Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་སོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
ཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།  རཏྣ་ཀཱི་རྟི།
   


 
previousཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། རཏྣ་ཀཱི་རྟི།next

ཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
རཏྣ་ཀཱི་རྟི།


DTG138_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དྷརྨ་བི་ནི་ཤྩ་ཡ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། ཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུ་སྒྲུབ་ལ་སོགས་པས། །སངས་རྒྱས་བསྟན་ལ་གོམས་བྱས་ནས། །ཆོས་དང་ཆོས་མིན་ལོག་རྟོག་པའི། །རབ་འཇོམས་འདི་ལྟར་སྒྲུབ་པའོ། །གང་གིས་དང་པོ་འཁོར་བའི་དཔལ། །ཕྱི་ནས་ཐར་པ་ཐོབ་བྱེད་པ། །དེ་ནི་དམ་པའི་ཆོས་ཡིན་ཏེ། །མདོར་བསྡུས་དད་པ་ཤེས་རབ་ཀྱིས། །འདི་དག་སྒྲུབ་པར་བྱེད་པའོ། །དད་པས་ཆོས་རྣམས་ཀུན་དུ་ཚོལ། །ཤེས་རབ་ཀྱིས་ནི་དེ་ཉིད་རིག །ཤེས་རབ་གཙོ་བོར་གྱུར་པ་སྟེ། །དད་པ་སྔོན་དུ་འགྲོ་བ་ཡིན། །འདུན་དང་ཞེ་སྡང་འཇིགས་


DTG138_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པས། །གང་ཞིག་ཆོས་ལས་མི་འདའ་བ། །དེ་ནི་དང་པར་ཤེས་བྱ་སྟེ། །མཆོག་གི་གོ་འཕང་ཉིད་ཡིན་ནོ། །ལུས་དང་ངག་དང་ཡིད་ཀྱི་ལས། །ཐམས་ཅད་ཡང་དག་བརྟག་བྱ་སྟེ། །བདག་དང་གཞན་ལ་ཕན་གྱུར་པ། །ཤེས་ནས་བརྟག་བྱེད་མཁས་པ་ཡིས། །སྲོག་གཅོད་མ་བྱིན་ལེན་སྤོང་དང༌། །གཞན་གྱི་བུད་མེད་རྣམ་པར་སྤོང༌། །བརྫུན་དང་དབྱེན་དང་ཚིག་རྩུབ་དང༌། །ངག་ཀྱལ་བ་ནི་རྣམ་པར་སྤོང༌། །བརྣབ་སེམས་གནོད་སེམས་ལོག་ལྟ་སྤོང༌། །འདི་རྣམས་དགེ་བའི་ལས་ལམ་བཅུ། །བཟློག་པ་ནག་པོའི་ཕྱོགས་ཉིད་དོ།། ཆང་མི་འཐུང་དང་འཚོ་བ་བཟང༌། །རྣམ་པར་མི་འཚེ་གུས་སྦྱིན་དང༌། །མཆོད་པར་འོས་ལ་མཆོད་པར་བྱེད། །སེམས་ཅན་ཀུན་ལ་བྱམས་སེམས་ཏེ། །མདོར་བསྡུས་འདི་རྣམས་ཆོས་ཡིན་ནོ། །ལུས་གདུང་ཉི་ཚེ་བྱེད་བ་ལ། །དམ་ཆོས་ཡོད་པ་མ་ཡིན་ཏེ། །གང་ཕྱིར་གཞན་འཁུ་ལས་མ་ལོག །གཞན་ལ་ཕན་འདོགས་མེད་ཕྱིར་རོ། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྒྱན་པའི། །ཆོས་ཀྱི་ལམ་ནི་ཆེན་པོ་སྟེ། །གང་གིས་བོར་ཏེ་གཞན་དུ་འགྲོ། །ལམ་ངན་ཕུགས་མའི་ལམ་འགྲོ་བ། །ལུས་ཉོན་མོངས་པ་འཁོར་བར་འགྱུར། །འཁོར་བའི་འབྲོག་དགོན་མི་བཟད་པ། །དཔག་མེད་སྐྱེ་བོའི་ཤིང་གིས་གང༌། །ཉོན་མོངས་སྤྲུལ་གྱིས་ལུས་ལ་འཁྲིལ། །ཤིན་ཏུ་ཡུན་རིང་འཁྱམ་པར་འགྱུར། །སྲོག་གཅོད་པས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་ནད་མང་བའོ། །མ་བྱིན་ལེན་པས་ལོངས་སྤྱོད་མེད། །འདོད་ལོག་སྤྱོད་པས་དགྲ་དང་བཅས། །བརྫུན་དུ་སྨྲ་བས་ཚིག་མི་བཙུན། །དབྱེན་གྱིས་མཛའ་བཤེས་འབྱེ་བར་འགྱུར། །ཚིག་རྩུབ་ཀྱིས་ནི་མི་སྙན་ཐོས། །དག་འཁྱལ་གྱིས་ནི་མ་འབྲེལ་ཚིག །བརྣབ་སེམས་ཀྱིས་ནི་ཡིད་འོང་འཇོམས། །གནོད་སེམས་ཀྱིས་ནི་འཇིགས་པ་སྟེར།། ལོག་པར་ལྟ་བས་ལྟ་ངན་འགྱུར། །ཆང་གི་བཏུང་བས་བློ་གྲོས་འཁྲུལ། །སེར་སྣ་ཕོངས་པར་འགྱུར་བ་ཡིན། །ལོག་པར་འཚོ་བས་བསླུས་པར་འགྱུར། །ང་རྒྱལ་གྱིས་ནི་རིགས་དམན་འགྱུར། །ཕྲག་དོག་གིས་ནི་ཕུན་ཚོགས་སྲབ། །ཁྲོ་བས་ཁ་དོག་ངན་པར་འགྱུར། །


