བ་ལ་སོགས་པ་བཤད་དོ། །ཇི་སྙེད་ཅེས་བྱ་བ་ནི་གྲངས་ཇི་ཙམ་པའི་ཚད་དེ། དེ་དག་གི་ཚད་ཆད་པར་མ་གྱུར་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་སྤྱིར་བསྟན་པའི་ཕྱིར། སུ་དག་ཅེས་བྱ་བ་བཤད་དེ། གྲངས་ཆད་པ་མེད་པའོ་ཞེས་བྱ་བའི་ཐ་ཚིག་གོ །ཕྱོགས་བཅུ་ཞེས་བྱ་བ་ནི་ཕྱོགས་བཅུའོ། །འཇིག་རྟེན་གྱི་ཞེས་བྱ་བ་ནི་འགྲོ་བ་རྣམས་སོ། །དུས་གསུམ་གཤེགས་པ་ཞེས་བྱ་བ་ནི་དུས་གསུམ་གྱི་ཀུན་ཆུབ་པས་ཏེ། དུས་གསུམ་གྱི་ཞེས་བྱ་བའི་ཐ་ཚིག་གོ །མི་ཡི་སེང་གེ་ཞེས་བྱ་བ་ལ་སེང་གེ་ནི་ཐམས་ཅད་དུ་བག་བརྐྱང་ཞིང་གར་ཡང་དོགས་པ་མེད་ལ། དེ་དང་འདྲ་བ་ལྷར་བཅས་པའི་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་སེང་གེ་དང་ཡང་འདྲ་ལ། མི་ཡི་ཚེ་ཡང་སྟོན་པའི་ཕྱིར་མི་ཡང་ཡིན་ལ་སེང་གེ་ཡང་ཡིན་པས་མིའི་སེང་གེའོ། །བདག་གི་མ་ལུས་དེ་དག་ཐམས་ཅད་ལ། །ཞེས་བྱ་བ་ལ་ཐམས་ཅད་ཅེས་བྱ་བ་ནི་ཕྱོགས་གཅིག་ཏུ་ཡང་བརྗོད་དུ་རུང་བས་ན་འདིར་ནི་མ་ལུས་ཞེས་བྱ་བ་བརྗོད་དོ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་བྱ་བ་ནི་མཆོག་ཏུ་དང་བ་བསྐྱེད་པ་སྟེ། སེམས་དང་བ་དེས་བསྐྱེད་པས་ན་ལུས་དང་ངག་ཀྱང་དང་བའོ། །ད་ནི་ལུས་ལ་སོགས་པས་ཕྱག་བྱ་བ་སོ་སོར་ཕྱེ་སྟེ་བཤད་དོ། །དེ་ལ་ལུས་ཀྱི་ཕྱག་བྱ་བ་ནི། ཞིང་གི་རྡུལ་སྙེད་ཅེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་ཀྱི་ལུས་ཀྱིས་ཕྱག་བྱ་བའོ། །སྙེད་ཅེས་བྱ་བ་ནི་དཔེའི་རྣམ་གྲངས་ཏེ། ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའོ་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཀྱི་ལུས་རབ་ཏུ་བཏུད་པས་ཕྱག་བྱ་བའོ། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་དང་བདུད་ལས་རྒྱལ་བས་ན་སངས་


DTG117_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་ལ་རྒྱལ་བ་ཞེས་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། སྡིག་པའི་ཆོས་རྣམས་ལས་རྒྱལ་བས། །ཉེར་འགྲོང་ནི་རྒྱལ་བ་ཡིན། །ཞེས་གསུངས་པ་ལ་སོགས་པའོ། །དེ་ལྟར་དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐམས་ཅད་ལ་ཕྱག་བྱའོ། །བཅོམ་ལྡན་འདས་གཅིག་ལ་སེམས་ཀྱིས་དམིགས་པ་ན། གཞན་ལ་མ་ཁྱབ་པར་འགྱུར་རོ་སྙམ་པ་ལ། རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞེས་བྱ་བ་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་རེ་རེ་ཞིང་ཡང་མངོན་སུམ་དུ་བསམ་པའི་དོན་ཏོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །ཞེས་བྱ་བ་ལ། བཟང་པོ་ནི་དགེ་བའོ། །བཟང་པོ་ཡང་ཡིན་ལ་སྤྱོད་པ་ཡང་ཡིན་པས་ན་བཟང་པོ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ །དེར་སྨོན་པའི་སྨོན་ལམ་ཡིན་པས་ན་སྨོན་ལམ་ཞེས་བྱའོ། །དེའི་སྟོབས་ཀྱིས་ཉོན་མོངས་པ་ལ་སོགས་པས་ཟིལ་གྱིས་མི་ནོན་ཅིང་མི་མཐུན་པའི་ཕྱོགས་བཅོམ་པས་ན་སྟོབས་དག་གིས་ཞེས་བྱ་བ་སྟེ། རྣམ་པ་གཞན་ལས་ནི་འདི་ལྟ་བུའི་བྱེད་པ་མི་འབྱུང་བའི་ཕྱིར་རོ། །ད་ནི་ཡིད་ཀྱིས་ཕྱག་བྱ་བ་སྟེ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཅེས་བྱ་བ་ལ་སོགས་པའོ། །རྡུལ་གཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་སངས་རྒྱས་རྣམ་པ་ཞེས་བྱ་བ་ནི་ཁྱད་པར་དུ་མ་སྨོས་པའི་ཕྱིར་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ཀྱི་ཞིང་གི་རྡུལ་སྙེད་ཀྱིས་བདེ་བར་གཤེགས་པ་རྣམས་སོ། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་བྱ་བ་ནི་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་པའི་ཚོགས་ཀྱི་དབུས་ན་བཞུགས་པའོ། །རྡུལ་གཅིག་གི་སྟེང་དུ་ཇི་ལྟར་བསམས་པ་དེ་བཞིན་དུ་ཐམས་ཅད་དུ་བསམ་པར་བྱ་བའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཞེས་བྱ་བ་བཤད་དེ། ཆོས་ཀྱི་དབྱིངས་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པའི་ཕྱིར་ནམ་མཁའི་མཐས་ཀླས་པ་ཐམས་ཅད་ཡང་རྡུལ་གཅིག་གི་སྟེང་ན་རྡུལ་སྙིང་ཀྱི་སངས་རྒྱས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་པའི་ཚོགས་ཀྱིས་ཀུན་ནས་བསྐོར་བ་རྣམས་ཀྱིས་གང་ཞིང་བར་མཚམས་མེད་པར་ཁྱབ་པར་ཡིད་ཀྱིས་མོས་


DTG117_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ལུས་དང་དག་གི་ལས་རྣམས་ཡིད་ཀྱིས་བསྐྱེད་པས་ན་བར་དུ་ཡིད་ཀྱི་ལས་བཤད་དོ། །ད་ནི་ངག་གིས་ཕྱག་བྱ་བ་ནི། དེ་དག་བསྔགས་པ་མི་ཟད་ཅེས་བྱ་བ་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་ཇི་ལྟར་མོས་པར་བྱ་བ་དག་གོ །མཐར་ཡང་འགོང་བ་མེད་པས་ན་དེ་མི་ཟད་པའོ། །བསྔགས་པ་རྒྱ་མཚོ་ཞེས་བྱ་བ་ནི་ཡོན་ཏན་རྒྱ་མཚོ་སྟེ། དེ་དག་གི་བསྔགས་པ་རྒྱ་མཚོ་བཞིན་མི་ཟད་པའོ། །བསྔགས་པ་ཞེས་བྱ་བ་ནི་ཡོན་ཏན་གྱི་རྣམ་གྲངས་སོ། །རྒྱ་མཚོ་ཞེས་བྱ་བ་ནི་མང་པོའི་དོན་དུ་རིག་པར་བྱའོ། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །ཞེས་བྱ་པ་ལ། ཡན་ལག་ཅེས་བྱ་བ་ནི་ཡོན་ཏན་གྱི་རྣམ་གྲངས་སོ། །ཇི་ལྟ་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་ལས། བཅོམ་ལྡན་འདས་ཀྱི་དབྱངས་ནི་ཡན་ལག་ལྔ་དང་ལྡན་ཞེས་འབྱུང་བ་དང༌། ཐེག་པ་ཆེན་པོ་ལས་ཡན་ལག་དྲུག་ཅུ་དང་ལྡན་ལ། ཡན་ལག་སྟོང་ཕྲག་བཅུ་དྲུག་དང་ལྡན་པ། །ཚད་མེད་པའི་ཡན་ལག་དང་ལྡན་ཞེས་འབྱུང་སྟེ། དེ་ལྟར་ཡོན་ཏན་ལྔ་ལ་སོགས་པ་དང་ལྡན་པར་རིག་པར་བྱའོ། །ད་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བླ་ན་ཡོད་པ་དང་བླ་ན་མེད་པའི་མཆོད་པ་རྣམ་པ་གཉིས་ལས་བླ་ན་ཡོད་པའི་ཚིགས་སུ་བཅད་པ་གཉིས་ཏེ། མེ་ཏོག་དམ་པ་ཞེས་བྱ་བ་ལ་སོགས་པའོ། །མེ་ཏོག་ལ་སོགས་པ་དམ་པ་གང་ཡིན་པ་དེ་དག་ནི་མེ་ཏོག་དམ་པ་དང༌། ཕྲེང་བ་དམ་པ་དང༌། སིལ་སྙན་དམ་པ་དང༌། བ་དན་དང༌། ཙན་དན་དང༌། གུར་གུམ་ལ་སོགས་པའི་བྱུག་པ་དམ་པ་དང༌། གདུགས་དམ་པ་དང༌། མར་མེ་དམ་པ་དང༌། བདུག་པ་དམ་པ་དང༌། ན་བཟའ་དམ་པ་དང༌། སྤོས་སྣ་ཚོགས་སྦྱར་བའི་དྲི་དམ་པ་དང༌། ཙན་དན་དང༌། གུར་གུམ་དང༌། ག་པུར་དང༌། ཨ་ག་རུ་ལ་སོགས་པའི་ཕྱི་མའི་ཕུར་མ་རི་རབ་དང་མཉམ་པ་རྣམས་ཀྱིས་སོ། །ཁྱད་པར་ཅན་གྱི་རྒྱན་མཆོག་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་རྒྱན་མཆོག་ཅེས་བྱ་བ་ནི་མང་པོའི་རྣམ་གྲངས་སོ། །ལྷ་དང་མིའི་རྣམ་པ་ཐམས་ཅད་དང་ལྡན་པའི་དམ་པ་རྣམས་ཀྱིས་རྒྱལ་བ་དེ་དག་ཐམས་ཅད་ལ་མཆོད་པར་བགྱིའོ། །ད་ནི་བླ་ན་མེད་པའི་མཆོད་པ་བཤད་པར་བྱ་སྟེ། མཆོད་པ་གང་རྣམས་བླ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། བླ་ན་


DTG117_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་མཆོད་པ་རྒྱ་ཆེ་བ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་མཐུ་ལས་སྐྱེས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པར་ཆོས་ཀྱི་དབྱིངས་དམ་པས་རྒྱལ་བ་དེ་དག་ཀུན་ལ་བདག་གི་བསམ་བས་སོ། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །ཞེས་བྱ་བ་ནི་བཟང་པོ་སྤྱོད་པ་ལ་མོས་པ་དང༌། དད་ཅིང་ངེས་པར་ཡིད་ཆེས་པ་དེའི་སྟོབས་ཀྱིས་སོ། །བཟང་པོ་སྤྱོད་པ་ནི་མདོ་སྡེ་དུ་མ་ནས་བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་སྣ་ཚོགས་འབྱུང་བའོ། །ད་ནི་ཇི་ལྟར་བཤད་པའི་ཕྱག་བྱ་བ་དང༌། མཆོད་པ་རྣམས་མཇུག་བརྟུལ་བའི་ཕྱིར། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་བྱ་བ་བཤད་དེ། རྒྱལ་བ་ཐམས་ཅད་ལ་ཕྱག་བྱ་ཞིང་མཆོད་པར་བྱའོ། །རང་བཞིན་དང་རྒྱུ་དང་གནས་ཏེ་གསུམ་གྱི་སྡིག་པ་བཤགས་པར་བཤད་དེ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རང་བཞིན་ནི། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །ཞེས་བྱ་བ་སྟེ། ཚེ་འདི་དང་ཚེ་གཞན་དུ་བྱས་པ་དང༌། བྱེད་དུ་བཅུག་པ་དང༌། རྗེས་སུ་ཡི་རང་བ་རྣམས་སོ། །རྒྱུ་གང་གིས་ཤེ་ན། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་སོ། །གནས་གང་ཞེ་ན། ལུས་དང་དག་དང་ཡིད་ལ་གནས་ནས་སོ། །དེ་ལྟ་བུ་དེ་དག་ཐམས་ཅད་རྒྱལ་བ་ཀུན་དང་དེའི་སྲས་རྣམས་ཀྱི་སྤྱན་སྔར་འདུག་པ་བཞིན་དུ་ཤིན་ཏུ་འགྱོད་པའི་ཡིད་ཀྱིས་སྐད་ཅིག་རེ་རེ་ལ་ཡང་བཤགས་ཤིང་སྨྱུར་ཏེ་སྐྱུག་པར་བྱའོ། །ད་ནི་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་བཤད་དེ། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པའོ། །ཕྱོགས་བཅུའི་འགྲོ་བ་ཐམས་ཅད་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བའི་བསོད་ནམས་དང༌། དུས་གསུམ་དུ་གང་སློབ་པའི་གང་ཟག་བདུན་དང༌། གང་མི་སློབ་པའི་དགྲ་བཅོམ་པ་དང༌། གང་རང་རྒྱལ་བའི་རྣམ་པ་སྟེ། དེ་ཡང་བསེ་རུ་ལྟ་བུ་དང༌། སྡེས་རྒྱུ་བ་དང་རྣམ་པ་གཉིས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དུས་གསུམ་གྱི་བསོད་ནམས་དང༌། གང་ཐོག་མར་སེམས་བསྐྱེད་པ་རྣམས་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་


