Nitartha Digital Library
Tibetan
 
previousཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས། དབྱིག་གཉེན།no next

ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས།
དབྱིག་གཉེན།


DTG149_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤཱསྟྲ་གཱ་ཐཱརྠ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ན་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་སམ་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་དུ་བསྐོར་ཡང་ག་ལ་ཡོད། །ཅེས་ཚིགས་སུ་བཅད་པའོ། །ཚིགས་སུ་བཅད་པ་འདིས་ནི་ཅི་རིགས་པར་སོ་སོར་ངེས་པའི་གནས་ཀྱི་ཁྱད་པར་གྱི་བདག་པོར་གྱུར་པ་སྐྱེས་བུ་ཁྱུ་མཆོག་ཏུ་འདོད་པ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་


DTG149_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་པས་ཉིན་ཞག་བདུན་དུ་རྣམ་པར་རྗེས་སུ་དྲན་པ་དང་ལྟབ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པའི་རང་བཞིན་ཅན་ཡིན་ཏེ། བཅོམ་ལྡན་འདས་སྐར་རྒྱལ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བརྗོད་པས་ཐུན་མོང་མ་ཡིན་བའི་ཕུན་སུམ་ཚོགས་པ་བརྗོད་པར་མངོན་ནོ། །དེ་ལ་སོ་སོར་ངེས་པའི་གནས་ཀྱི་ཁྱད་པར་གྱི་བདག་པོར་གྱུར་པ་ནི་འཇིག་རྟེན་རྣམས་ཀྱི་ནང་ན་ཁྱད་པར་དུ་འཕགས་པར་འདོད་པ་ལྷ་ཡུལ་ན་ཚངས་པ་དང༌། མཚེ་མ་དང༌། དགའ་ལྡན་དང༌། གཞན་འཕྲུལ་དབང་བྱེད་དོ། །ས་དང་འབྲེལ་བའི་ཕྱིར་ས་ལ་སྟེ། རི་རབ་ཀྱི་རྩེ་མོར་བརྒྱ་བྱིན་ནོ། །དེ་ཉིད་ཕྱོགས་གཅིག་ན་ལྷ་སྟེ། དེ་བས་ཀྱང་གནས་མཆོག་ཅེས་བྱ་བ་གསུངས་སོ། །བང་རིམ་བཞིའི་བྱང་ཕྱོགས་ཀྱི་ངོས་ན་ནི་རྣམ་ཐོས་ཀྱི་བུའོ། །ཕྱོགས་ན་ཞེས་བྱ་བ་ནི་རྣམ་ཐོས་སྲས་དང༌། མིག་མི་བཟང་དང༌། འཕགས་སྐྱེས་པོ་དང༌། ཡུལ་འཁོར་སྲུང་གིའོ། །ཕྱོགས་མཚམས་ནི་རི་རབ་ཀྱི་སྟེང་ཁང་པ་བརྩེགས་པ་བཞིན་ལག་ན་རྡོ་རྗེ་དབང་བྱེད་པ་ཡིན་ཏེ། དེ་དག་ནི་སྙིང་རྗེ་དང༌། སྤངས་པ་དང༌། ཡེ་ཤེས་དང་བྲལ་བ་ཡིན་ལ། བཅོམ་ལྡན་འདས་ནི་དེ་དག་གིས་རྙེད་པའི་དགེ་བའི་འབྲས་བུ་དང་རྣམ་པ་ཐམས་ཅད་དུ་འབྲས་བུ་འདྲ་བ་མ་ཡིན་ན་ཁྱད་པར་དུ་ལྟ་ག་ལ་ལགས། ངེས་པའི་གནས་ཀྱི་ཁྱད་པར་གྱི་བདག་པོར་གྱུར་པ་དག་ནི་སྐྱེས་བུའི་མཆོག་ཏུ་འདོད་པ་ཡིན་ཏེ། འཇིག་རྟེན་འདི་ན་སྐེམ་བྱེད་དང༌། དབང་ཕྱུག་དང༌། སྐྱེས་བུ་ལ་སོགས་པའོ། །དེ་དག་ཀྱང་ཉོན་མོངས་པ་དང༌། སྡུག་བསྔལ་དང་ལྡན་པས་ལུས་དང་སེམས་རབ་ཏུ་མ་ཞི་བ་ཡིན་ཏེ། དེ་ཉན་ཐོས་རྣམས་དང་འདྲ་བ་མ་ཡིན་ན། བཅོམ་ལྡན་འདས་དང་ལྟ་སྨོས་ཀྱང་ཅི་དགོས། སྐྱེ་བ་མང་པོ་དང༌། ལོ་ཐོག་ཕུན་སུམ་ཚོགས་པ་དང༌། རྣམ་པར་བརྒྱན་པའི་ས་རྒྱས་བ་དང༌། མ་རྒྱས་པ་ན་སྐྱེས་བུ་གཙོ་བོར་བཀུར་བ་ནི་བྲམ་ཟེ་དང་རྒྱལ་པོ་དག་སྟེ། དེ་དག་ཀྱང་བསམ་པ་དང༌། སྦྱོར་བ་ངན་པས་དེའི་ཉན་ཐོས་ཀྱི་ཉན་ཐོས་དག་དང་ཡང་འདྲ་བ་མ་ཡིན་ནོ། །གང་དག་སྤྱིར་རྣམ་པར་གྲོལ་བ་རང་སངས་རྒྱས་དང༌། ཉན་ཐོས་རི་དང༌། བླ་གབ་མེད་པ་དང༌། དུར་ཁྲོད་དང༌། ཚལ་གྱི་ནང་ན་གནས་པ་དེ་བཞིན་གཤེགས་པས་བསྔགས་བའི་བདག་ཉིད་ཆེན་པོ་བསྟན་པ་དང༌། ཀུན་རྗོད་པ་དང༌། རྗེས་སུ་བསྟན་པའི་ཆོ་


DTG149_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྐྱོབ་པར་མི་ནུས་པ་དག་དང༌། དགེ་སྦྱོང་ཆེན་པོར་འདོད་པ་སེར་སྐྱ་དང༌། འུག་པ་པ་ལ་སོགས་པ་དེ་དག་ཀྱང་སྤངས་པ་དང༌། ཡེ་ཤེས་དང༌། ཐུགས་རྗེའི་ཁྱད་པར་དང་བྲལ་བའི་ཕྱིར། བཅོམ་ལྡན་འདས་དང་འདྲ་བ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། ཁྱོད་ཀྱི་སངས་རྒྱས་ཆོས་ནི་མཚུངས་མེད་པས། །ཁྱད་པར་འཕགས་པ་ཁྱད་པར་ཆེན་པོས་འཕགས། །ཞེས་བཤད་དོ། །རྣམ་པ་གཅིག་ཏུ་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་བསྟན་པ་དང༌། བཤད་པ་དག་གིས་ཅི་རིགས་པར་སེམས་ཅན་ཐམས་ཅད་ཀྱི་བླ་མ་ཉིད་དུ་བསྟན་ཏེ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །ཅེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་དེ་གཉིས་ཀྱི་སོ་སོའི་བཤད་པ་སྟེ། འཇིག་རྟེན་འདི་ནའང་ཡོད་མ་ཡིན་ཞེས་བྱ་བ་ནི་ས་ལའོ། །རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཞེས་བྱ་བ་ནི་ལྷ་ཡུལ་ནའོ། །ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད་ཅེས་བྱ་བ་ནི་ས་སྟེང་ན་སྟེ། ཕྱོགས་ནི་གླིང་བཞི་བ་རྣམས་སོ། །ཕྱོགས་མཚམས་ནི་བར་གྱི་གླིང་བརྒྱད་དོ། །དག་ནའང་མེད་ཅེས་བྱ་བ་ནི་ས་སྟེང་ནའོ། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་དུ་བསྐོར་ཡང་ཞེས་བྱ་བ་ནི་རི་གཉའ་ཤིང་འཛིན་ནས་བཟུང་སྟེ་ཁོར་ཡུག་ཆེན་པོའི་བར་ཐམས་ཅད་དོ། །བསྡུས་པའི་དོན་ནི་ཚིགས་སུ་བཅད་པ་འདིས་བཅོམ་ལྡན་འདས་ཁམས་གསུམ་ལས་ཁྱད་པར་དུ་འཕགས་བ་ཉིད་བསྟན་ཏེ། ལྷ་ཡུལ་ས་ལ་མེད་ཅེས་བྱ་བས་ནི་ས་གསུམ་ལས་ཁྱད་པར་དུ་འཕགས་པ་ཉིད་དོ། །གཞན་གྱིས་ནི་འདོད་པའི་ཁམས་ལས་ཁྱད་པར་དུ་འཕགས་པ་བསྟན་པའོ། །ཚིགས་སུ་བཅད་བའི་དོན་བསྡུས་པ་ལས་དང་པོའི་དོན་བསྡུས་པའོ།། །།གང་དག་སངས་རྒྱས་སྐྱབས་སོང་ནས། །གང་དག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་སངས་རྒྱས་དྲན་བྱེད་པ། །དེ་དག་མི་ཡི་རྙེད་པ་ཡིན། །གང་དག་ཆོས་ལ་སྐྱབས་སོང་ནས། །གང་དག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་ཆོས་ནི་དྲན་བྱེད་པ། །དེ་དག་མི་ཡི་རྙེད་པ་ཡིན། །གང་དག་དགེ་འདུན་སྐྱབས་སོང་ནས། །གང་དག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་དགེ་འདུན་དྲན་བྱེད་པ། །དེ་དག་མི་ཡི་


DTG149_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་ཡིན། །ཞེས་བྱ་བས་ནི་ཚིགས་སུ་བཅད་པ་གསུམ་མོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང༌། །དད་པ་རྣམས་ཀྱང་རྟག་ཏུ་སྤྱད་པ་དང༌། གུས་པར་བྱེད་པ་ལ་སྒྲུབ་པ་ལ་ཡང་དག་པར་སྦྱར་བའི་ཕྱིར་གསུངས་པར་མངོན་ནོ། །གང་དག་སངས་རྒྱས་ཞེས་བྱ་བ་ནི་གང་གི་རྒྱུད་ལ་རྒྱུ་བཞི་པོ་ཡོད་བ་དེ་ནི་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་དུ་འཇིག་རྟེན་པ་མངོན་པར་རྫོགས་པར་མཁྱེན་པ་དང༌། རྣམ་པ་ཐམས་ཅད་དུ་འཇིག་རྟེན་ལས་འདས་པ་མངོན་པར་རྫོགས་པར་མཁྱེན་པ་དང༌། བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང༌། རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་ནུས་པའོ། །རྣམ་པ་གཅིག་ཏུ་ན་གང་ལ་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡོད་པ་དེ་སངས་རྒྱས་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང༌། སྤངས་པ་ཕུན་སུམ་ཚོགས་པ་དང༌། ཐུགས་རྗེ་ཕུན་སུམ་ཚོགས་པ་དང༌། མི་ཟད་པ་ཉིད་ཕུན་སུམ་ཚོགས་པ་དང༌། མཚུངས་པ་མེད་པ་ཕུན་སུམ་ཚོགས་པའོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ནི། ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་ཏེ། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་འདིར་སྐྱེས་པ་ཡང་སངས་རྒྱས་ཀྱི་ཡུལ་ཐོགས་པ་མེད་པས་ན་ཤེས་བྱ་ཐམས་ཅད་ལ་འཇུག་པ་མེད་དོ། །དེ་བས་ན་འདི་སྐད་དུ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་འདས་པའི་དུས་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང༌། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་ཡེ་ཤེས་ཞེས་གསུངས་སོ། །སྤངས་བ་ཕུན་སུམ་ཚོགས་པ་ནི་བག་ཆགས་ཕྲ་རྒྱས་དང་བཅས་པ་སྤངས་པ་ཡིན་ཏེ། ཇི་སྐད་དུ། སྐྱོབ་ཁྱོད་བག་ཆགས་བཅས་པ་ཡི། །ཉེས་པ་དག་ནི་གཅིག་མི་མངའ། །ཞེས་འབྱུང་བ་ལྟ་བུའོ། །ཐུགས་རྗེ་ཕུན་སུམ་ཚོགས་པ་ནི་ཐུགས་རྗེ་ཆེན་པོ་དེས། ཉིན་ལན་གསུམ་མཚན་ལན་གསུམ་དུ་འཇིག་རྟེན་ལ་གཟིགས་ནས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་སྐྱོབ་པར་མཛད་པ་ཡིན་ཏེ། ཐུགས་རྗེ་ཆེ་དང་ལྡན་པས་ན། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །རྣམ་པ་དྲུག་ཏུ་ཉིན་མཚན་གཟིགས། །ཕན་མཛད་ཐུགས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལྟ་བུའོ། །འོ་ན་


DTG149_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་དང་སྙིང་རྗེ་ཆེན་པོ་གཉིས་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ་རྣམ་པ་བརྒྱད་ཡོད་དེ། །ངོ་བོ་ཉིད་དང་རྣམ་པ་དང་དམིགས་པ་དང་ས་དང༌། རྒྱུད་དང༌། འདོད་ཆགས་དང་བྲལ་བ་ཐོབ་པ་དང༌། མི་མཚུངས་པ་དང་མཚུངས་པའི་ཐུགས་རྗེ་འབྱུང་བ་དང༌། སྐྱོབ་པ་དང༌། མི་སྐྱོབ་པའོ། །དེ་ལ་ངོ་བོ་ཉིད་ནི་ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པ་ནི་སྡུག་བསྔལ་གྱི་རྣམ་པ་དང་གསུམ་ལ་འབྱུང་བའི་ཕྱིར་རོ། །དམིགས་པ་ནི་ཁམས་གཅིག་དང་གསུམ་ལ་དམིགས་པའི་ཕྱིར་རོ། །ས་ནི་བསམ་གཏན་བཞི་དང༌། བསམ་གཏན་བཞི་པ་ཡིན་པའི་ཕྱིར་རོ། །རྒྱུད་ནི་ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་ཀྱི་རྒྱུད་ལ་སྐྱེ་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ཐོབ་པ་ནི། འདོད་པའི་ཁམས་དང༌། སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བས་ཐོབ་པའི་ཕྱིར་རོ། །མི་མཚུངས་པ་དང་མཚུངས་པས་ཐུགས་རྗེ་འབྱུང་བ་དང༌། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་མི་སྐྱོབ་པའོ། །མི་བཟད་པ་ཉིད་དུ་ཕུན་སུམ་ཚོགས་པ་ནི་སྐྱེ་བ་དང༌། ཤི་བ་དང༌། ན་བ་དང༌། མྱ་ངན་དང༌། ཟད་པ་དང་བྲལ་ཞིང་འཇིག་རྟེན་གྱི་མཐར་ཕྱིན་པ་ཡང་དག་པར་ཐོབ་པའི་ཕྱིར་ཏེ། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །མཚུངས་པ་མེད་པ་ཉིད་ཕུན་སུམ་ཚོགས་པ་ནི་སེམས་ཐམས་ཅད་ཀྱི་བླ་མར་གྱུར་པའི་ཕྱིར་ཏེ། ཆོས་ཐམས་ཅད་ལ་དབང་ཐོབ་པའི་ཕྱིར་བཞེད་པ་ཙམ་དང་འབྲེལ་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་གྱུར་ཞེས་བྱ་བའི་ཐ་ཚིག་གོ །ཅི་སངས་རྒྱས་ཐམས་ཅད་ཡོན་ཏན་འདི་དག་ཐམས་ཅད་བྱེ་བྲག་མེད་པར་མངའ་འམ་ཞེ་ན། མ་ཡིན་ཏེ། འོན་ཀྱང༌། ཚོགས་དང་ཆོས་ཀྱི་སྐུ་དག་དང༌། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་ཉིད་དེ། །ཚེ་དང་རིགས་རུས་ཚད་ཀྱིས་མིན། །རྒྱུ་གསུམ་གྱིས་མཉམ་སྟེ། སྔོན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པ་ཐོབ་པ་དང༌། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང༌། འཇིག་རྟེན་གྱི་སྤྱོད་པས་སོ། །སྐུ་ཚེ་དང༌། རིགས་དང༌། རུས་དང༌། ཚད་ཀྱི་བྱེ་བྲག་ཡོད་དེ། ཡུན་རིང་པོ་དང་ཐུང་དུར་འཚོ་བ་དང༌། རྒྱལ་རིགས་དང༌།


DTG149_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་རིགས་ཀྱི་བྱེ་བྲག་དང༌། འོད་སྲུངས་དང་གཽ་ཏ་མ་ལ་སོགས་པའི་དུས་ཀྱི་བྱེ་བྲག་དང༌། ཆེན་པོ་དང་ཆུང་དུའི་བྱེ་བྲག་ནི་དུས་ཇི་ལྟ་བ་བཞིན་ནོ། །དེ་དག་མིའི་ཞེས་བྱ་བ་ནི་རྒྱུའི་སྟོབས་དང་ལྡན་པ་དང༌། རྐྱེན་གྱི་སྟོབས་དང་ལྡན་པའོ། །དེ་ལ་རྒྱུའི་སྟོབས་དང་ལྡན་པ་ནི་གང༌། རྐྱེན་གྱི་སྟོབས་དང་ལྡན་པ་ནི་གང་ཞེ་ན། གང་དག་དགེ་བའི་སྟོབས་བསྐྱེད་པ་ལས་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་རབ་ཏུ་སྐྱེད་པ་དེ་དག་ནི་རྒྱུའི་སྟོབས་དང་ལྡན་པ་ཡིན་ནོ། །གང་དག་དགེ་བའི་བཤེས་གཉེན་དང་ཕྲད་པ་ལས་ཆོས་བསྟན་པ་ཐོབ་པ་དེ་དག་ནི་རྐྱེན་གྱི་སྟོབས་དག་ལྡན་པ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཡང་དག་པའི་ལྟ་བ་སྐྱེད་པའི་ཕྱིར་རྒྱུ་དང་རྐྱེན་གཉིས་ཏེ། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དང༌། གཞན་གྱིས་བསྟེན་པའོ་ཞེས་གསུངས་སོ། །རྙེད་པ་ཡིན་ཞེས་བྱ་བ་ནི་རྙེད་པ་རྣམ་པ་བཞི་སྟེ། བསོད་ནམས་རྙེད་པ་དང༌། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་རྙེད་པ་དང༌། ཏིང་ངེ་འཛིན་རྙེད་པ་དང༌། རྣམ་པར་དག་པ་རྙེད་པའོ། །དེ་ལ་བསོད་ནམས་རྙེད་པས་ནི་ཇི་ལྟར་འདོད་པ་བཞིན་འཇིག་རྟེན་ཕ་རོལ་གྱི་མཁོ་བའི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པའོ། །མཆོག་ཏུ་དགའ་བ་རྒྱ་ཆེ་བ་དང༌། ཏིང་ངེ་འཛིན་རྙེད་པ་དག་གིས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཕུན་སུམ་ཚོགས་བ་ཐོབ་པའོ། །རྣམ་པར་དག་པ་རྙེད་པས་ནི་སྡུག་བསྔལ་ཐམས་ཅད་གཏན་དུ་ཟད་པ་ཕུན་སུམ་ཚོགས་པ་ཐོབ་པའོ། །གང་དག་ཆོས་ལ་ཞེས་བྱ་བ་ནི་ཆོས་ནི་རྣམ་པ་གསུམ་སྟེ། འབྲས་བུའི་ཆོས་དང༌། བསྒྲུབ་བའི་ཆོས་དང༌། བཤད་པའི་ཆོས་སོ། །དེ་ལ་འབྲས་བུའི་དོན་གྱི་ཆོས་ནི་འབྲས་བུའི་ཆོས་ཏེ། གང་མ་སྐྱེས་པ་དང༌། མ་གྱུར་པ་དང༌། མ་བྱས་པ་དང༌། འདུས་མ་བྱས་པ་དང༌། མ་བྱུང་བ་དང༌། ཞི་བ་དང༌། གནས་ཞེས་བྱ་བ་དེ་ནི་མྱ་ངན་ལས་འདས་པའོ། །དེ་ལ་མ་སྐྱེས་པ་ནི་ཉེ་བར་ལེན་པའི་ཕུང་པོའི་ཉིད་མཚམས་སྦྱོར་བའི་འབྲེལ་པ་དང་མི་ལྡན་པའི་ཕྱིར་རོ། །མ་གྱུར་པ་ནི་བདག་གི་དངོས་པོ་ཡོངས་སུ་རྫོགས་པ་མངལ་དང༌། བྱིས་པ་དང༌། དར་ལ་བབ་པ་དང༌། བར་མ་དང༌། རྒན་པོའི་ངོ་བོས་ཇེ་ཆེ་ཇེ་ཆེར་སྐྱེ་བ་དང་མི་ལྡན་པའི་ཕྱིར་ཏེ། གྱུར་པ་ནི་རྒས་པ་ལ་བྱའོ། །མ་བྱས་པ་ནི་


DTG149_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་མཐའི་ལས་དང་ཉོན་མོངས་པའི་ཤུགས་དང་མི་ལྡན་པའི་ཕྱིར་རོ། །འདུས་མ་བྱས་ལ་ནི་ད་ལྟར་གྱི་ལས་དང་ཉོན་མོངས་པ་མངོན་པར་འདུ་བྱེད་པ་དང་མི་ལྡན་པའི་ཕྱིར་རོ། །མ་བྱུང་བ་ནི་མ་འོངས་པའི་སྐྱེ་བ་འབྱུང་བ་དང་མི་ལྡན་པའི་ཕྱིར་རོ། །ཞི་བ་ནི་སྡུག་བསྔལ་རྒྱུ་དང་བཅས་པ་གཏན་དུ་ཞི་བའི་ཕྱིར་རོ། །གནས་ནི་དེ་ལས་མ་ཉམས་པ་ཡིན་ནོ། །བསྒྲུབ་པའི་ཆོས་ནི་བསྒྲུབ་པའི་ཆོས་ཉིད་ཡིན་ལ། དེ་ཡང་འཕགས་པའི་ལམ་བརྒྱད་ལ་བྱ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །བསྒྲུབ་པ་འདིས་ཇི་སྐད་དུ་བསྟན་པའི་སློབ་མ་རྣམས་འབྲས་བུ་རྟོགས་པར་བྱེད་དེ། དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་ཡིན་ཏེ། དེས་ཇི་ལྟར་མྱོང་བ་དེ་ཁོ་ན་ངེས་པར་འཛིན་ཏོ། །ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་ཡིན་ཏེ། དེས་ཇི་ལྟར་ཁོང་དུ་ཆུད་པ་ཡིད་ལ་བཞག་ནས་ངག་ཀུན་དུ་སྦྱོང་བར་བྱེད་པའོ། །ཡང་དག་པའི་དག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ཡིན་ཏེ། དེ་རྣམས་ཀྱིས་གོ་རིམས་བཞིན་ཁོང་དུ་ཆུད་ན་ལྟ་བ་ལ་སོགས་པ་རྣམ་པར་དག་པར་ཡིད་ཆེས་སོ། །དེ་ལ་ཡང་དག་པའི་ངག་གིས་ནི་ཁོང་དུ་ཆུད་པ་དང་མཐུན་པར་དྲིས་པས་ལུང་བསྟན་པ་ལ་འབེལ་བའི་གཏམ་རྣམ་པར་ངེས་པས་ལྟ་བ་རྣམ་པར་དག་པར་རིག་པར་བྱེད་དོ། །ཡང་དག་པའི་ལས་ཀྱི་མཐའ་ནི་འཇུག་པ་དང་ལྡོག་པ་ལ་སོགས་པ་ལ་སྤྱོད་པ་ཕུན་སུམ་ཚོགས་པའི་ཚུལ་ཁྲིམས་རྣམ་པར་དག་པར་རིག་པར་བྱེད་དོ། །ཡང་དག་པའི་འཚོ་བས་ནི་ཇི་ལྟར་གནང་བ་བཞིན་ཆོས་ཀྱིས་ཆོས་གོས་ལ་སོགས་པ་ཆོལ་བ་ལས་འཚོ་བ་རྣམ་པར་དག་པར་རིག་པར་བྱེད་དོ། །ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་ཡིན་ཏེ། དེས་ཀུན་དུ་སྦྱོར་བ་མ་ལུས་པར་སྤོང་བར་བྱེད་དོ། །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་ཡིན་ཏེ། དྲན་པ་ཤིན་ཏུ་ཉེ་བར་གནས་


DTG149_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཚན་མ་ལ་རྨོངས་པ་མེད་པས་ཞུམ་པའི་ཉེ་བའི་ཉོན་མོངས་པའི་སྐབས་མི་བྱེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པ་རྣམ་པར་སྤྱོད་བའི་ཡན་ལག་ཡིན་ཏེ། དེས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་ཅིང་མཇུག་ཏུ་ཡང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། །ལངས་པའི་ཚེ་ནི་ཡན་ལག་འདི་དག་རུང་ན་ལམ་ལ་སྙོམས་པར་ཞུགས་པ་ན་ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དག་མི་འབྱུང་སྟེ། དེ་ཁོ་ན་ཉིད་ངེས་པར་གཟུང་བ་ལ་སོགས་པ་ཡང་མེད་ན་ལམ་ལ་སྙོམས་པར་འཇུག་པའི་ཚེ་བསྒྲུབ་པའི་ཡན་ལག་བརྒྱད་པར་ཇི་ལྟར་འགྱུར། བཤད་པ། དེ་འཇིག་རྟེན་ལས་འདས་པའི་ཆོས་དམིགས་པ་ལས་དེའི་ངོ་བོ་ཟག་པ་མེད་ཅིང་རྣམ་པར་རིག་བྱེད་མ་ཡིན་པ་ཐོབ་སྟེ། གང་ཐོབ་བ་ལས་ལངས་པའི་ཚེ་ཡང་ལོག་པའི་དག་ལ་སོགས་པ་ལ་མི་འཇུག་གི་ཡང་དག་པའི་ངག་ལ་སོགས་པ་ལ་འཇུག་གོ །དེ་བས་ན་རྒྱུ་དང་རྒྱུ་ཅན་ཉེ་བར་གདགས་པ་ལས་ཡན་ལག་བརྒྱད་ཉིད་དུ་འགྱུར་རོ། །གཞན་དུ་ན་ལམ་ལ་སྙོམས་པར་ཞུགས་པའི་ཚེ་དེ་ཁོ་ན་ཉིད་ངེས་པར་གཟུང་བ་དང༌། རྟོག་པ་དང༌། ངག་སྨྲས་པ་དང༌། ལས་ཀྱི་མཐའ་བྱ་བ་དང། ཆོས་གོས་ལ་སོགས་པ་བཙལ་བ་དག་འགལ་བར་འགྱུར་རོ། །དེ་ལྟར་བསྒྲུབ་པའི་ཆོས་འདིས་འབྲས་བུའི་ཆོས་ཇི་སྐད་བསྟན་པ་ཐོབ་བར་བྱེད་ལ། བསྒྲུབ་པའི་ཆོས་དེ་ཡང་བཤད་པའི་ཆོས་ལ་བརྟེན་ནས་འབྱུང་སྟེ། བཤད་པའི་ཆོས་ནི་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། རྟོག་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང༌། གཏན་ལ་དབབ་པར་བསྟན་པའི་སྡེ་དང་གསུང་རབ་ཡན་ལག་བཅུ་གཉིས་སུ་གཏོགས་པ་རྣམས་སོ། །དེ་ལ་མདོ་སྡེ་ནི་བཅོམ་ལྡན་འདས་ཀྱིས་གང་མདོར་སྨོས་པའི་རྣམ་པ་རྐང་པར་གསུངས་པའོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི་མདོ་སྡེ་ཉིད་ཀྱི་བར་དང་མཐའ་དག་ཏུ་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་


DTG149_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །ཡང་ན་དྲང་བའི་དོན་ནི་མདོའི་སྡེ་ཡིན་ལ། རྟོགས་པའི་ཕྱིར་དབྱངས་ཀྱིས་བསྙད་པའི་སྡེའོ། །ལུང་དུ་བསྟན་པའི་སྡེ་ནི་གང་དུ་འཕགས་པ་དག་འདས་པའི་དུས་སུ་ཚེ་འདས་པ་དང༌། སྐྱེ་བར་ལུང་སྟོན་པའོ། །རྣམ་པ་གཅིག་ཏུ་ན་ངེས་པའི་དོན་གྱི་མདོ་སྡེ་ནི་ལུང་བསྟན་པའི་སྡེ་སྟེ། དེས་དགོངས་པ་སྒྲིབ་པ་མེད་པར་ལུང་དུ་སྟོན་ཏོ། །ཚིགས་སུ་བཅད་པའི་སྡེ་ནི་གང་ཚིགས་སུ་བཅད་ནས་གསུངས་པའོ། །ཆེད་དུ་བརྗོད་པའི་སྡེ་ནི་གང་ཐུགས་རངས་ནས་བརྗོད་པ་ཡིན་ཏེ། འདི་ལྟ་སྟེ། གང་གི་ཚེ་ན་བྲམ་ཟེ་བསམ་གཏན་པ། །རྟུན་པར་བྱེད་པའི་ཆོས་འདི་འབྱུང་འགྱུར་ཏེ། །དེ་ཡི་སོམ་ཉི་ཐམས་ཅད་རྣམ་འཇིག་ཅིང༌། །བདེ་བ་འདོད་པའི་དྲི་མ་སེར་སྣ་སེལ། །ཞེས་བྱ་བ་ལྟ་བུའོ། །གླེང་གཞིའི་སྡེ་ནི་གང་ཟག་གི་ཕྱིར་གང་ཡང་རུང་བ་དག་གསུངས་པ་འམ། །བྱུང་བ་དང་བཅས་པའི་བསླབ་པ་བཅའ་བ་གསུངས་པ་ཡིན་ཏེ། འདི་ལྟ་སྟེ། གཞི་འདི་ལ་སྐབས་འདི་ཞེས་རྒྱ་ཆེར་འབྱུང་པའོ། །རྟོག་པ་བརྗོད་པའི་སྡེ་ནི་དཔར་གསུངས་པ་ཡིན་ཏེ། ངེས་དོན་རྣམ་པར་བྱང་བ་ལས་མངོན་པར་གསལ་ལོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བུ་བྱུང་བའི་སྡེ་ནི་གང་སྔོན་གྱི་སྦྱོར་བ་དང་ལྡན་པའོ། །སྐྱེས་པ་རབས་ཀྱི་སྡེ་ནི་གང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པའོ། །ཤིན་ཏུ་རྒྱས་པའི་སྡེ་ནི་དོན་རྒྱས་པར་སྟོན་པའོ། །གཞན་དག་ནི་གཞན་དག་ཏུ་བརྗོད་དེ། འཕགས་པ་དགེ་འདུན་ཕལ་ཆེན་སྡེ་པ་རྣམས་ཀྱི་འདོན་པ་ཁོ་ན་ལྟ་བུའོ་ཞེས་སོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་མདོའི་སྡེ་ཇི་ལྟ་བ་བཞིན་ནོ། །གཏན་ལ་དབབ་པར་བསྟན་པའི་སྡེ་ནི་ཇི་ལྟར་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པས་མདོ་སྡེ་ལ་སོགས་པའི་དོན་སྟོན་པའོ། །དེའི་འཁོར་དང་བཅས་པ་དེ་དག་སྡེ་སྣོད་གསུམ་དུ་འགྱུར་ཏེ། གང་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། དེ་ལྟ་བུའི་བྱུང་བའི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་འཁོར་དང་བཅས་པ་དེ་དག་ནི་མདོ་སྡེའི་སྡེ་སྣོད་དོ། །གླེང་གཞིའི་སྡེ་དང༌། རྟོག་པ་བརྗོད་པའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་


DTG149_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པ་དེ་དག་ནི་འདུལ་བའི་སྡེ་སྣོད་དོ། །གཏན་ལ་དབབ་པར་བསྟན་པའི་སྡེ་ནི་ཆོས་མངོན་པའི་སྡེ་སྣོད་དོ། །དེ་ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་སྡེ་སྣོད་རྣམ་པ་གསུམ་རྣམ་པར་འཇོག་ཅེ་ན། ཐེ་ཚོམ་དང་ཉེ་བའི་ཉོན་མོངས་པ་དང་བཅས་པའི་གཉེན་པོ་ཉིད་དུ་བྱ་བའི་ཕྱིར་དང༌། སོམ་ཉི་སྐྱེས་པ་བཅད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་འཇོག་གོ །མཐའ་གཉིས་སུ་སྦྱོར་བའི་ཉེ་བའི་ཉོན་མོངས་པའི་གཉེན་པོ་ཉིད་དུ་བྱ་བའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་འཇོག་གོ །རང་གི་ལྟ་བ་མཆོག་ཏུ་འཛིན་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོ་ཉིད་དུ་བྱ་བའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་འཇོག་གོ །རྣམ་པ་གཅིག་ཏུ་ན་བསླབ་པ་གསུམ་བརྗོད་པ་ཉིད་ཀྱི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་འཇོག་གོ །ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་ཀྱི་བསླབ་པ་མངོན་པར་བསྒྲུབ་པ་ཉིད་ཀྱི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་འཇོག་གོ ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་མངོན་པར་བསྒྲུབ་པ་ཉིད་ཀྱི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་འཇོག་གོ །རྣམ་པ་གཅིག་ཏུ་ན་ཆོས་བརྗོད་པ་ཉིད་ཀྱི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་འཇོག་གོ །ཆོས་ཀྱི་དོན་མངོན་སུམ་དུ་བྱ་བའི་གཞིའི་གནས་སུ་བྱ་བ་ཉིད་ཀྱི་ཕྱིར་འདུལ་པའི་སྡེ་སྣོད་རྣམ་པར་འཇོག་གོ །འབེལ་པའི་གཏམ་རྣམ་པར་ངེས་པས་ཆོས་ཀྱི་ལོངས་སྤྱོད་ལ་རེག་པར་གནས་པ་ཉིད་ཀྱི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་འཇོག་གོ །གང་དག་དགེ་འདུན་ཞེས་བྱ་བ་ནི་ཡན་ལག་བཅུ་དང༌། བརྒྱད་ཀྱི་བྱེ་བྲག་དང་།སློབ་པ་དང་མི་སློབ་པའི་བྱེ་བྲག་དང༌། ལམ་དང་འབྲས་བུའི་བྱེ་བྲག་རྣམ་པ་བརྒྱད་ཀྱིས་དགེ་འདུན་རྣམ་པ་གཉིས་སོ། །སྐྱབས་སོང་ནས་ཞེས་བྱ་བ་ནི་རྒྱུ་བཞི་དག་གིས་སྐྱབས་སུ་འགྲོ་བར་རིག་པར་བྱ་སྟེ། ཡོན་ཏན་ཤེས་པ་ཉིད་དང༌། ཁྱད་པར་ཤེས་པ་ཉིད་དང༌། ཁས་བླངས་པ་དང༌། སྟོན་པ་གཞན་མོ་སྟེན་པའོ། །སྐྱབས་སུ་སོང་བ་དེ་རྣམས་ཀྱི་རྣམ་པར་གཞག་པ་ནི་གོང་མ་གོང་མའི་རྒྱུ་ཉིད་དུ་གྱུར་བའི་ཕྱིར་ཏེ། རྐྱེན་གཞན་གཟུང་བ་ལས་ཡོན་ཏན་ཤེས་པ་ཉིད་ནི་ཁྱད་པར་ཅན་དུ་ཤེས་པ་ཉིད་ཀྱི་རྒྱུ་ཡིན་ནོ། །གཉིས་སྔོན་དུ་སོང་བ་ནི་ཁས་ལེན་པའོ། །དེ་སྔོན་དུ་སོང་བ་ནི་སྟོན་པ་གཞན་སྟོན་པར་མི་འགྱུར་


