Nitartha Digital Library
Tibetan
 
previousརྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་བཤད་པ་བསྡུ་བ། ཐོགས་མེད།next

རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་བཤད་པ་བསྡུ་བ།
ཐོགས་མེད།


DTG132_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

༈། །རྣམ་བཤད་བསྡུ་བ་བཞུགས། །


DTG132_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་བཤད་པ་བསྡུ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྣམ་པར་བཤད་པ་བསྡུ་བ་གང་ཞེ་ན། སྤྱི་སྡོམ་ནི། ལུས་དང་རྣམ་པར་བཤད་པ་དང༌། །ཚིག་འབྲུ་དང་ནི་དོན་ཉིད་དང༌། །ཆོས་དང་ཀུན་ནས་སློང་བ་དང༌། །དོན་དང་རྒོལ་བའི་ལན་དང་ནི། །མཚམས་སྦྱར་བ་དང་སྨྲ་བ་དང༌། །བཤད་དང་འཁོར་དང་ཉན་པ་དང༌། །སངས་རྒྱས་བསྔགས་པ་བསྡུས་པ་དང༌། །རྒྱས་དང་བསླབ་པའི་ཕན་ཡོན་ཡིན། །དེ་ལ་མདོ་སྡེའི་ལུས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཚིག་འབྲུ་དང་དོན་ཏོ། །དེ་ལ་ཚིག་འབྲུ་ནི་གནས་ཡིན་ལ་དོན་ནི་དེ་ལ་གནས་པ་ཡིན་པར་རིག་པར་བྱའོ། །དེ་གཉིས་ཀ་བསྡུས་པ་ནི་ཤེས་པར་བྱ་བ་ཡིན་ནོ། །རྣམ་པར་བཤད་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པར་ལྔར་བལྟ་བར་བྱ་སྟེ། ཆོས་དང༌། ཀུན་ནས་སློང་བ་དང༌། དོན་དང༌། རྒོལ་བའི་ལན་དང༌། མཚམས་སྦྱར་བའོ། །དེ་ལ་ཚིག་འབྲུ་ནི་རྣམ་པ་དྲུག་སྟེ། མིང་གི་ཚོགས་རྣམས་དང༌། ཚིག་གི་ཚོགས་རྣམས་དང༌། ཡི་གེའི་ཚོགས་རྣམས་དང༌། ངག་དང༌། རྣམ་པ་དང༌། བསྟན་པའོ། །དེ་ལ་མིང་གི་ཚོགས་རྣམས་ནི་ཡང་དག་པར་ཤེས་པར་བྱེད་པའི་ཚིག་བླ་དགས་ཡིན་ནོ། །དེ་ཡང་རྣམ་པ་བཅུ་གཉིས་ཏེ། ཉེ་བར་བཏགས་པ་ལས་བྱུང་བ་དང༌། ཡང་དག་པའི་དངོས་པོ་དང༌། རིགས་པ་དང་འབྲེལ་བ་དང༌། སོ་སོ་དང་འབྲེལ་བ་དང༌། ཡོན་ཏན་ལས་བྱུང་བ་དང༌། ཐ་སྙད་ལས་བྱུང་བ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། གསལ་བ་དང༌། མི་གསལ་བ་དང༌། བསྡུས་པ་དང༌། རྒྱས་པའོ། །དེ་ལ་ཉེ་བར་བཏགས་པ་ལས་བྱུང་བའི་མིང་ནི་རེ་ཞིག་ནང་གི་ངག་ལ་སེམས་ཅན་དང་སྲོག་ཅེས་བྱ་བ་ལ་སོགས་པ་དང༌། ཕྱི་རོལ་གྱི་དག་ལ་བུམ་པ་དང་སྣམ་བུ་ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པའི་དངོས་པོའི་མིང་ནི་འདི་ལྟ་སྟེ། མིག་ལ་སོགས་པ་དང་གཟུགས་ལ་སོགས་པའི་དབང་པོ་དང་དོན་རྣམས་ཀྱིའོ། །རིགས་དང་འབྲེལ་བའི་མིང་ནི་སེམས་ཅན་དང་གཟུགས་དང༌། ཚོར་བ་དང་འབྱུང་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །སོ་སོ་དང་འབྲེལ་པའི་མིང་ནི་སངས་རྒྱས་བྱིན་དང་ཡོན་ཏན་བཤེས་གཉེན་དང་སྔོན་པོ་དང་སེར་པོ་ཞེས་བྱ་བ་ལ་སོགས་པའོ། །ཡོན་ཏན་ལས་བྱུང་བའི་མིང་ནི་འདི་ལྟ་སྟེ། གཟུགས་སུ་རུང་བས་གཟུགས་དང༌། ཚོར་བར་བྱེད་པས་


DTG132_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་དང༌། ཉིན་མོར་བྱེད་པས་ཉི་མ་དང༌། སྲེག་པར་བྱེད་པས་མེ་ཞེས་བྱ་བ་ལ་སོགས་པའོ། །ཐ་སྙད་ལས་བྱུང་བའི་མིང་ནི་འདི་ལྟ་སྟེ། དབུལ་པོ་ལ་ཕྱུག་པོ་ཞེས་བྱ་བ་ལྟ་བུ་དང༌། གཞན་ཡང་དོན་ལ་མི་ལྟོས་པར་མིང་རྣམ་པར་གཞག་པ་གང་ཡིན་པའོ། །གྲགས་པའི་མིང་ནི་ཡོངས་སུ་རྟོག་པའི་མིང་གང་ཡིན་པའོ། །མ་གྲགས་པའི་མིང་ནི་དེ་ལས་བཟློག་པ་ཡིན་ནོ། །གསལ་བའི་མིང་ནི་གང་གི་དོན་ཤེས་པའོ། །མི་གསལ་བའི་མིང་ནི་གང་གི་དོན་མི་ཤེས་པ་སྟེ། འགྲོ་ལྡིང་བའི་རིག་སྔགས་ལྟ་བུའོ། །བསྡུས་པའི་མིང་ནི་ཡི་གེ་གཅིག་གང་ཡིན་པའོ། །རྒྱས་པའི་མིང་ནི་ཡི་གེ་མང་པོ་གང་ཡིན་པའོ། །དེ་ལ་ཚིག་གི་ཚོགས་རྣམས་ནི་མིང་དང་ཡི་གེ་ཡོངས་སུ་རྫོགས་པ་གང་ཡིན་པའོ། །དེ་ཡང་རྣམ་པ་དྲུག་སྟེ། ཡོངས་སུ་མ་རྫོགས་པའི་ཚིག་དང༌། ཡོངས་སུ་རྫོགས་པའི་ཚིག་དང༌། བསྒྲུབ་པའི་ཚིག་དང༌། སྒྲུབ་པའི་ཚིག་དང༌། བསྟན་པའི་ཚིག་དང༌། བཤད་པའི་ཚིག་གོ །དེ་ལ་ཡོངས་སུ་མ་རྫོགས་པའི་ཚིག་ནི་ཚིག་འབྲུ་མ་རྫོགས་པ་དང༌། དོན་མ་རྫོགས་པ་ལས་བལྟ་བར་བྱའོ། །ཡོངས་སུ་རྫོགས་པའི་ཚིག་ནི་ཚིག་གཉིས་པས་ཡོངས་སུ་རྫོགས་པར་འགྱུར་བ་གང་ཡིན་པ་སྟེ། འདི་ལྟ་སྟེ། དཔེར་ན། སྡིག་པ་ཐམས་ཅད་ཅེས་བྱ་བའི་ཚིག་འབྲུ་ནི་མ་རྫོགས་པ་ཡིན་ལ། སྡིག་པ་ཐམས་ཅད་ཅེས་བྱ་བའི་དོན་ཀྱང་ཡོངས་སུ་མ་རྫོགས་པ་ཡིན་པས་མི་བྱ་སྟེ་ཞེས་བྱ་བའི་ཚིག་དེས་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་བུའོ། །བསྒྲུབ་པའི་ཚིག་ནི་གོང་མའི་འོག་མས་སྒྲུབ་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། དཔེར་ན། ཀྱེ་མ་འདུ་བྱེད་མི་རྟག་སྟེ་ཞེས་བྱ་བ་དེ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ཞེས་བྱ་བས་བསྒྲུབ་པར་བྱ་བ་ལྟ་བུའོ། །དེ་ལ་སྔ་ཕྱིའི་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་བསྒྲུབ་པའི་ཚིག་ཡིན་ལ་གང་གིས་སྒྲུབ་པར་བྱེད་པ་དེ་ནི་སྒྲུབ་པའི་ཚིག་ཡིན་ནོ། །དེ་ལ་བསྟན་པའི་ཚིག་ནི་འདི་ལྟ་སྟེ། དཔེར་ན། དམ་པ་རྣམས་ཞེས་བྱ་བ་ལྟ་བུའོ། །བཤད་པའི་ཚིག་ནི་ཡང་དག་པར་སོང་བ་རྣམས་དང་སྐྱེས་བུ་དམ་པ་རྣམས་ཞེས་བྱ་བ་ལྟ་བུའོ། །ཡང་ན་ཡོངས་སུ་རྫོགས་པ་དང་ཡོངས་སུ་མ་རྫོགས་པའི་མིང་ནི་ཚིག་ཡིན་ཏེ། གང་ལ་དེ་གཉིས་ཀྱིས་མཐར་ཐུག་པར་འགྱུར་བ་ཡིན་ནོ། །དེ་ལ་ཡི་གེའི་ཚོགས་རྣམས་ནི་ཡི་གེ་བཞི་བཅུ་རྩ་དགུ་པོ་དག་གོ །དེ་ལ་འདུན་པ་སྔོན་དུ་བཏང་བ་ནི་མིང་ངོ༌། །མིང་སྔོན་དུ་བཏང་བ་ནི་ཚིག་དང་ཡི་གེའི་ཚོགས་


DTG132_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །ཚིག་གང་ཡིན་པ་དེ་ནི་མིང་ཡང་ཡིན་ལ་ཡི་གེ་ཡང་ཡིན་ནོ། །ཡི་གེ་གཅིག་གང་ཡིན་པ་དེ་ནི་ཚིག་མ་ཡིན་ནོ། །མིང་གིས་མ་བསྡུས་པའི་ཡི་གེ་གང་ཡིན་པ་དེ་ནི་ཡི་གེ་ཁོ་ན་ཡིན་གྱི་མིང་མ་ཡིན་ནོ། །ཅིའི་ཕྱིར་མིང་གི་ཚོགས་ལ་སོགས་པ་འདོགས་པར་མཛད་ཅེ་ན། འདི་ལྟ་སྟེ། ཚིག་བླ་དགས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོ་སོར་མྱོང་བར་བྱ་བའི་ཕྱིར་རོ། །མིང་ཞེས་བྱ་བའི་དོན་གང་ཞེ་ན། མིང་སྣ་ཚོགས་སུ་ལེགས་པར་ཤེས་པར་བྱེད་པའི་ཕྱིར་མིང་ངོ༌། །ཡང་ཡིད་ཀྱིས་མཚན་མར་བྱེད་པའི་ཕྱིར་མིང་ངོ༌། །ཡང་ལྐོག་ཏུ་གྱུར་པའི་དོན་བསྟན་པའི་ཕྱིར་ཚིག་གིས་བརྗོད་པར་བྱེད་པའི་ཕྱིར་མིང་ངོ༌། །མིང་གིས་མཐའ་བླངས་པའི་ཕྱིར་ཚིག་གོ །མིང་དང་ཚིག་རྗེས་སུ་གསལ་བར་བྱེད་པའི་ཕྱིར་ཡི་གེའི་ཚོགས་རྣམས་སོ། །བཅོམ་ལྡན་འདས་ཀྱིས་ཚིག་བླ་དགས་དང་ཚིག་བླ་དགས་ཀྱི་ལམ་ཞེས་རྒྱ་ཆེར་གང་གསུངས་པ་དེ་ལ་ཚིག་བླ་དགས་ནི་སྡེ་པ་མཐའ་དག་ལས་བྱུང་བ་དང་རིགས་དང་འབྲེལ་པའི་མིང་ངོ༌། །ཚིག་བླ་དགས་ཀྱི་ལམ་ནི་སྡེ་པ་དེ་དང་རིགས་དེ་དང་འདུན་པ་སྟེ་དེ་ཀུན་ནས་སློང་བར་བྱེད་པའི་ཕྱིར་རོ། །ངེས་པའི་ཚིག་ནི་བསྟན་པ་དང་བཤད་པ་དེ་དང་དེ་དག་རེ་རེ་ལ་དེ་བསྒྲུབ་པའི་ཚིག་གང་ཡིན་པའོ། །དེའི་རྟེན་དེ་ནི་ལམ་མོ། །འདོགས་པ་ནི་རེ་རེ་ནས་རྣམ་པར་དབྱེ་བ་འདོགས་པར་བྱེད་པའོ། །དེའི་རྟེན་དེ་ནི་ལམ་མོ། །འདུན་པ་ནི་ངེས་པར་བཤད་ཟིན་ཏེ་འདུན་པ་གུད་མེད་དོ། །དེའི་ཚིག་བླ་དགས་འདོགས་པར་བྱེད་པ་ནི་ལམ་མོ། །མིང་གི་ཚོགས་ལ་སོགས་པ་དེ་དག་གི་རྟེན་ནི་མདོར་བསྡུ་ན་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། ཆོས་དང༌། དོན་དང༌། གང་ཟག་དང༌། དུས་དང༌། གྲངས་དང་སྐབས་སོ། །དེ་དག་གི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། ཐོས་པ་ལས་བྱུང་བའི་སར་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་ངག་ནི་མདོར་བསྡུ་ན་གྲོང་ཁྱེར་བ་དང་སྙན་ཅིང་འཇེབས་པ་ལ་སོགས་པ་ཡན་ལག་བརྒྱད་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། དེ་ཚིག་དང་ཡི་གེ་འབྱོར་པ་ཞེས་བྱ་བ་ནས་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཞེས་བྱ་བའི་བར་གྱིས་ཆོས་སྟོན་པར་བྱེད་པའོ། །དེ་ལ་ངག་གྲོང་ཁྱེར་པ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་སྒྲ་མཉེན་ཞིང་སྙན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་གསལ་བ་ནི་ཚིག་དང་


DTG132_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ལེགས་པར་འབྱོར་པ་ཉིད་ཀྱི་ཕྱིར་རོ། །མཉན་པར་འོས་པ་ནི་ཆོས་དང་དོན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །མི་རྟེན་པ་ནི་དད་པའི་བྱ་བ་ལ་མི་རྟེན་པ་ཉིད་ཀྱི་ཕྱིར་རོ། །མི་མཐུན་པ་མེད་པ་ནི་རན་པར་སྨྲ་བ་ཉིད་ཀྱི་ཕྱིར་རོ། མི་གཏུགས་པ་ནི་རྒྱ་ཆེ་ཞིང་མཁས་པ་ཉིད་ཀྱི་ཕྱིར་རོ། །ངག་རྣམ་པ་བརྒྱད་པོ་དེ་དག་གི་ཡོན་ཏན་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དབང་དུ་བྱ་བ་ནི་རྣམ་པ་གཅིག་གིས་སོ། །ངོ་བོ་ཉིད་ནི་རྣམ་པ་གཉིས་ཀྱིས་སོ། །སྦྱོར་བ་ནི་ལྷག་མ་རྣམས་ཀྱིས་སོ། །དེ་ལ་འབྱོར་པ་ནི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཀྱི་གོ་རིམས་ལེགས་པར་འབྱོར་པ་ཉིད་ཀྱི་ཕྱིར་རོ། །ཡང་རིགས་པ་བཞི་ལ་བརྟེན་པའི་ཕྱིར་འབྱོར་པ་ཡིན་ནོ། །འབྲེལ་པ་ནི་སྒྲུབ་པ་དང་འབྲེལ་བའི་ཕྱིར་རོ། །རྗེས་སུ་མཐུན་པ་ནི་རྣམ་པར་བཤད་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །རྗེས་སུ་འཕྲོད་པ་ནི་ཚིག་དང་ཡི་གེ་གསལ་བ་རྣམས་དང་དང་བ་རྣམས་ཀྱིས་སོ། །ཐབས་དང་ལྡན་པ་ནི་སྙིང་ལ་འབབ་པ་ཉིད་ཀྱི་ཕྱིར་རོ། འཆམ་པ་ནི་འཁོར་དང་འཚམ་པའི་ཕྱིར་རོ། །མཐུན་པ་ནི་ཆོས་དང་ལྡན་པ་དང་དོན་དང་ལྡན་པ་དང་དུས་དང་མཐུན་པའི་ཕྱིར་རོ། །འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཞེས་བྱ་བ་ལ་འགྲུས་སྐྱོང་ཞེས་བྱ་བ་ནི་གུས་པར་བྱེད་པ་དང་རྟག་ཏུ་བྱེད་པའོ། །དེའི་ཡན་ལག་རྣམས་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་སྟེ། དེ་དག་གི་ཚོགས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ལ་རྣམ་པ་ནི་འདི་ལྟ་སྟེ། ཕུང་པོ་དང་ལྡན་པ་རྣམས་དང་ཁམས་དང་ལྡན་པ་རྣམས་དང་སྐྱེ་མཆེད་དང་ལྡན་པ་རྣམས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པ་རྣམས་དང༌། གནས་དང༌། །གནས་མ་ཡིན་པ་དང་ལྡན་པ་རྣམས་དང༌། དྲན་པ་ཉེ་བར་གཞག་པ་དང་ལྡན་པ་རྣམས་དང༌། དྲན་པ་དེ་ལྟ་བུ་ལ་སོགས་པ་དང་ལྡན་པ་རྣམས་དང༌། དེ་བཞིན་དུ་ཉན་ཐོས་ཀྱིས་བཤད་པའམ། དེ་བཞིན་གཤེགས་པས་གསུངས་པའམ། བྱང་ཆུབ་སེམས་དཔས་བཤད་པ་ནི་རྣམ་པ་ཞེས་བྱའོ། །དེ་ལ་བསྟན་པ་ནི་གང་ལ་བརྟེན་ནས་གཏམ་ཟེར་བའོ། །དེ་ཡང་དབང་པོ་ལ་སོགས་པའི་དབྱེ་བས་གང་ཟག་རྣམ་པ་ཉི་ཤུ་རྩ་བདུན་དུ་རིག་པར་བྱ་སྟེ། དེ་ལ་དབང་པོའི་དབྱེ་བས་ནི་དབང་པོ་རྟུལ་པོ་དང༌། དབང་པོ་རྣོན་པོའོ། །འདི་ལྟ་སྟེ། ཉན་ཐོས་ཀྱི་སར་འདོད་ཆགས་སྤྱད་པ་ལ་


DTG132_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བསྟན་པ་བཞིན་ནོ། །ཕྱོགས་ཀྱི་དབྱེ་བས་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའོ། །སྨོན་ལམ་གྱི་དབྱེ་བས་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །བསྒྲུབ་ཏུ་རུང་བ་དང་བསྒྲུབ་ཏུ་མི་རུང་བ་དབྱེ་བས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དང༌། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ། །སྦྱོར་བའི་དབྱེ་བས་ནི་མ་ཞུགས་པ་དང་ཞུགས་པ་དང༌། བསྒྲིབས་པ་དང་མ་བསྒྲིབས་པ་དང༌། ཡོངས་སུ་མ་སྨིན་པ་དང་ཡོངས་སུ་སྨིན་པ་དང༌། འཆིང་བ་མཐའ་དག་ཡོད་པ་དང༌། འཆིང་བ་མ་ཚང་བ་དང༌། འཆིང་བ་མེད་པའོ། །རིགས་ཀྱི་དབྱེ་བས་ནི་མི་དང་མི་མ་ཡིན་པའོ། །ཚིག་འབྲུ་དེ་དག་ཐམས་ཅད་བསྡུས་ན་རྣམ་པ་བཞིས་ཚིག་འབྲུ་ཞེས་བྱ་སྟེ། གང་སྟོན་པ་ནི་འདི་ལྟ་སྟེ། མིང་ལ་སོགས་པ་ནས་རྣམ་པར་མཐར་ཐུག་པའི་བར་དག་གོ །གང་ལ་སྟོན་པ་ནི་འདི་ལྟ་སྟེ། གང་ཟག་ཉི་ཤུ་རྩ་བདུན་ལ་སྟོན་པས་བསྡུས་སོ། །གང་གིས་སྟོན་པ་ནི་འདི་ལྟ་སྟེ། ངག་གིས་སོ། །སུ་སྟོན་པ་ནི་སངས་རྒྱས་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་སྟེ། དེ་དག་ཐམས་ཅད་ནི་ཚིག་འབྲུ་རྣམ་པ་དྲུག་གིས་ཡོངས་སུ་བསྟན་པ་ཡིན་ནོ། །གང་ཡང་རུང་བ་ཞིག་མ་ཚང་ན་དོན་མངོན་པར་གསལ་བར་མི་འགྱུར་ལ་དེ་དག་གིས་དོན་མངོན་པར་གསལ་བར་བྱེད་པས་དེའི་ཕྱིར་ཚིག་འབྲུ་ནི་གསལ་བར་བྱེད་ཅེས་བྱའོ། །དོན་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཅུར་བལྟ་བར་བྱ་སྟེ། འདི་ལྟ་སྟེ་སའི་དོན་དང༌། མཚན་ཉིད་ཀྱི་དོན་དང༌། ཡིད་ལ་བྱེད་པའི་དོན་དང༌། དབང་དུ་བྱ་བའི་དོན་དང༌། ཕན་ཡོན་གྱི་དོན་དང༌། ཉེས་དམིགས་ཀྱི་དོན་དང༌། མི་མཐུན་པའི་ཕྱོགས་ཀྱི་དོན་དང༌། གཉེན་པོའི་དོན་དང༌། བསྡུས་པའི་དོན་དང༌། རྒྱས་པའི་དོན་ཏོ། །དེ་ལ་སའི་དོན་ནི་མདོར་བསྡུ་ན་ས་ལྔ་སྟེ། ཚོགས་ཀྱི་ས་དང༌། སྦྱོར་བའི་ས་དང༌། མཐོང་བའི་ས་དང༌། བསྒོམ་པའི་ས་དང༌། མཐར་ཐུག་པར་འགྲོ་བའི་སའོ། །རྒྱས་པར་བྱས་ནས་བཅུ་བདུན་ཏེ། རྣམ་པར་ཤེས་པ་ཚོགས་ལྔ་དང་ལྡན་པ་ལ་སོགས་པ་ཕུང་པོ་མེད་པའི་སའི་མཐར་ཐུག་པའི་བར་དག་གོ །དེ་ལ་མཚན་ཉིད་ཀྱི་དོན་ནི་རྣམ་པར་ལྔ་བལྟ་བར་བྱ་སྟེ། རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དང༌། བརྡའི་མཚན་ཉིད་དང༌། རྒྱུའི་མཚན་ཉིད་དང༌། འབྲས་བུའི་མཚན་ཉིད་དོ། །དེ་དག་གི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། བསམས་པ་ལས་བྱུང་བའི་སར་