DTG117_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སངས་རྒྱས་བཅོམ་ལྡན་འདས་གང་དུས་གསུམ་དུ་གཤེགས་པ་རྣམས་ཀྱི་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པར་རྟོགས་པ་ཕ་རོལ་ཏུ་ཕྱིན་པ་དང་ས་ལ་སོགས་པ་ལས་སྐྱེས་པ་དང༌། དུས་གསུམ་དུ་གཤེགས་པ་འཇིག་རྟེན་གྱི་དང༌། འཇིག་རྟེན་ལས་འདས་པ་རེ་རེའི་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསམ་དུ་མེད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་དག་ཐམས་ཅད་ལ་སྐད་ཅིག་རེ་རེ་ཞིང་ཡང་རྗེས་སུ་ཡི་རང་བར་བྱའོ། །འགྲོ་བ་ཞེས་བྱ་བའི་ཚིག་ནི་མ་ལུས་པར་སྙེགས་པས་སློབ་པ་ལ་སོགས་པའི་བསོད་ནམས་ཀྱང་འདུས་ན་ཅིའི་ཕྱིར་ཐ་དད་དུ་སྨོས་ཤེ་ན་དེ་ལྟ་མ་ཡིན་ཏེ། འགྲོ་བས་ན་འགྲོ་བ་སྟེ་སྲེད་པ་དང་བཅས་པས་འཁོར་བར་འཁོར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་གང་ཡང་འགྲོ་བ་མེད་ན་ཇི་ལྟར་འགྲོ་བ་ཞེས་བྱ། དེ་བས་ན་སོ་སོར་བསྟན་ཏོ། །ད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་བཤད་དེ། གང་རྣམས་ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པའོ། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །ཅེས་བྱ་བ་ནི་འགྲོ་བའི་སྒྲོན་མ་སྟེ། །འཇིག་རྟེན་གྱི་ཕྱི་དང་ནང་གི་མུན་པ་མང་པོ་རྣམ་པར་སེལ་བས་ན་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་སྒྲོན་མའོ། །བྱང་ཆུབ་རིམ་པར་སངས་རྒྱས་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའོ། །མ་ཆགས་བརྙེས་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་སྟོབས་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མ་ལུས་པར་ཡོངས་སུ་མཁྱེན་པས་ཆགས་བར་གྱུར་པ་ཐམས་ཅད་ལས་འདས་པའོ། །ཆོས་ཟབ་མོ་རྟོགས་པར་བྱ་བ་ལ་གཞན་དག་མི་འདོད་ཅིང༌། བརྩོན་འགྲུས་རྩོམ་པས་ཁོང་དུ་ཆུད་པར་བྱ་བར་དཀའ་བས་ན་ཆོས་འཆད་པའི་ཕྱིར་སྤྲོ་བ་མི་མཛད་བར་འཇིག་རྟེན་སྣ་ཚོགས་པའི་བྱང་ཆུབ་ཀྱི་ཤིང་དམ་པའི་དྲུང་དུ་བཞུགས་པའི་འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ལ་འགྲོ་བ་རྣམས་ཀྱི་མི་ཤེས་པའི་མུན་གང་བསལ་བར་བྱ་ཞིང་བླ་ན་མེད་པའི་ཡེ་ཤེས་ཀྱི་སྣང་བར་བྱ་བར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་བུས་མོ་གཉིས་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་མདུན་ན་འདུག་པ་བཞིན་དུ་བསྐུལ་བར་བྱའོ། །ད་ནི་དེ་བཞིན་


DTG117_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་བཞུགས་པར་གསོལ་བ་གདབ་པ་ནི། མྱ་ངན་འདའ་སྟོན་གང་བཞེད་ཅེས་བྱ་བ་ལ་སོགས་པ་སྟེ། གང་ཞེས་བྱ་བ་ཁྱད་པར་དུ་མ་བརྗོད་ཀྱང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །ཅེས་བྱ་བ་དང་སྦྱར་རོ། །ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་མྱ་ངན་ལས་འདའ་ཞིང་མྱ་ངན་ལས་འདའ་བ་སྟོན་པར་བྱེད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ལ་བདག་གིས་ཐལ་མོ་སྦྱར་ཏེ་ཡུན་རིང་དུ་བཞུགས་པར་གསོལ་བ་གདབ་པོ། །ཅིའི་ཕྱིར་ཞེ་ན། མགོན་མེད་པར་གྱུར་པའི་འགྲོ་པ་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཏེ། དེ་ལ་ཕན་པ་ཞེས་བྱ་བ་ནི་བདེ་བ་དང་ལྡན་པའི་མྱ་ངན་ལས་འདས་པའི་ལམ་འཐོབ་པར་བྱེད་པའོ། །བདེ་བ་ཞེས་བྱ་བ་ནི་ལྷའི་ལོངས་སྤྱོད་ཐོབ་པར་བྱེད་པའོ། །དུས་ཇི་སྲིད་དུ་ཞེ་ན། དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་རྡུལ་སྙེད་ཀྱི་བསྐལ་པར་བཞུགས་སུ་གསོལ་བའོ། །ད་ནི་ཇི་ལྟར་བཤད་པའི་ཕྱག་བྱ་བ་ལ་སོགས་པ་ཚད་མེད་པ་ལས་བྱུང་བའི་བསོད་ནམས་མ་ལུས་པ་རྣམས་ཡོངས་སུ་བསྔོ་བར་བྱ་སྟེ། ཕྱག་འཚལ་བ་དང༌། མཆོད་ཅིང་བཤགས་པ་དང༌། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་བདེ་བར་གཤེགས་པ་བཞུགས་པར་གསོལ་བ་རྣམས་ཀྱི་དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ་དེ་དག་ཐམས་ཅད་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །ང་ནི་དེའི་རབ་ཏུ་དབྱེ་བ་སྟེ་བརྒྱད་པའོ། །དེ་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཡན་ལག་རབ་ཏུ་དབྱེ་བ་སྟེ། དེ་དག་ནི་རྣམ་པར་བཅུ་དྲུག་གོ །འདི་ལྟ་སྟེ། བསམ་པ་དང༌། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང༌། ཆགས་པ་མེད་པར་སྦྱོར་བ་དང༌། སེམས་ཅན་ལ་ཕན་གདགས་པ་དང༌། གོ་ཆ་བགོ་བ་དང༌། སྐལ་པ་མཐུན་པའི་བྱང་ཆུབ་སེམས་དཔའ་བསྟེན་པ་དང༌། དགེ་བའི་བཤེས་གཉེན་མགུ་བར་བྱེད་པ་དང༌། དེ་བཞིན་གཤེགས་པ་མངོན་སུམ་དུ་བྱ་བ་དང༌། དམ་པའི་ཆོས་ཡོངས་སུ་བསྡུ་བ་དང༌། མི་ཟད་པའི་མཛོད་རྙེད་པ་དང༌། འཇུག་པར་བྱ་བ་དང༌།


DTG117_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང༌། གཉེན་པོ་དང༌། ལས་དང༌། རྗེས་སུ་སློབ་ཅིང་བསྔོ་བ་དང༌། བསྡུ་བར་བྱ་བ་རྣམས་སོ། །དེ་ལ་བསམ་པ་ནི་རྣམ་པ་དང་པོ་སྟེ། དེ་ཡང་རྣམ་པ་གསུམ་མོ། །དེ་བཞིན་གཤེགས་པ་ལ་མཆོད་ཅིང་དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པ་ནི། འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པའོ། །མཆོད་པར་གྱུར་ཅིག་ཅེས་བྱ་བ་ནི་བླ་ན་མེད་པའི་མཆོད་པས་སོ། །འདས་པར་བསྟན་པ་ནི་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྣམས་སོ། །གང་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་གནས་ཤིང་བཞུགས་པ་འཇིག་རྟེན་གྱི་ཁམས་སྣ་ཚོགས་ནི་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བ་ལ་སྟོབས་པ་ལ་བརྩོན་པ་དེ་དག་ལ་ཡང་དེ་བཞིན་དུ་མཆོད་པར་གྱུར་ཅིག་པའོ། །གང་ཕྱིས་འབྱོན་པར་འགྱུར་བ་དེ་དག་གི་བསམ་པ་ཀུན་རྫོགས་ནས་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་གྱུར་ཅིག་པའོ། །དེ་ལ་ཕྱེད་ཡན་ཆད་ནི་དེ་བཞིན་གཤེགས་པ་ལ་མཆོད་པར་བསམ་མོ། །ཕྱེད་མན་ཆད་ནི་དགོངས་པ་རྫོགས་པར་བསམ་པ་བསྟན་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པར་བསམ་པ་ནི། ཕྱོགས་བཅུ་ག་ལའི་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། ག་ལའི་ཞེས་བྱ་བ་ནི་གང་ན་ཡང་རུང་བའོ། །ཇི་སྙེད་པ་ཞེས་བྱ་བ་ནི་གང་དག་ཡོད་པའོ། །བདེ་བ་ཅན་གྱི་འཇིག་རྟེན་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཡོངས་སུ་དག་པར་གྱུར་ཅིག་པ་དང་སྣང་བ་མཐའ་ཡས་ཅི་བཞིན་དུ་འཇིག་རྟེན་གྱི་ཁམས་ཐ་དད་པ་གཞན་ཡང་ཡངས་པར་གྱུར་ཅིག་པའོ། །བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་རྒྱལ་བ་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཀུན་ཏུ་གང་ཞིང་བར་མཚམས་མེད་པར་གྱུར་ཅིག་པའོ། །སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བའི་བསམ་པ་ནི། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་གང་ན་སྐྱེ་བ་རྣམ་པ་བཞིར་བསྡུས་པ་དང༌། རྒྱུད་དྲུག་གི་སེམས་ཅན་དེ་དག་ཡུན་དུ་བདེ་བའི་མཆོག་


DTG117_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བདེ་བར་གྱུར་ཅིག་པའོ། །ནད་མེད་པ་ནི་ལུས་དང་སེམས་ཀྱི་ནད་དང་རྟག་པར་བྲལ་བར་གྱུར་ཅིག་པའོ། །དེ་ལྟར་ཆོས་ཀྱི་རྙེད་པ་དང་མཐུན་པ་ནི་ལྡན་པར་གྱུར་པའོ། །འགྲོ་བ་ཆོས་ཀྱི་བསམ་པ་ཅན་ཐམས་ཅད་འདི་ལྟར་རྟག་ཏུ་གྲུབ་པ་དང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་པའོ། །བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ནི་གཉེན་པོ་དང་བཅས་པ་དང༌། མི་མཐུན་པའི་ཕྱོགས་སྤང་བར་བསྟན་པར་རྣམ་པ་གཉིས་ཏེ། དེ་དག་ནི་ཚིགས་སུ་བཅད་པ་བཞི་སྟེ། བྱང་ཆུབ་སྤྱོད་པ་ཞེས་བྱ་བ་ནས་བཟུང་སྟེ། དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ཞེས་བྱ་བའི་བར་དུའོ། །བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་བོ། དེ་ལྟར་སྤྱོད་པའི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་དག་སྤྱོད་ཅིང་སྒྲུབ་པས་ན་འགྲོ་བ་ཀུན་དུ་ཡང་ཚེ་རབས་དྲན་པར་གྱུར་ཅིག །ཚེ་རབས་ཀུན་དུ་འཆི་འཕོ་སྐྱེ་བ་ན། །ཞེས་བྱ་བ་ནི་ཤི་ཞིང་སྐྱེས་པ་ན་ཡང་རྟག་ཏུ་བདག་རབ་ཏུ་འབྱུང་བར་གྱུར་ཅིག་པའོ། །སྐྱེས་ནས་ཤི་བའི་བར་ལ་བཤད་པར་བལྟ་བའོ། །འདི་ནི་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་རྒྱུ་དང་དངོས་པོ་དང་པོའོ། །འདི་ལྟར། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །ཞེས་བྱ་བ་ནི་རྒྱལ་བ་དུས་གསུམ་དུ་གཤེགས་པ་ཐམས་ཅད་ཀྱིས་བསླབ་པའི་རྗེས་སུ་སློབ་བའོ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའོ། །རྫོགས་པར་ཇི་ལྟར་བྱ་ཞེ་ན། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་བྱ་བ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གློ་བུར་གྱི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པའོ། །གཡའི་སྐྱོན་ཀུན་བསལ་བས་ན་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། དེ་ལྟ་བས་ན་མ་ཉམས་སྐྱོན་མེད་པ་ཞེས་བྱ་བ་སྟེ། འདོད་པ་ཀུན་ཕུན་སུམ་ལྡན་པར་བྱེད། གདུང་བ་ཀུན་ཡོངས་སུ་མེད་པར་བྱེད། ནད་ཐམས་ཅད་དང་བྲལ་བར་བྱེད་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱང་རིན་པོ་ཆེ་བཞིན་དུ་གློ་བུར་གྱི་ལས་དང་ཉོན་མོངས་པ་དང་མ་འདྲེས་པས་ན་དྲི་མ་དང་བྲལ་བ་སྟེ་དྲི་མ་མེད་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་སེམས་བསྐྱེད་པའི་གཡའི་སྐྱོན་དང་བྲལ་ཞིང་


DTG117_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་བཞིན་དུ་ཀུན་དུ་དག་པས་ན་ཡོངས་སུ་དག་པའོ། །བྱང་ཆུབ་སེམས་དཔའི་སློབ་པ་ལ་ཤིན་ཏུ་གསུམ་པར་བྱས་ནས་ཉེས་པ་མི་སྤྱོད་པས་ན་ཉམས་པ་མེད་པའི་ཕྱིར་ཉམས་པ་མེད་པའོ། །འདས་པའི་ཡུལ་ལ་རེ་བའི་སྲེད་པ་སྐྱེ་བ་དང༌། མ་འོངས་པ་དང་ཚེ་ཕྱི་མ་རྣམས་སུ་སྨོན་པའི་སྲེད་པ་དང༌། དེ་ལྟར་བྱུང་བ་ལ་ཞེན་པའི་སྲེད་པ་སྟེ། དུས་གསུམ་གྱི་སྲེད་པའི་ཁབ་ཀྱིས་ཅུང་ཟད་དུ་ཡང་མ་གཙེས་པས་ན་སྐྱོན་མེད་པའོ། །ས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འདོད་པ་ཕུན་སུམ་ལྡན་པར་བྱེད་པ་དང༌། ཐམས་ཅད་ཀྱི་གདུང་བ་ཡོངས་སུ་སེལ་བ་དང༌། ཐམས་ཅད་ཀྱི་ནད་འཇོམས་པ་དང༌། ལྷ་དང་མི་རྣམས་ཀྱི་དོན་ཚད་མེད་པར་བསྒྲུབ་བ་འབའ་ཞིག་པ་ལ་འཇུག་པ་སྟེ། སྒྲའི་ཚུལ་དུའང་ལུས་དང་སེམས་ཀྱི་གདུང་བ་བསིལ་བར་བྱེད་པས་ན་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་ནི་སྤྱད་པར་བྱ་བ་ཡིན་པས་ན་སྤྱོད་པ་ཞེས་བྱ་བའོ། །དེ་ལྟར་རྟག་པར་ནམ་བྱང་ཆུབ་ཀྱི་བར་དུ་སྤྱོད་པ་ནི་ཚུལ་ཁྲིམས་སྤྱོད་པ་དྲི་མ་མེད་པ་ཡོངས་སུ་དག་པ་འམ་མ་ཉམས་པ་སྐྱོན་མེད་པར་སྤྱོད་པ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་གཉིས་པའོ། །ལྷ་ཡི་སྐད་དང་ཞེས་བྱ་བ་ལ་སོགས་བ་ནི་ལྷ་ལ་ནི་ལྷའི་སྐད་ཀྱིས་སོ། །ཀླུ་དང་གནོད་སྦྱིན་དང་གྲུལ་བུམ་དང་མི་རྣམས་ལ་ཡང་སོ་སོའི་སྐད་ཀྱིས་སོ། །མདོར་ན་འགྲོ་བ་ཇི་སྙེད་པ་ཐམས་ཅད་ཀྱི་སྐད་དུ་དེ་དག་ཐམས་ཅད་ལ་དེ་ལྟ་བུའི་སྐད་དུ་ཆོས་བཤད་པ་ནི་ནམ་བྱང་ཆུབ་ཀྱི་བར་དུའོ། །འདི་ནི་རྒྱུ་གསུམ་པའོ། །དེས་ཤིང་ཞེས་བྱ་བ་ལ་སོགས་པ་ལ་དེས་པ་ནི་སེམས་ཀྱི་རྒྱུད་མཉེན་བའོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་བཅུ་པོའོ། །དེ་ལ་རབ་ཏུ་བརྩོན་བ་ནི་མི་སྐྱོ་བའི་ཡིད་ཀྱིས་ཡོངས་སུ་བརྩོན་པར་བྱེད་པའོ། །བྱང་ཆུབ་ཀྱི་སེམས་ནི་ནམ་དུ་གར་ཡང་མི་འདོར་བར་བྱ་བ་སྟེ། མི་འདོར་བར་ནི་ནམ་བྱང་ཆུབ་བའི་བར་དུ་སྟེ། འདི་ནི་རྒྱུ་བཞི་པའོ། །ཚིགས་སུ་བཅད་པ་ཕྱེད་དང་བཞི་བོས་ནི་བྱང་ཆུབ་ཀྱི་སེམས་ལ་མི་མཐུན་བའི་ཕྱོགས་ཀྱིས་བསྒྲིབས་པར་


