Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་སོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
དབུ་མ་རྒྱན་གྱི་མན་ངག།  རིན་ཆེན་འབྱུང་གནས་ཞི་བ།


 
previousདབུ་མ་རྒྱན་གྱི་མན་ངག། རིན་ཆེན་འབྱུང་གནས་ཞི་བ།no next

དབུ་མ་རྒྱན་གྱི་མན་ངག།
རིན་ཆེན་འབྱུང་གནས་ཞི་བ།


DTG138_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་དྷྱ་མ་ཨ་ལཾ་ཀཱ་ར་ཨུ་པ་དེ་ཤ །བོད་སྐད་དུ། དབུ་མ་རྒྱན་གྱི་མན་ངག །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྐུ་གཉིས་ཀྱི་ནི་གནས་ཁྱབ་པའི། །གང་ཞིག་ཉི་ཟླ་གཟའ་སྐར་བཞིན། །བདེ་བ་ཆེན་པོ་ཉིད་ཀྱི་སྐུ། །རྟག་པར་རྡོ་རྗེ་འཆང་ལ་འདུད། །བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང༌། །ཀླུ་སྒྲུབ་ཀྱིས་ཀྱང་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་པ་ཡིས། །བདེན་པ་གཉིས་འདིར་བཤད་པར་བྱ། །དེ་ལ་བདེན་པ་གཉིས་ནི་དོན་དམ་པ་དང་ཀུན་རྫོབ་བོ། །དོན་དམ་པ་ཡང་རྣམ་པ་གསུམ་སྟེ། །དོན་དམ་པ་ནི་དེ་བཞིན་ཉིད་དོ། །སྒྲུབ་པ་དོན་དམ་པ་ནི་ཡང་དག་པའི་ཡེ་ཤེས་སོ། །ཐོབ་པར་བྱ་བའི་དོན་དམ་པ་ནི་མྱ་ངན་ལས་འདས་པའོ། །ཇི་སྐད་དུ། དོན་དང་ཐོབ་དང་སྒྲུབ་པ་དང༌། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་བཤད་པ་ལྟ་བུའོ། །ཀུན་རྫོབ་ཀྱང་རྣམ་པ་གསུམ་སྟེ། བརྟགས་པའི་ཀུན་རྫོབ་ནི་ཆོས་ཐམས་ཅད་ཀུན་བརྟགས་པའི་རང་བཞིན་ནོ། །ཤེས་པའི་ཀུན་རྫོབ་ནི་ལོག་པའི་ཤེས་པ་ཐམས་ཅད་དོ། །བརྗོད་པའི་ཀུན་རྫོབ་ནི་སྒྲ་དང་རྟོག་པས་དོན་དམ་པ་སྟོན་པར་བྱེད་པའོ། །ཇི་སྐད་དུ། བརྟགས་པ་དང་ནི་ཤེས་པ་དང༌། །དེ་བཞིན་བརྗོད་པ་རྒྱ་ཆེ་ཡིན། །ཞེས་བཤད་པ་ལྟ་བུའོ། །བརྗོད་པའི་ཀུན་རྫོབ་ནི་རྣམ་པར་རྟོག་པ་མ་ཡིན་ཞིང་རྣམ་པར་མི་རྟོག་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་རྣམ་པར་རྟོག་པ་མ་ཡིན་ཞེ་ན། །རྣམ་པར་མི་རྟོག་པ་བསྐྱེད་པ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་མི་རྟོག་པ་མ་ཡིན་ཞེ་ན། ཡང་དག་པའི་དོན་ལ་རྣམ་པར་རྟོག་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ཉིད་ལས་


DTG138_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྣམ་པར་མི་རྟོག་པ་སྐྱེ་བ་མ་ཡིན་ཏེ། བྱིས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །ཐ་མལ་པའི་རྣམ་པར་རྟོག་པ་ལས་སྐྱེ་བ་ཡང་མ་ཡིན་ཏེ། དེ་ནི་འདིའི་མི་མཐུན་པའི་ཕྱོགས་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་མི་རྟོག་པ་ཉིད་མི་སྐྱེ་བ་མ་ཡིན་ཏེ། མཉམ་པར་འཇོག་པའི་ཡིད་ཀྱིས་སོ་སོར་རྟོག་པ་རྣམས་དེ་བསྒོམ་པའི་རྗེས་སུ་འགྲོ་བས། འབད་རྩོལ་མེད་པར་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ལ་སེམས་མཉམ་པར་གཞག་པར་འགྱུར་རོ། །སྤྲོས་པ་མེད་པ་དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱའོ། །དེ་སྐད་དུ་ཡང༌། རྣམ་པར་མི་རྟོག་པའི་གཟུངས་ལས། དེ་ཡང་དག་པར་སྤྱོར་བས་རྗེས་སུ་འགྲོའོ། །བསྒོམ་པས་རྗེས་སུ་འགྲོའོ། །མང་དུ་བྱས་པས་རྗེས་སུ་འགྲོའོ། །ཡང་དག་པར་ཡིད་ལ་བྱེད་པས་རྗེས་སུ་འགྲོའོ་ཞེས་གསུངས་པ་དང༌། གཞན་དག་ལས་ཀྱང༌། བསམ་པའི་རང་བཞིན་ཅན་ཉིད་ཀྱི་ཤེས་རབ་གོམས་པར་བྱས་ནས། དོན་དམ་པའི་ཡེ་ཤེས་འཁྲུལ་པས་དབེན་པ་དྲི་མ་མེད་པ་འཇིག་པ་མེད་པ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེ་བས་ན་ཡང་དག་པ་ལ་སོ་སོར་རྟོག་པ་ཉིད་རྣམ་པར་མི་རྟོག་པའི་བྱང་ཆུབ་རྟོག་པར་འདོད་པ་རྣམས་ཀྱིས་བསྟེན་ཅིང་བསྒོམ་པར་བྱའོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །ཡང་དོན་དམ་པའི་བདེན་པ་གང་ཞེ་ན། འཕགས་པ་རྣམས་ཀྱི་ཡུལ་དུ་གྱུར་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། བྱིས་པ་རྣམས་ཀྱི་ཡུལ་དུ་གྱུར་པའི་ཕྱིར་རོ། །ཡེ་ཤེས་དམ་པའི་ཡུལ་ཡིན་པའི་ཕྱིར་དང༌། ཡེ་ཤེས་དམ་པའི་འབྲས་བུ་ཡིན་པའི་ཕྱིར་དང༌། དོན་དམ་པར་ཡོད་པའི་ཕྱིར་དང༌། དོན་དམ་གསུམ་པོ་གོ་རིམས་བཞིན་དུ་གཞག་གོ །ཀུན་བརྟགས་དང༌། གཞན་དབང་དང༌། ཡོངས་སུ་གྲུབ་པ་སྟེ། ཀུན་རྫོབ་རྣམ་པ་གསུམ་གྱི་མཚན་ཉིད་གོ་རིམས་བཞིན་ནོ། །དེ་བས་ན་དེ་ཉིད་ལ་རང་བཞིན་གསུམ་གྱི་དབུ་མ་ཡིན་ཏེ་དེ་ཡང༌། གཉིས་ཀྱི་བདག་ཉིད་ཐམས་ཅད་མེད། །གཉིས་སུ་འཁྲུལ་པའི་བདག་ཉིད་ཡོད། །དེ་ནི་སྟོང་པའི་བདག་ཉིད་དེ། །དབུ་མའི་ལམ་དུ་དེ་བཞེད་དོ། །དེ་སྐད་ཀྱང༌། ཀུན་བརྟགས་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་འདི་རྣམས་ནི། །བརྟགས་དང་རྒྱུ་ལས་