DTG149_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། གང་གི་ཕྱིར་སྙིང་ནས་དམ་པའི་ཆོས་རྟོགས་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ཉིད་ཀྱི་ཕྱིར་ཏེ། སྐྱབས་པའི་དོན་ནི་སྐྱོབ་པའི་དོན་ཏེ། རྣམ་པ་གཅིག་ཏུ་ན་ཡོན་ཏན་ཤེས་པ་ཉིད་ནི་ཐོས་པའི་འབྲས་བུའོ། །ཁྱད་པར་ཤེས་པ་ཉིད་ནི་བསམ་པའི་འབྲས་བུའོ། །གཉི་གའི་འབྲས་བུ་ནི་ཁས་ལེན་པའོ། །དེའི་འབྲས་བུ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོས་པ་དང༌། དད་པ་མི་བྱེད་པའོ། །རྣམ་པ་གཅིག་ཏུ་ན་གསུམ་ནི་ཚོགས་ཀྱི་ལམ་མོ། །བཞི་པ་ནི་མཐོང་བའི་ལམ་མོ། །གང་དག་ཉིན་དང་མཚན་རྣམས་སུ། །རྟག་ཏུ་སངས་རྒྱས་དྲན་བྱེད་པ། །ཞེས་བྱ་བ་ལ་ཇི་ལྟར་ན་ཉིན་པར་དང༌། ཇི་ལྟར་ན་མཚན་མོ་རྟག་ཏུ་སངས་རྒྱས་དྲན་པར་བྱེད་པར་འགྱུར་ཞེ་ན། རྒྱུ་བཞིས་བྱེད་དེ། དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་དང༌། མཆོད་པ་བྱེད་པ་དང༌། རྣམ་པ་རྗེས་སུ་དྲན་པ་དང༌། ཕན་འདོགས་པར་རྗེས་སུ་དྲན་པའོ། །ཅི་ལྟར་ཉིན་པར་གཉིད་མ་ལོག་པར་སངས་རྒྱས་རྗེས་སུ་དྲན་ན་དེ་གོམས་པས་གཉིད་ལོག་པ་རྣམས་ཀྱི་རྨི་ལམ་དུ་ཡང་དེ་བཞིན་མཐོང་ངོ༌། །དེ་ལྟར་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་བསྒོམ་པ་རྣམས་ཀྱི་ཕན་ཡོན་བདུན་དུ་རིག་པར་བྱ་སྟེ། ཚེར་བས་དྲན་པ་དང༌། དང་བ་མང་བ་དང། ཆོས་དམན་པ་རྣམས་ལ་སེམས་མི་འཇུག་པ་དང༌། གཞན་དག་ལ་འཚེ་བའི་རང་བཞིན་ཅན་མ་ཡིན་པ་དད། གཞན་དག་གིས་དེ་ལ་མི་འཚེ་བ་དང༌། ཡིད་ལ་གཅགས་པ་མེད་པས་འཆི་བའི་དུས་བྱེད་པ་དང༌། ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་རྣམས་སུ་སྐྱེ་བར་འགྱུར་རོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་གཉིས་པའི་དོན་བསྡུས་པའོ།། །།བསོད་ནམས་བྱས་ཤིང་སྡིག་པ་མ་བྱས་ལ། །མཁས་པ་རྣམས་ཀྱི་སྔོན་གྱི་ཆོས་སྤྱོད་པ། །དེ་ནི་བདག་སྟེ་ནམས་ཀྱང་འཆིས་མི་འཇིགས། །བརྟན་པའི་གྲུ་ཡིས་ཕ་རོལ་འགྲོ་བ་བཞིན། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། འཆི་བའི་འཇིགས་པས་ཉེན་པའི་སེམས་ཅན་རྣམས་ཀྱི་འཇིགས་པའི་རྒྱུ་དེ་མེད་པར་བསྟན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཤིན་ཏུ་ཡོངས་སུ་དག་པའི་མངོན་པར་མཐོ་བ་དང་ངེས་པར་


DTG149_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པའི་རྒྱུ་རབ་ཏུ་བསྟན་པའི་ཕྱིར་རོ། །བསོད་ནམས་བྱས་ཤིང་སྡིག་པ་མ་བྱས་ལ། །ཞེས་བྱ་བ་ནི་ཡོངས་སུ་དག་པའི་མངོན་པར་མཐོ་བའི་རྒྱུ་ཡང་དག་པར་བསྟན་པ་སྟེ། འདི་ལྟར་སྡིག་པ་དང་བྲལ་བའི་བསོད་ནམས་ནི་རྣམ་པར་དག་པའི་མངོན་པར་མཐོ་བའི་རྒྱུ་ཡིན་ཏེ། ཉེས་པར་སྤྱོད་པའི་ས་ཐམས་ཅད་ལས་འདས་པའི་ཕྱིར་རོ། །ལྷག་མས་ནི་འཇིག་རྟེན་ལས་འདས་པའི་ལམ་ཁ་ན་མ་ཐོ་བ་མེད་པ་ངེས་པར་ལེགས་པའི་རྒྱུ་ཡིན་ཏེ། དྲི་མ་དང་བྲལ་བའི་ཕྱིར་རོ། །གཞན་ཡང་ཚིགས་སུ་བཅད་པ་འདིས་དབུལ་བ་དང༌། ངན་འགྲོ་དང་འཁོར་བའི་འཇིགས་པས་ཉེན་པ་རྣམས་འཆི་བ་ལས་འཇིགས་པར་གྱུར་པ་དེ་ལས་ཡང་དག་པར་འདས་པར་བདག་ཉིད་དཔང་དུ་སྟོན་ཏེ། བསོད་ནམས་བྱས་ཤིང་ཞེས་བྱ་བ་ནི་དབུལ་བའི་འཇིགས་པ་ལས་ཡང་དག་པར་འདས་པ་སྟོན་ཏེ། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེ་བའི་ཕྱིར་རོ། །སྡིག་བ་མ་བྱས་ལ་ཞེས་བྱ་བ་ནི་ངན་འགྲོའི་འཇིགས་པ་ལས་ཡང་དག་པར་འདས་པ་སྟོན་ཏེ། ཚུལ་ཁྲིམས་ནི་འབྲས་བུ་བདེ་འགྲོའི་རྒྱུར་གྱུར་པའི་ཕྱིར་ཏེ། སྡིག་པ་མི་བྱ་བ་དང་བྲལ་བ་དང་ཚུལ་ཁྲིམས་ཞེས་བྱ་བ་ནི་རྣམ་གྲངས་སོ། །མཁས་པ་རྣམས་ཀྱིས་སྔོན་གྱི་ཆོས་སྤྱོད་པ། །ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཤིན་ཏུ་ཐུལ་ཞིང་གཉེན་པོ་རྙེད་པ་ཁ་ན་མ་ཐོ་བ་མེད་པར་སྟོན་ཏེ། དེ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ནོ། །སྔོན་གྱི་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱི་བགྲོད་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ་ངས་སྔོན་གྱི་ལམ་རྟོགས་སོ་ཞེས་གསུངས་པ་ལྟ་བུའོ། །ལྷག་སྤྱོད་ལ་སོགས་པ་གཞན་མུ་སྟེགས་པ་རྣམས་ཀྱིས་དེ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་དུ་སྟོན་ཏོ། །ཡང་རྒྱུ་གསུམ་གྱིས་འཆི་བ་ལ་འཇིགས་པར་འགྱུར་ཏེ། བསོད་ནམས་དག་བྲལ་བས་སྔོན་གྱི་དགེ་བ་བྱས་པའི་རྒྱུན་མི་རྙེད་པའི་ཕྱིར་དང༌། སྡིག་པ་མང་པོས་བསོད་ནམས་བྱས་པ་ཟིལ་གྱིས་གནོན་པའི་ཕྱིར་དང༌། ལྟ་བ་ངན་པ་ལ་མངོན་པར་ཞེན་པས་བསམ་པ་མངོན་དུ་གྱུར་པའི་ཕྱིར་ཏེ། ཚིགས་སུ་བཅད་པ་འདིས་གསུམ་པོ་དེ་དག་མེད་དོ་ཞེས་རབ་ཏུ་བསྟན་ཏོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་གསུམ་པའི་དོན་བསྡུས་པའོ།། །།འཇིག་


DTG149_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཐམས་ཅད་རབ་ཏུ་འགུལ། །འཇིག་རྟེན་ཐམས་ཅད་རབ་ཏུ་གཡོས། །འཇིག་རྟེན་ཐམས་ཅད་རབ་ཏུ་བསྲེགས། །འཇིག་རྟེན་ཐམས་ཅད་དུད་པས་བདུགས། །འགུལ་བ་མེད་ཅིང་གཡོས་མེད་ལ། །སོ་སོའི་སྐྱེ་བོས་མ་བསྟེན་ཅིང༌། །གང་ན་བདུད་ཀྱི་རྟེན་མེད་པ། །དེར་ནི་བདག་ཡིད་མངོན་པར་དགའ། །ཞེས་ཚིགས་སུ་བཅད་པ་གཉིས་སོ། །བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་གསུངས་ཤེ་ན་འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་སྐྱོན་དང་ཡོན་ཏན་ཡང་དག་པར་བསྟན་པའི་ཕྱིར་རོ། །རྣམ་པར་གཅིག་ཏུ་ན་ཉོན་མོངས་པ་དང༌། གནོད་པ་དང། ནད་འགོ་བ་ཐམས་ཅད་སྤངས་པ་མྱ་ངན་ལས་འདས་པ་ལ་དེ་དོན་དུ་གཉེར་བ་རྣམས་རྟག་ཏུ་བྱེད་པ་དང༌། གུས་པར་བྱེད་པའི་སྦྱོར་བ་ལ་ཡང་དག་པར་སྦྱོར་བའི་ཕྱིར་དང༌། དོན་དུ་མི་གཉེར་པ་རྣམས་འདོད་པ་སྐྱེད་པའི་ཕྱིར་ཏེ། འཇིག་རྟེན་ཐམས་ཅད་ཅེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་དང༌། སེམས་ཅན་གྱི་འཇིག་རྟེན་ནོ། །དེ་ལ་སྣོད་ཀྱི་འཇིག་རྟེན་ནི་རླུང་གི་དཀྱིལ་འཁོར་ལ་སོགས་པ་འོག་མིན་གྱི་གནས་ལ་ཐུག་པ་འདི་ལྟ་སྟེ། རླུང་གི་དཀྱིལ་འཁོར་ལ་ཆུའི་དཀྱིལ་འཁོར་བརྟེན་ནོ། །ཆུའི་དཀྱིལ་འཁོར་ལ་སའི་དཀྱིལ་འཁོར་རོ། །དེ་ལ་རི་རབ་དང༌། གསེར་གྱི་རི་བདུན་པོ་གཉའ་ཤིང་འཛིན་དང༌། གཤོལ་མདའ་འཛིན་དང༌། སེང་ལྡེང་ཅན་དང༌། བལྟ་ན་སྡུག་དང༌། རྟ་རྣ་དང༌། རྣམ་པར་འདུད་དང༌། རི་མུ་ཁྱུད་འཛིན་དང༌། གླིང་བཞི་དང༌། བར་གྱི་གླིང་བརྒྱད་དང༌། ནང་གི་རྒྱ་མཚོ་དང༌། རི་རབ་ཀྱི་བང་རིམ་བཞི་དང༌། རྒྱལ་ཆེན་བཞིའི་གནས་དང༌། །སུམ་ཅུ་རྩ་གསུམ་དང༌། ནམ་མཁའ་ལ་གཞལ་མེད་ཁང་གི་ནང་ན་གནས་པ། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང༌། གཟུགས་ན་སྤྱོད་པའི་ལྷ་རྣམས་དང༌། ལྷ་མ་ཡིན་གྱི་གནས་གཞན་དང༌། སེམས་ཅན་དམྱལ་བ་རྣམས་ཀྱི་འོག་གི་གནས་གཞན་ཚ་བའི་སེམས་ཅན་དམྱལ་བ་བརྒྱད་དང༌། གྲང་བའི་སེམས་ཅན་དམྱལ་བ་བརྒྱད་དང༌། ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་གནས་གཞན་དང༌། དེ་དག་གི་ཕྱོགས་གཅིག་ན་དུད་འགྲོ་དང༌། ཡི་དགས་རྣམས་ཀྱི་གནས་གཞན་རྣམས་སོ། །


DTG149_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་འཇིག་རྟེན་ནི་ལས་ཀྱི་དབང་གིས་ཅི་རིགས་པར་དེ་ན་གནས་པའི་སེམས་ཅན་རྣམས་དང༌། གཟུགས་མེད་པ་ན་སྤྱོད་པ་རྣམས་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་དང༌། མི་དང༌། ལྷ་དང་རྒྱལ་ཆེན་བཞི་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་པ་དང༌། ཚངས་པ་ཆེན་པོ་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་ཆེ་བ་དང༌། མི་གདུང་བ་དང༌། ཤིན་ཏུ་མཐོང་བ་དང༌། གྱ་ནོམ་སྣང་དང༌། འོག་མིན་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་སོ། །ཇི་སྙེད་དུ་ཉི་མ་ཡོངས་སུ་རྒྱུ་ཞིང་འོད་ཀྱིས་ཕྱོགས་རྣམས་སྣང་བར་བྱེད་པ་དེ་སྙེད་ཀྱི་སྟོང་གི་འཇིག་རྟེན་ན་ཟླ་བ་སྟོང་དང༌། ཉི་མ་སྟོང་ནས་ཚངས་པའི་འཇིག་རྟེན་སྟོང་གི་བར་འདི་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་འདི་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་ནི་མཉམ་དུ་འཇིག་ཅིང་ཆགས་ཏེ། འདི་ལྟ་སྟེ། བར་སྣང་ལས་ཆར་གྱི་རྒྱུན་གཤོལ་མདའ་ཙམ་བབ་པའི་ཆུའི་རྒྱུན་བབ་པ་རྣམས་ལ་བར་མཚམས་སམ་བར་ཆད་མེད་པ་དེ་བཞིན་དུ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་འཇིག་པ་རྣམས་དང༌། ཆགས་པ་རྣམས་ལ་བར་མཚམས་དང་བར་ཆད་མེད་དེ། གཞན་དག་ནི་འཇིག་གཞན་དག་ནི་ཞིག་ནས་འདུག །གཞན་དག་ནི་ཆགས། གཞན་དག་ནི་ཆགས་ནས་འདུག་གོ །ཤར་ཕྱོགས་ཇི་ལྟ་བར་ཕྱོགས་ཐམས་ཅད་དུ་ཡང་དེ་དང་འདྲའོ། །འཇིག་པ་ནི་གསུམ་སྟེ། མེ་དང༌། ཆུ་དང༌། རླུང་གིས་སོ།།


DTG149_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་གསུམ་གྱི་མགོ་ནི་བསམ་གཏན་གཉིས་པ་དང༌། བསམ་གཏན་གསུམ་པ་དང༌། བཞི་པའོ། །བར་གྱི་བསྐལ་བ་ཉི་ཤུར་ནི་འཇིག་རྟེན་འཇིག་གོ །བར་གྱི་བསྐལ་པ་ཉི་ཤུར་ཞིག་ནས་འདུག་གོ །བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་འཆགས་སོ།། བར་གྱི་བསྐལ་པ་ཉི་ཤུར་ཆགས་ནས་འདུག་པའོ། །དེ་དག་ནི་བར་གྱི་བསྐལ་པ་བརྒྱད་ཅུར་འགྱུར་ཏེ། དེ་ནི་བསྐལ་པ་ཆེན་པོ་ཡིན་ནོ། །བསྐལ་པ་བགྲང་བའི་ཚུལ་དེ་ནི་གཟུགས་ན་སྤྱོད་པ་དང༌། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ཏེ། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་ཡི་བར་དུའོ། །འཇིགས་པའི་བསྐལ་བ་དམྱལ་བ་པའི། །སྲིད་པ་མེད་ནས་སྣོད་ཟད་པ། །ཆགས་བསྐལ་དང་པོར་རླུང་ནས་ནི། །དམྱལ་བ་སྲིད་པའི་བར་དུའོ། །འཇིག་རྟེན་ཐམས་ཅད་ནི་མི་རྟག་པ་ཉིད་དང་འབྲེལ་པ་ཡིན་ཏེ། འཇིག་པའི་མི་རྟག་པ་ཉིད་དང༌། སྐད་ཅིག་མའི་འཇིག་པའི་མི་རྟག་པ་ཉིད་ཀྱིས་སོ། །དེ་ལ་ཐམས་ཅད་རབ་ཏུ་འགུལ་བ་ནི་འཇིག་པའི་མི་རྟག་པ་ཉིད་ཀྱིས་ཏེ། འདི་ལྟར་དེ་ནི་སྲིད་པའི་རྩེ་མོའི་བར་དུ་འབྲེལ་ཏོ། །འགུལ་བ་ཞེས་བྱ་བ་ནི་རང་གི་གནས་ལས་ཉམས་པར་བྱེད་པའོ། །རབ་ཏུ་གཡོས་པ་ནི་སྐད་ཅིག་མའི་འཇིག་པ་མི་རྟག་པ་ཉིད་ཀྱིས་ཏེ། རྒྱུན་མི་ཆད་པར་འཇུག་པས་འབྲས་བུ་མི་འདྲ་བ་སྐྱེད་པའི་ཕྱིར་རོ། །རབ་ཏུ་གཡོས་དང་འདྲ་བས་རབ་ཏུ་གཡོས་ཏེ། རབ་ཏུ་གཡོས་པ་ཞེས་བྱ་བ་ནི་འབྲས་བུ་མི་འདྲ་བ་སྐྱེད་པ་ཡིན་ནོ། །འཇིག་རྟེན་ཐམས་ཅད་རབ་ཏུ་བསྲེགས། །ཞེས་བྱ་བ་ནི། རབ་ཏུ་བསྲེགས་པ་དང་འདྲ་བས་རབ་ཏུ་བསྲེགས་པ་སྟེ། སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་མཛད་ནས་ཉོན་མོངས་པ་ཀུན་དུ་སྤྱོད་པའི་གནས་སྐབས་རྣམས་ཀྱིས་གསུངས་སོ། །དུ་བས་བདུགས་པ་ནི་བག་ཆགས་ཀྱི་གནས་སྐབས་རྣམས་ཀྱིས་སོ། །དུ་བས་བདུགས་པ་དང་འདྲ་བས་དུ་བས་བདུགས་པ་ཡིན་ཏེ། དེ་དག་ཀྱང་རྐྱེན་དང་ཕྲད་ན་དུ་བ་ལ་མེ་འབྱུང་བ་བཞིན་དུ་འབྱུང་ངོ༌། །རྣམ་པ་གཅིག་ཏུ་ན་དེ་འབྱུང་བ་ནི་གཉི་ག་ལ་རག་ལས་པ་ཡིན་པས་གཉི་གའི་དབང་དུ་བྱས་ནས་གསུངས་ཏེ། རྒྱུ་ལས་འབྲས་བུ་བཏགས་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཉིས་པ་ནི་མྱ་ངན་ལས་འདས་པའི་དབང་དུ་མཛད་


DTG149_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུངས་པ་ཡིན་ཏེ། འགུལ་བ་མེད་ལ་ཞེས་བྱ་བ་ནི་ཐམས་ཅད་དུ་མི་རྟག་པ་ཉིད་དང་བྲལ་བ་ཡིན་ནོ། །སོ་སོའི་སྐྱེ་བོས་མ་བསྟེན་ཅིང༌། །ཞེས་བྱ་བ་ནི་དེའི་ཐབས་འཕགས་པ་རྣམས་ཀྱིས་ཀུན་དུ་སྤྱོད་པའི་ཕྱིར་རོ། །གང་ན་བདུད་ཀྱི་རྟེན་མེད་པ། །ཞེས་བྱ་བ་ནི་གནས་དང༌། བྱེད་པ་དང༌། ངོ་བོ་དང༌། བར་དུ་བཅོད་པའི་བདུད་རྣམས་ཏེ། དེར་ཀུན་དུ་མི་སྤྱོད་པའི་ཕྱིར་རོ། །དེ་ལ་གནས་ཀྱི་བདུད་ནི་ཕུང་པོའི་བདུད་དེ། འདི་ལྟར་དེ་རྣམས་སུ་འཆི་བའི་ཕྱིར་རོ། །བྱེད་པའི་བདུད་ནི་ཉོན་མོངས་པའི་བདུད་དེ། འདི་ལྟར་དེ་རྣམས་ཀྱིས་འཆིང་བའི་ཕྱིར་རོ། །ངོ་བོ་ཉིད་ཀྱི་བདུད་ནི་འཆི་བདག་གི་བདུད་ཉིད་དོ། །བར་དུ་གཅོད་པའི་བདུད་ནི་ལྷའི་བུའི་བདུད་དེ། བདུད་རྣམ་པ་གསུམ་སྤང་བའི་ཕྱིར་རབ་ཏུ་བརྩོན་པ་རྣམས་ཀྱི་བར་དུ་གཅོད་པར་བྱེད་པའི་ཕྱིར་རོ། །སོ་སོའི་སྐྱེ་བོས་མ་བསྟེན་ཞིང༌། །ཞེས་གསུངས་པ་ལ། གང་ན་བདུད་ཀྱི་རྟེན་མེད་པ། །ཞེས་སྨོས་པ་ལ་རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་ཀུན་དུ་སྦྱོར་བ་ལྷག་མ་དང་བཅས་པ་ཉིད་ཡིན་ན་དུ་བ་ཆུང་དུ་ཡོད་པའི་ཕྱིར་བདུད་ཀྱིས་གླགས་ཡོད་དོ་ཞེ་ན། དེར་ནི་བདག་ཡིད་མངོན་པར་དགའ། །ཞེས་བྱ་བས་སྐྱོན་དེ་དག་དང་བྲལ་བ་མྱ་ངན་ལས་འདས་པ་སྟོན་ཏོ། །ཚིགས་སུ་བཅད་པ་བསྡུས་པ་ལས་བཞི་པའི་དོན་བསྡུས་པའོ།། །།གང་དག་རྒྱལ་བ་རྣམ་འདྲེན་ལ། །བྱེད་པ་ཆུང་དུའང་བྱེད་འགྱུར་བ། །དེ་དག་མཐོ་རིས་སྣ་ཚོགས་པ། །བགྲོད་ན་འཆི་མེད་གནས་འཐོབ་པོ། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་ཅིའི་ཕྱིར་གསུངས་ཤེ་ན། ཚོགས་ཆུང་དུས་བསོད་ནམས་ཆེན་པོ་སྐྱེད་པར་བྱེད་དོ་ཞེས་ཡང་དག་པར་བསྟན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་དབུལ་པོ་དང་བག་མེད་པ་དང༌། །སེར་སྣ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གསུངས་པར་མངོན་ནོ། །གང་དག་རྒྱལ་བ་རྣམ་འདྲེན་ལ། །བྱེད་པ་ཆུང་ངུ་བྱེད་འགྱུར་བ། །ཞེས་བྱ་བ་ནི། གང་དག་དད་པ་ཙམ་གྱིས་ཀྱང༌། གཅིག་ཏུ་མངོན་པར་དད་པར་བྱེད། །ཅེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བ་ཉིད་ཀྱིས་སྐྱོན་མེད་པའི་ཕྱིར་རྒྱལ་བའོ། །གཞན་དག་གི་ཉོན་མོངས་པ་དང་འགྱོད་


DTG149_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེལ་པས་རྣམ་འདྲེན་ནོ། །དེ་དག་མཐོ་རིས་སྣ་ཚོགས་པ་བགྲོད་ནས་ཞེས་བྱ་བ་ནི་རིམ་གྱིས་ལྷའི་རིས་དྲུག་ཏུ་སྐྱེ་བར་མངོན་པར་མཐོ་བའི་རྒྱུ་ཉིད་དུ་སྟོན་ཏོ། །འཆི་མེད་གནས་འཐོབ་པོ་ཞེས་བྱ་བ་ནི་མཐར་མྱ་ངན་ལས་འདས་པ་ཐོབ་པའི་ཚོགས་སོགས་པས་ངེས་པར་ལེགས་པའི་རྒྱུ་ཉིད་དུ་སྟོན་ཏོ། །མྱ་ངན་ལས་འདས་པ་ནི་འཆི་བ་མེད་པའི་གནས་ཏེ། དེ་ན་བདུད་ཐམས་ཅད་མེད་པས་སླར་ལྡོག་པ་མེད་པའི་ཕྱིར་གནས་སོ། །བཅོམ་ལྡན་འདས་ནི་ཚེགས་ཆུང་དུས་བསོད་ནམས་ཆེན་པོ་སྐྱེ་བའི་སྐྱེ་མཆེད་ཡིན་ནོ་ཞེས་བྱ་བ་འདི་ནི་ཅི་རྒྱལ་པོའི་བཀའ་ལྟར་ཤེས་པར་བྱ་བ་ཞིག་གམ། འོན་ཏེ་ཁུངས་ཡོད་ཅེ་ན། ཁུངས་ཡོད་དོ། །ག་ལས་ཤེ་ན། རྒྱུ་དང་འབྲས་བུ་དང་ཕན་འདོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ནི་བསོད་ནམས་ཆེ་བའི་སྐྱེ་བའི་སྐྱེ་མཆེད་ཡིན་ནོ་ཞེས་ཁོང་དུ་ཆུད་པར་གྱིས་ཤིག །ཕུན་སུམ་ཚོགས་པ་ནས་ཕན་འདོགས་པ་ཕུན་སུམ་ཚོགས་པའི་བར་གང་ཡིན་པ་བརྗོད་དགོས་པས་རྒྱུ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལ་གོམས་པ་དང༌། ཡུན་རིང་པོར་གོམས་པ་དང༌། རྟག་ཏུ་གོམས་པ་དང༌། གུས་པར་བྱས་ཏེ་གོམས་པའོ། །འབྲས་བུ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། མཁྱེན་པ་ཕུན་སུམ་ཚོགས་པ་དང༌། སྤངས་པ་ཕུན་སུམ་ཚོགས་པ་དང༌། མཐུ་ཕུན་སུམ་ཚོགས་པ་དང༌། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། །ཕན་འདོགས་པ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། ངན་སོང་གསུམ་ལས་སྐྱོབ་པ་ཕུན་སུམ་ཚོགས་པ་དང༌། བདེ་འགྲོ་ལ་འཇོག་པ་ཕུན་སུམ་ཚོགས་པ་དང༌། ཐེག་པ་གསུམ་ལ་འཇོག་པ་ཕུན་སུམ་ཚོགས་པ་དང༌། འཁོར་བའི་སྡུག་བསྔལ་ལས་གཏན་དུ་ངེས་པར་ཐར་པ་ལ་འཇོག་པ་ཕུན་སུམ་ཚོགས་པའོ། །མཁྱེན་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། མ་བསྟན་པར་མཁྱེན་པ་དང༌། ཐམས་ཅད་མཁྱེན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་དང༌། མ་བསྒྲིབས་པར་མཁྱེན་པའོ། །སྤངས་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང༌། གཏན་དུ་སྤངས་པ་


DTG149_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་དང༌། ཏིང་ངེ་འཛིན་དང་སྙོམས་པར་ཞུགས་པ་ཐམས་ཅད་ཀྱི་སྒྲིབ་པ་སྤངས་པའོ། །མཐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཚངས་པའི་ཡུལ་དུ་སྤྲུལ་པ་དང༌། བསྒྱུར་བ་དང༌། བྱིན་གྱི་རླབས་ལ་དབང་བ་ཕུན་སུམ་ཚོགས་པ་དང༌། སྐུ་ཚེ་གཏོང་བ་དང༌། བྱིན་གྱིས་རློབ་པ་ལ་དབང་བ་ཉིད་དུ་ཕུན་སུམ་ཚོགས་པ་དང༌། ནམ་མཁའི་ཁམས་སྒྲིབ་པ་དང༌། ཤིན་ཏུ་རིང་བར་མྱུར་དུ་བཞུད་པ་དང༌། ཆུང་ངུ་ཆེན་པོར་འཇུག་པའི་དབང་ཉིད་ཕུན་སུམ་ཚོགས་པ་དང༌། ངོ་མཚར་རྨད་དུ་བྱུང་བའི་ཆོས་གཉུག་མ་སྣ་ཚོགས་པའོ། །གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། མཚན་ཕུན་སུམ་ཚོགས་པ་དང༌། དཔེ་བྱད་ཕུན་སུམ་ཚོགས་པ་དང༌། སྟོབས་ཕུན་སུམ་ཚོགས་པ་དང༌། སྐུ་གདུང་གི་རུས་པ་རྡོ་རྗེ་ལྟར་སྲ་བ་ཕུན་སུམ་ཚོགས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ནི་མཁྱེན་པ་དང༌། མཐུ་དང་ཕན་འདོགས་པའི་ཡོན་ཏན་རྨད་དུ་བྱུང་བའི་མཐའ་ཡས་པ་རིན་པོ་ཆེ་ཆེན་པོའི་འབྱུང་གནས་ཡིན་ཏེ། དེ་ནི་བཅོམ་ལྡན་འདས་ཀྱི་བདག་ཉིད་ཆེན་པོ་མདོར་བསྡུས་པ་ཡིན་ནོ། །ཐ་དད་དུ་དབྱེ་ན་ལྟ་དུ་མ་ཡོད་མོད་ཀྱི་དེ་ཅམ་གྱིས་ཆོག་གོ །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་ལྔ་པའི་དོན་བསྡུས་པའོ།། །།དགོན་པ་འདིར་ནི་གནས་པ་དང༌། །ཞི་ཞིང་ཚངས་པར་སྤྱོད་པ་དང༌། །ཟས་གཅིག་ཟ་བར་བྱེད་རྣམས་ཀྱི། །མདོག་ནི་གང་གིས་གསལ་བར་འགྱུར། །འདས་པ་ལ་ནི་མ་ཆགས་ཤིང༌། །མ་འོངས་པ་ལ་མངོན་མི་དགའ། །ད་ལྟར་བྱུང་བ་ཐོབ་ནས་འདིར། །ཤེས་བཞིན་སོ་སོར་དྲན་ལྡན་པ། །སོ་སོར་བརྟགས་ནས་ཟ་བྱེད་པ། །དེ་ཡིས་མདོག་ནི་གསལ་བར་འགྱུར། །ཞེས་ཚིགས་སུ་བཅད་པ་གཉིས་སོ། །ཚིགས་སུ་བཅད་པ་གཅིག་ནི་ཞུས་པའོ། །ཚིགས་སུ་བཅད་པ་གཉིས་པ་ནི་ལན་བཏབ་པའོ། །ཚིགས་སུ་བཅད་པ་ཞུས་པའི་བརྩམས་པ། དགོན་པ་འདིར་ནི་གནས་པ་དང༌། །ཞེས་བརྗོད་ན། ཞི་ཞིང་ཞེས་བྱ་བ་མ་བརྗོད་ཀྱང་གྲུབ་སྟེ། འདི་ལྟར་རབ་ཏུ་ཞི་བའི་གནས་མལ་ན་གནས་པ་རྣམས་ཀྱི་ལུས་དང་ངག་དང་སེམས་རབ་ཏུ་ཞི་བར་ཀུན་དུ་སྤྱོད་པར་ངེས་སོ། །ཞི་ཞིང་ཞེས་བརྗོད་ནས་ཚངས་པར་


DTG149_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཞེས་བརྗོད་པར་མི་བྱ་སྟེ། ཇི་ལྟར་ན་ཞི་བ་ཚངས་པར་སྤྱོད་པ་མ་ཡིན། ཟས་གཅིག་ཟ་བར་བྱེད་རྣམས་ཀྱི། །ཞེས་བྱ་བ་འདི་ཡང་བརྗོད་པར་མི་བྱའོ། །ཡོན་ཏན་དེ་རྣམས་དང་ལྡན་པ་ནི་ཟས་ལ་ཚོད་རིག་པ་ཡིན་ན་རོལ་སྲེད་པ་དང་དུ་ལེན་པར་ཇི་ལྟར་ནུས་པར་མི་འགྱུར། མདོག་ནི་གང་གིས་གསལ་བར་འགྱུར། །ཞེས་བྱ་བ་ཡང་ཅིའི་ཕྱིར་ཞེ་ན། ཚིགས་སུ་བཅད་པ་འདི་ནི་གསལ་བའི་རྒྱུ་ཉེ་བའི་ཉོན་མོངས་པ་ལས་བྱུང་བའི་བདེ་བ་རྣམ་པ་བཞིའི་གཉེན་པོར་རྣམ་པར་གཞག་པར་རིག་པར་བྱ་སྟེ། མདོག་གསལ་བའི་རྒྱུ་ཉེ་བའི་ཉོན་མོངས་པ་ལས་བྱུང་བ་རྣམ་པ་བཞི་ནི་སྐྱེ་བོ་སྡུག་པ་དང་འགྲོགས་པ་ལས་བྱུང་བ་དང༌། དགོད་པ་ལས་བྱུང་བ་དང༌། འཁྲིག་པ་གཅོད་པ་ལས་བྱུང་བ་དང༌། ཟས་འདོད་དགུའི་དུས་སུ་ཟ་བའོ། །དགོན་པ་འདིར་ནི་གནས་པ་དང༌། །ཞེས་བྱ་བ་ནི་སྐྱེ་བོ་སྡུག་པ་དང་འགྲོགས་པ་ལས་བྱུང་བའི་བདེ་པའི་གཉེན་པོའོ། །ཞི་ཞིང་ཞེས་བྱ་བ་ནི་དགོད་པ་ལས་བྱུང་བའི་བདེ་བའི་གཉེན་པོ་ཡིན་ཏེ། དགོན་པར་གནས་ཀྱང་སྔོན་དགོད་པ་དང༌། རྩེ་པ་ལ་སོགས་པའི་རྗེས་སུ་དྲན་པ་ལས་རྣམ་པར་མ་ཞི་བར་འགྱུར་བ་ཡང་ཡོད་དེ། ཚངས་པར་སྤྱོད་པ་དང་ཞེས་བྱ་བ་ནི་འཁྲིག་པ་སྤྱོད་པ་ལས་བྱུང་བའི་བདེ་བའི་གཉེན་པོ་ཡིན་ཏེ། དགོན་པར་གནས་ཀྱང་ཚངས་པར་སྤྱོད་པ་མ་ཡིན་པ་ཡོད་དེ། འདི་ལྟར་དེ་དག་ནི་བུ་སྐྱེད་པའི་ཕྱིར་མི་ཚངས་པར་སྤྱོད་པར་བྱེད་དོ། །ཟས་གཅིག་ཟ་བར་བྱེད་རྣམས་ཀྱི། །ཞེས་བྱ་བ་ནི་ཟས་འདོད་དགུའི་དུས་སུ་ཟ་བ་ལས་བྱུང་བའི་བདེ་བའི་གཉེན་པོ་ཡིན་ཏེ། འདི་ནི་རེ་ཞིག་ཞུས་པའི་ཚིགས་སུ་བཅད་པའོ། །ལན་གྱི་ཚིགས་སུ་བཅད་པ་ནི། །འདས་པ་ལ་ནི་མ་ཆགས་ཤིང༌། །ཞེས་རྒྱ་ཆེར་འབྱུང་བའོ། །ཉེ་བའི་ཉོན་མོངས་པའི་རྣམ་པ་བཤད་པ་ཡོངས་སུ་སྤངས་ཤིང་སྲེད་པ་རྣམ་པ་གསུམ་དང་བྲལ་བ་དག་ནི་མདོག་གསལ་བར་འགྱུར་རོ། །དེ་ལ་སྲེད་པ་རྣམ་པ་གསུམ་ནི་དུས་ཀྱི་བྱེ་བྲག་གིས་ལྟ་བའི་སྲེད་པ་དང༌། མངོན་པར་དགའ་བའི་སྲེད་པ་དང༌། ལྷག་པར་ཞེན་པའི་སྲེད་པ་སྟེ། མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པ་ཞིག་པ་རྣམས་ལ་ནི་ལྟ་བའི་སྲེད་པའོ། །མ་འོངས་པ་རྣམས་


DTG149_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ངོ་བོ་དང༌། ཡོ་བྱད་སྣ་ཚོགས་པ་ནི་མངོན་པར་དགའ་བའི་སྲེད་པའོ། །ད་ལྟར་བྱུང་བ་ལ་ད་ལྟར་གྱི་ཕུང་པོ་དང༌། ཡོ་བྱད་ཡོངས་སུ་མི་གཏོང་བའི་མཚན་ཉིད་ནི་ལྷག་པར་ཞེན་པའི་སྲེད་པའོ། །རྣམ་པ་གཅིག་ཏུ་ན་སྲེད་པ་རྣམ་པ་བཞི་དང་བྲལ་བ་དག་མདོག་གསལ་བར་འགྱུར་བ་ནི་བཅོམ་ལྡན་འདས་ཀྱིས་གང་གི་དབང་དུ་མཛད་ནས་མདོ་སྡེ་གཞན་དག་ལས་སྲེད་པ་དང༌། ཡང་བྱུང་བ་པ་དང༌། དགའ་བའི་འདོད་ཆགས་དང་ལྡན་པ་དང༌། དེ་དང་དེ་ལ་མངོན་པར་དགའོ་ཞེས་གསུངས་པ་ཡིན་ཏེ། དེ་ལ་སྲེད་པ་ནི་འདས་པ་ལའོ། །ཡང་བྱུང་བ་པ་ནི་མ་འོངས་པ་ལའོ། །དགའ་བའི་འདོད་ཆགས་དང་ལྡན་པ་ནི་ད་ལྟར་བྱུང་བ་ལ་སྟེ། དགའ་བ་ནི་དགའ་བར་བྱེད་པ། ཉོན་མོངས་ཅན་གྱི་ཡིད་བདེ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་དང་དེ་ལ་མངོན་པར་དགའོ་ཞེས་བྱ་བ་ནི་འདས་པ་དང༌། མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ལའོ། །རྣམ་པ་གཅིག་ཏུ་ན་ཚིག་བཞིའི་དོན་ནི་བདག་གི་ངོ་བོ་དང་ཡོ་བྱད་ཀྱི་དངོས་པོ་ཐོབ་པ་དང་མ་ཐོབ་པ་ལས་རིག་པར་བྱ་སྟེ། སྲིད་པ་ནི་བདག་གི་ངོ་བོ་ཐོབ་པ་ལའོ། །ཡང་བྱུང་བ་ནི་མ་ཐོབ་པ་ལའོ། །དགའ་བའི་འདོད་ཆགས་དང་ལྡན་པ་ནི་ད་ལྟར་བྱུང་པའི་ཡུལ་རྣམས་ལའོ། །དེ་དང་དེ་ལ་མངོན་པར་དགའ་བ་ནི་མ་འོངས་པའི་ཡུལ་རྣམས་ལའོ། །ཤེས་བཞིན་སོ་སོར་དྲན་ལྡན་པ། །ཞེས་བྱ་བ་ནི་ཤེས་རབ་དང་དྲན་པ་དང་ལྡན་པ་རྣམས་ནི་ཡང་དག་པར་རབ་ཏུ་བྱུང་བ་ཞེས་བྱ་སྟེ། ཤེས་བཞིན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཤེས་རབ་སྟེ། གང་གིས་ལུས་དང༌། ངག་དང༌། སེམས་ཀྱི་སྤྱོད་པ་ཤེས་བཞིན་དུ་འཇུག་པའོ། །དེ་ལ་དྲན་པ་ནི་འགྲོ་བ་དང་འོང་བ་ལ་སོགས་པ་ལ་གཏོད་པའོ། །དེ་ལྟར་མ་འོངས་པ་ལ་འདོད་པ་དང༌། ད་ལྟར་བ་ལ་རྟག་པར་ཆགས་པ་དང༌། འདས་པ་ལ་རྗེས་སུ་དྲན་པའི་ཉོན་མོངས་པ་དང་བྲལ་བ་རྣམས་ནི། སོ་སོར་བརྟགས་ནས་ཟ་བྱེད་པ་ཡིན་ཏེ། ཇི་ལྟར་དགའ་བོའི་མདོ་ལས། འདི་ན་རིགས་ཀྱི་བུ་དགའ་བོ་ནི་སོ་སོར་བརྟགས་ནས་ཟས་ཟ་བར་བྱེད་དེ། རྒོད་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ཇི་ཙམ་དུ་ལུས་འདི་གཉིས་གནས་པ་དང་འཚོ་བ་དང༌། བཀྲེས་པ་