DTG117_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་བ་དེ་དག་གི་གཉེན་པོ་བསྟན་པའོ། །ད་ཚིགས་བཅད་ཕྱེད་ཀྱིས་ནི་མི་མཐུན་པའི་ཕྱོགས་རབ་ཏུ་སྤོང་བར་སྟོན་ཏེ། གང་ཞེ་ན། སྡིག་བ་གང་རྣམས་སྒྲིབ་པར་གྱུར་བ་དག །ཅེས་བྱ་བ་ལ་སོགས་པའོ། །སྡིག་པ་སྒྲིབ་པར་གྱུར་བ་བྱང་ཆུབ་ཀྱི་སེམས་ལ་བར་ཆད་བྱེད་པ་དེ་དག་ཐམས་ཅད་ཀུན་ཡོངས་སུ་ཟད་ཅིང་སྤོང་བར་གྱུར་ཅིག་བའོ། །ད་ནི་ཆགས་པ་མེད་པར་སྦྱོར་བ་ནི་རྣམ་པ་གསུམ་པ་སྟེ། གང་ལས་དང༌། གང་ན་དང༌། ཇི་ལྟར་དང་གསུམ་མོ། །ལས་དང་ཉོན་མོངས་ཞེས་བྱ་བ་ལ་སོགས་པའོ། །གང་ལས་ཤེ་ན། ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལས་རྣམས་ལས་སོ། །ལས་དེ་དམིགས་ཀྱིས་མ་ཕྱེད་པ་ན་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་དང་རྣམ་པ་གསུམ་ཆར་གཟུང་ངོ༌། །དེ་ལ་མི་དགེ་བའི་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལས་རྣམས་ལས་རྣམ་པར་གྲོལ་ཞིང་དེ་དག་ལ་མི་ཆགས་པར་རྟག་ཏུ་སྤྱོད་པ་སྟེ། གང་ཞེ་ན། ལྷ་ལ་སོགས་པའི་འཇིག་རྟེན་འགྲོ་བ་ན་གནས་པའི་ཚེའོ། །ཇི་ལྟ་བུ་ཞེ་ན། ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཞེས་བྱ་བ་སྟེ། ཇི་ལྟར་པདྨ་ཆུ་ལས་སྐྱེས་ཀྱང་ཆུས་མི་ཆགས་པ་དེ་བཞིན་དུ་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལས་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་ཆགས་པར་སྤྱོད་པའོ། །དེ་ལྟར་དགེ་བ་དང་མི་གཡོ་བ་གཉིས་ལས་ཀྱང་འབྲས་བུ་རྣམ་པར་སྨིན་པ་ལ་རེ་བ་མེད་བར་བྱ་ཞིང་ཆགས་པ་མེད་པར་བྱ་སྟེ། འགྲོ་བ་ཐམས་ཅད་ལ་ཕན་ཞིང་བདེ་བ་འབའ་ཞིག་སྤྱོད་ཅིང་སྒྲུབ་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་པར་བརྗོད་དོ། །ཇི་ལྟར་ཞེ་ན། དཔེར་ན། ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཅེས་བྱ་བ་སྟེ། ཉི་མ་དང་ཟླ་བ་ནི་འཇིག་རྟེན་ན་ཡིད་བཞིན་གྱི་ནོར་བུ་བཞིན་དུ་གཞན་གྱི་དོན་བྱེད་པ་ལ་བཞུགས་ཤིང་བདག་གི་ཅུང་ཟད་ལའང་མི་ཆགས་པར་ཉིན་མཚན་དུ་ནམ་མཁའ་ལ་རྒྱུ་བ་དེ་དང་འདྲ་བར་རོ། །དེ་ལ་བདུད་ཅེས་བྱ་བ་ནི་དགེ་བའི་སྲོག་གི་བར་ཆད་བྱེད་པས་བྱང་ཆུབ་དང་མི་མཐུན་པར་བྱེད་ཅིང་དམ་པའི་ལམ་ལས་ཟློག་པ་སྟེ། སྒྲའི་ཚུལ་དུའང་ཆོས་ཀྱིས་འཚོ་བའི་བར་ཆད་བྱེད་ཅིང་གསོད་པས་ན་བདུད་ཅེས་བྱའོ། །


DTG117_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལས་ནི་ཕན་པའི་དངོས་པོ་ལ་རྒྱུས་འཚེ་བའོ། །ཚེ་འདི་དང་ཕྱི་མ་ལ་སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་སྟེ་རྣམ་པ་བཞི་པའོ། །དེ་ཡང་གང་ཞེ་ན། ངན་སོང་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པའོ། །འགྲོ་བ་ཐམས་ཅད་སྡིག་པས་སྡུག་བསྔལ་ཞིང་ངན་སོང་རྣམ་པ་གསུམ་དུ་སྐྱེས་པ་དེ་དག་རབ་ཏུ་ཞི་བར་བྱའོ། །དེ་ལ་ཡང་ཅིའི་ཕྱིར་ངན་སོང་གི་སྡུག་བསྔལ་འབའ་ཞིག་ཞི་བ་ཞེས་བྱ་ཞེ་ན། དེ་དག་གིས་ཤིན་ཏུ་གནོད་པར་བྱེད་པས་ན་གཙོ་བོར་བཤད་པ་ཡིན་གྱིས། འཁོར་བ་ཐམས་ཅད་ཀྱི་སྡུག་བསྔལ་ཡང་དེ་བཞིན་དུ་རབ་ཏུ་ཞི་བར་བྱ་བར་རིག་པར་བྱའོ། །ཅིའི་ཕྱིར་འགྲོ་བ་ཐམས་ཅད་མཆོག་ཏུ་བདེ་བ་ལ་འགོད་པར་བྱ་ཞེ་ན། དེ་ལྟར་འགྲོ་བ་ཐམས་ཅད་ལ་ཕན་པར་སྤྱོད་པར་བྱ་བ་སྟེ། བླ་ན་མེད་པའི་ཡེ་ཤེས་ཐོབ་ཀྱི་བར་དུ་ཡོངས་སུ་མི་སྐྱོ་བའི་ཡིད་ཀྱིས་གཞན་དུ་མི་སྦྱོར་བར་སྤྱོད་བར་བྱ་བའོ། །ཇི་སྲིད་ཀྱི་བར་དུ་ཞེ་ན། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར་ཞེས་བྱ་བ་སྟེ། ཇི་ཙམ་པར་ཞེས་བྱ་བ་ནི་ཇི་སྲིད་པའོ། །ཞིང་གི་ཁྱོན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་གི་ཁྱོན་ཇི་ཙམ་པ་སྟེ། བསྐལ་བ་གཅིག་ནས་གཅིག་ཏུ་གནས་པའོ། །ཕྱོགས་ཞེས་བྱ་བ་ནི་ཕྱོགས་བཅུར་སྦྱར་བར་བྱའོ། །གོ་ཆ་བ་གོས་པ་ནི་རྣམ་པ་ལྔ་སྟེ། དེ་ཡང་རྣམ་པ་གསུམ་མོ། །སེམས་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་དང༌། དམ་པའི་ཆོས་རབ་ཏུ་བསྒྲགས་པ་རྣམས་ཏེ། དེ་ཡང་གང་ཞེ་ན། སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །ཅེས་བྱ་བ་ལ་སོགས་པའོ། །སེམས་ཅན་རྣམས་ལ་རྒྱུ་མེད་པའི་རང་བཞིན་སྤྱོད་པ་དང༌། བདེ་བར་གནས་པ་དང་སེམས་ཀྱི་རྗེས་སུ་མཐུན་པར་འཛིན་ཅིང་སྤྱོད་པའོ། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཞེས་བྱ་བ་ནི་བྱང་ཆུབ་པའི་དོན་དུ་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་བར་བྱེད་བའོ། །བཟང་པོ་སྤྱོད་བ་དག་ནི་རབ་སྟོན་ཅིང༌། །ཞེས་བྱ་བ་ལ་འདིར་བཟང་པོ་སྤྱོད་བ་ཞེས་བྱ་བ་ནི་དམ་པའི་


DTG117_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཆད་པ་ཉིད་གཟུང་སྟ་ཐབས་ཀྱིས་སྒྲོ་བཏགས་པ་དང༌། འཆད་པ་དང༌། སྟོན་པའོ། །མ་འོངས་བསྐལ་བ་ཀུན་དུ་སྤྱོད་པར་གྱུར། །ཅེས་བྱ་བ་ནི་མ་འོངས་པའི་བསྐལ་བ་མཐའ་ཡས་པ་ཐམས་ཅད་དུ་མི་སྐྱོ་བའི་ཡིད་ཀྱིས་སྤྱོད་པའོ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་དང༌། སྨོན་ལམ་གྱིས་སྐལ་པ་མཉམ་པའི་བྱང་ཆུབ་སེམས་དཔའ་དང་མཐུན་པར་བསྟན་པ་སྟེ་དེ་ནི་རྣམ་པ་དྲུག་པའོ། །དེ་ཡང་གང་ཞེ་ན། བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །ཞེས་བྱ་བ་ལ་སོགས་པའོ། །བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མཐུན་པར་གང་སྤྱོད་པ་དེ་དག་དང་རྟག་པར་ནམ་བྱང་ཆུབ་པའི་བར་དུ་འགྲོགས་པ་དང༌། ལུས་དང་ངག་དང་ཡིད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། སྨོན་ལམ་དེ་དང་ལྷན་ཅིག་ཏུ་སྤྱོད་པར་ཤོག་ཤིག་པའོ། །ཕན་པར་བསམ་པའི་མན་ངག་སྒྲུབ་པ་ནི་དགེ་བའི་བཤེས་གཉེན་མགུ་པར་བྱེད་པ་སྟེ། དེ་ནི་རྣམ་པ་བདུན་པའོ། །དེ་ཡང་གང་ཞེ་ན། བདག་ལ་ཕན་པར་འདོད་པའི་གྲོགས་པོ་ཞེས་བྱ་བ་ལ་སོགས་པའོ། །དགེ་བའི་བཤེས་གཉེན་གང་ཕན་པར་འདོད་པས་བཟང་པོ་སྤྱོད་པ་སྟོན་པ་དང༌། འཆད་པ་དང༌། ཆོས་ཀྱི་གཏམ་ཟེར་བ་དང། བདག་རྟག་པར་ལྷན་ཅིག་ཏུ་མཚུངས་པར་སྤྱོད་པར་གྱུར་ཅིག་པའོ། །དེ་དག་བདག་གིས་ནམས་ཀྱང་སྟེ་གཞར་ཡང་ཡིད་དབྱུང་བར་མི་བྱ་སྟེ། ནམ་བྱང་ཆུབ་པའི་བར་དུ་རྟག་པར་དེ་དང་མཐུན་པར་གྱུར་ཅིག་པའོ། །དུས་དང་འཁོར་དང་མཆོད་པ་བྱ་བ་ལ་སྐྱོ་བ་མེད་པ་ནི་དེ་བཞིན་གཤེགས་པ་མངོན་དུ་བྱེད་པ་སྟེ་དེ་ནི་རྣམ་པ་བརྒྱད་པའོ། །དེ་ཡང་གང་ཞེ་ན། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །ཞེས་བྱ་བ་ལ་སོགས་པའོ། །མངོན་སུམ་ཞེས་བྱ་བ་ནི་མངོན་སུམ་དུ་བྱ་བ་སྟེ་ཕྱོགས་བཅུ་ཀུན་གྱིའོ། །རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བའོ། །མགོན་པོ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཀྱི་གཉེན་གཅིག་པུར་གྱུར་པའོ། །རྟག་ཏུ་བལྟ་ཞེས་བྱ་བ་ནི་སྐྱོན་མེད་པའི་མིག་གིས་སོ། །དེ་དག་ཀུན་རེ་རེ་ལ་ཡང་རྣམ་པ་ཐམས་ཅད་དང་


DTG117_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་རྒྱ་ཆེན་པོ་ནམ་མཁའ་དང་མཉམ་པ་ཆོས་ཀྱི་དབྱིངས་ཀུན་དུ་ཁྱབ་པའི་མཆོད་པས་མཆོད་པར་བྱའོ། །ཇི་སྲིད་ཀྱི་བར་དུ་ཞེ་ན། མ་འོངས་བསྐལ་པ་ཀུན་དུ་མི་སྐྱོ་བར། །ཞེས་བྱ་བ་སྟེ། སྐྱོ་བ་མེད་པའི་ཡིད་ཀྱིས་མ་འོངས་པའི་བསྐལ་བ་ཐམས་ཅད་ཀྱི་མཐར་ཐུག་པའི་བར་དུའོ། །འཛིན་པ་དང༌། བཤད་པ་དང༌། ཡོངས་སུ་སྦྱང་བ་དང་གསུམ་ནི་དམ་པའི་ཆོས་ཡོངས་སུ་བསྡུ་བ་སྟེ་དེ་ནི་རྣམ་པ་དགུ་པའོ། །དེ་ཡང་གང་ཞེ་ན། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོ་བཤད་པའི་ཆོས་དེ་དག་གཟུངས་ཀྱི་སྟོབས་ཀྱིས་འཛིན་པས་ན་འཛིན་ཅིང་ཞེས་བྱ་བའོ། །བྱང་ཆུབ་སྤྱོད་པ་ནི་བསྒྲག་པར་བྱ་བའི་ཆོས་ཉིད་དེ། ཀུན་དུ་སྣང་བར་བྱེད་ཅེས་བྱ་བ་ནི་འགྲོ་བ་རྣམས་ལ་ཡོངས་སུ་བསྒྲགས་ཤིང་རབ་ཏུ་བསྟན་པའོ། །བཟང་པོ་སྤྱོད་པ་རྣམ་པར་སྦྱང་བ་ཡང༌། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །དེ་རྣམས་རྣམ་པར་སྦྱང་བ་ནི་དྲི་མ་མེད་པར་བྱ་བ་སྟེ། ཉེས་པ་ཐམས་ཅད་རིང་དུ་སྤོང་བའོ། །མ་འོངས་བསྐལ་པ་ཀུན་དུ་སྤྱད་པར་བགྱི། །ཞེས་བྱ་བ་ནི་དེ་ལྟར་བརྩལ་བའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པའི་ཆོགས་ཐོབ་པས་མི་ཟད་པའི་མཛོད་རྙེད་པ་སྟེ་འདི་ནི་རྣམ་པ་བཅུ་པའོ། །དེ་ཡང་གང་ཞེ་ན། སྲིད་པ་ཐམས་ཅད་དུ་ནི་ཞེས་བྱ་བ་ལ་སོགས་པའོ། །འདོད་པ་ལ་སོགས་པའི་སྲིད་པ་ཐམས་ཅད་ན་སེམས་ཅན་གྱི་དོན་དུ་འཁོར་བར་འཁོར་ཞིང་སྐྱེ་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཐོབ་པས་ལྡན་པར་གྱུར་ཅིག །དེ་ལྟར་ཤེས་རབ་དང༌། ཐབས་དང༌། ཏིང་ངེ་འཛིན་ནམ་མཁའི་མཛོད་དང་དྲི་མ་མེད་པའི་ཕྱག་རྒྱ་རྣམས་དང༌། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཐོགས་པ་མེད་པ་དང༌། སྒྱུ་མར་གྱུར་བ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་མཛོད་མི་ཟད་པ་དང༌། མི་ཟད་པའི་ཡོན་ཏན་གྱི་གཏེར་དུ་འགྲོ་བ་ཐམས་ཅད་ལ་བདེ་ཞིང་ཕན་པའི་ཕྱིར་གྱུར་ཅིག་པའོ། །འཇུག་པ་ནི་རྣམ་