DTG138_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་དང༌། །མི་འགྱུར་ཕྱིར་ན་གོ་རིམས་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་མཚན་ཉིད་ཀྱང་འདིར་མདོར་བསྡུས་ནས་བརྗོད་པར་བྱ་སྟེ། འདི་གཉིས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །དེ་ཡང་གཟུང་བ་དང་འཛིན་པ་གཉིས་སོ། །གཉིས་མེད་ཀྱང་བག་ཆགས་ཀྱི་དབང་གིས་གཉིས་སུ་སྣང་བར་སྐྱེ་བའོ། །དེ་ནི་རྒྱུ་རྐྱེན་ལ་རག་ལས་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །ཡང་ན་གཞན་ཞེས་བྱ་བ་ནི་རྣམ་པ་ལ་བྱ་ལ། །ཡང་དག་པའི་ཡེ་ཤེས་ནི་ཚུ་རོལ་ཏེ། གཞན་གྱི་དབང་མ་ཡིན་ནོ། །གཞན་གྱི་དབང་དེ་ཡང་རྣམ་པ་གསུམ་སྟེ། ཀུན་གཞི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང༌། འཇུག་པའི་རྣམ་པར་ཤེས་པའོ། །ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་རྟེན་དུ་གྱུར་པས་ཀུན་གཞི་ཡིན་ལ་རང་གི་ངོ་བོ་ལ་ཉེ་བར་དམིགས་པས་རྣམ་པར་ཤེས་པའོ། །ཉོན་མོངས་པ་བཞི་དང་རྟག་ཏུ་མཚུངས་པར་ལྡན་པས་ཉོན་མོངས་པ་ཅན་ཡིན་ལ། བདག་གོ་ཞེས་རྟག་ཏུ་རློམ་སེམས་པའི་བདག་ཉིད་ཡིན་པས་ཡིད་དོ། །ཡུལ་སོ་སོ་ལ་ཡང་དང་ཡང་དུ་འབྱུང་བས་འཇུག་པ་ཡིན་ལ། ཡུལ་ལ་ཉེ་བར་དམིགས་པས་རྣམ་པར་ཤེས་པའོ། །གཞན་དབང་དེ་ཀུན་བརྟགས་པ་དེས་དུས་ཐམས་ཅད་དུ་སྟོང་པ་ཉིད་དང༌། དབེན་པ་ཉིད་དང༌། བྲལ་བ་ཉིད་དུ་གྱུར་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཤེས་པ་གང་ནམ་ཡང་གཉིས་ཀྱིས་མི་སྟོང་པ་དེ་ནི་ཅུང་ཟད་ཙམ་ཡང་མེད་དེ། །སྟོང་པ་དེ་ཡང་ནམ་ཡང་འགྱུར་བ་མེད་པར་ཐམས་ཅད་ནས་ཐམས་ཅད་དུ་ནམ་མཁའ་ལྟ་བུར་རོ་གཅིག་པ་ཉིད་དེ། དེ་བས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་བརྗོད་དོ། །འཕགས་པ་བྱམས་པས་ཀྱང༌། གཉིས་དངོས་མེད་པའི་དངོས་མེད་པ། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་གསུངས་སོ། །འོ་ན་གཉིས་ཀྱི་སྟོང་པ་ཐོག་མ་མེད་པ་ཡིན་པས་དེའི་ཚེ་ན་ཐོག་མ་ཉིད་ནས་བྱང་ཆུབ་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་ཉམས་སུ་མྱོང་བ་


DTG138_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་དུ་ཟིན་ཀྱང་ངེས་པ་མེད་པའི་ཕྱིར་རོ། །དེ་བས་ན་གཞན་དབང་ལ་དེ་ཡོངས་སུ་གྲུབ་པའི་རང་བཞིན་དུ་ངེས་ནས་བྱང་ཆུབ་པར་འགྱུར་རོ། །ཀུན་བརྟགས་པའི་རང་བཞིན་དུ་ངེས་ན་འཁོར་བར་འགྱུར་རོ། །ཡོངས་སུ་གྲུབ་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་དབང་གི་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་ནོ། །གང་གིས་སྟོང་ན་གཉིས་ཀྱིས་སོ། །སྟོང་པ་ཉིད་ཕྱིར་དངོས་པོ་མིན། །དེ་དངོས་ཡིན་ཕྱིར་དངོས་མེད་མིན། །ལུས་དངོས་ཡིན་ཕྱིར་གཞན་མ་ཡིན། མཚན་ཉིད་ཀྱིས་ནི་གཞན་མིན་མིན། །ཞེས་གསུངས་སོ། །གལ་ཏེ་དེ་དག་གཞན་མ་ཡིན་ན་འདུ་བྱེད་རྣམས་མཐོང་བ་ན་སྟོང་པ་ཉིད་ཀྱང་ངེས་པར་འགྱུར་ལ། དེ་ལྟར་ན་ཐམས་ཅད་ཀྱང་བདེན་པ་མཐོང་བ་ལ་སོགས་པར་འགྱུར་རོ། །གཞན་ཡང་འདུ་བྱེད་རྣམས་ཀུན་ནས་ཉོན་མོངས་པ་བཞིན་དུ་སྟོང་པ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་ལ། སྟོང་པ་རྟག་པ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཡང་རྟག་པར་འགྱུར་བའམ། སྟོང་པ་བེམས་པོ་བཞིན་དུ་འདུ་བྱེད་རྣམས་ཀྱང་བེམས་པོར་འགྱུར་བས། དེའི་ཕྱིར་དེ་ནི་དེ་རྣམས་ལས་ཐ་མི་དད་པ་མ་ཡིན་ནོ། །ཐ་དད་པ་ཡང་མ་ཡིན་ཏེ་བདེན་པ་མཐོང་བ་རྣམས་ཀྱིས་ཀྱང་འདུ་བྱེད་རྣམས་ཀྱི་མཚན་མ་ཟིལ་གྱིས་ནོན་པར་མི་འགྱུར་ལ། གཞན་ཡང་སྟོང་པ་དེ་མི་མྱོང་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་དག་ཀྱང་གཅིག་པ་དང་ཐ་དད་པར་འགྱུར་རོ། །དེ་བས་ན་འདི་ནི་དེ་དག་ལས་ཐ་དད་པ་མ་ཡིན་ནོ། །དེ་སྐད་ཀྱང༌། དངོས་པོ་མ་ཡིན་དངོས་མེད་མིན། །ཐ་དད་གཅིག་གི་མཚན་ཉིད་མིན། །ཞེས་གསུངས་སོ། །ཡང་དེའི་མིང་གི་རྣམ་གྲངས་ནི། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་དང་ཆོས་ཉིད་དོ། །ཞེས་གསུངས་སོ། །དེ་རྣམས་ཀྱི་རྣམ་གྲངས་ཀྱི་དོན་ནི། འགྱུར་བ་མེད་པས་ན་དེ་བཞིན་ཉིད་དོ། །དེ་ཁོ་ན་ཉིད་ཀྱི་མཐའ་ཡིན་པས་ན་ཡང་དག་པའི་མཐའོ། །འདི་ལ་དངོས་པོའི་མཚན་མ་མེད་པས་ན་མཚན་མ་མེད་པའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་


DTG138_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ་དོན་ནི་དེའི་ཡུལ་ཡིན་ཏེ་ངེས་ན་དོན་དམ་པའོ། །འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་སོ། །ཐམས་ཅད་ཀྱི་རང་བཞིན་ཡིན་པས་ཆོས་ཉིད་དོ། །ཡང་དེ་སྔོན་གྱི་གནས་སྐབས་སུ་ནི་ཀུན་ནས་ཉོན་མོངས་པར་འགྱུར་ཞིང༌། དེའི་བདག་ཉིད་མ་ཡིན་པའི་གློ་བུར་གྱི་དྲི་མ་ཅན་ཡང་ཡིན་ནོ། །ཕྱིས་དེ་སྤངས་པས་རྣམ་པར་དག་པར་འགྱུར་ཞིང་དྲི་མ་མེད་པ་ཡིན་ཏེ་དེ་ཡང༌། དེ་ནི་དྲི་བཅས་དྲི་མ་མེད། །ཀུན་ནས་ཉོན་མོངས་རྣམ་པར་དག །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་མེད་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་དང་མ་དག་མིན། །སེམས་ཀྱི་རང་བཞིན་འོད་གསལ་བ། །ཉོན་མོངས་དང་ནི་གློ་བུར་ཕྱིར། །ཞེས་རྒྱ་ཆེར་གསུངས་པའོ། །དེ་ལྟར་ན་དེ་རྣམས་ལ་ཀུན་བརྟགས་པའི་གཟུགས་དང༌། རྣམ་པར་བརྟགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་དང༌། ཡང་བཏགས་པར་ཡོད་པ་དང་རྫས་སུ་ཡོད་པ་དང༌། དོན་དམ་པར་ཡོད་པ་དང་ཞེས་ཀྱང་གསུངས་སོ།། དེ་ལྟ་བས་ན་རང་བཞིན་གསུམ་དང་ལྡན་པ་དེ་ནི་དབུ་མའི་ལམ་ཡིན་ནོ་ཞེས་གསུངས་པ་ནི། ཀུན་བརྟགས་པའི་རང་བཞིན་གྱིས་ནི་ཡོད་པ་མ་ཡིན་ཞིང༌། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་ནི་མེད་པ་མ་ཡིན་ཏེ། དེ་བས་ན་མཐའ་གཉིས་དང་བྲལ་བའོ། །དེ་ཡང༌། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །སྔོན་པོ་ལ་སོགས་པའི་རྣམ་པར་རྟོག་པའི་ལུས་ནི་ཡོད་པའོ། །སྔོན་པོ་ལ་སོགས་པའི་མཚན་ཉིད་ནི་མེད་པ་སྟེ། ཇི་སྐད་དུ་འཆད་པར་འགྱུར་བའི་གནོད་པ་ཡོད་པའི་ཕྱིར་རོ། །དེ་བས་ན་སྔོན་པོ་ལ་སོགས་པའི་བག་ཆགས་ཀྱིས་བསླད་པའི་དབང་གིས་འཁྲུལ་པའོ། །དེ་