DTG138_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ལ་མ་དྲིས་རྨོངས་པར་འགྱུར། །འབྲས་བུ་འདི་རྣམས་མིར་གྱུར་ལའོ། །ཀུན་གྱི་སྔོན་དུ་ངན་འགྲོར་འགྲོ། །མི་དགེ་འདི་རྣམས་བཤད་པ་ནི། །རྣམ་པར་སྨིན་པར་རབ་ཏུ་གྲགས། །དེ་ཡིས་མི་མཐུན་ཕྱོགས་ཀུན་གྱི། །བསོད་ནམས་འབྲས་བུ་འབྱུང་བ་ཡིན། །ཆགས་དང་ཞེ་སྡང་གཏི་མུག་དང༌། །དེ་ལས་སྐྱེས་པའི་ལས་མི་དགེ། །ཆགས་མེད་ཞེ་སྡང་གཏི་མུག་མེད། །དེ་ལས་སྐྱེས་པའི་ལས་ཀྱང་དགེ། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་ཀྱང༌། །དགེ་བས་བདེ་བ་ཐམས་ཅད་དང༌། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །ཆགས་པས་ཡི་དགས་འགྲོ་བར་འགྱུར། །ཞེ་སྡང་གིས་ནི་དམྱལ་བར་འགྲོ། །གཏི་མུག་གིས་ནི་དུད་འགྲོར་སྐྱེ། །མི་དང་ལྷ་ལས་གོ་བཟློག་པའོ། །སྡིག་པ་ཀུན་ལས་བཟློག་པར་བྱ། །རྟག་ཏུ་དགེ་བ་ཀུན་ལ་འཇུག །ལུས་དང་ངག་དང་ཡིད་དག་གི །ཆོས་ནི་རྣམ་པ་གསུམ་དུ་བརྗོད། །དམྱལ་བ་ཡི་དྭགས་དུད་འགྲོ་ལས། །ཆོས་འདི་ཡིས་ནི་རྣམ་པར་གྲོལ། །མི་དང་ལྷ་དག་ཐོབ་འགྱུར་ཞིང༌། །དགེ་བ་རྒྱལ་སྲིད་རྒྱས་པའང་ཐོབ། །བསམ་གཏན་གཟུགས་མེད་ཚད་མེད་ཀྱིས། །ཚངས་པ་ལ་སོགས་བདེ་བ་ཐོབ། །འདི་རྣམས་མཐོ་རིས་ཆོས་དག་གི །འབྲས་བུ་དག་ཀྱང་མདོར་བསྡུས་པའོ།། །།གཞན་ཡང་ངེས་པར་ལེགས་པའི་ཆོས། །དངོས་པོའི་དེ་ཉིད་རྣམ་པར་ངེས། །དེ་ནི་སེམས་ཅན་བསམ་དབྱེ་བས། །རྣམ་པ་བཞི་རུ་ཡོངས་སུ་གྲགས། །བྱེ་བྲག་ཏུ་སྨྲ་བ་ཡི། །སྣ་ཚོགས་དང་ནི་དེ་ཁོ་ཉིད། །ཕུང་པོ་ལྔ་ཡི་བདག་ཉིད་འདོད། །དེ་དག་ཟད་པར་གྲོལ་བར་བཤད། །ཡང་ན་གང་ཟག་གཅིག་པུ་ངས། །མདོ་སྡེ་པ་ཡི་ལྟ་བའི་གཞུང༌། །དབང་པོ་ལྔ་དང་ཤེས་པ་དགུ། །གཟུགས་དང་སྒྲ་སོགས་རྣམ་པ་ལྔ། །མེ་ལོང་ནང་གི་གདོང་པ་བཞིན། །གློག་གི་གཟུགས་བརྙན་བེམས་པོར་མཐོང༌། །སྐད་ཅིག་མར་གནས་སྣ་ཚོགས་འདོད། །དེ་བཞིན་དེ་ཁོ་ན་ཉིད་ནི། །འཁོར་དང་མྱ་ངན་འདས་ལས་གྲོལ། །ཟག་མེད་ཐམས་ཅད་མཁྱེན་པའོ། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ནི། །ཐམས་ཅད་རྨི་ལམ་ལྟ་བུ་སྟེ། །གང་གང་སྣང་བ་དེ་དེའི་རྣམས། །ཐོག་མ་


DTG138_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་མེད་པ་ནས། །གཟུང་དང་འཛིན་མེད་སེམས་ཀྱི་རྒྱུན། །རྣམ་ཤེས་ཙམ་གྱི་བདག་ཉིད་ནི། །སྣ་ཚོགས་ཞེས་ནི་བཤད་པ་ཡིན། །སྙིང་རྗེས་ཚོགས་གཉིས་ལ་གོམས་བྱས། །རྣམ་པར་གྲོལ་བ་འདི་ལྟ་བུ། །ལོངས་སྤྱོད་རྫོགས་དང་བདེ་བ་ཆེ། །ཡོན་ཏན་དམ་པ་མཐའ་ཡས་སྤྲུལ། །གཟུང་དང་འཛིན་ལས་རྣམ་པར་གྲོལ། །ཇི་སྲིད་དཔལ་གྱི་མཐར་ཐུག་ཐོབ། །སྲིད་དང་མྱ་ངན་འདས་ལས་གྲོལ། །ཡེ་ཤེས་འོད་འཕྲོ་རབ་ཏུ་གསལ། །འཁོར་བའི་སེམས་ཅན་སྡུག་བསྔལ་ལས། །ཡོངས་སུ་སྐྱོབ་པའི་བརྟུལ་ཞུགས་ཆེ། །གཟུང་དང་འཛིན་མེད་རྒྱུ་འབྲས་མེད། །སྣ་ཚོགས་གཉིས་སུ་མེད་པར་རིག །སྒྲོ་བཏགས་ཀུན་ལས་རྣམ་པར་གྲོལ། །དབུ་མའི་གཞུང་ནི་རབ་རྟོགས་པས། །ཀུན་རྫོབ་རྒྱུ་ལ་རབ་བརྟེན་ནས། །ཇི་ལྟར་གསུངས་པའི་འབྲས་བུ་བསྒྲུབ། །གཉིས་མེད་བསྒྲུབ་བྱ་སྐྱོན་མེད་པས། །གཏན་ཚིགས་མེད་པར་དགག་མི་ནུས། །འགྲོ་ཀུན་རང་བཞིན་མེད་པ་སྟེ། །དེ་ཕྱིར་དངོས་པོ་མེད་པ་ཡིན། །གང་དུ་དངོས་པོ་མེད་གྱུར་པ། །དེ་རུ་མེད་པར་ཇི་ལྟར་འགྱུར། །དེ་ཕྱིར་ཀུན་རྫོབ་ཉིད་དུ་འདི། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །དངོས་པོ་མེད་ཅིང་དངོས་མེད་མིན། །སངས་རྒྱས་ཉིད་ནི་རྣམ་གསུམ་འདོད། །ལ་ལ་ཕུང་པོ་ལྔ་བདག་ཉིད། །གཟུགས་ཙམ་ཉིད་ཀྱི་བདག་ཉིད་གཞན། །མ་སྐྱེས་པ་ཡི་བདག་ཉིད་ནི། །དབུ་མ་གཞན་དག་སྨྲ་བ་ཡིན། །ཕུང་པོ་ལྔ་ནི་མེད་པ་ཉིད། །གསལ་བ་རྣམས་མེད་ཉིད་ཀྱང་མིན། །བརྫུན་པའི་རྣམ་པའི་རྣལ་འབྱོར་དང༌། །བདེ་བ་གཅིག་པུའི་རྣམ་པའང་སྤངས། །ཀུན་རྫོབ་ཙམ་དུའང་མེད་པ་སྟེ། །ཕྱོགས་དུས་བདག་དང་དབང་ཕྱུག་བཞིན། །དེ་ཕྱིར་རྣམ་བཅས་རྣམ་ཤེས་ཀྱི། །བདག་ཉིད་ཙམ་གྱི་འགྲོ་གསུམ་སྟེ། །སྣང་ཡང་རིགས་པས་གནོད་པའི་ཕྱིར། །བརྫུན་པ་ཙམ་སྟེ་ཀུན་རྫོབ་བོ། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །གཞན་གྱི་ལུགས་ཀྱི་དབུ་མའོ། །ཕྱོགས་འདི་གཉིས་ཀ་མི་རུང་སྟེ། །གང་དུ་སངས་རྒྱས་ལ་སོགས་པའི། །འགྲོ་བ་རྣམས་ནི་རླག་བྱེད་པ། །དབུ་མའི་ཚིག་ཅན་ཆད་ལྟར་བརྗོད། །དངོས་པོ་བཀག་པས་དངོས་མེད་དེ། །སྣ་