DTG149_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བྱ་བ་དང༌། ཚངས་པར་སྤྱོད་པ་ལ་ཕན་གདགས་པར་བྱ་བའི་ཕྱིར་ཏེ། འདི་ལྟར་སྔོན་གྱི་ཚོར་བ་ནི་སྤང་བར་བྱ་བ་དང༌། ཚོར་བ་གསར་པ་ནི་སྐྱེད་པར་མི་བྱ་ཞིང་བདག་འཚོ་བ་དང༌། སྟོབས་བདེ་བ་དང༌། ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱི་རེག་པ་ལ་གནས་སོ་ཞེས་འབྱུང་ངོ༌། །རྒོད་པའི་ཕྱིར་མ་ཡིན་པ་ནི་གཞོན་ནུ་རྣམས་ཇི་ལྟ་བ་བཞིན་དུའོ། །རྒོད་པ་ནི་རྒོད་བག་ཅན་ཏེ། དེ་དག་ནི་མཛེས་པར་བྱ་བའི་བསམ་པས་ཟ་བར་བྱེད་དོ། །རྒྱགས་པའི་ཕྱིར་ནི་མ་ཡིན་ཞེས་བྱ་བ་ནི་གྱད་དག་ལྟ་བུ་སྟེ། ཇི་ལྟར་དེ་དག་ནི་ལུས་ཀྱི་སྟོབས་ཆེ་ན་དགའ་པའི་བསམ་པས་ཟ་བར་བྱེད་དོ། །ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་ཞེས་བྱ་བ་ནི་འདོད་པ་ལ་ལོངས་སྤྱོད་པ་ལྟ་བུ་སྟེ། དེ་དག་ནི་མཛེས་པར་བྱ་བའི་བསམ་པས་ཆ་བའི་ཕྱིར་དང༌། བརྒྱན་པའི་ཕྱིར་ཟ་བར་བྱེད་དེ། དེ་ལ་ཆ་བ་ནི་ཁྲུས་དང༌། བསྐུ་བ་དང༌། ཕྱི་བདར་བྱེད་པའོ།། བརྒྱན་པ་ཞེས་བྱ་བ་ནི་གོས་དང་ཕྲེང་བ་ལ་སོགས་པས་རྒྱན་བྱེད་པ་ཡིན་ཏེ། དེ་ལྟ་བུའི་བསམ་པས་ཟས་ཟ་བ་འགོག་པར་མཛད་དོ། །ཅི་ཙམ་དུ་དེའི་ལུས་ཉིད་གནས་པ་དང༌། འཚོ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྲོག་གི་རྒྱུན་ཁོ་ནའི་ཕྱིར་དང༌། སྟོབས་ཀྱི་རྒྱུན་ཁོ་ནའི་ཕྱིར་ཏེ། སྲོག་ནི་ཚེ་གནས་པའོ། །སྟོབས་ནི་འཚོ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཤིང་རྟའི་ལྟེ་བའི་མིག་བསྐུ་བ་ལྟ་བུར་རོ། །བཀྲེས་པ་མེད་པ་ཞེས་བྱ་བ་ནི་ལྟོགས་པའི་སྡུག་བསྔལ་ལས་བཟློག་པའི་དོན་ཏོ། ཇི་ལྟར་རྨ་གསོ་བར་བྱ་བ་ལྟ་བུར་རོ། །ཚངས་པར་སྤྱོད་པ་ལ་ཕན་གདགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལུས་གནས་པ་དང༌། ལུས་ཀྱི་སྟོབས་དང༌། ལུས་ལ་གདུང་བ་མེད་པ་ལ་བརྟེན་ནས་འཕགས་པའི་ལམ་བསྒྲུབ་པའི་དོན་ཏེ། ཚངས་པར་སྤྱོད་པ་གང་ཡིན་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའོ་ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། །འདི་ལྟར་སྔོན་གྱི་ཚོར་བ་སྤང་བར་བྱའོ་ཞེས་བྱ་བ་ནི་གང་བཀྲེས་པ་ལས་བྱུང་བའོ། །ཚོར་བ་གསར་པ་བསྐྱེད་པར་མི་བྱ་སྟེ། །ཞེས་བྱ་བ་ནི་གང་མང་བ་ལས་བྱུང་བ་སྟེ། འདིས་ཉུང་བ་དང༌། ལྷག་པའི་ཁ་ཟས་སྤོང་བར་བྱེད་དོ། །འདི་ལྟར་ཞེས་སྨོས་པ་ནི་ཚོད་རིག་པ་ཡང་དག་པར་བསྟན་པའི་ཕྱིར་རོ། །སྔོན་


DTG149_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚོར་བ་དག་སྤངས་པས་ཅི་བྱེད་ཅེ་ན། བདག་འཚོ་བ་དང༌། སྟོབས་དང༌། བདེ་བར་འགྱུར་བར་སོ་སོར་རྟོག་གོ །ཚོར་བ་གསར་པ་བསྐྱེད་པར་མི་བྱ་བས་ཅི་བྱེད་ཅེ་ན། ཁ་ན་མ་ཐོ་བ་མེད་པའི་རེག་པ་ལ་གནས་སོ་ཞེས་སོ་སོར་རྟོག་པར་བྱེད་དོ། །དེ་ལ་ཁ་ཟས་མང་པོར་ཟ་བའི་སྐྱོན་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པར་རིག་པར་བྱའོ། །སྐྱོན་དེ་དག་ཀྱང་ལྔ་སྟེ། གཡེང་བ་དང༌། མི་དགའ་བ་དང༌། གླལ་བ་དང༌། ཟས་མ་སྙོམས་པ་དང༌། སེམས་ཞུམ་པ་ཉིད་དོ། །སྦྱངས་པ་དང་རྗེས་སུ་མཐུན་པའི་ལུས་ཡང་བས་ནི་བདེ་བར་གནས་པའི་ཕྱིར་ཏེ། རེག་པ་ལ་གནས་བར་རིག་པར་བྱའོ། །བསམ་པ་གང་གིས་བཟའ་བར་མི་བྱ་བ་དང༌། བསམ་པ་གང་གིས་བཟའ་བར་བྱ་བ་དང༌། ཚོད་ཅི་ཙམ་ཞིག་ཟ་བའི་ཕན་ཡོན་དེ་ལས་སོ་སོར་བརྟགས་ནས་ཟ་བའི་ཕྱིར་སོ་སོར་བརྟགས་ནས་ཁས་ཟས་ཟ་བ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་བསྡུས་པའི་དོན་འདི་ནི་གཞན་ཏེ། བདེ་བ་དང༌། ཡིད་བདེ་བ་དང༌། དགའ་བ་དང་འགྲོགས་པ་དང༌། དགོད་པ་དང༌། འཁྲིག་པ་དང༌། ཡོངས་སུ་སྤྱོད་པ་ལས་བྱུང་བ་རྣམ་པ་བཞིས་ཁྱིམ་པ་རྣམས་ཀྱི་མདོག་གསལ་བར་འགྱུར་ལ། དེ་དང་བྲལ་བས་ལོག་པར་རབ་ཏུ་བྱུང་བ་གཞན་རྣམས་ནི་འདོད་པ་བོར་བ་ལ་དགའ་བ་ཉིད་དང༌། འདོད་པ་མ་ཐོབ་པ་ཉིད་དང༌། དོན་དུ་གཉེར་བ་ཉིད་དང༌། ཡོ་བྱད་ཐོབ་པ་ལ་ལྷག་པར་ཆགས་ཏེ་ཡོངས་སུ་སྤྱད་པ་ཉིད་ཀྱིས་མདོག་ངན་པར་སྣང་ལ། ཉེ་བའི་ཉོན་མོངས་པ་དེ་དག་སྤངས་པས་ཡང་དག་པར་རབ་ཏུ་བྱུང་བ་རྣམས་ཀྱི་མདོག་གསལ་བར་མཐོང་ནས་མདོག་གསལ་བའི་རྒྱུ་ལྷས་ཞུས་སོ། །མདོག་གསལ་བའི་རྒྱུ་ཉོན་མོངས་པ་ཅན་དེ་མེད་ཀྱང་ཇི་ལྟར་ཡང་དག་པར་རབ་ཏུ་བྱུང་བ་རྣམས་ཀྱི་མདོག་གསལ་བར་འགྱུར་བ་དེ། འདས་པ་ལ་ནི་མ་ཆགས་ཤིང༌། །ཞེས་རྒྱ་ཆེར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དྲུག་པའི་དོན་བསྡུས་པའོ།། །།ཆོས་ལ་ཀུན་དགའ་ཆོས་ལ་དགའ། །ཆོས་རྣམས་རྗེས་སུ་རྣམ་སེམས་ཤིང༌། །ཆོས་རྣམས་དྲན་པའི་དགེ་སློང་ནི། །ཆོས་ལས་ཡོངས་སུ་ཉམས་མི་འགྱུར། །ཞེས་ཚིགས་སུ་བཅད་པའོ། །ཚིགས་སུ་བཅད་པ་འདི་ཅིའི་


DTG149_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གསུངས་ཤེ་ན། ལུང་དང་རྟོགས་པའི་ཆོས་ལས་མི་ཉམས་པའི་རྒྱུ་ལས་བསྟན་པའི་ཕྱིར་རོ། །དེ་ལ་ཆོས་ལ་ཀུན་དགའ་བ་ནི་མདོ་སྡེ་ལ་སོགས་པ་བསྟན་པའི་ཆོས་གཟུང་བ་དང༌། ཁ་ཏོན་བྱ་བ་དང༌། བསྟན་པ་རྣམས་ཀྱིས་དེ་ལ་གཞོལ་བའི་སྒོ་ནས་རིག་པར་བྱའོ། །ཆོས་ལ་དགའ་བ་ནི་བསྒྲུབ་པའི་ཆོས་ཏེ། ཡང་དག་པའི་ལྟ་བ་ལ་སོགས་པའི་སྦྱོར་བ་ཉོན་མོངས་པ་ཉེ་བར་ཞི་བའི་ཐབས་སྐྱེད་པ་ལ་མངོན་པར་དགའ་བའི་སྒོ་ནས་རིག་པར་བྱའོ། །དེ་ནས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་མདོ་སྡེ་ལས་ཇི་སྐད་དུ་འབྱུང་བ་བཞིན། རྣམ་སེམས་ཤིང་གོམས་པར་བྱེད་པ་ནི་དྲན་པ་ཉེ་བར་གནས་པས་འབྲས་བུའི་ཆོས་ལས་ཉམས་པར་མི་འགྱུར་རོ། །རྣམ་པ་གཅིག་ཏུ་ན་ཚིགས་སུ་བཅད་པ་འདིས་ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་བསྒྲུབ་པའི་རྒྱུ་དང༌། ཕན་ཡོན་སྟོན་པར་བྱེད་དེ། འདིར་ཆོས་ལ་ཀུན་དགའ་བ་ནི་གཟུང་བ་དང༌། ཁ་ཏོན་དང་བསྟན་པ་ལ་བརྩོན་པའི་སྒོ་ནས་རིག་པར་བྱའོ། །ཆོས་ལ་དགའ་བ་ནི་དེ་ལ་གཞོལ་བའི་ཕྱིར་རོ། །ཆོས་ལ་ཀུན་དགའ་བ་དང༌། ཆོས་ལ་དགའ་བས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་སྒྲུབ་པར་བྱེད་དེ། མ་ཐོས་པ་ཐོས་པར་བྱེད་ཅིང༌། ཐོས་པ་ཡང་བྱུང་བར་བྱེད་དེ། དྲི་མ་མེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཆོས་རྣམས་རྗེས་སུ་རྣམ་སེམས་ཤིང༌། །ཞེས་བྱ་བས་ནི་བསམས་པ་ལས་བྱུང་བའི་ཤེས་རབ་སྒྲུབ་པར་བྱེད་དོ། །ཆོས་རྣམས་རྗེས་སུ་དྲན་པར་བྱེད་པས་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་སྒྲུབ་པར་བྱེད་དོ། །དེ་དག་ནི་ཤེས་རབ་གསུམ་གྱི་རྒྱུ་ཡིན་ནོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་དགེ་སློང་ལུང་དང་རྟོགས་པའི་ཆོས་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་ནི་ཕན་ཡོན་ཡིན་ནོ། །འདིར་དགེ་སློང་ནི་ཉོན་མོངས་པ་བཅོམ་པའམ། གཞོམ་པར་ཞུགས་པ་ལ་བྱ་བར་འདོད་དོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བདུན་པའི་དོན་བསྡུས་པའོ།། །།བམ་པོ་གཉིས་པ། མཁས་གང་འཚོ་བའི་འཇིག་རྟེན་དུ། །དད་དང་ཤེས་རབ་རྙེད་པ་ནི། དེ་ཉིད་འདི་ཡི་ནོར་མཆོག་སྟེ། འདི་ཡི་ནོར་གཞན་དམན་པ་ཡིན། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་


DTG149_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་གསུངས་ཤེ་ན། ནོར་བུ་དང་དངུལ་དང་གསེར་ལ་སོགས་པ་ཕྱི་རོལ་གྱི་ནོར་ངན་པ་ལ་ལྷག་པར་ཆགས་པ་རྣམས་ནང་གི་ནོར་བཟང་པོ་ལ་ཡང་དག་པར་སྦྱར་བའི་ཕྱིར་རོ། །མཁས་པ་སྨོས་པ་ནི་དད་པ་དང༌། །ཤེས་རབ་དག་ཐོབ་པའི་གཞིར་བསྟན་པའི་ཕྱིར་ཏེ། རང་བཞིན་གྱིས་མཁས་བ་དང་ལྡན་པས་ནི་ལེགས་པར་བཤད་པ་དང༌། ཉེས་པར་བཤད་པ་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་ཤིང༌། དད་པ་དང་ཤེས་རབ་ཀྱང་ཐོབ་སྟེ། ནུས་པ་མེད་པའམ། ལོག་པར་ལྟ་བས་ནི་མ་ཡིན་ནོ། །གང་ཞེས་བྱ་བ་ནི་རུས་བཙལ་ཏེ། རིགས་བཞི་ལས་གང་ཡང་རུང་བའོ། །འཚོ་བའི་འཇིག་རྟེན་དུ་ཞེས་བྱ་བ་ནི་འཚོ་བའི་འཇིག་རྟེན་འཕགས་པ་འབྱུང་བའི་གནས་འདིར་རོ། །མིའི་འཇིག་རྟེན་དུ་བལྟ་སྟེ། དེར་དེ་དག་རྙེད་པར་སྲིད་པར་དགོངས་པའི་ཕྱིར་དང༌། མི་རྣམས་ནོར་ལ་ལྷག་པར་ཆགས་པའི་ཕྱིར་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་འཛམ་བུའི་གླིང་གི་མི་དག་ནི་བྱང་གི་སྒྲ་མི་སྙན་གྱི་མི་དང༌། ལྷ་དག་ལས་ཁྱད་པར་གསུམ་གྱིས་ཁྱད་པར་དུ་འཕགས་ཏེ། དཔའ་བ་དང༌། དྲན་པ་དང་ལྡན་པ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །གཞན་དག་ན་རེ་འདིར་ཚངས་པར་སྤྱོད་པ་གནས་པ་དང༌། སྐྱོ་བ་མང་བ་དང་ཤེས་རབ་རྣོ་བས་སོ་ཞེའོ། །དད་པ་ནི་ཡོད་པ་ཉིད་དང༌། ཡོན་ཏན་དང་ལྡན་པ་ཉིད་དང༌། ནུས་པ་ཉིད་ལ་རིམ་པ་བཞིན་དུ་མངོན་པར་ཞེན་པ་དང༌། དང་བ་དང་འདོད་པ་སྟེ་སངས་རྒྱས་དང་ཆོས་དང་དགེ་འདུན་ཡོད་པ་ཉིད་དུ་མངོན་པར་ཡིད་ཆེས་པའི་རྣམ་པ་དང༌། ཡོན་ཏན་དང་ལྡན་པ་ཉིད་ལ་དང་བའི་རྣམ་པ་དང༌། ནུས་པ་ཉིད་ལ་བདག་གིས་ཐོས་པའམ། བསྒྲུབ་པར་ནུས་སོ་སྙམ་པ་འདོད་པའི་རྣམ་པའི་དད་པའོ། །ཤེས་རབ་ནི་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་སྟེ། ཐེ་ཚོམ་བཟློག་པའི་ལམ་ཅན་ནོ། །དད་པས་ནི་དམ་པའི་ཆོས་ལ་འཇུག་པའི་རྒྱུར་སྟོན་ལ། ཤེས་རབ་ཀྱིས་ནི་དེ་མི་འཕྲོགས་པ་ཉིད་ཀྱི་རྒྱུར་བསྟན་ཏེ། འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་སྐྲ་དང༌། ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་དག་བགོས་ནས་ཡང་དག་པ་ཉིད་དུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་གསུངས་པ་ལྟ་བུའོ། །མདོ་སྡེའི་དུམ་བུ་འདིས་ནི་དག་


DTG149_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་གི་ཕུན་སུམ་ཚོགས་པ་རྣམ་པ་བཞིས་བསྡུས་པ་བསྟན་པ་ལ་འཇུག་པའི་རྒྱུ་དད་པ་ཡོངས་སུ་བསྟན་ཏོ། །དེ་ལ་དགེ་སློང་གི་ཕུན་སུམ་ཚོགས་པ་རྣམ་པ་བཞི་ནི། ཆ་བྱད་ཕུན་སུམ་ཚོགས་པ་དང༌། ལས་ཕུན་སུམ་ཚོགས་པ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། གནས་ཕུན་སུམ་ཚོགས་པ་སྟེ། སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་དུར་སྨྲིག་དག་བགོས་ནས་ཞེས་བྱ་བ་ནི་ཆ་བྱད་ཕུན་སུམ་ཚོགས་པ་སྟེ། ཆ་བྱད་འདི་ནི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང་མི་མཐུན་པའི་ཕྱིར་ཁྱིམ་པའི་ཆ་བྱད་ལས་ཕུན་སུམ་ཚོགས་པ་ཡིན་ནོ། །ཡང་དག་པ་ཉིད་དུ་ཞེས་བྱ་བ་ནི་ལས་ཕུན་སུམ་ཚོགས་པ་སྟེ། གསོལ་བ་དང་བཞིའི་ལས་ཀྱིས་རབ་ཏུ་བྱུང་བ་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། བསྙེན་པར་མ་རྫོགས་པ་དང༌། རང་གིས་རྟགས་བླངས་པ་ནི་མ་ཡིན་ནོ། །དད་པས་ཞེས་བྱ་བ་ནི་བསམ་པ་ཕུན་སུམ་ཚོགས་པ་སྟེ། བུ་ལོན་གྱིས་སྐྲག་པའི་ཕྱིར་མ་ཡིན། འཇིགས་པས་སྐྲག་པའི་ཕྱིར་མ་ཡིན། རྒྱལ་པོས་བསྒོ་བའི་ཕྱིར་མ་ཡིན་གྱི། འོ་ན་ཅི་ཞེ་ན། དད་པས་སོ། །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་བྱ་བ་ནི་གནས་ཕུན་སུམ་ཚོགས་པ་སྟེ། ཁྱིམ་ནི་ཁྱིམ་པའི་གནས་སོ། །གནས་ཉམ་ང་བ་དེ་ལས་གནས་འདི་ཕུན་སུམ་ཚོགས་པ་ཡིན་ཏེ། ཁྱིམ་མེད་པ་ནི་ཤིང་དྲུང་ལ་སོགས་པའོ། །དད་པས་དམ་པའི་ཆོས་ལ་འཇུག་པའི་རྒྱུ་བསྟན་ཟིན་ཏོ། །དེའི་འོག་ཏུ་ཤེས་རབ་ཀྱིས་དེ་མི་འཕྲོགས་པ་ཉིད་ཀྱི་རྒྱུ་ཅི་ལྟར་སྟོན་ཅེ་ན། འདི་ལྟར་ཤེས་རབ་ཅན་ནི་བདག་ཉིད་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་རྗེས་སུ་དྲན་ནས་སྦྱོར་བར་བྱེད་པ་ཡིན་ཏེ། གཞན་ལ་རག་མ་ལས་པའི་ཕྱིར་རོ། །རྙེད་པ་ནི་ཡང་དག་པར་ཐོབ་པའོ། །འདི་ནི་རྣམ་པ་གཞན་ཏེ། གང་གིས་སེམས་མཉམ་པར་མ་བཞག་པའི་མཉམ་པར་འཇོག་པ་དང༌། མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱེད་པ་ཡོངས་སུ་བསྟན་ཏེ། དད་པས་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱས་པ་ལས་མཉམ་པར་མ་བཞག་པའི་སེམས་མཉམ་པར་འཇོག་ལ། ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་རྣམ་པར་གྲོལ་བར་བྱེད་དེ། ཅི་སྐད་དུ་རབ་ཏུ་དགའ་བ་ལ་དགའ་བ་སྐྱེ་ལ། ཡིད་དགའ་བས་


DTG149_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྦྱངས་བར་འགྱུར་ལ། ལུས་སྦྱངས་པ་ན་བདེ་བ་མྱོང་བར་འགྱུར། བདེ་བར་གྱུར་པས་སེམས་མཉམ་པར་འཇོག་ལ། སེམས་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པ་ལྟ་བུའོ། །རྣམ་པ་གཅིག་ཏུ་དབང་པོ་ལྔའི་དབང་དུ་མཛད་ནས་དོན་རིག་པར་བྱ་སྟེ། དད་ན་བརྩོན་འགྲུས་རྩོམ་པར་བྱེད་ལ། བརྩོན་འགྲུས་བརྩམས་པས་དྲན་པ་ཉེ་བར་གནས་སོ། །དྲན་པ་ཉེ་བར་གནས་པས་སེམས་མཉམ་པར་གཞག་ལ། སེམས་མཉམ་པར་གཞག་པས་ནི་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་འབྱུང་སྟེ། ཐོག་མ་དང་ཐ་མ་ལྷན་ཅིག་གཟུང་བས་དེའི་བར་རྣམས་ཀྱང་གཟུང་བར་འགྱུར་རོ། །ཡང་གང་ཟག་གཉིས་ནི་དེ་བཞིན་གཤེགས་པ་ལ་མི་སྙན་པར་བརྗོད་པ་ཡིན་ཏེ། དད་པ་ནི་ཉེ་བར་གཟུང་བས་སོ། །མ་དད་པ་ནི་ཞེ་སྡང་གི་ཁྱད་པར་རོ་ཞེས་འབྱུང་བ་འདིའི་གཉེན་པོའི་དོན་དུ་རིག་པར་བྱ་སྟེ། དད་པ་ནི་ཉེ་བར་གཟུང་བས་སོ་ཞེས་བྱ་བ་འདིའི་གཉེན་པོར་ནི་ཤེས་རབ་བོ། །མ་དད་པ་ནི་ཞེ་སྡང་གི་ཁྱད་པར་རོ་ཞེས་བྱ་བ་འདིའི་གཉེན་པོར་དད་པའོ། །ཡང་གང་ཟག་དད་པའི་རྗེས་སུ་འབྲང་བའི་རིགས་དང༌། ཆོས་ཀྱི་རྗེས་སུ་འབྲང་བའི་རིགས་ཀྱི་དབང་དུ་མཛད་ནས་དོན་འདི་རིག་པར་བྱའོ། །ཡང་དད་པ་དང་ཤེས་རབ་ཀྱིས་མཐོ་རིས་དང༌། བྱང་གྲོལ་གྱི་ལམ་ཐོབ་པར་བསྟན་ཏོ། །དད་པ་དང་ཤེས་རབ་དག་ནི་ནོར་ཉིད་དང་མཆོག་ཡིན་ཏེ། ནོར་བས་དད་པ་ནོར་མཆོག་སྟེ། །མི་ཡི་རིན་ཆེན་ཤེས་རབ་ཡིན། །ཞེས་འབྱུང་ངོ༌། །ནང་གི་མཆོག་ཉིད་དང༌། དེ་ལས་གཞན་པའི་ནོར་བུ་དང༌། མུ་ཏིག་ལ་སོགས་པ་ནི་དམན་པ་ཉིད་དུ་རྣམ་གྲངས་མང་པོའི་སྒོ་ནས་རིག་པར་བྱ་སྟེ། ཕྱིའི་ནོར་ནི་ཕལ་ཆེར་ཉེས་པར་སྤྱོད་པ་འབྱུང་བ་དང༌། མི་ཆོག་པ་དང༌། འཇིགས་པ་དང་བཅས་པ་དང༌། གནོད་པ་དང་བཅས་པ་དང༌། ལྷ་དང་ཐུན་མོང་བ་དང༌། དུས་ཐམས་ཅད་པ་མ་ཡིན་པ་དང༌། སྤྱོད་པ་ལས་ཟད་པར་འགྱུར་གྱི། ནང་གི་ནི་མ་ཡིན་ནོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བརྒྱད་པའི་དོན་བསྡུས་པའོ།། །།ཆོས་གནས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ངོ་ཚ་ཤེས་ཤིང་བདེན་པར་སྨྲ། །བདག་ཉིད་བྱེད་པར་གྱུར་པ་ནི། །དེ་ལ་སྐྱེ་བོ་དགའ་བར་བྱེད། །ཅེས་


DTG149_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་བཅད་པའོ། །འདིར་འདི་སྐད་རྒོལ་ཏེ། ཆོས་གནས་ཞེས་སྨྲས་ནས་ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་བརྗོད་པར་མི་བྱ་སྟེ། ཆོས་ལ་གནས་པ་གང་ཡིན་པ་དེ་ཅི་ལྟར་ན་ཕུན་སུམ་ཚོགས་པ་མ་ཡིན། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་སྨྲས་ནས། ངོ་ཚ་ཤེས་ཤིང་ཞེས་བརྗོད་པར་མི་བྱ་སྟེ། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ངོ་ཚ་ཤེས་པར་མི་འགྱུར། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་གཉིས་ནི་འཇིག་རྟེན་སྐྱོང་བ་ཡིན་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ་ཞེས་གསུངས་སོ། །བདེན་པར་སྨྲ་བ་ཞེས་བྱ་བ་འདི་ཡང་བརྗོད་པར་མི་བྱ་སྟེ། བདེན་པའི་ཚུལ་ཁྲིམས་ཀྱིས་བསྡུས་པའི་ཕྱིར་རོ། །འདིར་ནི་རྣམ་པར་འཇོག་སྟེ། ཚིགས་སུ་བཅད་པ་འདིར་ནི་རྣམ་པ་བཞི་པོ་ཡང་དག་པར་བླངས་པ་དང༌། མ་ཉམས་པ་དང༌། ཉོན་མོངས་པ་འབྱུང་བའི་རྒྱུ་སྤངས་པ་དང༌། ཡང་དག་པ་ཇི་ལྟ་བ་བཞིན་སྨྲ་བས་རྣམ་པར་གཞག་པར་རིག་པར་བྱའོ། །ཆོས་གནས་ཞེས་བྱ་བ་ནི་ཡང་དག་པར་བླངས་པ་སྟེ། གལ་ཏེ་ཚུལ་ཁྲིམས་ཡང་དག་པར་བླངས་ན་ཆོས་ལ་གནས་པ་ཞེས་བྱའོ། །ཆོས་ལ་འདུག་པ་ནི་ཆོས་ལ་གནས་པ་སྟེ། ཆོས་ཀྱི་ཕྱིར་གནས་ཞེས་བྱ་བའི་ཐ་ཚིག་གོ །རྒྱུ་མཚན་གྱི་བདུན་པ་སྟེ། དཔེར་ན་པགས་པའི་ཕྱིར་ནི་གུང་གསོད་དོ། །སོའི་ཕྱིར་གླང་པོ་གསོད་དོ། །རྩིད་པའི་ཕྱིར་ནི་འབྲི་གསོད་ཅིང༌། བུད་མེད་ཕྱིར་ནི་བུམ་ལེན་བསད། །ཅེས་བྱ་བ་ལྟ་བུའོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་མ་ཉམས་པ་སྟེ། གལ་ཏེ་ཚུལ་ཁྲིམས་ཡང་དག་པར་བླངས་པ་ཉམས་པར་མི་བྱེད་ན་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན་གྱི། གཞན་དུ་ན་ཉམས་པའོ། །ངོ་ཚ་ཤེས་ཤིང་ཞེས་བྱ་བ་ནི་ཉོན་མོངས་པ་འབྱུང་བའི་རྒྱུ་སྤངས་པ་སྟེ། ཉོན་མོངས་པ་འབྱུང་བའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །གལ་ཏེ་ངོ་ཚ་ཤེས་པ་དང་ལྡན་པ་ཉོན་མོངས་པ་འབྱུང་བའི་རྒྱུ་སྤོང་བར་བྱེད་དོ། བདག་དང་གཞན་གྱི་རྒྱུད་ལ་བལྟས་ནས་ངོ་ཚ་བ་ཀུན་དུ་མི་སྤྱོད་པའི་ཕྱིར་རོ། །བདེན་པར་སྨྲ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་སྨྲ་བ་སྟེ། བག་མེད་པའི་ཉེས་པ་འོང་བ་དང༌། འགྲོ་བ་ལ་སོགས་པ་ཉེས་པ་


DTG149_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་གིས་བསླབ་པའི་གནས་རྣམས་ལ་བསྐུལ་བ་ན་གལ་ཏེ་བདག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་སྨྲ་ན་བདེན་པ་སྨྲ་བ་ཡིན་གྱི། གཞན་དུ་ན་བརྫུན་དུ་སྨྲ་བ་ཡིན་ནོ། །བདག་ཉིད་བྱེད་པར་གྱུར་པ་ནི། །ཞེས་བྱ་བ་ནི་དེ་ལ་ཡོན་ཏན་དེ་དག་རྣམས་ཀྱིས་སྐྱེ་བོ་དགའ་བར་བྱེད་དེ། ཡང་དག་པའི་ཡོན་ཏན་ཇི་ལྟ་བ་བཞིན་བརྗོད་པས་སོ། །རྣམ་པ་གཅིག་ཏུ་ན་བདག་ཉིད་ཅེས་བྱ་བ་ཚིག་ལྷག་མ་དང་སྦྱར་ཏེ། ཇི་སྐད་དུ། རྒྱལ་པོ་ཆེན་པོ་གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དང༌། ངག་གིས་ལེགས་པར་སྤྱད་པ་སྤྱོད་པ་དེ་དག་གི་དགའ་བ་ནི་བདག་ཉིད་དོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་དགུ་པའི་དོན་བསྡུས་པའོ།། །།ཐོས་པས་ཆོས་ཀྱི་བྱེ་བྲག་ཤེས། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། ཡང་དག་པའི་ལྟ་བ་སྐྱེད་པའི་ཕྱིར་དང༌། བསླབ་པ་གསུམ་ལ་བརྟེན་ཏེ་སྡིག་པ་དང༌། འདོད་པ་དང༌། ཡང་སྲིད་པ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་རོ། །དེ་ལ། ཐོས་པས་ཆོས་ནི་བྱེ་བྲག་ཤེས། །ཞེས་བྱ་བ་ནི་ཇི་སྐད་དུ་འདི་ན་ལ་ལ་དེ་བཞིན་གཤེགས་པས་ཆོས་འདུལ་བ་བསྟན་པ་ཐོས་ནས་ཡང་དག་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་སྟོན་པར་བྱེད་པའི་ཆོས་གང་ཡིན་པ་དེ་ནི་འདི་ཁོ་ན་ཡིན་གྱི། གཞན་མུ་སྟེགས་པས་སྨྲས་པ། མེ་དང་ཆུར་འཇུག་པ་དང༌། ཟས་མི་ཟ་བ་དང༌། དཀའ་ཐུབ་དྲག་བོ་དང༌། འཚེ་བ་ནི་སྟོན་པ་མ་ཡིན་པར་བྱེ་བྲག་ཏུ་ཤེས་སོ་ཞེས་འབྱུང་བ་ལྟ་བུའོ། །ཐོས་པས་སྡིག་ལས་ལྡོག་པར་བྱེད་པ་ནི་འདི་སྐད་དུ་འདི་ན་ལ་ལ་དེ་བཞིན་གཤེགས་པས་ཆོས་འདུལ་བ་གསུངས་པ་ལས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་ནས་དེ་ལ་བརྟེན་ཏེ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ངན་པ་ལས་ལྡོག་སྟེ། ལོག་པར་བྱེད་པ་ནི་ལྡོག་པའོ། །སྡིག་པ་ནི་ཉེས་པར་སྤྱད་པའི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། ལུས་ཀྱི་གསུམ་པོ་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌།


DTG149_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་བཞི་པོ་བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་རྩུབ་པོ་དང༌། ངག་འཁྱལ་པ་དང༌། ཡིད་ཀྱི་གསུམ་པོ་བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བའོ། །དེ་དག་གི་རྣམ་པར་གཞག་པ་ནི་གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། ཉོན་མོངས་པ་དང༌། མཐར་ཕྱིན་པ་ལས་ཀྱང་རིག་པར་བྱ་སྟེ། སྲོག་གཅོད་པ་ལ་སོགས་པའི་གཞི་ནི་སེམས་ཅན་དུ་བགྲང་བ་དང༌། སེམས་ཅན་དུ་བགྲང་བ་མ་ཡིན་པ་སྟེ། གང་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པ་འབྱུང་བའོ། །བསམ་པ་ནི་དངོས་པོ་དེ་ལ་དེར་འདུ་ཤེས་པའི་བསམ་པ་དང༌། ལས་ཀྱི་ལམ་དེ་བྱེད་འདོད་པའི་བསམ་པའོ། །སྦྱོར་བ་ནི་དེ་བྱ་བའི་ཕྱིར་རང་ངམ་གཞན་གྱི་ལུས་དང༌། ངག་དང་ཡིད་ཀྱིས་རྩོམ་པའོ། །ཉོན་མོངས་པ་ནི་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་བསྡུས་པ་དང་སོ་སོའོ། །མཐར་ཕྱིན་པ་ནི་སྦྱོར་བ་དེ་དང་དེ་ལས་དེ་དང་དེའི་ཚེའམ། ཕྱིས་ཡོངས་སུ་རྫོགས་པའོ། །དེ་ལ་སྲོག་གཅོད་པའི་གཞི་ནི་སེམས་ཅན་རྣམས་སོ། །བསམ་པ་ནི་དེ་ལ་དེར་འདུ་ཤེས་པའི་གསོད་པའི་བསམ་པའོ། །སྦྱོར་བ་ནི་གསད་པའི་ཕྱིར་འདེབས་པ་ལ་སོགས་པ་སྟེ། འདི་ལྟར་ཕྱུགས་གསོད་པར་འདོད་པ་ཁ་ཅིག་སྟན་ལས་ལྡང། རིན་ལེན། འགྲོ་བར་བྱེད། ཕྱུགས་ལ་ནོམ་པར་བྱེད། ཉོ་བར་བྱེད། ཁྲིད་དེ་འོང་བར་བྱེད། གསོ་བར་བྱེད། ཁྱིམ་དུ་འཇུག་པར་བྱེད། གནོད་པར་བྱེད། མཚོན་ལེན་པར་བྱེད་པ། མཚོན་ལན་གཅིག་ལན་གཉིས་འདེབས་པ་ལས། ཇི་སྲིད་དུ་སྲོག་དང་བྲལ་བར་བྱེད་པ་དེ་སྲིད་དུ་སྦྱོར་བའོ། །ཉོན་མོངས་པ་ནི་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་རྣམས་དང༌། ཆགས་པས་སྲོག་གཅོད་པ་ནི་ཤ་ལ་སོགས་པ་འདོད་པ་རྣམས་ཀྱི་སྟེ། དཔེར་ན་ལུས་ཀྱི་ཡན་ལག་གི་དོན་དང༌། ནོར་གྱི་དོན་དང༌། རྩེད་མོའི་དོན་དུ་སྲོག་ཆགས་རྣམས་སྲོག་དང་བྲལ་བར་བྱེད་པ་ལྟ་བུ་དང༌། ཡང་ན་བདག་གི་སྙིང་དུ་སྡུག་པ་བསྐྱབ་པའི་ཕྱིར་ཡིན་ནོ། །ཞེ་སྡང་ལས་བྱུང་བ་ནི་ཁོ་ན་ལས་ངེས་པར་དབྱུང་བར་བྱ་བའི་ཕྱིར་རོ། །གཏི་མུག་ལས་བྱུང་བ་ནི་ཇི་ལྟར་མཆོད་སྦྱིན་པ་རྣམས་ཀྱི་ཆོས་ཀྱི་བློ་དང༌། རྒྱལ་པོའི་ཆོས་ཁྲིམས་འདོད་པ་ཚད་མར་བྱེད་པ་སྟེ།