DTG132_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བཞིན་ནོ། །མཚན་ཉིད་མེད་པ་ལ་ཡང་སྔ་མ་ཁོ་ན་བཞིན་དུ་བསམས་པ་ལས་བྱུང་བའི་སར་ཇི་སྐད་བསྟན་པ་དེ་བཞིན་དུ་བལྟ་བར་བྱའོ། །དེ་ལ་ཡིད་ལ་བྱེད་པའི་དོན་ནི་ཡིད་ལ་བྱེད་པ་ལ་བྱེད་པ་བདུན་ཏེ། མཚན་ཉིད་སོ་སོར་རིག་པ་ལ་སོགས་པ་འདི་ལྟ་སྟེ། ཉན་ཐོས་ཀྱི་སར་སྔར་བསྟན་པ་བཞིན་ནོ། །ཤེས་པ་བཅུ་ནི། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་བ་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་རྟོགས་པ་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་སྟེ། དེ་དག་གི་རྣམ་པར་དབྱེ་བ་ཡང་འདི་ལྟ་སྟེ། །ཉན་ཐོས་ཀྱི་སར་བསྟན་པ་བཞིན་ནོ། །རྣམ་པར་ཤེས་པའི་ཚོགས་དྲུག་ནི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་ཏེ། འདི་ལྟ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པ་དང༌། ཡིད་ཀྱི་སར་སྔར་བསྟན་པ་བཞིན་ནོ། །ཡོངས་སུ་ཤེས་པ་ནི་དགུ་སྟེ། འདོད་པ་དང་ལྡན་པའི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ན་ཡོངས་སུ་ཤེས་པ་གཅིག་གོ །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་གཉིས་པའོ། །འདོད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་གསུམ་པའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་བཞི་པའོ། །འདོད་པ་དང་ལྡན་པའི་ལམ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་ལྔ་པའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ལམ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དྲུག་པའོ། །ཐ་མའི་ཆ་དང་མཐུན་པ་ཀུན་ཏུ་སྦྱོར་བ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་བདུན་པའོ། །གཟུགས་ཀྱི་འདོད་ཆགས་མཛད་པ་ནི་ཡོངས་སུ་ཤེས་པ་བརྒྱད་པའོ། །གཟུགས་མེད་པའི་འདོད་ཆགས་ཟད་པ་ནི་ཡོངས་སུ་ཤེས་པ་དགུ་པ་སྟེ། དེ་དག་གི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། མཉམ་པར་གཞག་པའི་སར་བསྟན་པ་བཞིན་ནོ། །རྣམ་པར་ཐར་པའི་སྒོ་གསུམ་ནི་སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང་མཚན་མ་མེད་པ་སྟེ། དེ་དག་གི་རྣམ་པར་དབྱེ་བ་ཡང་འདི་


DTG132_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟེ། མཉམ་པར་གཞག་པའི་སར་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་ཡིད་ལ་བྱེད་པ་དུ་དག་གིས་ཡིད་ལ་བྱ་བ་དང་ཤེས་པ་དག་གིས་ཤེས་པར་བྱ་བ་དང༌། རྣམ་པར་ཤེས་པ་དུ་དག་གིས་རྣམ་པར་ཤེས་པར་བྱ་བ་དང༌། ཡོངས་སུ་ཤེས་པར་བྱ་བ་དུ་དག་གིས་ཡོངས་སུ་ཤེས་པར་བྱ་བ་དང༌། རྣམ་པར་ཐར་པའི་སྒོ་དུ་དག་གིས་རྣམ་པར་ཐར་པར་བྱ་བ་དེ་ལྟར་ཆོས་ཡོངས་སུ་བརྟག་པ་བརྩམ་པར་བྱའོ། །དེ་ལ་དབང་དུ་བྱ་བའི་དོན་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དངོས་པོའི་དབང་དུ་བྱ་བ་དང༌། དུས་ཀྱི་དབང་དུ་བྱ་བ་དང༌། གང་ཟག་གི་དབང་དུ་བྱ་བའོ། །དེ་ལ་དངོས་པོའི་དབང་དུ་བྱ་བ་ཡང་རྣམ་པ་གསུམ་སྟེ། དངོས་གཞིའི་དངོས་པོའི་དབང་དུ་བྱ་བ་དང༌། དེའི་ཐོབ་པའི་ཐབས་ཀྱི་དངོས་པོའི་དབང་དུ་བྱ་བ་དང༌། གཞན་གྱིས་རྗེས་སུ་སྙིང་བརྩེ་བའི་དངོས་པོའི་དབང་དུ་བྱ་བའོ། །དེ་ལ་དངོས་གཞིའི་དངོས་པོའི་དབང་དུ་བྱ་བ་ནི་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། བདེ་འགྲོ་དང༌། ངན་འགྲོ་དང༌། ཉམས་པ་དང༌། ཁྱད་པར་དང༌། འཁོར་བ་དང༌། མྱ་ངན་ལས་འདས་པའོ། །དེའི་ཐོབ་པའི་ཐབས་ཀྱི་དངོས་པོའི་དབང་དུ་བྱ་བ་ནི་རྣམ་པ་བཅུ་གཉིས་ཏེ། འདི་ལྟ་སྟེ། སྤྱོད་པ་བཅུ་གཉིས་པོ་འདོད་པའི་སྤྱོད་པ་དང༌། ངེས་པར་འབྱུང་བའི་སྤྱོད་པ་དང༌། དགེ་བའི་སྤྱོད་པ་དང༌། མི་དགེ་བའི་སྤྱོད་པ་དང༌། དྲག་པོའི་སྤྱོད་པ་དང༌། དྲག་པོ་མ་ཡིན་པའི་སྤྱོད་པ་དང༌། ཉམས་པའི་ཆ་དང་མཐུན་པའི་སྤྱོད་པ་དང༌། ཁྱད་པར་གྱི་ཆ་དང་མཐུན་པའི་སྤྱོད་པ་དང༌། ཀུན་ནས་ཉོན་མོངས་པའི་སྤྱོད་པ་དང༌། རྣམ་པར་བྱང་བའི་སྤྱོད་པ་དང༌། བདག་གི་དོན་གྱི་སྤྱོད་པ་དང༌། གཞན་གྱི་དོན་གྱི་སྤྱོད་པའོ། །གཞན་གྱིས་རྗེས་སུ་སྙིང་བརྩེ་བའི་དངོས་པོའི་དབང་དུ་བྱ་བ་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། འདུན་པ་བཟློག་པ་དང༌། ཡང་དག་པར་སྟོན་པ་དང༌། ཡང་དག་པར་འཛིན་དུ་འཇུག་པ་དང༌། ཡང་དག་པར་གཟེངས་པ་བསྟོད་པ་དང༌། ཡང་དག་པར་རབ་ཏུ་དགའ་བར་བྱེད་པའོ། །དེ་ལ་བདེ་འགྲོ་ནི་མི་རྣམས་དང་ལྷ་རྣམས་སོ། །ངན་འགྲོ་ནི་ངན་སོང་རྣམས་སོ། །དེ་ལ་ཉམས་པ་ནི་རྣམ་པ་གཉིས་ཏེ། གཞན་ལ་བརྟེན་པ་དང༌། གཞན་ལ་བརྟེན་པ་མ་ཡིན་ནོ། །དེ་ལ་དང་པོ་ནི་བདག་ཉིད་ཀྱི་ཚེ་ཉམས་པའོ། །ཚེ་ཇི་ལྟ་བ་བཞིན་དུ་ཁ་དོག་དང༌། སྟོབས་དང༌།


DTG132_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་དང༌། སྙན་པ་དང༌། བདེ་བ་དང༌། སྤོབས་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གཉིས་པ་ནི་དགེ་བ་ཉམས་པ་དང་དབང་ཕྱུག་གི་བདག་པོ་ཉམས་པ་དང་དབང་ཆུང་བར་གྲགས་པ་ཉིད་དང༌། ཚིག་མི་བཙུན་པ་ཉིད་དང༌། ཤེས་རབ་འཆལ་བ་ཉིད་དང༌། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྒྱ་ཆེན་པོ་མ་ཡིན་པ་འཐོབ་པ་དང༌། དེ་དག་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་སེམས་མི་འཇུག་པ་དང༌། དེ་ལྟ་བུ་དང་མཐུན་པ་དག་ཉམས་པར་རིག་པར་བྱའོ། །ཁྱད་པར་ནི་དེ་ལས་བཟློག་པ་ལས་ཅི་རིགས་པ་ཁོ་ནར་རིག་པར་བྱའོ། །དེ་ལ་འཁོར་བ་ནི་བདེ་འགྲོ་དང་ཉམས་པ་དང༌། ཁྱད་པར་དེ་དག་ཉིད་ཡིན་ནོ། །མྱ་ངན་ལས་འདས་པ་ནས་ཕུང་པོའི་ལྷག་མ་དང་བཅས་པས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །དེ་ལ་འདོད་པའི་སྤྱོད་པ་ནི་འདི་ལྟ་སྟེ། འདོད་པ་ལ་ལོངས་སྤྱོད་པ་བཅུ་པོ་དག་སྟེ་བར་མ་ལས་འབྱུང་བ་བཞིན་ནོ། །ངེས་པར་འབྱུང་བའི་སྤྱོད་པ་ནི་ལོངས་སྤྱོད་དེ་དག་ཉིད་མི་རྟག་པ་ལ་སོགས་པར་ཤེས་ནས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་དང་དབང་པོ་སྡོམ་པ་ལ་སོགས་པ་གང་ཡིན་པའོ། །དགེ་བའི་སྤྱོད་པ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་དག་གིས་ཟག་པ་དང་བཅས་པའི་དགེ་བ་སྤྱོད་པ་གང་ཡིན་པའོ། །མི་དགེ་བའི་སྤྱོད་པ་ནི་ཉེས་པར་སྤྱོད་པ་རྣམ་པ་གསུམ་སྤྱོད་པའོ། །དྲག་པོའི་སྤྱོད་པ་ནི་འདི་ལྟ་སྟེ། གཅེར་བུ་དང་གོས་མེད་པ་ལ་སོགས་པ་དག་གོ །དྲག་པོ་མ་ཡིན་པའི་སྤྱོད་པ་ནི་འདི་ལྟ་སྟེ། ཆོས་ཀྱིས་ཐོབ་པའི་བདེ་བ་ཡོངས་སུ་མི་སྤོང་ཞིང༌། མཐའ་གཉིས་པོ་འདོད་པའི་བསོད་ནམས་ཀྱི་རྗེས་སུ་སྦྱོར་བའི་མཐའ་དང་བདག་ཉིད་ངལ་བའི་རྗེས་སུ་སྦྱོར་བའི་མཐའ་ཡོངས་སུ་སྤངས་ནས་དབུ་མའི་ལམ་ལ་བརྟེན་ཏེ་ཆོས་ཀྱིས་གོས་ལ་སོགས་པ་ཡོངས་སུ་ཚོལ་ཞིང་ལོངས་སྤྱོད་པ་གང་ཡིན་པའོ། །ཉམས་པའི་ཆ་དང་མཐུན་པའི་སྤྱོད་པ་ནི་འདི་ལྟ་སྟེ། ཚེ་ལ་སོགས་པའི་ཁྱད་པར་གྱི་བར་དུ་གཅོད་པ་སྤྱོད་པའོ། །ཁྱད་པར་གྱི་ཆ་དང་མཐུན་པའི་སྤྱོད་པ་ནི་འདི་ལྟ་སྟེ། ནེ་ཙོའི་མདོ་ལས་འབྱུང་བ་བཞིན་དུ་དེ་ལས་བཟློག་པ་ལས་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པའི་སྤྱོད་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། འཇུག་པའི་ཀུན་ནས་


DTG132_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པའོ། །དེ་དག་གི་རྩ་བའི་གཞི་ནི་རྣམ་པ་དགུར་རིག་པར་བྱ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པའི་ནི་ཆགས་པ་དང་ཞེ་སྡང་དང་གཏི་མུག་རྣམས་སོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་ནི་ཕྱིན་ཅི་ལོག་བཞིའོ། །འཇུག་པའི་ཀུན་ནས་ཉོན་མོངས་པའི་ནི་མ་རིག་པ་དང་སྲིད་པའི་སྲེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་མི་དགེ་བའི་རྩ་བ་གསུམ་པོ་དག་གིས་སྐྱེ་བར་འགྱུར་ལ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི་ཕྱིན་ཅི་ལོག་བཞིས་སྐྱེ་བར་འགྱུར་བ་དང༌། ཉོན་མོངས་པ་སྐྱེས་ན་རབ་ཏུ་བྱུང་བ་རྣམས་ཀྱི་འཇུག་པའི་ཀུན་ནས་ཉོན་མོངས་པ་ནི་མ་རིག་པའི་སྒོ་ནས་སྐྱེ་བར་འགྱུར་ལ་ཁྱིམ་པ་གནས་པ་རྣམས་ཀྱི་འཇུག་པའི་ཀུན་ནས་ཉོན་མོངས་པ་ནི་སྲིད་པའི་སྲེད་པའི་སྒོ་ནས་སྐྱེ་བར་འགྱུར་བའི་ཕྱིར་རོ། །རྣམ་པར་བྱང་བའི་སྤྱོད་པ་ནི་མདོར་བསྡུ་ན་བསླབ་པ་གསུམ་དང༌། ས་ལྔ་སྟེ་ཚོགས་ཀྱི་ས་ནས་མཐར་ཐུག་པར་འགྲོ་བའི་སའི་བར་དུ་སྔ་མ་བཞིན་ནོ། །བསླབ་པ་ལ་སོགས་པ་དེ་དག་གི་རྩ་བའི་གཞི་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱིས་ནི་ཆགས་པ་མེད་པ་དང་ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་རྣམས་སོ། །ཚོགས་ཀྱི་ས་དང་སྦྱོར་བའི་ས་ནི་ཕྱིན་ཅི་མ་ལོག་པ་བཞིའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་དང༌། མཐོང་བའི་ས་དང༌། བསྒོམ་པའི་ས་དང༌། མཐར་ཐུག་པར་འགྲོ་བའི་ས་ནི་རིག་པ་དང་རྣམ་པར་གྲོལ་བའོ། །དེ་ལ་བདག་གི་དོན་གྱི་སྤྱོད་པ་ནི་འདི་ལྟ་སྟེ། བདག་ལ་ཕན་པ་སྒྲུབ་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་དག་གིའོ། །འདི་ལྟར་དེ་དག་ནི་ལན་འགའ་གཞན་གྱི་དོན་སྒྲུབ་པ་ལ་ཡང་བྱེད་མོད་ཀྱི་གཞན་གྱི་དོན་ཁོ་ན་ལ་འཇུག་པ་མ་ཡིན་པས་དེའི་ཕྱིར་བདག་གི་དོན་གྱི་སྤྱོད་པ་ཁོ་ན་ཞེས་བྱའོ། །གཞན་གྱི་དོན་གྱི་སྤྱོད་པ་ནི་སྐྱེ་བོ་མང་པོ་ལ་བདེ་བ་ལ་སོགས་པའི་ཕྱིར་གཞན་ལ་ཕན་པ་སྒྲུབ་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིའོ། །དེ་ལ་འདུན་པ་ཟློག་པ་ནི་ནག་པོའི་ཕྱོགས་ཀྱི་སྤྱོད་པ་དྲུག་གི་མི་བསྔགས་པ་བརྗོད་པ་དང༌། ཉེས་དམིགས་ཡང་དག་པར་སྟོན་པ་གང་ཡིན་པའོ། །དེ་ལ་ཡང་དག་པར་སྟོན་པ་ནི་དཀར་པོའི་སྤྱོད་པ་རྣམས་ཡང་དག་པར་


DTG132_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དུ་གཞུག་པའི་ཕྱིར་རིགས་པ་བཞི་ཡང་དག་པར་སྟོན་པ་གང་ཡིན་པའོ། །དེ་ལ་ཡང་དག་པར་འཛིན་དུ་གཞུག་པ་ནི་ཡང་དག་པར་བསྟན་ཅིང་མོས་པར་གྱུར་པ་རྣམས་བསླབ་པའི་གཞི་གཟུང་བ་བསྒྲུབ་པ་ལ་འདི་ལྟ་སྟེ། གདོན་མི་ཟ་བར་བྱས་ནས་བདག་གིས་ད་ཅི་ཞིག་བགྱི་ཞེས་ཟེར་བ་ལ་ཁྱོད་ཀྱིས་འདི་ལྟ་འདི་ལྟར་སྒྲུབས་ཤིག་ཅེས་ཡང་དག་པར་སྦྱོར་བར་བྱེད་པ་གང་ཡིན་པའོ། །དེ་ལ་ཡང་དག་པར་གཟེངས་བསྟོད་པ་ནི་ཀུན་ཤེས་པའམ་བསྒྲུབ་པའམ། ཐོབ་པར་བྱ་བ་ལ་སེམས་ཞུམ་པའི་ཚེ་ན་སྐལ་བ་དང་ལྡན་ཞིང་མཐུ་ཡོད་པས་སེམས་ཡང་དག་པར་འཛིན་པ་ཉིད་གང་ཡིན་པའོ། །དེ་ལ་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་ཡང་དག་པའི་བསྔགས་པ་རྗོད་པར་བྱེད་པ་གང་ཡིན་པའོ། །འདུན་པ་བཟློག་པར་བྱེད་པ་ཡིན་ལ་ཡང་དག་པར་སྟོན་པར་བྱེད་པ་མ་ཡིན་པ་ཡང་ཡོད་དེ་འདི་ལྟ་སྟེ། ཆེ་གེ་མོ་ཞིག་འདི་སྐད་ཟེར་གྱིས་འདི་མ་བྱེད་ཅིག་ཅེས་གཞན་གྱི་ཚིག་གིས་འདུན་པ་ཟློག་པར་བྱེད་པའམ། གལ་ཏེ་བྱེད་ན་འདི་དང་འདི་ལྟར་བྱའོ་ཞེས་བསྡིགས་པར་བྱེད་པའམ། ཁོ་བོ་ལ་བྱམས་པའི་ཕྱིར་མ་བྱེད་ཅིག་ཅེས་གསོལ་བ་འདེབས་པར་བྱེད་པ་ལྟ་བུའོ། །ཡང་དག་པར་སྟོན་པ་ཡིན་ལ། འདུན་པ་ཟློག་པར་བྱེད་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། ཡོན་ཏན་དང་སྐྱོན་ཐ་མལ་པ་ལ་ཡང་དག་པར་སྟོན་པར་བྱེད་ལ་དེ་སྐྱོན་ལས་བཟློག་ཏུ་མི་རུང་བ་ལྟ་བུའོ། །ཡང་དག་པར་སྟོན་པར་བྱེད་འདུན་པ་ཟློག་པར་བྱེད་པ་ནི་འདི་ལྟ་སྟེ། སྐྱོན་ལ་གནས་པ་ལ་ཡང་དག་པར་བསྟན་ནས་འདུན་པ་ཟློག་པར་བྱེད་པ་ལྟ་བུའོ། །དེ་ལ་ཡང་དག་པར་འཛིན་དུ་ཡང་འཇུག་ལ་ཡང་དག་པར་གཟེངས་སྟོད་པར་བྱེད་པ་ནི་དང་པོ་ཉིད་དུ་བསླབ་པ་ཡང་དག་པར་མ་བླངས་པ་དང༌། གོང་མའི་ཁྱད་པར་ལ་ཞུམ་པ་ན་ཁྱད་པར་རྩོམ་པ་ལའོ། །ཡང་དག་པར་རབ་ཏུ་དགའ་བ་ལ་ཕན་ཡོན་ལྔ་ཡོད་དེ། ཡང་དག་པར་རབ་ཏུ་དགའ་བ་ན་རང་གི་རྟོགས་པ་ལ་ངེས་པར་འགྱུར་བ་དང༌། གཞན་དག་དེའི་ཡོན་ཏན་རྟོགས་པར་བྱ་བ་ལ་དགའ་བ་སྐྱེ་བ་དང༌། ཞེ་འགྲས་པ་རྣམས་དེ་ལ་དད་པར་འགྱུར་བ་དང༌། མ་དད་པ་རྣམས་ཐ་མལ་པར་གནས་པར་འགྱུར་བ་དང༌། དད་པ་རྣམས་ཕྱིར་ཞིང་འབྱུང་བར་འགྱུར་བའོ། །ཡང་དག་པར་དགའ་བར་བྱེད་པའི་གང་