DTG138_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དངོས་པོ་མི་འདོད་པ། །དེ་ཕྱིར་ཁྱོད་ཀྱི་དབུ་མ་ནི། །དངོས་པོ་མེད་པ་ཅི་སྟེ་མིན། །དགག་བྱའི་ཡུལ་དག་མེད་པ་ནས། །འགེགས་པའི་རབ་འབྱོར་མེད་སྨྲ་ན། །དེ་ཉིད་རང་གི་ཚིག་གིས་གསལ། །གཞན་ལའང་ཇི་ལྟར་གོ་བར་བྱ། །མ་བརྟགས་ན་ནི་སྣ་ཚོགས་མཐོང༌། །བརྟགས་ན་མཐོང་བ་མེད་ཟེར་ན། །དངོས་དང་དངོས་མེད་དེ་བཞིན་མིན། །དེ་ཕྱིར་དེ་དག་གཉིས་སྤངས་པ། །སྟོང་ཕྲག་དུ་མར་སྤྱད་ཀྱང་ནི། །གསལ་བ་ཙམ་ནི་བསལ་མི་ནུས། །གལ་ཏེ་དཔྱད་པས་ནུས་མེད་ན། །ཉེ་བར་དགོད་པར་མི་རིགས་སོ། །ནུས་བྱས་གསལ་བ་ཙམ་ཉིད་དང༌། །ཀུན་རྫོབ་དོན་དམ་ཉིད་མི་རིགས། །གང་ཕྱིར་དཔྱད་པ་བཟོད་ཀྱང་ནི། །ཀུན་རྫོབ་ཅེས་བརྗོད་མི་རིགས་སོ། །དེ་ནི་དཔྱད་པའི་ནུས་པ་ལས། །གསལ་པར་དགག་པར་མི་ནུས་པའོ། །དེ་ཉིད་འགྲོ་བ་འདི་དག་རྣམས། །འཁྲུལ་པར་བརྗོད་ཀྱིས་གཞན་དུ་མིན། །བདེན་དང་བདེན་མིན་ལས་གྲོལ་བའི། །འགྲོ་བ་འདི་རྣམས་སྒྱུ་མ་ཉིད། །བདེན་ཏེ་འགྲོ་བ་སྒྱུ་མ་ཉིད། །ཕྱི་རོལ་བརྫུན་ཏེ་ནང་ནི་བདེན། །ཕྱི་རོལ་དོན་ནི་མེད་པ་སྟེ། །ཐམས་ཅད་རང་གི་སེམས་སུ་མཐོང༌། །དེ་ལྟར་སྒྱུ་མ་རྣམ་པར་བསྒོམ། །དེས་ནི་སྟོང་པ་རྗེས་སུ་དྲན། །ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་ཡི་དོན་ནི་མེད་པ་སྟེ། །བག་ཆགས་ཀྱིས་ནི་བསྒྲིབས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །ཡིད་ལ་མི་བྱེད་རྣལ་འབྱོར་པས། །ཆོས་ཀུན་རབ་ཏུ་མི་གནས་པ། །ཐོག་མ་ནས་ཞི་ཟག་པ་མེད། །དབུ་མ་ཞེས་ནི་བརྗོད་པ་ཡིན། །ཆོས་ཀུན་རབ་ཏུ་མི་གནས་པ། །སྒྲོ་བཏགས་ཀུན་སྤངས་གཉིས་མེད་ཤེས། །འདི་ཡང་སྤོང་བར་གྱུར་ན་ནི། །མོ་གཤམ་བུ་ཡི་བདག་ཉིད་དེ། །ཀྱེ་མ་ལས་ངན་མེ་ཡིས་བསྲེགས། །མོ་གཤམ་བུ་ཡང་དབུ་མར་འདོད། །གང་གི་ཆོས་ནི་འདི་ལྟ་བུ། །དེ་ཡི་ཆོས་མིན་ཇི་ལྟ་བུ། །ང་ཡི་དབུ་མ་འདི་ཡིན་མོད། །དེ་ལ་གནོད་པ་ཅི་ཞིག་སྨོས། །རྟོག་པ་དང་བྲལ་མ་འཁྲུལ་པའི། །སེམས་ཀྱི་གསལ་བས་གནོད་པ་ཡིན། །རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། །མ་སྐྱེས་པ་ཡི་གཏན་ཚིགས་དང༌། །གཅིག་དང་དུ་མར་བྲལ་བས་ཀྱང༌། །འདི་ལ་གནོད་པ་ཡོད་མ་ཡིན།།