DTG138_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྱུར་བས་དེ་མྱོང་བ་ཡང་འཁྲུལ་པ་དང་གཞན་མྱོང་བ་ལྟ་བུར་མྱོང་བའོ། །ཡང་རིག་པ་གསལ་བའི་ངོ་བོ་ལ་གནོད་པར་བྱེད་པ་ནི་མེད་དེ། དེ་ལས་ལྷག་པའི་ཚད་མ་གཞན་མེད་པའི་ཕྱིར་རོ། །དེ་ནི་རང་རིག་པའི་མངོན་སུམ་ཡིན་པ་དང༌། ཡང་དག་ཏུ་མྱོང་བའོ། །དེ་བས་ན་འདི་ནི་ཚད་མས་གྲུབ་པ་སྟེ། ཚད་མ་ནི་ཚད་མ་བརྒྱས་ཀྱང་མི་གནོད་དེ། ཚད་མ་མ་ཡིན་པ་ཕ་རོལ་གྱི་འདོད་པ་ཙམ་གྱིས་སྨོས་ཀྱང་ཅི་དགོས། དེ་ལྟར་ན་ཚད་མ་གཉིས་ཀྱིས་སྒྲུབ་པ་དང་སུན་འབྱིན་པ་ཡིན་ནོ། །གཉིས་ལྟར་སྣང་བའི་ཕྱིར་གཉིས་ཀྱི་མཚན་མ་ཞེས་ཀྱང་བྱ་སྟེ། དེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་འགག་པར་འགྱུར་བ་དང༌། དེ་ནི་མ་འཁྲུལ་པ་དང་ཡང་དག་པའི་ཡེ་ཤེས་ཡིན་པས་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའོ། །དེའི་དེ་བཞིན་ཉིད་ནི་མི་འགྱུར་བ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌། །དངོས་རྣམས་སྐྱེ་བ་ཡོད་མིན་ཞིང༌། །འགག་པའང་གང་ན་ཡོད་མིན་པ། །ཤེས་པ་འདི་ཉིད་ཁོ་ན་ནི། །སྐྱེ་ཞིང་འགག་པར་འགྱུར་བ་ཡིན། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཡེ་ཤེས་ལ་ནི་དེ་བྲལ་ན། །ལོག་པར་རྣམ་བརྟགས་ཅིས་མ་ཡིན། །ཞེས་བྱ་བ་འདིས་ཐམས་ཅད་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་རྣལ་འབྱོར་སྤྱོད་པ་པ་དང༌། དབུ་མ་གྲུབ་པའི་མཐའ་མཚུངས་པ་ཡིན་ནོ། །དེ་ལྟ་བས་ན་དོན་འདི་ནི་ཤིན་ཏུ་བཟློག་པར་དཀའ་བ་ཉིད་ཡིན་ནོ། །ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། དེ་ཡང་སྣང་བ་མེད་པའི་ས་དང༌། ལྷག་པའི་བསམ་པ་རྣམ་པར་དག་པའི་ས་དང༌། ཁྱད་པར་གྱིས་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་དུས་དེར། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ༌། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་པས་ནི། ཆོས་ཐམས་ཅད་སྐྱུ་མའི་དཔེ་བརྒྱད་དང་འདྲ་བར་མཐོང་ངོ་ཞེས་གསུངས་སོ། །དེ་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་སྟེ། ཡེ་ཤེས་དེས་དེ་ཁོ་ན་ཉིད་ཡོངས་སུ་གཅོད་པ་ཉིད་ཀྱིས་དག་པ་ཡིན་ལ། འཁྲུལ་བ་ཉིད་ཀྱིས་འཇིག་


DTG138_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་པ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་ས་ལ་དགོས་པའི་དབང་གིས་རྫོགས་པའི་བྱང་ཆུབ་ཅུང་ཟད་འཁྲུལ་པ་ཡིན་ཏེ། དག་པ་འཇིག་རྟེན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ས་དེ་རྣམས་སུ་ཤེས་པ་རྣམས་གནས་གྱུར་ཅིང་མི་འདྲ་བར་སྨིན་པའོ། །དེ་ལྟར་ཤེས་པ་ནི་གཉིས་ཏེ། འཇིག་རྟེན་པའི་ཤེས་པ་དང༌། འཇིག་རྟེན་ལས་འདས་པའི་ཤེས་པའོ། །འཇིག་རྟེན་པའི་ཤེས་པ་ཡང༌། མ་དག་པ་འཇིག་རྟེན་པའི་ཤེས་པ་དང༌། དག་པ་འཇིག་རྟེན་པའི་ཤེས་པའོ། །ལུགས་འདི་ནི་རྣམ་པ་མེད་པ་ཡིན་ཏེ་དེ་ཡང༌། འཇིག་རྟེན་པ་ཡི་ཡེ་ཤེས་ལ། །རྣམ་པ་དག་ནི་ནུབ་གྱུར་ནས། །དེ་ཉིད་གཉིས་མེད་སྤྲོས་པ་མེད། །ཁྱབ་བདག་སྣང་བ་མེད་པ་སྐྱེ། །འཇིག་རྟེན་ཤེས་པ་རྣམ་བཅས་ཀྱང༌། རྣམ་པ་དག་ནི་བརྫུན་པ་དང༌། །བདེན་མིན་རྣམ་པར་གཅོད་པས་ན། །དེ་ནི་རྣམ་པ་མེད་པར་བརྗོད། །གཞན་དག་སངས་རྒྱས་པ་རྣམས་འདི་སྐད་དུ་སྨྲ་སྟེ། གང་ཞིག་རྣམ་པ་མེད་པའི་ཤེས་པས་སྔོན་པོ་ལ་སོགས་པའི་དོན་རིག་པར་འདོད་པ་ནི་བྱེ་བྲག་ཏུ་སྨྲ་བའོ། །གང་ཞིག་དོན་གྱིས་ཕན་བཏགས་པའི་གཟུགས་བརྙན་གྱི་རྣམ་པ་ཉམས་སུ་མྱོང་བ་དོན་རིག་པར་འདོད་པ་ཉིད་ནི་མདོ་སྡེ་པའོ། །གཞན་དབུ་མ་ལྟར་སྣང་བའི་ཕྱོགས་གསུམ་དང༌། རྣལ་འབྱོར་སྤྱོད་པའི་ཕྱོགས་བཞི། ཚད་མ་དང་ལུང་དང་བསྟན་བཅོས་ལ་མཁས་པ་རྣམས་ཀྱིས་སུན་དབྱུང་བར་བྱ་སྟེ། དེ་ལ་སྔོན་པོ་ལ་སོགས་པ་འདི་དག་ཇི་ལྟར་རྣམ་པར་ཤེས་པ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་ཀྱང༌། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དང་སྣང་བར་གྱུར་པ་ཡིན། །ཞེས་གསུངས་སོ། །འོ་ན་འདི་ལ་རིགས་པ་ཅི་ཡོད་ཅེ་ན། གང་ཡང་རྨི་ལམ་གྱི་ཤེས་པ་ཉིད་དོན་དེ་དང་དེར་སྣང་ཡང་སད་པ་ཉིད་ན་མ་ཡིན་པ་བཞིན་ནོ། །དཔེ་ཙམ་གྱིས་དོན་གྲུབ་པ་མེད་དོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། ཆོས་རྣམས་རང་ཉིད་གསལ་བཞིན་པར་བདག་ཉིད་ཀྱིས་གསལ་བའི་ངོ་བོ་ཉམས་སུ་མྱོང་བས་གྲུབ་པ་ཡིན་ལ། གསལ་བ་དེ་ཡང་རབ་ཏུ་སྣང་བ་དང༌།