DTG132_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ནི་ཡིད་དུ་འོང་བའི་ལྷའི་རིས་སུ་སྐྱེ་བར་འགྱུར་བའི་ལས་བྱེད་ཅིང་སོགས་ཏེ། དེ་ནི་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཡིད་དུ་འོང་བ་འབའ་ཞིག་ཐོབ་པར་འགྱུར་གྱི། ཡིད་དུ་མི་འོང་བ་ནི་མ་ཡིན་ནོ། །དེ་ལ་འདོད་པའི་སྤྱོད་པས་ནི་བདེ་འགྲོར་འགྲོ་བར་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ། ཕྱི་མའི་འདོད་པའི་རྒྱུར་འདི་ལ་དགེ་བ་བྱེད་པ་ལྟ་བུའོ། །ངན་འགྲོར་འགྲོ་བར་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ། ཆོས་མ་ཡིན་པས་འདོད་པ་ཉེ་བར་སྒྲུབ་པར་བྱེད་པ་ལྟ་བུའོ། །ངེས་པར་འབྱུང་བའི་སྤྱོད་པ་ནི་ཉམས་པར་བྱས་པས་ནི་ངན་འགྲོར་འགྲོ་བར་འགྱུར་ལ་ཕུན་སུམ་ཚོགས་པར་བྱས་པས་ནི་བདེ་འགྲོར་འགྲོ་བ་དང་མྱ་ངན་ལས་འདའ་བའི་ཚོགས་སུ་འགྱུར་རོ། །དགེ་བའི་སྤྱོད་པས་ཀྱང་བདེ་འགྲོར་འགྲོ་བ་དང་མྱ་ངན་ལས་འདའ་བའི་ཚིགས་སུ་འགྱུར་རོ། །མི་དགེ་བའི་སྤྱོད་པས་ནི་ངན་འགྲོར་འགྲོ་བར་འགྱུར་རོ། །དྲག་པོའི་སྤྱོད་པས་ཀྱང་ངན་འགྲོར་འགྲོ་བར་འགྱུར་ཏེ། ལོག་པར་ལྟ་བ་ལ་བརྟེན་པས་བདག་ཉིད་ཀུན་ཏུ་གདུང་བ་བྱེད་པ་ཉིད་ཀྱི་ཕྱིར་རོ། །དྲག་པོ་མ་ཡིན་པའི་སྤྱོད་པས་ནི་མྱ་ངན་ལས་འདའ་བའི་ཚོགས་སུ་འགྱུར་རོ། །ཉམས་པའི་ཆ་དང་མཐུན་པ་དང་ཁྱད་པར་གྱི་ཆ་དང་མཐུན་པའི་སྤྱོད་པས་ནི་ཅི་རིགས་པར་ཉམས་པ་དང་ཁྱད་པར་དུ་འགྲོ་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པའི་སྤྱོད་པས་ནི་འཁོར་བར་འགྱུར་རོ། །རྣམ་པར་བྱང་བའི་སྤྱོད་པས་ནི་མྱ་ངན་ལས་འདའ་བར་འགྱུར་རོ། །བདག་གི་དོན་གྱི་སྤྱོད་པས་ནི་བདག་ཉིད་བདེར་འགྲོར་འགྲོ་བ་དང་ཁྱད་པར་དུ་འགྲོ་བ་དང་མྱ་ངན་ལས་འདའ་བར་འགྲོ་བར་འགྱུར་བའོ། །གཞན་གྱི་དོན་གྱི་སྤྱོད་པས་ནི་བདག་དང་གཞན་དག་བདེ་འགྲོར་འགྲོ་བ་དང༌། ཁྱད་པར་དུ་འགྲོ་བ་དང་མྱ་ངན་ལས་འདའ་བར་འགྲོ་བར་འགྱུར་རོ། །དེ་དག་ནི་དངོས་པོ་གསུམ་དུ་འགྱུར་ཏེ། །དངོས་གཞིའི་དངོས་པོ་ནི་བདེ་འགྲོ་ལ་སོགས་པ་མྱ་ངན་ལས་འདའ་བའི་མཐར་ཐུག་པའི་བར་དུ་རྣམ་པ་དྲུག་གོ ། དེ་འཐོབ་པའི་ཐབས་ཀྱི་དངོས་པོ་ནི་སྤྱོད་པ་བཅུ་གཉིས་སོ། །གཞན་གྱིས་རྗེས་སུ་སྙིང་བརྩེ་བའི་དངོས་པོ་ནི་གང་གིས་གཞན་གྱིས་རྗེས་སུ་སྙིང་བརྩེ་བ་ན་དངོས་གཞིའི་དངོས་པོའི་དབང་དུ་བྱས་ནས་སྤྱོད་པ་བཅུ་གཉིས་པོ་དེ་དག་ལ་ཅི་རིགས་པར་འདུན་པ་ཟློག་པར་བྱེད་པ་ནས་ཡང་དག་པར་རབ་ཏུ་དགའ་


DTG132_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་བར་རོ། །དེ་ལ་དུས་ཀྱི་དབང་དུ་བྱ་བ་ནི་མདོར་བསྡུ་ན་གཏམ་གྱི་དངོས་པོ་གསུམ་སྟེ། འདས་པའི་གཏམ་གྱི་དངོས་པོ་དང་མ་འོངས་པའི་གཏམ་གྱི་དངོས་པོ་དང༌། ད་ལྟར་བྱུང་བའི་གཏམ་གྱི་དངོས་པོ་མདོ་ལས་ཇི་སྐད་གསུངས་པ་ཁོ་ན་བཞིན་ནོ། །དེ་གང་ཟག་གི་དབང་དུ་བྱ་བ་ནི་དབང་པོ་རྟུལ་པོ་ལ་སོགས་པ་གང་ཟག་ཉི་ཤུ་རྩ་བདུན་པོ་དག་ཡིན་པར་རིག་པར་བྱའོ། །དེ་ལྟར་ཇི་སྐད་བསྟན་པའི་དངོས་པོ་དང༌། དུས་དང༌། གང་ཟག་དེ་དག་གི་དབང་དུ་མཛད་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཏམ་འབྱུང་བར་འགྱུར་བས་དེའི་ཕྱིར་དབང་དུ་བྱ་བ་ཞེས་བྱའོ། །དེ་ལ་ཕན་ཡོན་གྱི་དོན་མདོར་བསྡུ་ན་ཆོས་སམ་གང་ཟག་བསྔགས་པའི་དོན་བསྟོད་པའོ། །དེ་ལ་ཉེས་དམིགས་ཀྱི་དོན་ནི་འདི་ལྟ་སྟེ། ཆོས་སམ་གང་ཟག་མི་བསྔགས་པའི་དོན་སྨད་པའོ། །དེ་ལ་མི་མཐུན་པའི་ཕྱོགས་ཀྱི་དོན་ནི་མདོར་བསྡུ་ན་ཀུན་ནས་ཉོན་མོངས་པའི་སྤྱོད་པ་ཐམས་ཅད་དོ། །དེ་ལ་གཉེན་པོའི་དོན་ནི་རྣམ་པར་བྱང་བའི་སྤྱོད་པ་ཐམས་ཅད་དེ། འདི་ལྟ་སྟེ། དཔེར་ན། འདོད་ཆགས་ནི་མི་མཐུན་པའི་ཕྱོགས་ཡིན་ལ། དེའི་གཉེན་པོ་ནི་མི་སྡུག་པ་ཡིན་པ་དང༌། ཞེ་སྡང་ནི་མི་མཐུན་པའི་ཕྱོགས་ཡིན་ལ་དེའི་གཉེན་པོ་ནི་བྱམས་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་བསྡུས་པའི་དོན་ནི། འདི་ལྟ་སྟེ། རིགས་དང་འབྲེལ་བའི་ཆོས་བསྟན་པ་ལས་སོ། །དེ་ལ་རྒྱས་པའི་དོན་ནི་འདི་ལྟ་སྟེ། སོ་སོ་དང་འབྲེལ་བའི་ཆོས་བསྟན་པ་ལས་སོ། །ཡང་དྲང་བའི་དོན་གྱི་མདོ་སྡེ་བསྟན་པ་དང༌། ངེས་པའི་དོན་གྱི་མདོ་སྡེ་བསྟན་པ་ལས་སོ། །ཡང་བསྡུས་པའི་དོན་ནི་རྣམ་པ་གཉིས་ཏེ། མིང་བསྡུས་པ་དང༌། དོན་བསྡུས་པ་ལས་སོ། །བསྡུས་པའི་དོན་ཇི་ལྟ་བ་དེ་བཞིན་དུ་རྒྱས་པའི་དོན་ཀྱང་རྣམ་པ་གཉིས་ཏེ། མིང་རྒྱས་པ་དང༌། དོན་རྒྱས་པ་ལས་སོ། །མདོ་ལས་བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུ་ནི་མདོར་བསྡུས་ཏེ་ཆོས་སྟོན་པ་ཡང་བྱེད་རྒྱས་པར་སྟོན་པ་ཡང་བྱེད་མོད་ཀྱི་ཤེས་པར་བྱེད་པ་ཤིན་ཏུ་དཀོན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་མདོའི་སྡེ་ལ་ནི་ཚིག་འབྲུ་རྒྱས་པ་ཡིན་ལ་དོན་བསྡུས་པ་ཡིན་པ་དང༌། ཚིགས་སུ་བཅད་པའི་སྡེ་ལ་ནི་དོན་རྒྱས་པ་ཡིན་ལ་ཚིག་འདི་བསྡུས་པ་ཡིན་པར་ཡོངས་སུ་བསྟན་ཏོ། །བར་སྡོམ་ནི། ས་དང་མཚན་ཉིད་ཡིད་བྱེད་དང༌། དབང་བྱ་ཕན་ཉེས་དམིགས་དང༌། མི་མཐུན་ཕྱོགས་དང་


DTG132_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་དང༌། །བསྡུས་པ་དང་ནི་རྒྱས་པ་ཡིན། །དེ་ནི་རེ་ཞིག་སངས་རྒྱས་ཀྱི་བཀའི་ལུས་ཡིན་ཏེ། དེའི་ཕྱིར་གསུང་རབ་ལ་དོན་བཅུ་པོ་དེ་དག་ཐམས་ཅད་དམ་གང་ཡང་རུང་བ་ཡོངས་སུ་བཙལ་བར་བྱའོ། །དེ་ལྟར་བདག་ཉིད་ཀྱི་དོན་དུ་ཡོངས་སུ་བཙལ་ནས་གཞན་དག་ལ་བསྟན་པར་བྱའོ། དེ་ལྟར་ཚིག་འབྲུའི་ལུས་ཅན་དང༌། དོན་གྱི་ལུས་ཅན་གྱི་མདོ་སྡེ་ལ་ཆོས་སྨྲ་བས་རྣམ་པ་ལྔས་རྣམ་པར་བཤད་པས་འཇུག་པར་བྱ་སྟེ། དང་པོར་ཆོས་བརྗོད་པར་བྱའོ། །དེའི་འོག་ཏུ་ཀུན་ནས་སློང་བ་བརྗོད་པར་བྱའོ། །དེའི་འོག་ཏུ་དོན་བརྗོད་པར་བྱའོ། །དེའི་འོག་ཏུ་རྒོལ་བའི་ལན་བརྗོད་པར་བྱའོ། །དེའི་འོག་ཏུ་མཚམས་སྦྱར་བ་བརྗོད་པར་བྱའོ། །དེ་ལ་ཆོས་ནི་མདོར་བསྡུ་ན་མདོ་སྡེ་ལ་སོགས་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་སོ། །དེ་ལ་མདོའི་སྡེ་ནི་སྨོས་པའི་དོན་གྱིས་ཏེ་རྐྱང་པར་བཤད་པ་ཡིན་ནོ། །དེ་ལ་ཕལ་ཆེར་དགོངས་པ་གཟུང་བར་བྱ་བ་ཡིན་ནོ། །དེ་ལ་དབྱངས་ཀྱིས་བསྙེད་པའི་སྡེ་ནི་ཐ་མར་ཚིགས་སུ་བཅད་པའི་དབྱངས་ཀྱི་བསྙད་པ་གང་ཡིན་པ་དང༌། མདོར་བསྟན་པར་གཞག་པ་ངེས་པའི་དོན་མ་ཡིན་པ་གང་ཡིན་པའོ། །དེ་ལ་ལུང་བསྟན་པའི་སྡེ་ནི་མདོར་བསྟན་ནས་རྣམ་པར་ཕྱེ་སྟེ་ལུང་སྟོན་པར་མཛད་པ་གང་ཡིན་པ་དང༌། ཉན་ཐོས་ཀྱི་དུས་ལས་འདས་པ་རྣམས་ཀྱི་སྐྱེ་བ་ལུང་སྟོན་པ་གང་ཡིན་པའོ། །དེ་ལ་ཚིགས་སུ་བཅད་པའི་སྡེ་ནི་ཚིགས་བཅད་དུ་བཤད་པ་གང་ཡིན་པ་སྟེ། དེ་ཡང་རྩ་བ་གཉིས་པའམ་རྩ་བ་གསུམ་པའམ་རྩ་བ་བཞི་པའམ་རྩ་བ་ལྔ་པའམ་རྩ་བ་དྲུག་པའོ། །དེ་ལ་ཆེད་དུ་བརྗོད་པའི་སྡེ་ནི་གང་ལས་ཀྱང་མ་བརྟེན་པར་འདི་ལྟ་སྟེ། ཉན་ཐོས་རྣམས་བྱང་བར་བྱ་བའི་ཕྱིར་བཤད་པ་གང་ཡིན་པ་དང་སྐྱེ་བོ་ཕྱི་མ་ལ་ཐུགས་བརྩེ་བ་ཉེ་བར་གཞག་ནས་ཚུལ་བཤད་པ་གང་ཡིན་པ་དེ་ནི་ཆེད་དུ་བརྗོད་པའི་སྡེ་ཞེས་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཆེད་དུ་བརྗོད་པར་མཛད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་གླེང་གཞིའི་སྡེ་ནི་བརྟེན་ནས་བཤད་པ་གང་ཡིན་པ་སྟེ། དེ་ཡང་བཅོམ་ལྡན་འདས་རི་དྭགས་འཛིན་གྱི་བུ་ནག་པོ་ལས་བརྩམས་ཏེ་དགེ་སློང་རྣམས་ལ་ཆོས་དང་ལྡན་པའི་གཏམ་གསུང་ངོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་དང༌། སོ་སོར་ཐར་པ་ལས་བརྩམས་ཏེ་བྱུང་བའི་ལམ་འདུལ་བར་བསྡུས་པ་གང་ཡིན་པ་དང་གང་


DTG132_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཅོམ་ལྡན་འདས་ཀྱིས་གླེང་གཞི་འདི་དང་སྐབས་འདི་ལ་འདི་སྐད་གསུངས་ཞེས་བྱ་བ་གང་ཡིན་པའོ། །དེ་ལ་རྟོགས་པ་བརྗོད་པའི་སྡེ་ནི་དཔེ་དང་བཅས་པའི་མདོ་སྡེ་གང་ཡིན་པ་སྟེ་དེས་དོན་དེ་རྣམ་པར་བྱང་བར་འགྱུར་བའོ། །དེ་ལ་དེ་ལྟ་བུ་བྱུང་བའི་སྡེ་ནི་སྐྱེས་པའི་རབས་ཀྱི་སྔ་མ་གཏོགས་པ་སྔོན་གྱི་ཚུལ་དང་ལྡན་པ་གང་ཡིན་པའོ། །དེ་ལ་སྐྱེས་པའི་རབས་ཀྱི་སྡེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ། བདག་ཉིད་ཀྱི་རང་གི་སྐྱེ་བར་ཡང་དག་པར་བརྗོད་པ་གང་ཡིན་པའོ། །དེ་ལ་ཤིན་ཏུ་རྒྱས་པའི་སྡེ་ནི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། ས་བདུན་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་བཞི་ཡང་དག་པར་བརྗོད་པ་དང༌། སངས་རྒྱས་ཀྱི་ཆོས་འདི་ལྟ་སྟེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་དང༌། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའི་བར་གྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སར་བསྟན་པ་དག་ཡང་དག་པར་བརྗོད་པ་སྟེ་ཆོས་དེ་དེ་དག་ནི་མང་བ་དང་རྒྱ་ཆེ་བ་དང་ཡུན་རིང་པོ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབས་པའི་ཕྱིར་རྒྱ་ཆེ་བས་ན་དེའི་ཕྱིར་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱའོ། །དེ་ལ་རྨད་དུ་བྱུང་བའི་ཆོས་ཀྱི་དོན་ནི་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་དང་ཁྱིམ་པ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་ཡང་དག་པར་བརྗོད་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། རྨད་དུ་བྱུང་བའི་རྒྱུའི་མདོ་ལས་གསུངས་པ་ལྟ་བུའོ། །དེ་ལ་གཏན་ལ་དབབ་པར་བསྟན་པའི་སྡེ་དག་ནི་མདོ་སྡེ་ལས་ངེས་པར་དྲངས་པའི་མ་མོ་གང་དག་ཡིན་པ་སྟེ། དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ཐམས་ཅད་ནི་མ་མོ་ཞེས་བྱའོ། །གང་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མཚན་ཉིད་བསྟན་པ་དང་གང་དུ་ཉན་ཐོས་གཞི་མཐོང་བས་རྟོགས་པ་ལ་གནས་པས་ཆོས་ཀྱི་མཚན་ཉིད་མ་ནོར་བར་བསྟན་པ་དེ་ཡང་མ་མོ་ཡིན་ཏེ་ཆོས་མངོན་པ་ཡང་ཡིན་ནོ། །ཇི་ལྟར་ཡིག་འབྲུ་དང་བཟོའི་བསྟན་བཅོས་རྣམས་ཀྱི་དང་པོ་ཡི་གེའི་ཕྱི་མོ་ཡིན་པ་ལྟར་ཆོས་ཀྱི་མཚན་ཉིད་རྣམ་པར་བཤད་པ་ཡང་དག་པར་རིག་པར་བྱའོ། །ཇི་ལྟར་ཡི་གེའི་ཕྱི་མོ་མེད་པའི་ཡི་གེ་མངོན་པར་མི་གསལ་བ་དེ་བཞིན་དུ་མདོའི་སྡེ་ལ་སོགས་པ་ཡན་ལག་བཅུ་གཉིས་ཀྱང་ཆོས་ཀྱིས་མཚན་ཉིད་རྣམ་པར་མ་བཞག་ན་མངོན་པར་མི་གསལ་བ་ཡིན་གྱི་རྣམ་པར་བཞག་ན་མངོན་པར་གསལ་བར་འགྱུར་རོ། །


DTG132_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཐ་མི་དད་པར་བརྗོད་པའི་ཕྱིར་མ་མོ་དེ་ཉིད་ཆོས་མངོན་པར་ཞེས་བྱ་སྟེ། མ་མོ་དེ་ལ་བརྟེན་ནས་མདོ་སྡེ་གཞན་དག་རྣམ་པར་བཤད་པར་བྱེད་པ་གང་ཡིན་པ་དེ་ནི་གཏན་ལ་དབབ་པར་བསྟན་པའི་སྡེ་ཞེས་བྱའོ། །དེ་ལ་ཀུན་ནས་སློང་བ་ནི་རྣམ་པ་གསུམ་སྟེ། དངོས་པོ་དང་དུས་དང་གང་ཟག་གི་དབང་དུ་བྱ་བ་ལས་ཅི་རིགས་པར་བརྗོད་པར་བྱ་བ་ཡིན་ཏེ། གང་ཟག་ཆེ་གེ་མོ་ཞིག་སྤྱོད་པ་མང་གེ་མོ་ཞིག་འདུན་པ་བཟློག་པར་བྱ་བའི་ཕྱིར་དང་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་དང༌། ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་ཕྱིར་རོ། །དེ་ལ་ཀུན་ནས་སློང་བ་བརྗོད་ནས་དོན་བརྗོད་པར་བྱ་སྟེ། དོན་ནི་རྣམ་པ་གཉིས་ཏེ། བསྡུས་པའི་དོན་དང༌། ཚིག་གི་དོན་ཏོ། །དེ་ལ་བསྡུས་པའི་དོན་ནི་རྣམ་པ་བཞིས་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། ངེས་པའི་དོན་གྱི་མདོ་སྡེ་ཉེ་བར་བསྒྲུབ་པ་དང༌། དངོས་པོའི་མཐའ་བསྟན་པ་དང༌། སྒྲུབ་པ་དང༌། འབྲས་བུས་སོ། །དེ་ལ་སྒྲུབ་པ་ད་ཡང་རྣམ་པ་གཉིས་ཏེ། ལོག་པ་དང༌། ཡང་དག་པ་ཉིད་དོ། །དེའི་འབྲས་བུ་ཡང་རྣམ་པ་གཉིས་ཏེ། ཡང་དག་པར་བསྒྲུབས་པའི་འབྲས་བུ་དང༌། ལོག་པར་བསྒྲུབས་པའི་འབྲས་བུའོ། །དེ་ལ་ཚིག་གི་དོན་ཀྱང་རྣམ་པ་བཞིས་བརྗོད་པར་བྱ་སྟེ། མིང་གི་རྣམ་གྲངས་བསྟན་པ་དང༌། མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ལུས་བསྟན་པ་དང༌། ངེས་པའི་ཚིག་བསྟན་པ་དང༌། རྣམ་པ་རབ་ཏུ་དབྱེ་བས་སོ། །དེ་ལ་ངེས་པའི་ཚིག་བསྟན་པ་ནི་རྣམ་པ་ལྔས་སྦྱར་བར་བྱ་སྟེ། འདི་ལྟ་སྟེ། རྟགས་དང༌། ངོ་བོ་ཉིད་དང༌། ལས་དང༌། ཆོས་དང༌། རྒྱུ་དང༌། འབྲས་བུས་སོ། །དེ་ལ་རྣམ་པ་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་བལྟ་བར་བྱ་སྟེ། ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་དང༌། ཁམས་ཀྱི་རབ་ཏུ་དབྱེ་བ་དང༌། དུས་ཀྱི་རབ་ཏུ་དབྱེ་བ་དང༌། གནས་སྐབས་ཀྱི་རབ་ཏུ་དབྱེ་བ་དང༌། གང་ཟག་གི་རབ་ཏུ་དབྱེ་བས་སོ། །དེ་ལ་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། གཟུགས་ནི་གཟུགས་ཅན་གྱི་སྐྱེ་མཆེད་བཅུའོ། །ཚོར་བ་ནི་རྣ་པ་གསུམ་མོ། །འདི་ཤེས་ནི་འདུ་ཤེས་དྲུག་གོ ། འདུ་བྱེད་ནི་འདུ་བྱེད་གསུམ་མོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་དྲུག་གོ་ཞེས་བྱ་བ་དང་དེ་ལྟ་བུ་དང་མཐུན་པ་དག་ནི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་ཁམས་ཀྱི་རབ་ཏུ་དབྱེ་བ་ནི་འདོད་པའི་ཁམས་དང༌། གཟུགས་ཀྱ་ཁམས་དང་གཟུགས་མེད་པའི་ཁམས་སོ། །དེ་ལ་