DTG149_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་བ་དང༌། སྡང་བ་རྣམས་ཆད་པས་གཅོད་པར་བྱེད་པའི་རྒྱལ་པོ་དག་ནི་བསོད་ནམས་ཀྱི་སྐལ་བ་ཅན་དུ་འགྱུར་རོ་ཞེས་གྲགས་པ་དང༌། པར་ཚིག་རྣམས་ཀྱི་ལྟ་བུ་སྟེ། དེ་དག་ནི་ཕམ་རྒན་རྒོན་འཁོགས་ཤིང་སྡུག་བསྔལ་ལ་ནད་ཚབས་ཆེ་བ་དག་གསད་པར་བྱའོ་ཞེས་སྨྲ་བའོ། །མཐར་ཕྱིན་པ་ནི་སྲོག་ཆགས་དེ་སྦྱོར་བ་དེས་དེ་མ་ཐག་གམ་ཕྱིས་ཤི་བའོ། །མ་བྱིན་པར་ལེན་པའི་གཞི་ནི་གཞན་གྱིས་ཡོངས་སུ་གཟུང་བ་སེམས་ཅན་དུ་བགྲང་བའམ། སེམས་ཅན་དུ་བགྲང་བ་མ་ཡིན་པའོ། །བསམ་པ་ནི་དེར་འདུ་ཤེས་པའམ་དེ་བདག་གིར་བྱ་བར་འདོད་པའོ། །སྦྱོར་བ་ནི་སྟན་ལས་ལྡང་བ་ནས་མ་བླངས་པའི་བར་དུའོ། །ཉོན་མོངས་པ་ནི་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་རྣམས་ཏེ། ཆགས་པ་ལས་བྱུང་བའི་མ་བྱིན་པར་ལེན་པ་ནི་གང་ཞིག་གང་དོན་དུ་གཉེར་བ་དེ་རྐུ་བའམ། གཞན་གྱི་རྙེད་པ་དང༌། བཀུར་སྟི་དང་གྲགས་པའི་ཕྱིར་རམ། བདག་གི་སྙིང་དུ་སྡུག་པ་ཡོངས་སུ་བསྐྱབ་པའི་ཕྱིར་རྐུ་བའོ། །ཞེ་སྡང་ལས་བྱུང་བ་ནི་ཁོ་ན་ལས་ངེས་པར་དབྱུང་བར་བྱ་བའི་ཕྱིར་རོ། །གཏི་མུག་ལས་བྱུང་བ་ནི་ཇི་ལྟར་རྒྱལ་པོའི་ཆོས་ཁྲིམས་འདོད་པ་ཚད་མར་བྱས་ནས་ངན་པ་ཆད་པས་གཅད་པའི་ཕྱིར་དང༌། ཇི་ལྟར་བྲམ་ཟེ་དག་འདི་དག་ཐམས་ཅད་ཚངས་པས་བྲམ་ཟེ་རྣམས་ལ་བྱིན་པ་ཡིན་ན། བྲམ་ཟེ་རྣམས་རྒུད་ནས་དམངས་རིགས་དག་ཡོངས་སུ་སྤྱོད་དེ། དེ་བས་ན་བྲམ་ཟེ་འཕོག་པར་བྱེད་པ་རང་གི་ལེན་པར་ཟད་དེ། བྲམ་ཟེ་དག་བདག་ཉིད་ཀྱི་ནོར་ལ་སྤྱོད་ཅིང་གནས་ལ་རང་གི་སྦྱིན་པར་བྱེད་དོ་ཞེས་སྨྲ་བ་ལྟ་བུ་སྟེ། དེ་དག་ལ་བདག་དང་གཞན་གྱི་བ་འདུ་ཤེས་པ་མེད་པ་ནི་མ་ཡིན་ནོ། །མཐར་ཕྱིན་པ་ནི་བདག་གིར་བྱ་བ་དེ་མཐུའམ་འཇབ་བུའི་བློས་སོ། །འདོད་པས་ལོག་པར་གཡེམ་པའི་གཞི་ནི་སེམས་ཅན་དུ་བགྲང་བ་ཉིད་དེ་འོས་པ་མ་ཡིན་པ་ལའོ། །བསམ་པ་ནི་འོས་པ་མ་ཡིན་པ་ལ་སེམས་པའོ། །སྦྱོར་བ་ནི་དེའི་དོན་དུ་རྩོམ་པའོ། །ཉོན་མོངས་པ་ནི་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་རྣམས་ཏེ། ཆགས་པ་ལས་བྱུང་བའི་འདོད་པ་ལས་ལོག་པར་གཡེམ་པ་ནི་གཞན་གྱི་བུད་མེད་ལ་སོགས་པ་ལ་དེར་ཀུན་དུ་འདོད་ཆགས་པའི་ཕྱིར་རོ། །ཞེ་སྡང་ལས་བྱུང་བ་ནི་


DTG149_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ལས་ངེས་པར་དབྱུང་བར་བྱ་བའི་ཕྱིར་རོ། །གཏི་མུག་ལས་བྱུང་བ་ནི་ཇི་ལྟར་པར་སིག་མ་ལ་སོགས་པ་ལ་ཉལ་བ་དང༌། མཆོད་སྦྱིན་པ་རྣམས་ཀྱི་མཆོད་སྦྱིན་ལ་བ་ལང་གསོད་པ་ན་སྤྱོད་པ་དང༌། གང་དག་བུད་མེད་ནི་གཏུན་དང༌། མེ་ཏོག་དང༌། འབྲས་བུ་དང། འཇུག་ངོགས་དང༌། ལམ་དང་མཚུངས་སོ་ཞེས་སྨྲ་བ་ལྟ་བུའོ། །མཐར་ཕྱིན་པ་ནི་གཉིས་ཀྱིས་གཉིས་སྤྲོད་པའོ། །བརྫུན་དུ་སྨྲ་བའི་གཞི་ནི་སེམས་ཅན་དུ་བགྲང་བ་དང༌། མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་འབྱེད་པ་དང༌། རྣམ་པར་ཤེས་པ་དང༌། མ་མཐོང་བ་དང༌། མ་ཐོས་པ་དང༌། བྱེ་བྲག་མ་ཕྱེད་པ་དང༌། ཡོངས་སུ་མ་ཤེས་པའོ། །བསམ་པ་ནི་འདུ་ཤེས་གཞན་པའི་གཞན་དུ་སྨྲ་བར་འདོད་པ་ཉིད་དོ། །སྦྱོར་བ་ནི་དེའི་དོན་དུ་རྩོམ་པའོ། །ཉོན་མོངས་པ་ནི་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་རྣམས་ཏེ། ཆགས་པ་ལས་བྱུང་བ་ནི་དོན་གྱི་ཕྱིར་རམ། བདག་གི་སྙིང་དུ་སྡུག་པ་ཡོངས་སུ་བསྐྱབ་པའི་ཕྱིར་རོ། །ཞེ་སྡང་ལས་བྱུང་བ་ནི་ཁོ་ན་ལས་ངེས་པར་དབྱུང་བར་བྱ་བའི་ཕྱིར་རོ། །གཏི་མུག་ལས་བྱུང་བ་ནི་བརྫུན་དུ་སྨྲ་བ་ནི་དཔེར་ན། རྒྱལ་པོ་ཀུ་རེ་ལྡན་ཚིག་གནོད་མ་ཡིན། །བུད་མེད་ལ་མིན་བག་མ་ལེན་དུས་དང༌། །སྲོག་ལ་བབ་དང་ནོར་ཀུན་ཚོལ་ཚེ་མིན། །བརྫུན་ལྔ་ལྟུང་བར་བྱེད་པ་མིན་ཞེས་བཤད། །ཅེས་སྨྲ་བ་ལྟ་བུའོ། །མཐར་ཕྱིན་པ་ནི་འཁོར་རམ་ཟླ་བོས་གོ་བའོ། །ཕྲ་མའི་གཞི་ནི་སེམས་ཅན་མཐུན་པ་དང་མི་མཐུན་པ་དག་གོ །བསམ་པ་ནི་དེ་དག་ཉིད་དབྱེ་ཞིང་མི་འདུམ་པར་སེམས་པའོ། །སྦྱོར་བ་ནི་དེ་དོན་དུ་རྩོམ་པའོ། །ཉོན་མོངས་པ་ནི་ཆགས་པ་ལ་སོགས་པ་སྟེ། ཆགས་པ་དང༌། ཞེ་སྡང་ལས་བྱུང་བ་ནི་སྔ་མ་བཞིན་ནོ། །གཏི་མུག་ལས་བྱུང་བ་ནི་ཕྲ་མ་བྱས་པས་ཉེས་པ་ཅི་ཡང་མེད་དོ་སྙམ་པའོ། །མཐར་ཕྱིན་པ་ནི་དབྱེ་བས་གོ་བའོ། །ཚིག་རྩུབ་པོའི་གཞི་ནི་ཀུན་ནས་མནར་སེམས་ཀྱི་རྒྱུར་གྱུར་པའི་སེམས་ཅན་རྣམས་སོ། །བསམ་པ་ནི་ལས་ཀྱི་ལམ་སྟེ་འབྱེད་འདོད་པའི་བསམ་པའོ། །སྦྱོར་བ་ནི་དེའི་དོན་དུ་རྩོམ་པའོ། །ཉོན་མོངས་པ་ནི་ཕྲ་མ་དང་འདྲའོ། །མཐར་ཕྱིན་པ་ནི་ཚིག་རྩུབ་པོ་སྨྲས་པའོ། །ཚིག་འཁྱལ་པའི་གཞི་ནི་དོན་མེད་པ་དང་ལྡན་པའི་དོན་ཏོ། །བསམ་པ་དང་སྦྱོར་བ་ནི་སྔ་མ་བཞིན་ནོ། །ཉོན་མོངས་པ་ནི་ཆགས་


DTG149_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་སྟེ། ཆགས་པ་དང་ཞེ་སྡང་ལས་བྱུང་བའི་ཚིག་འཁྱལ་པ་ནི་སྔ་མ་བཞིན་ནོ། །གཏི་མུག་ལས་བྱུང་བ་ནི་གླུ་ལེན་པ་དང༌། བསྟན་བཅོས་བཟང་པོ་མ་ཡིན་པ་སྨྲ་བའོ། །མཐར་ཕྱིན་པ་ནི་སྨྲས་པའོ། །བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ནོར་ཟས་དང་ཡོ་བྱད་དོ། །བསམ་པ་ནི་དེ་ལ་དེར་འདུ་ཤེས་པའམ། དེ་བཞིན་འདོད་པའོ། །སྦྱོར་བ་ནི་དེ་བདག་གིར་བྱ་བར་ཡང་དག་པར་འཛིན་པའོ། །ཉོན་མོངས་པ་ནི་སྔ་མ་དང་འདྲའོ། །མཐར་ཕྱིན་པ་ནི་བདག་གིར་བྱ་བར་ངེས་པར་བྱས་པའོ། །གནོད་སེམས་ཀྱི་གཞི་ནི་ཀུན་ནས་མནར་སེམས་ཀྱི་རྒྱུར་གྱུར་པ་སེམས་ཅན་རྣམས་སོ། །བསམ་པ་དང་སྦྱོར་བ་དང་ཉོན་མོངས་པ་དག་ནི་སྔ་མ་བཞིན་ནོ། །མཐར་ཕྱིན་བ་ནི་རྡེག་པ་ལ་སོགས་པར་ངེས་པའོ། །ལོག་པར་ལྟ་བའི་གཞི་ནི་དོན་ཡོད་པ་རྒྱུ་དང་འབྲས་བུ་དང༌། བྱེད་པ་ལ་སོགས་པ་ཡིན་ཏེ། གང་ལ་དམིགས་ནས་རྒྱུ་དང་འབྲས་བུ་དང༌། བྱེད་པ་ལ་སྐུར་པ་འདེབས་པ་དང༌། ཡོད་པའི་དངོས་པོ་འཇིག་པའི་ལོག་པར་ལྟ་བར་འཇུག་པ་ཡིན་ནོ། །དེ་ལ་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་བྱས་པ་མེད་དོ། །ཉེས་པར་བྱས་པ་མེད་དོ་ཞེས་བྱ་བ་ནི་རྒྱུ་ལ་སྐུར་བ་འདེབས་པའོ། །ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་མེད་དོ་ཞེས་ཟེར་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ་ཞེས་ཟེར་བ་ནི་འཇིག་རྟེན་གཞན་དུ་འོང་བ་དང་འགྲོ་བའི་བྱེད་པ་ལ་སྐུར་པ་འདེབས་པའོ། །མ་མེད་དོ། །ཕ་མེད་དོ་ཞེས་ཟེར་བ་ནི་ས་བོན་འདེབས་པའི་བྱེད་པ་ལ་སྐུར་བ་འདེབས་པའོ། །རྫུས་ཏེ་སྐྱེ་བའི་སེམས་ཅན་མེད་དོ་ཞེས་ཟེར་བ་ནི་ཉིད་མཚམས་སྦྱོར་བའི་སྦྲེལ་པའི་བྱེད་པ་ལ་སྐུར་བ་འདེབས་པའོ། །འཇིག་རྟེན་འདི་ན་དགྲ་བཅོམ་པ་མེད་དོ་ཞེས་ཟེར་བ་ནི་ཡོད་པའི་དངོས་པོ་འཇིག་པ་ཡིན་ཏེ། གཞན་ཡང་དམ་པའི་ཆོས་མ་ཡིན་པ་ཉན་པ་ལ་སོགས་པ་མངོན་དུ་བཏང་བའི་ལོག་པར་ལྟ་བ་ཡང་བརྗོད་དོ། །བསམ་པ་དང་སྦྱོར་བ་དང་ཉོན་མོངས་པ་དག་ནི་སྔ་མ་བཞིན་ནོ། །བྱེ་བྲག་ནི་འདི་ཡོད་དེ། བརྣབ་སེམས་ལ་སོགས་པ་ནི་ཆགས་པ་ལ་སོགས་པ་དེ་མ་ཐག་ཏུ་འབྱུང་བ་ལ་དེ་ལས་བྱུང་བ་ཞེས་བྱའོ། །མཐར་ཕྱིན་པ་ནི་སྐུར་པ་འདེབས་པར་


DTG149_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའོ། །དེ་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་དང་བྲལ་བ་ནི་ལོག་པར་བྱེད་པའོ། །ཡང་ལས་ཀྱི་ལམ་ཞེས་བྱ་བའི་དོན་ཅི་ཞེ་ན། བརྣབ་སེམས་ལ་སོགས་པ་གསུམ་ནི་ལས་ཀྱི་ལམ་ཡིན་པས་ལས་ཀྱི་ལམ་སྟེ། དེ་དག་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་ནི་དེ་དག་གི་གྲོགས་སུ་འགྲོ་བ་སྟེ། དེའི་དབང་གིས་མངོན་པར་འདུ་བྱེད་པའི་ཕྱིར་རོ། །སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལུས་དང་ངག་གི་ལས་ཡིན་པའི་ཕྱིར་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་ཏེ། ལས་ཀྱི་ལམ་ནི་དེ་དག་ཀུན་དུ་སློང་བའི་སེམས་པད་དག་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །དེ་ལྟར་ལས་ཀྱི་ལམ་དང་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་པས་ལས་ཀྱི་ལམ་རྣམས་སོ། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཞེས་བྱ་བ་ནི་ཇི་ལྟར་འདི་ན་ལ་ལ་དེ་བཞིན་གཤེགས་པས་ཆོས་འདུལ་བ་བསྟན་པ་ལས་ལྷག་པའི་སེམས་ཀྱི་བསླབ་པ་ཐོས་ནས་དེ་ལ་བརྟེན་ཏེ་གང་ལ་བྱིས་པ་རྣམས་ཀྱི་དོན་དུ་འདུ་ཤེས་པ་དོན་མ་ཡིན་པར་གྱུར་པ་འདོད་པ་རྣམས་སྤོང་བར་བྱེད་པ་ལྟ་བུའོ། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་བྱ་བ་ནི་ཇི་ལྟར་འདི་ན་ལ་ལ་དེ་བཞིན་གཤེགས་པས་ཆོས་འདུལ་བ་བསྟན་པ་ལས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཐོས་ནས་དེ་ལ་བརྟེན་ཏེ་ཉོན་མོངས་པ་ཟད་བ་མྱ་ངན་ལས་འདས་པ་ཐོས་པ་ལྟ་བུའོ། །བསྡུས་པའི་དོན་ནི་ཚིགས་སུ་བཅད་པ་འདིས་ཡང་དག་པའི་ལྟ་བ་རྙེད་པ་དང་བསླབ་པ་གསུམ་ལ་བརྟེན་ཏེ་སྡིག་པ་ལས་ཡང་དག་པར་འདས་པ་དང༌། འདོད་པ་ལས་ཡང་དག་པར་འདས་པ་དང༌། སྲིད་པ་ལས་ཡང་དག་པར་འདས་པ་བསྟན་ཏོ། །རྣམ་པ་གཅིག་ཏུ་ན་བསྟན་པ་ལ་འཇུག་པའི་རྒྱུ་དང༌། ལས་དང་ཉོན་མོངས་པ་དང༌། ཚེའི་ཀུན་ནས་ཉོན་མོངས་པ་ལས་ཡང་དག་པར་འདས་པ་བསྟན་ཏོ། །དེ་ལྟ་བས་ན་བདག་ཉིད་ལེགས་སུ་འདོད་པའི་ཕན་ཡོན་དེ་ལྟ་བུ་འདོད་པས་སངས་རྒྱས་ཀྱི་བཀའ་མཉན་པར་བྱའོ། །སངས་རྒྱས་ཀྱི་བཀའ་འདི་ནི་མེ་དང་ཆུ་དང་འཇུག་ངོགས་ལ་སོགས་པ་ལྟ་བུར་བལྟ་བར་བྱ་སྟེ། ཇི་ལྟར་ན་མེ་ལྟ་བུ་ཡིན་ཞེ་ན། འདི་ལྟར་མེས་ནི་བྱ་བ་བཞི་བྱེད་དེ། སྲེག་པ་དང༌། སྨིན་པ་དང༌། གདུང་བར་བྱེད་པ་


DTG149_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དང། སྣང་བར་བྱེད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་མེས་བྱ་བ་བཞི་བྱེད་དེ། རྒྱུད་སྨིན་པ་ལས་ཉོན་མོངས་པ་སྲེག་པ་དང༌། རྒྱུད་མ་སྨིན་པ་ལ་དགེ་བའི་རྩ་བ་རྣམས་སྨིན་པ་དང༌། གདུལ་བྱ་བག་མེད་པ་རྣམས་དང་བདུད་ཀྱི་འདོད་པ་བར་དུ་གཅོད་པ་སྐྱེད་པའི་ཕྱིར་གདུང་བར་བྱེད་པ་དང། ཐེ་ཚོམ་ཅན་དང་ལམ་ངན་པར་གནས་པ་རྣམས་ལ་སྣང་བར་བྱེད་པ་ཡིན་ཏེ། ལམ་དང་ལམ་མ་ཡིན་པ་སྟོན་པའི་ཕྱིར་རོ། །ཇི་ལྟར་ན་ཆུ་ལྟ་བུ་ཡིན་ཞེ་ན། ཆུ་ནི་ཕན་པ་རྣམ་བ་ལྔ་བྱེད་དེ། སྤང་བར་བྱ་བ་འབྲས་སཱ་ལུ་ལ་སོགས་པ་སྤངས་པར་བྱེད་པ་དང༌། ལུས་དང་གོས་དང་སྣོད་དག་གི་དྲི་མ་འཁྲུ་བར་བྱེད་པ་དང༌། ལུས་ཀྱི་ཡོངས་སུ་གདུང་བཞི་བར་བྱེད་པ་དང༌། སྐོམ་པ་ལ་སྲེད་པ་རྣམ་པར་ཞི་བར་བྱེད་པ་དང༌། རྩྭ་དང་ལོ་ཐོག་དང་ནགས་ཚལ་སྐྱེད་པར་བྱེད་ཅིང་འཕེལ་བར་བྱེད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་ཆུ་ཡང་དད་པ་སྐྱེད་པས་གདུལ་བར་བྱ་བའི་རྒྱུད་སྤངས་པ་དང༌། འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་འཁྲུ་བར་བྱེད་པ་དང༌། འདོད་པས་ཡོངས་སུ་གདུང་བཞི་བར་བྱེད་པ་དང༌། ཡང་སྲིད་པའི་སྲེད་པ་གདུལ་བར་བྱེད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཡོན་ཏན་གྱི་རྩྭ་དང་ལོ་ཐོག་དང་ནགས་ཚལ་སྐྱེད་པར་བྱེད་ཅིང་འཕེལ་བར་བྱེད་དོ། །ཅི་ལྟར་ན་འཇུག་ངོགས་བདེ་བ་ལྟ་བུ་ཡིན་ཞེ་ན། རྒྱུ་ལྔ་དག་གིས་འཇུག་ངོགས་བདེ་བ་ལ་རྟེན་པར་བྱེད་དེ། དྲི་མ་བཀྲུ་བའི་ཕྱིར་དང༌། གདུང་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང༌། སྲེད་པ་གདུལ་བར་བྱ་བའི་ཕྱིར་དང༌། དགའ་བའི་རྩེ་བ་མྱོང་བར་བྱ་བའི་ཕྱིར་དང། ཚུ་རོལ་ནས་ཕ་རོལ་དུ་འགྲོ་བའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་འཇུག་ངོགས་བདེ་བ་ལ་བརྟེན་པ་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་བཀྲུ་བའི་ཕྱིར་དང༌། འདོད་པའི་གདུང་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང༌། ཡང་སྲིད་པའི་སྲིད་པ་གདུལ་བར་བྱ་བའི་ཕྱིར་དང༌། བསམ་གཏན་དང༌། མངོན་པར་ཤེས་པ་དང༌། ཚད་མེད་པ་དང༌། རྣམ་པར་ཐར་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་ལ་དགའ་བའི་རྩེ་བ་མྱོང་བར་བྱ་བའི་ཕྱིར་དང༌། ཚུ་རོལ་འཇིག་ཚོགས་ལས་ཕ་རོལ་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་རོ། །རྒྱུ་རྣམ་པ་གསུམ་པོ་དག་གིས་


DTG149_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རས་ཡུག་ལ་གཟུགས་མངོན་པར་འགྲུབ་པར་མི་ནུས་ཏེ། རས་ཡུག་མི་བརྟན་པ་དང༌། དྲི་མ་ཅན་དང་མ་སྙོམས་པའི་སྐྱོན་ཡོད་པའི་ཕྱིར་དང༌། ཚོན་རྩི་མི་བཟང་བའི་ཕྱིར་དང༌། རི་མོ་མཁན་མ་བསླབས་པའི་ཕྱིར་རོ། །དེ་བཞིན་དུ་ཉན་པ་པོའི་སྐྱེ་བོའི་ཡིད་ཀྱི་རས་ཡུག་ལ་རྒྱུ་གསུམ་དག་གིས་ཡང་དག་པའི་ཡེ་ཤེས་ཀྱི་གཟུགས་མངོན་པར་འགྲུབ་པར་མི་འགྱུར་ཏེ། དེ་མི་བརྟན་པ་དང༌། དྲི་མ་ཅན་དང༌། མ་སྙོམས་པའི་སྐྱོན་ཡོད་པའི་ཕྱིར་ཏེ། རྣམ་པར་གཡེང་བ་དང༌། སྒྲིབ་པ་དང༌། སྔོན་གྱི་སྒྲིབ་པའི་ཕྱིར་དང༌། ཉེས་པར་བཤད་པའི་ཆོས་ཀྱི་ཚོན་རྩི་མི་བཟང་བའི་ཕྱིར་དང༌། ཆོས་སྨྲ་བའི་རི་མོ་མཁན་མ་བསླབས་པའི་ཕྱིར་རོ། །འདི་ལ་ཚོན་རྩིའི་སྐྱོན་མེད་དེ། ཆོས་ཀྱི་ཚོན་རྩི་ལེགས་པར་བཤད་པའི་ཕྱིར་རོ། །ཁྱེད་དམ་ངལ་སྐྱོན་དུ་གྱུར་པ་དེ་ཡོངས་སུ་སྤངས་པའི་ཕྱིར་ཁྱེད་ཀྱིས་ཀྱང་གུས་པར་བྱས་ཏེ། སངས་རྒྱས་ཀྱི་བཀའ་མཉན་པར་བྱ་ལ། ངས་ཀྱང་སྨྲ་བར་བྱའོ། །བོང་བུ་ཞིག་ཁལ་གྱིས་དུབ་པ་ལ་རྟེའུ་ཞིག་ན་རེ་བྲོ་བརྡུང་ངོ་ཞེས་སྨྲས་པ་དང༌། དེས་ཁྱོད་བྲོ་རྡུངས་ཤིག །ངས་རྣ་བ་སྒུལ་ལོ་ཞེས་སྨྲས་ཏེ། དེར་རྟེའུ་བྲོ་བརྡུང་བ་དང་མཐུན་པར་བོང་བུ་རྣ་བསྒུལ་ལོ། །དེ་བཞིན་ངས་ཆོས་བཤད་པའི་ཁུར་ཁྱེར་བ་དང་རྗེས་སུ་མཐུན་པར་ཁྱེད་ལ་རྣ་གཏད་པས་རྣ་བ་བསྒུལ་བར་ཡང་སྤྲོ་བ་མེད་དོ། །རྒན་པོ་ཞིག་གིས་མི་རིགས་པ་བསྐྱེད་ནས་བུད་མེད་གཉེར་བ་ལས་དེས་དེ་མ་འདོད་པ་དང༌། དེས་མདོ་སྡེ་དང་འགལ་ཏེ། གང་བཅོམ་ལྡན་འདས་ཀྱིས་བུད་མེད་ནི་སྐྱེས་པ་ལ་སེམས། པ་ཡིན་ནོ་ཞེས་སྨྲས་སོ། །དེ་བཞིན་དུ་ཁྱེད་དད་ཀྱང་དམ་པའི་ཆོས་ཉན་པ་མི་འདོད་པ་ནི་མདོ་སྡེ་དང་འགལ་ཏེ། ཇི་སྐད་དུ་དད་པའི་རྟགས་ལས་དམ་པའི་ཆོས་ཉན་འདོད་པ་དང༌། འཕགས་པ་རྣམས་མཐོང་པར་འདོད་པ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་སོ། །བུད་མེད་དབུལ་མོ་རྒོད་བག་ཅན་ཞིག་སྔོན་ཕྱུག་པོར་གྱུར་པའི་ཁྱིམ་ཞིག་ན་འདུག་གོ །དེར་ཆོམ་རྐུན་པ་ཞིག་གིས་མཚན་མོ་གླགས་ལྟ་བའི་ཕྱིར་ཁྱིམ་ཕུག་སྟེ་ནང་དུ་ཞུགས་པ་དང༌། མུན་ཁྲོད་དུ་རྫ་སྣོད་སྟོང་པ་དག་ཅིག་ལ་བབ་ནས་སྒྲ་བྱུང་བ་དང༌། བུད་མེད་དེས་བུ་བདག་གིས་ཉི་མའི་གུང་ལ་


DTG149_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་བཙལ་ཀྱང་ཅི་ཡང་མ་རྙེད་ན་ཁྱོད་ཀྱིས་མུན་པའི་ནང་དུ་རྙེད་པར་ལྟ་ག་ལ་འགྱུར་ཞེས་སྨྲས་སོ། །དཔེ་འདིས་ཅི་བསྟན་ཞེ་ན། བློ་གསལ་ཞིང་སྣང་བ་དང་བཅས་པས་ཀྱང་སངས་རྒྱས་ཀྱི་བཀའི་དགོངས་པའི་དོན་རིག་པ་རྙེད་པར་དཀའ་ན་ལོག་པ་མུན་པའི་ཡིད་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གུས་པར་བྱས་ནས་སངས་རྒྱས་ཀྱི་བཀའ་མཉན་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །བྷ་ར་ཏ་ལས་བྱུང་བའི་གཏམ་བརྗོད་པ་ན་མུ་སྟེགས་ཐལ་བ་པ་ཞིག་དུས་པ་དང༌། གཅིག་ཅིག་གིས་ལེགས་ལྡན་ཅིའི་ཕྱིར་དུ་ཞེས་སྨྲས་སོ། །རོལ་རྙེད་མ་ཉོན་མོངས་དེས་སྡུག་བསྔལ་ཅི་སྙེད་ཅིག་ཉམས་སུ་མྱོང་བར་གྱུར་པ་མཐོང་ངམ་ཞེས་སྨྲས་སོ། །འདི་ནི་བྷ་ར་ཏ་ལས་བྱུང་བ་ཡིན་གྱི། ར་མ་ཡ་ནའི་ནི་མ་ཡིན་ནོ་ཞེས་སྨྲས་སོ། །བདག་གིས་དུས་པ་ནི་དོན་མེད་དོ་ཞེས་སྨྲས་སོ། །དེ་བཞིན་དུ་བདག་གིས་ཆོས་འཆད་དེ། གལ་ཏེ་གཉིད་ལོག་ན་བདག་གིས་བཤད་པའི་དོན་མེད་དོ། །ཝ་ཞིག་སེངྒེས་ཤ་ཟོས་པའི་ལྷག་མ་འདོད་པའི་ཕྱིར་དེའི་ཕྱི་བཞིན་འབྲངས་པ་དང༌། དུས་གཅིག་ཅིག་ན་སེངྒེ་བཀྲེས་པས་ཕག་ཆེན་པོ་ཞིག་བསད་ནས། དེས་ཝ་དེ་ལ་འདི་ཁུར་དུ་ཁྱེར་ཞེས་སྨྲས་པ་དང༌། དེ་ཉམས་སྟོབས་ཆུང་ནས་ཁུར་དེ་བསྐུར་བར་མ་ནུས་ལ། ཁྲོས་ནས་བདག་ལ་གསོད་པར་མི་འགྱུར་གྲང་སྙམ་ནས་དེའི་ཚིག་གི་ལན་སྨྲ་བར་ཡང་སྤྲོ་བ་མེད་དོ། །འདི་ནི་བླུན་ལ་ང་རྒྱལ་ཅན་ཡིན་པར་ཤེས་ནས་འདིས་ཁུར་འདི་ཁྱེར་བ་ནི་བྱ་བ་གཉིས་པོ་འཁུན་པ་དང༌། ཁུར་བསྐུར་བར་བྱ་དགོས་ན་བདག་གིས་དུས་གཅིག་ཏུ་ལས་གཉིས་མི་ནུས་ཏེ། གཅིག་ཁྱོད་ཀྱིས་མཛོད་ཅིག་ཅེས་སྨྲས་སོ། །དེ་ང་རྒྱལ་ཅན་ཡིན་པས་འཁུན་པ་མི་འདོད་ནས་ཁྱོད་ཀྱིས་ད་འཁུན་པ་ཕྱུང་ཤིག་དང༌། ངས་ཁུར་བསྐུར་རོ་ཞེས་སྨྲས་སོ། །སེང་གེ་ནི་ཁུར་ཁྱེར། ཝ་ནི་འཁུན་འབྱིན་ཅིང་སེང་གེའི་ཕྱི་བཞིན་འབྲང་ངོ༌། །དེ་བཞིན་དུ་ངས་ཆོས་བཤད་པའི་ཁུར་ཁྱེར་ན་ཁྱེད་ང་དང་མཐུན་པར་དེ་བཞིན་ནོ་ཞེས་ཀྱང་སྨྲ་མི་ནུས་སོ། །དེ་ལྟ་བས་ན་རྣ་གཏད་ཅིང་བཟུང་ལ་དོན་དུ་བསྒྲུབ་པས་ཡང་དག་པར་སྒྲུབས་ཤིག་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཉན་པའི་ཡོན་ཏན་ལྔ་གསུངས་ཏེ། མི་ཤེས་པ་ལ་ཤེས་པ་དང༌། ལོག་པར་གཟུང་བ་


DTG149_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འདོར་བ་དང༌། ཐེ་ཚོམ་དུ་གྱུར་བ་ངེས་པར་འཛིན་པ་དང༌། ངེས་པར་འབྱིན་པ་བརྟན་པར་བྱེད་པ་དང༌། འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་འབྱེད་པའོ། །ཉི་མ་ནམ་མཁའ་ལ་འགྲོ་བས་བྱ་བ་ལྔ་བྱེད་དེ། མི་རྣམས་ཀྱི་མཐོང་བ་སྐྱེད་པ་དང༌། འུག་པ་རྣམས་ཀྱི་མཐོང་བ་བཟློག་པ་དང༌། ལོ་ཐོག་ལ་སོགས་པ་སྨིན་པར་བྱ་བ་སྨིན་པར་བྱེད་པ་དང༌། འདམ་ལ་སོགས་པ་སྐམ་པར་བྱ་བ་སྐེམས་པར་བྱེད་པ་དང༌། ལུས་དང་ཆུ་ལ་སོགས་པ་གདུང་བར་བྱེད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་ཉི་མ་ནི་ཡང་དག་པའི་ལྟ་བ་སྐྱེད་པར་བྱེད་པ་དང༌། ལོག་པའི་ལྟ་བ་ཟློག་པར་བྱེད་པ་དང༌། གདུལ་པའི་ཞིང་རྣམས་ལ་དགེ་བའི་རྩ་བའི་ལོ་ཐོག་ཡོངས་སུ་སྨིན་པར་བྱེད་པ་དང༌། སྲིད་པའི་འདམ་སྐེམས་པར་བྱེད་པ་དང༌། བདུད་དང་གདུལ་བྱ་བག་མེད་པ་རྣམས་གདུང་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་བཀའ་མཉན་པར་བྱའོ། །རྣམ་པ་གཅིག་ཏུ་ན་ཉི་མ་ནི་བྱ་བ་བརྒྱད་བྱེད་དེ། མུན་པ་སེལ་བར་བྱེད་པ་དང༌། སྣང་བ་སྐྱེད་པར་བྱེད་པ་དང༌། གཟུགས་སྣ་ཚོགས་སྟོན་པར་བྱེད་པ་དང༌། མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པ་དང༌། ཐ་སྙད་འཇུག་པར་བྱེད་པ་དང༌། ལས་ཀྱི་མཐའ་ལ་སྦྱོར་བར་བྱེད་པ་དང༌། ལོ་ཐོག་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང། གནོད་པ་རབ་ཏུ་ཞི་བར་བྱེད་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་བཀའི་ཉི་མ་ནི་མ་རིག་པའི་མུན་པ་སེལ་བར་བྱེད་པ་དང༌། བཤད་པའི་ཆོས་སྣང་བར་བྱེད་པ་དང༌། སྡུག་བསྔལ་ལ་སོགས་པའི་བདེན་པ་སོ་སོར་རྟོག་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་དང༌། དམ་པ་རྣམས་ཀྱི་ཆོས་དགའ་བ་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པ་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་ཐ་སྙད་འཇུག་པ་དང༌། ཚུལ་ཁྲིམས་དང་དབང་པོའི་སྒོ་བསྲུང་བ་ལ་སོགས་པ་ལས་ཀྱི་མཐའ་ལ་སྦྱོར་བ་དང༌། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བའི་ལོ་ཐོག་ཡོངས་སུ་སྨིན་པར་བྱེད་པ་དང༌། ཉོན་མོངས་པ་དང༌། སྡུག་བསྔལ་ཐམས་ཅད་ཀྱི་གནོད་པ་ཞི་བར་བྱེད་པའོ། །ཚིག་མང་དུ་ལོབས་ཀྱིས་ཀྱང་དོན་མ་ཤེས་ན་དོན་དེ་ཐོབ་པར་མི་འགྱུར་ཏེ། ཇི་ལྟར་བུས་པའི་མགུལ་དུ་ནོར་ཁུག་བཏགས་པ་བཞིན་ནོ། །དེ་ལྟ་