DTG138_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་སྣང་བ་དང༌། གསལ་བཞིན་པ་ཞེས་བྱའོ། །དེ་ཡང་བེམས་པོ་མ་ཡིན་ཏེ། ལྐོག་ཏུ་གྱུར་པ་མ་ཡིན་ཞིང་ཤིན་ཏུ་ཡོངས་སུ་གསལ་བའི་རང་བཞིན་ནོ། །དེ་གྲུབ་པ་མ་ཡིན་ན་ནི་གང་ཡང་སྣང་བར་མི་འགྱུར་བས་ཐམས་ཅད་མ་གྲུབ་པར་ཐལ་བར་འགྱུར་རོ། །གྲུབ་ན་ནི་དེ་ཉིད་ཤེས་པ་ཡིན་པས་ཆོས་ཐམས་ཅད་རྣམ་པར་ཤེས་པའི་རང་བཞིན་དུ་གྲུབ་པར་འགྱུར་རོ། །འདིར་ཚིགས་སུ་བཅད་པ་ནི། གསལ་བ་མིན་པ་གསལ་མི་འགྱུར། །གཞན་གྱིས་ཀྱང་ནི་གསལ་མི་ནུས། །སྔོན་པོ་ལ་སོགས་གསལ་བ་སྟེ། དེ་ཕྱིར་གཉིས་མེད་ཤེས་པ་ཡིན། །མདོ་སྡེ་པ་ལྟར་ན་ཡང༌། །ཤེས་པ་དེས་འབྲེལ་པ་གང་གིས་དོན་དེ་མྱོང་བར་འགྱུར། །དེ་ལས་བྱུང་བའི་འབྲེལ་བས་སོ་ཞེན། མིག་ཀྱང་མིག་གི་རྣམ་པར་ཤེས་པས་མྱོང་བར་འགྱུར་རོ། །ཡང་རྨི་ལམ་དེ་མེད་ཀྱང་དེར་སྣད་བ་འབྱུང་བའི་ཕྱིར་རོ། །འོན་ཏེ་འདྲ་བའི་དབང་གིས་སོ་ཞེ་ན། །དེ་ཡང་ཀུན་གྱིས་མཚུངས་ན་ནི། ཤེས་པ་ཡང་བེམས་པོ་ཉིད་དུ་འགྱུར་རོ། །འགའ་ཞིག་གིས་མཚུངས་ན་ནི་ཀུན་གྱིས་ཐམས་ཅད་རིག་པར་འགྱུར་རོ། །གཞན་ཡང་སྣམ་བུ་དང་རེ་ལྡེ་ལ་སོགས་པར་སྣང་བ་འདི་དག་གཅིག་གམ་དུ་མ་ཞིག །གལ་ཏེ་གཅིག་ན་ཐོག་མ་དང་ཐ་མ་དང་དབུས་ཀྱི་ཆ་ཐ་དད་པར་སྣང་བར་མི་འགྱུར་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་འགལ་བའི་ཕྱིར་རོ། །ཅི་སྟེ་དེ་ལྟར་ན་ཆ་ཤས་རྣམས་ཀྱང་སོ་སོར་གཅིག་ཏུ་མི་རུང་བས་ཆ་ཤས་མེད་པའི་རྡུལ་ཕྲ་རབ་འབའ་ཞིག་གནས་འགྲངས་ན་མ་ཡིན་ཏེ། རྟག་ཏུ་སྟུག་པོར་སྣང་བའི་ཕྱིར་དང༌། རྡུལ་ཕྲ་རབ་གཅིག་ཏུ་མཐོང་བ་མེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་མང་པོས་སྦྱར་བས་ཡིན་ནོ་ཟེར་ན། དེ་ཡང་གལ་ཏེ་ཆ་ཤས་ཀྱིས་སྦྱོར་ན་ནི་ཆ་ཤས་མེད་པའི་རྡུལ་ཕྲ་རབ་ཏུ་མི་འགྱུར་ལ་ཆ་ཤས་མེད་པས་སྦྱོར་ན་ནི་རྡུལ་ཕྲ་མོ་རྣམས་གཅིག་ལ་གཅིག་ཞུགས་པས་རི་ལ་སོགས་པ་ཡང་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་ཐལ་བར་འགྱུར་རོ། །དེ་བས་ན་སྣམ་བུ་ལ་སོགས་པ་འདི་དག་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །དེ་ཡང༌། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་དུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་སོ། །ཇི་ལྟར་སྔོན་


DTG138_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་སོགས་པ་ཕྱི་རོལ་གྱི་ལས་ཐལ་བར་འགྱུར་བའི་སྐྱོན་བརྗོད་པ་འདི་དག་ནི། རྣམ་པར་ཤེས་པའི་བདག་ཉིད་ཀྱི་སྔོན་པོ་ལ་སོགས་པ་ལ་ཡང་མཚུངས་ཏེ། ཐལ་བར་འགྱུར་བ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །དོན་དང་རྣམ་པར་ཤེས་པའི་བྱེ་བྲག་ཙམ་གྱིས་ནི་ཅིར་ཡང་མི་འགྱུར་རོ། །ཅི་སྟེ་དོན་གྱི་རྡུལ་ཕྲ་རབ་ནི་ཕྱོགས་དྲུག་ནས་ནི་བསྐོར་བ་ཡིན་ལ། རྣམ་པར་ཤེས་པའི་རྡུལ་ཕྲ་མོ་ནི་ཕྱོགས་བཞི་པའོ་ཞེ་ན། ཆ་ཤས་དང་བཅས་པ་མཚུངས་པའི་ཕྱིར་དེས་ཀྱང་ཅིར་ཡང་མི་འགྱུར་ཏེ། གཅིག་དང་དུ་མ་ལས་མ་གཏོགས་པའི་དངོས་པོ་ཕུང་པོ་གསུམ་པ་གཞན་དག་ཀྱང་མེད་པས་སྔོན་པོ་ལ་སོགས་པ་དག་ནི་ཕྱི་རོལ་གྱི་དངོས་པོ་དང་ནང་གི་དངོས་པོར་མ་གྲུབ་པས་བརྫུན་པ་ཉིད་དོ། །འདི་ཡང་གསལ་བ་ཙམ་གྱི་བདག་ཉིད་ཡིན་ཡང་བག་ཆགས་ཀྱིས་དཀྲུགས་པའི་དབང་གིས་མེད་དུ་ཟིན་ཀྱང༌། གང་ཞིག་གི་བདག་ཉིད་དུ་གསལ་བ་སྟེ། བདག་ཉིད་དེ་དག་ནི་གོ་རིམས་བཞིན་དུ་གཞན་གྱིས་མ་བཞག་པ་དང༌། བཞག་པས་ཡང་དག་པ་དང༌། ཡང་དག་པ་མ་ཡིན་པ་ཡིན་གྱི། གསལ་བ་ནི་གཞན་གྱིས་གཞག་པ་མ་ཡིན་པའི་ཕྱིར། བརྫུན་པར་མི་རུང་ངོ༌། །དེའི་འཇོག་པར་བྱེད་པ་ནི་མེད་དེ། ཁྱད་པར་མེད་པའི་ཕྱིར་དང༌། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་གསལ་བ་འདི་ནི་རང་གི་བདག་ཉིད་ལ་མ་འཁྲུལ་བའི་ཕྱིར་མངོན་སུམ་གྱི་ཚད་མ་ཡིན་ནོ། །གཞན་པ་ནི་ནམ་མཁའ་ལ་སྐྲའི་ཚོགས་སྣང་བ་བཞིན་འཁྲུལ་པ་ཡིན་ནོ། །འདི་ལྟར་སྔོན་པོ་ལ་སོགས་པ་གསལ་བ་གཅིག་གི་བདག་ཉིད་ཡིན་ནོ་ཟེར་ན། སྔོན་པོ་དང་སེར་པོ་ལ་སོགས་པ་མཚན་ཉིད་ཕན་ཚུན་སྤངས་ཏེ་སྣང་བས་གཅིག་མ་ཡིན་ལ། དེའི་བདག་ཉིད་ཀྱིས་གསལ་བ་གཅིག་དང་འགལ་བའི་ཕྱིར་དུ་མ་ཉིད་ཀྱང་མ་ཡིན་ནོ། །ཅི་སྟེ་སྔོན་པོ་ལ་སོགས་པ་འདི་ནི་ཇི་ལྟར་ཉམས་སུ་མྱོང་བ་དེ་ལྟར་གཅིག་ཡིན་ཏེ། ལྷན་ཅིག་ཉམས་སུ་མྱོང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་ཐ་དད་པ་ཉིད་ཐ་དད་པ་མ་ཡིན་ནོ་ཞེས་སྨྲས་པར་འགྱུར་རོ། །ཅི་སྟེ་དེའི་བདག་ཉིད་ཡིན་པའི་ཕྱིར། །དེ་དང་འདྲ་བར་གསལ་བ་ཡང་ཐ་དད་དོ་ཞེ་ན། དེ་དག་བདག་ཉིད་སོ་སོར་མྱོང་བའི་ཕྱིར། ལྷན་ཅིག་ཏུ་མྱོང་བ་མེད་པས་གཅིག་གི་ཐམས་ཅད་མྱོང་བ་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་སྔོན་པོ་ལ་སོགས་པས་ནི་གཅིག་དང་དུ་མ་ཡིན་པས་ན་ནམ་མཁའི་སྒྲའི་ཚོགས་བཞིན་ནོ། །དོན་དེ་ཡང་