DTG132_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་རབ་ཏུ་དབྱེ་བ་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་རྣམས་སོ། །དེ་ལ་གནས་སྐབས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་ཉི་ཤུ་རྩ་ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཆུང་ངུའི་གནས་སྐབས་དང༌། འབྲིང་གི་གནས་དང༌། ཆེན་པོའི་གནས་དང༌། བདེ་བའི་གནས་སྐབས་དང༌། སྡུག་བསྔལ་གྱི་གནས་སྐབས་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་དང༌། དགེ་བའི་གནས་སྐབས་དང༌། མི་དགེ་བའི་གནས་སྐབས་དང༌། ལུང་དུ་མ་བསྟན་པའི་གནས་སྐབས་དང༌། ཐོས་པའི་གནས་སྐབས་དང༌། བསམས་པའི་གནས་སྐབས་དང༌། བསྒོམས་པའི་གནས་སྐབས་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་གནས་སྐབས་དང༌། ལྷག་པའི་སེམས་ཀྱི་གནས་སྐབས་དང༌། ལྷག་པའི་ཤེས་རབ་ཀྱི་གནས་སྐབས་དང༌། ནང་གི་གནས་སྐབས་དང༌། ཕྱི་རིལ་གྱི་གནས་སྐབས་དང༌། གཟུང་བའི་གནས་སྐབས་དང༌། འཛིན་པའི་གནས་སྐབས་དང། མི་མཐུན་པའི་ཕྱོགས་ཀྱི་གནས་སྐབས་དང༌། གཉེན་པོའི་གནས་སྐབས་དང༌། མངོན་སུམ་དུ་གྱུར་པའི་གནས་སྐབས་དང༌། མངོན་སུམ་དུ་གྱུར་པ་མ་ཡིན་པའི་གནས་སྐབས་དང༌། རྒྱུའི་གནས་སྐབས་དང༌། འབྲས་བུ་གནས་སྐབས་སོ། །དེ་ལ་གང་ཟག་གི་རབ་ཏུ་དབྱེ་བ་ནི་གང་ཟག་ཉི་ཤུ་རྩ་བདུན་གྱིས་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་རང་གིས་གླེངས་པའམ་གཞན་གྱིས་བརྒལ་བ་ནི་རྒོལ་བའི་ལན་གདབ་པར་བྱའོ། །དེ་ཡང་མདོར་བསྡུ་ན་རྣམ་པ་ལྔས་རྒོལ་ཏེ། དོན་མ་རྟོགས་པ་ནི་མ་རྟོགས་པས་ཚིག་འབྲུ་འདིའི་དོན་ཅི་ཡིན་ཞེས་རྒོལ་ལོ། །ཚིག་འགལ་བས་ནི་འདི་ལྟ་སྟེ་བཅོམ་ལྡན་འདས་ཀྱིས་སྔར་ནི་གཞན་དུ་གསུངས་ལ་འདིར་ནི་གཞན་དུ་གསུངས་སོ་ཞེས་བྱ་བ་ལྟ་བུས་སོ། །རིགས་པ་དང་འགལ་བས་ནི་གང་ལ་རིགས་པ་བཞི་དང་འགལ་བ་ཀུན་དུ་སྣང་བས་སོ། །ཆ་དུ་མ་ཀུན་དུ་སྣང་བས་ནི་འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་དེ་དང་དེར་རྣམ་གྲངས་དུ་མས་དོན་དེ་ཉིད་ཡོངས་སུ་བསྟན་པ་ལྟ་བུས་སོ། །ཤིན་ཏུ་ལྐོག་ཏུ་གྱུར་པས་ནི་འདི་ལྟ་སྟེ། ནང་གི་བདག་གང་ཡིན་པ་དེ་ནི་རྟག་པ་དང་བརྟན་པ་དང་ཐེར་ཟུག་དང་ཡང་དག་པ་དེ་ཁོ་ན་བཞིན་དུ་གནས་པར་འགྱུར་བ་དེ་ལྟ་བུ་ཡོད་དམ་ཞེས་བྱ་བ་ལ་སོགས་པས་སོ། །དེ་དག་གི་ལན་ཡང་རྣམ་པ་ལྔར་གོ་རིམས་བཞིན་དུ་


DTG132_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་བྱ་སྟེ་མ་རྟོགས་པ་ལ་ནི་རྟོགས་པར་བྱ་བའོ། །ཚིག་འགལ་བ་ལ་ནི་དགོངས་པ་ཡང་དག་པར་བསྟན་པས་རྗེས་སུ་མཐུན་པར་བྱ་བའོ། །ཚིག་འགལ་བ་ལ་དགོངས་པ་ཡང་དག་པར་བསྟན་པས་རྗེས་སུ་མཐུན་པར་བྱ་བ་ཇི་ལྟ་བར་ཆ་དུ་མར་སྣང་བ་དང༌། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་ཡང་དེ་དང་འདྲའོ། །རིགས་པ་དང་འགལ་བ་ནི་ནག་པོ་བསྟན་པ་དང་རིགས་པ་བཞི་བསྟན་པ་དང་ཆེ་གེ་ཞིག་གི་འབྲས་བུ་ནི་འདི་ཡིན་ནོ་ཞེས་རྒྱུ་དང་འབྲས་བུ་འབྲེལ་པ་བསྟན་པས་ལན་གདབ་པར་བྱ་བའོ། །དེ་ལ་མགོ་གཅིག་ཏུ་ལན་གདབ་པ་ནི་ཚུལ་བཞིན་དུ་ཡོངས་སུ་འདྲི་བ་ལ་ཆོས་ཀྱི་མཚན་ཉིད་ཡང་དག་པར་རྣམ་པར་གཞག་པའི་ཕྱིར་རོ། །རྣམ་པར་ཕྱེ་སྟེ་ལན་གདབ་པ་ནི་ཚུལ་དང་ཚུལ་བཞིན་མ་ཡིན་པར་ཡོངས་སུ་འདྲི་བ་རྣམས་ལ་ཁྱད་པར་གྱི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་རོ། །ཡོངས་སུ་དྲིས་ཏེ་ལན་གདབ་པ་ནི་ཀླན་ཀ་ཚོལ་བ་ལ་ཕྱོགས་ཁས་བླང་བར་བྱ་བའི་ཕྱིར་རོ། །གཞག་པར་ལན་གདབ་པ་ནི་མེད་པའི་ཕྱིར་དང༌། །ཟབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྒྱུ་བཞིས་ལན་གདབ་པར་བྱ་བ་གཞག་པ་སྟེ། འདི་ལྟ་སྟེ། བསམས་པ་ལས་བྱུང་བའི་སར་དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་ཅེས་བྱ་བ་ལ་སོགས་པ་སྔར་བསྟན་པ་བཞིན་ཏེ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཀྱང་ལན་གདབ་པར་རིགས་པ་མ་ཡིན་ལ། དོན་དམ་པའི་བདེན་པའི་ཚུལ་གྱིས་ཀྱང་རིགས་པ་མ་ཡིན་པས་ཀྱང་དེའི་ཕྱིར་དེ་ནི་གཞག་པར་བྱ་བ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པ་མེད་པའི་ཕྱིར་དོན་དམ་པར་དངོས་པོ་མ་ཡིན་ནོ། །གནས་དང་གནས་མ་ཡིན་པ་དང་ལམ་དང་འགལ་བའི་ཕྱིར་དང་དེའི་འབྲས་བུ་སྤངས་པ་ཡོངས་སུ་མ་གྲུབ་པའི་ཕྱིར་ཡང་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་ཅེས་བྱ་བ་ལ་སོགས་པར་དྲང་བར་མི་ནུས་སོ། །དེ་ལ་མཚམས་སྦྱར་བ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ཡོངས་སུ་རྫོགས་པའི་མཚམས་སྦྱར་བ་དང༌། རྣམ་པར་བཤད་པའི་མཚམས་སྦྱར་བ་དང༌། བསྒྲུབ་པའི་མཚམས་སྦྱར་བའོ། །རྣམ་པ་དེ་གསུམ་གྱི་མཚམས་སྦྱར་བའི་དཔེ་ནི་བཅོམ་ལྡན་འདས་ཀྱིས་ང་ནི་ཤིན་ཏུ་གཞོན་ནུ་དང་མཆོག་ཏུ་ཤིན་ཏུ་གཞོན་ནུ་དང༌། རབ་ཏུ་ཤིན་ཏུ་གཞོན་ནུར་རབ་ཏུ་བྱུང་ངོ་ཞེས་ཇི་སྐད་གསུངས་པ་དེས་ནི་ཤིན་ཏུ་གཞོན་ནུར་ཡོངས་སུ་རྫོགས་པ་ཡིན་ནོ། །ཡབ་ཟས་


DTG132_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་གིས་ངའི་གནས་ཁང་བཟངས་རྩིག་ཏུ་བཅུག་པར་གྱུར་ཏོ་ཞེས་རྒྱ་ཆར་གསུངས་པ་དེས་ནི་ཤིན་ཏུ་གཞོན་ནུར་དེ་ཉིད་རྣམ་པར་བཤད་པ་ཡིན་ནོ། །ཅིའི་ཕྱིར་ཤིན་ཏུ་གཞོན་ནུར་རབ་ཏུ་བྱུང་ཞེ་ན། ན་བའི་ཆོས་ཉིད་ལ་སོགས་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་བསྒྲུབ་པའི་མཚམས་སྦྱར་བ་ཡིན་ནོ། །གང་དུ་བསྡུས་ཏེ་མདོར་བསྟན་པ་ཙམ་འདི་ལྟ་སྟེ། ཚོར་བ་གསུམ་པོ་བདེ་བ་དང་སྡུག་བསྔལ་བ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེར་ནི་ཡོངས་སུ་རྫོགས་པའི་མཚམས་སྦྱར་བ་ཁོ་ན་ཡིན་ཏེ། དེ་ནི་ཚོར་བ་དེ་ཉིད་ཚིག་ལྷག་མ་རྣམས་ཀྱིས་ཡོངས་སུ་རྫོགས་པར་བརྗོད་པ་ཡིན་ནོ། །ཚོར་བ་ཇི་ལྟ་བར་བདེན་པ་བཞི་ལ་སོགས་པ་ལ་ཡང་དེ་དང་འདྲ་སྟེ་ཚིག་དང་པོ་དང་རྗེས་སུ་མཐུན་པར་ཚིག་ཕྱི་མ་ཕྱི་མ་བཤད་པའི་གོ་རིམས་ཡིན་པར་རིག་པར་བྱའོ། །དེ་ལ་བསྒྲུབ་པའི་མཚམས་སྦྱར་བ་ནི་རྣམ་པ་གཉིས་ཏེ། ལན་འགའ་ནི་ཚིག་སྔ་མ་ཚིག་ཕྱི་མའི་བསྒྲུབ་པ་ཡིན་ལ་ལན་འགའ་ནི་ཚིག་ཕྱི་མ་ཚིག་སྔ་མའི་བསྒྲུབ་པ་ཡིན་ནོ། །རྣམ་པར་བཤད་པའི་མཚམས་སྦྱར་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ལ་ཆོས་བཅུ་དང་ལྡན་པའི་ཆོས་སྨྲ་བ་ནི་རྣམ་པར་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཆོས་དང་དོན་ལ་མཁས་པ་ཡིན་ཏེ། དེ་ལ་ཆོས་ནི་རྣམ་པ་དྲུག་གོ །དོན་ནི་རྣམ་པ་བཅུའོ། །གཏམ་ལ་རྒྱ་ཆེ་བ་ཡིན་ཏེ། ཇི་ལྟ་ཞེ་ན་མང་དུ་ཐོས་པ་དང་ཐོས་པ་འཛིན་པ་དང་ཐོས་པ་བསགས་པའི་ཕྱིར་རོ། །འཁོར་གྱི་ནང་དུ་མི་འཇིགས་པ་ཡིན་ཏེ། རྒྱལ་རིགས་ལ་སོགས་པའི་འཁོར་རྣམས་ལ་ཆོས་སྟོན་པ་ན་ཞུམ་པ་མེད་ཅིང་དེའི་རྒྱུ་ལས་བྱུང་བའི་སྐད་འདར་བ་དང་མཆན་ཁུང་རྡུལ་བ་དང༌། དྲན་པས་བརྗེད་པ་མེད་པའི་ཕྱིར་རོ། །ཚིག་དགེ་ཞིང་ཚིག་གི་བྱ་བ་དང་ལྡན་པ་ཡིན་ཏེ། ཡན་ལག་བརྒྱད་དང་ལྡན་པའི་ཚིག་དང་ལྡན་ཞིང་འཁོར་ལ་ཚིག་དང་ཡི་གེ་འབྱོར་པ་དང་འབྲེལ་པ་ལ་སོགས་པ་རྒྱས་པས་ཆོས་སྟོན་པར་བྱེད་པའི་ཕྱིར་ཏེ། ཡན་ལག་བརྒྱད་དང་ལྡན་པའི་ཚིག་ནི་གྲོང་ཁྱེར་པ་དང་སྙན་ཞིང་འཇེབས་པ་ལ་སོགས་པའོ། །གཏམ་གྱི་སྦྱོར་བ་ལ་མཁས་པ་ཡིན་ཏེ། དུས་སུ་དད་གུས་པ་ལ་སོགས་པ་རྣམ་པ་ཉི་ཤུས་གཏམ་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་ཡིན་ཏེ། ཐོས་པ་


DTG132_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚིག་ལྷུར་མི་ལེན་ཅིང་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའི་ཕྱིར་རོ། །སྤྱོད་ལམ་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་གཏམ་ཟེར་བ་ན་ལག་པ་སྒུལ་བར་མི་བྱེད་དེ། རྐང་པ་སྒུལ་བར་མི་བྱེད། སྨིན་མ་སྐྱོད་པར་མི་བྱེད། མགོ་སྒྱུར་བར་མི་བྱེད། བཞིན་སྒྱུར་བར་མི་བྱེད་ལུས་སྒྱུར་བར་མི་བྱེད་བ་ཡིན་ནོ། །མཛེས་པ་ཡིན་ཏེ། འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་མཛེས་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པ་ཡིན་ཏེ། དེ་མ་ཐོས་པའི་ཆོས་རྣམས་ནི་ཉན་པར་བྱེད། ཐོས་པའི་ཆོས་རྣམས་ནི་ཡོངས་སུ་བྱང་བར་བྱེད་ལ། རྣལ་འབྱོར་མི་གཏོང་བ་དང༌། ཡིད་ལ་བྱེད་པ་མི་གཏོང་བ་དང༌། ནང་གི་སེམས་ཀྱི་ཞི་གནས་མི་གཏོང་བ་ཡིན་ནོ། །ངལ་བ་མེད་པ་ཡིན་ཏེ། འཁོར་བཞི་པོ་དག་ལ་ཆོས་སྟོན་པས་ཡིད་ཡོངས་སུ་སྐྱོ་བ་མེད་པའི་ཕྱིར་རོ། །བཟོད་པ་དང་ལྡན་པ་ཡིན་ཏེ། དེ་ཁྲོས་ཀྱང་ཕྱིར་མི་ཁྲོ་བ་དང༌། མཚང་བྲུས་ཀྱང་ཕྱིར་མཚང་འབྲུ་བར་མི་བྱེད་པ་དང༌། བརྒལ་ཏམ་ཕྱིར་བརྒལ་ཏམ་ཁྱད་དུ་གསད་ན་ཡང་ནོངས་པར་མི་འགྱུར་འཁྲུག་པར་མི་འགྱུར་བའི་ཕྱིར་རོ། །དེ་ལ་བཤད་པ་ནི་རྣམ་པ་བརྒྱད་དེ། བརྗིད་པ་དང༌། རྣམ་པར་འགྲེལ་བ་དང་ལྡན་པ་དང༌། རྒོལ་བའི་ལན་དང་ལྡན་པ་དང༌། རབ་ཏུ་དབྱེ་བ་དང་ལྡན་པ་དང༌། དེ་དང་འབྲེལ་པ་དང༌། དེ་ལས་གཞན་པ་ལས་དྲངས་པ་དང༌། སྤོབས་པ་ལས་བྱུང་བ་དང༌། གྲུབ་པའི་མཐའི་རྗེས་སུ་འབྲང་བའོ། །དེ་ལ་འཁོར་ནི་རྣམ་པ་ལྔ་སྟེ། ཁྱིམ་ན་གནས་པའི་འཁོར་དང༌། རབ་ཏུ་བྱུང་བའི་འཁོར་དང༌། དད་པ་དང་ལྡན་པའི་འཁོར་དང༌། ཞེ་འགྲས་པའི་འཁོར་དང༌། ཐ་མལ་པར་གནས་པའི་འཁོར་ཏོ། །དེ་ལ་བརྗིད་པའི་གཏམ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། གཏན་ཚིགས་དང་ལྡན་པ་དང༌། དཔེ་དང་ལྡན་པ་དང་ཚིག་གི་བྱ་བ་དང་ལྡན་པ་དང༌། ཚིག་དང༌། ཡིག་འབྲུ་སྣ་ཚོགས་པ་དང༌། གོ་སླ་བའོ། །དེ་ལ་རྣམ་པར་འགྲེལ་པ་དང་ལྡན་པའི་གཏམ་ནི་ཟབ་མོ་གསལ་བར་བྱེད་པའི་ཕྱིར་དང༌། གསལ་བ་ཡང་ཟབ་མོ་དང་ལྡན་བར་རྣམ་པར་སྒྲོག་པར་བྱེད་པའི་ཕྱིར་རོ། །དེ་ལ་རྒོལ་པའི་ལན་དང་ལྡན་པའི་གཏམ་ནི་མདོར་བསྡུ་ན་རྒོལ་བ་རྣམ་པ་ལྔ་སྤང་པ་དང་ལྡན་པར་རིག་པར་བྱའོ། །དེ་ལ་རབ་ཏུ་དབྱེ་བ་དང་ལྡན་པའི་གཏམ་ནི་ཆོས་རེ་རེ་ལ་ཡང་གཅིག་ལས་འཕྲོས་པའི་ཚུལ་གྱིས་རྣམ་པ་བཅུའི་བར་ལམ་དེའི་གོང་མ་རབ་


DTG132_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དབྱེ་བ་རྣམ་པར་སྒྲོག་པའི་ཕྱིར་ཏེ། འདི་ལྟ་སྟེ། ཆོས་གསུམ་ལས་བརྩམས་ནས་དེ་སྐད་གསུངས་པས་དྲན་པ་ཉེ་བར་གཞག་པ་བཞི་ཞེས་རྒྱ་ཆེར་བྱ་བ་དག་གོ །དེ་ལ་དེ་དང་འབྲེལ་པའི་གཏམ་ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་དེ་དག་ཉིད་ལས་རྣམ་པར་བཤད་པ་ཉེ་བར་སྦྱོར་བར་བྱེད་ཅིང་གཞན་དག་ལས་མཇུག་སྡུད་པར་མི་བྱེད་པ་གང་ཡིན་པའོ། །དེ་ལ་དེ་ལས་གཞན་པ་ལས་དྲངས་པའི་གཏམ་ནི་དེ་ལས་གཞན་པའི་མདོ་སྡེས་དེ་ཉེ་བར་བསྒྲུབ་པ་གང་ཡིན་པའོ། །དེ་ལ་སྤོབས་པ་ལས་བྱུང་བའི་གཏམ་ནི་ཇི་ལྟར་འདོད་པའི་དོན་དེ་ལྟར་རྣམ་པར་འབྱེད་པར་བྱེད་པའོ། །དེ་ལ་གྲུབ་པའི་མཐའི་རྗེས་སུ་འབྲང་བའི་གཏམ་ནི་མ་མོ་ལ་བརྟེན་ནས་རྣམ་པར་འབྱེད་པར་བྱེད་པའམ་དེ་ལས་གཞན་པ་གཏན་ལ་བབ་པར་སྟོན་པའི་སྡེ་ལ་བརྟེན་ནས་རྣམ་པར་འབྱེད་པར་བྱེད་པ་གང་ཡིན་པའོ། །དེ་ལ་ཁྱིམ་ན་གནས་པའི་འཁོར་ལ་ནི་ཉེས་པར་སྤྱད་པ་སྨད་པ་དང་ལེགས་པར་སྤྱད་པ་སྟོང་བ་ཉེ་བར་གནས་པའི་ཆོས་བསྟན་པར་བྱ་སྟེ། དེ་ལས་ལྡོག་པ་དང་འཇུག་པར་བྱ་བའི་ཕྱིར་དེ་ལ་རབ་ཏུ་བྱུང་བའི་འཁོར་ལ་ནི་བསླབ་པ་ལ་ཉེ་བར་གནས་པ་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་ལས་བརྩམས་ཏེ་མྱུར་བ་མྱུར་བ་ཁོ་ནར་བསྒྲུབ་པར་བྱ་བའི་ཕྱིར་ཆོས་བསྟན་པར་བྱའོ། །དད་པ་དང་ལྡན་པ་ལ་སོགས་པའི་འཁོར་རྣམས་ལ་ནི་ཕྱིར་ཞིང་འབྱུང་བ་དང༌། ཐ་མལ་བར་གནས་པར་འགྱུར་བ་དང༌། དད་པར་བྱ་བའི་ཕྱིར་བསྟན་པའི་ཆེ་བ་ཉིད་དང་མཐུ་དང་ལྡན་པའི་གཏམ་བྱའོ། །དེ་ལྟར་སྨྲ་བས་ཆོས་སྟོན་པ་ན་གཞན་དག་གུས་པར་ཉན་པ་ལ་སྦྱོར་བར་བྱ་སྟེ། ཇི་ལྟར་སྦྱར་བར་བྱ་ཞེ་ན། རྣམ་པ་གཅིག་གིས་ཀྱང་ཡོད་ལ་རྣམ་པ་བཅུའི་བར་གྱིས་ཀྱང་ཡོད་དོ། །དེ་ལ་རེ་ཞིག་རྣམ་པ་གཅིག་གིས་ཀྱང་ཆོས་ནི་ཕན་པ་དང་བདེ་བར་ཉེ་བར་གནས་པ་ཡིན་པའི་ཕྱིར་ཏེ། ཡང་དེ་ལ་ཕན་པ་ཡིན་ལ་བདེ་བ་མ་ཡིན་པའི་མུ་བཞི་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སར་ཆོས་ཡང་དག་པར་བླངས་པའི་དབང་དུ་བྱས་ཏེ་བསྟན་པ་བཞིན་ནོ། །གཉིས་ཀྱིས་ཀྱང་ཡོད་དེ། དམ་པའི་ཆོས་ནི་གྱ་ནོམ་པའི་ཕྱིར་ཏེ། གྱ་ནོམ་པ་དེ་ཡང་སྐྱོན་མེད་པ་དང་དོན་ཆེ་བས་རིག་པར་བྱ་བ་དང༌། སྨྲ་བ་དང་ཉན་པའི་ངལ་བ་འབྲས་བུ་དང་བཅས་པར་བྱེད་པའི་ཕྱིར་ཏེ། གཞན་དུ་ན་རང་གི་བྱ་བ་གཞན་སྤངས་ཏེ་སྨྲ་བ་དང་