DTG138_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ཙམ་དུ་ཡོད་པས་སོ། །སྔོན་དང་ཕྱི་མ་དེ་ཤེས་པ། །གཉིས་མེད་གང་གིས་མ་གྲུབ་པའོ། །སོ་སོར་སྐྱེས་པ་དེ་ཡི་ཕྱིར། །གཏན་ཚིགས་དེ་ནི་མ་གྲུབ་པའོ། །སྐྱེས་ཤིང་དོན་གྱི་བྱ་བ་བྱེད། །དེ་ཉིད་དོན་དམ་གྲུབ་པས་ན། །གཏན་ཚིགས་འདི་ཡང་འགལ་བའོ། །མ་སྐྱེས་གཏན་ཚིགས་མ་གྲུབ་སྟེ། །བརྗོད་པ་ཉིད་ཀྱིས་དེ་མ་གྲུབ། །གཟུང་འཛིན་རྒྱུ་འབྲས་མ་གྲུབ་ཀྱང༌། །གསལ་བའི་ཚུལ་ཙམ་གང་དུ་སོང༌། །སེམས་ཙམ་ཉིད་དུ་རྣམ་གཞག་པ། །མ་སྐྱེས་ཞེས་ནི་ངས་བཤད་དེ། །ཆོས་ཀྱི་རྗེ་བོས་གསུངས་ཀྱང་ནི། །ཆད་ལྟ་ཉིད་ཀྱི་དྲི་མས་གཡོགས། །གཅིག་དང་དུ་མས་དངོས་པོ་ལ། །ཁྱབ་པ་ལ་ལར་གྲུབ་པ་ན། །ཐམས་ཅད་སྟོང་པའི་གྲུབ་མཐའ་ལ། །གཏན་ཚིགས་འདོད་པའི་བར་ཆད་བྱེད། །ཡང་ན་འཇིག་རྟེན་གྲགས་པས་སམ། །འཇིག་རྟེན་ཀུན་གྱིས་བརྟགས་པ་ཡི། །དངོས་པོ་རྣམས་ལ་ཡིད་མི་བརྟན། །འོན་ཀྱང་ཚད་མས་རིགས་པ་ཡིན། །མངོན་སུམ་རྗེས་སུ་དཔག་པ་ཡིས། །གཅིག་པུ་ལ་ལར་མ་མཐོང་སྟེ། །དེ་བསགས་པ་ནི་དུ་མ་ཡིན། །ཁྱབ་བྱའི་དངོས་ཀྱང་ཅུང་ཟད་མེད། །གཅིག་དང་དུ་མ་ཡོད་ལ་ཁྱབ། །དེ་ལྟར་འདོད་པའི་གཞུང་ལ་འཐད། །མ་འཁྲུལ་བར་དུ་སྣང་ཙམ་གྱིས། །ཡོད་པར་སྨྲ་བ་རྒྱལ་བ་ཡིན། །གསལ་ཞིང་དོན་གྱི་བྱ་བ་བྱེད། །རིག་གིས་རིག་པ་རྣམས་སྤངས་ནས། །དེ་ལྟར་བརྫུན་དུ་སྨྲ་བ་ནི། །དམུས་ལོང་ཉིད་ཀྱིས་རབ་ཏུ་བཏགས། །གང་ཞིག་དཔྱད་པའི་ཡི་དགས་ཀྱིས། །གསལ་བའི་དངོས་ལ་གནོད་མི་ནུས། །དེ་ནི་སེམས་ཅན་སོ་སོ་ལ། །རྣམ་བཅས་གསལ་བ་ཙམ་དུ་སྣང༌། །ཇི་ལྟར་གསུངས་པའི་བསོད་ནམས་ཚོགས། །ཐམས་ཅད་དུ་ནི་སྲོག་ཡིན་ཏེ། །དེ་ལ་རྣམ་སྣང་སྡིག་པའི་བདག །འོག་ཏུ་ཁ་བལྟས་མནར་མེད་འགྲོ། །གལ་ཏེ་སྐུ་གཟུགས་མཆོད་རྟེན་དང༌། །དམ་ཆོས་སྦྱིན་ཚོགས་འཁྲུལ་ཡིན་ན། །བུད་མེད་དང་ནི་ཤ་ཆང་སོགས། །མཁན་སློབ་ལ་སོགས་ཅིས་མ་འཁྲུལ། །གལ་ཏེ་དེ་ཡང་འཁྲུལ་ཟེར་ན། །སློབ་དཔོན་ལ་སོགས་ཁ་སོགས་ལ། །མི་གཙང་ཅི་སྟེ་དོར་མི་བྱ། །ཕ་དང་མ་སོགས་རང་གི་ཤ །ཅི་སྟེ་མི་ཟ་རྒྱུ་ཅི་


DTG138_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །ཁྲོ་ཆུ་ཁོལ་མ་ཅིས་མི་འཐུང༌། །འཁྲུལ་ཀྱང་སློབ་དཔོན་མ་གུས་སོགས། །རྣམ་སྨིན་མི་འདོད་འབྱུང་སྨྲ་ན། །འཁྲུལ་ཀྱང་སངས་རྒྱས་མཆོད་སོགས་ཀྱིས། །ཡིད་འོང་འབྲས་བུ་མི་འབྱིན་ཅིང༌། །དགེ་དང་མི་དགེ་བས་ཅི་བྱ། །རང་ཉིད་སངས་རྒྱས་ཡིན་ཟེར་ན། །ཡི་དགས་ཁ་ནས་མེ་འབར་ཡིན། །དེ་ཕྱིར་གྲོལ་ལམ་མ་གྲོལ་བས། །རྒྱལ་བའི་བསྟན་པ་ངེས་བྱས་ཏེ། །དམ་པའི་ལས་ཀུན་ལ་གནས་བྱ། །དམན་པའི་ལས་ཀུན་སྤང་པར་བྱ། །དེ་ཕྱིར་སྙིང་རྗེ་བརྩམ་བྱས་ཏེ། །དེ་ཉིད་རིག་པས་བྱམས་སེམས་བསྐྱེད། །འཁོར་བ་མ་སྟོངས་འགྲོ་བ་བསྐྱབ། །བསོད་ནམས་བསྐྱེད་ལ་བརྩོན་པར་བྱ། །བཅོམ་ལྡན་འདས་ཀྱི་སྐུ་གཟུགས་དང༌། །མཆོད་རྟེན་ལྷ་ཁང་མཆོག་དག་བྱ། །མཆོག་ཏུ་ཡིད་འོང་བཟའ་བཏུང་ཚོགས། །ལམ་སྟན་ལ་སོགས་དབུལ་བར་བྱ། །པད་མའི་དབུས་སུ་བཞུགས་པ་ཡི། །གཟུགས་བཟང་ལེགས་པར་བྲིས་པ་དག །རིན་ཆེན་ཀུན་གྱི་རང་བཞིན་གྱིས། །སངས་རྒྱས་གཟུགས་བྱ་བའོ། །དམ་ཆོས་དགེ་སློང་དགེ་འདུན་རྣམས། །སྲོག་ཀྱང་བཏང་ནས་བསྲུང་བར་བྱ། །གསེར་དང་རིན་ཆེན་དངུལ་ལ་སོགས། །མཆོག་རྟེན་ལ་ནི་རང་གིས་འབུལ། །གསེར་དང་དངུལ་གྱི་མེ་ཏོག་དང༌། །རྡོ་རྗེ་བྱི་རུ་མུ་ཏིག་སོགས། །དབང་སྔོན་དང་ནི་མཐོན་ཁ་ཆེ། །བཻ་ཌཱུ་ཪྻ་སོགས་མཆོད་རྟེན་མཆོད། །དམ་ཆོས་སྨྲ་བ་རྣམས་ལ་ནི། །རྫས་ལ་སོགས་པས་མཆོད་པར་བྱ། །དེ་ཡི་སེམས་ནི་དགའ་བར་བྱ། །རྟག་པར་དམ་པའི་ཆོས་བསྟེན་ཏེ། །བླ་མ་གོང་མའི་ཡ་རབས་ལ། །གུས་པས་བསྙེན་བཀུར་བྱ་བ་སྟེ། །བྱང་ཆུབ་སེམས་དཔའ་རྣམས་མཆོད་བྱ། །རྫས་ལ་སོགས་པས་མཆོད་པར་བྱ། །སངས་རྒྱས་བཞིན་དུས་བཅུ་ལ། །གནས་པའི་བྱང་ཆུབ་སེམས་དཔའ་མཆོད། །དགེ་སློང་རྣམས་ཀྱང་མཆོད་བྱ་སྟེ། །སྡོམ་པ་གསུམ་ལ་གནས་ཕྱིར་རོ། །མུ་སྟེགས་པ་ནི་གཞན་རྣམས་ལ། །གུས་པས་ཕྱག་མཆོད་མི་བྱ་སྟེ། །དེ་རྣམས་སྐྱོན་དང་བཅས་ཕྱིར་རོ། །ཐུབ་པའི་དབང་པོའི་གསུང་རབ་དང༌། །དེ་ལས་བྱུང་བའི་བསྟན་པ་བྲི། །གླེགས་བམ་སྦྱིན་པར་བཏང་བ་དང༌། །སྣག་ཚ་ལ་སོགས་སྦྱིན་པར་བྱ། །