DTG117_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུ་གཅིག་པ་སྟེ། དེ་ཡང་རྣམ་པ་བརྒྱད་དོ། །འདི་ལྟ་སྟེ། སངས་རྒྱས་དང་དའི་ཞིང་བལྟ་བར་འཇུག་པ་རྣམ་པ་གཉིས་དང༌། སངས་རྒྱས་ཀྱི་གསུང་ལ་འཇུག་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་འཇུག་པ་དང༌། བསྐལ་པར་འཇུག་པ་དང། དེ་བཞིན་གཤེགས་པ་ལ་བལྟ་བ་དང༌། དེའི་སྤྱོད་ཡུལ་ལ་འཇུག་པ་དང༌། སངས་རྒྱས་ཀྱི་ཞིང་མངོན་པར་སྒྲུབ་པར་འཇུག་པ་དང༌། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བར་འཇུག་པ་དང་བརྒྱད་དོ། །དེ་ལ་སངས་རྒྱས་དང་དེའི་ཞིང་བལྟ་བར་འཇུག་པ་རྣམ་པ་གཉིས་ནི་ཚིགས་བཅད་རྣམ་པ་གཉིས་ཀྱིས་ཏེ། དེ་ཡང་གང་ཞེ་ན། རྡུལ་གཅིག་སྟེང་ན་ཞེས་བྱ་བ་ལ་སོགས་པའོ། །རྡུལ་གཅིག་གི་སྟེང་དུ་ཕྱོགས་བཅུའི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ཏེ། ཞིང་དེར་ཞེས་བྱ་བ་ནི་ཞིང་དེ་དང་དེར་རོ། །བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི་བསམ་ཡས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །སངས་རྒྱས་སྲས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དབུས་ན་བཞུགས་ཞེས་བྱ་བ་ནི་དབུས་ན་བཞུགས་པའོ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཞེས་བྱ་བ་ནི་བྱང་ཆུབ་སྤྱད་པ་སྤྱོད་ཅིང་སྤྱད་པ་རབ་ཏུ་སྒྲུབ་པ་ནའོ། །བལྟ་བར་བགྱི་ཞེས་བྱ་བ་ནི་འཇུག་པའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་མི་སྲིད་པར་བཏབ་ན་དོན་མེད་པར་འགྱུར་རོ། །ཇི་ལྟ་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་གི་ཕྱོགས་ཆ་གཅིག་ཀྱང་རྡུལ་གཅིག་གི་སྟེང་དུ་ཆུད་པར་བསྟན་མི་སྲིད་ན་ཇི་ལྟར་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་ཀྱི་སངས་རྒྱས་ཐམས་ཅད་ཀྱི་ཞིང་རེ་རེ་ན་ཡང་གྲངས་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རེ་རེ་ཡང་བྱང་ཆུབ་སེམས་དཔའི་འཁོར་གྱི་དབུས་ན་བཞུགས་པས་ཀུན་དུ་གང་བ་དེ་སྙེད་དུ་རྡུལ་གཅིག་གི་སྟེང་དུ་སོ་སོར་བལྟ་ཞིང་སྨོན་པ་ཇི་ལྟར་བྱ་ཞེས་བརྒལ་བ་དང༌། དེ་ལྟར་མ་ཡིན་ཏེ། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ལས་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་བླ་འོག་སྣྲེལ་ཞི་ལ་སོགས་པ་སྤྲུལ་པ་བཞིན་ཏེ། དེ་ལྟར་བསམ་དུ་མེད་པའི་ཡེ་ཤེས་


DTG117_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྤྲུལ་ན་རྡུལ་གཅིག་གི་སྟེང་དུ་ཅིའི་ཕྱིར་མི་སྲིད་དེ། བསམ་གྱིས་མི་ཁྱབ་པར་ལུང་ལས་ཀྱང་བཤད་པ། མཁས་པ་དག་གིས་ས་འདི་ལ། །ངོ་མཚར་འགྱུར་བ་ཅུང་ཟད་མེད། །སྒྱུ་མའི་རྣམ་པར་གྱུར་པ་ལ། །ཡ་མཚན་དུ་ནི་སུ་ཞིག་འཛིན། །བསམ་གཏན་ལས་དང་ཀླུ་རྣམས་དང༌། །སངས་རྒྱས་རྣམས་ཀྱི་ཆེ་བ་ཉིད། །འཇིག་རྟེན་མགོན་པོ་འདྲེན་པ་དེས། །བསམ་གྱིས་མི་ཁྱབ་རྣམ་བཞིར་བཤད། །དེ་ལྟ་བས་ན་སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ལ་མི་སྲིད་པར་འཛིན་པ་དེ་དག་ཀྱང་འདིས་ཡིད་ཆེས་པར་གྱིས་ཤིག །འཇིག་རྟེན་ན་ཡང་ཤིན་ཏུ་ཆུང་བའི་སྣོད་དུ་ཆུ་དངས་པས་གང་བ་ལ། གཟའ་སྐར་ལ་སོགས་པ་ནམ་མཁའི་རྒྱན་ཐམས་ཅད་སྣང་བ་བཞིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། གཟུགས་བརྙན་བཞིན་པ་ཆོས་རྣམས་ཏེ། །རབ་རིབ་རྨི་ལམ་མཚན་ཉིད་དེ། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང༌། །དེ་འདྲར་མ་ལུས་ཐམས་ཅད་དོ། །ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་རྡུལ་གཅིག་གི་སྟེང་ན་བཞུགས་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེ་ལྟར་མ་ལུས་ཞེས་བྱ་བ་ནི་མ་ལུས་པའི་ཕྱོགས་ཐམས་ཅད་དོ། །སྐྲ་ཙམ་ཁྱོན་ཞེས་བྱ་བ་ནི་སྐྲའི་ཚད་ཙམ་སྟེ། དེ་ཡང་བཤད་པར་བྱ་བ་ནི་སྐྲའི་རྩེ་མོ་ཙམ་གྱི་ཁྱོན་ཏོ། །དུས་གསུམ་ནི་དུས་གསུམ་དུ་གཤེགས་པ་རྣམས་ཀྱིའོ། །སངས་རྒྱས་རྒྱ་མཚོ་ཞེས་བྱ་བ་ནི་དེ་དག་གི་ཞིང་རྒྱ་མཚོར་ཡང༌། བསྐལ་བ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །ཅེས་བྱ་བ་ནི་དེ་སྲིད་དུ་བྱང་ཆུབ་ཀྱི་སྤྱད་པ་ན་མཐོང་བར་ཤོག་ཤིག་པའོ། །སངས་རྒྱས་ཀྱི་གསུང་ལ་འཇུག་པ་དེ་གང་ཞེ་ན། གསུང་གཅིག་ཡན་ལག་ཅེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་གཅིག་གིས་ཆོས་བཤད་པ་ལ་ཉན་པ་གྲངས་མེད་པ་མོས་པ་ཐ་དད་པ་དག་ལས་དོན་ཐ་དད་པ་དང་ཚིག་དང་ཡི་གེ་འབྲུ་ཐ་དང་པ་ཚད་མེད་པ་རྣམས་སུ་གོ་བར་འགྱུར་བས་ན་རྒྱ་མཚོ་ཞེས་བྱ་སྟེ། དེ་ལྟར་རྒྱལ་བ་དུས་གསུམ་དུ་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་དུ་ཆོས་བཤད་པའི་གསུང་སྒྲ་རྣམ་པར་དག་པས་ཉན་པའི་འཁོར་གྲངས་མེད་པའི་འགྲོ་བ་རྣམས་ཇི་ལྟར་འདོད་པ་འགྲོ་བ་ལྟར་སངས་


DTG117_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱིས་གསུང་སྒྲ་སྐྱོན་མེད་པའི་རྣ་བས་དེ་དག་གི་གསུང་སྒྲ་རྒྱ་མཚོ་ཀུན་ལ་རྟག་པར་འཇུག་པར་བྱ་སྟེ་མ་ལུས་པར་ཡིད་ལ་བྱའོ། །ལུང་ལས་ཀྱང་འདི་སྐད་དུ་གསུངས་ཏེ། །འཁོར་བར་འཁོར་བ་མང་པོ་རྣམས། །དད་པའི་རྣམ་པ་སྣ་ཚོགས་ལ། །གསུང་གཅིག་ཏུ་ནི་བཤད་མོད་ཀྱི། །དུ་མའི་རྣམ་པར་གོ་བར་གྱུར། །བདག་ལ་ཉི་ཚེར་འཆད་དོ་སྙམ། །འགྲོ་བ་ཀུན་གྱིས་ཇི་ལྟར་གོ །ཡ་མཚན་དེ་ལས་ཅི་ཞིག་ཆེ། །དེ་ལྟར་ངོ་མཚར་ཅི་ཞིག་ཡོད་པ་འདི་ལྟ་སྟེ། །སྡོང་པོས་བརྒྱན་པའི་མདོ་སྡེ་འཕགས་པ་བྱམས་པའི་རྣམ་པར་ཐར་བ་ལས་བཤད་པ། ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱི་ཆོས་སྤྲིན་ལ། །གནས་གཅིག་འདུག་ནས་རྨོངས་པ་མེད་པར་གྱུར་ཏེ་ཉན། །བསྐལ་བ་བྱེ་བ་མང་པོར་སེམས་ཀྱིས་ངོམས་པ་མེད། །བློ་ཆེན་རྒྱ་མཚོ་དང་ནི་མཉམ་པར་སྤྱོད་པར་ཤོག །ཚིགས་སུ་བཅད་པ་སྔ་མ་གཉིས་ཀྱིས་ནི་འཆད་པའི་ཆེ་བ་ཉིད་བསྟན་པའོ། །ཚིགས་སུ་བཅད་པ་འོག་མས་ནི་ཉན་པའི་ཆེ་བ་ཉིད་བསྟན་ཏོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འཇུག་པ་སྟེ། །དེ་ཡང་གང་ཞེ་ན། དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གི་ཞེས་བྱ་བ་ནི་དུས་གསུམ་དུ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་དེ་ལ་འཇུག་པའོ། །མི་ཟད་པ་ནི་བགྲང་བ་ལས་འདས་པའི་གསུང་སྒྲའོ། །དེ་ལ་བློ་ཡི་སྟོབས་ཀྱིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཐུ་ཆེན་པོས་སྐད་ཅིག་ཏུ་འཇུག་ཅིང་རྟོགས་པའོ། །ཚུལ་རྣམས་ཞེས་བྱ་བ་ནི་གང་དང་གང་གིས་ཐབས་ཀྱིས་གང་དང་གང་ལ་ཆོས་འཆད་པ་ནི་དུས་གང་དང་ཡུལ་གང་དུ་དད་པ་སྣ་ཚོགས་ཀྱི་སེམས་ཅན་དག་ལ་འདུལ་བར་འཇུག་པའོ། །བསྐལ་པར་འཇུག་པ་སྟེ་དེ་ཡང་གང་ཞེ་ན། སྐད་ཅིག་གཅིག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། སྐད་ཅིག་མའི་ཡེ་ཤེས་གཅིག་གིས་ཕྱོགས་བཅུ་རྣམས་ཀྱིའོ། །མ་འོངས་བསྐལ་བ་ཐམས་ཅད་འཇུག་པར་ཡང༌། །ཞེས་བྱ་བ་ནི་བསྐལ་བ་གཅིག་ནས་གཅིག་ཏུ་བདག་འཇུག་པའོ། །མདོར་ན། གང་ཡང་


DTG117_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་བ་དུས་གསུམ་ཚད་དེ་དག །ཅེས་བྱ་བ་ལ་སོགས་པ་སྟེ། དུས་གསུམ་དུ་བགྲང་བ་དེ་དག་ཐམས་ཅད་སྐད་ཅིག་མའི་ཡེ་ཤེས་གཅིག་གི་ཆ་ཤས་ཀྱིས་རྟོགས་པར་བྱའོ། །དེ་བཞིན་གཤེགས་པ་ལྟ་ཞིང་དེའི་སྤྱོད་ཡུལ་ལ་འཇུག་པ་སྟེ། དེ་ཡང་གང་ཞེ་ན། དུས་གསུམ་གཤེགས་པ་མི་ཡི་སེངྒེ་གང༌། །ཞེས་བྱ་བ་ལ་སོགས་པ་སྟེ། གང་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་མིའི་སེང་གེ་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་དག་བདག་གིས་སྐད་ཅིག་མའི་ཡེ་ཤེས་གཅིག་གིས་བལྟ་བར་བྱ་བ་ནི་མཐོང་བར་བྱ་བའོ། །དེ་དག་གི་སྤྱོད་ཡུལ་ནི་དེ་དག་གི་སྤྱོད་ཡུལ་ལོ། །སྒྱུ་མར་གྱུར་བའི་རྣམ་ཐར་སྟོབས་ཀྱིས་འཇུག །ཅེས་བྱ་བ་ནི་སྒྱུ་མར་གྱུར་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་བ་ཡེ་ཤེས་ཀྱི་བདག་ཉིད་དེའི་མཐུས་རྟག་པར་འཇུག་པའོ། །སངས་རྒྱས་ཀྱི་ཞིང་མངོན་པར་སྒྲུབ་པར་འཇུག་པ་སྟེ། དེ་ཡང་གང་ཞེ་ན། གང་ཡང་དུས་གསུམ་དག་གི་ཞིང་ཞེས་བྱ་བ་ལ་སོགས་པའོ། །གང་ཡང་དུས་གསུམ་དག་གི་ཞིང་གི་རྒྱན་ནི་ཞིང་མང་པོ་སྟེ། དེ་དག་མངོན་པར་བསྒྲུབ་ཅེས་བྱ་བ་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡུལ་གཅིག་གི་སྟེང་དུ་མངོན་པར་བསྒྲུབ་པའོ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །ཞེས་བྱ་བ་ནི་ཇི་ལྟར་མ་ལུས་པའི་ཕྱོགས་ཀྱི་རྡུལ་གྱི་སྟེང་དུ་སྒྲུབ་པ་དེ་བཞིན་དུ་ཡེ་ཤེས་ཀྱི་སྐད་ཅིག་མ་གཅིག་གིས་ཞིང་མང་པོ་རྣམས་མངོན་པར་བསྒྲུབས་ནས་འཇུག་པའོ། །ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ངོ་བོ་ཉིད་དང༌། ཚད་དང༌། ཁ་དོག་དང༌། དབྱིབས་དག་སོ་སོར་ཐ་དད་པ་མང་པོ་མ་འདྲེས་པ་རྣམས་ཀྱང་རྡུལ་གཅིག་གི་སྟེང་དུ་བཞག་པར་མི་རུང་ན། སོ་སོར་ཐ་དད་པ་མང་པོ་རྣམས་རྡུལ་གཅིག་གི་སྟེང་དུ་ཕྱོགས་བཅུ་མཚམས་མེད་ཅིང་མ་འདྲེས་པར་ཇི་ལྟར་གཞག་པར་བྱ། དེ་ལྟ་པས་ན་འདི་ལ་ཇི་ལྟར་ཡིད་ཆེས་པར་བྱ་སྙམ་པ་ལ། དེའི་ལན་དུ་དེ་བས་ན་ཆོས་ཐམས་ཅད་ནི་ཡོངས་སུ་མ་རྫོགས་པ་སྟེ། ངོ་བོ་ཉིད་མེད་པ་སྒྱུ་མ་ལྟ་བུ་མ་སྐྱེས་པ། མ་འགགས་པ། སྐྲ་ཤད་འཛིངས་པ་ལྟ་བུར་ཐོག་མ་ནས་ཞི་ཞིང་རང་བཞིན་གྱིས་སེམས་ལས་འདས་པ་ལ་ཇི་