DTG132_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་པའི་ངལ་བ་དོན་མེད་པར་འགྱུར་རོ། །གསུམ་གྱིས་ཀྱང་ཡོད་དེ། ཆོས་ནི་ངན་སོང་ལས་ལྡོག་པར་བྱེད་པའི་ཕྱིར་དང༌། བདེ་འགྲོ་ཐོབ་པར་བྱེད་པའི་ཕྱིར་དང༌། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། གསུམ་པོ་དེ་ནི་གུས་པར་བྱས་ཏེ་མཉན་པས་འཐོབ་པར་འགྱུར་རོ། །བཞིས་ཀྱང་ཡོད་དེ་གུས་པར་བྱས་ཏེ་ཆོས་མཉན་པས་མདོ་སྡེ་ལ་སོགས་པའི་ཆོས་དེ་དག་ཉིད་རྣམ་པར་འགྱུར་བ་དང༌། ཆོས་དེ་ཡང་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སྤོང་བ་དང༌། དགེ་བའི་ཆོས་རྣམ་པ་དུ་མ་ཡང་དག་པར་ལེན་པར་སྨྲ་བ་དང༌། དེ་དག་མཉན་པས་ཐོས་ན་སྤོང་བ་དང་ལེན་པར་བྱེད་པ་དང༌། དེ་སྤངས་པ་དང༌། བླངས་པའི་ཕྱིར་སྡིག་པ་དེའི་རྒྱུས་ཕྱི་མར་སྡུག་བསྔལ་བ་སྤོང་བར་བྱེད་པ་དང༌། དེ་སྤོང་བའི་རྒྱུ་དང༌། དགེ་བ་ཡང་དག་པར་བླངས་པའི་རྒྱུས་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། །ལྔས་ཀྱང་ཡོད་དེ། བཅོམ་ལྡན་འདས་ཀྱིས་ཆོས་དེ་ནི་གཞི་དང་བཅས་པ་དང། ངེས་པར་འབྱུང་བ་དང་བཅས་པ་དང༌། སྟོན་པ་དང་བཅས་པ་དང༌། ཕ་རོལ་གནོན་པ་དང་བཅས་པ་དང༌། ཆོ་འཕྲུལ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་སྟེ། ཚིག་དེ་དག་གི་རྣམ་པར་དབྱེ་བ་རྒྱས་པ་ནི་འདི་ལྟ་སྟེ་རྣམ་གྲངས་བསྡུ་བ་ལས་འབྱུང་བ་བཞིན་ནོ། །ཡང་ལྡས་ཏེ། མ་ཐོས་པ་མཉན་པར་བྱའོ། ཞེས་བྱ་བ་དང༌། ཐོས་པ་རྣམ་པར་བྱང་བར་བྱའོ་ཞེས་བྱ་བ་དང༌། སོམ་ཉི་སྤང་བར་བྱའོ་ཞེས་བྱ་བ་དང༌། ལྟ་བ་དྲང་པོར་བྱའོ་ཞེས་བྱ་བ་དང༌། དོན་དང་ཚིག་ཟབ་མོ་ཤེས་རབ་ཀྱིས་རྟགས་པར་བྱའོ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱིས་རྣམ་པ་དེ་དག་གིས་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་རྣམ་པར་བྱང་བའི་ཐབས་ཡོངས་སུ་བསྟན་པ་ཡིན་ཏེ། རྣམ་པ་གཉིས་ཀྱིས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིའོ། །གཉིས་ཀྱིས་ནི་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིའོ། །ཐ་མས་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྣམ་པར་བྱང་བའི་ཐབས་ཡོངས་སུ་བསྟན་པ་ཡིན་ནོ། །དྲུག་གིས་ཀྱང་ཡོད་དེ། སྟོན་པ་ལ་བྱས་པ་གཟོ་ཞིང་རྗེས་སུ་སྲུང་བ་དེས་ཆོས་འདི་དམ་པ་གཅིག་གི་དོན་དུ་ཚེགས་ཆེན་པོས་ཡང་དག་པར་བསྒྲུབས་སོ་སྙམ་པ་རྣམས་དང༌། རང་གི་དོན་དུ་ཡང་དག་པར་མ་མཐོང་བ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཆོས་འདི་ནི་ཡང་དག་པར་


DTG132_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དང༌། ནད་མེད་པ་དང༌། དུས་ཆད་པ་མེད་པ་དང༌། ཉེ་བར་གཏོད་པ་དང༌། འདི་མཐོང་བ་ལ་དོན་ཡོད་པ་དང༌། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པ་ཡིན་ནོ་སྙམ་དུ་ཤེས་པའོ། །བདུན་གྱིས་ཀྱང་ཡོད་དེ། རྣམ་པ་བདུན་གྱིས་ཆོས་བདུན་ཡང་དག་པར་བསྒྲུབ་པར་བྱའོ། །སྙམ་པ་སྟེ་ཆོས་ཤེས་པར་བྱའོ་སྙམ་པ་དང༌། དོན་ཤེས་པར་བྱའོ་སྙམ་པ་ནས་གང་ཟག་མཆོག་དང་མཆོག་མ་ཡིན་པ་ཤེས་པར་བྱའོ་སྙམ་པའི་བར་དག་གོ །བརྒྱད་ཀྱིས་ཀྱང་ཡོད་དེ། ཆོས་ནི་རྙེད་སླ་བ་ཡིན་ཏེ་གདོལ་པ་ལ་སོགས་པ་ཡན་ཆད་ལ་ཡང་བཤད་པའི་ཕྱིར་དང༌། སླ་བ་ཡིན་ཏེ་འགྲོ་ཡང་རུང་སྡོད་ཀྱང་རུང་འདུག་ཀྱང་རུང་ཉལ་ཡང་རུང་སྟེ། སླ་བའི་ཕྱིར་དང༌། དོན་དང་ལྡན་པའི་ཕྱིར་དང༌། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་དང་ལྡན་པའི་ཕྱིར་དང༌། ཐོག་མར་དགེ་བའི་ཕྱིར་དང༌། བར་དུ་དགེ་བའི་ཕྱིར་དང༌། ཐ་མར་དགེ་བའི་ཕྱིར་དང༌། མོད་ལ་འབྲས་བུ་བདེ་བའི་ཕྱིར་དང༌། ཕྱི་མ་ལ་འབྲས་བུ་བདེ་བའི་ཕྱིར་རོ། །དགུས་ཀྱང་ཡོད་དེ། གནོད་པ་རྣམ་པ་དགུ་ལས་ཐར་པའི་དབང་དུ་བྱ་བ་ལས་ཏེ་འཁོར་བའི་བཙོན་ར་ནས་ཐར་པ་སྟེ། འདོད་ཆགས་ལ་སོགས་པའི་འཆིང་བ་བཅད་པའི་ཕྱིར་དང༌། ནོར་བདུན་གྱི་དབུལ་བ་བཟློག་པ་སྟེ། ནོར་བདུན་གྱི་དབང་ཕྱུག་ལ་རབ་ཏུ་འགོད་པའི་ཕྱིར་དང༌། དགེ་བའི་སྤྱོད་པ་དང་དམ་པའི་ཆོས་མཉན་པའི་མུ་གེ་ལས་རྒལ་ཏེ་དམ་པའི་ཆོས་ཀྱི་ལོ་ལེགས་པ་ལ་རབ་ཏུ་འགོད་པའི་ཕྱིར་དང༌། མ་རིག་པའི་མུན་པ་ཟློག་པ་སྟེ་ཤེས་རབ་ཀྱི་སྣད་པ་བསྐྱེད་པའི་ཕྱིར་དང༌། ཆུ་བོ་བཞི་ལས་སྒྲོལ་བའི་ཕྱིར་དང༌། མྱ་ངན་ལས་འདས་པའི་ཐང་ལ་འགོད་པའི་ཕྱིར་དང༌། ཉོན་མོངས་པའི་ནད་གཏན་དུ་གསོ་བའི་ཕྱིར་དང༌། སྲེད་པའི་བྲན་ལས་ཐར་པར་བྱེད་པའི་ཕྱིར་དང༌། འཁོར་བའི་འབྲོག་དགོན་པ་ཐོག་མ་མེད་པ་ལས་ཐར་པར་བྱེད་པའི་ཕྱིར་ཏེ། ཐམས་ཅད་དུ་ཡང་བཙོན་ར་དམ་པོ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། འཁོར་བའི་བཙོན་ར་འདི་ནི་མཆོག་ཡིན་པས་དང་པོ་ཁོ་ནར་དགོད་པར་བྱའོ། །བཅུས་ཀྱང་ཡོད་དེ་གུས་པར་བྱས་ཏེ་ཆོས་མཉན་པས་ནི་སོ་སོར་རྟོག་པའི་སྟོབས་འཐོབ་པར་འགྱུར་ཞིང་དེས་ཐོབ་པའི་ཕན་ཡོན་ཉམས་སུ་མྱོང་བར་འགྱུར་བ་དང༌། ཆོས་ཀྱིས་ལོངས་སྤྱོད་ཡང་དག་པར་


DTG132_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་བྱེད་ཅིང་བབ་ཅོལ་གྱིས་མ་ཡིན་པ་དང༌། ཉེས་དམིགས་སུ་ལྟ་ཞིང་ལོངས་སྤྱོད་པར་བྱེད་ལ་ངེས་པར་འབྱུང་བ་རབ་ཏུ་ཤེས་པ་དང་ལོངས་སྤྱོད་རྒུད་པས་མྱ་ངན་མི་བྱེད་སྒྱིད་ལུག་པར་མི་བྱེད། སྨྲེ་སྔགས་འདོན་པར་མི་བྱེད་ཅེས་རྒྱས་པར་བྱ་བ་དང༌། ཉེ་དུ་རྒུད་པས་མྱ་ངན་མི་བྱེད་སྒྱིད་ལུག་པར་མི་བྱེད་སྨྲེ་སྔགས་འདོན་པར་མི་བྱེད་ཅེས་རྒྱས་པར་བྱ་བ་དང༌། ནད་མེད་པ་དང༌། ལང་ཚོ་དང༌། གསོན་པ་རྒུད་པས་མྱ་ངན་མི་བྱེད། སྒྱིད་ལུག་པར་མི་བྱེད་སྨྲེ་སྔགས་འདོན་པར་མི་བྱེད་ཅེས་རྒྱས་པར་བྱ་བ་དང༌། འདོད་པ་རྣམས་ལ་ཉེས་དམིགས་སུ་མཐོང་ཞིང་ངེས་པར་འབྱུང་བ་ལ་ཕན་ཡོན་དུ་མཐོང་ནས་རབ་ཏུ་འབྱུང་བ་དང༌། བས་མཐའི་གནས་མལ་དབེན་པར་གནས་ཤིང་བསམ་གཏན་རྣམས་ལ་སྙོམས་པར་འཇུག་པའི་བར་དང་གུས་པར་བྱས་ཏེ་ཆོས་མཉན་ཅིང་ཟབ་མོ་ཟབ་པར་སྣང་བ་ཅན་འདི་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྗེས་སུ་མཐུན་པར་རྟོགས་པ་དང༌། དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆན་པོ་དགེ་བ་དེས་པར་འབྱུང་བ་དང་ལྡན་པ་འཐོབ་པར་འགྱུར་བ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་འཕགས་པ་ཉན་ཐོས་སེམས་རྩེ་གཅིག་ཏུ་རྣ་བ་བླགས་ཏེ་ཆོས་ཉན་པ་ནི་ཆོས་ལྔ་སྤོང་ཞིང་ཆོས་བདུན་གྱི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་ཉན་ཐོས་གུས་པར་བྱས་ཏེ་ཆོས་ཉན་པས་ནི་ཀུན་འབྱུང་བའི་ཆོས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་འགོག་པའི་ཆོས་ཅན་དུ་རིག་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེད་པར་བྱེད་ཅིང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའི་ཚོགས་རབ་ཏུ་འཛིན་པའམ། དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཀྱི་བར་དུ་འཐོབ་པའམ། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའི་ཚོགས་རབ་ཏུ་འཛིན་པའམ། དེ་བཞིན་དུ་རང་བྱང་ཆུབ་བམ། བྱང་ཆུབ་སེམས་དཔའི་ཚོགས་རབ་ཏུ་འཛིན་པའམ། དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་རབ་ཏུ་འཛིན་པའམ། དེ་བཞིན་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་དང་རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ།། །།བམ་པོ་གཉིས་པ། དེ་ལ་སྨྲ་བ་


DTG132_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་སློང་བའི་དུས་ན་དང་པོ་ཁོ་ནར་སངས་རྒྱས་ཀྱི་བསྔགས་པ་བརྗོད་པར་བྱའོ། །དེ་ཡང་བསྡུས་པ་དང༌། རྒྱས་པ་སྟེ། དེ་ལ་བསྡུས་པ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། གཟུགས་བཟང་བ་དང༌། ཉེ་བར་ཞི་བ་དང༌། མཁྱེན་པ་དང༌། སྒྲུབ་པ་དང༌། མཐུས་སོ། །དེ་ལ་གཟུགས་བཟང་བ་ནི་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་རིག་པར་བྱ་སྟེ། དེ་ལ་ཉེ་བར་ཞི་བ་ནི་དབང་པོ་རྣམས་ཀྱི་སྒོ་བསྡམས་པ་ཉིད་ལ་སོགས་པ་དང༌། བག་ཆགས་དང་བཅས་པའི་ཉོན་མོངས་པ་ཡང་དག་པར་བཅོམ་པས་རིག་པར་བྱའོ། །དེ་ལ་མཁྱེན་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་དང་དུས་ཀྱིས་མ་བསྡུས་པའི་ཆོས་རྣམས་ལ་མཁྱེན་པ་ཐོགས་པ་མེད་ཅིང་ཆགས་པ་མེད་པ་ལས་རིག་པར་བྱའོ། །དེ་ལ་སྒྲུབ་པ་ནི་རང་དང་གཞན་ལ་ཕན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་ལས་རིག་པར་བྱའོ། །དེ་ལ་མཐུ་ནི་དེ་བཞིན་གཤེགས་པའི་མངོན་པར་ཤེས་པ་རྣམས་ཀྱིས་རིག་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་ཀྱི་བསྔགས་བ་བསྡུས་ཏེ་བརྗོད་པ་ནི་རྣམ་པ་དྲུག་གིས་རིག་པར་བྱ་སྟེ། ཡོན་ཏན་རྣམས་མཐའ་དག་ཡིན་པའི་ཕྱིར་དང༌། དྲི་མ་མེད་པའི་ཕྱིར་དང༌། གཡོ་བའི་ཕྱིར་དང༌། མཚུངས་པ་མེད་པའི་ཕྱིར་དང༌། བདག་དང་སེམས་ཅན་གྱི་དོན་གྱི་ཕྲིན་ལས་ཅན་གྱི་ཕྱིར་དང༌། ལས་དེ་ལ་མཐུ་མངའ་བའི་ཕྱིར་ཏེ། དེ་དག་གི་རྣམ་པར་དབྱེ་བ་རྒྱས་པ་ནི་འདི་ལྟ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བར་བསྟན་པ་བཞིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱི་བསྔགས་པ་རྒྱས་པ་ནི་བཅོམ་ལྡན་འདས་དེ་ནི་ཡོན་ཏན་དཔག་ཏུ་མེད་པའི་ཕྱིར་བསྔགས་པ་མཐའ་ཡས་པ་ཡིན་ནོ། །དེ་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་མཛད་པའི་ཕྱིར་སྣང་བ་སྩོལ་བ་དང༌། མི་ཤེས་པའི་མུན་པ་འཇོམས་པའི་ཕྱིར་མུས་པ་སེལ་བ་ཡང་ཡིན་ནོ། །དེ་བཞིན་དུ་སྤྱན་གསུམ་དང་ལྡན་པའི་ཕྱིར་སྤྱན་དང་ལྡན་པ་དང༌། མི་མཉམ་པའི་འཕགས་པའི་བདེན་པ་མཁྱེན་པའི་ཕྱིར་དོན་དམ་པ་གཟིགས་པ་དང༌། ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་ཕྱིར་དང་ཚུལ་ཁྲིམས་འབྱོར་བའི་ཕྱིར་བརྟུལ་ཞུགས་གྲུབ་པ་ཡང་ཡིན་ནོ། །དེ་བཞིན་དུ་རྐང་གཉིས་ཀྱི་མཆོག་དང་དེད་དཔོན་རྣམས་ཀྱི་མཆོག་དམ་པ་དང༌། དགེ་སྦྱོང་རྣམས་ཀྱི་ནང་ནས་དགེ་སྦྱོང་ཤིན་ཏུ་


DTG132_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་པ་དང༌། འཇིག་རྟེན་ན་རིན་པོ་ཆེ་དཀོན་པ་ཡང་ཡིན་ནོ། །དེ་བཞིན་དུ་རྗེས་སུ་ཐུགས་བརྩེ་བ་དང༌། ཐུགས་རྗེ་དང་ལྡན་པ་དང༌། དོན་དུ་བཞེད་པ་དང༌། ཕན་པར་བཞེད་པ་དང༌། ཐུགས་རྗེ་བར་མཛད་པ་ཡང་ཡིན་ནོ། །དེ་བཞིན་དུ་སྤྱན་དུ་གྱུར་པ་དང༌། ཡེ་ཤེས་སུ་གྱུར་པ་དང༌། དོན་དུ་གྱུར་པ་དང༌། ཆོས་སུ་གྱུར་པ་དང༌། དོན་གསལ་བ་སྟོན་པ་དང༌། དོན་ལ་རྟོན་པ་ཡང་ཡིན་ནོ། །དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་པོར་རྟོགས་པའི་ཕྱིར་དང་རང་གིས་རྟོགས་པའི་ཕྱིར་མ་རྟོགས་པའི་དོན་རྟོགས་པ་དང༌། ཚངས་པར་སྤྱོད་པ་མ་བཞག་པ་འཇོག་པའི་ཕྱིར་ལམ་རིག་པ་དང༌། ལམ་སྟོན་པ་དང༌། ལམ་གསུང་བ་དང༌། ལམ་འདྲེན་པ་ཡང་ཡིན་ནོ། །དེ་བཞིན་དུ་བསྙེངས་པ་དང་བསྙེངས་སུ་རུང་བ་དང་བྲལ་བའི་ཕྱིར་སྐྱེས་བུ་སེང་གེ་དང༌། ཚོགས་ཆེན་པོ་ཡོངས་སུ་འདྲེན་པའི་ཕྱིར་སྐྱེས་བུ་ཁྱུ་མཆོག་དང༌། ཚོགས་ཀྱི་མཆོག་ཡིན་པའི་ཕྱིར་སྐྱེས་བུ་གཙོ་བོ་དང༌། སྐྱོན་མི་མངའ་བའི་ཕྱིར་སྐྱེས་བུ་གླང་པོ་ཆེ་དང༌། ཐུགས་ཤིན་ཏུ་དུལ་བའི་ཕྱིར་སྐྱེས་བུ་ཅང་ཤེས་དང༌། རིགས་དང་བརྒྱུད་དང་གདུང་ལ་སོགས་པས་མི་ཐམས་ཅད་ཟིལ་གྱིས་མནན་པའི་ཕྱིར་སྐྱེས་བུ་དམ་པ་དང༌། ཚུལ་ཁྲིམས་དང་སྒྲུབ་པ་དང་མཁྱེན་པ་དང་མཐུ་ལ་སོགས་པས་མི་ཐམས་ཅད་ཟིལ་གྱིས་མནན་པའི་ཕྱིར་སྐྱེས་བུ་རབ་མཆོག་དང༌། འཇིག་རྟེན་པའི་ཆོས་རྣམས་ཀྱིས་མ་གོས་པའི་ཕྱིར་སྐྱེས་བུ་པད་མ་དཀར་པོ་ཡང་ཡིན་ནོ། །དེ་བཞིན་དུ་མཉམ་པ་མེད་པའི་ཕྱིར་མི་མཉམ་པ་དང༌། འདས་པ་དང་མ་བྱོན་པ་མི་མཉམ་པའི་ཕྱིར་མི་མཉམ་པ་དང་མཉམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་མཆོག་དང། ཚུལ་ཁྲིམས་འབྱོར་བའི་ཕྱིར་དང་ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་རྣམ་པར་སྤྱད་པའི་ཕྱིར་དང་དྲང་སྲོང་ཆེན་པོ་རྙིང་པ་རྣམས་ཀྱིས་རྟོགས་པའི་ཕྱིར་ལམ་ཐུགས་སུ་ཆུད་པའི་ཕྱིར་དྲང་སྲོང་ཆེན་པོ་དང༌། མུ་སྟེགས་ཅན་ཐམས་ཅད་དང་ཉོན་མོངས་པའི་བདུད་ལ་སོགས་པ་ལས་རྣམ་པར་རྒྱལ་བའི་ཕྱིར་རྣམ་པར་རྒྱལ་བ་དང༌། གཡོ་བ་དང་རློམ་སེམས་ལ་སོགས་པ་ཐམས་ཅད་མི་མངའ་བའི་ཕྱིར་དང་ཐུབ་པ་གསུམ་དང་ལྡན་པའི་ཕྱིར་ཐུབ་པ་དང༌། སྐྱེ་བོ་ལ་སོགས་པ་དང་ཕས་ཀྱི་རྒོལ་བ་ལ་སོགས་པ་ཐམས་ཅད་ཀྱིས་མི་འཕྲོགས་པའི་ཕྱིར་མི་བཀྲི་བ་དང༌། སྡིག་པ་ཐམས་ཅད་ངེས་པར་


DTG132_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུས་པའི་ཕྱིར་ཁྲུས་ཅན་དང༌། འཇིག་ཚོགས་ཐམས་ཅད་ལས་རྒལ་བའི་ཕྱིར་ཕ་རོལ་ཏུ་བྱོན་པ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བ་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡིན་ནོ། །དེ་བཞིན་དུ་དམ་པའི་ཆོས་ལེགས་པར་རྫོགས་པ་དང༌། ཐམས་ཅད་མཁྱེན་པ་དང༌། ཐམས་ཅད་ཀྱི་རྗེ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཅན་དང༌། སེམས་ཅན་གྱི་སྙིང་པོ་དང༌། ཐུ་བོ་དང༌། བདེ་བ་དང་སྡུག་བསྔལ་དག་གིས་ཐུགས་ཡོངས་སུ་མ་གཏུགས་པ་དང༌། དབང་པོའི་སྒོ་བསྡམས་པ་དང༌། ལེགས་པར་ལྡན་པའི་ཕྱིར་དུལ་བ་དང༌། ཚུལ་ཁྲིམས་ཡང་དག་པར་བླངས་པ་དང་ལེགས་པར་ལྡན་པའི་ཕྱིར་ཞི་བ་དང༌། ངེས་པའི་ས་ལ་ཞུགས་པའི་ཕྱིར་དབུགས་འབྱིན་པ་དང༌། བྱང་ཆུབ་ཐུགས་སུ་ཆུད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་དང༌། སྲེད་པའི་ཟུག་རྡུ་འབྱིན་པའི་ཕྱིར་ཟུག་རྡུ་འབྱིན་པ་དང༌། མ་དུལ་བ་ལ་སོགས་པ་དུལ་བར་མཛད་པ་དང༌། ཞི་བར་མཛད་པ་སྔ་མ་ལྟ་བུ་དང༌། སོ་སོའི་སྐྱེ་བོ་རྣམས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པའི་ཕྱིར་དབུགས་མ་ཕྱིན་པ་རྣམས་ཀྱི་དབུགས་ཕྱུང་བ་དང༌། འབྲས་བུ་དང་པོ་དང་གཉིས་པ་ལ་གནས་པ་རྣམས་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་རབ་ཏུ་བཀོད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་མཛད་པ་དང༌། གཏན་པ་མེད་པ་དང། འོབས་དྲལ་བ་དང༌། འོབས་ལས་རྒལ་བ་དང༌། ཚོལ་བ་སྤངས་པ་དང༌། འཕགས་པ་དང༌། རྒྱལ་མཚན་བསྙལ་བ་དང༌། རྟག་ཏུ་ཆེར་གནས་པ་ཡང་ཡིན་ནོ། །དེ་བཞིན་དུ་དགྲ་བཅོམ་པ། ཟག་པ་ཟང་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། །བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་བརྙེས་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་བྱོན་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་