DTG138_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་མཁན་དང་ནི་ཡིག་དཔོན་དང༌། །འཆད་མཁན་རྣམས་ཀྱི་འཚོ་བ་སྦྱར། །ཞིང་ལ་སོགས་པའང་ངེས་པར་དབུལ། །དེ་ཡིས་ཤེས་རབ་འཕེལ་བར་འགྱུར། །གྲོང་ཁྱེར་པ་ཡི་ཆེད་དུ་ནི། །འདྲེག་མཁན་སྨན་པ་ལ་ཞིང་སྦྱིན། །སྐྲ་ལ་སོགས་པ་བྲེགས་པ་ཡིས། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི། །སེམས་ཅན་ཐམས་ཅད་གནས་ས་རུ། །སྐྱེད་མོས་ཚལ་དག་བྱ་བ་སྟེ། །རྫིང་བུ་ཁྲོན་པ་འབབ་ཆུ་ལྡན། །ཤེས་རབ་ཅན་ནི་གཉེར་བར་བསྒོ། །བཟའ་བཏུང་སྟན་དང་གོས་བཅས་བྱ། །གྲོང་ཆུད་ཀུན་ཏུ་འདུ་ཁང་བྱ། །གྲོང་ཁྱེར་ཀུན་དུ་ལྷ་ཁང་བྱ། །ཆུ་མེད་པ་ཡི་ལམ་ཀུན་དུ། །སྣོད་ཆུས་བཀང་བ་ཀུན་དུ་བཞག །ནད་པ་སྡུག་བསྔལ་མགོན་མེད་དང༌། །ཕོངས་དང་དམན་གཞན་ཡོངས་སུ་བསྡུ། །རྟག་ཏུ་སྙིང་རྗེ་བྱ་བ་ཡིན། །འདི་རྣམས་བདེ་བར་འགྱུར་བར་འབད། །དུས་ཚིགས་ལས་བྱུང་གསར་ཐོག་གི །བཟའ་དང་བཏུང་བའི་བྱེ་བྲག་དང༌། །འབྲུ་རྣམས་དང་ནི་འབྲས་བུ་སོགས། །དང་པོར་བདག་བཟའ་རིགས་མ་ཡིན། །དགེ་སློང་ངམ་ནི་སྡུག་ཕོངས་སམ། །དང་པོར་མཆོད་བྱ་རྣམས་ལ་སྦྱིན། །ཆུ་དག་གནས་པའི་ས་རུ་ནི། །བཅག་ལྷམ་གདུགས་དང་དྲིལ་ཆུ་དང༌། །ཆུ་སྐྱོགས་དང་ནི་ཆུ་སྣོད་དང༌། །ཁབ་དང་སྐུད་པ་ལ་སོགས་གཞག །འབྲས་བུ་གསུམ་དང་ཚ་བ་གསུམ། །རྒུན་འབྲུམ་མར་དང་མིག་སྨན་སྩོགས། །ཆུ་གནས་ས་རུ་གཞག་པར་བྱ། །གྲུབ་པའི་སྔགས་དག་བྲིས་སྟེ་གཞག །སྨིན་རྣམས་དང་ནི་བྱ་བའི་རིམ། །ལུས་དང་རྐང་པ་མགོ་བོ་དག །སྐུད་པའི་མར་ཁུའང་གཞག་པར་བྱ། །ཤིང་སྟན་དང་ནི་མེ་ལོང་དང༌། །བུམ་པ་ཁར་གཞོང་སྟ་རི་སྩོགས། །ཝ་ཏིའི་གནས་སུ་གཞག་པར་བྱ། །ཆུ་མེད་པ་ཡི་གནས་ཀུན་དུ། །ས་ཡིས་སྐྱོར་བའི་རྫིང་ཆུ་བྱ། །བརྟགས་པའི་ཆུ་ཡིས་ནང་བཀང་བྱ། །ཏིལ་དང་འབྲས་དང་ནས་སྩོགས་འབྲུ། །ཟན་དང་བུ་རམ་སྣུམ་གྱིས་བསྐོར། །གྲོག་མའི་ཚང་གི་སྒོ་རྣམས་སུ། །བུ་རམ་གྱིས་བསྒོས་བཟའ་བཏུང་དག །ཡིད་ཆེས་མི་ལ་བསྐུར་ནས་ནི། །རྟག་པར་སྦྱིན་པར་བྱ་བ་ཡིན། །ཡི་དགས་རྣམས་ལ་ཅི་བདེ་བར། །ཟོས་པའི་