DTG149_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་མང་དུ་ཐོས་པ་ལས་ཀྱང་དོན་དེ་ཤེས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བཀའི་དོན་མཉན་པ་ལ་འབད་པ་དང་ལྡན་པར་བྱའོ། །མེལ་ཙེ་བ་སོ་སོར་རྟོག་པ་མེད་པ་གཉིད་མ་ལོག་ཅིང་སྒྲ་འབྱིན་པ་ནི་རྐུན་མ་རྣམས་ཀྱིས་བརྐུས་པ་དེ་བཞིན་དུ་སྒྲ་ཙམ་ལ་མངོན་པར་བརྩོན་པའི་ཡང་དུ་ཐོས་པ་སོ་སོར་རྟོག་པ་མེད་པ་ཡང་ཉོན་མོངས་པའི་རྐུན་མ་རྣམས་ཀྱིས་རྐུ་བར་འགྱུར་རོ། །དོན་ཤེས་པ་མེད་པར་ཡང་སོ་སོར་རྟོག་པ་དེ་མེད་དོ། །ཅི་ལྟར་ལོང་བ་མར་མེ་ཁྱེར་བ་གཞན་དག་ལ་ཕན་པར་བྱེད་པར་ཟད་དེ། དོན་མངོན་པར་མི་ཤེས་པའི་མང་དུ་ཐོས་པ་འཛིན་པ་ཡང་དེ་དང་འདྲའོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་བཀའ་དོན་དུ་གཉེར་བས་དགེ་བའི་བཤེས་གཉེན་ལེགས་པར་སྟོན་པ་ལ་བསྟེན་པར་འབད་པར་བྱའོ། །ལེགས་པར་སྟོན་པ་བསྟེན་པ་ལ་ཕན་ཡོན་ལྔ་ཡོད་དོ། ལམ་ངན་པ་ཡོངས་སུ་སྦོང་བ་དང༌། ལམ་བཟང་པོ་ལ་ཡང་དག་པར་གནས་པ་དང༌། དགོན་པ་ལས་བརྒལ་ཞིང་དབུགས་འབྱིན་པ་དང༌། བདེ་བར་འགྲོ་བ་དང༌། ཡུལ་སྡུག་བ་ཀུན་དུ་ཐོབ་པའོ། །དེ་བཞིན་དུ་དམ་པའི་ཆོས་ལེགས་པར་སྟོན་པ་ལ་ལེགས་པར་བརྟེན་པ་ལ་ལོག་པའི་ལྟ་བ་ལ་སོགས་པའི་ལམ་ངན་པ་ཡོངས་སུ་སྤོང་བ་དང༌། ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་བཟང་པོ་ཀུན་དུ་ཐོབ་པ་དང༌། འཁོར་བའི་དགོན་པ་ལས་སྒྲོལ་ཞིང་དབུགས་འབྱིན་པ་དང༌། ངན་སོང་ལ་སོགས་པ་ལས་རྒལ་བ་ལ་སོགས་པས་བདེ་བར་འགྲོ་བ་དང༌། ཡུལ་སྡུག་པ་མྱ་ངན་ལས་འདས་པ་འཐོབ་པའོ། །ནད་པ་གསུམ་གྱིས་ཕལ་གནོད་པར་བྱེད་དེ། གང་ཟས་མི་ཟ་བ་དང༌། ཟས་མི་མཐུན་པ་ཟོས་པ་དང༌། གང་ཟས་མཐུན་པ་ཟོས་པ་སྐྱུགས་པའོ། །དེ་བཞིན་དུ་ཉོན་མོངས་པའི་ནད་པ་སེམས་ཅན་གསུམ་གྱིས་དམ་པའི་ཆོས་ཀྱི་ཡབ་སངས་རྒྱས་ལ་གནོད་པར་བྱེད་དེ། གང་ཆོས་འཆད་པ་ན་ཉན་པར་མི་བྱེད་པ་དང༌། གང་ཚུལ་བཞིན་མ་ཡིན་པ་ཉན་པ་དང༌། གང་ཡང་དག་པར་ཐོས་པ་འཛིན་པར་མི་བྱེད་པ་སྟེ། ཇི་ལྟར་ཟས་མི་ཟ་བ་དེ་ལྟར་ཉན་པར་མི་བྱེད་དེ། དེ་ལ་མི་འཇུག་པའི་ཕྱིར་རོ། །ཅི་ལྟར་ཟས་མི་མཐུན་པ་ཟ་བ་དེ་ལྟར་ཚུལ་བཞིན་མ་ཡིན་པ་ཉན་པར་བྱེད་དེ། ཚིག་དང་དོན་ཕྱིན་ཅི་ལོག་ཏུ་འཛིན་པའི་ཕྱིར་རོ། །ཅི་ལྟར་ཁ་ཟས་མཐུན་པར་ཟོས་པ་སྐྱུགས་པ་དེ་ལྟར་ཡང་དག་པར་


DTG149_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ་འཛིན་པར་མི་བྱེད་དེ། འདུན་པ་ཞན་པའི་ཉེས་པ་ཡོད་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་རྒྱུ་གསུམ་གྱིས་བཤད་པ་འབྲས་བུ་དང་བཅས་པར་མི་འགྱུར་ཏེ། གཡེང་བའི་ཉེས་པས་ཚིག་ཐོས་པར་མི་བྱེད་པའི་ཕྱིར་དང༌། ཤེས་རབ་ཀྱི་ཉེས་པས་ཚིག་དང་དོན་ལོག་པར་གཟུང་བའི་ཕྱིར་དང༌། འདུན་པ་ཞན་པའི་ཉེས་པས་གུས་པར་མཉན་པ་མི་འཛིན་པའི་ཕྱིར་ཏེ། བྲམ་ཟེ་ས་ག་དང༌། འཆི་ལྟས་ལ་སོགས་པ་བཞིན་ནོ། །སྣོད་ཁ་བུབ་པ་དང༌། མི་གཙང་བ་དང༌། རྡོལ་བར་ཆར་བབ་པ་དེར་མི་འཇུག་པ་དང༌། བཙོག་པ་དང༌། མི་གནས་པས་དོན་མེད་པ་དང་འདྲ་སྟེ། དེ་བས་བཅོམ་ལྡན་འདས་ཀྱིས་སྣོད་དེ་དག་སྤང་བའི་ཕྱིར་དེ་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་ཅེས་དེ་སྐད་བཀའ་སྩལ་ཏེ། དེ་ཉོན་ལ་ཞེས་བྱ་བ་ནི་རྣ་གཏད་པ་ལ་ཡང་དག་པར་སྦྱར་བའི་ཕྱིར་རོ། །ལེགས་པར་ཞེས་བྱ་བ་ནི་དོན་ཕྱིན་ཅི་མ་ལོག་པར་གཟུང་བ་ལ་ཡང་དག་པར་སྦྱར་བའི་ཕྱིར་རོ། །རབ་ཏུ་ཡིད་ལ་ཟུང་ཤིག་ཅེས་བྱ་བ་ནི་གུས་པར་གཟུང་བ་ལ་ཡང་དག་པར་སྦྱར་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་བཀའ་འདི་ཉན་པ་ན་དགའ་བར་བྱེད། སེམས་པར་བྱེད། ཁོང་དུ་ཆུད་པར་བྱེད། ཁོང་དུ་ཆུད་ན་གྲོལ་བར་བྱེད་གྲོལ་ན་བཟང་བ་ཡིན་ཏེ། དེ་ལྟར་ན་མདོར་ན་སངས་རྒྱས་ཀྱི་བཀའི་ཡོན་ཏན་མཐའ་ཡས་སོ། །ཉེས་པ་ཆེན་པོ་ནི་གཉིས་ཏེ། གང་ཤིན་ཏུ་རྙེད་པར་དཀའ་བ་དང༌། གང་ཡུན་རིང་དུ་མི་གནས་པའོ། །གང་དེ་ལྟ་བས་ན་རིངས་པར་གུས་པར་མཉན་པར་བྱའོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བཅུ་པའི་དོན་བསྡུས་པའོ།། །།སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པའོ། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། མདོར་ན་བཅོམ་ལྡན་འདས་ཀྱིས་བསྟན་པ་བསྒྲུབ་པ་ལ་ཡང་དག་པར་སྦྱར་བའི་ཕྱིར་རོ། །བྱ་བ་མང་པོ་ཉིད་ཀྱིས་འཇིགས་པའི་སེམས་ཅན་རྣམས་བྱ་བ་ཉུང་བ་ཉིད་ལ་ཡང་དག་པར་སྦྱོར་བའི་ཕྱིར་དང༌། གཞུང་མང་པོ་མཉན་པ་དང་གཟུང་བས་འཇིགས་པ་


DTG149_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཉན་པ་ལ་སོགས་པ་ལ་མངོན་དུ་ཕྱོགས་པར་བྱ་བའི་ཕྱིར་རོ། །དེ་ལ་སྡིག་པ་ཐམས་ཅད་མི་བྱ་བ་ནི་གང་ཡང་དག་པའི་དད་པ་ཉིད་ཀྱིས་རབ་ཏུ་བྱུང་བ་ལུས་དང་ངག་གིས་བསྡམས་ཏེ་གནས་ཤིང་ཆོས་ཀྱིས་ཆོས་གོས་ལ་སོགས་པ་ཚོལ་བས་འཚོ་བ་ཡོངས་སུ་སྦྱོང་བ་ཡིན་ཏེ། སྡིག་པ་ཐམས་ཅད་ནི་ཚུལ་ཁྲིམས་སུ་གཏོགས་པའི་ཕྱིར་ལུས་དང་ངག་གི་ཡིན་གྱི། ཡིད་ཀྱི་ནི་མ་ཡིན་ནོ། །སྡིག་པ་མི་བྱ་སྟེ་ཞེས་བརྗོད་པ་ལས་ཐམས་ཅད་ཅེས་སྨོས་པས་ནི་ཡུལ་དང་དུས་ཐམས་ཅད་དང་སྡིག་པ་ཐམས་ཅད་ཅེས་བྱ་བ་དེ་མི་བྱ་བར་ཤེས་པར་བྱ་བའི་ཕྱིར་རོ། །བཅོམ་ལྡན་འདས་ནི་ཡུལ་ཐམས་ཅད་དུ་སྡིག་པ་མི་བྱ་བར་སྟོན་ཏེ། ཅི་ལྟར་གཅེར་བུ་པ་རྣམས་དཔག་ཚད་བརྒྱ་ཕན་ཆད་སྡིག་པ་བྱའོ་ཞེས་བརྗོད་པ་དང༌། དེ་བཞིན་དུ། དཔག་ཏུ་ཡོད་པར་དཔག་མེད་མཐའ་ཡས་ལས། །འབྱུང་བ་ཉེས་མེད་ཡོངས་སུ་སྤོང་བ་ནི། འཇིག་རྟེན་གཞན་དུ་བདེ་བ་དཔག་མེད་ཅིང༌། །མཐའ་ཡས་འབྱུང་བ་ཐོབ་པར་འགྱུར་བ་ཡིན། །ཞེས་ཟེར་བ་ལྟ་བུ་ཡིན་ནོ། །དུས་ཐམས་ཅད་དུ་སྡིག་པ་མི་བྱ་བར་སྟོན་པ་ནི་ཇི་སྲིད་འཚོའི་བར་དུ་ཡང་དག་པར་བླངས་པ་མ་ཉམས་པ་ཡིན་གྱི། ཇི་ལྟར་བྲམ་ཟེ་ལ་སོགས་པ་སྡིག་པ་མི་བྱ་བར་སྟོན་པ་གཙང་བ་ལ་སོགས་པ་ལ་ཕྱུགས་གསོད་པ་དང༌། དེ་བཞིན་དུ་དཔེར་ན། རྒྱལ་པོ་ཀུ་རེ་ལྡན་ཚིག་གནོད་མ་ཡིན། །བུད་མེད་ལ་མིན་བག་མ་ལེན་དུས་དང༌། །སྲོག་ལ་བབ་དང་ནོར་ཀུན་ཚོལ་ཚེ་མིན། །བརྫུན་ལྔ་ལྟུང་བར་བྱེད་པ་མིན་ཞེས་བཤད། །ཅེས་ཟེར་བ་ལ་སོགས་པ་དང༌། དེ་བཞིན་དུ་བ་ཡང་གསོད་པའི་མཆོད་སྦྱིན་བྱེད་པ་ན་མཆོད་སྦྱིན་བྱེད་པ་རྣམས་ཀྱིས་མདོམས་སུ་ཆུ་བླུགས་ནས་བཏུང་ངོ་ཞེས་ཟེར་བ་ལ་སོགས་པ་ལྟ་བུ་མ་ཡིན་ནོ། །བཅོམ་ལྡན་འདས་ནི་སྡིག་པ་ཐམས་ཅད་མི་བྱ་བར་སྟོན་ཏེ། ཇི་ལྟར་ཁྱིམ་པ་རྣམས་སྡིག་པ་ཅུང་ཟད་མི་བྱེད་ལ་ཐམས་ཅད་མ་ཡིན་པ་ལྟ་བུ་མ་ཡིན་ཏེ། བསླབ་པའི་གཞི་ལྔ་དང་བརྒྱད་ཡང་དག་པར་ལེན་པའི་ཕྱིར་རོ། །དེ་བས་དགེ་སློང་རྣམས་ཀྱི་སྤོང་བ་ཁྱད་པར་དུ་བསྟན་པའི་ཕྱིར། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་གསུངས་སོ། །མི་བྱ་ཞེས་བྱ་བའི་ཆོས་འདི་ཅི་ཞེ་ན། སྡིག་པ་བྱེད་པའི་གཉེན་པོ་སྟེ། ཚུལ་ཁྲིམས་དང༌། མ་ཆགས་པ་ལ་


DTG149_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བཞིན་ནོ། །དགེ་བ་ཞེས་བྱ་བ་ནི་ངོ་བོ་ཉིད་དང༌། འབྲེལ་པ་དང༌། རྗེས་སུ་འབྲེལ་པ་དང༌། བསླང་བ་དང༌། སྐྱེ་བ་རྙེད་པ་དང༌། དོན་དམ་བ་དང༌། སྦྱོར་བ་དང༌། ཕན་གདགས་པ་དང༌། ཡོངས་སུ་འཛིན་པ་དང༌། མདུན་དུ་བྱེད་པ་དང༌། གཉེན་པོ་དང༌། ཉེ་བར་ཞི་བ་དང༌། རྒྱུ་མཐུན་པས་དགེ་བའོ། །དེ་ལ་ངོ་བོ་ཉིད་ཀྱིས་ནི་དད་པ་ལ་སོགས་པ་སེམས་ལས་བྱུང་བའི་ཆོས་བཅུའོ། །འབྲེལ་པས་ནི་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །རྗེས་སུ་འབྲེལ་པས་ནི་དེ་དག་ཉིད་ཀྱི་བག་ཆགས་གང་ཡིན་པའོ། །བསླང་བས་ནི་དེས་ལུས་དང་ངག་གི་ལས་ཀུན་ནས་བསླང་བའོ། །སྐྱེ་བ་རྙེད་པས་ནི་དགེ་བའི་ཆོས་དེ་དག་ཉིད་སྔོན་གོམས་པ་ལ་བརྟེན་ནས་དེ་དང་མཐུན་པའི་རྣམ་པར་སྨིན་པ་མངོན་པར་གྲུབ་པ་སྟེ། གང་གིས་དེ་དག་ཉིད་ལ་སོ་སོར་མ་བརྟགས་པར་འདོད་པ་གནས་པའོ། །དོན་དམ་པས་ནི་དེ་ཁོ་ན་ཉིད་དོ། །སྦྱོར་བས་ནི་སྐྱེས་བུ་དམ་པ་ལ་བརྟེན་ནས་དམ་པའི་ཆོས་མཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཆོས་དང་མཐུན་པར་ཆོས་བསྒྲུབ་པའོ། །ཕན་གདགས་པས་ནི་བསྒྲུབ་པའི་དངོས་པོ་བཞིས་སེམས་ཅན་ལ་ཕན་འདོགས་པའི་དགེ་བ་གང་ཡིན་པའོ། །ཡོངས་སུ་འཛིན་པས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོས་སམ། ཚུལ་ཁྲིམས་ལས་བྱུང་བས་སམ། བསྒོམས་པ་ལས་བྱུང་བས་ཕྱུག་ཅིང་རིགས་མཐོ་བར་སྐྱེ་བ་ཡོངས་སུ་འཛིན་པའམ་མཐོ་རིས་སུ་སྐྱེ་བ་ཡོངས་སུ་འཛིན་པའམ། རྣམ་པར་བྱང་བ་དང་རྗེས་སུ་མཐུན་པར་ཡོངས་སུ་འཛིན་པས་སོ། །མདུན་དུ་བྱེད་པས་ནི་དེ་བཞིན་གཤེགས་པའམ། མཆོད་རྟེན་ནམ་གཟུགས་བརྙན་མདུན་དུ་བྱས་པའམ། ཆོས་སམ་ཆོས་ལ་གནས་པའི་གང་ཟག་གམ། གླེགས་བམ་མདུན་དུ་བྱས་ནས་མཆོད་པ་བྱེད་པས་སོ། །གཉེན་པོས་ནི་གང་རྣམ་པར་སུན་འབྱིན་པའི་གཉེན་པོ་དང༌། རྣམ་པར་གནོན་པའི་གཉེན་པོ་དང༌། སྤོང་བའི་གཉེན་པོ་དང༌། ཐག་བསྲིང་བའི་ངོ་པོའི་གཉེན་པོ་དང༌། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་དང༌། ཤེས་བྱའི་སྒྲིབ་པའི་གཉེན་པོའོ། །ཉེ་བར་ཞི་བས་ནི་འདོད་ཆགས་གཏན་སྤོང་བ་དང༌། ཞེ་སྡང་གཏན་སྤོང་བ་དང༌། གཏི་མུག་གཏན་སྤོང་བ་དང༌། ཉོན་མོངས་པ་དག་


DTG149_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཏན་སྤོང་བ་དང༌། འདུ་ཤེས་དང་ཚོར་བ་འགོག་པ་དང༌། ཕུང་པོ་ལྷག་མ་དང་བཅས་པ་དང༌། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་གང་ཡིན་པའོ། །རྒྱུ་མཐུན་པས་ནི་དེའི་དབང་གིས་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་དང་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་མངོན་པར་ཤེས་པ་ལ་སོགས་པའོ། །དེ་ལ་དགེ་བ་ནི་བསམ་གཏན་དང་མཚུངས་པར་ལྡན་པ་དང་བཅས་པ་བདེ་བའི་དོན་གྱིས་མི་དགེ་བའི་ཆོས་ཐམས་ཅད་ཀུན་དུ་སྤྱོད་བའི་གཉེན་པོར་གྱུར་པའི་ཕྱིར་རོ། །རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱ་བས་ནི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་ལ་བརྟེན་ནས་གཞན་གྱི་སེམས་གདུལ་བ་ལ་མངོན་པར་བརྩོན་པ་རྣམས་རང་གི་སེམས་གདུལ་བ་ལ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །འདི་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་རྟོགས་ནས་རྗེས་སུ་སྟོན་པ་ནི་བསྟན་པ་ཡིན་ནོ། །ཚིགས་སུ་བཅད་པ་འདི་ནི་བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པ་མདོར་བསྡུས་པ་བསྟན་པ་ལས་འབྱུང་ངོ༌། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བཅུ་གཅིག་པའི་དོན་བསྡུས་པའོ།། །།བསོད་ནམས་དག་ནི་བྱ་བ་སྟེ། །བསོད་ནམས་མ་བྱས་སྡུག་བསྔལ་ལོ། །འཇིག་རྟེན་འདི་དང་གཞན་དག་ཏུ། །བསོད་ནམས་བྱས་པས་དགའ་བར་འགྱུར། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། ཡང་དག་པར་འཛིན་དུ་གཞུག་པའི་ཕྱིར་དང༌། ཀུན་དུ་སྐྱོ་བར་བྱ་བའི་ཕྱིར་དང༌། ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་ཕྱིར་གསུངས་པར་མངོན་ནོ། །གདུལ་བར་བྱ་བ་ཅི་འདྲ་བ་དག་ཅིག་སྙམ་ན། ལེ་ལོ་དང༌། བག་མེད་པ་དང༌། ཡང་དག་པར་རབ་ཏུ་བརྩོན་པ་རྣམས་ལའོ། །བསོད་ནམས་དག་ནི་བྱ་བ་སྟེ། །ཞེས་བྱ་བ་ནི་ལེ་ལོ་བྱེད་པ་ཡང་དག་པར་འཛིན་དུ་གཞུག་བའི་ཕྱིར་རོ། །བསོད་ནམས་མ་བྱས་སྡུག་བསྔལ་ལོ། །ཞེས་བྱ་བ་ནི་བག་མེད་པ་རྣམས་ཀུན་དུ་སྐྱོ་བར་བྱ་བའི་ཕྱིར་རོ། །འཇིག་རྟེན་འདི་དང་གཞན་དག་ཏུ། །བསོད་ནམས་བྱས་པས་དགའ་བར་འགྱུར། །ཞེས་བྱ་བ་ནི་ཡང་དག་པར་རབ་ཏུ་བརྩོན་པ་རྣམས་ཡང་དག་པར་དགའ་བར་བྱ་བའི་ཕྱིར་རོ། །ཚེ་འདི་ལ་བདེ་འགྲོའི་རྒྱུ་དགེ་བའི་རྩ་བ་སོགས་པའི་ཕྱིར་དང༌། གཞན་


DTG149_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་མྱོང་བའི་ཕྱིར་དགའ་བར་འགྱུར་རོ། །དེ་ལ་བསོད་ནམས་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བསྒོམས་པ་ལས་བྱུང་བ་དག་གོ །སྦྱིན་པ་ལས་བྱུང་བ་དག་ནི་སྦྱིན་པའི་རྒྱུ་ལས་བྱུང་བའོ། །དེ་བཞིན་དུ་ཚུལ་ཁྲིམས་དང༌། བསྒོམས་པའི་རྒྱུ་ལས་བྱུང་བའི་ཚུལ་ཁྲིམས་ལས་བྱུང་བ་ནི་བསྒོམས་པ་ལས་བྱུང་བ་སྟེ། ཇི་ལྟར་ཟས་ལས་བྱུང་བའི་སྲོག་དང༌། རྩྭ་ལས་བྱུང་བའི་བ་ལང་དག་བཞིན་ནོ། །ཡང་ན་སྦྱིན་པའི་རང་གི་ངོ་བོའི་བསོད་ནམས་ནི་སྦྱིན་པ་ལས་བྱུང་བའོ། །དེ་བཞིན་དུ་ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བ་སྟེ་ཇི་ལྟར་འཇིམ་པ་ལས་བྱུང་བའི་སྣོད་བཞིན་ནོ། །བསོད་ནམས་ཞེས་བྱ་བའི་དོན་ཅི་ཞེ་ན། ཡང་དང་ཡང་དུ་དགེ་བར་འགྱུར་བའི་ཕྱིར་བསོད་ནམས་སོ། །ཡང་ན་མི་དག་སྦྱིན་པར་བྱེད་པའམ། སེལ་བར་བྱེད་པའི་ཕྱིར་བསོད་ནམས་སོ། །དེ་ཡང་འདོད་པ་དང་ལྡན་པའི་དགེ་བ་སྟེ། སྡུག་པའི་རྣམ་པར་སྨིན་པའི་ཕྱིར་རོ། །སྦྱིན་པ་ཞེས་བྱ་བ་འདི་ཅི་ཞེ་ན། གང་སྦྱིན་པར་བྱ་བ་མ་ཡིན་ནམ། དེ་ནི་དེ་ལྟར་མ་ཡིན་ཏེ། དེ་ནི་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །འོན་ཀྱང་གང་གིས་སྦྱིན་པར་བྱ་བ་དེ་སྦྱིན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། གཞལ་བ་ཡིན་ནོ། །འགྲན་པ་དང༌། གྲགས་པ་དང༌། འདོད་པ་དང༌། འཇིགས་པ་དང༌། སྡུག་པ་དང༌། བརྟེན་པས་ཀྱང་སྦྱིན་པར་བྱེད་དེ། དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་བཤད་པ་ནི་མཆོད་པ་དང༌། ཕན་འདོགས་པའི་དོན་དུ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་ལ་མཆོད་པའི་བསམ་པས་སྦྱིན་པར་བྱེད་པ་དང༌། དེ་ལས་གཞན་པ་དག་ལ་ནི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་འདོགས་པར་འདོད་པ་སྟེ། གང་གི་དོན་དུ་སྦྱིན་པར་བྱེད་པ་བཤད་ཟིན་ཏོ། །ཡང་གང་གིས་སྦྱིན་པར་བྱེད་ཅེ་ན། སེམས་ཀྱི་ཚོགས་ཀྱིས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཀྱིས་སོ། །འདི་ནི་སྦྱིན་པའི་མཚན་ཉིད་ཡིན་ཏེ། གང་ཚེ་སྐྱེས་བུ་དགེ་ཡིད་ཀྱིས། །རང་གི་རྫས་ནི་སྦྱིན་བྱེད་པ། །དེ་ཚེ་ཕུང་པོ་དགེ་བ་རྣམས། །སྦྱིན་པ་ཞེས་ནི་མངོན་པར་བརྗོད། །ཅེས་གསུངས་སོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་འབྲས་བུ་ཅི་ཞེ་ན། མྱ་ངན་ལས་འདས་པ་དང་སེམས་ཅན་ཐམས་


DTG149_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་བསྔོས་པའི་འབྲས་བུ་ཐར་པ་དང༌། འབྲས་བུ་ལོངས་སྤྱོད་ཆེན་པོ་སྟེ། འབྲས་བུ་ལོངས་སྤྱོད་ཆེན་པོ་ཉིད་ནི། འབྲས་བུ་ལོངས་སྤྱོད་རྒྱ་ཆེ་ཞིང་གྱ་ནོམ་པར་ཚད་མེད་པའི་ཕྱིར་རོ། །ཡང་སྦྱིན་པ་དེ་ཅིའི་ཕྱིར་སྦྱིན་པར་བྱེད་ཅེ་ན། བདག་དང་གཞན་གྱི་དོན་དང༌། གཉི་གའི་དོན་དུ་སྦྱིན་པར་བྱེད་དེ། དོན་གཉིས་མཐོང་ནས་སྦྱིན་པ་སྦྱིན་པར་བྱེད་པ་ནི་བདག་ཉིད་ཀྱིས་དགེ་བའི་རྩ་བ་བསགས་པར་བྱ་བའི་ཕྱིར་དང༌། ལེན་པ་པོའི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་གདགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མིང་དོན་དང་མཐུན་པ་ཡིན་ཏེ། སྦྱིན་པ་པོ་དང་ལེན་པ་པོ་དག་གི་དབུལ་བའི་གདུང་བསེལ་བའི་ཕྱིར་སྦྱིན་པའོ། །སྦྱིན་པ་པོ་ནི་རྣམ་པ་གཉིས་ཏེ་ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པའོ། །ཉོན་མོངས་པ་དང་བཅས་པ་ཡང་རྣམ་པ་གཉིས་ཏེ། འདོད་པའི་འདོད་ཆགས་དང་མ་བྲལ་བ་དང༌། འདོད་པའི་འདོད་ཆགས་དང་བྲལ་བའོ། །འདོད་པའི་འདོད་ཆགས་དང་མ་བྲལ་བ་ཡང་རྣམ་པ་གཉིས་ཏེ། འཕགས་པ་དང༌། སོ་སོའི་སྐྱེ་བོའོ། །དེ་ལ་གང་འདོད་པའི་འདོད་ཆགས་དང་མ་བྲལ་བའི་འཕགས་པ་དང༌། འདོད་ཆགས་དང་བྲལ་བའི་སོ་སོའི་སྐྱེ་བོས་མཆོད་རྟེན་ལ་སྦྱིན་པ་དེའི་དགེ་བའི་རྩ་བ་ལ་སོགས་པ་རྣམ་པ་གཉིས་སུ་འགྱུར་ཏེ། འབྲས་བུ་ལོངས་སྤྱོད་ཆེ་བ་ཉིད་དང༌། དོན་གྱི་མཆོག་ཐོབ་པའི་ཚོགས་སུ་འགྱུར་བའོ། །འཕགས་པ་འདོད་ཆགས་དང་བྲལ་བ་ནི་འབྲས་བུ་ལོངས་སྤྱོད་ཆེ་བ་ཉིད་མེད་དེ། དེ་རྣམ་པར་སྨིན་པའི་ས་ལས་ཤིན་ཏུ་འདུས་པའི་ཕྱིར་རོ། །གང་ལ་ཡང་ཕན་པ་མེད་པའི་ཕྱིར་རང་གི་དོན་ཁོ་ནར་ཟད་དེ། དོན་གྱི་མཆོག་ཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ །གང་ཉོན་མོངས་པ་མེད་པས་སེམས་ཅན་གཞན་དག་ལ་སྦྱིན་པར་བྱེད་པ་ནི་དེ་ལ་ནི་དགེ་བའི་རྩ་བ་སོགས་པ་རྣམ་པ་གཉིས་གང་ཡང་མེད་པའི་ཕྱིར་རང་གི་དོན་གང་ཡང་མེད་མོད་ཀྱི་དེ་གཞན་གྱི་དོན་དུ་ཟད་དོ། །ཉོན་མོངས་པ་དང་བཅས་པའི་སྲོག་ཆགས་རྣམས་ལ་སྦྱིན་པ་ནི་གཉི་གའི་དོན་དུ་འགྱུར་རོ། །ཉོན་མོངས་པ་མེད་པ་དག་གི་མཆོད་རྟེན་ལ་སོགས་པ་ལ་སྦྱིན་པ་ནི་གཉི་གའི་དོན་དུ་མི་འགྱུར་རོ། །ཁྱད་པར་མེད་པར་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེ་བ་ཉིད་དོ་ཞེས་བཤད་པ་དེའི་ཁྱད་པར་ནི་རྒྱུ་བརྒྱད་ཀྱིས་


DTG149_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཞིང་དང༌། དངོས་པོ་དང༌། ཡིད་ལ་བྱེད་བ་དང༌། བསམ་པ་དང༌། དེ་ལས་གཞན་པའི་ཡོངས་སུ་བཟུང་བ་དང༌། བརྟེན་པ་དང༌། མང་དུ་བྱེད་པ་དང༌། སྐྱེ་བོ་མང་པོས་སོ། །དེ་ལ་ཞིང་གི་ནི་གལ་ཏེ་ཞིང་སྦྱིན་གནས་ཡོན་ཏན་དང་ལྡན་པ་ཞིག་ཡོད་ན་དེ་སྦྱིན་པའི་འབྲས་བུ་ཆེ་བ་ཡིན་ཏེ། ཞིང་ཡོན་ཏན་དང་ལྡན་པ་དེ་ཡང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ནམ། གང་ཟག་ཁྱད་པར་ཅན་གཞན་དག་གོ །གཉིས་ཀྱི་ཞིང་མཚུངས་ན་གང་གི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། དངོས་པོ་སྟེ། གང་གི་དངོས་པོ་ནོར་བུ་དང༌། གསེར་དང༌། དངུལ་ལ་སོགས་པ་བཟང་ཞིང་མང་ན་དེའི་དངོས་པོ་ཁྱད་པར་ཅན་གཟུང་བའི་ཕྱིར་ལས་སྟོབས་དང་ལྡན་པ་འགྲུབ་སྟེ། ཅིག་ཤོས་ཀྱི་ནི་མ་ཡིན་ནོ། །གཉིས་ཀྱི་དངོས་པོ་དང་ཞིང་ཡང་མཚུངས་ན་གང་གི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། ཡིད་ལ་བྱེད་པ་སྟེ། གང་ཡིད་ལ་བྱེད་པ་དད་པ་དྲག་པོ་དང་ལྡན་པས་སྦྱིན་པ་ནི་ཡིད་ལ་བྱེད་པས་ཟིན་པའི་ཕྱིར་ལས་སྟོབས་དང་ལྡན་པར་རིག་པར་བྱ་སྟེ། ཅིག་ཤོས་ཀྱི་ནི་མ་ཡིན་ནོ། །གཉིས་ཀྱི་དེ་དག་ཀྱང་མཚུངས་ན་གང་གི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། བསམ་པ་སྟེ། གང་མྱ་ངན་ལས་འདས་པའི་བསམ་པ་དང༌། སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོས་ནས་སྦྱིན་པ་ནི་དེའི་བསམ་པས་ཟིན་པའི་ཕྱིར་ལས་སྟོབས་དང་ལྡན་པར་རིག་པར་བྱ་སྟེ། ཅིག་ཤོས་ནི་མ་ཡིན་ནོ། །གང་མཐོ་རིས་ཀྱི་རྒྱུར་རམ། ལོངས་སྤྱོད་ཀྱི་རྒྱུར་རམ། འབྲས་བུའི་རྒྱུར་སྦྱིན་པ་སྦྱིན་པ་ནི་སློབ་དཔོན་ལྷས་ཀུན་ནས་འཛིན་པའི་བསམ་པ་ཡོད་པའི་ཕྱིར་ཚོང་པ་ལྟར་སྨད་པ་ཡིན་ནོ་ཞེས་གསུངས་སོ། །ཅི་སྟེ་འདི་ཡང་མྱ་ངན་ལས་འདས་པའི་བསམ་པ་ཅན་ཡིན་ལ་འདི་ཡང་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོས་ཏེ། སྔར་བསྟན་པའི་རྣམ་པ་རྣམས་མཚུངས་པ་ལ་སྦྱིན་ན་གང་གི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། གཉིས་པོ་དེ་ལས་གཞན་པ་ཡོངས་སུ་གཟུང་བ་སྟེ། དེ་ལས་གཞན་པ་ནི་དེ་ལས་གཞན་པ་སྟེ། སྦྱིན་པ་ལས་གཞན་པ་ནི་ཚུལ་ཁྲིམས་སོ། །སྦྱིན་པ་དེ་གང་ཡིན་པ་ཚུལ་ཁྲིམས་ཡོངས་སུ་གཟུང་བར་གྱུར་ན་དེའི་དེ་དག་ལས་གཞན་པས་གཟུང་བའི་ཕྱིར་ལས་སྟོབས་


DTG149_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་རིག་པར་བྱའི། སྦྱིན་པ་འབའ་ཞིག་ནི་མ་ཡིན་ནོ། །ཅི་སྟེ་འདིའི་སྦྱིན་པ་ཡང་ཚུལ་ཁྲིམས་ཀྱིས་ཡོངས་སུ་བཟུང་བ་ཡིན་འདིའི་སྦྱིན་པ་པོ་ཡང་ཚུལ་ཁྲིམས་ཀྱིས་ཡོངས་སུ་བཟུང་བ་ཡིན་ལ། གཉིས་ཀའི་སྔར་བསྟན་པའི་རྣམ་པ་དེ་དག་ཀྱང་མཚུངས་ན། གང་གི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། རྟེན་གྱིས་ཏེ། ཅི་སྟེ་བསོད་ནམས་ཀྱི་བྱེད་པ་པོ་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་དེའི་བསྒོམས་པ་ལས་བྱུང་བའི་དགེ་བ་ཡོངས་སུ་བསྒོམ་པའི་ཕྱིར་རྟེན་གྱི་ལས་སྟོབས་དང་ལྡན་པར་འགྱུར་རོ། །ཇི་སྟེ་གཉིས་ཀ་ཡང་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་ལ་སྔར་བསྟན་པའི་རྣམ་པ་དག་ཀྱང་མཚུངས་ན། གཉིས་ཀ་ལས་གང་གི་ལས་སྟོབས་དང་ལྡན་རིག་པར་བྱ་ཞེ་ན། མང་དུ་བྱེད་པ་སྟེ། གལ་ཏེ་ཡང་དང་ཡང་དུ་གོམས་པའམ། རྗེས་སུ་རྣམ་པར་བརྟགས་པ་ཡིན་ན་དེའི་ལས་སྟོབས་དང་ལྡན་གྱི། ཅིག་ཤོས་ཀྱི་ནི་མ་ཡིན་ཏེ། ལན་འགའ་ཀུན་དུ་སྤྱོད་པའི་ཕྱིར་རོ། །ཅི་སྟེ་གཉིས་ཀའི་མང་དུ་བྱེད་པ་ཡང་འདྲ་ལ། ཞིང་དང་དངོས་པོ་དང༌། ཡིད་ལ་བྱེད་པ་དང༌། དེ་ལས་གཞན་པ་ཡོངས་སུ་གཟུང་བ་དག་ཀྱང་མཚུངས་ན་གཉིས་ལས་གང་གི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། སྐྱེ་བོ་མང་པོ་སྟེ་གང་གིས་བདག་ཉིད་ཀྱང་བྱས་ལ། གཞན་ཡང་བྱེད་དུ་འཇུག་ན་རྒྱུད་དུ་མའི་བསོད་ནམས་བསྐྱེད་པའི་ཕྱིར་དེ་ལས་སྟོབས་དང་ལྡན་པར་རིག་པར་བྱའོ་འདི་ནི་སྦྱིན་པའི་ཁྱད་པར་ཏེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བསྟན་ཟིན་ཏོ། །དེ་ནས་ཚུལ་ཁྲིམས་ལས་བྱུང་བ་བརྗོད་པར་བྱ་སྟེ། རང་བཞིན་དང་བཅས་བའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་ལྡོག་པ་ནི་ཚུལ་ཁྲིམས་སོ། །དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ནི་སྲོག་གཅོད་པ་ནས་ཚིག་འཁྱལ་པའི་བར་རོ། །བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ནི་དུས་མ་ཡིན་པའི་ཟས་ལ་སོགས་པ་སྟེ། འདི་ནི་རང་བཞིན་གྱིས་འཆལ་པའི་ཚུལ་ཁྲིམས་མ་ཡིན་ནོ། །གང་ཞིག་བསླབ་པ་ཡང་དག་པར་བླངས་པ་དེ་ལས་ལྷག་པར་འདས་པ་དེའི་ཚུལ་ཁྲིམས་དེ་ནི་འཆལ་པར་འགྱུར་རོ། །ལྡོག་པ་ཞེས་བྱ་བ་འདི་ནི་ཅི་ཞེ་ན། འདིས་ལྡོག་པས་ན་ལྡོག་པ་ཡིན་ཏེ། རྣམ་པར་རིག་པར་