DTG117_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མོས་པར་བརྟགས་པ་ཙམ་གྱིས་འབྱུང་བ་ནི་རྣམ་པ་སྣ་ཚོགས་དུ་མའི་གཟུགས་སུ་རབ་ཏུ་བསྒོམས་པས་རྣམ་པ་མང་པོའི་ཏིང་ངེ་འཛིན་དང༌། རྣམ་པར་གྲོལ་བའི་ཁྱད་པར་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པ་སྣ་ཚོགས་མྱོང་བས་ན་དངོས་པོ་འདི་དག་པར་དུ་གསལ་བར་སྣང་ངོ། །འཇིག་རྟེན་ན་ཡང་སྔགས་ཅུང་ཟད་ཙམ་ལས་མཐུ་སྐྱེས་པའི་མིག་འཕྲུལ་གྱིས་རབ་ཏུ་བསྒྲུབས་ན་ངོ་མཚར་དང་ལྡན་པའི་སྒྱུ་མའི་མཛེས་པ་ཡང་སྣང་ངོ༌། །དེ་ལྟ་བས་ན་འདི་དག་ཐམས་ཅད་ནི་ཇི་ལྟར་སྨྲས་པ་བཞིན་ཡིད་ཆེས་པར་བྱ་སྟེ། འདི་ལྟར་ཡིད་གཉིས་ནི་ཅུང་ཟད་ཀྱང་མ་བྱེད་ཅིག །དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བར་འཇུག་པ་དང་བརྒྱད་དེ། དེ་ཡང་གང་ཞེ་ན། གང་ཡང་མ་བྱོན་ཞེས་བྱ་བ་ལ་སོགས་པ་སྟེ། གང་མ་བྱོན་པ་ནི་ཕྱི་མ་མ་འོངས་པའི་མཐར་ཐུག་པ་རྣམས་སོ། །འཇིག་རྟེན་སྒྲོན་མ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ན་ནམ་མཁའི་མཐའ་ཀླས་པ་ན་བཞུགས་པ་བགྲང་བ་ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱིས་སྐད་ཅིག་གིས་དུས་མཉམ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། དེ་ནས་འདི་བཞིན་དུ་དུས་མཉམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་དང༌། དེ་བཞིན་དུ་མྱ་ངན་ལས་འདས་པ་སྟོན་པར་བཤད་དེ། དེ་དག་མངོན་སུམ་དུ་བྱང་ཆུབ་ཅེས་བྱ་བ་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པར་མཛད་པ་དང༌། དེ་དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དང༌། མྱ་ངན་ལས་འདས་པ་རྣམ་པ་རབ་ཏུ་སྟོན་པའི་མགོན་པོ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཡིད་མྱུར་བ་དང༌། ཀུན་དུ་མྱུར་བ་ཞེས་བྱ་བའི་རྫུ་འཕྲུལ་གྱི་སྟོབས་གཉིས་ཀྱི་མཐུས་ལུས་ཀྱི་སྤྲིན་གྱིས་ཕྱོགས་བཅུ་བཀང་སྟེ། མཆོད་པའི་སྤྲིན་ནམ་མཁའ་ཁེབས་པའི་དམ་པ་བགྲང་བ་ལས་འདས་པ་ཐམས་ཅད་ཀྱིས་མཆོད་པ་དང༌། བསྟོད་ཅིང་བརྗོད་པ་དང༌། བསྐོར་བ་བརྒྱ་སྟོང་དུ་མ་བྱེད་ཅིང་འཁོར་བའི་མཐའི་བར་འགྲོ་བ་ནི་བསྙེན་པར་འཇུག་པའོ། །རིམ་པར་འཚང་རྒྱ་ཞེས་བྱ་བ་


DTG117_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མངོན་པར་བྱང་ཆུབ་པའོ། །མྱ་ངན་ལས་འདས་པ་སྟོན་པ་ཞེས་བྱའམ། རབ་ཏུ་ཞི་མཐའ་ཞེས་བྱ་བ་ནི་ཚིག་ཁ་བསྐང་བའི་ཕྱིར་རྣམ་གྲངས་སུ་རིག་པར་བྱ་སྟེ་གཙོ་བོར་བཤད་པའོ། །དེ་ཡང་ཆུ་ཟླའི་གཟུགས་བརྙན་བཞིན་དུ་དགའ་ལྡན་གནས་ཀྱི་གཞལ་མེད་ཁང་ན་བཞུགས་པ་ལས་འཆི་འཕོ་བསྟན་པ་དང༌། མངལ་ན་གནས་པའི་ཚེ་དང༌། ལྷས་ཕྱག་བྱས་པ་དང༌། བཟོ་བསྟན་པ་དང༌། མངོན་པར་བྱུང་ནས་རབ་ཏུ་བྱུང་སྟེ་དཀའ་བ་སྤྱོད་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་བཞུད་ནས་བྱང་ཆུབ་ཤིང་དྲུང་དུ་སེང་གེའི་གདན་ལ་བཞུགས་པས་བདུད་ཕམ་པར་མཛད་པའི་དུས་སུ་གོང་མ་བཞིན་ཉེ་བར་འགྲོ་བ་ནི་དེ་དག་གི་ཞབས་ཀྱི་དྲུང་དུ་ཡུད་ཙམ་གྱིས་སོ། །སྟོབས་དེ་རྣམ་པ་བཅུ་གཉིས་པའོ། །དེ་དག་ཀྱང་རྣམ་པ་བཅུ་སྟེ་ཚིགས་བཅད་གཉིས་ཀྱིས་སོ། །དེ་ཡང་གང་ཞེ་ན། རྫུ་འཕྲུལ་སྟོབས་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྟེ། འཕྲུལ་པར་བྱེད་པས་རྫུ་འཕྲུལ་ཞེས་བྱ་བས་ན་ཇི་ལྟར་འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་སྟེ། ཆོ་འཕྲུལ་ཞེས་བྱ་བའི་ཐ་ཚིག་གོ །རྫུ་འཕྲུལ་ཇི་ལྟར་ཆོ་འཕྲུལ་དུ་ཤེས་པར་བྱ་ཞེ་ན། སོ་སོའི་སེམས་ཅན་རྣམས་ཀྱི་ཡིད་འཕྲོག་ཅིང་མགུ་བར་བྱེད་པས་ན་ཆོ་འཕྲུལ་ལོ། །དེའི་སྟོབས་ཀྱིས་གདོན་མི་ཟ་བས་ན་རྫུ་འཕྲུལ་གྱི་སྟོབས་སོ། །ཀུན་དུ་མྱུར་བའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་གཞན་དུ་འགྲོ་བའོ། །འགྲོ་བ་ན་ཀུན་དུ་མྱུར་བའི་རྫུ་འཕྲུལ་གྱིས་སྐད་ཅིག་གིས་ཕྱོགས་བཅུར་མི་ཐོགས་པར་འགྲོ་བའོ། །ཐེག་པའི་སྟོབས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་སྟོབས་ཀྱིས་ཏེ། དེ་བས་ན་ཐེག་པ་ཆེན་པོ་དེས་ཐེག་པས་ན་ཐེག་པ་ཆེན་པོའོ། །ཡང་ན་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐེག་པ་ཡིན་པས་ན། ཐེག་པ་ཆེན་པོ་སྟེ། དངོས་སུ་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་ཐེག་པ་ཞེས་བྱའོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་རྣམས་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བྱའོ། །དེ་དག་གི་སྟོབས་ནི་མི་མཐུན་པའི་ཕྱོགས་ཀྱི་སྟོབས་ཇི་སྙེད་པས་མི་ཆོམ་པའོ། །ཀུན་ནས་སྒོའི་ཞེས་བྱ་བ་ནི་ཀུན་གྱི་སྒོ་སྟེ། ཇི་ལྟ་ཞེ་ན། དེའི་ལུས་དང་དམིགས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་གཞན་ལ་ཕན་པར་མི་བྱེད་པ་གང་ཡང་


DTG117_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའོ། །དེ་ནི་འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལ་ལྟོས་ཤིག །སྤྱོད་པའི་སྟོབས་རྣམས་ཞེས་བྱ་བ་ནི་སྤྱོད་པ་གཉིས་ཀ་བྱེ་བྲག་མེད་པའི་སྟོབས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྟོབས་དང༌། ཀུན་དུ་བཟང་པོའི་སྤྱོད་པའི་སྟོབས་ཀྱིས་སོ། །ཀུན་དུ་ཡོན་ཏན་ཞེས་བྱ་བ་ནི་ཐོག་མ་དང་བར་མ་དང་ཐ་མར་དགེ་བའོ། །བྱམས་པ་དག་གི་སྟོབས་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་བདེ་བར་སེམས་པས་ཁྱབ་པའོ། །ཀུན་དུ་ཁྱབ་པ་ཞེས་བྱ་བ་ནི་ཕྱོགས་བཅུར་ཁྱབ་པའོ། །བསོད་ནམས་སྟོབས་ཞེས་བྱ་བ་ནི་དག་ཅིང་གཙང་བར་བྱེད་པས་ན་བསོད་ནམས་སོ། །ཡང་ན་ཕྱི་ཕྱིར་ཞེས་བསོད་པར་འགྱུར་བས་ན་བསོད་ནམས་སོ། །དེའི་སྟོབས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྒོམས་པ་ལས་བྱུང་བ་སྟེ། འདི་སྐད་དུ། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ནི་གཟུགས་གྱུར་ན། །ནམ་མཁའི་ཁམས་ཀྱང་གང་གྱུར་ཅིང༌། །དེ་བས་དེ་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། །དེ་བས་ན་ཐེག་པ་ཆེན་པོ་དང་ལྡན་པའི་དམ་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྣམས་འཛིན་པ་དང༌། ཀློག་པ་དང༌། འཆད་པ་དང༌། མོས་ནས་ཚིགས་བཅད་གཉིས་ཙམ་ཡང་བཟུང་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་གྱུར་པར་དེའི་བསོད་ནམས་ཀྱི་སྟོབས་སོ། །ཀུན་ནས་དགེ་བའི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་དགེ་བ་དང་ཕན་པ་སེམས་ཤིང་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས་སྟོབས་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཐམས་ཅད་ལ་ཤེས་པར་བྱེད་པ་ནི་ཡེ་ཤེས་སོ། །ཆགས་པ་མེད་པར་གྱུར་པའི་ཞེས་བྱ་བ་ནི་དུས་གསུམ་དུ་མི་ཐོགས་པའོ། །ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་ནི་དངོས་པོ་རྣམས་ཇི་ལྟ་བ་བཞིན་རྟོགས་པའོ། །ཐབས་ཀྱི་སྟོབས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རིགས་པ་ནི་ཐབས་ཏེ་སྒྲུབ་པའི་སྟོབས་ལ་ཐོགས་པ་མེད་པའོ། །ཏིང་འཛིན་སྟོབས་ཞེས་བྱ་བ་ནི་སྟོབས་དང་བྱེད་པའི་ཏིང་ངེ་འཛིན་ཏེ་བསམ་གཏན་ནོ། །དེའི་མཐུས་འགྲོ་བ་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་སྡུད་པ་ལ་མི་ཐོགས་པ་དེ་ནི་ཏིང་ངེ་འཛིན་གྱི་སྟོབས་སོ། །བྱང་ཆུབ་


DTG117_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྣམས་ཞེས་བྱ་བ་ནི་བྱང་ཆུབ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་སྟེ། དེ་ཐོབ་པར་བྱེད་པ་ནི་སྟོབས་སོ། །ཡང་དག་སྒྲུབ་པར་བྱེད་ཅེས་བྱ་བ་ནི་དེའི་ཚོགས་སྒྲུབ་པའོ། །གཉེན་པོ་སྟེ་རྣམ་པ་བཅུ་གསུམ་པའོ། །དེ་ཡང་མི་མཐུན་པའི་ཕྱོགས་ལས་དང་ཉོན་མོངས་པ་དང་བདུད་ཀྱི་སྟོབས་རྣམས་འཇོམས་པ་སྟེ་རྣམ་པ་གསུམ་མོ། །དེ་ཡང་གང་ཞེ་ན། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པ་སྟེ། དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་ལས་རྣམས་དམིགས་ཀྱིས་མ་ཕྱེ་བས་ན་ལས་དེ་ཡང་རྣམས་པ་གསུམ་མོ། དེ་ལ་མི་དགེ་བའི་ལས་ཀྱིས་གདོན་མི་ཟ་བར་མྱོང་བར་གྱུར་བ་ནི་ངན་སོང་གསུམ་དུ་འབྲས་བུ་སྨིན་པར་འགྱུར་བའི་སྟོབས་ཏེ། དེ་སྦྱོང་བ་ནི་སྨན་པ་ལ་སོགས་པའི་མཐུས་སྐྱུགས་པ་ལྟ་བུ་སྟེ། འདི་སྐད་དུ། མ་རུང་བ་ཡི་ལས་བྱས་པ། །བདག་གིས་འགྱོད་པས་བསྲབས་པར་འགྱུར། །བཤགས་ནས་བསྡམས་པ་བྱས་ན་ནི། །དེ་དག་རྩ་ནས་འདོན་པར་བཤད། །གཉེན་པོའི་སྟོབས་ཀྱིས་ཀྱང་ཀུན་དུ་འབྱུང་པར་བྱེད་དེ། དཔེར་ན་མཛའ་པོའི་བུ་མོས་མ་ལ་བརྙས་པའི་རྒྱུས་མི་དགེ་བའི་ལས་ནི་ཞིང་གི་ཁྱད་པར་གྱིས་ཚེ་འདི་ཉིད་ལ་འབྲས་བུ་རྣམ་པར་སྨིན་པར་གྱུར་ཀྱང་འབྲས་བུ་ཅུང་ཞིག་སྨིན་ནས་དེའི་བསམ་པའི་ཁྱད་པར་གྱིས་སེམས་ཅན་གྱི་དོན་དུ་སྨོན་ལམ་དང་སེམས་བསྐྱེད་པས་མ་ལུས་པར་ཤིན་ཏུ་རྩ་བ་ནས་ཕྱུང་ནས་བཅོམ་མོ། །དེ་ལ་སེམས་ཅན་གྱི་དོན་དུ་སྨོན་ལམ་དང་སེམས་བསྐྱེད་པ་ཇི་ལྟར་ཞེ་ན། སྨྲས་པ། འདི་ལྟར་གང་འགྲོ་བའི་སེམས་ཅན་ཐམས་ཅད་ཀྱིས་འདི་ལྟར་བདག་བཞིན་དུ་མ་ལ་བརྙས་པའི་ལས་བྱས་བདེ་དག་ཐམས་ཅད་བདག་ཉིད་ཀྱི་མགོ་ལ་འཁོར་ལོ་བསྐོར་བའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མཚམས་མེད་པ་རྣམས་ནམ་འཁོར་བའི་མཐའི་བར་དུ་བདག་གིས་མྱོང་བར་གྱུར་ལ། སེམས་ཅན་གཞན་སུས་ཀྱང་མྱོང་བར་མ་གྱུར་ཅིག་ཅེས་སེམས་བསྐྱེད་པའོ། །རྟེན་གྱི་སྟོབས་ཀྱིས་ཀྱང་ཇི་ལྟར་ཆེད་དུ་བརྗོད་པའི་སྡེ་ལས། འཕོ་བར་འདོད་པའི་ལྷའི་བུ་གཞན་ཞིག་བཙོག་པ་ཕག་གི་མངལ་དུ་སྐྱེ་བར་ངེས་པའི་ལས་ཀྱི་འབྲས་བུ་མངོན་པར་གྱུར་ནས། གསུམ་