DTG138_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་ངམ་གོང་དུའང་རུང༌། །བཟའ་བཏུང་སྦྱིན་པར་བྱ་བ་ཡིན། །ཁྱི་དང་འབུ་སྲིན་བྱ་སོགས་ལ། །ཇི་ལྟར་འཚམ་པར་སྦྱིན་པར་བྱ། །མུ་གེ་ཡི་ནི་གནོད་པ་དང༌། །ཕས་ཀྱི་རྒོལ་བའི་གནོད་པ་དང༌། །ནད་སྩོགས་གནོད་པ་བྱུང་གྱུར་ན། །སེམས་ཅན་རྣམས་ནི་རྗེས་བཟུང་གི །སོ་ནམ་ལོ་ཏོག་བརླག་གྱུར་ན། །ས་བོན་ཟན་གྱིས་རྗེས་སུ་གཟུང༌། །དཔྱ་དག་དབབ་པར་མི་བྱ་སྟེ། །ཡང་ན་ཉུང་ཟད་དབབ་པར་བྱ། །སྐྱེད་འགྱེད་རྣམས་ལ་ཡོངས་སུ་བསྐྱབ། །ཤོ་གམ་སྤང་བའམ་མི་དབབ་བྱ། །སྒོ་ནས་ཡོངས་སུ་ཉོན་མོངས་པ། །འདི་རྣམས་ལས་ནི་བསྒྲལ་བར་བྱ། །རང་གི་ཡུལ་བའམ་གཞན་ཡུལ་གྱི། །ཆོམ་རྐུན་རྣམས་ནི་ཉེར་ཞི་བྱ། །རྫས་ཀྱི་རིན་ཐང་ངེས་པར་བྱ། །རིགས་པས་བྱ་བ་ཐམས་ཅད་བྱ། །མང་དུ་སྨྲ་བ་ཅི་ཞིག་དགོས། །ཤེས་རབ་སྟོབས་ཀྱིས་བགྲོས་བྱས་ཏེ། །རང་ངམ་གཞན་ལ་ཕན་འགྱུར་བྱ། །གང་ཟག་འཇིག་རྟེན་ཕན་གྲུབ་པ། །དེ་དེ་ཐམས་ཅད་བརྟག་པར་བྱ། །ཅི་དང་ཅི་ནས་རང་ཕན་བྱེད། །དེ་བཞིན་འཇིག་རྟེན་ལ་ཕན་བྱ། །ས་ཆུ་མེ་རླུང་སྨན་རྣམས་དང༌། །དགོན་པ་ཡི་ནི་ཤིང་བཞིན་དུ། །བདག་ཉིད་ཡུད་ཙམ་གཅིག་པུ་ཡང༌། །འདོད་དགུར་སྤྱད་པ་ཉིད་དུ་མཛོད། །གོམ་པ་བདུན་པོར་བར་དུ་ཡང༌། །བདོག་པ་ཀུན་གཏོང་སེམས་འཆད་པའི། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །བསོད་ནམས་དཔག་མེད་མཁའ་འདྲ་སྟེ། །བུ་མོ་གཟུགས་མཛེས་ལེགས་བརྒྱན་པ། །དེ་དོན་གཉེར་བ་རྣམས་བྱིན་ན། །དེ་ནི་དམ་ཆོས་ཡོངས་འཛིན་པའི། །གཟུགས་ནི་སོ་སོར་ཐོབ་པར་འགྱུར། །རྒྱན་རྣམས་ཀུན་དང་ལྡན་པ་ཡི། །བུ་མོ་སྟོང་ཕྲག་བརྒྱད་ཅུ་དག །ཡོ་བྱད་ཀུན་དང་ལྷན་ཅིག་ཏུ། །ཐུབ་པ་ཡི་ནི་སྔོན་སྩལ་ཏོ། །གསལ་ཞིང་རྣམ་པར་བཀྲ་བ་ཡི། །གོས་དང་རྒྱན་རྣམས་དག་དང་ནི། །དྲི་དང་ཕྲེང་བའི་ལོངས་སྤྱོད་སྩོགས། །སློང་ལ་རྗེས་སུ་བརྩེ་བས་སྦྱིན། །གང་ཕྱིར་ནོར་དང་ཆོས་མེད་པས། །ཕོངས་ཤིང་སྡུག་བསྔལ་ཆེན་པོར་འགྱུར། །དེ་ལ་དེ་མ་ཐག་སྦྱིན་ན། །དེ་ལས་གཞན་པའི་སྦྱིན་པ་མེད། །གང་ཕྱིར་དུག་གིས་ཕན་གྱུར་སྐབས། །དུག་ཀྱང་སྦྱིན་པར་བྱ་བ་ཡིན། །གང་ཕྱིར་གནོད་པར་གྱུར་ན་ནི། །ཟས་མཆོག་ཀྱང་ནི་སྦྱིན་མི་