DTG149_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །ཡང་ན་ལྡོག་པ་ཉིད་ལྡོག་པ་སྟེ། རྣམ་པར་རིག་བྱེད་མ་ཡིན་ནོ། །དེ་བས་ན་གཉིས་ཀ་ལས་ལྡོག་པ་ནི་ཚུལ་ཁྲིམས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཚུལ་ཁྲིམས་ཡོངས་སུ་རྫོགས་པའི་མཚན་ཉིད་མངོན་པར་རྫོགས་པར་མཛད་པས་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང༌། སོ་སོར་ཐར་པའི་སྔོམ་པས་བསྡམས་པ། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པོ་ཞེས་གསུངས་སོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པར་གནས་པ་ནི་བསླབ་པ་ཡང་དག་པར་བླངས་པ་བསྲུང་བ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་དང་ལྡན་པས་ཚུལ་ཁྲིམས་དང་ལྡན་པའོ། །སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་ཕྱིར་རོ། །སོ་སོར་ཐར་པས་སོ་སོར་ཐར་པ་སྟེ། འདི་ལྟར་སྡོམ་པས་དེ་ནི་འཁོར་བ་ལས་ངེས་པར་འབྱིན་པར་བྱེད་པ་ཡིན་ནོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ནི། གཤེ་བ་མེད་པའི་ཚུལ་ཁྲིམས་མ་ཡིན་པའི་ཕྱིར་ཆོ་ག་ཕུན་སུམ་ཚོགས་པ་ཡིན་ལ། དམ་པ་རྣམས་ཀྱི་སྤྱོད་ལམ་མ་སྨད་པའི་ཕྱིར་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ཏེ། སྤྱོད་ཡུལ་རྣམ་པ་ལྔ་སྤངས་པའི་ཕྱིར་རོ། །དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ལྔ་སྟེ། སྒྲ་སྒྲོགས་པ་དང༌། ཆ་བྱད་དང༌། ཆང་འཚོང་གི་གནས་དང༌། རྒྱལ་པོའི་འཁོར་དང༌། ལྔ་པ་རྐུན་པོའི་གནས་ཉིད་དོ། །དེ་ལ་སྒྲ་སྒྲོགས་པ་ནི་གང་དུ་སྒྲ་སྒྲོགས་ཤིང་བསྒྲགས་ཤིང་ལུག་ལ་སོགས་པ་གསོད་པའོ། །རྐུན་པོའི་གནས་ནི་ཚོམ་རྐུན་པ་འདུ་བའོ། །དགེ་སློང་གི་ལྷག་མ་ནི་གོ་སླ་བའི་ཕྱིར་མ་སྨོས་སོ། །ཁ་ན་མ་ཐོ་བའི་ཕྲ་རབ་ཙམ་ལ་འཇིགས་པར་ལྟ་པ་ནི་ཤིན་ཏུ་གུས་པས་སློབ་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། དེ་དག་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་འདྲ་བར་ཤིན་ཏུ་གུས་པས་སློབ་པའི་ཕྱིར་ཁ་ན་མ་ཐོ་ཕྲ་རབ་ཙམ་ལ་འཇིགས་པར་ལྟ་ཞིང་གནས་སོ། །བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་བོ་ཞེས་བྱ་བ་ནི་བསླབ་པ་ཀུན་ནས་རྫོགས་པར་བླངས་ཏེ་སློབ་པའི་ཕྱིར་བསླབ་པའི་གཞི་རྣམས་ལ་ཡང་དག་པར་བླངས་


DTG149_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་པའོ། །ཚུལ་ཁྲིམས་བཤད་ཟིན་ཏོ། །བསྒོམས་པ་ལས་བྱུང་བ་ནི་མཉམ་པར་གཞག་པའི་དགེ་པ་ལས་བྱུང་བ་ཡིན་ཏེ། ཏིང་ངེ་འཛིན་ཀྱི་ངོ་བོ་རྒྱུ་དང་བཅས་པའི་བསོད་ནམས་གང་ཡིན་པ་དེ་ནི་བསྒོམས་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། སེམས་ཀྱི་བག་ཆགས་ཀྱི་ཕྱིར་ཏེ། འདི་ལྟར་མཉམ་པར་གཞག་པའི་དགེ་བ་ནི་མེ་ཏོག་དག་གིས་ཏིལ་བཞིན་དུ་ཡོན་ཏན་རྣམས་ཀྱིས་སེམས་གོས་པར་བྱེད་དེ། རྒྱུ་དེ་དེའི་ངོ་བོར་བྱེད་པའི་ཕྱིར་རོ། །རེ་ཞིག་སྦྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ཉིད་དོ་ཞེས་བསྟན་ན་ཚུལ་ཁྲིམས་གཙོར་བསྒོམས་པའི་འབྲས་བུ་ཅི་ཞེ་ན། གཙོར་མཐོ་རིས་དང་བྲལ་བའི་འབྲས་བུའོ། །སྦྱིན་པས་ཀྱང་མཐོ་རིས་སུ་འགྱུར་མོད་ཀྱི་གཙོར་ཚུལ་ཁྲིམས་ཞེས་བསྟན་ཏོ། །ཚུལ་ཁྲིམས་ཀྱང་བྲལ་བར་འགྱུར་མོད་ཀྱི་གཙོར་བསྒོམས་པ་ཉིད་བསྟན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱང་ལོངས་སྤྱོད་ཆེན་པོ་ཉིད་དུ་འགྱུར་མོད་ཀྱི་གཙོར་སྦྱིན་པ་ཉིད་བསྟན་ཏོ། །དེ་ལྟར་རེ་རེའི་དོན་གཏན་ལ་དབབ་པ་སྤྲོས་ནས་བརྗོད་པར་བྱ་བ་མང་དུ་འགྱུར་བས་ཞར་ལ་འོངས་པས་ཆོག་གོ །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བཅུ་གཉིས་པའི་དོན་བསྡུས་པའོ།། །།བདེན་པར་སྨྲ་བྱ་ཁྲོ་མི་བྱ། །སློང་ལ་ཆུང་ཡང་སྤྱིན་པར་བྱ། །འདིར་ནི་གནས་གསུམ་འདི་དག་གིས། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། ཅི་རིགས་པར་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་སྤངས་པའི་ཐབས་ཡང་དག་པར་བསྟན་པའི་ཕྱིར་རོ།། གདུལ་བྱ་ཅི་འདྲ་བ་དག་ཅིག་ཅེ་ན། ཕ་རོལ་སླུ་བ་ལ་མངོན་པར་དགའ་བ་དང༌། ཞེ་སྡང་ལ་མངོན་པར་དགའ་བ་དང༌། སེར་སྣ་ལ་མངོན་པར་དགའ་བ་དང༌། རྒྱུ་མེད་པ་དང་རྒྱུ་མི་མཐུན་པ་ལ་མངོན་པར་དགའ་བ་རྣམས་སོ། །བདེན་པར་སྨྲ་བྱ་ཞེས་བྱ་བ་ནི་ཕ་རོལ་སླུ་བ་ལ་མངོན་པར་དགའ་བ་རྣམས་ཀྱི་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་སྤངས་པའི་ཐབས་ཡང་དག་པར་བསྟན་པའི་ཕྱིར་རོ། །ཁྲོ་མི་བྱ་ཞེས་བྱ་བ་ནི་ཞེ་སྡང་ལ་མངོན་པར་དགའ་བ་རྣམས་ཀྱི་ཞེ་སྡང་སྤང་བའི་ཐབས་ཡང་དག་པར་བསྟན་པའི་ཕྱིར་རོ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །ཞེས་བྱ་བ་ནི་སེར་


DTG149_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ལ་མངོན་པར་དགའ་བ་རྣམས་ཀྱི་ཆགས་པ་སྤང་བའི་ཐབས་ཡང་དག་པར་བསྟན་པའི་ཕྱིར་རོ། །འདིར་ནི་གནས་གསུམ་འདི་དག་གིས། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །ཞེས་བྱ་བ་ནི་རྒྱུ་མེད་པ་དང༌། རྒྱུ་མི་མཐུན་པ་ལ་མངོན་པར་དགའ་བ་རྣམས་ཀྱི་གཏི་མུག་སྤང་བའི་ཐབས་ཡང་དག་པར་བསྟན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཚིགས་སུ་བཅད་པ་འདིས་ཡོངས་སུ་དག་པ་རྣམ་པ་བཞི་བསྟན་ཏེ། ངག་གི་ལས་ཡོངས་སུ་དག་པ་དང༌། ཡིད་ཀྱི་ལས་ཡོངས་སུ་དག་པ་དང༌། ལུས་ཀྱི་ལས་ཡོངས་སུ་དག་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡོངས་སུ་དག་པའོ། །བདེན་པར་སྨྲ་བྱ་ཞེས་བྱ་བ་ནི་ངག་གི་ལས་ཡོངས་སུ་དག་པའོ། །ཁྲོ་མི་བྱ་ཞེས་བྱ་བ་ནི་ཡིད་ཀྱི་ལས་ཡོངས་སུ་དག་པའོ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །ཞེས་བྱ་བ་ནི་ལུས་ཀྱི་ལས་ཡོངས་སུ་དག་པའོ། །འདིར་ནི་གནས་གསུམ་འདི་དག་གིས། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡོངས་སུ་དག་པའོ། །རྣམ་པ་གཅིག་ཏུ་ན་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་འདི་གསུངས་པར་མངོན་ཏེ། ཞལ་ནས་གསུངས་པའི་འཕགས་པའི་ལམ་ཡན་ལག་བཞི་པོ་དག་ནི་ཅི་རིགས་པར་འཕགས་པའི་ལམ་ཡན་ལག་བཞི་པོ་དག་ཉིད་ཀྱི་ནང་དུ་འདུས་ཏེ། བདེན་པར་སྨྲ་བྱ་ཞེས་བྱ་བ་ནི་ཡང་དག་པའི་ངག་གོ །ཁྲོ་མི་བྱ་ཞེས་བྱ་བ་ནི་ཡང་དག་པའི་རྟོག་པའོ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །ཞེས་བྱ་བ་ནི་ཡང་དག་པའི་ལས་ཀྱི་མཐའོ། །འདིར་ནི་གནས་གསུམ་འདི་དག་གིས། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །ཞེས་བྱ་བ་ནི་ཡང་དག་པའི་ལྟ་བའོ། །ཡན་ལག་བཞི་པོ་འདི་དག་གིས་ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་བསྡུས་པར་རིག་པར་བྱའོ། །ཡང་དག་པའི་ལྟ་བས་ནི་ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་བསྡུས་ཏེ། འདི་གཉིས་ནི་ས་མང་པོ་པ་མ་ཡིན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་རྒྱུ་རྣམ་པ་བདུན་གྱི་དབང་དུ་མཛད་ནས་དོན་རིག་པར་བྱ་སྟེ། མི་སླུ་བའི་རྒྱུ་དང༌། ཚིག་གཟུང་བར་འོས་པའི་རྒྱུ་དང༌། གཟུགས་བཟང་བའི་རྒྱུ་དང༌།


DTG149_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མང་བའི་རྒྱུ་དང༌། ལོངས་སྤྱོད་ཆེ་བ་ཉིད་ཀྱི་རྒྱུ་དང༌། ཕྱིན་ཅི་མ་ལོག་པའི་རྒྱུ་དང༌། དེས་ཉོན་མོངས་པ་མེད་པའི་རྒྱུ་ཅི་རིགས་པར་སྦྱར་ཏེ། བདེན་པར་སྨྲ་བྱ་ཞེས་བྱ་བས་ནི་ཚེ་འདི་དང༌། ཕ་རོལ་ལ་མི་སླུ་བའི་རྒྱུ་དང༌། ཚིག་གཟུང་བར་འོས་པ་ཉིད་ཀྱི་རྒྱུ་བསྟན་ཏོ། །ཁྲོ་མི་བྱ་ཞེས་བྱ་བ་ནི་ཚེ་འདི་དང་ཕ་རོལ་དུ་གཟུགས་བཟང་བའི་རྒྱུ་དང༌། འཁོར་མང་བའི་རྒྱུ་བསྟན་ཏོ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །ཞེས་བྱ་བས་ནི་ལོངས་སྤྱོད་ཆེ་བ་ཉིད་ཀྱི་རྒྱུ་བསྟན་ཏོ། །འདིར་ནི་གནས་གསུམ་འདི་དག་གིས། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །ཞེས་བྱ་བས་ནི་ཕྱིན་ཅི་མ་ལོག་པའི་རྒྱུ་དང༌། དེས་ཉོན་མོངས་པ་མེད་པའི་ཐབས་ཀྱི་རྒྱུ་བསྟན་ཏོ། །བསྡུས་པའི་དོན་ནི་ལྔ་པོ་དག་གིས་མངོན་པར་མཐོ་བའི་ལམ་བསྟན་ལ། གཉིས་པོས་ནི་ངེས་པར་ལེགས་པའི་ལམ་བསྟན་ཏོ། །ཡང་སྦྱིན་པ་རྣམ་པ་གསུམ་བསྟན་པའི་ཕྱིར་རྣམ་གྲངས་བཞི་སྟེ། སྦྱིན་པ་རྣམ་པ་གསུམ་ནི། མི་འཇིགས་པའི་སྦྱིན་པ་དང༌། ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པའོ། །དེ་བསྟན་པ་ནི་ཚིག་གཉིས་དང་རེ་རེས་སོ། །ཡང་ཚིགས་སུ་བཅད་པ་འདིས་རྟོན་པ་རྣམས་པ་གསུམ་བསྟན་ཏེ། སེམས་རྟོན་པ་དང༌། ལུས་རྟོན་པ་དང༌། དགེ་བ་རྟོན་པ་སྟེ། ཚིག་གཉིས་དང་རེ་རེའི་གོ་རིམས་བཞིན་ནོ། །ཡང་བྱིན་གྱིས་བརླབས་པ་བཞིའི་དབང་དུ་མཛད་ནས་དོན་རིག་པར་བྱ་སྟེ། བདེན་པ་དང༌། ཉེ་བར་ཞི་བ་དང༌། གཏོང་བ་དང༌། ཤེས་རབ་ཀྱིས་བྱིན་གྱིས་བརླབས་ཏེ། རིམ་བཞིན་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་དང༌། མི་ཁོམ་པར་སྐྱེ་བའི་རྒྱུ་ལས་ཡང་དག་པར་འདའ་བའི་ཐབས་སུ་བསྟན་པའི་ཕྱིར་རོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བཅུ་གསུམ་པའི་དོན་བསྡུས་པའོ།། །།བམ་པོ་གསུམ་པ་སྟེ་ཐ་མ། །བསོད་ནམས་དག་གི་རྣམ་སྨིན་བདེ། །བསམ་པ་ཡང་དག་འགྲུབ་འགྱུར་ཞིང༌། །མྱུར་དུ་བྱང་ཆུབ་དམ་པ་དང༌། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། རྣམ་པར་སྨིན་པ་ནི་རྒྱུ་མེད་པ་ཅན་ཡང་མ་ཡིན་ལ། རང་བཞིན་དང་དབང་ཕྱུག་ལ་སོགས་པ་རྒྱུ་མི་མཐུན་པ་ཅན་ཡང་མ་ཡིན་ཏེ། རྒྱུ་མེད་པ་དང་རྒྱུ་མི་


DTG149_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་སྨྲ་བ་དགག་པའི་ཕྱིར་གསུངས་པར་མངོན་ཏེ། འདི་སྐད་དུ། རང་བཞིན་གྱིས་འབྱུང་རང་བཞིན་གྱིས། །ལྡོག་སྟེ་འབྱུང་བ་པོ་རྣམས་ཀྱི། །བྱེད་པ་པོ་ནི་མ་ཡིན་ཞེས། །གང་གིས་མཐོང་བ་དེས་མཐོང་ངོ༌། །ཞེས་བྱ་བ་དང༌། དེ་བཞིན་དུ། ཡོན་ཏན་འདི་དག་རང་བཞིན་ལས་བྱུང་ན། །མུན་གྱིས་བསྒྲིབས་ཕྱིར་ཕྱིན་ཅི་ལོག་སེམས་ཅན། མི་མཁས་བདག་གིས་བྱ་སྙམ་མངོན་རློམ་སྟེ། །རྩྭ་དགུག་བྱ་བའི་དབང་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང༌། དེ་བཞིན་དུ། མི་ཤེས་སྐྱེ་བོ་འདི་དག་ཉིད། །བདེ་སྡུག་འགའ་ལ་དབང་མེད་དེ། །ཆོས་དོན་འདོད་དང་ཐར་རྣམས་ཀྱི། །རྒྱུ་ནི་སྐྱེས་བུ་ཡིན་པར་བཤད། །ཅེས་བྱ་བ་དང༌། དེ་བཞིན་དུ། དབང་ཕྱུག་གིས་ཀྱང་མཐོ་རིས་སམ། །ངམ་གྲོག་ཉིད་དུ་འགྲོ་བར་འགྱུར། །ཞེས་སྨྲས་པ་ལྟ་བུ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་དང་བཅས་པ་གསུམ་གྱི་དབང་དུ་བྱས་ནས་དོན་རིག་པར་བྱ་སྟེ། བསོད་ནམས་དག་གི་རྣམ་སྨིན་བདེ། །ཞེས་བྱ་བ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་དང་བཅས་པའི་དབང་དུ་བྱས་ནས་གསུངས་སོ། །བསམ་པ་ཡང་དག་འགྲུབ་འགྱུར་ཞིང༌། །ཞེས་བྱ་བ་ནི་ཚུལ་ཁྲིམས་ལས་བྱུང་བའོ། །ཚུལ་ཁྲིམས་ཀྱིས་ཞེས་ཚིག་ལྷག་མ་སྦྱར་བར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་འགྲུབ་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །མྱུར་དུ་བྱང་ཆུབ་དམ་པ་དང༌། མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་བསྒོམས་པ་ལས་བྱུང་བ་སྟེ། འདི་ཡང་རྒྱུན་དུ་བྱུང་བ་དང༌། གུས་པར་བྱ་བའི་སྦྱོར་བའི་བསྒོམས་པ་ལས་བྱུང་བས་ཞེས་བྱ་བར་མངོན་ནོ། །བྱང་ཆུབ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ནི་ཕུང་པོ་ལྷག་མ་མེད་པའོ། །འབྱུང་བ་འདི་ནི་རང་གི་ངོ་བོར་རིག་པར་བྱ་སྟེ། དཔར་ན་རྩྭ་ལས་བྱུང་བའི་ཁྱིམ་དང༌། ལོ་མ་ལས་བྱས་པའི་སྣོད་ལྟ་བུའོ། །ཡང་བསོད་ནམས་བྱ་བའི་དངོས་པོའི་དོན་ཅི་ཞེ་ན། གསུམ་པོ་འདི་དག་ནི་ཅི་རིགས་པར་བསོད་ནམས་དང༌། བྱ་བ་དང༌། དངོས་པོ་ཡིན་པས་བསོད་ནམས་བྱ་བའི་དངོས་པོ་སྟེ། རེ་ཞིག་སྦྱིན་


DTG149_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་ལུས་དང་ངག་དང༌། ཡིད་ཀྱི་རྣམ་པ་གསུམ་ཆར་ཡིན་ཏེ། བསོད་ནམས་དང༌། བྱ་བ་དང༌། བསོད་ནམས་བྱ་བའི་དངོས་པོ་ཡིན་ཡང་བསོད་ནམས་བྱ་བའི་དངོས་པོའོ། །དེ་ཀུན་ནས་སློང་བའི་སེམས་པ་ནི་བསོད་ནམས་དང་བྱ་བའོ། །དེ་དང་ལྷན་ཅིག་བྱུང་བའི་ཆོས་རྣམས་ནི་བསོད་ནམས་ཉིད་དོ། །དངོས་པོ་ནི་ལུས་དང་ངག་གི་ལས་དེ་ཉིད་དོ། །ཚུལ་ཁྲིམས་ལས་བྱུང་བ་ནི་ལུས་དང༌། ངག་གི་ལས་ཁོ་ན་རྣམ་པ་གསུམ་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ལ་བྱམས་པ་དང༌། སྙིང་རྗེ་ནི་བསོད་ནམས་དང་བྱ་བའི་དངོས་པོ་ཡང་ཡིན་ཏེ། དེ་དང་མཚུངས་པར་ལྡན་པའི་སེམས་པ་བྱམས་པ་དང་སྙིང་རྗེའི་སྒོ་ནས་མངོན་པར་འདུ་བྱེད་པའི་ཕྱིར་རོ། །ཡང་ན་བསོད་ནམས་ཀྱི་བྱེད་པ་ནི་བསོད་ནམས་བྱ་བ་སྟེ། བསོད་ནམས་ཀྱི་སྦྱོར་བའོ། །དེའི་དངོས་པོ་ནི་དེ་དག་སྟེ། དེ་དག་བསྒྲུབ་པའི་དོན་དུ་བསོད་ནམས་ཀྱི་སྦྱོར་བ་རྩོམ་པའི་ཕྱིར་རོ། །ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི་རྣམ་པར་སྨིན་པའི་ཁྱད་པར་ཅི་ལྟ་བུ་ཞེ་ན། སྦྱིན་པ་པོ་དང༌། དངོས་པོ་དང༌། ཞིང་གི་ཁྱད་པར་གྱིས་འབྲས་བུའི་ཁྱད་པར་དུ་འགྱུར་ཏེ། དེ་ལ་སྦྱིན་པ་པོའི་ཁྱད་པར་ནི་དད་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་དང༌། གུས་པ་དང༌། རང་གི་ལག་དང༌། དུས་སུ་དང༌། གནོད་པ་མེད་པའི་སྦྱིན་པ་དང་ལྡན་པའི་ཕྱིར་ཏེ། དད་པས་སྦྱིན་པ་བྱིན་པས་ནི་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་སོ། །གུས་པར་བྱིན་པས་ནི་བཀུར་སྟི་ཐོབ་པ་ཕུན་སུམ་ཚོགས་སོ། །རང་གི་ལག་ནས་བྱིན་པས་ནི་ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ་ལ་མོས་པ་ཕུན་སུམ་ཚོགས་སོ། །དུས་སུ་བྱིན་པས་ནི་དུས་སུ་ཐོབ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་སོ། །གནོད་པ་མེད་པར་བྱིན་པས་ནི་བར་ཆད་མེད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྟེ། དགེ་སློང་དག་ལྔ་པོ་འདི་དག་ནི་སྐྱེས་བུ་དམ་པའི་སྦྱིན་པ་ཡིན་ནོ་ཞེས་འབྱུང་བའི་མདོ་དང་མཐུན་ནོ། །དེ་ལྟ་བུ་ནི་རེ་ཞིག་སྦྱིན་པ་པའི་ཁྱད་པར་ཏེ། དེའི་ཁྱད་པར་ལས་རྣམ་པར་སྨིན་པའི་ཁྱད་པར་དུ་འགྱུར་རོ། །དངོས་པོའི་ཁྱད་པར་ནི་ཁ་དོག་ལ་སོགས་


DTG149_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕུན་སུམ་ཚོགས་པ་སྟེ། གལ་ཏེ་སྦྱིན་པར་བྱ་བ་གང་ཡིན་པ་དེ་ཁ་དོག་དང༌། དྲི་དང༌། རོ་དང༌། རེག་བྱ་གང་ཡང་རུང་བ་ཕུན་སུམ་ཚོགས་པ་ཡིན་ན་དངོས་པོ་དེ་ཁྱད་པར་དུ་འགྱུར་རོ། །དངོས་པོ་ཁྱད་པར་ཅན་དེ་ལྟ་བུ་བྱིན་པའི་རྣམ་པར་སྨིན་པ་ཅི་འདྲ་བ་ཞིག་ཙེ་ན། རིམ་བཞིན་དུ་གཟུགས་བཟང་བ་ཉིད་དང༌། གྲགས་པ་ཉིད་དང༌། དགའ་བ་ཉིད་དང༌། ཤིན་ཏུ་གཞོན་ཞིང་དུས་ཚིགས་སུ་རེག་ན་བདེ་བའི་ལུས་སོ་ཞེས་གསུངས་ཏེ། ཁ་དོག་ཕུན་སུམ་ཚོགས་པ་བྱིན་པས་ནི་གཟུགས་བཟང་བར་འགྱུར་རོ། །དྲི་ཕུན་སུམ་ཚོགས་པ་བྱིན་པས་ནི་གྲགས་པ་དང་ལྡན་པར་འགྱུར་ཏེ། དྲི་བཞིན་དུ་གྲགས་པས་ཕྱོགས་སུ་ཁྱབ་པའི་ཕྱིར་རོ། །རོ་ཕུན་སུམ་ཚོགས་པ་བྱིན་པས་ནི་རོ་ཞིམ་པ་དང་འདྲ་བར་དགའ་བར་འགྱུར་རོ། །རེག་པ་ཕུན་སུམ་ཚོགས་པ་བྱིན་པས་འདིའི་ལུས་ཤིན་ཏུ་གཞོན་ཤ་ཅན་དང༌། དུས་ཚིགས་སུ་རེག་ན་བདེ་བར་འགྱུར་ཏེ། བུད་མེད་རིན་པོ་ཆེའི་བཞིན་ནོ། །ཞིང་ནི་འགྲོ་བ་དང༌། སྡུག་བསྔལ་བ་དང༌། ཕན་པ་བྱེད་པ་ཉིད་ཀྱི་ཡོན་ཏན་དག་གིས་ཁྱད་པར་དུ་འགྱུར་ཏེ། འགྲོ་བའི་ཁྱད་པར་ལས་རེ་ཞིག་ཁྱད་པར་དུ་འགྱུར་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཚལ་པའི་མི་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་སྟོང་འགྱུར་དུ་རེ་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །སྡུག་བསྔལ་བའི་བྱེ་བྲག་ལས་ཁྱད་པར་དུ་འགྱུར་བ་ནི་ཇི་ལྟར་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དག་ལ་གློ་བུར་དུ་འོངས་པ་དག་ལ་སྦྱིན་པ་དང་འགྲོ་བ་ལ་སྦྱིན་པ་དང༌། ནད་པ་ལ་སྦྱིན་པ་དང༌། ནད་གཡོག་ལ་སྦྱིན་པ་དང༌། གང་བ་ལ་སོགས་པ་ལ་སྦྱིན་པ་གསུངས་ནས་རྫས་ལས་བྱུང་པའི་བསོད་ནམས་དངོས་པོ་འདི་བདུན་པོ་དག་ལྡན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ནི་འགྲོ་བའམ། འདུག་གམ་གཉིད་ལོག་གམ། སད་པ་ན་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་བ་ཉིད་དང༌། བསོད་ནམས་ཉེ་བར་སྐྱེ་བ་ཉིད་དོ་ཞེས་གསུངས་པ་ལྟ་བུའོ། །འདིར་ནི་རྐྱེན་གྱི་བྱེ་བྲག་


DTG149_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྡུག་བསྔལ་གྱི་ཁྱད་པར་ཏེ། ལེན་པའི་སྡུག་བསྔལ་གྱི་ཁྱད་པར་མེད་པར་བྱས་པ་ལས་སྦྱིན་པ་པོའི་འབྲས་བུའི་ཁྱད་པར་དུ་འགྱུར་རོ། །ཕན་བར་བྱེད་པ་ཉིད་ཀྱི་ཁྱད་པར་ནི་ཇི་ལྟར། མ་དང༌། ཕ་དང༌། གཞན་ཡང་ཕན་པ་བྱེད་པ་དག་སྟེ། དོམ་གྱི་སྐྱེས་པའི་རབས་ལྟ་བུར་ཕན་པ་བྱེད་པ་ལ་གནོད་པའི་འབྲས་བུ་མཐོང་བའི་ཕྱིར་ཕན་པའི་ལན་ལོན་པའི་འབྲས་བུ་རྗེས་སུ་དཔག་པར་བྱའོ། །ཡོན་ཏན་གྱི་ཁྱད་པར་ལས་ནི་ཇི་ལྟར་ཚུལ་ཁྲིམས་ཅན་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་འབུམ་འགྱུར་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །བསོད་ནམས་དག་གི་རྣམ་སྨིན་བདེ། །ཞེས་བྱ་བ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི་ཁྱད་པར་བཤད་ཟིན་ཏོ། །ཚུལ་ཁྲིམས་ལས་བྱུང་བའི་འབྲས་བུ་ནི་བདེ་འགྲོ་དང༌། བྱང་གྲོལ་ཐོབ་པ་སྟེ། སྒྲུབ་པ་དང་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཅི་ལྟར་ན་བྱང་གྲོལ་ཚུལ་ཁྲིམས་དང་ལྡན་པ་ནི་སྨོན་པ་འགྲུབ་སྟེ། དེ་རྣམ་པར་དག་པའི་ཕྱིར་དེ་ཚུལ་ཁྲིམས་ཀྱི་ཞེས་སྟོན་ཏོ། །ཚུལ་ཁྲིམས་རྣམ་པར་དག་པ་ནི་ཐར་པ་སྒྲུབ་པའི་ཚོགས་ཡིན་ཏེ། འདི་ལྟ་སྟེ། དབང་པོའི་སྒོ་བསྲུང་བ་ཉིད་དང༌། ཁ་ཟས་ལ་ཚོད་རིག་པ་ཉིད་དང༌། ནམ་གྱི་ཆ་སྟོང་ཉིད་དང༌། ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་ཉིད་དང༌། ཤེས་བཞིན་དུ་གནས་པ་ཉིད་དོ་ཞེས་འབྱུང་ངོ༌། །རྣམ་པར་དག་པ་དེ་ཇི་ལྟ་བུ་ཞེ་ན། གནོད་པ་བཞིན་པོ་དག་གིས་གནོད་པ་མེད་པའི་ཕྱིར་ཏེ། གནོད་པ་བཞི་ནི་གང་དག་གིས་གནོད་ན། ཚུལ་ཁྲིམས་ཡོངས་སུ་མ་དག་པ་ལས་གནོད་ན་ཡོངས་སུ་མ་དག་པ་སྟེ། རྣམ་པར་རྟོག་པ་གནོད་པ་དང༌། རྟེན་ལས་སུ་རུང་བ་ལ་གནོད་པ་དང༌། མངོན་པར་མི་བརྩོན་པའི་གནོད་པ་དང༌། འགྱོད་པའི་གནོད་པའོ། །དེ་ལ་རྣམ་པར་རྟོག་པའི་གནོད་པའི་གཉེན་པོར་ནི་དབང་པོའི་སྒོ་བསྲུང་བ་ཉིད་དོ། །རྟེན་ལས་སུ་རུང་བ་ལ་གནོད་པའི་གཉེན་པོར་ནི་ཁ་ཟས་ལ་ཚོད་རིག་པ་ཉིད་དེ། ཚོད་སྨོས་པ་ནི་ཁ་ཟས་ཉུང་བ་དང་མང་བ་སྤང་བའི་དོན་ཏོ། །ཁ་ཟས་ཉུང་ན་ནི་རྟེན་ཉམ་ཆུང་བས་མངོན་པར་མི་སྤྲོ་ལ་ཁ་ཟས་མང་ན་ནི་སྙོམ་པ་ལ་སོགས་པའི་སྐྱོན་ལྔ་ཀུན་དུ་སྤྱོད་པས་རྟེན་ལས་སུ་མི་རུང་བ་ཉིད་དེ། དེ་ལྟར་ན་དེ་གཉིས་


DTG149_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་རྟེན་ལས་སུ་མི་རུང་བ་ཉིད་ལ་དེ་མེད་ན་ནི་དགེ་བའི་ཕྱོགས་ཀྱི་རྗེས་སུ་མཐུན་པ་ཡིན་ནོ། །མངོན་པར་མི་བརྩོན་པའི་གནོད་པའི་གཉེན་པོར་ནི་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་བརྩོན་པ་ཉིད་དོ། །འགྱོད་པའི་གནོད་པའི་གཉེན་པོར་ནི་ཤེས་བཞིན་དུ་གནས་པ་ཉིད་དེ། དེ་ལྟ་བུ་ནི་ཚུལ་ཁྲིམས་ཀྱི་ཁྱད་པར་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ནི་མདོར་བསྡུ་ན། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་མོ། །དེ་ལ་འཇིག་རྟེན་པའི་ལམ་ནི་བསམ་གཏན་དང་གཟུགས་མེད་པའོ། །དེ་དག་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། རྣམ་པར་གཞག་པ་དང༌། རྣམ་པར་དག་པས་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པས་ཇི་ལྟ་བུ་ཞེ་ན། ལུང་དུ་མ་བསྟན་པའི་རྩ་བ་བཞི་པོ་སྲེད་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། མ་རིག་པ་ལ་སྲེད་པས་ནི་རོ་མྱང་བའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་སྟེ། ཤིན་ཏུ་སྦྱངས་པའི་བདེ་བའི་རོ་མྱོང་བར་བྱེད་པའི་ཕྱིར་རོ། །ལྟ་བས་ནི་ལྟ་བ་ཤས་ཆེ་བའི་བསམ་གཏན་པས་ཀུན་ནས་ཉོན་མོངས་པ་སྟེ། བསམ་གཏན་ལ་བརྟེན་ནས། སྔོན་གྱི་མཐའ་ལ་རྟོག་པ་ལ་སོགས་པའི་ལྟ་བ་ཀུན་ནས་སློང་བའི་ཕྱིར་རོ། །ང་རྒྱལ་གྱིས་ནི་ང་རྒྱལ་ཆེ་བའི་བསམ་གཏན་པས་ཀུན་ནས་ཉོན་མོངས་པ་སྟེ། ཁྱད་པར་རྟོགས་པ་དེས་ཁེངས་པར་འགྱུར་བའི་ཕྱིར་རོ། །མ་རིག་པས་ནི་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པས་ཀུན་ནས་ཉོན་མོངས་པ་སྟེ། དེ་ཁོ་ན་ཉིད་མ་རྟོགས་ནས་ཐར་པ་འདོད་པའི་ཁྱད་པར་རྟོགས་པ་དེ་ལ་ཐར་པའམ་ཐར་པ་མ་ཡིན་སྙམ་དུ་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །རྣམ་པར་བྱང་བས་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་གཟུགས་མེད་པའི་དག་པ་པ་རྣམས་ནི་འཇིག་རྟེན་པ་ཡིན་ཡང་དགེ་བའི་ཕྱིར་ཀུན་ནས་འགྲིབ་པའི་དྲི་མ་དང་བྲལ་བ་ཉིད་ཀྱིས་རྣམ་པར་བྱང་བ་ཞེས་བྱའོ། །རྣམ་པར་གཞག་པས་ཅི་ལྟ་བུ་ཞེ་ན། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་ཡོངས་སུ་དང་བ་དང༌། དགའ་


DTG149_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་བཞི་པ་ལ་ཡང་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །གཟུགས་མེད་པ་དག་ལ་ནི་ཡན་ལག་རྣམ་པར་གཞག་པ་མེད་དེ། ཞི་གནས་སུ་རོ་གཅིག་པའི་ཕྱིར་རོ། །བསམ་གཏན་རྣམས་ཀྱི་ཡན་ལག་དབྱེ་བ་ནི། གཉེན་པོ་དང༌། ཕན་ཡོན་དང༌། གཉི་གའི་རྟེན་གྱི་བྱེ་བྲག་གིས་ཏེ། བསམ་གཏན་དང་པོ་ལ་རྟོག་པ་དང༌། དཔྱོད་པ་ནི་གཉེན་པོའི་ཡན་ལག་སྟེ། དེ་དག་གིས་འདོད་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བའི་རྟོག་པ་སྤོང་བའི་ཕྱིར་རོ། །དགའ་བ་དང༌། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། རྟོག་པ་དང༌། དཔྱོད་པ་དག་གིས་མི་མཐུན་པའི་ཕྱོགས་སྤངས་ནས་དེས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་འཐོབ་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ཉིད་ནི་དེ་གཉིས་ཀའི་རྟེན་གྱི་ཡན་ལག་སྟེ། ཏིང་ངེ་འཛིན་ལ་བརྟེན་པའི་སྟོབས་ཀྱིས་དགེ་བའི་རྟོག་པ་ལ་སོགས་པ་འཇུག་པའི་ཕྱིར་རོ། །བསམ་གཏན་གཉིས་པ་ལ་ནང་ཡོངས་སུ་དང་བ་ནི་གཉེན་པོའི་ཡན་ལག་སྟེ། དེས་རྟོག་པ་དང༌། དཔྱོད་པ་སྤོང་བའི་ཕྱིར་རོ། །བདེ་བ་དང་དགའ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །སེམས་རྩེ་གཅིག་པ་ཉིད་ནི་དེ་གཉི་གའི་རྟེན་གྱི་ཡན་ལག་གོ །བསམ་གཏན་གསུམ་པ་ལ་ནི་བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་ནི་གཉེན་པོའི་ཡན་ལག་སྟེ། དེ་དག་གིས་དགའ་བ་སྤོང་བའི་ཕྱིར་རོ། །བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །སེམས་རྩེ་གཅིག་པ་ཉིད་ནི་གཉི་གའི་རྟེན་གྱི་ཡན་ལག་གོ ། རྗེས་སུ་དྲན་པ་ནི་དམིགས་པ་མི་བརྗེད་པའོ། །ཤེས་བཞིན་ནི་བྱིང་བ་དང་རྒོད་པ་རྟོགས་པའོ། །བཏང་སྙོམས་ནི་ཉེ་བའི་ཉོན་མོངས་པ་སྤངས་ནས་རྣལ་དུ་འཇུག་པ་ཉིད་དོ། །བསམ་གཏན་བཞི་པ་ལ་གཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་ནི་