DTG138_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་མེ་ལོང་ལ་ནི་གཟུགས། །གཅིག་དང་གཞན་པ་རྣམ་སྤངས་པ། །སྣང་ཡང་དེ་ནི་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། །ཅེས་གསུངས་སོ། །རྣམ་པར་སྤངས་པ་ཞེས་བྱ་བ་ནི་གཅིག་དང་དུ་མ་གཉི་གའི་ངོ་བོར་མེད་པའོ། །འདི་ལྟར་སྔོན་པོ་ལ་སོགས་པ་གསལ་བ་ལས་ཐ་དད་དམ། འོན་ཏེ་ཐ་དད་པ་མ་ཡིན་པ་ཞིག་ཡིན། ཅི་སྟེ་ཐ་དད་པ་ཡིན་ན་ནི་དེ་མི་སྣང་བར་འགྱུར་རོ། །གལ་ཏེ་ཐ་དད་པ་མ་ཡིན་ན་ནི་དེ་རྣམས་གསལ་བའི་བདག་ཉིད་ཡིན་པས་གཅིག་ཏུ་འགྱུར་བའམ། དེ་ཡང་དེ་རྣམས་དང་ཐ་མི་དད་པས་དུ་མ་གཅིག་ཏུ་མི་བཏུབ་པ་ཡང་སྔར་བཤད་ཟིན་ཏོ། །ཇི་ལྟར་མེ་ལོང་གཟུགས་ཞེས་བྱ་བ་ལ་སོགས་པ་ནི་ཕྱོགས་འདིར་ནི་གཅིག་དང་གཞན་པ་ཞེས་བྱ་བ་ནི་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པའོ། །རྣལ་འབྱོར་སྤྱོད་པ་པ་དང༌། དབུ་མ་པ་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བ་ཁ་ཅིག་ན་རེ། སྔོན་པོ་གསལ་བ་དག་བརྫུན་པ་དང་བརྫུན་པ་མ་ཡིན་པར་འགྱུར་ན་ཆོས་འགལ་བ་ཉིད་ཀྱིས་ན་དེའི་བདག་ཉིད་དུ་འཐད་པར་མི་འགྱུར་ལ། དེའི་བདག་ཉིད་མ་ཡིན་ན། སྔོན་པོ་ལ་སོགས་པ་གསལ་བར་མི་འགྱུར་ན། སྔོན་པོ་ལ་སོགས་པ་ནི་གསལ་བ་ཡིན་ནོ་ཞེ་ན། སྒྲོ་མ་བཏགས་པའམ་དངོས་པོར་འགྱུར་བའི་གསལ་བ་ལས་གཞན་མ་ཡིན་པའི་ཕྱིར། སྔོན་པོ་ལ་སོགས་པ་ནི་སྒྲོ་མ་བཏགས་པའམ། དངོས་པོར་འགྱུར་བ་ཡིན་ནོ་ཟེར་ཏེ། དེ་དག་གི་ལྟར་ན་གསལ་བ་ཐམས་ཅད་ཕྱིན་ཅི་མ་ལོག་པའི་རང་གི་ངོ་བོ་མྱོང་བའི་ཕྱིར་འཁྲུལ་པ་གཏན་མེད་པར་འགྱུར་རོ། །དེས་ན་སེམས་ཅན་ཐམས་ཅད་གཏན་དུ་གྲོལ་ཞིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །ཇི་སྟེ་བློའི་རྣམ་པ་ནི་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་ལ་མི་རིགས་པས་བརྫུན་པ་མ་ཡིན་ལ། ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་ནི་བརྫུན་པ་ཡིན་ཏེ། རང་གི་སྣང་བ་དོན་མ་ཡིན་པ་ལ་དོན་དུ་མངོན་པར་ཞེན་པས་གཞག་པའི་ཕྱིར་རོ་ཞེ་ན། འོ་ན་ནི་རང་གི་སྣང་བ་ལ་མངོན་པར་ཞེན་པ་ཡིན་པས་དེ་རྣམ་པ་ཐམས་ཅད་དུ་ཤེས་པ་ཉིད་དུ་ཞེན་པར་འགྱུར་གྱི་དོན་དུ་ནི་མ་ཡིན་ཏེ་དོན་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཁྲུལ་པ་ཡིན་ནོ་ཞེ་ན། འཁྲུལ་པ་དེ་ཉིད་དཔྱད་པར་བྱ་སྟེ། ཅི་སྟེ་དོན་ལ་ཞེ་ན་ནི་དེའི་དོན་རྣམ་པ་ཐམས་ཅད་དུ་ཡོད་པར་འགྱུར་བས་དོན་མེད་བཞིན་དུ་ཞེན་པར་མི་འགྱུར་རོ། །དེ་བས་ན་དོན་ལ་ཡང་


DTG138_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་མ་ཡིན་ལ། ཤེས་པ་ཡང་མ་ཡིན་ནོ། །དེ་བས་ན་བློའི་བསླད་པ་ཇི་ལྟར་གྲགས་པ་བཞིན་དུ་རྣམ་པར་གཞག་པ་ཡིན་གྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །གང་ཡང་གསལ་བ་ལས་ཐ་མི་དད་པའི་ཕྱིར་རྣམ་པ་བརྫུན་པ་ཡང་དངོས་པོར་འགྱུར་རོ་ཞེས་པའི་གཏན་ཚིགས་འདི་གལ་ཏེ་དངོས་པོའི་རིང་བཞིན་དུ་ཐ་མི་དད་དོ་ཞེ་ན་གཏན་ཚིགས་མ་གྲུབ་པར་འགྱུར་རོ། །འོན་ཏེ་ཐ་མི་དད་པ་ཙམ་གཏན་ཚིགས་ཡིན་ན་ནི་མ་ངེས་པར་འགྱུར་ཏེ། གཟུང་བ་དང་འཛིན་པ་ཉིད་ལ་སོགས་པ་ལ་དེ་མེད་པར་གཏན་ཚིགས་ཡོད་པས་སོ། །རྣལ་འབྱོར་སྤྱོད་པ་པ་དང༌། དབུ་མ་པ་རྣམ་པ་མེད་པར་སྨྲ་བ་རྣམས་རྣམ་པར་རྟོག་པའི་ལུས་རྫས་སུ་མེད་པར་སྨྲ་སྟེ། དེ་དག་གི་ལྟར་ན་ཡང་མངོན་སུམ་གྱི་ཚད་མ་ནི་སྐད་ཅིག་མ་དང་པོའི་རྟོག་པ་དང་བྲལ་བ་ཡིན་ལ། རྗེས་སུ་དཔག་པ་ནི་མེད་པའི་ཕྱིར་རྣམ་པ་འདི་ནི་ཐམས་ཅད་དུ་དགག་པར་ནུས་པ་མ་ཡིན་ནོ། །གང་ཡང་དབུ་མ་པ་ཁ་ཅིག་ན་རེ་འཇིག་རྟེན་ལས་གྲགས་པ་ནི་ཀུན་རྫོབ་ཡིན་ཏེ། ཕྱི་རོལ་གྱི་དོན་ཡང་འཇིག་རྟེན་ལ་གྲགས་པ་ཡིན་པས། སེམས་དང་སེམས་ལས་བྱུང་བ་བཞིན་དུ་དེ་ཡང་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་ནི་འཁྲུལ་པ་ཡིན་ཏེ། རང་གི་རིག་པ་འགལ་བའི་ཕྱིར་རལ་གྲིའི་སོས་རང་མི་གཅོད་པ་བཞིན་ནོ། །གཞན་རིག་པ་ཡང་བསླད་པ་ཙམ་དུ་འུ་བུ་ཅག་གཉི་ག་འདོད་དོ། །དེ་བས་ན་འཁྲུལ་པ་ཟད་པས་དོན་དམ་པ་རྟོགས་པའི་ཕྱིར་རོ། །སངས་རྒྱས་པ་རྣམས་ནི་སེམས་དང་སེམས་ལས་བྱུང་བ་ཟད་པ་ཉིད་དོ། །གང་གི་ཚེ་དེ་རྣམས་ཀྱི་སྐྱེ་བ་དེའི་ཚེ་ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་དམ་པར་རྗེས་སུ་བྱེད་པ་ཐོབ་པས་མྱོང་བར་གཞག་གོ །མི་གནས་པའི་མྱ་ངན་ལས་འདས་པ་ནི་སེམས་ཅན་སྣ་ཚོགས་པའི་དོན་བྱ་བའི་ཕྱིར་གཟུགས་བྱིན་གྱིས་བརླབས་ཏེ་གཞག་ནས། ཡང་དག་པའི་བྱང་ཆུབ་མངོན་དུ་བྱེད་དོ་ཟེར་བ་དག་ནི་སྨད་པ་ལས་ཀྱང་སྨད་པར་འགྱུར་བ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་སེམས་དང་སེམས་ལས་བྱུང་བ་འདི་དག་མེད་པའི་ཕྱིར་རྟོག་པ་ཉིད་ཀྱང་མེད་ན། དོན་དམ་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ག་ལ་ཡོད། ཅི་སྟེ་ཡང་འདི་ནི་རྟོགས་པ་ཁོ་ན་ཡིན་ནོ་ཞེ་ན། དེ་ཉིད་སེམས་ཡིན་པས་སེམས་དང་སེམས་ལས་བྱུང་བ་མེད་པ་མ་ཡིན་ནོ། །གཞན་ཡང་དོན་དམ་པ་དེ་བཞིན་དུ་གྱུར་པ་མྱོང་ན་ནི་འཁྲུལ་བར་