DTG138_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། སྦྲུལ་སོས་རེག་པའི་སོར་མོ་བཅད། །ལམ་ནི་ཇི་ལྟ་དེ་ལྟ་བར། །གཞན་ལ་ཕན་ན་སྡུག་བསྔལ་ཀྱང༌། །ཐུབ་པས་བྱ་བར་གསུངས་པ་ཡིན། །དམ་པའི་ཆོས་ལ་གུས་པར་བྱ། །ཆོས་སྨྲ་བ་ལ་མཆོག་ཏུ་བྱ། །ཆོས་ཀྱི་ཉན་པ་རྟག་ཏུ་བྱ། །ཆོས་ཀྱི་སྦྱིན་པ་རང་གིས་བྱ། །འཇིག་རྟེན་ཆོས་ལ་ཆགས་མི་བྱ། །འཇིག་རྟེན་འདས་ཆོས་ཆགས་པར་བྱ། །ཇི་ལྟར་བདག་ཉིད་དེ་བཞིན་གཞན། །ཡོན་ཏན་ཀུན་ནི་བསྐྱེད་པར་བྱ། །དམ་ཆོས་ཐོས་པས་མི་ངོམས་བྱ། །གཟུངས་ཐོབ་དོན་ནི་འབྱེད་བར་འགྱུར། །བླ་མ་ལ་ཡོན་ཕུལ་ནས་ནི། །དེས་ནི་རྟག་པར་བསྟེན་པར་བྱ། །འཇིག་རྟེན་སྨིན་ཕྱིར་ཐོས་པ་བཙལ། །རྩོད་པའི་དོན་དང་ང་རྒྱལ་སྤང༌། །རང་གི་ཡོན་ཏན་བརྗོད་མི་བྱ། །དགྲའི་ཡང་ཡོན་ཏན་བརྗོད་པར་བྱ། །གཞན་གྱི་མཚང་རྣམས་འབྲུ་མི་བྱ། །གདུག་པའི་སེམས་ནི་བསྡུ་མི་བྱ། །བདག་ཉིད་དམ་ནི་གཞན་རྣམས་ཀྱི། །འཁྲུལ་པ་སོ་སོར་བརྟག་པར་བྱ། །ཁ་ན་མ་ཐོ་གང་ཞིག་གིས། །གཞན་གྱི་རྒྱུད་དག་སྐྱོན་ཅན་གྱུར། །རང་གི་རྒྱུད་ལ་མཐོང་གྱུར་ན། །མཁས་པས་དེ་མ་ཐག་ཏུ་བཏང༌། །གཞན་ལ་ཕན་པར་དག་གདགས་པར་བྱ། །ལན་ལ་ལྟ་བར་མི་བྱའོ། །སྡུག་བསྔལ་བདག་ཉིད་གཅིག་པུས་སྤྱད། །བདེ་བ་ཐུན་མོང་ལོངས་སྤྱོད་བྱ། །གལ་ཏེ་ཕུན་སུམ་ཚོགས་གྱུར་ཀྱང༌། །ང་རྒྱལ་མཐོ་སེམས་མི་བྱ་ཞིང༌། ཕུན་སུམ་ཚོགས་མེད་ཡི་དགས་འདྲ། །ལོངས་སྤྱོད་མེད་ཀྱང་ཞུམ་མི་བྱ། །འཆིའམ་རྒྱལ་སྲིད་ཉམས་གྱུར་ཀྱང༌། །བདེན་པའི་ཚིག་ཏུ་སྨྲ་བར་བྱ། །རང་གི་དོན་དུ་ཅང་མི་སྨྲ། །དོན་ནི་ཇི་བཞིན་བརྗོད་གྱུར་ཀྱང༌། །གཞན་ལ་གནོད་ན་བདེན་མ་ཡིན། །གཞན་ལ་གཅིག་ཏུ་ཕན་གྱུར་ན། །དོན་མིན་བརྗོད་ཀྱང་བདེན་པ་ཡིན། །ཇི་ལྟར་སྨྲས་པ་དེ་བཞིན་བྱེད། །བརྟུལ་ཞུགས་བརྟན་པར་གྱུར་པ་འདི། །ས་སྟེང་ཀུན་གྱི་དབང་མཆོག་ཏུ། །མ་འོངས་པ་ན་འགྱུར་བ་ཡིན། །ལེགས་པར་བརྟགས་ནས་གང་བྱེད་པ། །ཐམས་ཅད་ཀྱིས་ནི་རྟག་པར་བསྟོད། །ཇི་ལྟར་གྱུར་པའི་དོན་བསྟན་ན། །གཞན་རྣམས་ཡིད་ནི་ཆེས་པར་འགྱུར། །ཕ་དང་མ་ལ་མཆོད་པ་དང༌། །སྐྱེ་བོ་ཡ་རབས་མཆོད་པ་དང༌། །


DTG138_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བ་དག་ཅིང་བཟོད་པ་དང༌། །གཏོང་ཕོད་ཚིག་མི་རྩུབ་པ་དང༌། །དབྱེན་དང་བརྫུན་དག་མི་སྨྲ་བ། །བརྟུལ་ཞུགས་འདི་དག་བརྟེན་བྱས་ན། །ལྷ་ཡི་དབང་པོར་སྐྱེ་བར་འགྱུར། །དེར་ཡང་ལྷ་དབང་བྱེད་པར་འགྱུར། །དེ་ཕྱིར་ཆོས་འདི་སྤྱད་པར་བྱ། །ཉིན་རེ་བཞིན་དུ་དུས་གསུམ་དུ། །འཁར་གཞོང་སུམ་བརྒྱའི་བཟའ་བྱིན་པའི། །བསོད་ནམས་ཚོགས་ཀྱི་ཕུང་པོ་ཡིས། །ཡུད་ཙམ་བྱམས་པ་བསྒོམས་པ་ཡི། །བསོད་ནམས་ཚོགས་ལ་ཆར་མི་ཕོད། །ལྷ་དང་མི་ལ་སྡུག་པར་འགྱུར། །འདི་རྣམས་ཀྱིས་ཀྱང་སྲུང་བར་བྱེད། །ཡིད་བདེ་བ་དང་ལུས་བདེ་དང། །དུག་དང་མཚོན་གྱིས་གནོད་མི་འགྱུར། །ཚེགས་མེད་པ་ཡིས་ནོར་ཐོབ་འགྱུར། །ཚངས་པའི་འཇིག་རྟེན་དུ་ཡང་སྐྱེ། །བྱམས་པའི་ཆོས་འབྲེལ་བརྒྱད་པོ་འདི། །སྤྱད་ཅིང་གལ་ཏེ་མ་བྲལ་ནའོ། །སེམས་ཅན་རྣམས་ལ་སེམས་བསྐྱེད་བྱ། །བྱང་ཆུབ་ཏུ་ནི་བརྟག་པར་བྱ།། རི་རབ་ལྟ་བུར་བརྟན་པ་ཡི། །བྱང་ཆུབ་སེམས་ནི་ཐོབ་པར་འགྱུར། །དད་པས་མི་ཁོམ་བརྒྱད་སྤངས་ཏེ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །སྟོང་པ་ཉིད་ལ་གོམས་བྱས་པས། །དགེ་བ་མ་ཉམས་ཐོབ་པར་འགྱུར། །གཡོ་སྒྱུ་མེད་པས་དྲན་པ་འཐོབ། །སེམས་པ་པོ་ཡིས་བློ་གྲོས་ཐོབ། །གུས་པར་བྱས་པས་དོན་རྟོགས་འགྱུར། །དམ་ཆོས་བསྲུངས་པས་ཤེས་རབ་ཐོབ། །ཆོས་ཀྱི་མཉན་པས་སྦྱིན་པ་དང༌། །སྒྲིབ་པ་མེད་པའི་བྱ་བྱས་ན། །སངས་རྒྱས་ཉིད་ནི་མྱུར་ཐོབ་འགྱུར། །མ་ཆགས་པས་ནི་དོན་གྲུབ་འགྱུར། །སེར་སྣ་མེད་པས་ལོངས་སྤྱོད་འཕེལ། །ང་རྒྱལ་མེད་པས་མཆོག་ཏུ་འགྱུར། །ཆོས་ལ་བཟོད་པས་གཟུངས་ཐོབ་ཡིན། །སྙིང་པོ་ལྔ་ནི་རབ་སྦྱིན་ན། །འཇིགས་པ་ལས་ཀྱང་འཇིགས་མེད་འགྱུར། །སྟོབས་ཆེན་མཆོག་ཏུ་གྱུར་པ་ཡི། །བདུང་ཀུན་གྱིས་ནི་མི་བརྫི་བའོ། །མཆོད་རྟེན་ལ་སོགས་རྣམས་ལ་ནི། །མར་མེ་ཡི་ནི་ཕྲེང་བ་དབུལ། །མུན་ནག་རྣམས་སུ་མར་མེ་སྤོར། །མར་མེའི་ཆེད་དུ་འབྲུ་མར་སྟེར། །ལྷ་ཡི་མིག་དག་ཐོབ་པར་འགྱུར། །མཆོད་རྟེན་ལ་སོགས་མཆོད་པའི་ཕྱིར། །སྒྲ་ཡི་རྣམ་གྲངས་དྲིལ་སོགས་དང༌། །དུང་དང་རྔ་སོགས་མཆོད་པའི་ཕྱིར། །སྒྲ་ཡི་རྣམ་གྲངས་སྒྲ་འབུལ་ན།།