DTG149_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོའི་ཡན་ལག་སྟེ། དེ་དག་གིས་བདེ་བ་སྤོང་བའི་ཕྱིར་རོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་ཕན་ཡོན་གྱི་ཡན་ལག་གོ །སེམས་རྩེ་གཅིག་པ་ཉིད་ནི་དེ་གཉིས་ཀའི་རྟེན་གྱི་ཡན་ལག་གོ །རྣམ་པར་དག་པས་ཇི་ལྟ་བུ་ཞེ་ན། རབ་ཀྱི་མཐར་ཕྱིན་པ་སྟེ། བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་རྣམ་པར་དག་པའོ། །འཇིག་རྟེན་ལས་འདས་པའི་ལམ་ནི་མཐོང་བའི་ལམ་དང་བསྒོམ་པའི་ལམ་མོ། །མཐོང་བའི་ལམ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང༌། ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་བ་ལ་ཆོས་ཤེས་པ་དང༌། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པ་དང༌། འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པ་དང༌། ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་སྟེ། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་ནས་བཟུང་བ་ནི་བསྒོམ་པའི་ལམ་མོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་འོག་ཏུ་ཟག་པ་མེད་པའི་ཤེས་རབ་ཆོས་ཤེས་པའི་བཟོད་པ་སྐྱེའོ། །དམིགས་པ་གང་ལ་ཞེ་ན། འདོད་པ་ན་སྤྱོད་པ་ལ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པར་བྱ་བའི་ཕྱིར་བཟོད་པ་ནི་ཆོས་ཤེས་པའི་བཟོད་པ་སྟེ། འབྲས་བུ་དང་མེ་ཏོག་གི་ཤིང་བཞིན་ནོ། །དེས་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བཅུ་པོ་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་


DTG149_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང༌། ལོག་པར་ལྟ་བ་སྤོང་ངོ༌། །དེ་ནི་རྣམ་པར་གྲོལ་བའི་ལམ་སྟེ། བར་ཆད་མེད་པའི་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །དེ་ནས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་འོག་ཏུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དེ་ཉིད་ལ་ཆོས་ཤེས་པ་སྐྱེ་བ་སྟེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །དེ་ནི་རྣམ་པར་གྲོལ་བའི་ལམ་སྟེ། ཟག་པ་མེད་པར་གཏོགས་པ་ཐམས་ཅད་དུ་རིག་པར་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་འོག་ཏུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་མཐའ་དག་ལ་དམིགས་པ་སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་སྟེ། དེས་ནི་ཁོང་ཁྲོ་བ་མ་གཏོགས་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དགུ་དགུ་སྤོང་ངོ༌། །དེ་ནས་རྗེས་སུ་རྟོགས་པའི་བཟོད་པ་སྐྱེའོ། །དང་པོར་ཆོས་ཀྱི་དེ་ཁོ་ན་ཤེས་པའི་ཕྱིར་ཆོས་ཤེས་པའོ། །དེའི་རྗེས་སུ་རྟོགས་པར་ཤེས་པའི་ཕྱིར་གོང་མའི་སྡུག་བསྔལ་ལ་སོགས་པ་དམིགས་པ་ནི་རྗེས་སུ་རྟོགས་པའི་ཤེས་པ་སྟེ། དེ་ཉིད་ཀྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །སྡུག་བསྔལ་གྱི་བདེན་པ་ལ་བཟོད་པ་དང༌། ཤེས་པ་བཞི་པོ་དག་ཀྱང་སྐྱེ་བ་ཇི་ལྟ་བར་ཀུན་ལ་བྱུང་བ་དང༌། འགོག་པ་དང་ལམ་གྱི་བདེན་པ་དག་ལ་ཡང་དེ་དང་འདྲ་སྟེ། སྡུག་བསྔལ་རྗེས་སུ་རྟོགས་པའི་ཤེས་པའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་སྟེ། དེས་ནི་འཇིག་ཚོགས་དང༌། མཐར་འཛིན་པར་ལྟ་བ་དང༌། ཚུལ་ཁྲིམས་དང་བཏུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པ་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བདུན་སྤོང་ངོ༌། །དེ་ནས་ཀུན་འབྱུང་བ་ལ་ཆོས་ཤེས་པའོ། །དེ་བཞིན་དུ་སྐྱེ་བའི་རིམ་གྱིས་ཀུན་འབྱུང་བ་ལྷག་མ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་སྐྱེ་སྟེ། དེས་ནི་ཁོང་ཁྲོ་བ་མ་གཏོགས་པ་གཟུགས་དང་གཟུགས་མེད་པ་སྤྱོད་པའི་ཉོན་མོངས་པ་དྲུག་དྲུག་པོ་དེ་དག་ཉིད་སྤོང་ངོ༌། །དེ་ནས་ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པའོ། །དེ་ནས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་སྟེ། དེས་ནི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་


DTG149_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་བདུན་སྤོང་སྟེ། གང་ཀུན་འབྱུང་བ་བཞིན་ནོ། །དེ་ནས་དེ་ཉིད་ལ་འགོག་པ་ལ་ཆོས་ཤེས་པའོ། །དེ་ནས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པའི་འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་སྐྱེ་སྟེ། དེས་ནི་ཁོང་ཁྲོ་བ་བ་མ་གཏོགས་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དྲུག་དྲུག་སྟེ་དེ་དག་ཉིད་སྤོང་ངོ༌། །དེ་ནས་འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པའོ། །དེ་ནས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་གཉེན་པོར་ལམ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་སྟེ། དེས་ནི་འཇིག་ཚོགས་དང་མཐར་འཛིན་པའི་ལྟ་བ་མ་གཏོགས་པ་ཉོན་མོངས་པ་རྣམས་སྤོང་ངོ༌། །དེ་ནས་ལམ་ལ་ཆོས་ཤེས་པའོ། །དེ་ནས་ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་སྐྱེ་སྟེ། དེ་ནི་ཁོང་ཁྲོ་བ་མ་གཏོགས་པར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པའི་ལམ་མཐོང་བས་སྤང་བར་བྱ་བ་བདུན་བདུན་སྤང་ངོ༌། །དེ་ནས་ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའོ། །ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང་བཅས་པ་སེམས་བཅུ་དྲུག་པོ་འདི་ནི་བདེན་པ་མངོན་པར་རྟོགས་པ་སྟེ། བར་ཆད་མེད་པ་དང་གཟུགས་རྣམ་པར་གྲོལ་པའི་ལམ་གྱིས་བསྡུས་པའོ། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དེ་ལ་སྐད་ཅིག་བཅོ་ལྔའོ། །བདེན་པ་མ་མཐོང་བ་རྣམས་མཐོང་བའི་ཕྱིར་གང་གི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ལས་གང་ཟག་དེ་དང་དེའི་དབང་དུ་མཛད་ནས་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་གསུངས་པ་དང༌། དེ་བཞིན་དུ་ཆོས་མཐོང་བ། ཆོས་ཐོབ་པ། ཆོས་རྟོགས་པ། ཆོས་ཀུན་ནས་བརྟན་པ་སོམ་ཉི་ལས་རྒལ་བ། ཐེ་ཚོམ་ལས་རྒལ་བ། གཞན་ལ་ར་ག་མ་ལས་པ། གཞན་གྱིས་ཁ་དྲང་དུ་མི་མི་རུང་བ། སྟོན་པའི་བསྟན་པ་དང་ཆོས་རྣམས་ལ་མི་འཇིགས་པ་ཐོབ་པོ་ཞེས་གསུངས་པ་ཡིན་ནོ། །ཐོག་མ་ཉིད་དུ་བདེན་པ་རྣམས་ལས་འཕགས་པའི་ཤེས་རབ་ཀྱི་མིག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་སྟེ། ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཆོས་ལ་བཟོད་པ་རྣམས་ཀྱིས་རྡུལ་མེད་དེ་


DTG149_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀྱིས་ཉོན་མོངས་པའི་རྡུལ་སྤོང་བའི་ཕྱིར་རོ། །ཆོས་ཤེས་པ་རྣམས་ཀྱིས་དྲི་མ་དང་བྲལ་བ་སྟེ་དེ་དག་གི་སྒྲིབ་པ་དང་དྲི་མ་སྤངས་པ་དེའི་གནས་སྐྱེས་པའི་ཕྱིར་རོ། །ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱིས་ཆོས་མཐོང་བ་སྟེ། དེ་རྣམས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །ཆོས་ཤེས་པ་རྣམས་ཀྱིས་ཐོབ་པ་སྟེ། དེ་རྣམས་ཀྱིས་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་མངོན་དུ་བྱེད་པའི་ཕྱིར་རོ། །རྗེས་སུ་རྟོགས་པའི་བཟོད་པ་རྣམས་ཀྱིས་ཆོས་རྟོགས་པ་སྟེ། དེ་རྣམས་ཀྱིས་འཕགས་པའི་ཆོས་རྗེས་སུ་རྟོགས་པ་ཉིད་དེ། དེ་གཉི་ག་ཡང་དག་པར་རིག་པའི་ཕྱིར་རོ། །རྗེས་སུ་རྟོགས་པའི་ཤེས་པ་རྣམས་ཀྱིས་ཆོས་རྣམས་ཀུན་ནས་བརྟན་པ་ཡིན་ནོ། །བཟོད་པ་དང་ཤེས་པ་ཐམས་ཅད་ཀྱིས་སོམ་ཉི་ལས་རྒལ་བ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱི་འབྲས་བུ་རྟོགས་པ་ནི་ཡུན་རིང་པོ་ནས་བྲང་པ་རང་གིས་རྟོགས་པས་ཐེ་ཚོམ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱིས་ཐེ་ཚོམ་ལས་རྒལ་བ་སྟེ། གཞན་གྱིས་རྟོགས་པ་དེའི་གནས་སྐབས་ན་གཞན་དག་ཀྱང་ཁྱད་པར་རྟོགས་པ་ལ་ཡིད་གཉིས་མེད་པའི་ཕྱིར་རོ། །གཞན་ལ་རག་མ་ལས་པ་ནི་ལམ་བསྒོམས་པ་ལ་གཞན་གྱི་ལུང་མེད་ཀྱང་རང་མཁས་པའི་ཕྱིར་རོ། །གཞན་གྱིས་ཁ་དྲང་དུ་མི་རུང་བ་ནི་དད་པ་མི་ཕྱེད་པ་ཐོབ་པས་སོ། །སྟོན་པའི་བསྟན་པ་ནི་གཞན་མུ་སྟེགས་ཅན་རྣམས་ཀྱིས་ཚེ་རབས་གཞན་དུ་ཡང་མི་ཕྲོགས་པའི་ཕྱིར་རོ། །ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་ནི་རྟོགས་པ་ལས་བརྩམས་ཏེ་དྲི་མ་དང་ལུང་བསྟན་པའི་ཆོས་རྣམས་ལ་སྡིག་པ་འདོད་པའི་མངོན་པའི་ང་རྒྱལ་ཅན་བཞིན་དུ་སེམས་ཞུམ་པ་མེད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་བསྒོམས་པ་ནི་ཉོན་མོངས་པ་ལྷག་མ་སྤང་བའི་ཕྱིར་ཏེ། དེས་ནི་བསྒོམ་པས་སྤང་པར་བྱ་བའི་ཉོན་མོངས་པ་བཅུ་པོ་འདོད་པ་ན་སྤྱོད་པ་བཞི་སྟེ། འདོད་ཆགས་དང། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཁོང་ཁྲོ་བ་མ་གཏོགས་པ་གསུམ་གསུམ་སྤོང་ངོ༌། །སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ཤེས་པ་དེ་དག་ཉིད་ཆོས་ཤེས་པ་དང༌། རྗེས་


DTG149_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྟོགས་པ་ཤེས་པའི་ཕྱོགས་ཡིན་ཏེ། དེ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཕྱིར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནི་འཇིག་རྟེན་པ་ཉིད་དེ། འདུ་ཤེས་གསལ་བར་མི་འགྱུར་བའི་ཕྱིར་རོ།། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཇི་སྲིད་དུ་འདུ་ཤེས་སྙོམས་པར་འཇུག་པ་དེ་སྲིད་དུ་ཀུན་ཤེས་པ་བཀག་གོ་ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན་ཚིགས་སུ་བཅད་པ་འདིས་ཞིང་གི་ཁྱད་པར་ལ་བྱེད་པའི་འབྲས་བུ་རྣམ་པ་གསུམ་སྟོན་ཏེ། བསོད་ནམས་དག་གི་རྣམ་སྨིན་བདེ། །ཞེས་བྱ་བས་ནི་ཡོ་བྱད་ཀྱི་རྒྱུ་ལས་བྱུང་བའི་འབྲས་བུ་སྟོན་ཏོ། བསམ་པ་ཡང་དག་འགྲུབ་པར་འགྱུར། །ཞེས་བྱ་བས་ནི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུ་ལས་བྱུང་བའི་འབྲས་བུ་སྟོན་ཏོ། །མྱུར་དུ་བྱང་ཆུབ་དམ་པ་དང༌། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་བྱ་བས་ནི་མྱ་ངན་ལས་འདས་པ་དང་མཐུན་ཞིང་ཕུལ་དུ་བྱུང་བས་བྱས་པའི་ཆོས་དགེ་བའི་རྒྱུ་ལས་བྱུང་བའི་འབྲས་བུ་སྟོན་ཏོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བཅུ་བཞི་པའི་དོན་བསྡུས་པའོ།། །།སྦྱིན་བས་བསོད་ནམས་རབ་ཏུ་འཕེལ། །ཡང་དག་སྡོམ་པས་དགྲ་མི་སོགས། །དགེ་དང་ལྡན་པས་སྡིག་པ་སྤོང༌། །ཉོན་མོངས་ཟད་པས་མྱ་ངན་འདས། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། ཡེ་ཤེས་ཀྱི་ཡོན་ཏན་རབ་ཏུ་བསྟན་པའི་ཕྱིར་དང༌། ལམ་རྣམ་པ་གསུམ་ལས་བརྩམས་ནས་གསུངས་པར་མངོན་ནོ། །དེ་ལ།སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ཞེས་བྱ་བ་ནི་སྦྱིན་པའི་ཡོན་ཏན་རབ་ཏུ་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་ནི་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་བར་བྱ་བ་ཉིད་དང༌། བསོད་ནམས་ཉེ་བར་སྐྱེ་བ་ཉིད་དོ་ཞེས་གསུངས་པ་ལྟ་བུའོ། །ཡང་དག་སྡོམ་པས་དགྲ་མི་སོགས། །ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་རབ་ཏུ་བསྟན་པའི་ཕྱིར་ཏེ། དགྲ་མི་སོགས་པ་ནི་བཟོད་པ་ཡིན་ལ། །ཚུལ་ཁྲིམས་ནི་བཟོད་པ་དང་ལྷན་


DTG149_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་པའི་ཕྱིར་རོ། །ལྷག་མས་ནི་ཡེ་ཤེས་ཀྱི་ཡོན་ཏན་རབ་ཏུ་བསྟན་པའི་ཕྱིར་ཏེ། མཐོང་བའི་ལམ་གྱིས། དགེ་དང་ལྡན་པས་སྡིག་པ་སྤོང༌། །བསྒོམ་པའི་ལམ་གྱིས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཟད་པ་ལས་ལེགས་པར་མྱ་ངན་འདས་ཏེ། མདོར་བསྡུས་ནས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་འདི་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། ཡེ་ཤེས་དག་གི་ཕན་ཡོན་རབ་ཏུ་བསྟན་པའི་ཕྱིར་གསུངས་པར་མངོན་ནོ། །ལས་རྣམ་པ་གསུམ་ལས་བརྩམས་ནས་ཞེས་བྱ་བ་ནི་ལོངས་སྤྱོད་དུ་འགྱུར་བ་དང༌། བདེ་འགྲོར་འགྱུར་བ་དང༌། ངན་འགྲོ་དང་བདེ་འགྲོ་ལྡོག་པར་འགྱུར་བ་སྟེ། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ཞེས་བྱ་བ་ནི་ལོངས་སྤྱོད་དུ་འགྱུར་བའི་ལམ་ལས་བརྩམས་པའོ། །ཡང་དག་སྡོམ་པས་དགྲ་མི་སོགས། །ཞེས་བྱ་བ་ནི་བདེ་འགྲོར་འགྲོ་བའི་ལམ་ལས་བརྩམས་པའོ། །ལྷག་མ་ནི་ངན་འགྲོ་དང་བདེ་འགྲོར་ལྡོག་པར་འགྱུར་བའི་ལམ་ལས་བརྩམས་པའོ། །རྣམ་པ་གཅིག་ཏུ་ན་གང་ཟག་བཞིའི་ཕན་ཡོན་རྣམ་པ་བཞི་བསྟན་པས་ཡང་དག་པའི་ལམ་རྣམ་པ་བཞི་ལ་སྦྱར་བའི་ཕྱིར་གསུངས་པར་མངོན་ཏེ། གང་ཟག་བཞི་ནི་ཁྱིམ་པ་དང། རབ་ཏུ་བྱུང་བ་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཐོབ་པ་སོ་སོའི་སྐྱེ་བོ་དང༌། སློབ་པའོ། །ཕན་ཡོན་རྣམ་པ་བཞི་ནི་འཕེལ་བའི་ཕན་ཡོན་དང༌། འགྲིབ་པའི་ཕན་ཡོན་དང༌། གཏོང་བའི་ཕན་ཡོན་དང༌། རྟོགས་པའི་ཕན་ཡོན་ཏེ། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ཞེས་བྱ་བ་ནི་ཁྱིམ་པ་རྣམས་ཀྱི་འཕེལ་བའི་ཕན་ཡོན་བསྟན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ཁྱིམ་པ་རྣམས་ནི་སོགས་ན་བདེའོ་ཞེས་གསུངས་སོ། །ཡང་དག་སྡོམ་པས་དགྲ་མི་སོགས། །ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་ཀྱི་འགྲིབ་པའི་ཕན་ཡོན་བསྟན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་རྣམས་ནི་འགྲིབ་ན་བདེའོ་ཞེས་གསུངས་སོ། །དགེ་དང་ལྡན་པས་སྡིག་པ་སྤོང༌། །ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་རྣམས་ཀྱི་གཏོང་བའི་ཕན་ཡོན་བསྟན་པའི་ཕྱིར་རོ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཟད་པ་ལས་ལེགས་


DTG149_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པར་མྱ་ངན་ལས་འདས་ཞེས་བྱ་བ་ནི་སློབ་པ་རྣམས་ཀྱི་རྟོགས་པའི་ཕན་ཡོན་བསྟན་པའི་ཕྱིར་རོ། །ཡང་དག་པའི་སྒྲུབ་པ་ནི་རྣམ་པ་བཞི་སྟེ། སྦྱིན་པ་དང༌། བཟོད་པ་དང༌། བདེན་པ་མངོན་པར་རྟོགས་པ་དང༌། ཉོན་མོངས་པ་མ་ལུས་པར་སྤང་བ་ལ་བག་ཡོད་པ་སྟེ། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ཞེས་བྱ་བ་ནི་ཡང་དག་པའི་སྒྲུབ་པ་སྦྱིན་པར་བྱ་བ་ལ་སྦྱོར་བར་བྱེད་པའོ། །ཡང་དག་སྡོམ་པས་དགྲ་མི་སོགས། །ཞེས་བྱ་བ་ནི་བཟོད་པ་ལའོ། །དགེ་དང་ལྡན་པས་སྡིག་པ་སྤོང༌། །ཞེས་བྱ་བ་ནི་བདེན་པ་མངོན་པར་རྟོགས་པའོ། །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཟད་པ་ལས་ལེགས་པར་མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་མ་ལུས་པ་སྤོང་བ་ལ་བག་ཡོད་པའོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བཅོ་ལྔ་པའི་དོན་བསྡུས་པའོ།། །།བརྒྱན་པ་བྱས་ཀྱང་ཆོས་ནི་སྤྱོད་བྱེད་ལ། །དུལ་ཞིང་ཡང་དག་བསྡམས་པ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་དེ། །བྲམ་ཟེ་དགེ་སྦྱོང་དེ་ཡིན་དགེ་སློང་དེ། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། རྟགས་བླངས་པས་དགེ་སྦྱོང་ལ་སོགས་པ་མངོན་པའི་ང་རྒྱལ་བྱེད་པ་སྤང་བའི་ཕྱིར་རོ། །དེ་ལ་ཆོས་སྤྱོད་པ་ནི་གཉིས་ཀྱིས་རབ་ཏུ་ཕྱེ་སྟེ། བདག་གི་ཡོན་ཏན་བསྒྲུབ་པ་དང༌། གཞན་གྱི་ཡོན་ཏན་བསྒྲུབ་པའོ། །དུལ་ཞིང་ཡང་དག་བསྡམས་པ་ཚངས་པར་སྤྱོད། །ཅེས་བྱ་བ་ནི་བདག་གི་ཡོན་ཏན་བསྒྲུབ་པའོ། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་དེ། །ཞེས་བྱ་བ་ནི་ཆད་པ་སྤངས་པས་གཞན་གྱི་ཡོན་ཏན་བསྒྲུབ་པའོ། །བསྒོམས་པ་ལ་བརྟེན་ནས་བདག་གི་ཡོན་ཏན་བསྒྲུབ་པ་རྣམ་པ་བཞི་སྟེ། ལུས་བསྒོམས་པ་དང༌། ཚུལ་ཁྲིམས་བསྒོམས་པ་དང༌། སེམས་བསྒོམས་པ་དང༌། ཤེས་རབ་བསྒོམས་པའོ། །ལུས་བསྒོམས་པ་ལ་བརྟེན་ནས་དབང་པོའི་སྒོ་བསྲུངས་པས་དུལ་བའོ། །ཚུལ་ཁྲིམས་བསྒོམས་པ་ལ་བརྟེན་ནས་ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པས་ཞི་བའོ། །སེམས་བསྒོམས་པ་ལ་བརྟེན་ནས་ཉོན་མོངས་པ་ཀུན་དུ་སྤྱོད་པ་རྣམ་པར་གནོད་པས་ཡང་དག་བསྡམས་པའོ།།


DTG149_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་བསྒོམས་པ་ལ་བརྟེན་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཚངས་པར་སྤྱོད་པ་དང་ལྡན་པས་ཚངས་པར་སྤྱོད་པའོ། །གཞན་གྱི་ཡོན་ཏན་བསྒྲུབ་པ་ལ་ཆད་པ་སྤོང་བ་རྣམ་པ་བཞིར་རིག་པར་བྱ་སྟེ། ལུས་བསྒོམས་པས་བྱས་པ་དྲན་པ་ཉེ་བར་གཞག་པའི་ཆད་པ་སྤོང་བ་དང༌། ཚུལ་ཁྲིམས་བསྒོམས་པས་བྱས་པ་སྡོམ་པ་ཡང་དག་པར་ལེན་པའི་ཆད་པ་སྤོང་བ་དང༌། སེམས་བསྒོམས་པས་བྱས་པ་རྣམ་པར་གནོན་པའི་ཆད་པ་སྤོང་བ་དང༌། ཤེས་རབ་བསྒོམས་པས་བྱས་པ་བྲལ་བའི་ཆད་པ་སྤོང་བའོ། །བྲམ་ཟེ་དགེ་སྦྱོང་དེ་ཡིན་དགོ་སློང་དེ། །ཞེས་བྱ་བ་ནི་སྡིག་པ་སྤངས་པའི་ཕྱིར་དང༌། ཟག་པ་ཟད་པ་སྐྱེད་པའི་ལམ་ཐོབ་པའི་ཕྱིར་དང༌། ཉོན་མོངས་པ་བཅོམ་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བཅུ་དྲུག་པའི་དོན་བསྡུས་པའོ།། །།དད་དང་ངོ་ཚ་ཚུལ་དང་སྦྱིན་པ་ཡང༌། །ཆོས་འདི་དག་ནི་སྐྱེས་བུ་དམ་པས་བསྔགས། །ལམ་འདི་ནས་ནི་ལྷ་ཡུལ་འགྲོ་བར་གསུངས། །འདི་ཡིས་ལྷ་ཡི་འཇིག་རྟེན་ཉིད་དུ་འགྲོ། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། མངོན་པར་མཐོ་བ་འདོད་པ་དག་མེ་དང་ཆུར་འཇུག་པ་དང༌། ཟས་མི་ཟ་བ་ལ་སོགས་པ་ལམ་ངན་པ་སྤང་བའི་ཕྱིར་ཏེ། དད་པ་དང་ངོ་ཚ་ཤེས་པས་བསམ་པ་ཕུན་སུམ་ཚོགས་པ་དང༌། ཚུལ་ཁྲིམས་དང་སྦྱིན་པས་སྦྱོར་བ་ཕུན་སུམ་ཚོགས་པ་དང༌། ལྷག་མས་དེ་གཉིས་ཀྱི་ཕན་ཡོན་མཐོང་བའི་ཆོས་དང༌། ཚེ་ཕྱི་མ་སྟོན་ཏེ། སྐྱེས་བུ་དམ་པས་བསྔགས་པ་ནི་མཐོང་པའི་ཆོས་ཀྱི་ཕན་ཡོན་ཡིན་ནོ། །ལམ་འདི་ནས་ནི་ལྷ་ཡུལ་འགྲོ་བར་གསུངས། །ཞེས་བྱ་བ་ནི་སྐྱེས་བུ་དམ་པས་བསྔགས་པའི་ནང་དུ་གཏོགས་སོ། །འདི་ཡིས་ལྷ་ཡི་འཇིག་རྟེན་ཉིད་དུ་འགྲོ། །ཞེས་བྱ་བ་ནི་ཚེ་ཕྱི་མའི་ཕན་ཡོན་ནོ། །གཉིས་ཀྱི་གོ་རིམས་ནི་སྔ་མ་རྒྱུ་ཡིན་པའི་ཕྱིར་ཏེ། དད་ན་འཆལ་པའི་ཚུལ་ཁྲིམས་དང༌། སེར་སྣའི་སྐྱོན་དག་གིས་འཛེམ་མོ། །འཛེམ་པ་དང་བཅས་ན་དེའི་གཉེན་པོའི་སྦྱིན་པ་དང༌། ཚུལ་ཁྲིམས་བརྟེན་ཏོ། །དེ་ཉིད་ཀྱི་ཕྱིར་དང་ཞེས་བྱ་བའི་སྒྲ་གཉིས་སྨོས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་སྦྱིན་པ་ཡང་ངོ་ཚ་ཤེས་པའི་དེ་མ་ཐག་ཏུ་འབྱུང་


DTG149_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་ལ་དད་པ་ནི་སེམས་དང་བའོ། །ངོ་ཚ་ཤེས་པ་ནི་བདག་ཉིད་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །ཚུལ་ཁྲིམས་ནི་ལེགས་པར་སྤྱོད་པའི་ལས་དང་སྡོམ་པ་ཞེས་བྱ་བའོ། །སྦྱིན་པ་ནི་གཞི་དང༌། ཀུན་ནས་སློང་བ་དང༌། རྟེན་དང༌། ངོ་བོ་ཉིད་ཀྱིས་སོ། །སྦྱིན་པའི་གཞི་ནི་གསུམ་སྟེ། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའོ། །གཞི་དང༌། བྱེད་རྒྱུ་དང༌། རྒྱུ་དང༌། རྒྱུ་མཚན་ནི་རྣམ་གྲངས་སོ། །ཇི་ལྟར་ན་སྦྱིན་པའི་གཞི་མ་ཆགས་པ་ཡིན་ཞེ་ན། གལ་ཏེ་དངོས་པོ་དེ་ལ་མ་ཆགས་ན་དེས་སྦྱིན་པར་བྱེད་དོ། །ཇི་ལྟར་ན་སྦྱིན་པའི་གཞི་ཞེ་སྡང་མེད་པ་ཡིན་ཞེ་ན། གལ་ཏེ་དངོས་པོ་དེ་ལ་མ་ཆགས་པར་གྱུར་ཀྱང༌། ལེན་པ་པོ་ལ་ཞེ་སྡང་པར་གྱུར་ན་དེའི་ཕྱིར་སྦྱིན་པ་བྱེད་པར་མི་འགྱུར་པ་ཉིད་དོ། །གལ་ཏེ་ལེན་པ་པོ་ལ་ཡང་ཞེ་སྡང་མེད་ལ་དངོས་པོ་དེ་ལ་ཡང་ལྷག་པར་ཆགས་པ་མེད་ན་དེ་ལྟ་ན་སྦྱིན་པ་སྤྱིན་པར་བྱེད་དོ། །ཇི་ལྟར་ན་སྦྱིན་པའི་གཞི་གཏི་མུག་མད་པ་ཡིན་ཞེ་ན། གལ་ཏེ་དངོས་པོ་དེ་ལ་ལྷག་པར་ཆགས་པ་མེད་པར་གྱུར་ལ་ལེན་ཕ་པོ་ལ་ཡང་ཞེ་སྡང་མེད་ཀྱང་སྦྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ཉིད་དོ་ཞེས་རྒྱུ་དང་འབྲས་བུ་འབྲེལ་པ་མི་ཤེས་ན་སྦྱིན་པར་མི་འགྱུར་བ་ཉིད་དོ། །གལ་ཏེ་རྒྱུ་དང་འབྲས་བུར་འབྲེལ་བ་ལ་རྨོངས་པ་མེད་ཅིང་ལེན་པ་པོ་ལ་ཡང་ཞེ་སྡང་མེད་ལ་དངོས་པོ་དེ་ལ་ཡང་ལྷག་པར་ཆགས་པ་མེད་ན་དེའི་ཕྱིར་སྦྱིན་པ་བྱེད་དེ། གཞི་ལས་ནི་དེ་ལྟ་བུ་ཡིན་ནོ། །ཀུན་ནས་སློང་བ་ནི་དེ་ལྟ་བུ་དང་མི་ལྡན་པའི་སེམས་པ་གཏན་ལ་འབེབས་པའི་དུས་ན་དཔྱོད་པའོ། །རྟེན་ནི་སྦྱིན་པར་བྱ་བའི་དངོས་པོ་སྟེ། །གང་ལ་བརྟེན་ནས་སྦྱིན་པ་བྱེད་པར་འཇུག་པའོ། །ངོ་བོ་ཉིད་ནི་ལུས་དང་ངག་གི་ལས་ཀྱིས་བསྒྲུབ་པའོ། །ཇི་ལྟར་ན་དེ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ཡང་ནས་ཡང་དང༌། ཕྱོགས་མེད་པ་དང༌། འདོད་པར་ཡོངས་སུ་རྫོགས་པར་སྦྱིན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་ལ་རིགས་ཀྱི་བུ་སྦྱིན་པའི་སྦྱིན་བདག་ཏུ་གྱུར་པ་ནི་དགེ་སྦྱོང་ངམ། བྲམ་ཟེ་འམ་ལམ་དུ་ཞུགས་པ་འམ། སློང་བ་འམ། བཀྲེས་པ་འམ།


DTG149_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་ཕོངས་པ་རྣམས་ལ་འདི་ལྟ་སྟེ། ཟས་དང༌། སྐོམ་དང༌། གོས་དང༌། བཞོན་པ་ཞེས་རྒྱ་ཆེར་གསུངས་སོ། །སྦྱིན་པའི་སྦྱིན་བདག་ཏུ་གྱུར་པ་ཞེས་བྱ་བ་ནི་དེའི་ངང་དུ་གྱུར་པ་ཉིད་ཀྱི་ཕྱིར་ཞིང་སྦྱིན་པ་བྱེད་པའི་ཕྱིར་ཡང་ནས་ཡང་དུ་སྦྱིན་པ་ཉིད་བསྟན་ཏོ། །དགེ་སྦྱོང་ངམ་བྲམ་ཟེ་རྣམས་ལ་ཞེས་བྱ་བ་ནི་དོན་དུ་གཉེར་བ་ཐམས་ཅད་ལ་སྦྱིན་པའི་ཕྱིར་ཕྱོགས་མེད་པའི་སྦྱིན་པ་ཉིད་སྟོན་ཏོ། །ཟས་དང༌། སྐོམ་དང༌། གོས་དང༌། བཞོན་པ་ཞེས་བྱ་བ་ནི། དེ་ལ་སོགས་པ་ནི་བསམ་པ་ཇི་ལྟ་བ་བཞིན་ཡོ་བྱད་ཀྱི་གཞི་ཡོངས་སུ་གཏོང་བ་ལ་སྦྱིན་པའི་ཕྱིར་འདོད་པ་ཡོངས་སུ་རྫོགས་པའི་སྦྱིན་པ་ཉིད་བསྟན་ཏོ། །རྣམ་པར་གཏན་ལ་དབ་བ་པའི་གཏམ་འདི་སྤྲོ་ན་རྣམ་པ་མང་དུ་འཕྲོ་བས་ཞིང་ལ་འོངས་པ་གཞག་གོ །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བཅུ་བདུན་པའི་དོན་བསྡུས་པའོ།། །།བོར་བ་འདི་དག་གང་ཡིན་དང༌། །ཕྱོགས་དང་ཕྱོགས་མཚམས་འཐོར་བ་དང༌། །རུས་བ་ཐི་བའི་མདོག་ལྟ་བུ། །དེ་མཐོང་འདི་ལ་ཅི་ཞིག་དགའ། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། འདོད་ཆགས་རྣམ་པ་བཞིའི་གཉེན་པོར་གསུངས་པར་མངོན་ཏེ། འདོད་ཆགས་རྣམ་པ་བཞི་ནི་བསྙེན་བཀུར་གྱི་འདོད་ཆགས་དང༌། དབྱིབས་ཀྱི་འདོད་ཆགས་དང༌། ཁ་དོག་གི་འདོང་ཆགས་དང༌། རེག་པའི་འདོད་ཆགས་སོ། །བོར་བ་འདི་དག་གང་ཡིན་དང༌། །ཞེས་བྱ་བ་ནི་བསྙེན་བཀུར་གྱི་འདོད་ཆགས་ཀྱི་གཉེན་པོའོ། །ཕྱོགས་དང་ཕྱོགས་འཚམས་འཐོར་བ་དང༌། །ཞེས་བྱ་བ་ནི་དབྱིབས་ཀྱི་འདོད་ཆགས་ཀྱི་གཉེན་པོའོ། །རུས་པ་ཞེས་བྱ་བ་ནི་རེག་པའི་འདོད་ཆགས་ཀྱི་གཉེན་པོའོ། །ཐི་བའི་མདོག་ལྟ་བུ་ཞེས་བྱ་བ་ནི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོའོ། །རྣམ་པ་གཅིག་ཏུ་ན་ཚིགས་སུ་བཅད་པ་འདིས་མི་རྟག་པ་ཉིད་རྣམ་པ་ལྔ་བསྟན་ཏེ། འཇིག་པ་མི་རྟག་པ་ཉིད་དང༌། བྲལ་བ་མི་རྟག་པ་ཉིད་དང༌། འགྱུར་བ་མི་རྟག་པ་ཉིད་དང༌། ཉེ་བའི་རྣམ་པ་མི་རྟག་པ་ཉིད་དང༌། ཆོས་ཉིད་ཀྱི་རྣམ་པ་མི་རྟག་པ་ཉིད་དོ། །བོར་བ་འདི་དག་གང་ཡིན་དང༌། །ཞེས་བྱ་བ་ནི་འཇིག་པ་མི་རྟག་པ་ཉིད་བསྟན་ཏེ། སྲོག་གི་དབང་པོ་འཇིག་པ་ལས་དེ་དག་བོར་བར་འགྱུར་རོ། །ཕྱོགས་དང་ཕྱོགས་མཚམས་འཐོར་བ་དང༌། །ཞེས་བྱ་བས་ནི་བྲལ་བ་མི་རྟག་པ་ཉིད་དུ་བསྟན་ཏོ། །རུས་པ་ཐི་བའི་མདོག་ལྟ་བུ། །ཞེས་བྱ་