DTG117_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱབས་སུ་སོང་བ་ཙམ་གྱིས་ཐམས་ཅད་སྦྱངས་ཏེ་སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་ལས་ཤི་འཕོས་ནས་དགའ་ལྡན་གནས་སུ་སྐྱེས་སོ། །ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པས་ཀྱང་ཤིན་ཏུ་རྩ་བ་ནས་འབྱུང་བར་འགྱུར་ཏེ། འདི་སྐད་དུ་ལས་ཀྱི་སྒྲིབ་པ་སོ་སོར་སྦྱོང་བའི་མདོ་ལས་ཀྱང་འདི་ལྟ་སྟེ། དགེ་སློང་གཞན་ཞིག་གིས་མི་ཚངས་པར་སྤྱོད་པ་དང༌། མ་བསད་པའི་ཕས་ཕམ་པ་གཉིས་བྱུང་ནས་འགྱོད་དེ་མི་དགའ་བས་ཡིད་གདུངས་ཏེ་སྨྱོན་བ་བཞིན་དུ་གཙུག་ལག་ཁང་ནས་གཙུག་ལག་ཁང་གཞན་དུ། གྲོང་ནས་གྲོང་གཞན་དུ། ཚོང་དུས་ལ་སོགས་པར་སོང་ནས་སྡིག་པ་དེ་དག་འགྲོ་བ་ཐམས་ཅད་ཀྱི་མདུན་དུ་འཆགས་ཏེ། ཨེ་མའོ་བདག་ཉམས་སོ། །བདག་ཉམས་སོ། །ཞེས་ཕྱི་ཕྱིར་སྨྲས་པ་སྟེ། སྡིག་པ་བཤགས་པའི་དཀྲུགས་ཤིང་གིས་དྲུད་ནས་ཇི་ཙམ་ནས་ལས་དེ་བསྲབས་པར་གྱུར་ཀྱང༌། དེའི་ཕྱིར་དེ་ཤིན་ཏུ་སེམས་ལ་གདུང་ཞིང་འདུག་པ་དེ་ལ་མངོན་པར་ཤེས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ཟབ་མོའི་ཆོས་ཇི་ལྟ་ཇི་ལྟ་བར་བཤད་དེ། གང་གིས་དེའི་སྡིག་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྩ་བ་ནས་ཕྱུང་ནས་ཆོས་ཐམས་ཅད་བདག་མེད་པར་རྟོགས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ངན་སོང་ཐམས་ཅད་ཀྱི་ཉེས་པ་ཐམས་ཅད་ཀྱི་ཐེ་ཚོམ་སེལ་བ་དང༌། སྒྲིབ་པའི་ཆོས་ཐམས་ཅད་སྦྱོང་བ་ནི་ཟབ་མོའི་ཆོས་ལ་མོས་པ་འདི་ཡིན་ཏེ། འདི་བཞིན་དུ་མོས་པར་བྱོས་ཤིག་ཅེས་གསུངས་སོ། །ཇི་ལྟར་འཕགས་པ་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་ཀྱང༌། འོད་སྲུངས་གང་ཞིག་གི་ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་དེ་འཚོ་བ་དང་བྲལ་ན་འདི་ནི་སྲོག་གཅོད་པའི་ནང་ན་མཆོག་གོ །མ་བྱིན་པར་ལེན་པའི་མཆོག་ནི་འདི་ལྟ་སྟེ། དཀོན་མཆོག་གསུམ་གྱིས་དཀོར་རྐུ་བའོ། །འདོད་པས་ལོག་པར་གཡེམ་པའི་མཆོག་ནི་འདི་ལྟ་སྟེ། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ལ་ཉལ་བའོ། །བརྫུན་དུ་སྨྲ་བའི་མཆོག་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྐུར་བའོ། །ཕྲ་མའི་ནང་ན་མཆོག་ནི་འདི་ལྟ་སྟེ། དགེ་


DTG117_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་དབྱིན་བྱེད་པའོ། །ཚིག་རྩུབ་མོའི་ནང་ན་མཆོག་ནི་འདི་ལྟ་སྟེ། འཕགས་པ་རྣམས་ལ་འཕྱ་བའོ། །ཚིག་ཀྱལ་བའི་ནང་ན་མཆོག་ནི་འདི་ལྟ་སྟེ། ཆོས་འདོད་པ་རྣམས་རྣམ་པར་གཡེང་བར་བྱེད་པའོ། །ཆགས་པའི་མཆོག་ནི་འདི་ལྟ་སྟེ། ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོག་པར་སེམས་པའོ། །ངན་སེམས་ཀྱི་ནང་ན་མཆོག་ནི་འདི་ལྟེ་སྟེ། འཕགས་པ་རྣམས་ལ་མི་བརྟེན་པའོ། །ལོག་པར་ལྟ་བའི་ནང་ན་མཆོག་ནི་འདི་ལྟ་སྟེ། ལྟ་བ་ལ་ཤིན་དུ་ཞེན་པའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཐམས་ཅད་ནི་ཁ་ན་མ་ཐོབ་ཆེན་པོ་སྟེ། འོད་སྲུངས་གལ་ཏེ་སེམས་ཅན་འགའ་ཞིག་གིས་ཁ་ན་མ་ཐོབ་ཆེན་པོ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་དང་ལྡན་པར་གྱུར་པ་དེས་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་དུ་ལྡན་པའི་ཆོས་བཤད་པ་ལ་ཞུགས་ནས། འདི་ལ་བདག་གམ། སེམས་ཅན་ནམ། འཚོ་བ་འམ། གང་ཟག་གམ། བྱེད་པ་འམ། སོ་སོར་མྱོང་བར་བྱེད་པ་གང་ཡང་མེད་དེ། དེ་བས་ན་ཆོས་ཐམས་ཅད་ནི་མ་བྱས་པ། མངོན་པར་འདུས་མ་བྱས་པ། སྒྱུ་མའི་ཆོས་ཉིད་ཉོན་མོངས་པ་མེད་པ། རང་བཞིན་གྱིས་ཡོངས་སུ་དག་པ་ལ་འཇུག་ཅིང༌། ཐོག་མ་ནས་རྣམ་པར་དག་པའི་ཆོས་ཐམས་ཅད་ལ་མངོན་པར་དང་ཅིང་ཤིན་ཏུ་མོས་པའི་སེམས་ཅན་དེ་ནི་ངན་སོང་དུ་འགྲོ་བར་ངས་མ་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལ་ཕུང་པོའི་དངོས་པོ་མེད་དེ། ཉོན་མོངས་པ་ཐམས་ཅད་ནི་བྱུང་ནས་ཞིག་སྟེ་མེད་པར་འགྱུར་རོ། །རྒྱུ་དང་རྐྱེན་འདུས་ནས་ཚོགས་ཤིང་སྐྱེ་ལ། སྐྱེས་མ་ཐག་ཏུ་ཡང་འགག་པར་འགྱུར་རོ། །བཅོམ་ལྡན་འདས་གང་སེམས་བསྐྱེད་པ་ཞི་བ་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱང་ཞི་བར་གྱུར་ཅིང༌། གང་འདི་བཞིན་དུ་ཤིན་ཏུ་མོས་པ་དེ་ནི་ནམ་ཡང་སྡིག་པའི་རྒྱུར་མི་འགྱུར་ཏེ། གང་གི་ཕྱིར་སྒྲིབ་པ་མེད་པ་ལ་སྡིག་པར་འགྱུར་བའི་གནས་མེད་ཅིང་སྐབས་མེད་དོ་ཞེས་གསུངས་སོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་མངོན་དུ་བྱས་ན་ཉེས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པའི་མི་དགེ་བ་ཤིན་ཏུ་


DTG117_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འབྱང་བར་འགྱུར་ཏེ། ཇི་སྐད་དུ་འཕགས་པ་ཨུ་པཱ་ལིས་དྲིས་པའི་མདོ་ལས་གསུངས་པ་དེ་སྟེ་བྱང་ཆུབ་སེམས་དཔའ་སྔ་དྲོ་ཉེས་པ་བྱུང་ན་ཉི་མ་གུང་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་ཡས་པར་རིག་པར་བྱའོ། །དེ་བཞིན་དུ་ཉི་མ་གུང་ལ་ཉེས་པ་བྱུང་ན་ཕྱི་དྲོ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མི་ཟད་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་ཡང་གསུངས་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ཉེས་བྱས་ཐམས་ཅད་སྲེག་པའི་བསྐལ་པའི་མེ་ལྟ་བུར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པའོ། །སུམ་བརྒྱ་པ་ལས་གསུངས་པ། རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་འདི་ལྟ་བུའི་མདོ་སྡེ་འཆང་བ་དང༌། འཛིན་པ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དེ་ལ་ཡོངས་ཀྱིས་བརྙས་པར་འགྱུར་ཤིན་ཏུ་ཡོངས་ཀྱིས་བརྙས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་སེམས་ཅན་དེ་དག་གིས་ཚེ་རབས་སྔ་མ་ལ་མི་དགེ་བའི་ལས་བྱས་ཏེ། གང་ངན་སོང་དུ་སྐྱེ་བར་འགྱུར་བ་དེ་དག་ཚེ་འདི་ལ་ཡོངས་ཀྱིས་བརྙས་པས་ཚེ་རབས་སྔ་མའི་ལས་མི་དགེ་བ་དེ་དག་འབྱང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །ཁ་ཅིག་འདི་སྐད་དུ་སྡིག་པའི་ལས་ཆུང་དུ་དང་འབྲིང་པོ་དག་ནི་བཤགས་པ་ལ་སོགས་པའི་མཐུས་བྱང་བར་འགྱུར་གྲང་ན། མཚམས་མེད་པ་ལ་སོགས་པ་ལྕི་བ་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་འབྱང་བ་ཇི་ལྟར་འགྱུར་ཞེས་ཟེར་པ་དེ་དག་ཀྱང་ཡོད་དོ། །དེའི་ལན་དུ་མ་སྐྱེས་དགྲ་ལ་སོགས་པས་མཚམས་མེད་པ་བྱས་པས་བསམ་པ་ཆུང་དུ་དང་འབྲིང་པོ་དང་ཆེན་པོའི་རིམ་པས་མནར་མེད་པར་བསྐལ་པ་ཆུང་དུ་འམ་ཉུང་དུ་འམ་ཕྱེད་དུ་གནས་པར་འགྱུར་བ་ལས་དེ་དག་ཕྱིས་ཤིན་ཏུ་འགྱོད་པའི་མེས་གདུངས་པའི་སེམས་ཀྱིས་འགྱོད་ནས་བཤགས་པའི་མཐུས་ལས་དེ་བསྲབས་པར་གྱུར་ཏེ། གང་ཕོ་ལོང་བརྡབས་པའི་དུས་ཙམ་དུ་སྡུག་བསྔལ་གྱི་འབྲས་བུ་མྱོང་བར་གྱུར་ཏོ་ཞེས་གསུངས་ན་དེ་ཅི་དེ་ཙམ་གྱིས་ཀྱང་ལས་རྣམས་ཤིན་ཏུ་རྩ་བ་ནས་འབྱུང་བར་མི་


DTG117_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་མ་ཡིན་ཏེ་འགྱུར་རོ། །ཅི་སོག་མ་གཅིག་ཆོད་པས་སོག་མ་ཀུན་བརྡབས་པར་འགྱུར་རམ། གང་གསུངས་པ། བསྐལ་པ་བརྒྱ་དག་སྙེད་དུ་ཡང༌། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་དང་དུས་དང་ལྡན་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །ཞེས་བྱ་བ་ལ་སོགས་པ་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། རྣམ་པར་འགྱོད་པ་ལ་སོགས་པ་སྤྱོད་པའི་མཐུས་ལས་གང་དག་མངོན་པར་མ་སྦྱངས་ཤིང་བསྲབས་པར་མ་བྱས་པ་དེ་དག་ནི་བཤད་པའི་ཆོས་འདི་ཡིན་པར་རིག་པར་བྱའོ། །དེ་ལྟར་ཡང་གསུངས་པ། མི་ཤེས་པས་ནི་སྡིག་པ་ཆུང་བྱས་འོག་ཏུ་འགྲོ། །མཁས་པས་ཉེས་པ་ཆེ་བྱས་ཀྱང་ནི་ཡང་བར་འགྱུར། །བསྒོངས་པའི་ལྕགས་ནི་ཆུང་ཡང་ཆུ་ཡི་འོག་ཏུ་འབྱིངས། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་ན་འཕྱོ། །ཞེའོ། །ངེས་པར་མི་མྱོང་བའི་དུས་གསུམ་གྱི་སྡིག་པའི་ལས་བགྲང་བ་ལས་འདས་པ་དེ་ཡང་ལས་ཀྱི་དབང་གིས་ཕྱོགས་བཅུ་ཀུན་དུ་སྐད་ཅིག་གིས་འཁོར་བའི་མཐའི་བར་དུ་རྒྱུན་དུ་ངན་སོང་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་དེ་དག་གི་རིས་དང་རྒྱ་དང་ཁ་དོག་དང་དབྱིབས་དང་ཚད་རྣམས་ཐ་དད་པར་འབྲས་བུ་རྣམ་པར་སྨིན་པར་གདོན་མི་ཟ་བར་རོ་མྱོང་བར་མི་བྱེད་དོ། །དགེ་བའི་ལས་ཀྱིས་ཀྱང་སོགས་པའི་འབྲས་བུ་སྨིན་པར་བྱ་ནུས་པའི་མཐུ་འདི་ལྟར་ཡོངས་སུ་འབྱུང་ངོ༌། །ཇི་ལྟ་ཞེ་ན། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལས་བྱང་ཆུབ་ཉིད་དུ་སྨོན་ལམ་གྱི་མཐུས་བསྔོས་ཤིང༌། གདོན་མི་ཟ་བར་བྱེད་པའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མི་གཡོ་བའི་ལས་བསམ་གཏན་ལ་སྙོམས་པར་འཇུག་པའི་རྒྱུ་དེའི་སྟོབས་ཉིད་ཀྱང་དེ་ལས་བཟློག་སྟེ། ལས་ལ་དབང་བས་སེམས་ཅན་གྱི་དོན་དུ་གར་དགའ་བར་སྦྱོར་བ་སྟེ། འདི་ནི་དག་པར་བྱེད་པའོ། །ཉོན་མོངས་སྟོབས་རྣམས་ཀུན་དུ་འཇོམས་པར་བྱེད། །ཅེས་བྱ་བ་ནི་ལུས་དང་སེམས་ཀྱི་རྒྱུད་སྙོན་རྨོངས་པར་བྱེད་པ་ནི་ཉོན་མོངས་པ་སྟེ་འདོད་ཆགས་ལ་སོགས་པའོ། །དེ་དག་གི་སྟོབས་ལྷག་པར་ཆེ་བས་དེའི་མཐུས་འགྲོ་བ་ཐམས་ཅད་ལ་རིགས་པ་དང་མི་རིགས་པ་དང༌། ཕན་པ་