DTG138_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་རྣ་བ་ཐོབ་པར་འགྱུར། །གཞན་གྱི་སྐྱོན་མཐོང་མི་སྒྲོགས་ཤིང༌། །འཁྲུལ་པ་མཐོང་ཡང་ལྐུགས་པ་བཞིན། །གཞན་སེམས་རྗེས་སུ་བསྲུངས་པ་ཡིས། །གཞན་གྱི་སེམས་ཤེས་ཐོབ་པར་འགྱུར། །བཅག་ལྷམ་གྲུ་སྩགས་བཞོན་པ་སྟེར། །ཉམ་ངར་ལྷུང་ལས་སྒྲོལ་བ་དང༌། །བླ་མ་རྣམས་ལ་སེམས་པ་ཡིས། །རྫུ་འཕྲུལ་དག་ནི་ཐོབ་པར་འགྱུར། །ཆོས་ཀྱི་འབྲས་བུ་རྣམས་དྲན་དང༌། །དེ་བཞིན་ཆོས་གཞུང་དོན་དྲན་པས། །སྐྱེ་བ་དྲན་པར་འགྱུར་བ་ཡིན། །དྲི་མེད་ཆོས་ཀྱི་སྦྱིན་བ་དང༌། །སྣ་ཚོགས་རྣམ་དག་སྨོན་ལམ་གྱིས། །སངས་རྒྱས་ཞིང་ནི་རྣམ་སྤྱོད་བྱེད། །རིན་ཆེན་སྦྱིན་པས་ཐུབ་དབང་གི །འོད་ཟེར་དཔག་མེད་རབ་ཏུ་འགྱེད། །དངོས་རྣམས་ངོ་བོ་ཉིད་མེད་པར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མངོན་ཤེས་མཆོག་ཏུ་གྱུར་པ་ཡི། །དྲུག་པ་ཟག་པ་ཀུན་ཟད་པའོ། །ཡོན་ཏན་དེ་རྣམས་མདོར་བསྡུས་ཏེ། །བྱང་ཆུབ་སེམས་དཔས་བསྟེན་པར་བྱ། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སྙིང་རྗེ་སྩོགས། །རང་རྫས་གཏོང་བ་སྦྱིན་པ་དེ། །གཞན་ལ་ཕན་བྱེད་ཚུལ་ཁྲིམས་སོ། །བཟོད་པས་ཁྲོ་བ་ཡོངས་གཏོང་བའོ། །དཀར་པོའི་ཆོས་འཕེལ་བརྩོན་འགྲུས་ཡིན། །བྱིང་རྒོད་ཞི་བ་བསམ་གཏན་ཏེ། །ཡང་དག་དོན་སྟོན་ཤེས་རབ་ཡིན། །སེམས་ཅན་ཀུན་ལ་རོ་གཅིག་བློ། །སྙིང་རྗེ་ཞེས་ནི་བརྗོད་པ་ཡིན། །སྦྱིན་པས་ལོངས་སྤྱོད་ཐོབ་པར་འགྱུར། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོ་སྟེ། །བཟོད་པ་ཡིས་ནི་གཟུགས་བཟང་བའོ། །བརྩོན་འགྲུས་ཀྱིས་ནི་གཟིམ་དངས་ཆེ། །བསམ་གཏན་གྱིས་ནི་ཤེས་རབ་གྲོལ། །སྙིང་རྗེས་དོན་ཀུན་སྒྲུབ་པར་བྱེད། །བདུན་པོ་དེ་རྣམས་མ་ལུས་པར། །ཅིག་ཅར་ཕ་རོལ་ཕྱིན་པ་ཡི། །བསམ་མི་ཁྱབ་པའི་ཡེ་ཤེས་ཡུལ། །འཇིག་རྟེན་མགོན་ཉིད་ཐོབ་པར་འགྱུར། །དེ་ལྟར་ལས་དང་འབྲས་བུ་དག །མ་འཁྲུལ་ཚུལ་ནི་ཤེས་བྱས་ནས། །རྟག་པར་འགྲོ་ལ་ཕན་གདགས་བྱ། །དེ་ཉིད་བདག་ལའང་ཕན་པར་འགྱུར། །ཆོས་རྣམས་ངེས་པ་ཞེས་བྱ་བ། །བྱིས་པའི་སྐྱེ་བོས་རྟོགས་བྱའི་ཕྱིར། །གཞུང་རྒྱས་གཞན་ལས་བདག་གིས་ནི། །མདོ་རུ་བསྡུས་ཏེ་བྲིས་


DTG138_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །འདི་བརྩམས་དགེ་བ་གང་ཐོབ་དེས། །མཐའ་ཡས་སེམས་ཅན་མ་ལུས་ཀུན། །རྟག་ཆད་མཐའ་ལས་གྲོལ་གྱུར་ཏེ། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །པཎྜི་ཊ་ཆེན་པོ་རཏྣ་ཀཱི་རྟིས་མཛད་པའི། ཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་རཏྣ་ཀཱི་རྟི་དང༌། བོད་ཀྱི་ལོ་ཙཱ་བ་ཆིངས་ཡོན་ཏན་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། རཏྣ་ཀཱི་རྟི།next