DTG132_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པ་ཡང་ཡིན་ནོ། །དེ་བཞིན་དུ་ཡན་ལག་ལྔ་སྤངས་པ་དང༌། ཡན་ལག་དྲུག་དང་ལྡན་པ་དང༌། རྒྱས་པར་མ་འདྲེས་པ་དང༌། བསྟེན་པ་དང་ལྡན་པ་དང༌། སྐྱེས་བུ་ལྟག་ན་མེད་པ་ཞེས་བྱ་བའི་བར་ཡང་ཡིན་ནོ། །དེ་བཞིན་དུ་ཆོས་མཁྱེན་པ་དང༌། གང་ཟག་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་ཞེས་བྱ་བའི་བར་ཡང་ཡིན་ནོ། །དེ་བཞིན་དུ་དགེ་སྦྱོང་དང༌། བྲམ་ཟེ་དང༌། དྲི་མ་མེད་པ་དང༌། དྲི་མ་དང་བྲལ་བ་དང༌། སྨན་པ་དང༌། དེད་དཔོན་དང༌། རྣམ་པར་གཟིགས་པ་དང༌། འཇིག་རྟེན་གྱི་མགོན་པོ་དང་འགྲོ་བའི་མཆོག་ཀྱང་ཡིན་ནོ། །དེ་ལ་དྲི་མ་མེད་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །དྲི་མ་དང་བྲལ་བ་ནི་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །ཡང་དྲི་མ་མེད་པ་ནི་ཀུན་ནས་དཀྲིས་པ་རྩེ་བཅིལ་བའི་ཕྱིར་རོ། །དྲི་མ་དང་བྲལ་བ་ནི་བག་ཆགས་ཡང་དག་པར་བཅོམ་པའི་ཕྱིར་རོ། །རྣམ་པར་གཟིགས་པ་ནི་ཉིན་མཚན་ལན་དྲུག་འཇིག་རྟེན་ལ་སོ་སོར་གཟིགས་པའི་ཕྱིར་རོ། །དེ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་བཟང་པོ་རྣམ་པ་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པས་སྐུ་མཚན་ཅིང་གསལ་བར་བྱ་བ་དང༌། སྟོབས་བཅུའི་སྟོབས་དང་ལྡན་པ་དང༌། མི་འཇིགས་པ་བཞིས་མི་བསྙེངས་པ་དང༌། ཐུགས་རྗེ་ཆེན་པོ་དང་ལྡན་པ་དང༌། དྲན་པ་ཉེ་བར་གཞག་པ་གསུམ་ལ་དྲན་པ་ལེགས་པར་ཉ་པར་གཞག་པ་དང༌། བསྲུང་བ་མེད་པ་གསུམ་དང་ལྡན་པ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཅན་དང༌། ཉོན་མོངས་པའི་བག་ཆགས་ཐམས་ཅད་ཡང་དག་པར་བཅོམ་པ་དང༌། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ཡང་ཡིན་ནོ། །དེ་ལ་བསྐལ་བ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབས་ཤིང་དུས་ཡུན་རིང་པོར་ཡོངས་སུ་འདྲིས་པར་མཛད་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ཀྱི་གཞི་ལ་དམིགས་པའི་ཕྱིར་དང༌། སྡུག་བསྔལ་རྣམ་པ་ཐམས་ཅད་ལ་དམིགས་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ཀྱིས་བྱས་པའི་གནོད་པ་རྣམ་པ་ཐམས་ཅད་དང་ཕྲད་པས་ཕྱིར་མི་ལྡོག་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་འཇུག་པའི་ཕྱིར་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ། །དེ་ལ་ཆོས་སྨྲ་བས་མདོ་སྡེ་རྣམ་པར་བཤད་པའི་ཆོས་ཀྱི་མཚན་ཉིད་དེ་ལྟར་རྣམ་པར་གཞག་པ་ལ་དང་པོ་ཁོ་ནར་ཚིག་འབྲུ་དང་དོན་ཡོངས་སུ་བཙལ་བར་བྱའོ། །དེའི་འོག་ཏུ་ཇི་སྐད་བསྟན་པའི་བྱ་བས་ཆོས་


DTG132_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ན་གཞན་དག་ལ་རྣམ་པར་བཤད་པ་རྣམ་པ་ལྔས་འཇུག་པར་བྱའོ། །དེ་ལྟར་གྱུར་ནས་བདག་ཉིད་ཆོས་སྨྲ་བའི་མཚན་ཉིད་རྣམ་པ་བཅུ་དང་ལྡན་པ་ཇི་སྐད་བསྟན་པ་དག་ལ་ཆོས་དང་དོན་ལ་མཁས་པ་ལ་སོགས་པས་རྣམ་པར་གཞག་པར་བྱའོ། །དེ་ལྟར་བདག་ཉིད་རྣམ་པར་བཞག་ནས་འཁོར་རྣམ་པ་ལྔ་པོ་དག་ལ་སྔ་མ་ཁོ་ན་བཞིན་དུ་བརྗིད་པའི་གཏམ་ལ་སོགས་པ་རྣམ་པ་བརྒྱད་པོ་དག་གིས་རྣམ་པ་དེ་ལྟ་བུའི་གཏམ་བྱའོ། །གཏམ་དེ་དག་ཟེར་བ་ན་གཞན་དག་རྣ་གཏོད་པ་ལ་སྦྱར་བར་བྱ་ཞིང་དང་པོར་སྟོན་པའི་བསྔགས་པ་བརྗོད་པར་བྱའོ། །དེ་ལྟར་ཡན་ལག་ལྔ་དང་ལྡན་པའི་ཆོས་བསྟན་པ་ནི་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་དང་འདྲ་བར་བདག་དང༌། གཞན་དག་ལ་དགའ་བ་རྒྱ་ཆེན་པོ་སྐྱེད་པར་འགྱུར་ཞིང༌། བདག་དང་གཞན་དག་ལ་ཕན་པའི་ཕྱིར་འཇུག་པར་ཡང་འགྱུར་རོ། །དེ་ལྟར་མཁས་པར་འགྱུར་བ་ལ་ནི་ཕན་ཡོན་རྣམ་པ་ལྔ་ཡོད་དེ། ཚེགས་ཆུང་ངུས་སངས་རྒྱས་ཀྱི་བཀའི་དོན་རྟོགས་པར་འགྱུར་པ་དང༌། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཏམ་དག་ལ་འཇུག་པར་འགྱུར་པ་དང༌། བདག་དང་གཞན་གྱི་རྒྱུད་དག་ལ་དགའ་བ་དང༌། མཆོག་ཏུ་དགའ་བ་དགེ་བ་དང་ངེས་པར་འབྱུང་བ་དང་ལྡན་པ་རྒྱ་ཆེན་པོ་སྐྱེད་པར་འགྱུར་པ་དང། ལྷ་དང་མི་རྣམས་ཀྱི་བར་དག་ལས་སྙན་པར་དང་གྲགས་པ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པར་རྒྱས་པར་འགྱུར་པ་དང༌། བསོད་ནམས་ཚང་མེད་པ་སྐྱེ་བར་འགྱུར་བའོ། །དགེ་སློང་དག་བསླབ་པ་ལ་ཕན་ཡོན་དུ་གནས་པར་གྱིས་ཤིག་ཅེས་གསུངས་པ་ནི་མདོའོ། །དེའི་ལུས་ནི་ཚིག་འབྲུ་དང་དོན་ཏོ། །དེ་ལ་དགེ་སློང་དག་བསླབ་པ་ལ་ཕན་ཡོན་དུ་གནས་པར་གྱིས་ཤིག་ཅེས་གསུངས་པ་ནི་ཡེ་གེ་བཅུ་གཉིས་དང༌། མིང་བཞི་དང༌། ཚིག་གཅིག་ཡིན་ཏེ། དེ་དག་ནི་རེ་ཞིག་མིང་དང་ཚིག་དང་ཡི་གེའི་ཚོགས་ཡིན་ནོ། །བསླབ་པའི་གཞི་རྣམ་པར་བསྟན་པ་གང་ཡིན་པ་དེ་ནི་རྣམ་པ་ཡིན་ནོ། །དགེ་སློང་རྣམས་ལ་བརྟེན་ནས་དེ་བཞིན་གཤེགས་པས་བསྟན་པ་གང་ཡིན་པ་དེ་ནི་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པས་གསུངས་པའི་བཀའ་གང་ཡིན་པ་དེ་ནི་ངག་ཡིན་ནོ། །རྣམ་པ་དྲུག་པོ་དེ་དག་ནི་ཚིག་འབྲུ་ཡིན་ཏེ། ཤེས་རབ་དམ་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ལ་ཡང་དེ་


DTG132_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བལྟ་བར་བྱའོ། །དོན་ནི་ཉན་ཐོས་ཀྱིས་བསྟན་པ་འདིའམ་ས་ལྔ་པོ་ཐམས་ཅད་དེ། དེ་ལ་བསླབ་པའི་ཕན་ཡོན་ཞེས་བྱ་བ་ནི་ཚོགས་ཀྱི་སའོ། །ཤེས་རབ་དམ་པའོ་ཞེས་བྱ་བ་ནི་སྦྱོར་བའི་སའོ། །རྣམ་པར་གྲོལ་བའི་སྙིང་པོ་དང་དྲན་པའི་དབང་ཞེས་བྱ་བ་ནི་མཐོང་བའི་ས་དང་བསྒོམ་པའི་ས་དང་མཐར་ཐུག་པར་འགྲོ་བའི་སའི་དོན་ཡིན་ནོ། །དེ་ལ་བསླབ་པའི་ཕན་ཡོན་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་རང་གི་མཚན་ཉིད་དོ། །ཤེས་རབ་དམ་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རང་གི་མཚན་ཉིད་དོ། །དེའི་རྟེན་དང་གྲོགས་ལ་སོགས་པ་ལུས་ཙམ་ནི་རང་གི་མཚན་ཉིད་དོ། །ཤེས་རབ་དམིགས་པ་དང་བཅས་པ་ནི་སྤྱིའི་མཚན་ཉིད་དོ། །ཉོན་མོངས་པ་དང་གནས་ངན་ལེན་དང་བྲལ་བ་ནི་རྣམ་པར་གྲོལ་བའི་སྙིང་པོར་རང་གི་མཚན་ཉིད་དོ། །དྲན་པའི་དབང་ཞེས་བྱ་བ་ནི་དྲན་པའི་རང་གི་མཚན་ཉིད་དེ། དེ་ལྟར་དེ་ནི་མཚན་ཉིད་ཀྱི་དོན་ཡིན་ནོ། །དེ་ལ་བསླབ་པའི་ཕན་ཡོན་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་འགའ་ཡང་མ་ཡིན་ཏེ། དེ་ནི་ཡིད་ལ་བྱེད་པའི་རྟེན་ཡིན་པར་ཡོངས་སུ་བསྟན་ཏོ། །ཤེས་རབ་དམ་པ་ཞེས་བྱ་བ་ནི་མཚན་ཉིད་སོ་སོར་རིག་པ་དང་མོས་པ་ཡིད་ལ་བྱེད་པ་ཡིན་པར་རིག་པར་བྱའོ། །རྣམ་པར་གྲོལ་བའི་སྙིང་པོ་ཞེས་བྱ་བ་ནི་རབ་ཏུ་དབེན་པ་དང༌། དགའ་བ་སྡུད་པ་དང༌། སྦྱོར་བ་མཐར་ཐུག་པ་དང༌། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིན་པར་ཡོངས་སུ་བསྟན་ཏོ། །དྲན་པའི་དབང་ཞེས་བྱ་བ་ནི་དཔྱོད་པའི་ཡིད་ལ་བྱེད་པ་ཡིན་ཏེ་དེ་ལྟར་དེ་ནི་ཡིད་ལ་བྱེད་པའི་དོན་ཡིན་ནོ། །ཚུལ་དེས་ཤེས་པ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དབང་དུ་བྱ་བ་ནི་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས་བསླབ་པའི་གཞིས་བསྡུས་པ་རྣམ་པར་བྱང་བའི་སྤྱོད་པ་ཡིན་ནོ། །ཡང་དག་པར་འཛིན་དུ་གཞུག་པར་བྱ་བ་ལ་སོགས་པ་ཅི་རིགས་པར་བྱང་དག་པར་འཛིན་དུ་གཞུག་པ་ནས་ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་བར་དང་དགེ་བ་ལ་སོགས་པའི་སྤྱོད་པ་དག་ཀྱང་འདི་ལ་ཡོད་མོད་ཀྱི་གཙོ་ཆེར་རྣམ་པར་བྱང་བའི་སྤྱོད་པ་ཡིན་ནོ། །གང་ཟག་གི་དབང་དུ་བྱ་བ་ནི་གང་ཟག་ཁྱིམ་མེད་པའོ། །དབང་པོ་རྟུལ་པོ་ལ་སོགས་པ་གང་ཟག་ཐམས་ཅད་ནི་ཡང་དག་པར་དགའ་བར་བྱའོ། །འདས་པ་དང་ད་ལྟར་གྱི་དུས་སུ་ཡང་དག་པར་རབ་ཏུ་དགའ་བར་བྱ་བ་དང༌། ཚུལ་ཁྲིམས་ཡང་དག་པར་བླངས་


DTG132_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་ནི་ད་ལྟར་གྱི་དུས་སུ་ཡང་དག་པར་བསྟན་པ་དང༌། མ་འོངས་པའི་དུས་སུ་ཡང་དག་པར་འཛིན་དུ་གཞུག་པ་དང༌། ཡང་དག་པར་གཟེངས་བསྟོད་པར་བྱ་སྟེ། དེ་ལྟར་དེ་ནི་དབང་དུ་བྱ་བའི་དོན་ཡིན་ནོ། །དེ་ལ་ཕན་ཡོན་ནི་བསླབ་པ་གསུམ་པོ་དག་གིས་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་པའོ། །ཉེས་དམིགས་ནི་དེ་ལྟར་མ་བྱས་ན་མི་འགྱུར་བ་དང་རབ་ཏུ་བྱུང་པ་དོན་དང་ལྡན་པ་མི་འགྱུར་པའོ། །མི་མཐུན་པའི་ཕྱོགས་ནི་ཚུལ་ཁྲིམས་འཆལ་བ་དང་མི་ཤེས་པ་དང་བརྗེད་ངས་པ་དང་ཉོན་མོངས་པ་དག་གོ །དེ་དག་གི་གཉེན་པོ་ནི་ཚུལ་ཁྲིམས་ལ་སོགས་པ་ཡིན་པར་རིག་པར་བྱའོ། །ཡང་མི་མཐུན་པའི་ཕྱོགས་ནི་ཀུན་ནས་ཉོན་མོངས་པའི་སྤྱོད་པ་ཐམས་ཅད་དོ། །གཉེན་པོ་ནི་བསླབ་པ་གསུམ་པོ་དག་གོ །བསྡུས་པའི་དོན་ནི་བསླབ་པའི་ཕན་ཡོན་ལ་གནས་པར་གྱིས་ཤིག་ཅེས་བྱ་བ་ནས་དྲན་པའི་དབང་ཞེས་བྱ་བའི་བར་དག་སྟེ། དེ་ནི་མདོར་བསྟན་པ་ལས་བསྡུས་པ་ཡིན་ནོ། །རྒྱས་པ་ནི་དེ་རྣམ་པར་འབྱེད་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་དེ་ནི་བསྡུས་པ་དང་རྒྱས་པའི་དོན་ཡིན་ཏེ་དེ་ལས་གོང་ན་ཡང་མེད་པ་དེ་ལས་ལྷག་པ་ཡང་མེད་དོ། །དེ་ལ་རྣམ་པར་བཤད་པའི་ཆོས་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དེ་དག་ལས་རེ་ཞིག་དེ་ནི་མདོའི་སྡེས་བསྡུས་པ་དང་ལུང་དུ་བསྟན་པའི་སྡེ་ཡིན་པར་བལྟ་བར་བྱ་སྟེ་ངེས་པའི་དོན་ཡིན་པའི་ཕྱིར་རོ། །ཀུན་ནས་སློང་བ་ནི་དབང་དུ་བྱ་བ་ལས་བརྗོད་པར་བྱ་སྟེ། བདག་ཉིད་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པའི་སྟོབས་སྟོན་པར་འདོད་པས་མདོ་སྡེ་རྩོམ་པར་བྱེད་པ་དང༌། ཡང་གདུལ་བ་རྣམ་པར་བྱང་བའི་སྤྱོད་པ་ལ་བརྩོན་པ་ཟང་ཟིང་ལ་གདུ་ཞིང་དེ་ལ་མོས་པ་རྣམས་བསླབས་པའི་ཕན་ཡོན་ལ་སོགས་པ་ལ་གནས་པ་ལ་བསླབ་པ་གསུམ་ཡོངས་སུ་རྫོགས་པར་འགྱུར་པའི་ཕན་ཡོན་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་དང༌། ཡང་དགེ་སློང་གི་དངོས་པོ་བཞི་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་ཏེ། དེ་ལ་བསླབ་པའི་ཕན་ཡོན་ཞེས་བྱ་བ་ནི་ཁ་དོག་དང་རྟགས་དང་དབྱིབས་ཀྱི་དགེ་སློང་ཉིད་དང༌། ཆོ་ག་བསྲུང་ཞིང་ཚུལ་འཆོས་པའི་དགེ་སློང་ཉིད་ལས་འདུན་པ་ཟློག་པར་བྱེད་པའོ། །ཤེས་རབ་དམ་པ་ཞེས་བྱ་བ་ནི་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པའི་དགེ་སློང་ཉིད་ལ་འདུན་པ་ཟློག་པར་བྱེད་པའོ། །རྣམ་པར་གྲོལ་བའི་སྙིང་པོ་དང་དྲན་པའི་དབང་ཞེས་བྱ་


DTG132_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེས་ནི་ཡང་དག་པར་སྒྲུབ་པའི་དགེ་སློང་ཉིད་ཡང་དག་པར་འཛིན་དུ་འཇུག་པ་སྟེ། འདི་ལྟར་གྲགས་པ་ལ་སོགས་པ་འདོད་པ་ནི་སོ་སོར་བརྟགས་ནས་ཐོས་པ་འཛིན་པར་བྱེད་ཀྱི། ཤེས་རབ་འཕེལ་བར་མི་བྱེད་པ་དང༌། ཉེས་པ་སྔར་མ་སྤངས་པ་གང་ཡིན་པ་དེ་ནི་ཡང་དག་པའི་སྒྲུབ་པས་བསྡུས་པའི་རྣམ་པར་གྲོལ་བ་ཡང་དག་པར་འཛིན་པར་བྱེད་པའི་ཕྱིར་རོ། །ཡང་དམན་པས་ཆོག་པར་འཛིན་པ་ལ་ཞུགས་པ་རྣམས་གོང་མ་བས་ཀྱང་ཆེས་གོང་མ་ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར་རོ། །འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཡོངས་སུ་ཚོལ་ཞིང་ལྷོད་པ་རྣམས་ལ་ནི་བསླབ་པའི་ཕན་ཡོན་ཞེས་གསུངས་སོ། །ཚུལ་ཁྲིམས་དང་ལྡན་པ་ཐོས་པ་ལ་མི་ལྟོས་པ་རྣམས་ལ་ནི་ཤེས་རབ་དམ་པ་ཞེས་གསུངས་སོ། །ཐོས་པ་དང་བསམས་པ་ཙམ་གྱིས་ཆོག་པར་འཛིན་པ་རྣམས་ལ་ནི་རྣམ་པར་གྲོལ་བའི་སྙིང་པོ་ཞེས་གསུངས་སོ། །ཚུལ་ཁྲིམས་དང་ཤེས་རབ་དང་རྣམ་པར་གྲོལ་བས་མངོན་པའི་ང་རྒྱལ་བྱེད་པ་རྣམས་ལ་ནི་དྲན་པའི་དབང་ཞེས་བྱ་བ་གསུངས་ཏེ། དེ་ལྟར་རྣམ་པ་དེ་ལྟ་བུ་དག་གིས་ཀུན་ནས་སློང་བ་བརྗོད་པར་བྱའོ། །དེ་ལ་བསྡུས་པའི་དོན་ནི་འདིར་ཡང་དག་པའི་སྒྲུབ་པ་དང་འབྲས་བུ་ཡིན་པར་བསྟན་ཏེ། འདི་ལྟ་སྟེ། ཚུལ་ཁྲིམས་ལ་སོགས་པ་གསུམ་པོ་དེ་ཙམ་གྱིས་ནི་བསླབ་པའི་མཐར་ཐུག་པ་ཡིན་ནོ། །དེ་ལྟར་གནས་པར་གྱིས་ཞེས་གསུངས་པས་ནི་ཡང་དག་པའི་སྦྱོར་བ་རྣལ་འབྱོར་རྣམ་པ་བཞིས་བསྡུས་པ་ཡོངས་སུ་བསྟན་ཏོ། །དེ་ལྟར་གནས་པ་རྣམས་ཀྱི་བསླབ་པ་གསུམ་ཞེས་གསུངས་པས་ནི་ཡང་དག་པར་སྒྲུབ་པའི་འབྲས་བུ་ཡོངས་སུ་བསྟན་ཏོ། །དེ་ལ་དད་པ་དང་འདུན་པ་ནི་ཚུལ་ཁྲིམས་ཡང་དག་པར་བླང་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཐོས་པ་འཛིན་པའི་དུས་ན་ནི་བརྩོན་འགྲུས་སོ། །ཤེས་རབ་ལ་སོགས་པ་ནི་ཐབས་ཡིན་ནོ། །དེ་ལ་ཚིག་གི་དོན་ནི་བསླབ་པ་དང༌། རྗེས་སུ་བརྩོན་པ་དང༌། ཇི་ལྟར་གདམས་པ་བཞིན་སྒྲུབ་པ་དང༌། གོམས་པ་དང༌། སྒོམ་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །སྒྲུབ་པ་དེ་ནི་ལུས་དང་ངག་དང་འཚོ་བ་ཡོངས་སུ་དག་པར་ཀུན་ཏུ་སྦྱོར་བའི་མཚན་ཉིད་ཀྱི་ཚུལ་ཁྲིམས་ཀྱིས་རབ་ཏུ་ཕྱེ་བ་དང་བཟོད་པས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་བསླབ་བཞེས་བྱའོ། །ཡང་ཞི་བའི་ཕྱིར་འགྲོ་བས་བསླབ་པ་ཞེས་བྱ་སྟེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་