DTG149_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་འགྱུར་བ་མི་རྟག་པ་ཉིད་དེ། ཁ་དོག་གཞན་དུ་འགྱུར་བའི་ཕྱིར་རོ། །དེ་མཐོང་ཞེས་བྱ་བ་ནི་ཉེ་བའི་རྣམ་པ་མི་རྟག་པ་ཉིད་དོ། །མི་རྟག་པ་རྣམ་པ་གསུམ་པོ་འདི་དག་ཉིད་ད་ལྟར་གྱི་དུས་སུ་ཉེ་བ་ཞེས་བྱའོ། །འདི་ལ་ཅི་ཞིག་དགའ་ཞེས་བྱ་བ་ནི་ཆོས་ཉིད་ཀྱ་རྣམ་པ་མི་རྟག་པ་ཉིད་དེ། འདི་ཡང་དེ་ལྟ་བུའི་ཆོས་ཅན་ཉིད་ཡིན་ཏེ། དེ་བས་ན་ཤི་བའི་ལུས་ལ་མི་རྟག་པ་ཉིད་རྣམ་པ་གསུམ་ཉེ་བར་མཐོང་ནས་རང་གི་ལུས་འཚོ་བ་དེ་ལྟ་བུའི་ཆོས་ཅན་ཉིད་འདི་ལ་ཡང་ཅི་ཞིག་དགའ་ཞེས་དེ་ལྟར་ཚིགས་སུ་བཅད་པ་འདི་བཅོམ་ལྡན་འདས་ཀྱིས་ལུས་ལ་ལྷག་པར་ཆགས་པ་རྣམས་སྐྱོ་བར་བྱ་བའི་ཕྱིར་གསུངས་པར་མངོན་ནོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བཅོ་བརྒྱད་པའི་དོན་བསྡུས་པའོ།། །།ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞིབ་བདེ། །ཞེས་ཚིགས་སུ་བཅད་པའོ། །བཅོམ་ལྡན་འདས་ཀྱིས་འདི་ཅིའི་ཕྱིར་གསུངས་ཤེ་ན། འཁོར་བ་ལ་མངོན་པར་དགའ་བ་རྣམས་འཁོར་བ་དང་མྱ་ངན་ལས་འདས་པའི་སྐྱོན་དང་ཡོན་ཏན་བསྟན་པས་ཐར་པའི་ཆ་དང་མཐུན་པར་སྐྱེད་པའི་ཕྱིར་གསུངས་པར་མངོན་ནོ། །འདིར་ནི་འདི་སྐད་རྒོལ་ཏེ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བརྗོད་ནས། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་བརྗོད་པར་མི་བྱ་སྟེ། རྟག་པ་ནི་འགའ་ལ་ཡང་སྐྱེ་བ་དང་འཇིག་པ་མེད་དོ། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །ཞེས་བྱ་བ་འདི་ཡང་བརྗོད་པར་མི་བྱ་སྟེ། ཡང་ཟློས་པའི་ཕྱིར་རོ་ཞེ་ན། འདི་ཀླན་ཀར་མི་རུང་སྟེ། འདི་ལྟར་ཚིགས་སུ་བཅད་པ་འདིས་དུས་གསུམ་དུ་རྟོགས་པའི་འདུ་བྱེད་རྣམས་མི་རྟག་པ་ཉིད་དང༌། སྡུག་བསྔལ་བ་ཉིད་དང༌། དེ་ལ་འདོད་པ་དང༌། མངོན་པར་དགའ་བ་དང༌། ལྷག་པར་ཆགས་པའི་སྲེད་པའི་གཉེན་པོར་དེ་འགོག་པའི་ཞི་བ་ཉིད་བསྟན་ཏེ། འདས་པའི་འདུ་བྱེད་རྣམས་སྐྱེས་ནས་འཇིག་པའི་ཕྱིར་རྟག་པ་མ་ཡིན་པ་ནི་མི་རྟག་པའོ། །མ་འོངས་པ་རྣམས་སྐྱེ་པ་དང་འཇིག་ཏུ་རུང་བའི་ཕྱིར། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ནོ། །ད་ལྟར་བྱུང་བ་རྣམས་སྐྱེས་པའི་ཕྱིར་དང༌། འཇིག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར། སྐྱེས་ནས་འཇིག་པར་འགྱུར་བ་སྟེའོ། །དེ་དག་རྣམ་པར་ཞི་བ་བདེ། །ཞེས་བྱ་བ་ནི་


DTG149_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཉིང་མཚམས་སྦྱོར་བ་མེད་པའི་འགོག་པ་སྟེ། མྱ་ངན་ལས་འདས་པའོ། །དེའི་རྣམ་པར་གཞག་པ་ཡང་རྣམ་པ་བཅུ་གསུམ་གྱིས་རིག་པར་བྱ་སྟེ། མཚན་ཉིད་དང༌། ཟབ་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། དོན་དམ་པ་དང༌། ཡོངས་སུ་མ་རྫོགས་པ་དང༌། ཡོངས་སུ་རྫོགས་པ་དང༌། རྒྱན་མེད་པ་དང༌། རྒྱན་དང་བཅས་པ་དང༌། ཁྱད་པར་མེད་པ་དང༌། ཁྱད་པར་དུ་འཕགས་པ་དང༌། ལྷག་མ་དང་བཅས་པ་དང༌། ལྷག་མ་མེད་པ་དང༌། རྣམ་གྲངས་ཀྱིས་སོ། །དེ་ལ་མཚན་ཉིད་ཀྱིས་ནི་གང་གིས་འགག་པ་དང༌། གང་འགག་པ་དང༌། གང་དུ་འགག་པ་སྟེ། གང་གིས་འགག་ཅེ་ན། ལམ་གྱིས་ཏེ། འདིས་འཕགས་པས་སོ། །གང་འགག་ཅེ་ན། སྒྲིབ་པ་དང༌། གནས་ངན་ལེན་ཐམས་ཅད་སྤངས་ལ། གཞན་སྐྱེ་བ་མེད་པ་ནི་འགག་པའོ། །གང་དུ་འགག་ཅེ་ན། ཟག་པ་མེད་པའི་དབྱིངས་སུ་སྟེ། ཅི་སྐད་དུ་གང་དུ་མིག་འགག་ཅིང་ཁ་དོག་གི་འདུ་ཤེས་དང་བྲལ་བ་ནས་ཡིད་ཀྱི་བར་དུ་འགག་ལ་ཆོས་ཀྱི་འདུ་ཤེས་དང་བྲལ་བར་འགྱུར་བ་ཞེས་བྱ་བ་དང༌། དེ་བཞིན་དུ། གང་དུ་མིག་དང་རྣ་བ་དང༌། །དེ་བཞིན་སྣ་ལྕེ་ལུས་ཡིད་དང༌། །དེ་བཞིན་མིག་དང་གཟུགས་དག་ཀྱང༌། །མ་ལུས་པར་ནི་འགག་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཟབ་པས་ནི་འདུ་བྱེད་དེ་དག་ཉེ་བར་ཞི་བ་ལས་འགོག་པ་སྟེ། གཞན་དང་གཞན་མ་ཡིན་པ་དང༌། གཉི་ག་དང་གཉི་ག་མ་ཡིན་པར་བརྗོད་པར་མི་བྱ་སྟེ། གཞན་ཉིད་ཡིན་ན་ནི་དེ་དང་འབྲེལ་པ་མེད་པ་ཉིད་ཀྱིས་དོན་གཞན་དུ་གྱུར་པར་འགྱུར་རོ། །གཞན་མ་ཡིན་པ་ཉིད་ཡིན་ན་ནི་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་འགྱུར་རོ། །གཉི་ག་ཡིན་ན་ནི་གཉི་གར་རོ། །གཉི་ག་མ་ཡིན་ན་ནི་མེད་པར་འགྱུར་རོ། །དེ་ནི་ངག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། སྤྲོས་པ་མེད་པ་སྟེ། ཇི་སྐད་དུ་གནས་བརྟན་ཤཱ་རིའི་བུས་རེག་པའི་སྐྱེ་མཆེད་དྲུག་ཟད་པ་ལས་འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། ཉེ་བར་ཞི་བ་དག་གཞན་ཡོད་དོ་སྙམ་ན་སྤྲོས་པ་སྤྲོ་བར་བྱེད་དོ། །གཞན་མེད་དོ་སྙམ་ན་མ་སྤྲོས་པ་སྤྲོ་བར་བྱེད་དོ། །གཞན་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང༌། གཞན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་སྙམ་ན་མ་སྤྲོས་པ་སྤྲོས་པར་བྱེད་པ་སྟེ། ཅི་ཙམ་དུ་སྐྱེ་མཆེད་དྲུག་པོ་དེ་ཙམ་དུ་སྤྲོས་པའོ། །བཅོམ་ལྡན་འདས་ཀྱིས་ནི་སྐྱེ་མཆེད་དྲུག་འགགས་ནས་སྤྲོས་པ་མེད་པ་ནི་མྱ་ངན་ལས་འདས་


DTG149_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པའོ་ཞེས་གསུངས་སོ་ཞེས་བཤད་པ་ལྟ་བུའོ། །ཀུན་ནས་ཉོན་མོངས་པས་ནི་དེའི་ཡན་ལག་མྱ་ངན་ལས་འདས་པ་སྟེ། དེའི་ཡན་ལག་ཉོན་མོངས་པའི་རྣམ་པ་ཀུན་དུ་སྤྱོད་པའི་གནས་སྐབས་སྤངས་པའི་ཕྱིར་རོ། །འཇིག་རྟེན་པའི་ལམ་གྱིས་བོན་བཅམ་པའི་འགོག་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ། འདོད་པ་དག་ལས་དབེན་པ་ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ། །དོན་དམ་པས་ནི་འཕགས་པའི་ཤེས་རབ་ཀྱིས་བོན་བཅོམ་པའོ། །ཡོངས་སུ་མ་རྫོགས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་བསྡུས་པ་ནས། དགྲ་བཅོམ་པ་ལ་འཇུག་པའི་བར་གྱིས་བསྡུས་པ་སྟེ། ཀུན་དུ་སྦྱོར་བ་ལྷག་མ་དང་བཅས་པའི་ཕྱིར་རོ། །ཡོངས་སུ་རྫོགས་པས་ནི་དགྲ་བཅོམ་པའི་འབྲས་བུས་བསྡུས་པ་སྟེ། ཀུན་དུ་སྤྱོད་པའི་ལྷག་མ་མེད་པའི་ཕྱིར་རོ། །རྒྱན་མེད་པས་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དག་གོ །རྒྱན་དང་བཅས་པས་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བདག་སྟེ། ཡོན་ཏན་གྱི་ཁྱད་པར་ཅན་ཡོད་པའི་ཕྱིར་རོ། །ཁྱད་པར་ཡོད་པས་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ། ཉན་ཐོས་དང༌། རང་སངས་རྒྱས་དག་གོ །ཁྱད་པར་དུ་འཕགས་པས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་སོ། །ལྷག་མ་དང་བཅས་པས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །ལྷག་མ་མེད་པས་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །རྣམ་གྲངས་ཀྱིས་ནི་ཇི་སྐད་དུ། གཅོམ་ལྡན་འདས་ཀྱིས་མ་ལུས་པར་སྤངས་པ། སོ་སོར་སྤངས་པ། མཐར་བྱས་པ། ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། ཉེ་བར་ཞི་བ། ནུབ་པ། འདུས་མ་བྱས་པ། མཐོང་བར་དཀའ་པ། མི་གཡོ་བ། མདུད་པ་མེད་པ། འཆི་བ་མེད་པ། ཟག་པ་མེད་པ། གནས། གླིང༌། སྐྱོབ་པ། སྐྱབས། དཔུང་གཉེན། མ་ཉམས་པ། རིམས་ནད་མེད་པ། ཡོངས་སུ་གདུང་བ་མེད་པ། བདེ་བ། ཞི་བ། གཞི་བཟང་པོ། བདེ་ལེགས་སུ་བྱེད་པ། ནད་མེད་པ། མི་གཡོ་བ། མྱ་ངན་ལས་འདས་པ་ཞེས་གསུངས་པ་སྟེ། མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་བཤད་པ་ཡིན་ནོ། །སོ་སོར་སྤངས་པ་ནི་ཀུན་ནས་དཀྲིས་པའི་དབང་དུ་མཛད་ནས་སྐྱེས་པ་སྤོང་བའི་ཕྱིར་ཏེ། སྤངས་


DTG149_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་འདོར་བ་དང་སྤོང་བ་ཞེས་བྱ་བའི་ཐ་ཚིག་གོ །མཐར་བྱས་པ་ནི་བག་ལ་ཉལ་མཐར་བྱེད་པའི་ཕྱིར་ཏེ། བག་ལ་ཉལ་སྤང་བའི་དབང་དུ་མཛད་ནས་རྩ་བ་མེད་ན་གཏན་དུ་མེ་སྐྱེ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་མཐོང་བ་དང་བསྒོམ་པའི་ལམ་གྱི་གཉེན་པོ་བྱེ་བྲག་ལས་རྣམ་པ་གཉིས་སུ་གཞག་གོ །ཟད་པ། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་དེ་ལ་མཐོང་བའི་ལམ་གྱིས་བྲལ་བའི་དབང་དུ་མཛད་ནས་ཟད་པ་སྟེ། ཉོན་མོངས་པའི་ཕུང་པོ་ཆུང་དུ་ཙམ་ལུས་པའི་ཕྱིར་རོ། །བསྒོམ་པའི་ལམ་གྱིས་འདོད་ཆགས་དང་བྲལ་ཏེ། དེའི་ས་ནི་འདོད་ཆགས་དང་བྲལ་བར་གྱུར་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །བྲལ་བ་དེ་གཉིས་ཡོད་ན་ཕྱི་མ་ལ་ཡང་སྡུག་བསྔལ་འགག་པར་འགྱུར་ཏེ། མི་སྐྱེ་བའི་ཆོས་ཉིད་དུ་བྱས་པའི་ཕྱིར་རོ། །མཐོང་བའི་ཆོས་ལ་ཡིད་མི་བདེ་བ་ཉེ་བར་ཞི་བ་ནི་དེ་ཀུན་དུ་སྤྱོད་པ་མེད་པའི་ཕྱིར་ཏེ། དེ་བས་ན་དེའི་འབྲས་བུར་གྱུར་པ་སྡུག་བསྔལ་རྣམ་པ་གཉིས་སྤང་པའི་དབང་དུ་མཛད་ནས། འགག་པ་ཉེ་བར་ཞི་བ་ཞེས་གསུངས་སོ། །ལྷག་མ་གནོད་པ་མེད་པའི་ཕྱིར་ནུབ་པ་ཞེས་བྱ་སྟེ། དེ་ལྟར་བྱས་ན་མ་ལུས་པ་སྤོང་བ་བསྟན་པར་རིག་པར་བྱའོ། །འདུས་མ་བྱས་ནི་མཚན་ཉིད་གསུམ་དང་མི་ལྡན་པའི་ཕྱིར་འདུས་བྱས་ལས་ལྡོག་པས་སོ། །མཐོང་བར་དཀའ་བ་ནི་ཤ་དང་ལྷའི་མིག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །མི་གཡོ་བ་ནི་འགྲོ་བ་རྒྱུ་བ་དང་མི་ལྡན་པའི་ཕྱིར་རོ། །མདུད་པ་མེད་པ་ནི་སྲེད་པ་གསུམ་དང་མི་ལྡན་པའི་ཕྱིར་ཏེ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་སྲེད་པ་མེད་པས་སྐྱེད་པ་ལ་མདུད་པ་མེད་པའི་ཕྱིར་རོ། །མི་འཆི་བ་ནི་ཕུང་པོའི་བདུད་དང་བྲལ་བའི་ཕྱིར་ཏེ། འཆི་བའི་རྟེན་ཕུང་པོ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཟག་པ་མེད་པ་ནི་ཉོན་མོངས་པའི་བདུད་དང་བྲལ་བའི་ཕྱིར་རོ། །གནས་ནི་རྣམ་པར་གྲོལ་བའི་བདེ་བ་དང་དགའ་བ་ལ་བརྟེན་པའི་ཕྱིར་རོ། །གླིང་ནི་ཁམས་གསུམ་ལས་ཡོངས་སུ་ཆད་པའི་ཕྱིར་ཏེ། འཁོར་བའི་རྒྱ་མཚོ་ཆེན་པོ་ནས་སྐམ་སར་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །སྐྱོབ་པ་ནི་གནོད་པ་ཐམས་ཅད་བཟློག་པའི་ཕྱིར་ཏེ། དེ་ཐོབ་ན་སྐྱེ་བ་ལ་སོགས་པའི་གནོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །སྐྱབས་ནི་དེའི་བསམ་


DTG149_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྦྱོར་བ་དོན་ཡོད་པ་ཉིད་ཀྱི་གཞིའི་གནས་སུ་གྱུར་པའི་ཕྱིར་ཏེ། དེར་བསམ་པ་དང་སྦྱོར་བ་བྱས་བ་དོན་ཡོད་པ་ཉིད་ཀྱི་གཞིའི་གནས་ཀྱི་རྟེན་དུ་རུང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །དཔུང་གཉེན་ནི་འཕགས་པ་མཆོག་གིས་ཀུན་ནས་བགྲོད་པ་ལ་གཞིའི་གནས་སུ་གྱུར་པའི་ཕྱིར་ཏེ། དགྲ་བཅོམ་པ་ཉིད་ཐོབ་པའི་ཐུགས་ཀྱི་དམིགས་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །མ་ཉམས་པ་ནི་མ་སྐྱེས་པ་ཉིད་ཀྱིས་ཉམས་པ་མེད་པའི་ཕྱིར་རོ། །རིམས་ནད་མེད་པ་ན་འདོད་པ་ཐམས་ཅད་ཀྱིས་གནོད་པ་དང་གདུང་བ་མེད་པའི་ཕྱིར་རོ། །ཡོངས་སུ་གདུང་བ་མེད་པ་ནི་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པའི་ཡོངས་སུ་གདུང་བ་ཐམས་ཅད་མེད་དེ་བསིལ་བའི་ཕྱིར་རོ། །བདེ་བ་ནི་ནད་དང༌། རྒ་བ་དང༌། འཆི་བའི་འཇིགས་པ་དང་བྲལ་བ་འཕགས་པ་གནས་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞི་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །གཞི་བཟང་པོ་ནི་འཇིག་རྟེན་ལས་འདས་པའི་བདེ་བའི་གཞིར་གྱུར་པའི་ཕྱིར་རོ། །བདེ་ལེགས་སུ་བྱེད་པ་ནི་སྦྱོར་བ་བདེ་བས་དེ་ཐོབ་པར་བྱ་བ་ལ་དམིགས་པའི་ངོ་བོར་གྱུར་པའི་ཕྱིར་རོ། །ནད་མེད་པ་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པའི་ནད་དང་བྲལ་བའི་ཕྱིར་རོ། །མི་གཡོ་བ་ནི་ཡུལ་ལ་སྤྲོས་པའི་གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་གཟུག་ལ་སོགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་ཞིང་ཞི་བ་དང་བདེ་བར་གནས་པའི་དམིགས་པ་ཡིན་པའི་ཕྱིར་རོ། །ཀྱེ་མ་ཞེས་བྱ་བའི་སྒྲའི་དོན་ཅི་ཞེ་ན། མི་དགའ་བ་དང༌། སྙིང་རྗེ་དང༌། གདུང་བ་དང༌། ངེས་པ་ལ་སོགས་པ་དོན་མང་ཞིག་ལ་སྣང་སྟེ། ཀྱེ་མ་ཚེ་དང་ལྡན་པ་དག་འདི་ནི་བྱ་བ་མ་ཡིན་ནོ་ཞེས་མི་དགའ་བ་ལ་བྱའོ། །ཀྱེ་མ་འཇིག་རྟེན་འདི་ནི་ཉམ་ང་བར་ཞུགས་སོ་ཞེས་སྙིང་རྗེ་ལའོ། །ཀྱེ་མ་བདག་གི་ལུས་དག་དང་ཡིད་ཀྱིས་སྡིག་པ་བྱས་སོ་ཞེས་ཡོངས་སུ་གདུང་བ་ལ་བྱའོ། །ཀྱེ་མ་འཇིག་རྟེན་ན་གང་མེད་པ་དེ་བདག་གིས་ཤེས་པར་བྱའོ་ཞེས་ངེས་པ་ལའོ། །འདིར་ནི་ཀྱེ་མའི་སྒྲ་ངེས་པ་ལའོ། །འདུ་བྱེད་རྣམས་ཞེས་བྱ་བ་ལ་འདུ་བྱེད་ཀྱི་སྒྲ་འདི་ནི་བསོད་ནམས་མ་ཡིན་པ་དང༌། མི་གཡོ་


DTG149_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་ལ་འཇུག་པ་ཡོད་དེ། ཇི་སྐད་དུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱི་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང་མི་གཡོ་བ་རྣམས་ཞེས་གསུངས་པ་ལྟ་བུའོ། །ཚེའི་འདུ་བྱེད་རྣམས་ལ་ཡང་ཡོད་དེ། ཇི་སྐད་དུ། སེམས་ཅན་ཐམས་ཅད་འདུ་བྱེད་ཀྱི་གནས་སོ་ཞེས་གསུངས་པ་ལྟ་བུའོ། །འཇུག་པའི་ཁྱད་པར་ལ་ཡང་ཡོད་དེ། ཇི་སྐད་དུ། གལ་ཏེ་ཏིང་ངེ་འཛིན་འདུ་བྱེད་ཀྱིས་མངོན་པར་ཟིན་ན་ཞེས་གསུངས་པ་ལྟ་བུའོ། །ཕུང་པོ་བཞི་ལས་གཞན་པ་འདུས་བྱས་དང་བཅས་པ་ལ་ཡང་ཡོད་དོ། །ཟག་པ་དང་བཅས་པ་ཆོས་ལ་ཡང་ཡོད་དེ། ཇི་སྐད་དུ་དེ་བས་ན་དགེ་སློང་དག་འདུ་བྱེད་རྣམས་ནི་སྡུག་བསྔལ་ལོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་གསུངས་པ་ལྟ་བུའོ། །འདུས་བྱས་ཐམས་ཅད་ལ་ཡང་ཡོད་དེ། ཇི་སྐད་དུ་སྐྱེས་པ་ཐམས་ཅད་ནི་ཟད་པར་འགྱུར་ཏེ། འདུ་བྱེད་རྣམས་ལ་རྟག་པ་མེད་དོ་ཞེས་གསུངས་པ་ལྟ་བུའོ། །ཚིགས་སུ་བཅད་པ་འདི་ནི་འདུ་བྱེད་རྣམས་ནི་སྡུག་བསྔལ་གྱི་མཚན་ཉིད་ལ་བྱ་བར་དགོངས་ཏེ། དེ་དག་ཉེ་བར་ཞི་བ་བདེ། །ཞེས་འབྱུང་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་ནི་འདས་པ་རྣམས་སོ། །སྐྱེས་ནས་འཇིག་པའི་ཆོས་ཅན་ཡིན། །ཞེས་བྱ་བ་ནི་མ་འོངས་པ་རྣམས་ཏེ། སྐྱེ་བར་འདོད་པ་དེ་དག་ཀྱང་མི་རྟག་པ་ཉིད་དུ་འགྱུར་རོ། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །ཞེས་བྱ་བ་ནི་ད་ལྟར་བྱུང་བ་རྣམས་ཏེ། དེ་དག་སྐད་ཅིག་མ་ཡིན་པའི་ཕྱིར་ཆོས་གཉིས་ཡོད་དེ་སྐྱེ་བ་དང་འཇིག་པའོ། །ཚིགས་སུ་བཅད་པ་འདིས་ནི་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་རྣམ་པ་གསུམ་བསྟན་ཏེ། དེ་ལ་མི་རྟག་པ་ཉིད་རྣམ་པ་གསུམ་མི་སྐྱེ་བའི་ཆ་དང༌། འཇིག་པའི་ཆ་དང༌། སྐྱེ་འཇིག་གི་ཆ་འོ། །འདས་པའི་གཅིག་སྟེ་འཇིག་པའི་ཆ་འོ། །མ་འོངས་པའི་གཅིག་སྟེ་སྐྱེ་བའི་ཆ་འོ། །ད་ལྟར་བྱུང་བའི་གཉིས་ཏེ། སྐྱེ་བའི་ཆ་དང་འཇིག་པའི་ཆའོ། །དེ་གཉིས་ཀྱི་ཕྱིར་འདི་སྐད་དུ། དགེ་སློང་དག་འདས་པའི་གཟུགས་མི་རྟག་ན་མ་འོངས་པ་དག་ད་ལྟར་བྱུང་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་བར་རྒྱས་པར་གསུངས་སོ། །འདུ་བྱེད་འདི་དག་གི་སྡུག་བསྔལ་ཉིད་ཇི་ལྟར་བརྗོད་ཅེ་ན། སྡུག་བསྔལ་ཉིད་རྣམ་པ་གསུམ་གྱིས་མི་རྟག་པ་


DTG149_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དེ་སྡུག་བསྔལ་ལོ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །འདི་ལ་སྐྱེ་བའི་ཆའི་མི་རྟག་པ་ཉིད་ལ་བརྟེན་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་མངོན་ནོ། །འཇིག་པའི་ཆའི་མི་རྟག་པ་ཉིད་ལ་བརྟེན་ནས་འགྱུར་བའི་སྡུག་བསྔལ་ཉིད་མངོན་ནོ། །སྐྱེ་འཇིག་མི་རྟག་པ་ཉིད་ལ་བརྟེན་ནས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་མངོན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་ངས་འདུ་བྱེད་མི་རྟག་པ་ཉིད་དང༌། འགྱུར་བའི་སྡུག་བསྔལ་ཉིད་ལས་དགོངས་ནས་གང་མི་རྟག་པ་དེ་སྡུག་བསྔལ་བའོ་ཞེས་གསུངས་སོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བཅུ་དགུ་པའི་དོན་བསྡུས་པའོ།། །།བསགས་པ་ཀུན་མཐའ་ཟད་པ་སྟེ། །མཐོན་པོའི་མཐའ་ནི་ལྟུང་བ་ཡིན། །འདུ་བའི་མཐའ་ནི་འབྲལ་བ་སྟེ། །འཚོ་བའི་མཐའ་ནི་འཆི་བ་ཡིན། །ཞེས་ཚིགས་སུ་བཅད་པའོ། །ཚིགས་སུ་བཅད་པ་འདིས་ནི་དངོས་པོ་རྣམ་པ་བཞིའི་མི་རྟག་པ་ཉིད་བསྟན་ཏེ། དངོས་པོ་རྣམ་པ་བཞི་ནི་གང་སྤྱོད་པ་དང༌། གང་དུ་སྤྱོད་པ་དང༌། གང་རྣམས་དང་ལྷན་ཅིག་ཏུ་སྤྱོད་པ་དང༌། གང་གི་དོན་དུ་སྤྱོད་པའོ། །ཅི་སྤྱོད་ཅེ་ན། བསགས་པ་རྣམས་ཏེ། འབྲུ་དང༌། ནོར་དང༌། གོས་ལ་སོགས་པའོ། །གང་དུ་སྤྱོད་ཅེ་ན། ཁྱིམ་རྣམས་སུའོ། །གང་རྣམས་དང་ལྷན་ཅིག་སྤྱོད་ཅེ་ན། མཛའ་བཤེས་དང༌། བློན་པོ་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་དང་ངོ༌། །ཅིའི་ཕྱིར་སྤྱོད་ཅེ་ན། སྲོག་གི་ཕྱིར་ངོ༌། །བསགས་པ་ཀུན་མཐའ་ཟད་པ་སྟ། །ཞེས་བྱ་བ་ནི་གང་སྤྱོད་པ་སྟེ། དེ་མི་རྟག་པ་ཉིད་དུ་བསྟན་པ་ནི། །འདི་ལྟར་དེའི་མཐའ་ཟད་པ་ཡིན་ནོ། །མཐོན་པོའི་མཐའ་ནི་ལྟུང་བ་ཡིན། །ཞེས་བྱ་བ་ནི་གང་དུ་སྤྱོད་པ་ཚེ། དེ་དག་མི་རྟག་པ་ཉིད་དུ་བསྟན་པ་ནི་འདི་ལྟར་དེ་དག་གི་མཐའ་ལྟུང་བ་ཡིན་ནོ། །འདུ་བའི་མཐའ་ནི་འབྲལ་བ་སྟེ། །ཞེས་བྱ་བ་ནི་གང་རྣམས་དང་ལྷན་ཅིག་སྤྱོད་པ་སྟེ། དེ་དག་མི་རྟག་པ་ཉིད་དུ་བསྟན་པ་ནི་འདི་ལྟར་དེ་དག་གི་མཐའ་བྲལ་བ་ཡིན་ནོ། །འཚོ་བའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ནི་གང་གི་དོན་དུ་སྤྱོད་པ་སྟེ། དེ་མི་རྟག་པ་ཉིད་དུ་བསྟན་པ་ནི་འདི་ལྟར་འཚོ་བ་ཐམས་ཅད་ཀྱི་མཐའ་འཆི་བ་ཡིན་ནོ། །དངོས་པོ་རྣམ་པ་བཞི་པོ་འདི་མི་རྟག་པ་ཉིད་ཡིན་ན་གཞན་གང་འཇིག་རྟེན་ན་ལྷག་མ་རྟག་པ་ཞེས་བྱ་བ་


DTG149_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་ཡོད། རྣམ་པ་གཅིག་ཏུ་ན་ལོངས་སྤྱོད་ལ་ལྷག་པར་ཆགས་པ་རྣམས་ཀྱི་ལྷག་པར་ཆགས་པ་དེ་སྤང་པའི་ཕྱིར་གསུངས་པར་མངོན་ནོ། །ལོངས་སྤྱོད་ནི་གཙོར་ནོར་དང༌། ཁྱིམ་དང༌། སྡུག་པའི་བུ་དང༌། ཆུང་མ་ལ་སོགས་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། ཀྱེ་མ་སེམས་ཅན་འདི་དག་ནི་ནོར་དང༌། ཁྱིམ་དང༌། བུ་དང༌། ཆུང་མ་དང༌། བྲན་ལ་སྲེད་པས་འཁོར་བའོ་ཞེས་གསུངས་པའོ། །དེ་དག་ལ་གོ་རིམས་བཞིན་དུ། བསགས་པ་དང༌། མཐོན་པོ་དང༌། འདུ་བའི་སྒོ་དང༌། བདག་ཉིད་ཀྱི་ལུས་ཀྱི་འཚོ་བའི་སྒོ་ནས་སེམས་ཅན་རྣམས་སྲེད་དེ། དེའི་ཕྱིར་འདི་དག་ཐམས་ཅད་མི་རྟག་གོ་ཞེས་བསྟན་ཏོ། །རྣམ་པ་གཅིག་ཏུ་ན་ཚིགས་སུ་བཅད་པ་འདིས་ཅི་རིགས་པར་ཁམས་གསུམ་པའི་མི་རྟག་པ་ཉིད་བསྟན་ཏེ། བསགས་པ་ཀུན་མཐའ་འཛད་པ་སྟེ། འདོད་པའི་ཁམས་ཀྱི་ཕྱོགས་གཅིག་མི་རྟག་པ་ཉིད་བསྟན་ཏེ། འདོད་པ་ན་སྤྱོད་པའི་མི་དག་ཕལ་ཆེར་ནོར་དང་འབྲུ་ལ་སོགས་པ་ལ་ལོངས་སྤྱོད་པ་ལ་སོགས་སོ། །མཐོན་པོའི་མཐའ་ནི་ལྟུང་བ་ཡིན། །ཞེས་བྱ་བ་ནི་མཐོ་བ་རྣམས་ཀྱི་རྩེ་མོ་ནི་སྲིད་པའི་རྩེ་མོ་སྟེ། གཟུགས་མེད་པའི་ཁམས་ཀྱི་མི་རྟག་པ་ཉིད་བསྟན་ཏོ། །འདུ་བའི་མཐའ་ནི་འབྲལ་བ་སྟེ། །ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་རྣམས་མི་རྟག་པ་ཉིད་བསྟན་ཏེ། དེ་དག་ནི་འདོད་པ་དང་ལྡན་པའི་དགའ་བས་རབ་ཏུ་ཕྱེ་བ་ཡིན་ནོ། །འཚོ་བའི་མཐའ་ནི་འཆི་བ་ཡིན་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་མི་རྟག་པ་ཉིད་བསྟན་ཏེ། དེ་དག་ནི་ཚངས་པ་ལ་རྟག་པའི་འདུ་ཤེས་དང༌། བྱེད་པ་པོར་འདུ་ཤེས་སོ། །ཚིགས་སུ་བཅད་པའི་ངོན་བསྡུས་པ་ལས་ཉི་ཤུ་པའི་དོན་བསྡུས་པའོ།། །།འཇིག་རྟེན་བདེ་ཞིང་ལོ་ལེགས་འགྱུར། །འབྲུ་རྣམས་འབྱོར་ཞིང་ཆོས་རྒྱལ་ཤོག །ནད་དང་གནོད་པ་གང་ཡོད་པ། །ཐམས་ཅད་རབ་ཏུ་ཞི་གྱུར་ཅིག །ཅེས་ཚིགས་སུ་བཅད་པ་དགྲ་བཅོམ་པས་གསུངས་སོ། །འདི་ཅིའི་ཕྱིར་གསུངས་ཤེ་ན། གནོད་པའི་འཇིགས་པ་རྣམ་པ་གསུམ་མེད་པར་སྨོན་པའི་ཕྱིར་དང༌། །དེའི་རྒྱུའི་གཉེན་པོ་རྙེད་པར་སྨོན་པའི་ཕྱིར་རོ། །འདི་ན་ལས་འདྲེན་མ་བྱེད་པའི་སེམས་ཅན་རྣམས་ཀྱི་གནོད་པའི་འཇིགས་པ་རྣམ་པ་གསུམ་དང༌། དེའི་རྒྱུའི་ཆོས་མ་ཡིན་པ་ནི་ཕ་རོལ་གྱི་སྡེའི་གནོད་


DTG149_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཇིགས་པ་དང༌། ལོ་ཉེས་པས་གནོད་པའི་འཇིགས་པ་དང༌། ནད་ཀྱི་གནོད་པས་འཇིགས་པ་དང༌། དེ་རྒྱུ་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་བདག་སྟེ། འཇིག་རྟེན་བདེ་ཞིང་ཞེས་བྱ་བ་ནི་ཕ་རོལ་གྱི་སྡེའི་གནོད་པའི་འཇིགས་པ་མེད་པར་སྨོན་པའོ། །ལོ་ལེགས་འགྱུར། འབྲུ་རྣམས་འབྱོར་ཞིང་ཞེས་བྱ་བ་ནི། ལོ་ཉེས་པའི་གནོད་པའི་འཇིགས་པ་མེད་པར་རྟག་ཏུ་སྨོན་པའོ། །ནད་དང་གནོད་པ་གང་ཡོད་པ། །ཐམས་ཅད་མྱུར་དུ་ཞི་གྱུར་ཅིག །ཅེས་བྱ་བ་ནི་ནད་ཀྱི་གནོད་པའི་འཇིགས་པ་ཐམས་ཅད་མེད་པར་སྨོན་པའོ། །ཆོས་རྒྱལ་ཤོག་ཅེས་བྱ་བ་ནི་དེའི་རྒྱུའི་གཉེན་པོ་རྙེད་པར་སྨོན་པའོ། །རྣམ་པ་གཅིག་ཏུ་ན་རབ་ཏུ་བྱུང་བའི་ཕྱོགས་དང༌། ཁྱིམ་པའི་ཕྱོགས་དང༌། གཉི་གའི་ཕྱོགས་ལས་བརྩམས་ནས་གསུངས་པར་མངོན་ཏེ། འཇིག་རྟེན་བདེ་ཞིང་ལོ་ལེགས་འགྱུར། །ཅེས་བྱ་བ་ནི་རབ་ཏུ་བྱུང་བའི་ཕྱོགས་ལས་བརྩམས་པ་སྟེ། ལོ་ལེགས་པ་ནི་སློང་མོ་ལེགས་པར་རྙེད་པའོ། །ཆོམ་རྐུན་ལ་སོགས་པའི་འཇིགས་པའི་གཡེང་བ་དང་བྲལ་ཞིང་ལུས་དང་སེམས་རྟོན་པར་གྱུར་པའི་ཟས་ཀྱིས་ལུས་དང་སེམས་ཚིམ་པ་དེ་དག་རང་གི་དགེ་བའི་ཕྱོགས་འཕེལ་བ་དང་ལྡན་པའི་ཕྱིར་བདེ་བར་གནས་ཤིང་རང་གི་དོན་ཡང་ཉེ་བར་སྒྲུབ་པའོ། །འབྲུ་འབྱོར་རྒྱལ་པོ་རྒྱལ་བར་ཤོག་ཅེས་བྱ་བ་ནི་ཁྱིམ་པའི་ཕྱོགས་ལས་བརྩམས་ཏེ། ཁྱིམ་པ་དག་གི་འབྲུ་རྣམས་འབྱོར་པ་དང༌། རྒྱལ་པོ་ཆོས་བཞིན་བྱེད་ན་ཚུལ་དང་ཚུལ་མ་ཡིན་པ་རྣམས་དང༌། བྱ་བཤེས་པ་ནི་ཆོས་ཀྱི་རྒྱལ་བ་ཡིན་ཏེ། མ་དང་པ་དང༌། སྙིང་དུ་སྡུག་པ་དང༌། འཁོར་གྱི་སྐྱེ་བོ་མཚུངས་པ་ཉིད་དུ་བདེ་བར་གནས་པ་དང༌། རང་གི་ཆོས་དང༌། ལས་ཀྱི་མཐའ་བསྒྲུབ་པ་མཆོག་ཏུ་འགྱུར་རོ། །ནད་དང་གནོད་པ་གང་ཡོད་པ། །ཐམས་ཅད་མྱུར་དུ་ཞི་གྱུར་ཅིག །ཅེས་བྱ་བ་ནི་གཉི་གའི་ཕྱོགས་ལས་བརྩམས་ཏེ། གཉི་གའི་ཕྱོགས་ཀྱི་ལུས་དང༌། སེམས་ཀྱི་ནད་དང་བྲལ་བར་སྨོན་པའོ། །ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་ཉི་ཤུ་རྩ་གཅིག་པའི་དོན་བས་དུས་པའོ། །བསྟན་བཅོས་ཀྱི་ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷ་རྨ་ཀ་ར་དང༌། ལོ་ཙཱ་བ་བན་དེ་ཡེ་ཤེས་སྙིང་པོས་བསྒྱུར་ཏེ། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས།།


previousཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས། དབྱིག་གཉེན།no next