DTG138_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ། ཐ་མི་དད་ན་ནི་རང་རིག་པར་འགྱུར་རོ། །གཞན་ཡང་སེམས་དང་སེམས་ལས་བྱུང་བ་འཁྲུལ་པ་ཡིན་ན་དེའི་ཚེ། དེ་རྣམས་ཀྱི་གཉེན་པོ་གང་ཡིན། འཁྲུལ་པ་དེ་ཉིད་རགས་པའི་ཅིག་ཤོས་ནི་མི་མཐུན་པའི་ཕྱོགས་ཡིན་ལ། ཕྲ་བ་ནི་གཉེན་པོ་ཡིན་ནོ་ཞེ་ན། དེ་ལྟར་ན་ནི་ཤེས་པ་ཐ་མ་ལ་ནི་གཉེན་པོ་མེད་པས་སེམས་དང་སེམས་ལས་བྱུང་བ་ཟད་པར་མི་འགྱུར་རོ། །དེ་བས་ན་འདི་ལྟར་རྣམ་པར་རིག་པ་ཙམ་གྱི་གཉུག་མ་རང་གི་ངོ་བོ་མྱོང་བ་ནི་མངོན་སུམ་གྱི་ཚད་མ་ཡིན་ཏེ་མ་འཁྲུལ་པའི་ཕྱིར་རོ། །སྒྲོ་བཏགས་པ་རང་གི་ངོ་བོ་མྱོང་བས་ན་འཁྲུལ་པ་ཡང་ཡིན་ནོ།། དེ་བས་ན་འཁྲུལ་པའི་མཚན་མ་དེ་ཐམས་ཅད་རིམ་གྱིས་དོར་ཏེ། ནམ་མཁའ་གཅིག་ཏུ་དྲི་མ་མེད་ཅིང་མཐའ་མེད་པ་ལྟ་བུར་ཆོས་ཐམས་ཅད་ཀྱིས་གསལ་བའི་ལུས་གཉིས་ཀྱིས་སྟོང་པ་མྱོང་བ་གང་ཡིན་པ་དེ་ཉིད་དོན་དམ་པ་ཡང་དག་པར་རྟོགས་པ་ཡིན་གྱི། སེམས་ལས་བྱུང་བ་འགགས་པ་ནི་རིག་པ་མ་ཡིན་ནོ། །ཡང་ཟག་པ་དང་བཅས་པ་ནི་ཆོས་ཐམས་ཅད་ཀྱི་ས་བོན་མ་ཟད་པ་དེ་ཉིད་དུ་ནི་ཀུན་གཞི་ཞེས་བརྗོད་དོ། །དེ་ཡང་དགྲ་བཅོམ་པ་གསུམ་ལ་ལྡོག་པར་འགྱུར། །ལྡོག་པ་ཇི་ལྟ་བུ་ཞེ་ན་གནས་གྱུར་པ་སྟེ་དེ་ཡང་གང་ཟག་པ་མེད་པའི་དབྱིངས་དང༌། རྣམ་པར་གྲོལ་བའི་སྐུ་སྟེ་ཤེལ་དག་པ་ལྟ་བུའོ། །ཆོས་ཀྱི་སྐུ་ནི་དེ་དག་ལས་ཁྱད་པར་འཕགས་པ་སྟེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་བྱེད་པས་སོ། །འདི་ལྟ་སྟེ་ཉི་མ་དང་ཟླ་བ་དང་མེ་ཤེལ་དང་ཆུ་ཤེལ་ནི་དག་པ་ཙམ་དུ་ཁྱད་པར་མེད་མོད་ཀྱི། འོད་ཟེར་གྱིས་ཁྱད་ཆེས་འཕགས་པ་ཡིན་ནོ། །ཅི་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་ཆོས་ཐམས་ཅད་ཇི་ལྟར་ཞེ་ན། ནམ་མཁའ་དྲི་མ་མེད་པ་འབའ་ཞིག་མཐའ་མེད་པ་དང་འདྲ་བར་དེ་བཞིན་ཉིད་རོ་གཅིག་ཏུ་སྣང་ངོ༌། །ཅིའི་ཕྱིར་ཞེན་མཚན་མ་དེ་རྣམས་ནུབ་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པ་གཅིག་ཏུ་སྣང་བས་འཁྲུལ་པ་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་མ་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་འདི་དག་ཐམས་ཅད་བརྫུན་པ་ཉིད་ཡིན་ཏེ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་མིད་དང་མཚན་མར་བཏགས་པར་ཟད་དོ། །དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་འགགས་པ་ནི་ཡང་དག་པའི་བྱང་ཆུབ་ཏུ་མི་རིགས་