DTG132_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ངེས་པའི་ཚིག་ཡིན་ནོ། །རྟགས་དང་ངོ་བོ་ཉིད་དང་ལས་དང་ཆོས་དང་རྒྱུ་དང་འབྲས་བུ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་རེ་ཞིག་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བས་བསླབ་པའི་ཕན་ཡོན་ནི་ཚུལ་ཁྲིམས་རྣམ་པ་བདུན་དང་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་ཁམས་ཀྱི་རབ་ཏུ་དབྱེ་བས་ནི་འདོད་པ་ན་སྤྱོད་པ་སོ་སོར་ཐར་པའི་སྡོམ་པ་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བསམ་གཏན་གྱི་སྡོམ་པ་དང་མི་ལྡན་པའི་ཟག་པ་མེད་པའི་སྡོམ་པའོ། །དུས་ཀྱི་རབ་ཏུ་དབྱེ་བས་ནི་འདས་པའི་དུས་སུ་ཡང་བསླབ་པའི་ཕན་ཡོན་འདི་ལྟ་བུ་ཁོ་ནར་གྱུར་ལ་མ་འོངས་པའི་དུས་སུ་ཡང་འདི་ལྟ་བུ་ཁོ་ནར་འགྱུར་པ་དང༌། ད་ལྟར་བྱུང་བའི་དུས་ན་ཡང་བསླབ་པའི་ཕན་ཡོན་འདི་ལྟ་བུ་ཁོ་ན་ཡིན་པར་རིག་པར་བྱའོ། །དེ་ལ་གནས་སྐབས་ཀྱི་རབ་ཏུ་དབྱེ་བས་ནི་གང་ཟག་ཞུགས་པ་ཡོངས་སུ་མ་སྨིན་པ་རྣམས་ཀྱི་བསླབ་པའི་ཕན་ཡོན་ནི་ཆུང་དུའི་གནས་སྐབས་ཡིན་ནོ། །ཡོངས་སུ་སྨིན་པ་རྣམས་ཀྱི་ནི་འབྲིང་གི་གནས་སྐབས་ཡིན་ནོ། །ཡོངས་སུ་སྨིན་པར་གྱུར་པ་རྣམས་ཀྱི་ནི་ཆེན་པོའི་གནས་སྐབས་ཡིན་ནོ། །སོ་སོར་བརྟགས་ནས་མངོན་པར་མི་དགའ་བཞིན་དུ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱི་བསླབ་པའི་ཕན་ཡོན་ནི་སྡུག་བསྔལ་བའི་གནས་སྐབས་ཡིན་ནོ། །མངོན་པར་དགའ་བ་རྣམས་ཀྱི་ནི་བདེ་བའི་གནས་སྐབས་ཡིན་ནོ། །མངོན་པར་དགའ་བ་ཡང་མ་ཡིན་མངོན་པར་མི་དགའ་བ་ཡང་མ་ཡིན་པ་རྣམས་ཀྱི་བསླབ་པའི་ཕན་ཡོན་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་བའི་གནས་སྐབས་ཡིན་ནོ། །བསླབ་པའི་ཕན་ཡོན་དེ་དག་ཐམས་ཅད་ནི་དགེ་བའི་གནས་སྐབས་ཡིན་གྱི། མི་དགེ་བའི་གནས་སྐབས་ཀྱང་མ་ཡིན་ནོ། །ལུང་དུ་མ་བསྟན་པའི་གནས་སྐབས་ཀྱང་མ་ཡིན་ནོ། །ཐོས་པ་གཟུང་བ་རྣམས་ཀྱི་ནི་ཐོས་པའི་གནས་སྐབས་ཡིན་ནོ། །བསམས་པ་རྣམས་ཀྱི་ནི་བསམས་པའི་གནས་སྐབས་ཡིན་ནོ། །བསྒོམས་པ་རྣམས་ཀྱི་ཡང་བསྒོམས་པའི་གནས་སྐབས་ཡིན་ནོ། །ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་མ་ཐོག་པ་རྣམས་ཀྱི་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་གནས་སྐབས་ཁོ་ན་ཡིན་ནོ། །དེ་དག་ཐོབ་པ་རྣམས་ཀྱི་ནི་དེ་དག་གི་གནས་སྐབས་ཀྱང་ཡིན་ཏེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་གནས་སྐབས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་གང་ཟག་གི་


DTG132_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དབྱེ་བ་ནི་འདིར་གང་ཟག་རབ་ཏུ་བྱུང་བ་ཡིན་པར་དགོངས་སོ། །དེ་ཡང་དབང་པོ་རྟུལ་པོ་ཡང་ཡོད། དབང་པོ་རྣོན་པོ་ཡང་ཡོད་དོ། །འདོད་ཆགས་ལ་སོགས་པ་སྤྱད་པ་ཡང་ཡོད། ཆ་མཉམ་པར་སྤྱད་པ་ཡང་ཡོད་དོ། །ཉོན་མོངས་པ་ཆུང་བ་ཡང་ཡོད་དོ། །ཉན་ཐོས་ཁོ་ནའི་ཡིན་གྱི་རང་སངས་རྒྱས་ཀྱི་ཡང་མ་ཡིན། བྱང་ཆུབ་སེམས་དཔའི་ཡང་མ་ཡིན་ཏེ། རང་སངས་རྒྱས་ནི་རང་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་ནི་རྣམ་པར་གྲོལ་བའི་སྙིང་པོ་འདི་ལ་གནས་པར་མི་སྟོན་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཁོ་ནའི་ཡིན་ཏེ། ཞུགས་པ་དང་མ་བསྒྲིབས་པ་དང་འཆིང་བ་མཐའ་དག་ཡོད་པ་དང་འཆིང་བ་མ་ཚང་བ་ཡང་ཡིན་གྱི། འཆིང་བ་མེད་པའི་ནི་མ་ཡིན་ནོ། །མིར་གྱུར་པ་ཡིན་གྱི། ལྷར་གྱུར་པའི་ནི་མ་ཡིན་ཏེ། དེ་ལྟར་དེ་ནི་གང་ཟག་གི་རབ་ཏུ་དབྱེ་བས་ཡིན་ནོ། །བསླབ་པའི་ཕན་ཡོན་ལ་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་དམ་པ་དང་རྣམ་པར་གྲོལ་བའི་སྙིང་པོ་དང་དྲན་པའི་དབང་ལ་ཡང་རབ་ཏུ་དབྱེ་བ་རྣམ་པ་ལྔ་པོ་དག་ཅི་རིགས་པ་རིག་པར་བྱའོ། །དེ་ལ་ཕན་ཡོན་དང༌། ཡོན་ཏན་དང༌། མཐོ་བ་དང༌། ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཕན་ཡོན་བཅུ་ཡང་དག་པར་གཟིགས་ནས་ཞེས་ཇི་སྐད་གསུངས་པ་ལ་ཆོས་འདི་ནི་ལུས་ལ་ཕན་འདོགས་པར་བྱེད་པ་དང་བསྟོད་པར་འོས་བས་ན་ཕན་ཡོན་ཡིན་ནོ། །ཡང་མཐུན་པར་སྐྱེས་པའི་སེམས་ཅན་རྣམས་འདིའི་རྗེས་སུ་འགྲོ་བར་འགྱུར་བས་ཕན་ཡོན་ནོ། །ཡང་ལེགས་སུ་སྨོན་པར་བྱ་བའི་རྗེས་སུ་འགྲོ་བའི་ཕྱིར་ཡང་ཕན་ཡོན་ནོ། །རྣམ་པར་དབྱེ་བ་ནི་རྣམ་པ་བཅུར་དབྱེ་བས་རིག་པར་བྱ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང༌། དགེ་འདུན་ལེགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དགེ་སློང་རྣམས་དང༌། དགེ་སློང་རྣམས་དང༌། རབ་ཏུ་བྱུང་བ་རྣམས་དང༌། ཁྱིམ་མེད་པ་རྣམས་ཞེས་བྱ་བ་ནི་རྣམ་གྲངས་སོ། དེའི་ཁ་དོག་དང་དབྱིབས་དང་བྲལ་བའི་ཕྱིར་དང༌། བདག་ཉིད་ངན་སོང་ལས་སྲུང་ཞིང་མ་སྨས་པར་ཡོངས་སུ་སྐྱོང་བར་བྱེད་པའི་ཕྱིར་དགེ་སློང་ངོ༌། །དེ་ལ་རྣམ་པར་རབ་ཏུ་དབྱེ་བ་ནི་རྒྱལ་རིགས་ལ་སོགས་པའི་དབྱེ་བ་དང༌། རིགས་མཐོན་པོ་དང༌། དམའ་


DTG132_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབྱེ་བ་དང༌། གསར་བུ་དང༌། བར་མ་དང༌། གནས་བརྟན་གྱི་དབྱེ་བས་རིག་པར་བྱའོ། །གནས་པར་གྱིས་ཤིག་ཅེས་བྱ་བ་དང༌། དུས་ཡོལ་བར་གྱིས་ཤིག་ཅེས་བྱ་བ་དང༌། སྒོམས་ཤིག་ཅེས་བྱ་བ་དང༌། གོམས་པར་གྱིས་ཤིག་ཅེས་བྱ་བ་ནི་རྣམ་གྲངས་སོ། །དེའི་ལུས་ནི་བསླབ་པ་ལེགས་པར་བཤད་པ་ལས་གུད་ན་མེད་དོ། །ངེས་པའི་ཚིག་ནི་སྤྱོད་ལམ་སྣ་ཚོགས་ཀྱི་དུས་ཡོལ་བར་གནས་སོ། །དེ་ལ་རྣམ་པ་རབ་ཏུ་དབྱེ་བ་ནི་སྤྱོད་ལམ་གྱི་དབྱེ་བ་དང༌། སྔ་དྲོད་དང་གུང་ཚིགས་དང་ཕྱི་དྲོ་དང༌། མཚན་མོ་གནས་པས་དབྱེ་བས་བལྟ་བར་བྱའོ། །དེ་ལ་ཤེས་རབ་དང༌། ཡེ་ཤེས་དང༌། མཐོང་བ་དང༌། སྣང་བ་དང༌། མངོན་པར་རྟོགས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་ཡང་རབ་ཏུ་དབྱེ་བའི་མཚན་ཉིད་སེམས་ལས་བྱུང་བའི་ཆོས་ཡིན་ནོ། །ངེས་པའི་ཚིག་ནི་རབ་ཏུ་འབྱེད་པའི་བདག་ཉིད་ཡིན་པའི་ཕྱིར་དང༌། མི་ཤེས་པའི་གཉེན་པོ་ཡིན་པའི་ཕྱིར་ཤེས་རབ་པོ། །ཡང་རྣམ་པ་ལས་ཤེས་པས་ན་ཤེས་རབ་ཡིན་ནོ། །ཡང་མཁས་པ་རྣམས་ཀྱི་མཁས་པ་ནི་ངེས་པར་རབ་ཏུ་ཕྱེ་བའི་ཕྱིར་ཤེས་རབ་པོ། །དེ་ལ་རབ་ཏུ་དབྱེ་བ་ནི་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལ་རྣམ་པར་གྲོལ་བ་དང་སྤངས་པ་དང་མི་ལྡན་པ་དང་རྣམ་པར་དག་པ་དང་ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་སོ། །དེ་ལ་ངོ་བོ་ཉིད་ནི་གནས་ངན་ལེན་ཡང་དག་པར་བཅོམ་པ་དང་ཉོན་མོངས་པ་སྤངས་པ་ཡིན་ནོ། །ངེས་པའི་ཚིག་ནི་འདོད་ཆགས་ལ་སོགས་པའི་འཆིང་བ་རྣམ་པ་སྣ་ཚོགས་ལས་གྲོལ་བའི་ཕྱིར་རྣམ་པར་གྲོལ་བའོ། །ཡང་བཅོམ་ལྡན་འདས་ཀྱི་ཐུབ་པ་རྣམ་པ་གཉིས་ཀྱི་དངོས་པོའི་ཕྱིར་གསུངས་པས་རྣམ་པར་གྲོལ་བའོ། །དེ་ལ་རབ་ཏུ་དབྱེ་བ་ནི་དུས་དང་སྦྱོར་བ་དང༌། མི་གཡོ་བ་དང༌། མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བ་དང༌། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་དང༌། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ལས་རྣམ་པར་གྲོལ་བ་དང༌། དེ་ལྟར་དེ་ལྟ་བུ་དང་མཐུན་པ་སྔ་མ་ལྟ་བུ་དག་ནི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་དྲན་པ་དང་སེམས་ཀྱིས་མི་བརྗེད་པ་དང་མངོན་པར་བརྗོད་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་ལ་ངོ་བོ་ཉིད་ནི་སེམས་ལས་བྱུང་བའི་ཆོས་ཡིན་ནོ། །ངེས་པའི་ཚིག་ནི་ཆོས་རྗེས་སུ་དྲན་པའི་ཕྱིར་དྲན་པའོ། །ཡང་


DTG132_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འདྲིས་པའི་ངོས་པོ་ཡིད་ལ་བྱེད་པ་འདིས་མངོན་པར་རྗོད་པར་བྱེད་པའི་ཕྱིར་དྲན་པའོ། །དྲན་པའི་རབ་ཏུ་དབྱེ་བ་ནི་སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པ་ལ་སོགས་བ་རྗེས་སུ་དྲན་པ་དྲུག་པོ་དག་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པའི་དབྱེ་བས་ཀྱང་རབ་ཏུ་དབྱེ་བར་རིག་པར་བྱའོ། །རྒྱས་པར་ནི་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལ་བསླབ་པའི་ཕན་ཡོན་ཞེས་བྱ་བའི་དོན་གང་ཡིན་ཞེས་རྒོལ་ན་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོན་ཏན་དུ་བལྟ་ཞིང་གནས་པར་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ནོ། །ཤེས་རབ་དམ་པ་ཞེས་བྱ་བའི་དོན་གང་ཡིན་ཞེ་ན། དེ་ནི་དེ་ལས་གཞན་པའི་དབང་པོ་ཐམས་ཅད་པས་ཤེས་རབ་ཀྱི་དབང་པོ་མཆོག་ཉིད་དུ་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ནོ། །རྣམ་པར་གྲོལ་བའི་སྙིང་པོ་ཞེས་བྱ་བའི་དོན་གང་ཞེ་ན། དེ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ནོ། །དྲན་པའི་དབང་པོ་ཞེས་བྱ་བའི་དོན་གང་ཞེ་ན། དེ་ནི་ཆུང་དུ་དང་ངན་ངོན་ཙམ་གྱིས་ཆོག་མི་ཤེས་པར་ཡོངས་སྟོན་པའི་ཚིག་བླ་དགས་ཡིན་ནོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དག་ཏུ་བསླབ་པ་གསུམ་གོ་རིམས་བཞིན་དུ་བསྟན་ན། འདིར་ཅིའི་ཕྱིར་ལྷག་པའི་སེམས་ཀྱི་བསླབ་པའི་ཕན་ཡོན་མ་གསུངས་པར་ལྷག་པའི་ཚུལ་ཁྲིམས་ཀྱི་མཇུག་ཐོགས་སུ་ལྷག་པའི་ཤེས་རབ་བསྟན་ཅེ་ན། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་ཀྱི་ཡོངས་སུ་བསྡུས་པ་བསྟན་པ་འདི་ཉིད་ཀྱིས་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་ཡོངས་བསྟན་པས་ལྷག་པའི་སེམས་ཀྱི་བསླབ་པ་ཡང་ཡོངས་སུ་བསྟན་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་དབང་པོ་ལྔ་པོ་འདི་དག་གི་ནང་ནས་སྡུད་པར་བྱེད་པ་ནི་འདི་ཡིན། །འདུས་པར་བྱེད་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་དབང་པོའོ། །ཤེས་རབ་ཀྱི་དབང་པོ་དང་ལྡན་པའི་དགེ་སློང་ནི་ཏིང་ངེ་འཛིན་གྱི་དབང་པོའི་བར་དུ་སྒོམ་པར་བྱེད་དེ། དེ་ལྟར་ན་དེ་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་དབང་པོས་ཏིང་ངེ་འཛིན་གྱི་དབང་པོའི་བར་དང་ཡང་ལྡན་པར་འགྱུར་རོ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་བས་


DTG132_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ན་མདོ་སྡེ་དེར་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་འདྲེན་པའི་རྒྱུ་གང་ཡིན་པ་དང་ཉོན་མོངས་པ་སྤོང་བ་འདྲེན་པའི་རྒྱུ་གང་ཡིན་པ་དེ་ཡོངས་སུ་བསྟན་ཏོ། །ལྷག་པའི་སེམས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཁོ་ན་དང་ལྷན་ཅིག་བསྟན་པ་ཡིན་ནོ། །གང་གི་ཚེ་བསླབ་པ་གསུམ་གྱི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་ན། ཅིའི་ཕྱིར་ལྷག་པའི་སེམས་ཀྱི་བསླབ་པའི་བསྒོམ་པ་མ་བསྟན་ཅེ་ན། འདིར་ཡང་ཚུལ་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །ཅིའི་ཕྱིར་བསླབ་པའི་ཕན་ཡོན་ལ་གནས་པར་གྱིས་ཤིག་ཅེས་གསུངས་ལ་ཤེས་རབ་ཀྱི་ཕན་ཡོན་ལ་གནས་པར་གྱིས་ཤིག་ཅེས་ཀྱང་མ་གསུངས་རྣམ་པར་གྲོལ་བའི་ཕན་ཡོན་ལ་གནས་པར་གྱིས་ཤིག་ཅེས་ཀྱང་མ་གསུངས་ཤེ་ན། དམན་པ་ལ་ཕན་ཡོན་སྨོས་པས་གདུལ་བ་རྣམས་གྱ་ནོམ་པ་ལ་ཡང་ཕན་ཡོན་འཛིན་དུ་བཅུག་པར་འགྱུར་པ་དང༌། ཕན་ཡོན་བཅུ་པོ་དགེ་འདུན་བསྡུ་བའི་ཕྱིར་དང༌། དགེ་འདུན་ལེགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསལ་བར་ཡོངས་སུ་བསྟན་པ་ཕན་ཡོན་དེ་དག་ལ་འཇུག་པར་བསླབ་པའི་ཕྱིར་རོ། །གང་གི་ཚེ་རྣམ་པར་གྲོལ་བ་ནི་ཐམས་ཅད་པས་བླ་ན་མེད་པའི་ཆོས་ཡིན་ནོ། ཅིའི་ཕྱིར་ཤེས་རབ་དམ་པ་ལ་གནས་པར་གྱིས་ཤིག་ཅེས་གསུངས་ལ་རྣམ་པར་གྲོལ་བ་དམ་པ་ལ་གནས་པར་གྱིས་ཤིག་ཅེས་མ་གསུངས་ཤེ་ན། དམན་པ་ལ་དམ་པ་སྨོས་པས་གདུལ་བ་རྣམས་གྱ་ནོམ་པ་ལ་ཡང་འཛིན་དུ་བཅུག་པར་འགྱུར་པ་དང༌། རྣམ་པར་གྲོལ་བའི་ཁྱད་པར་ཐུན་མོང་མ་ཡིན་པ་དེ་ཡང་ཡོངས་སུ་བསྟན་པར་འགྱུར་བའི་ཕྱིར་རོ། །འདིར་ཁྱད་པར་གང་ཡིན་ཞེ་ན། བླ་ན་མེད་པའི་ཤེས་རབ་མི་རྟག་པ་གང་ཡིན་པ་དེ་བས་རྣམ་པར་གྲོལ་བ་ནི་རྟག་པས་སྙིང་པོ་ཉིད་ཡིན་པའོ། །དེ་ལ་བསླབ་པའི་ཕན་ཡོན་ལ་གནས་པ་གང་ཞེ་ན། བསླབ་པའི་གཞི་ཇི་ལྟར་བཅས་པ་དག་ལ་ཕན་ཡོན་བཅུ་ཡང་དག་པར་མཐོང་པའི་ངེས་པའི་ཚུལ་ཁྲིམས་ཉིད་དང༌། བསྟན་པའི་ཚུལ་ཁྲིམས་ཉིད་དང༌། རྟག་ཏུ་བྱེད་པ་ཉིད་དང༌། རྟག་ཏུ་འཇུག་པ་ཉིད་གང་ཡིན་པ་དེ་ནི་བསླབ་པའི་ཕན་ཡོན་ལ་གནས་པ་ཡིན་ནོ། །དེ་ལ་དགེ་འདུན་བསྡུ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་གང་ཞེ་ན། དགེ་འདུན་བསྡུ་བའི་ཕྱིར་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་ཡིན་ནོ། །དགེ་འདུན་ལེགས་པར་