DTG117_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དང། མི་ཕན་པ་དང༌། ལྕི་བ་དང་ཡང་བ་ལ་སོགས་པ་ཐམས་ཅད་མི་ཤེས་པ་ལ་སོགས་པ་དེ་ལ་མི་གཙང་བ་ལ་སོགས་པ་བསྒོམས་པས་འཇིག་རྟེན་གྱི་ལམ་གྱིས་ཡོངས་སུ་སྦྱངས་པ་སྟེ། མངོན་པར་གཞིལ་བའོ། །མདོར་ན་ཉོན་མོངས་པ་ལ་དབང་བས་བྱང་ཆུབ་ཀྱི་ཡན་ལག་གི་དངོས་པོར་འགྱུར་བའོ། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང༌། །ཞེས་བྱ་བ་ལ་བདུད་ནི་ལྷའི་བུ་ལ་སོགས་པ་སྟེ། དེ་དག་གི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པའི་བར་ཆད་བྱེད་ནུས་པ་དེ་ལ་མངོན་པར་ཤེས་པའི་སྟོབས་ཀྱིས་སྟོབས་མེད་པ་དང༌། མཐུ་མེད་པ་དང༌། གནས་མེད་པར་བྱེད་པའོ། །བཟང་པོ་སྤྱོད་པའི་སྟོབས་ཀུན་རྫོགས་པར་བགྱི། །ཞེས་བྱ་བ་ནི་བཟང་པོ་སྤྱོད་པའི་སྟོབས་ནི་གཉེན་པོའི་མི་མཐུན་ཕྱོགས་རྣམས་ཀྱིས་མི་ཚུགས་ཤིང༌། མངོན་པར་འདུ་ཤེས་མི་བྱེད་པའོ། །དེ་དག་ཀུན་མ་ལུས་པར་རྫོགས་པར་བྱ་བ་ནི་གོང་དུ་བཤད་པའི་རྫུ་འཕྲུལ་ལ་སོགས་པ་སྟོབས་བཅུ་བཤད་པ་དང༌། གང་དུ་སྨོས་པའི་གཉེན་པོ་རྣམ་གསུམ་མོ། །གང་ཡང་བྱང་ཆུབ་སེམས་དཔའི་ལས་ནི་རྣམ་པ་བཅུ་བཞི་པ་སྟེ། ལས་དེ་ཡང་རྣམ་པ་བརྒྱད་དོ། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམ་པ་གཉིས་ཏེ། དེ་ཡང་གང་ཞེ་ན། ཞིང་རྣམས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་བདེ་བ་ཅན་དང་པད་མོ་ཅན་ལྟར་དག་པར་བྱེད་པའོ། །དེ་བཞིན་དུ་འཁོར་བ་ན་རྒྱ་ཉོན་མོངས་པའི་ལྕགས་སྒྲོག་གིས་བཅིངས་པའི་སེམས་ཅན་རྒྱ་མཚོ་སྙེད་ལ་རྫུ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་རྣམ་པ་གཉིས་ཀྱིས་མགུ་བར་བྱས་ནས་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སྐད་ཅིག་ཏུ་རྣམ་པར་གྲོལ་བར་བྱེད་པའོ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང༌། །ཞེས་བྱ་བ་ནི་ཐོབ་པར་བྱ་བའི་ཆོས་རྒྱ་མཚོ་སྙེད་དང༌། བཤད་པའི་ཆོས་རྒྱ་མཚོ་སྙེད་ཤེས་རབ་ཀྱི་མིག་གིས་སྐད་ཅིག་རེ་རེ་ལ་ཡང་མཐོང་བར་བྱའོ། །ཤེས་པར་བྱ་བ་མཐའ་ཡས་པས་ན་ཡེ་ཤེས་ཀྱང་མཐའ་ཡས་པ་སྟེ། དེ་བས་ན་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་སྟེ། རབ་ཏུ་རྟོགས་པར་བྱེད་


DTG117_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ནི་ཁོང་དུ་ཆུད་པར་བྱ་སྟེ། རྟོགས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །སྤྱོད་པ་བརྒྱ་མཚོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། བཟང་པོ་སྤྱོད་པ་གཉིས་དམིགས་ཀྱིས་མ་ཕྱེ་བས་ན་གཉི་ག་གཟུང་བར་རིག་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་པ་སྟེ་ཡེ་ཤེས་ཀྱི་ཚོགས་སོ། །བཟང་པོ་སྤྱོད་པ་ཡང་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱེད་པ་སྟེ་བསོད་ནམས་ཀྱི་ཚོགས་སོ། །བཟང་པོ་སྤྱོད་པ་དང༌། བྱང་ཆུབ་ཀྱི་སྤྱོད་པ་གཉི་ག་ཡང་བྱང་ཆུབ་བསྒྲུབ་པ་ཡིན་མོད་ཀྱི། མངོན་སུམ་དང་གཅིག་ནས་གཅིག་ཏུ་བརྒྱུད་པ་ཙམ་ཞིག་བྱེ་བྲག་ཡོད་དོ། །སྤྱོད་པ་རྒྱ་མཚོ་དག་མངོན་པར་ཤེས་པའི་སྟོབས་ཀྱིས་སྐད་ཅིག་མ་རེ་རེས་རྣམ་པར་དག་པར་བྱེད་པ་ནི་དྲི་མ་མེད་པར་བྱེད་པའོ། །སྨོན་ལམ་རྒྱ་མཚོ་ཞེས་བྱ་བ་ནི་སྐད་ཅིག་མ་རེ་རེ་ལ་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་གྱི་མཐུས་རྫོགས་པར་བྱེད་པའོ། །སངས་རྒྱས་རྒྱ་མཚོ་ཕྱོགས་བཅུ་ནས་མཆོད་པའི་སྤྲིན་གྱིས་ནམ་མཁའ་ཁྱབ་པར་སྐད་ཅིག་གིས་རབ་ཏུ་མཆོད་པའོ། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །ཞེས་བྱ་བ་ནི་མི་སྐྱོ་བའི་ཡིད་ཀྱིས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་བསྔོ་བ་ནི་རྣམ་པ་བཅོ་ལྔ་པ་སྟེ། དེ་ཡང་རྣམ་པ་གཉིས་སོ། །དེ་ལ་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པར་བསྔོ་བ་གང་ཞེ་ན། གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །ཞེས་བྱ་བ་ལ་སྒོས་པ་སྟེ། གང་རྒྱལ་བ་དུས་གསུམ་དུ་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་དང་སྨོན་ལམ་གྱི་ཁྱད་པར་དེ་དག་ཐམས་ཅད་བདག་གིས་མ་ལུས་པར་རྫོགས་པར་བགྱིའོ་ཞེས་བྱ་བ་སྟེ། ཡོངས་སུ་རྫོགས་ཤིང་རབ་ཏུ་ཆུད་པར་བྱའོ། །བཟང་པོ་སྤྱོད་པས་ཞེས་བྱ་བ་ནི་བཟང་པོ་སྤྱོད་པས་སོ། །བྱང་ཆུབ་སངས་རྒྱས་ནས་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་བྱ་བའོ། །ལུས་དང་གང་དང་ཡིད་རྣམས་ཀྱི་སྤྱོད་པ་དང་ཞིང་དང་སྨོན་ལམ་རྣམས་རྣམ་པར་དག་པས་འཕགས་པ་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པར་བསྔོ་བ་སྟེ། ཚིགས་བཅད་གསུམ་མོ། །དེ་ཡང་གང་ཞེ་ན། སྲས་ཀྱི་ཐུ་


DTG117_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བོ་པ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟང་པོ་སྤྱོད་པ་གང་ཡིན་པ་དང༌། དེ་ལྟར་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཇི་སྙེད་པ་དང༌། ཏིང་ངེ་འཛིན་ཇི་སྙེད་པ་དང༌། མདོར་ན་བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་སོགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་མཐར་ཕྱིན་པ་ནི་འཕགས་པ་ཀུན་དུ་བཟང་པོ་བྱང་ཆུབ་སེམས་དཔའ་སྟེ། དེ་བས་ན་སྲས་ཀྱི་ཐུ་བོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་ནི། །འཕགས་པ་ཀུན་དུ་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའོ། །མཁས་པ་དེ་དང་ཞེས་བྱ་བ་ནི་དེ་ཉིད་ལ་མཁས་པའོ། །མཚུངས་པར་སྤྱད་པའི་ཕྱིར་ཞེས་བྱ་བ་ནི་མཐུན་པར་སྤྱད་པ་སྟེ། ཇི་ལྟར་བསྟན་པའི་དགེ་བའི་རྩ་བ་འདི་དག་ཐམས་ཅད་སྐད་ཅིག་རེ་རེ་ལ་ཡོངས་སུ་བསྔོ་བར་བྱ་བའོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང༌། །ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་རྣམས་ཀྱི་སྤྱོད་པ་རྣམ་པར་དག་པ་དང་ཞིང་རྣམས་རྣམ་པར་དག་པ་སྟེ། བསྔོ་བ་བཟང་པོ་མཁས་པ་ཞེས་བྱ་བ་ནི་འཕགས་པ་ཀུན་དུ་བཟང་པོ་མཁས་པའོ། །ཅི་འདྲ་བར་ཞེས་བྱ་བ་ནི་ཇི་ལྟ་བུ་ཡིན་པར་རོ། །དེ་འདྲར་ཞེས་བྱ་བ་ནི་དེ་འདྲ་བར་བདག་ཀྱང་གྱུར་ཅིག་པའོ། །མཚུངས་པར་ཞེས་བྱ་བ་ནི་འདྲ་བར་རོ། །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་དང་བར་དུ་དགེ་བའོ། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །ཞེས་བྱ་བ་ནི་ཚད་མེད་པ་འཇམ་དཔལ་གྱི་སྨོན་ལམ་སྤྱོད་པར་ཤོག་ཤིག་པའོ། །དེའི་སྨོན་ལམ་ཇི་ལྟ་བུ་ཞེ་ན། གཞུང་ལས། འཕགས་པ་འཇམ་དཔལ་ནམ་མཁའ་ཞེས་བྱ་བའི་རྒྱལ་པོར་གྱུར་པའི་ཚེ་འཁོར་བ་ཐོག་མ་དང་ཐ་མ་དང་བྲལ་བ་ཇི་སྲིད་པ་དེ་སྲིད་དུ་སེམས་ཅན་རྣམས་ལ་ཚད་མེད་པའི་ཕན་བ་སྤྱད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེན་པོ་རྣམས་སོ། །མ་འོངས་བསྐལ་པ་ཀུན་དུ་མི་སྐྱོ་བར། །ཞེས་བྱ་བ་ནི་མ་འོངས་པའི་བསྐལ་པ་ཐམས་ཅད་དུ་མ་ལུས་བར་མི་སྐྱོ་བའི་ཡིད་ཀྱིས་གཞན་དུ་མི་སེམས་པར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དེ་དག་གི་བྱ་བའི་ལས་མ་ལུས་པ་ཡོངས་སུ་རྫོགས་པར་བྱ་ཞིང་རབ་ཏུ་བསྒྲུབ་པར་བགྱིའོ། །སྦྱོར་བ་དང་ཡོན་ཏན་དང་


DTG117_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དང་གནས་དང་ཚད་མེད་པའི་ཁྱད་པར་བསྡུ་བ་ནི་རྣམ་པ་བཅུ་དྲུག་པ་སྟེ། དེ་ཡང་གང་ཞེ་ན། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཅེས་བྱ་བ་ལ་སོགས་པའོ། །བདག་གི་སྤྱོད་པ་ཡང་ཚད་ཡོད་མ་གྱུར་ཅེས་བྱ་བ་ནི་ཚད་མེད་པར་གྱུར་ཅིག་པ་སྟེ། ཚད་མེད་པའི་སྤྱོད་པ་དང༌། ཚད་མེད་པའི་ཡོན་ཏན་ལ་གནས་པས་དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ་པར་སྤྲུལ་པའི་འཕྲུལ་གྱི་ཡ་མཚན་ཐམས་ཅད་ཡོངས་སུ་ཤེས་པར་གྱུར་ཅིག་པའོ། །དེའི་བྱེ་བྲག་རྣམ་པ་བཅུ་དྲུག་སྟེ། དེ་ཡང་བརྒྱད་པའོ། །ད་ནི་དེའི་མཐའ་སྟེ་རྣམ་པ་དགུ་པའོ། །བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མཐའ་དེ་ཡང་ནམ་མཁའ་ལ་སོགས་པ་དཔེར་བརྗོད་པ་རྣམ་པ་བཞི་སྟེ། དེ་ཡང་གང་ཞེ་ན། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ། །ཞེས་བྱ་བ་ལ་སོགས་པའོ། །ཇི་ཙམ་ཞེས་བྱ་བ་ནི་ནམ་མཁའི་མཐའ་ཇི་ཙམ་པ་སྟེ། ནམ་མཁའི་མཐའ་ཙམ་དུ་གྱུར་ཅིག་པའོ། །སེམས་ཅན་ཀུན་གྱི་མཐའ་ཇི་ཙམ་པ་དང༌། འགྲོ་བ་རྣམས་ཀྱི་ལས་དང་ཉོན་མོངས་པའི་མཐའ་ཇི་ཙམ་པར་བདག་གི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མཐའ་ཡང་དེ་ཙམ་དུ་གྱུར་ཅིག་པའོ། །ནམ་མཁའ་ལ་སོགས་པ་ལ་ཡང་ཡོངས་སུ་ཟད་ཅིང་ཐུག་པ་མེད་དེ། དེ་ལྟར་བདག་གི་སྨོན་ལམ་འདིའི་མཐའ་ཡང་ཟད་ཅིང་ཐུག་པ་མེད་པར་གྱུར་ཅིག་པའོ། །སྨོན་ལམ་གྱི་ཡོན་ཏན་ནི་རྣམ་པ་བཅུ་པ་སྟེ། ཚེ་འདི་དང་ཕ་རོལ་གྱི་རྣམ་པ་གཉིས་སོ། །དེ་ལ་ཚེ་འདིའི་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། བསོད་ནམས་ཁྱད་པར་ཅན་ཡོངས་སུ་སྡུད་པ་དང༌། དེ་བཞིན་གཤེགས་པ་མཐོང་བ་དང༌། བྱང་ཆུབ་སེམས་དཔའ་དང་སྐལ་བ་མཐུན་པ་ཐོབ་བ་དང༌། ལས་ཀྱི་སྒྲིབ་པ་འབྱང་བ་རྣམས་སོ། །དེ་དངོས་པོ་ཆེ་བ་དང་རྒྱ་ཆེ་བ་དང༌། སྣ་ཚོགས་ཀྱི་དངོས་པོ་བསྡུ་བ་དང༌། ཞིང་ཁྱད་པར་ཅན་གྱི་དཔེ་དང༌། གང་གིས་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་འདི་ལ་དད་པས་བསོད་ནམས་ཁྱད་པར་ཅན་ཡོངས་སུ་སྡུད་པར་འགྱུར་ཏེ། དེ་ཡང་གང་ཞེ་ན། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་རིགས་ཀྱི་བུ་ཕོའམ་རིགས་ཀྱི་བུ་མོ་གང་གིས་ཕྱོགས་བཅུ་མཐའ་ཡས་པ་མུ་མེད་པ་ན་སངས་