DTG138_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །གཞན་ཡང་དབུ་མ་པ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཉིད་དབུ་མའི་ལམ་ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་གལ་ཏེ་འདི་དག་ཚད་མས་མེད་པར་གྲུབ་ན་དེའི་ཕྱིར་འགས་ཀྱང་ཡོད་པ་བསྒྲུབ་པར་མི་ནུས་སོ། །ཚད་མ་མ་ཡིན་པ་ལ་སྣང་བ་ཙམ་གྱིས་ལྟ་སྨོས་ཀྱང་ཅི་དགོས། ཐམས་ཅད་མེད་པ་ཉིད་ཡིན་ན་ཅི་ཞིག་ཉེ་བར་བླངས་ནས་ཅི་ཞིག་གདགས། ཡང་ཐམས་ཅད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དབུ་མའི་ལམ་ཡིན་ནོ་ཞེས་སྨྲ་ན། དེ་ཡང་མི་རིགས་ཏེ་ཡོད་པ་དང་མེད་པ་ཕན་ཚུན་གཞན་སེལ་བའི་མཚན་ཉིད་ཡིན་པའི་ཕྱིར་གཅིག་བཀག་པ་ཉིད་ཀྱིས་གཉིས་པའི་མཚན་ཉིད་ཡིན་པའི་ཕྱིར། གཉི་ག་དགག་པར་མི་རིགས་པ་ཡིན་ནོ། །ཡང་ཐམས་ཅད་བརྫུན་པའི་ཚུལ་གྱིས་ཤེས་པ་ཐམས་ཅད་ཀྱང་བརྫུན་པས་མངོན་སུམ་ཅུང་ཟད་ཀྱང་མ་གྲུབ་པའོ། །དེའི་ཕྱིར་ཚུལ་གསུམ་ངེས་པ་མེད་པས་གཏན་ཚིགས་ཐམས་ཅད་ཀྱང་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །གཞན་ཡང་རང་དང་གཞན་ལ་དགག་པ་དང་སྒྲུབ་པ་ཐམས་ཅད་མ་གྲུབ་སྟེ། དེ་དག་ཐམས་ཅད་ནི་ཚད་མ་ལ་རག་ལུས་པའི་ཕྱིར་དང༌། ཚད་མ་ཡང་ཁས་མི་ལེན་པའི་ཕྱིར་རོ། །ཚིག་ཙམ་གྱིས་འགོག་ན་ནི་ཁྱོད་ཉིད་བ་ལང་རྣམས་ལས་མུ་སྟེགས་རྒྱང་པན་གྱི་ལྟ་བ་ཅན་ནོ་ཞེས་གཞན་གྱིས་སྨྲས་པ་ན་མི་དང་དབུ་མ་བཀག་པར་འགྱུར་རོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པར་གསུངས་པའི་དགོངས་པ་ཡང་མདོ་སྡེ་དགོངས་འགྲེལ་དུ་གསུངས་པས་ངེས་ཏེ། དེ་ཉིད་བྱམས་པ་དང་ཐོགས་མད་དང་ཀླུ་སྒྲུབ་ཀྱིས་ཀྱང་ངོ༌། །ཚད་མར་ཁས་ལེན་ན་ནི་རང་བཞིན་གསུམ་གྱི་ཚུལ་དུ་གྲུབ་པས་ཐམས་ཅད་བརྫུན་དུ་སྨྲ་བ་ཐོང་ཤིག །གལ་ཏེ་བདག་ཅག་ནི་ཚད་མ་མི་འདོད་པའི་ཕྱིར་རོ་ཞེ་ན། ཚད་མ་མེད་པའི་ཕྱིར་རྩོད་པར་སྨྲ་བ་ནི་བཞད་གད་པ་ཉིད་ཡིན་ནོ། །འདི་ངག་བདག་ཅག་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཡོད་པས་དེ་ཉེ་བར་བླངས་ཏེ་ཕུང་པོ་ལ་སོགས་པར་འདོགས་སོ། །དགག་པ་དང་སྒྲུབ་པ་ཐམས་ཅད་ཀྱང་ཚད་མས་བྱེད་པའི་ཕྱིར་རོ། །དེ་ཡང་གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་བཏགས་པ་སྟེ། དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །ཡང་སྔོན་པོ་ལ་སོགས་པ་དེ་བསལ་བའི་རང་བཞིན་ཡང་གནོད་པ་ཡོད་པའི་ཕྱིར་བརྫུན་པའོ། །ཡང་བསལ་བ་དེ་རིག་པའི་འཁྲུལ་བ་དང་བྲལ་བ་ཉིད་དུ་མངོན་སུམ་ཡིན་པའི་ཕྱིར་དངོས་པོ་ཉིད་དུ་གྲུབ་པ་ཡིན་ནོ། །གསལ་བ་ནི་གསལ་བ་སྦྱིན་པ་ཉིད་ཀྱིས་གཉུག་


DTG138_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རང་བཞིན་ཏེ། གང་གིས་མྱོང་བ་འདི་འཁྲུལ་བར་འཇོག་པའི་བསླད་པས་བཞག་པ་མེད་པའི་ཕྱིར་རོ། །རྒྱུན་གྱིས་གཞན་དུ་གྱུར་བས་ནི་བདག་མེད་པའི་ཕྱིར་འདོད་པ་སྟེ་དེའི་ཆ་དང་བཅས་པས་ནི་རྟག་པའི་དངོས་པོ་ཁེགས་མོད་ཀྱི་ཆོས་གང་མི་རྟག་པའི་མཚན་ཉིད་ཅན་རྒྱུན་མི་འཆད་པར་གནས་པ་ནི་དགག་པར་མི་ནུས་ཏེ་ཚད་མས་གྲུབ་པའི་ཕྱིར་རོ། །གཡོ་ཅན་བླུན་པོ་ཆོས་གང་དང་གང་སྤྱི་ལ་ཁྱབ་པ་དང་མ་ཁྱབ་པའི་བྱེ་བྲག་བ་ལང་རྫས་ཀྱང་མཐོང་བ་ལའང་བསྙོན་ཅིང་ཁོ་ཉིད་འཇུག་ལྡོག་གི་ཁྱད་པར་མི་འདོར་བ་སྒྱུ་ཐབས་ལ་སྤྱོད་པ་དག་མེ་ལྕེ་ལས་མུན་པ་སྐྱེ་བར་འགྱུར་རོ་ཞེས་ཟེར་བ་ནི་རླུང་ནད་ཅན་ལ་ཆང་སྨན་ཡིན་པར་སྨྲས་པས་མཁྲིས་ནང་ཅན་ལ་ཡང་ཆང་སྨན་དུ་སེམས་པ་དང་མཚུངས་ཏེ་ཅི་དེ་ལྟ་ན་དེ་ཉིད་ཀྱང་ཐལ་བར་འགྱུར་བ་ཡིན་པས་རང་སྐྱེ་འགོག་བྱེད་དུ་འགྱུར་ཏེ་རང་སྐྱེ་འགོག་པ་དེ་ཡང་དེ་སྟེ་ཐལ་འགྱུར་ཡིན་ནོ། །ཁྱབ་པ་མ་གྲུབ་ཅེ་ན་ནི་མཚུངས་པས་སླན་ཆད་དེའི་རིགས་ཅན་ལ་བཙན་ཐབས་སུ་བསྙོན་པ་མཐོང་ལ་རང་སྨ་འབེབས་དེ་སྐད་ཀྱང་མ་ཟེར་ཅིག །ཡང་སྔོན་པོ་ལ་སོགས་པ་ནི་ཚུལ་གཞན་ཡིན་པའི་ཕྱིར། །བསླད་པས་བྱས་པར་ཡང་འགྱུར་ལ། དེ་ལྟར་གྱུར་པས་དེའི་མྱོང་བ་ཡང་འཁྲུལ་བར་འགྱུར་རོ། །དེ་བས་ན་སྔོན་པོ་ལ་སོགས་པ་ལ་ནི་གནོད་པ་འཇུག་པའི་སྐབས་ཡོད་ཀྱི་གསལ་བ་ལ་ནི་མ་ཡིན་ནོ། །ཆོས་ཆེན་པོ་མེ་ལོང་ལྟ་བུའི་ཐེག་པ་ཆེན་པོའི་མདོ་ལས་ཀྱང༌། ཡང་དག་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་ཀྱང་སྣང་སྟེ། འདི་ལྟར་མེད་པའི་མཚན་མའི་ལྟ་བ་དང༌། བརྟགས་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཀུན་ཏུ་རྟོག་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ཉིད་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཡོངས་སུ་འཛིན་པའི་ལྟ་བ་དང༌། ཡོངས་སུ་བསྒྱུར་བའི་ལྟ་བ་དང༌། ཁ་ན་མ་ཐོ་བ་མེད་པའི་ལྟ་བ་དང༌། ངེས་པར་འབྱུང་བའི་ལྟ་བ་དང༌། བརྙས་པའི་ལྟ་བ་དང༌། རབ་ཏུ་ཁྲོ་བའི་ལྟ་བ་དང༌། ཕྱིན་ཅི་ལོག་གི་ལྟ་བ་དང༌། བསྐྱེད་པའི་ལྟ་བ་དང༌། ཁས་མི་ལེན་པའི་ལྟ་བ་དང༌། ངན་གཡོའི་ལྟ་བ་དང༌། བཀུར་སྟི་བྱེད་པའི་ལྟ་བ་དང༌། རྨོངས་པ་བསྟན་པའི་ལྟ་བ་དང༌། རྩ་བའི་ལྟ་བ་དང༌། ལྟ་བ་མེད་པའི་ལྟ་བ་དང༌། རབ་ཏུ་སྦྱོར་བ་འགེགས་པའི་ལྟ་བ་དང༌། ངེས་པར་འབྱུང་བ་མེད་པའི་ལྟ་བ་དང༌། སྒྲིབ་པ་སོགས་པའི་ལྟ་བ་དང༌། བསོད་ནམས་མ་ཡིན་པ་སྐྱེད་པའི་ལྟ་བ་དང༌། འབྲས་བུ་མེད་པའི་ལྟ་བ་དང༌། ངེས་པར་འཛིན་པའི་