DTG132_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་ཞེས་བྱ་བ་ནི་འདོད་པའི་བསོད་ནམས་ཀྱིས་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤང་བའི་ཕྱིར་རོ། །དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ངལ་བའི་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤང་བའི་ཕྱིར་རོ། །མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མ་ཞུགས་པ་རྣམས་ཞུགས་པའི་ཕྱིར་རོ། །མངོན་པར་དད་པ་རྣམས་ཕྱིར་ཞིང་དད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །གནོད་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་རྣམས་ལ་ནན་ཏུར་དུ་བྱ་བའི་ཕྱིར་རོ། །ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་རྣམས་འགྱོད་པ་མེད་པར་བྱ་བའི་ཕྱིར་རོ། །ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རོ། །ཚེ་རབས་ཕྱི་མའི་ཟག་པ་རྣམས་གཞོམ་པའི་ཕྱིར་ཞེས་བྱ་བ་ནི་སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པ་གསལ་བར་བྱ་བའི་ཕྱིར་དང༌། ཉོན་མོངས་པའི་བག་ལ་ཉལ་སྤང་བ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རོ། །ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ་ལྷ་དང་མི་རྣམས་ཀྱི་བར་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་བསྟན་པའི་རྒྱུན་མི་འཆད་པར་བྱ་བའི་ཕྱིར་རོ། །ཕན་ཡོན་བཅུ་པོ་དེ་དག་གིས་མདོར་བསྡུ་ན་ཕན་ཡོན་གསུམ་བསྡུས་པ་ཡིན་ལ་གསུམ་གྱིས་ཀྱང་བཅུ་བསྡུས་པ་ཡིན་ཏེ། དགེ་འདུན་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་གནས་པ་ཉིད་དང༌། བདེ་བ་ལ་རེག་པར་གནས་པ་ཉིད་དང༌། དུས་ཡུན་རིང་དུ་རྗེས་སུ་འཇུག་པ་ཉིད་དོ། །དེ་ལ་རྗེས་སུ་སྲུང་བ་རྣམ་པ་བདུན་གྱིས་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་གནས་པ་ཉིད་དང༌། བདེ་བ་ལ་རེག་པར་གནས་པ་ཉིད་ཡོངས་སུ་བསྟན་ཏེ། རྙེད་པ་དང་བཀུར་སྟི་རྗེས་སུ་སྲུང་བ་དང༌། དཀའ་ཐུབ་དྲག་པོས་གདུང་བ་རྗེས་སུ་སྲུང་བ་དང༌། ཡོ་བྱད་ཀྱིས་ཕོངས་པ་རྗེས་སུ་སྲུང་བ་དང༌། ཕན་ཚུན་གནོད་པ་རྗེས་སུ་སྲུང་བ་དང༌། སེམས་ལ་འགྱོད་པ་རྗེས་སུ་སྲུང་བ་དང༌། ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྗེས་སྲུང་བ་དང༌། ལོག་


DTG132_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨོན་པ་རྗེས་སུ་སྲུང་བས་སོ། །ཚིག་ཐ་མས་ནི་བསྟན་པ་ཡུན་རིང་དུ་འཇུག་པ་ཉིད་ཡོངས་སུ་བསྟན་ཏོ། །དེ་ལ་ཇི་ལྟར་ན་ངེས་པའི་ཚུལ་ཁྲིམས་ཅན་ཡིན་ཞེ་ན། བསླབ་པའི་གཞི་མི་འབུལ་བའི་ཕྱིར་རོ། །ཇི་ལྟར་ན་བརྟན་པའི་ཚུལ་ཁྲིམས་ཅན་ཡིན་ཞེ་ན། བསླབ་པའི་གཞི་ཉམས་པར་མི་བྱེད་པའི་ཕྱིར་རོ། །ཇི་ལྟར་ན་རྟག་ཏུ་བྱེད་པ་ཡིན་ཞེ་ན། བསླབ་པའི་གཞི་འདྲལ་བར་མི་བྱེད་པའི་ཕྱིར་རོ། །ཇི་ལྟར་ན་རྟག་ཏུ་འཇུག་པ་ཡིན་ཞེ་ན། རལ་ན་ཡང་ཕྱིར་གསོ་བར་བྱེད་པའི་ཕྱིར་རོ། །ཇི་ལྟར་ན་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པ་ཡིན་ཞེ་ན། བསླབ་པ་མཐའ་དག་རྗེས་སུ་སྲུང་བའི་ཕྱིར་རོ། །དེ་ལྟར་ངེས་པའི་ཚུལ་ཁྲིམས་ཅན་དང༌། བརྟན་པའི་ཚུལ་ཁྲིམས་ཅན་དེ་ཆོས་ཐོས་ནས་གཅིག་པུ་དབེན་པར་སོང་སྟེ་འདི་ལྟ་སྟེ། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལས་བརྩམས་ནས་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་ཅིང༌། དེ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ལ་བརྟན་ནས་རྣམ་པར་གྲོལ་བ་ལ་རེག་པར་བྱེད་དེ། རྣམ་པར་གྲོལ་བ་དེ་ཡང་ཡོངས་སུ་མི་མཉམ་པའི་ཆོས་ཉིད་ཡིན་པའི་ཕྱིར་སྙིང་པོ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཤེས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །རྣལ་འབྱོར་པ་ད་དྲན་པའི་སྟོབས་ཀྱིས་བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་སམ་འོན་ཏེ་མ་རྫོགས། བདག་གི་ཤེས་རབ་ཀྱི་ཆོས་འདི་དག་ཤིན་ཏུ་ལེགས་པར་རྟོགས་སམ་འོན་ཏེ་མ་རྟོགས། བདག་གི་རྣམ་པར་གྲོལ་བས་ཤིན་ཏུ་ལེགས་པར་རེག་གམ་འོན་ཏེ་མ་རེག་ཅེས་དེ་ལྟར་དྲན་པའི་སྟོབས་སྐྱེད་པ་ཉིད་ལ་བརྟེན་ནས་བསླབ་པའི་ཕན་ཡོན་དང༌། ཤེས་རབ་དམ་པ་དང་རྣམ་པར་གྲོལ་བའི་སྙིང་པོར་འགྱུར་བས་དེའི་ཕྱིར་དྲན་པའི་དབང་པོ་ཡིན་ནོ། །དྲན་པ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། ཆོས་བསྟན་པ་ལ་བརྟེན་པ་དང༌། གདམས་ངག་ལ་བརྟེན་པ་དང༌། བྱས་པ་དང་མ་བྱས་པ་ལ་སོ་སོར་རྟོག་པ་ལ་བརྟེན་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ནི་དགེ་བསྙེན་གྱི་ཚུལ་ཁྲིམས་དང༌། དགེ་སློང་གི་ཚུལ་ཁྲིམས་དང༌། བསྙེན་གནས་པའི་ཚུལ་ཁྲིམས་དང༌། བསམ་གཏན་གྱི་ཚུལ་ཁྲིམས་དང༌། སྙོམས་པར་འཇུག་པའི་ཚུལ་ཁྲིམས་དང༌། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་སོགས་པ་


DTG132_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་དུ་མ་གསུངས་ན། དེ་ལ་འདིར་ཚུལ་ཁྲིམས་གང་ལས་བརྩམས་ནས་བསླབ་པའི་ཕན་ཡོན་ལ་གནས་པར་གྱིས་ཤིག་ཅེས་གསུངས་ཤེ་ན། གཙོ་ཆེར་དགེ་སློང་གི་ཚུལ་ཁྲིམས་ལས་སོ། །བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱང་འདི་ལྟ་སྟེ། ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བ་ལ་སོགས་པ་རྣམ་པ་དུ་མ་གསུངས་ན། དེ་ལ་འདིར་ཤེས་རབ་གང་ལས་བརྩམས་ནས་ཤེས་རབ་དམ་པ་ལ་གནས་པར་གྱིས་ཤིག་ཅེས་གསུངས་ཤེ་ན། རྣམ་པ་གསུམ་ཆར་ལས་སོ། །བཅོམ་ལྡན་འདས་ཀྱིས་རྣམ་པར་གྲོལ་བ་ཡང་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། སློབ་པ་དང་མི་སློབ་པ་དང་གཡོ་བ་དང་མི་གཡོ་བའི་རྣམ་པར་གྲོལ་བ་ལ་སོགས་པ་རྣམ་པ་དུ་མ་གསུངས་ན། དེ་ལ་འདིར་རྣམ་པར་གྲོལ་བ་གང་ལས་བརྩམས་ནས་རྣམ་པར་གྲོལ་བའི་སྙིང་པོ་ལ་གནས་པར་གྱིས་ཤིག་ཅེས་གསུངས་ཤེ་ན། འཇིག་རྟེན་ལས་འདས་པ་དང་མི་གཡོ་བ་ལས་སོ། །བཅོམ་ལྡན་འདས་ཀྱིས་དྲན་པ་ཡང་ལུས་དྲན་པ་ཉེ་བར་གཞག་པ་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་དྲན་པ་ཉེ་བར་གཞག་པ་དང༌། བྱས་ནས་ཡུན་རིང་དུ་ལོན་པ་དང༌། སྨྲས་ནས་ཡུན་རིང་དུ་ལོན་པ་རྗེས་སུ་དྲན་པ་དང༌། དེ་བཞིན་དུ་ཆོས་བསྟན་པ་རྣམས་དྲན་པ་དང་གདམས་ངག་རྗེས་སུ་དྲན་པ་དང༌། བྱས་པ་དང་མ་བྱས་པ་རྗེས་སུ་དྲན་པ་དང༌། སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་དྲན་པ་རྣམ་པ་དུ་མ་གསུངས་ན། དེ་ལ་འདིར་དྲན་པ་གང་ལས་བརྩམས་ནས་དྲན་པའི་དབང་ཞེས་གསུངས་ཤེ་ན། གཙོ་ཆེར་བྱས་པ་དང་མ་བྱས་པ་ལ་སོ་སོར་རྟོགས་པ་རྗེས་སུ་དྲན་པ་ལས་སོ། །དེ་ལ་མཚམས་སྦྱར་བ་ནི་འདི་ན་དགེ་སློང་ཚུལ་ཁྲིམས་ལ་བརྟེན་ནས་ཐོས་པ་འཛིན་པར་བྱེད་ཅིང་དེ་ཡང་ཚུལ་ཁྲིམས་བཞིན་དུ་ཡིད་ལ་བྱེད་དོ། །ཚུལ་ཁྲིམས་དང་ལྡན་པ་དེ་ལ་ནི་འགྱོད་པ་མེད་པར་འགྱུར་ཏེ། འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཐབས་ཀྱིས་ཡོངས་སུ་བསྡུས་པའི་ཤེས་རབ་ཀྱིས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་ཏིང་ངེ་འཛིན་སྐྱེ་བར་འགྱུར་ཏེ་དེ་ལྟར་དེ་དག་ནི་ལྷག་པའི་སེམས་ཡོངས་སུ་འགྲུབ་པ་ཡིན་ནོ། །ཡོངས་སུ་རྫོགས་པའི་མཚམས་སྦྱར་བ་ནི་འདི་ཡིན་ཏེ། གོང་ནས་གོང་དུ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་བསླབ་པའི་ཕན་ཡོན་ནི་ཤེས་རབ་དམ་པའི་ཕྱིར་ཡིན་ལ་ཤེས་


DTG132_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དམ་པ་ནི་རྣམ་པར་གྲོལ་བའི་སྙིང་པོའི་ཕྱིར་ཡིན་པའོ། །ཇི་ལྟར་བསླབ་པའི་ཕན་ཡོན་ཡིན་པ་ནས་རྣམ་པར་གྲོལ་བའི་སྙིང་པོའི་བར་དུ་ཡིན་ཞེ་ན། སྨྲས་པ། དྲན་པའི་དབང་གིས་སོ་ཞེས་བྱ་བ་དེ་ནི་བསྒྲུབ་པའི་མཚམས་སྦྱར་བ་ཡིན་ནོ། །དེ་ལྟར་གནས་པའི་བསླབ་པ་གསུམ་པོ་དེ་དག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་དེ་ཡང་བསྒྲུབ་པའི་མཚམས་སྦྱར་བ་ཡིན་ནོ། །ཉན་ཐོས་རྣམས་ལ་བྱ་བ་དང་བྱ་བ་མ་ཡིན་པའི་བསྒྲུབ་པ་རྗེས་སུ་སྟོན་པར་མཛད་པར་སྟོན་པའོ། །ཡང་སྐྱེ་བོ་མང་པོའི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བའི་ཕྱིར་སྟོན་པར་མཛད་པས་སྟོན་པའོ། །ཡང་མུ་སྟེགས་ཅན་རོ་དང་འདྲ་བར་ནུབ་པར་བྱ་བའི་ཕྱིར་འདི་ཤར་བས་སྟོན་པའོ། །དེ་ལས་གཞན་ལས་ཉན་ཅིང་རྗེས་སུ་སྒྲོགས་པར་བྱེད་པས་ཉན་ཐོས་རྣམས་སོ། །ཅིའི་ཕྱིར་ཉན་ཐོས་རྣམས་ཁོ་ན་ལས་བརྩམས་ཤེ་ན། འདི་ལྟར་ཉན་ཐོས་རྣམས་ནི་བཅོམ་ལྡན་འདས་ཀྱི་སྲས་སུ་གྱུར་པ་ཡིན་པས་བསླབ་པ་རྣམས་ལས་བརྩམས་ནས་སོ། །དེ་ལ་ཆོས་ནི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཞེས་བྱ་བ་ཡིན་པར་བལྟ་བར་བྱའོ། །དེ་ལ་བསླབ་པའི་གཞི་ནི་འདི་ལྟ་སྟེ་ལྟུང་བ་སྡེ་ལྔ་བསྟན་པ་ཡིན་ནོ། །དེ་ལ་རྗེས་སུ་ཐུགས་བརྩེ་བ་ནི་ཡུན་རིང་པོ་ནས་སེམས་ཅན་རྣམས་ལ་བྱམས་པ་ལ་སོགས་པ་ཚད་མེད་པས་གནས་པའི་ཕྱིར་རོ། །ཐུགས་རྗེ་དང་ལྡན་པ་ནི་སྡུག་བསྔལ་གྱི་ཆོས་མང་པོ་རྣམས་སེ་ལ་བར་མཛད་པའི་ཕྱིར་རོ། །དོན་དུ་བཞེད་པ་ནི་བདེ་བའི་ཆོས་མང་པོ་སྒྲུབ་པའི་ཕྱིར་རོ། །ཕན་པར་བཞེད་པ་ནི་དགེ་བའི་ཆོས་རྣམ་པ་དུ་མ་ཉེ་བར་སྒྲུབ་པའི་ཕྱིར་རོ། །ཐུགས་རྗེ་བར་མཛད་པ་ནི་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སེལ་བར་མཛད་པའི་ཕྱིར་རོ། །དེ་ལ་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པའི་རིགས་དང་རུས་རྣམས་ཀྱི་ཕྱིར་རོ། །ཡངས་པར་གྱུར་པ་ཞེས་བྱ་བ་ནི་སེམས་ཅན་གྱི་རིགས་དེ་དག་ཉིད་གོང་དུ་འཕེལ་བར་འགྱུར་བ་ལས་བརྩམས་ནས་སོ། །ལྷ་དང་མི་རྣམས་ཀྱི་བར་ལ་ཞེས་བྱ་བ་ནི་དེ་དག་ཉིད་ལ་མཐུ་ཡོད་པའི་ཕྱིར་ཡིན་གྱི་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཉི་ཚེ་བར་འགྱུར་བ་ནི་མ་ཡིན་ནོ། །ཡང་དག་པར་རབ་ཏུ་བསྟན་པ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང༌། ཇི་སྙེད་ཡོད་པ་ཉིད་ཀྱིས་སོ། །དེ་ལ་ཆོས་སྟོན་ཞེས་བྱ་བ་ནི་གསུང་རབ་ཏུ་གཏོགས་པ་ཡན་


DTG132_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བཅུ་གཉིས་སོ། །བཟུང་ཞིང་ཀུན་ཆུབ་པར་བྱས་ནས་བཅང་བར་བྱ། མན་ངག་ཏུ་བྱ་ཞེས་བྱ་བ་ནི་ཚིག་དང་དབེན་པར་སོང་ནས་སོ། །ངེས་པར་བརྟག་པར་བྱ་ཞེས་བྱ་བ་ནི་ཆོས་སོ། །འདི་ནི་ཁྱེད་ལ་ཕན་པའི་ཕྱིར་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་གང་ཡིན་པའོ། །འདི་ནི་བདེ་བའི་ཕྱིར་ཞེས་བྱ་བ་ནི་མྱ་ངན་དང་མི་དགའ་བ་རང་ལ་རག་ལུས་པའི་སྤྱོད་པའོ། །འདི་ནི་ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་སྤྱོད་པའོ། །དེ་ཡང་དགེ་བའི་ཕྱིར་ནི་ཕན་པ་ཡིན་ལ་ཕན་འདོགས་ཕྱིར་ནི་བདེ་བ་ཡིན་ནོ། །ཡང་འདི་ནི་ཕན་པའི་ཕྱིར་ཞེས་བྱ་བ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་སྦྱངས་པའི་ཡོན་ཏན་རྣམས་བསྔགས་པའོ། །འདི་ནི་བདེ་བའི་ཕྱིར་ཞེས་བྱ་བ་ནི་གང་དུ་རོ་བརྒྱ་དང་ལྡན་པའི་ཟས་དང་གོས་འབུམ་རི་བ་རྗེས་སུ་གནང་བར་མཛད་པའོ། །འདི་ནི་ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བ་ནི་གང་ལ་བསླབ་པ་གསུམ་བཅས་པའོ། །དེ་བཞིན་གཤེགས་པས་དེ་དང་དེར་ཆོས་དེ་དག་ཤེས་རབ་ཀྱིས་ལེགས་པར་རྟོགས་པ་ཡིན་ཞེས་བྱ་བ་ནི་ཕན་པའི་ཕྱིར་དང་བདེ་བའི་ཕྱིར་གང་དག་ཡིན་པ་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་ནས་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་གང་ཡིན་པའོ། །དེས་རྒྱུ་གཉིས་ཀྱིས་ན་ལེགས་པར་རྟོགས་པ་ཡིན་ཏེ། ཡུན་རིང་པོ་ནས་གོམས་པ་དང་ཕྱིན་ཅི་མ་ལོག་པར་རྟོགས་པས་སོ། །དེ་དང་དེར་རྣམ་པར་གྲོལ་བས་ཤིན་ཏུ་ལེགས་པར་རེག་ཅེས་བྱ་བ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལས་བརྩམས་ནས་སོ། །དེ་ལ་རྒྱུ་གཉིས་ཀྱིས་ནི་ཤིན་ཏུ་ལེགས་པར་རེག་པ་ཡིན་ཏེ། མཐར་ཐུག་པར་འགྲོ་བ་དང༌། ཕྱིར་མི་ལྡོག་པའི་ཆོས་ཉིད་ཀྱིས་ཡོངས་སུ་མི་ཉམས་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་ཞེས་བྱ་བ་ནི་ཚུལ་ཁྲིམས་དེ་ཉིད་ལ་ཕྱོགས་གཅིག་བྱེད་པའི་ཕྱིར་རམ། དེས་ཚུལ་ཁྲིམས་ལ་བརྟེན་ནས་མཉམ་པར་གཞག་པའི་ས་པའི་ཚུལ་ཁྲིམས་དག་ཡོངས་སུ་རྫོགས་པར་མ་གྱུར་པའོ། །བདག་གིས་ཆོས་འདི་དག་ཤིན་ཏུ་ལེགས་པར་མ་རྟོགས་ཞེས་བྱ་བ་ནི་མཚན་ཉིད་རྣམ་པ་གཉིས་ཀྱིས་ཏེ་སྔ་མ་བཞིན་ནོ། །ཤིན་ཏུ་ལེགས་པར་མ་རེག་ཅེས་བྱ་བ་ནི་རྣམ་པ་གཉིས་


DTG132_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཏེ་སྔ་མ་བཞིན་ནོ། །དེ་ལྟར་ན་ངས་སྨྲས་པ་གང་ཡིན་པ་དེ་སོ་སོར་བཤད་པ་ཡིན་ནོ་ཞེས་གང་གསུངས་པ་ནི་དེ་ལྟར་མདོར་བསྟན་པ་རྣམ་པར་དབྱེ་བའི་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་མདོ་སྡེ་རྣམ་པར་བཤད་པ་ནི་རྣམ་པ་དྲུག་པོ་འདི་དག་གིས་སྦྱར་བར་བྱ་སྟེ། དངོས་པོ་ཡོངས་སུ་ཤེས་པ་དང༌། ཉེས་པར་སྤྱད་པ་དང༌། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་སྤང་བ་དང༌། ལེགས་པར་སྤྱད་པ་ཡང་དག་པར་བླང་བ་དང༌། ནད་ལ་སོགས་པའི་རྣམ་པ་དག་གིས་ཤེས་པ་དང༌། ཡོངས་སུ་ཤེས་པ་རབ་ཏུ་རྟོགས་པ་དང༌། དེའི་འབྲས་བུ་དང༌། བདག་ཉིད་དང༌། གཞན་དག་གིས་དེའི་འབྲས་བུ་རྟོགས་པ་སྟེ། དེ་ལྟར་རྣམ་པ་དེ་དག་དང༌། སྔར་ཇི་ལྟར་རྣམ་པ་གཞག་པ་དག་གིས་མདོ་སྡེ་རྣམ་པར་བཤད་པ་སྦྱར་བར་བྱའོ། །དེ་ལ་དངོས་པོ་ནི་འདི་ལྟ་སྟེ། ཕུང་པོ་རྣམས་དང༌། ཁམས་རྣམས་དང༌། སྐྱེ་མཆེད་རྣམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། དྲན་པ་ཉེ་བར་གཞག་པ་རྣམས་དང། །ཡང་དག་པར་སྤོང་བ་རྣམས་དང༌། དེ་ལ་སོགས་པའོ། །དེའི་འབྲས་བུ་ནི་འདི་ལྟ་སྟེ། སྐྱོ་བ་དང༌། འདོད་ཆགས་དང་བྲལ་བ་དང༌། རྣམ་པར་གྲོལ་བ་དང༌། ཡོངས་སུ་གྲོལ་བའོ། །དེ་ལ་བདག་ཉིད་དང་གཞན་དག་གིས་དེའི་འབྲས་བུ་རྟོགས་པ་ནི་བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ནི་རྣམ་པར་བཤད་པ་བསྡུ་བ་ཞེས་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་བཤད་པ་བསྡུ་བ་རྫོགས་ཏེ། རྣལ་འབྱོར་སྤྱོད་པའི་ས་ཐམས་ཅད་རྫོགས་སོ།། །།རྣལ་འབྱོར་སྤྱོད་པའི་ས་འདི་ནི་འཕགས་པ་ཐོགས་མེད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་པ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བྱང་བར་བརྙེས་པ་འཕགས་པ་མི་ཕམ་པའི་ཞབས་ཀྱི་པད་མ་རྙོག་པ་མེད་པའི་ཟེའུའི་འབྲུ་སྤྱི་བོས་ལེན་པར་མཛད་པ་སྟེ། རྣལ་འབྱོར་པ་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་གོ་ཆ་ཆེན་པོ་བགོས་པ་རྣམས་ཀྱིས་དང་དུ་བླང་བར་བྱའོ།། །། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝ་རྨ་དང༌། སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་པ་ཕབ་པ། འདི་ལ་ཤློ་ཀ་ལྔ་བརྒྱ་བདུན་ཅུ་རྩ་ལྔ་ཡོད་དོ་།སྤྱིར་ཤ་ལོ་ཀ་བཞི་ཁྲི་ལྔ་སྟོང་ཡོད་དོ། །བམ་པོ་ནི་བརྒྱ་དང་ལྔ་བཅུ་ཡོད་དོ།། །།


previousརྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་བཤད་པ་བསྡུ་བ། ཐོགས་མེད།next