DTG117_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཞིང་རྣམས་རིན་པོ་ཆེ་སྣ་ཚོགས་དང༌། ན་བཟའ་དང༌། བླ་རེ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རིན་པོ་ཆེའི་དྲིལ་བུའི་ཕྲེང་བ་དང་སྤོས་དང༌། མེ་ཏོག་དང༌། བདུག་པ་དང༌། མར་མེ་དང༌། ཕྲེང་བ་ལ་སོགས་པ་དང༌། སིལ་སྙན་མིའི་ལས་འདས་པ་འཕྲུལ་གྱི་རྒྱན་རྣམས་ཀྱིས་རབ་ཏུ་བརྒྱན་པ་དང༌། མིའི་མ་ཡིན་པའི་འཕྲུལ་གྱི་ཞལ་ཟས་རོ་ལྔ་བརྒྱ་དང་ལྡན་པ་མཆོག་ཏུ་བདེ་བ་བསྐྱེད་པ་རྣམས་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་བསྐལ་པར་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་ཞིང་ཕུལ་བ་བས། གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །ལན་ཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །ཞེས་བྱ་བ་སྟེ། འདི་ནི་འདི་ཉིད་དོ་ཞེས་ངེས་པ་བསྐྱེད་པར་བྱས་པ་སྟེ། དེ་ཡང་གང་ཞེ་ན། བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང༌། །ཞེས་བྱ་བ་ཐེག་པ་ཆེན་པོ་ལ་ཞུགས་པ་དེས་སྔ་མའི་སྦྱིན་པའི་བསོད་ནམས་པས་འདིའི་བསོད་ནམས་ཁྱད་པར་ཅན་དུ་འགྱུར་རོ། །སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པས་དེ་བཞིན་གཤེགས་པ་མཐོང་བ་སྟེ། དེ་ཡང་གང་ཞེ་ན། དེས་ནི་ངན་སོང་ཐམས་ཅད་སྤང་བར་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །དེས་སྤང་བར་བྱ་བ་ནི་སྡིག་པ་དང་ངན་སོང་གསུམ་མོ། །དེས་ནི་གྲོགས་པོ་ངན་པ་སྤང་བར་འགྱུར། །ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་མི་དགེ་བའི་བཤེས་གཉེན་རྣམས་སོ། །འཆི་བའི་ཚེ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེ་བཞིན་གཤེགས་པ་དེ་ཡང་དེས་མྱུར་དུ་གདོན་མི་ཟ་བར་མཐོང་བར་འགྱུར་ཏེ། གང་གིས་མཐོང་ཞེ་ན། གང་གིས་འདི་ལྟར་བཟང་པོ་སྤྱོད་པའི་སྨོན་ལམ་འདིའི་དོན་དང་ཚིག་བཅས་པར་སེམས་ཀྱིས་ཆུབ་པའོ། །ཚེའི་འཚོ་བ་དགེ་བ་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཐུན་པ་ཐོབ་པ་སྟེ་དེ་ཡང་གང་ཞེ་ན། དེ་གང་རྙེད་པ་རབ་རྙེད་བདེ་བར་འཚོ། །ཞེས་བྱ་བ་ལ་སོགས་པའོ། །བླ་ན་མེད་པའི་སྨོན་ལམ་རིན་པོ་ཆེ་ཐོབ་པ་ནི་རབ་ཏུ་རྙེད་པ་སྟེ། བདེ་བར་འཚོ་བ་རྙེད་པ་ཡང་སྨོན་ལམ་རིན་པོ་ཆེ་འདི་ལྟ་བུ་ཐོབ་པས་སོ། །དེ་ལྟ་བས་ན་ཚེའི་མཆོག་ཐོབ་པར་བྱ་བའི་དངོས་པོ་ཐོབ་པར་འགྱུར་བའི་ཕྱིར་རོ། །མི་ཚེ་འདིར་ཡང་དེ་དག་


DTG117_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བར་འོང། །ཞེས་བྱ་བ་ནི་དགེ་བར་འོངས་པའོ། །ཀུན་དུ་བཟང་པོ་དེ་ཡང་ཅི་འདྲ་བར། །ཞེས་བྱ་བ་ནི་དེ་ལྟར་རིང་བོར་མི་ཐོགས་པར་འགྱུར་བའོ། །ལས་ཀྱི་སྒྲིབ་བ་ཡོངས་སུ་འབྱང་བའི་ཡོན་ཏན་ནི་རྣམ་པ་བཞི་པ་སྟེ། དེ་ཡང་གང་ཞེ་ན། མ་ཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །ཞེས་བྱ་བ་ལ་སོགས་པའོ། །སྡིག་པ་མཚམས་མེད་པ་ལྔ་ནི་མ་བསད་པ་ལ་སོགས་པའོ། །གང་གིས་མི་ཤེས་དབང་གིས་བྱས་པ་དག །ཅེས་བྱ་བ་ནི་མི་ཤེས་པའི་རྩ་བ་ལས་བྱུང་བའི་ཕྱིར་འདོད་ཆགས་ལ་སོགས་པ་གཞན་དག་ལ་ཡང་མི་ཤེས་པའི་དབང་གིས་ཞེས་བྱ་བའོ། །དེའི་ཀུན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་གོང་མ་བཞིན་དུ་བཟུང་ནས་དད་པའི་ཆུས་སེམས་བརླན་པར་བྱས་ཏེ་བརྗོད་པ་དང༌། འཆད་པ་དང༌། མོས་པར་བྱེད་པ་དང༌། ཀློག་པ་དང༌། འཆང་བ་དང༌། སྒོམ་པ་རྣམས་བྱས་ན་མཚམས་མེད་པའི་སྡིག་པ་ཡང་མྱུར་དུ་མ་ལུས་བར་ཡོངས་སུ་བྱང་བར་འགྱུར་རོ། །ཚེ་ཕྱི་མའི་ཡང་རྣམ་པ་གཉིས་ཏེ། རྒྱུས་བ་སྡུས་པ་དང་འབྲས་བུས་བསྡུས་པའོ། །དེ་ལ་རྒྱུས་བསྡུས་པ་ནི་ཡེ་ཤེས་དང༌། མཚན་དང་དཔེ་བྱད་ཀྱིས་ལུས་བརྒྱན་པ་དང༌། ནད་མེད་པའི་མཆོག་གི་མཚན་རྣམས་ཏེ། དེ་ཡང་གང་ཞེ་ན། ཡེ་ཤེས་དང་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པའོ། །ཡེ་ཤེས་ཞེས་བྱ་བ་ནི་ཤེས་པ་སྟེ། སྤྱོད་པ་ཐམས་ཅད་དང་ལྡན་པའོ། །གཟུགས་ཞེས་བྱ་བ་ནི་གཟུགས་ཡིད་འཕྲོག་པའོ། །མཚན་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་གཉིས་དབུའི་གཙུག་ཏོར་ལ་སོགས་པའོ། །མཚན་གྱི་འཁོར་དཔེ་བྱད་ཡིན་པས་ན་དེ་དང་ཡང་ལྡན་པར་རིག་པར་བྱའོ། །རིགས་དང་ཞེས་བྱ་བ་ནི་བྲམ་ཟེ་དང་རྗེའུ་རིགས་ལ་སོགས་པ་གཞན་དག་ཀྱང་ངོ༌། །ཁ་དོག་ཅེས་བྱ་བ་ནི་རུས་ཆེན་པོ་བཙུན་པ་རྣམས་སོ། །ལྡན་པར་ཞེས་བྱ་བ་ནི་ཀུན་དང་ལྡན་པའོ། །འགྱུར་ཞེས་བྱ་བ་ནི་དེ་ལྟར་འགྱུར་པའོ། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །ཅེས་བྱ་བ་ནི་བདུད་མང་པོ་དང་མུ་སྟེགས་ཅན་མང་པོས་མི་ཚུགས་ཤིང་ཟིལ་གྱིས་མི་ནོན་པའོ། །མཆོད་པར་གྱུར་ཅིག་ཅེས་བྱ་བ་ནི་ཁམས་གསུམ་པ་ཐམས་ཅད་ཀྱིས་མཆོད་པར་གྱུར་ཅིག་པ་སྟེ། གང་གིས་


DTG117_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་བཟང་པོའི་སྤྱོད་པ་སྨོན་ལམ་འཛིན་ཅིང་སྟོན་པའོ། །འབྲས་བུས་བསྡུས་པ་ནི་བྱང་ཆུབ་ཀྱི་སྙིང་པོར་སོང་བ་དང༌། སེང་གེའི་གདན་ལ་བཞུགས་པར་བསྟན་པ་དང༌། བདུད་རྣམས་རབ་ཏུ་བཏུལ་བ་དང༌། མངོན་པར་བྱང་ཆུབ་བ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཚན་ཉིད་དོ། །དེ་ཡང་གང་ཞེ་ན། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །ཞེས་བྱ་བ་ལ་སོགས་པ་སྟེ། བཟང་པོ་སྤྱོད་པ་བླ་ན་མེད་པ་འདིས་ཤིན་ཏུ་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མྱུར་དུ་འགྲོའོ། །བྱང་ཆུབ་ཤིང་དབང་དྲུང་ཞེས་བྱ་བ་ནི་བྱང་ཆུབ་ཤིང་དབང་གི་དྲུང་དུའོ། །སོང་ནས་ཀྱང་སྐྱིལ་མོ་ཀྲུང་བཅས་ཏེ་སེང་གེའི་གདན་ལ་འགྲོ་བ་ཐམས་ཅད་ལ་བདེ་ཞིང་ཕན་པའི་ཕྱིར་འདུག་ནས་བདུད་སྡེ་དང་བཅས་པ་རབ་བཏུལ་ཏེ། དེ་ནས་བླ་ན་མེད་པ་ཡང་དག་པར་བྱང་ཆུབ་ཏུ་སངས་རྒྱས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ །མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མ་ལུས་པར་བསྟན་ཏོ། །དེ་ཡང་གང་ཞེ་ན། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །ཞེས་བྱ་བ་ལ་སོགས་པའོ། །གང་གིས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འཆང་བ་དང༌། སྟོན་པ་དང༌། ཀློག་པའི་རྣམ་པར་སྨིན་པ་ནི་སུ་གང་གིས་ཤེས་ཤེ་ན། ཉན་ཐོས་དང༌། རང་སངས་རྒྱས་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ཏེ། གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ། སྨོན་ལམ་རིན་པོ་ཆེའི་རྣམ་པར་སྨིན་པ་ཇི་ལྟར་མཁྱེན་ཅེ་ན། བྱང་ཆུབ་མཆོག་ལ་ཞེས་བྱ་བ་སྟེ། བླ་ན་མེད་པའི་བྱང་ཆུབ་མཆོག་གི་འབྲས་བུའོ། །འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ཡང་མ་ལུས་པར་འདིར་བཤད་པར་རིག་པར་བྱ་སྟེ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ནི་འདིའི་ཞར་གྱིས་འབྱུང་བར་རིག་པར་བྱའོ། །དེ་བས་ན་སྨོན་ལམ་འདི་ལ་དོགས་པ་དང་སོམ་ཉི་མ་བྱེད་ཅིག་ཅེས་བྱའོ། །ད་ནི་བསྔོ་བ་བསྟན་པ་ཞེས་བྱ་བ་སྟེ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་ཞེས་བྱ་བ་ལ་སོགས་པའོ། །འཇམ་དཔལ་


DTG117_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཇི་ལྟར་མཁྱེན་པ་དང༌། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་ཀྱང་དེ་བཞིན་དུ་སྟེ། དགེ་བའི་ཕུང་པོ་འདི་དག་ཐམས་ཅད་དེ་དག་གི་རྗེས་སུ་བསྔོ་ཞིང་སློབ་པ་ནི་བྱང་ཆུབ་སེམས་དཔའི་བསྔོ་བའོ། །འདི་ནི་དེ་བཞིན་གཤེགས་པའི་བསྔོ་བ་སྟེ། དུས་གསུམ་གཤེགས་པའི་རྒྱལ་བ་བ་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པའོ། །དུས་གསུམ་གཤེགས་པའི་རྒྱལ་བ་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བླ་ན་མེད་པ་མཆོག་ཏུ་བསྔོ་བར་བསྔགས་ཤིང་བསྟོད་པ་སྟེ། དེ་ལྟར་བདག་གིས་བསྔོ་བ་ནི་བླ་ན་མེད་པ་མཆོག་ཀུན་དུ་བཟང་པོའི་སྤྱོད་པའི་དགེ་བའི་ཚོགས་འདི་ཀུན་ཀྱང་དེ་ལྟར་རོ། །འདི་ལ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་སྡིག་པའི་སྒྲིབ་པ་སྤོང་བའོ། །ཕྱེད་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལུས་ཡོངས་སུ་གཟུང་བའོ། །དེ་ཡང་གང་ཞེ་ན། བདག་ནི་འཆི་བའི་དུས་བྱེད་ཅེས་བྱ་བ་ལ་སོགས་པའོ། །འཆི་བར་བྱེད་པ་ནི་འཆི་བ་སྟེ། འཆི་བའི་དུས་སུ་བཟང་པོ་སྤྱོད་པ་ལ་གང་གིས་བསྒྲིབས་པར་འགྱུར་བའི་སྒྲིབ་པ་དེ་ཐམས་ཅད་ཕྱིར་བསལ་བའོ། །མངོན་པར་མཐོང་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་མངོན་སུམ་དུ་མཐོང་བའོ། །དེར་ཞེས་བྱ་བ་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ་འགྲོ་བ་ལ་བྱའོ། །དེར་སོང་ནས་ཞེས་བྱ་བ་ནི་བདེ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་དེར་སྟོང་བ་སྟེ། ཇི་ལྟར་སྨྲས་པ་བཞིན་སྨོན་ལམ་དུ་གདབ་པ་དེ་ཀུན་བདག་གིས་མངོན་སུམ་དུ་རྫོགས་པར་གྱུར་ཅིག་པའོ། །དེ་དག་མ་ལུས་བདག་གིས་ཡོངས་སུ་བསྐང༌། །ཅེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་འདི་ལྟ་བུ་ཕན་པར་བྱ་བའོ། །ཇི་སྲིད་དུ་ཞེ་ན། འཇིག་རྟེན་ཇི་སྲིད་ཅེས་བྱ་བ་སྟེ། འཇིག་རྟེན་ཇི་སྲིད་པར་འགྲོ་བ་རྣམས་ཀྱི་དོན་བྱ་བའོ། །ལྷག་མ་ནི་ལུང་བསྟན་པ་ཐོབ་པ་དང༌། སེམས་ཅན་གྱི་དོན་སྒྲུབ་པ་སྟེ། གང་ཞེ་ན། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་འཁོར་འདུས་པའོ། །བཟང་པོ་ཞེས་བྱ་བ་ནི་མཇེས་པའོ། །དགའ་བ་ཞེས་བྱ་བ་ནི་ཡིད་དགའ་བར་འགྱུར་བའོ། །པདྨོ་དམ་པ་ཞེས་བྱ་བ་ནི། པདྨོ་དམ་པའོ། །མཛེས་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་ཚོགས་ལས་བྱས་པས་


DTG117_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འཚེར་བའོ། །སྐྱེས་ཞེས་བྱ་བ་ནི་མངོན་དུ་བྱུང་བའོ། །ལུང་བསྟན་ཞེས་བྱ་བ་ནི་ལུང་བསྟན་པས་ན་ལུང་སྟོན་པ་སྟེ། དུས་འདི་ན་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་འཚང་རྒྱ་བར་ལུང་སྟོན་པ་སྟེ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལས་བདག་གིས་ལུང་བསྟན་པ་མངོན་སུམ་དུ་ཐོབ་པར་བྱའོ་སྙམ་པའོ། །དེར་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལས་ལུང་བསྟན་པ་རབ་ཏུ་ཐོབ་ནས། བྱེ་བ་བརྒྱ་ཕྲག་དུ་མར་སྤྲུལ་པའི་ཆོ་འཕྲུལ་གྱི་སྤྲིན་གྱིས་ཕྱོགས་བཅུ་ཀུན་དུ་ཁྱབ་པར་སྤྲུལ་ནས། སེམས་ཅན་ཐམས་ཅད་ལ་ཕན་པའི་རྣམ་པ་མང་པོ་གྲངས་མེད་ཚད་མེད་པ་སྐད་ཅིག་གིས་སོ་སོར་ཐམས་ཅད་དུ་བྱེད་པ་སྟེ། བློ་ཡི་སྟོབས་ཀྱིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཐུ་ཆེན་པོ་སྟེ། མི་ཆགས་ཤིང་ཐོགས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།།


previousཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས། ཕྱོགས་ཀྱི་གླང་པོ།next