DTG138_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་དང༌། མི་བདེན་པའི་ལྟ་བ་དང༌། མི་སྨྲ་བའི་ལྟ་བ་དང༌། ལྟ་བ་ཆེན་པོ་དང༌། མངོན་པའི་ང་རྒྱལ་ཅན་གྱི་ལྟ་བའོ་ཞེས་རྒྱ་ཆེར་གསུངས་སོ། །དེ་དག་བསྙེན་གནས་ཡང་དག་ལ་སོ་སོར་རྟོག་པ་ཉིད་རྣམ་པར་མི་རྟོག་པའི་བྱང་ཆུབ་རྟོགས་པར་འདོད་པ་རྣམས་ཀྱིས་བསྟན་ཅིང་བསྒོམ་པར་བྱའོ། །བསྒོམ་པ་འདིའི་རབ་ཏུ་སྦྱོར་བ་ནི་གཉིས་ཏེ། གུས་པར་སྦྱོར་བ་དང༌། རྒྱུན་དུ་སྦྱོར་བའོ། །དེ་ཡང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པ་ནི་བསྒོམ་པའོ། །དེ་ལ་ཇི་སྙེད་ཡོད་པ་དང༌། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་གནས་ཀྱི་དམིགས་པའོ། །དེ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པའོ། །བར་མ་ཆད་པར་གཉི་ག་ཡང་ཉམས་སུ་མྱོང་བ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་ཞེས་བྱའོ། །དེ་ནི་རྣལ་འབྱོར་གྱི་ཐུན་མོང་གི་དབྱེ་བའོ། །རྣལ་འབྱོར་གྱི་ཁྱད་པར་གྱི་ས་བཞི་ནི། དངོས་པོའི་མཐའ་གཉིས་ཡོད་པ་ལ་དམིགས་པ་དང༌། སེམས་ཙམ་ལ་དམིགས་པ་དང༌། དེ་བཞིན་ཉིད་ལ་དམིགས་པ་དང༌། དམིགས་པ་མེད་པའོ། །དེ་ཡང་ཇི་སྙེད་ཡོད་པ་ལ་དམིགས་པ་ནི་རྣལ་འབྱོར་གྱིས་དང་པོའོ། །ཇི་ལྟ་བར་གྱུར་པའི་སེམས་ཙམ་ལ་དམིགས་པར་གྱུར་པ་ནི་རྣལ་འབྱོར་གྱིས་གཉིས་པའོ། །ཇི་ལྟ་བ་བཞིན་དུ་གྱུར་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པ་ནི་རྣལ་འབྱོར་གྱི་ས་གསུམ་པའོ། །ཐེག་པ་ཆེན་པོ་མཐོང་བ་སྟེ། སྣང་བ་མེད་པ་ནི་རྣལ་འབྱོར་གྱི་ས་བཞི་པའོ། །དེ་ལྟར་ཡང་ལང་ཀར་གཤེགས་པ་ལས། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་བརྟག་མི་བྱ། །དེ་བཞིན་ཉིད་དུ་དམིགས་ནས་ནི། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །སེམས་ཙམ་ལས་ཀྱང་འདས་ནས་ཀྱང༌། །སྣང་བ་མེད་ལ་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་གསུངས་པ་ཡིན་ནོ། །ཚད་མའི་ཚུལ་ལ་ཡང་དག་བརྟེན་པ་དང༌། སངས་རྒྱས་ཐེག་པའི་རིམ་


DTG138_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕྱེ་བ་དག །མཁས་པ་དགའ་བ་བསྐྱེད་པར་བྱ་བའི་ཕྱིར། །རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ཡིན། །འདི་ལ་དགེ་བ་ཅི་ཡོད་ཀུན། །སེམས་ཅན་ཀུན་ལ་བསྔོ་བར་བྱའོ།། །།དབུ་མ་རྒྱན་གྱི་མན་ངག །སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་ཞེས་བྱ་བ་དུས་དེའི་ཚེ་པཎྜི་ཏ་རྣམས་ལ་མཆོག་ཏུ་གྱུར་པར་ཀུན་གྱིས་བསྔགས་ཤིང་འགྲན་ཟླ་མེད་པ། ཡེ་ཤེས་ཀྱི་མཁའ་འགྲོ་མས་ཨཽ་ཌྱན་དུ་སྤྱན་དྲངས་ཏེ། རྟོགས་པ་བརྗོད་པའི་གྲུབ་པ་བརྙེས་པ་བཞི་བཅུའི་ནང་ནས་ཀྱང་མདོ་སྡེ་དང་རྒྱུད་སྡེ་ལ་འགྲེལ་བ་མཛད་པའི་མཆོག་ཏུ་གྲགས་པ། དུས་མཚུངས་པའི་སྒོ་སྲུང་ཆེན་པོ་བཞི་ལས་ཀྱང་གཙོ་བོར་གྱུར་པ། འཕགས་པ་ཐོགས་མེད་དང་ཀླུ་སྒྲུབ་སྙིང་པོའི་ཐུགས་ཀྱི་དགོངས་པ་མ་ནོར་པར་རྟོགས་ཤིང་བསྟན་པའི་གསལ་བྱེད་མཆོག་ཏུ་གྱུར་པའི་ཕྱིར་དང༌། བཙུན་པ་ཟླ་གྲགས་ལ་སོགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལས་འཆལ་བར་གྱུར་ན་རང་སླད་ཀྱིས་ཚེ་སྨད་ལ་མེད་པར་སྨྲ་བ་དོར་ནས་རྒྱུད་ཟབ་མོའི་འགྲེལ་པ་བྱེད་པར་འགྱུར་ལ། འོན་ཀྱང་དེས་ལོག་པར་བྲིས་པ་དེའི་རྗེས་སུ་འཇུག་ཅིང་གཡོ་སྒྱུས་སྤྱོད་པ་ཡང་འགའ་འབྱུང་བར་མདོ་སྡེ་དད་པ་ཆེར་འབྱུང་དང༌། དགོངས་པ་ངེས་པར་འགྲེལ་པ་སོགས་པར་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་ནས། ཡང་དེ་དང་དེ་དག་གིས་ནི་ངའི་དགོངས་པ་མ་རྟོགས་པའོ་ཞེས་ཀྱང་གསུངས་ནས། སླད་ཀྱི་དེ་དག་ནོར་བར་ཤེས་ཏེ་སླད་ཀྱིས་དགོངས་པ་མ་ནོར་བར་འཆད་པར་ཡང་འབྱུང་ལ། དང་པོ་ནས་ངས་བཤད་པའི་རྗེས་སུ་འཇུག་པ་ནི་མང་དུ་འབྱུང་ངོ་ཞེས་ལུང་བསྟན་པའི་ནད་ནས་ཁྱད་པར་དུ་སློབ་དཔོན་འདི་ནི་འཇམ་དཔལ་རྩ་བའི་རྒྱུད་ལས། རིན་ཆེན་འབྱུང་ཞེས་བྱ་མིང་གང༌། །སྟོན་པའི་བསྟན་པ་གསལ་བྱེད་འབྱུང༌། །ཞེས་ཀྱང་ལུང་བསྟན་པ་དེས་མཛད་པའོ། །རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱན་ཏི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བ། གཡོ་སྒྱུས་སྤྱོད་པ་ཚར་གཅོད་བསྙོན་འདེབས་གནད་ལ་འབེབས། རྟོག་གེའི་སྲོག་ཤིང་ཀུན་མཁྱེན་ཡེ་ཤེས་རྒྱལ་མཚན་ཅན། །ཐེག་ཆེན་རྣམ་རིག་དབུ་མའི་རྒྱན་གྱི་མན་ངག་བཅས། །ལེགས་མཛད་གང་དེ་ཟླ་གྲགས་འཇོམས་པའི་རྟོག་གེ་ཡིན། །སླད་ནས་ཁ་ཆེ་ཨ་མོ་གྷ་དང་འོ་རུ་ལོ་ཙཱ་བས་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousདབུ་མ་རྒྱན་གྱི་མན་ངག། རིན་ཆེན་འབྱུང་གནས་ཞི་བ།no next